cover

གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

གླེགས་བམ་ལྔ་པ།

༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།

སྔ་འགྱུར་རྫོགས་ཆེན་དཔེ་ཚོགས་བསྡུ་སྒྲིག་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔེ་སྐྲུན་སྔོན་འགྲོའི་གཏམ་ཐུང་།

གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་པདྨ་རིན་འཛིན་ནི། དུས་རབས་བཅུ་གཅིག་པའི་ནང་སྔ་འགྱུར་རྙིང་མའི་ཟབ་ཆོས་རྫོགས་པ་ཆེན་པོའི་ཆོས་མིང་གང་ཟག་ལ་ཐོག་པའི་འཚབ་བྱེད་སྐྱེས་ཆེན་ཡོངས་གྲགས་ཤིག་སྟེ། རྗེ་འདི་ཉིད་ཀྱི་སྐུ་ཚེ་གང་བོར་བྱ་གཏང་སྦས་པའི་རྣལ་འབྱོར་བའི་ཚུལ་གྱིས་འོད་གསལ་རྫོགས་པ་ཆེན་པོའི་ཉམས་བཞེས་ལ་གནད་དུ་སྣུན་པས་རིག་པ་ཚད་ཕེབས་ཀྱི་སར་ཕྱིན་ཏེ་གྲུབ་ཐོབ་པདྨ་རིག་འཛིན་ཞེས་མཚན་དུ་གྲགས་པ་བྱུང་། རྗེ་གང་ཉིད་དང་རྒྱལ་མཆོག་ལྔ་པ་ཆེན་པོ་བཀའ་བགྲོས་ནས་ཁམས་ཕྱོགས་སུ་རྫོགས་ཆེན་དགོན་པ་ཕྱག་བཏབ་པ་ནི་དབུས་གཙང་དུ་ཉམས་རྒུད་ཐེབ་པའི་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་གནས་དུས་འདིར་དམིགས་ཀྱིས་སླར་གསོ་མཛད་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མངོན་ཞིང་། སྐུ་དངོས་ཀྱིས་སྡེ་དགེའི་མངའ་ཁུལ་གཙོ་བོར་བྱས་པའི་ཁམས་ཕྱོགས་ཀྱི་ཀཿདཔལ་སོགས་རྙིང་དགོན་མང་པོར་ཕེབས་ཏེ་རྫོགས་པ་ཆེན་པོའི་ལྟ་སྒོམ་ལ་དག་ཐེར་མཛད་ཅིང་ཐུགས་བཞེད་བཞིན་ཨ་མདོ་དང་ཁམས་ཕྱོགས་སུ་ཆོས་བརྒྱུད་དགོན་སྡེ་བརྒྱ་ཕྲག་མང་པོ་འཕེལ། ཕྱི་དུས་འདིར་གངས་རིའི་ལྗོངས་སུ་རྫོགས་པ་ཆེན་པོའི་བསྟན་པ་མཐར་རྒྱས་སུ་འཕེལ་བའི་ཆུ་འགོའམ་ཤིང་རྟའི་སྲོལ་འབྱེད་མཆོག་གཅིག་ཏུ་ཡོངས་སུ་གྲགས། རྗེ་གང་གི་སྤྲུལ་རབས་སྐུ་ཕྲེང་རིམ་བྱོན་ནི་ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་སྟེ་ཚུལ་དགུའི་ཡོན་ཏན་གྱི་མངའ་བདག་ཤ་སྟག་བྱོན་པས་སྔ་འགྱུར་རྙིང་མའི་བསྟན་པའི་གཙུག་རྒྱན་ལྟ་བུར་ཆགས་ཤིང་། གཞུང་ས་དགའ་ལྡན་ཕོ་བྲང་ནས་མ་ཧཱ་པཎ་ཏྲི་ཏ་ཨེར་ཏི་ཎི་ཧོ་ཐོག་ཐུའི་ཆོ་ལོ་ཐེངས་མང་བསྩལ་བའི་མཚན་ཐོབ་ལྡན། སློབ་བུ་ཉི་ཟླ་སྐར་གསུམ་དང་འཇིགས་མེད་རྣམ་བཞི་སོགས་སྐུ་རབས་རིམ་བྱོན་གྱི་ཐུགས་སྲས་མཁས་བཙུན་གྲུབ་པའི་སྐྱེས་བུ་བཟང་ལ་མང་བ་བྱོན་པས་ཆོས་རྒྱུན་ཕྲིན་ལས་ཕྱོགས་བརྒྱར་འཕེལ། གྲུབ་དབང་སྐུ་རབས་རིམ་བྱོན་གྱི་ཞལ་གསུང་བསྟན་བཅོས་མང་རབ་བཞུགས་ཚུལ་ཆོས་འབྱུང་རྣམ་ཐར་དག་ན་གསལ་ཡང་སྔར་དུས་བཀའ་རྒྱ་དམ་པོར་མཛད་དེ་ཤིང་པར་དུ་མ་བཀོད་པ་དང་། སྔ་ཕྱིར་བླ་བྲང་ལ་མེ་སྐྱོན་དང་ས་འགུལ་གྱི་གནོད་འཚེ་ཐེབ་པས་སྐབས་དེ་དག་ཏུ་རྩ་འཐོར་སོང་ཕྱིར་དེང་དུས་མཇལ་དུ་བཞུགས་པ་ཤིན་ཏུ་ཉུང་། སྔར་ལམ་གྲུབ་དབང་པདྨ་རིག་འཛིན་གྱི་གསུང་ཚན་ཐོར་བུ་བསྡུ་སྒྲིག་དཔེ་སྐྲུན་ཐེངས་གཅིག་བྱས་པ་དང་། ད་ལམ་གྲུབ་དབང་སྐུ་རབས་རིམ་བྱོན་གྱི་ཆོས་སྲིད་མཛད་ཕྲིན་བསྐྱངས་པའི་ལྟེ་གནས་ཕོ་བྲང་ཆེན་མོ་ཁམས་གསུམ་ཟིལ་གནོན་བསྐྱར་བཞེངས་ལེགས་གྲུབ་ཀྱི་ལས་སྨོན་མངོན་དུ་གྱུར་བ་མ་ཟད། ནང་བཞུགས་སྐུ་ཐུགས་ཀྱི་རྟེན་མཆོག་སྐུ་རབས་རིམ་བྱོན་གྱི་སྐུ་བརྙན་བྱོན་ལེགས་དང་གསེར་གདུང་ཁྱད་འཕགས་བྱིན་རླབས་ཀྱི་གཟི་འོད་འབར་བ་བཞུགས་སུ་གསོལ་བ་དང་། གསུང་གི་ཕྲིན་ལས་རྒྱུན་མི་ཆད་པའི་སྲི་ཞུ་སྒྲུབ་པ་ན། རྟེན་འབྱུང་ཆུད་མི་ཟ་བའི་བདེན་མཐུས་གནའ་དུས་ནས་ལག་བྲིས་དཔེ་རྙིང་གཅིག་ཁོ་ན་ལས་མི་བཞུགས་པའི་ཕྱི་མོ་དག་ཀྱང་ངོ་མཚར་ཆེན་པོས་ལག་འབྱོར་བྱུང་བ་དད་སྤྲོ་རབ་ཏུ་འཕེལ་བ་དང་བཅས་འགྲེམ་སྤེལ་བགྱིས་པ་སྟེ། འདིས་མཚོན་རྣམ་པར་དཀར་བའི་དགེ་རྩ་གང་མཆིས་མཁའ་མཐས་ཁྱབ་པའི་འགྲོ་བ་ཀུན་ལ་རྡུལ་བྲལ་ཆོས་རབ་རྣམ་འབྱེད་ཀྱི་ཡེ་ཤེས་ཐོབ་པའི་རྒྱུར་ཡོངས་སུ་བསྔོ་བ་དང་། ཐོག་མཐའི་བྱ་བར་དངོས་སུ་ཞུགས་པ་དང་བསམ་སྦྱོར་གང་ཐད་ནས་རྒྱབ་སྐྱོར་རོགས་དན་མཛད་པོ་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུ་བ་དང་བཅས། མཁྱེན་གཟིགས་དམ་པའི་ཞལ་སྔ་ནས་གྲུབ་དབང་རྫོགས་ཆེན་པའི་མཚན་གྱི་ཅོད་པཎ་གྱིས་མངོན་པར་བསྟོད་པ་བསྟན་འཛིན་ལུང་རྟོགས་ཉི་མས་མེ་སྤྲེལ་ས་ཟླའི་ཡར་ཚེས་ལ་སྦྱར་བ་དགེ།
དཔེ་སྒྲིག་ལས་ཁང་། སྔ་འགྱུར་རྫོགས་ཆེན་དཔེ་ཚོགས་བསྡུ་སྒྲིག་ཁང་།
སྤྱི་ཁྱབ་བསྡུ་སྒྲིག་དག་ཞུས་པ། གྲུབ་དབང་རྫོགས་ཆེན་བདུན་པ་བསྟན་འཛིན་ལུང་རྟོགས་ཉི་མ།
ཆེད་འགན་དག་ཞུས་པ། སྨྱོ་ཤུལ་མཁན་པོ་འཆི་མེད་བཟོད་པ། རྫོགས་ཆེན་སློབ་དཔོན་བསོད་སྦྱིན། རྫོགས་ཆེན་སློབ་དཔོན་པདྨ་སྣང་བ།
བསྐྱར་ཞུས་པ། སྤྲུལ་སྐུ་གྲགས་པ་རྒྱལ་མཚན། ར་ཐིས་སྤྲུལ་སྐུ་ཐུབ་འོད། བྲག་མཁར་སྤྲུལ་སྐུ་ཚུལ་ཁྲིམས་རྒྱལ་མཚན།
ཡིག་གཏག་པ། བསྟན་འཛིན་ཚེ་དབང་། བསྟན་འཛིན་ཤེས་རབ། པདྨ་གྲགས་པ།
དཔེ་སྒྲིག་པ། དབྱིན་ཇི་བ་པདྨ་མཐུ་སྟོབས།
མདུན་ཤོག་མཛེས་རིས་པ། ཕུར་བཟང་། ཡུས་ཁུ་ཡུས།

༄༅།།གྲུབ་དབང་རྫོགས་ཆེན་པ་སྐུ་རབས་ལྔ་པ།

ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་རྣམ་ཐར་མདོར་བསྡུས།།

གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་བསྟན་འཛིན་འཇིགས་མེད་དབང་པོ་མཆོག་ནི། རྩོད་བྲལ་སྤྲུལ་བའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་སྤྱན་དྲངས་པའི་ཨོ་རྒྱན་ཆེན་པོའི་གསང་བའི་བརྡ་ལུང་གིས་བསྟན་པ་ཉིད། བཀའ་བབ་བདུན་ལྡན་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་གསལ་བར་བྱས་པ་ལས། བཱི་མ་མི་ཏྲ་ཁམས་ཀྱི་ལྷོ་ཕྱོགས་སུ༔ སྤྲེལ་ལོ་དྷརྨ་བཛྲའི་མིང་ཅན་འབྱུང༔ བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་གྱུར་ན༔ སྙིང་པོའི་བསྟན་ལ་བྱ་བ་མཆོག་ཏུ་བྱེད༔ ཅེས་དང་། ལྐོག་ཡིག་སྙིང་བྱང་ཐུགས་ཀྱི་ཆ་ལག་ལས། སྤྲེལ་ལོར་དྷརྨ་བཛྲ་ཞེས་བྱ་འབྱུང༔ རུ་དམ་ལུང་ལ་བསྟན་པའི་སྲོག་ཤིང་བཙུགས༔ བཤད་དང་སྒྲུབ་པའི་བསྟན་པ་རྒྱ་ཆེར་སྤེལཿ ཞེས་སོགས་སྒྲིབ་བྲལ་ཡེ་ཤེས་ཀྱི་གཟིགས་པ་མངའ་བའི་ལྷ་བླའི་བརྟག་ལུང་ཐམས་ཅད་གཅིག་ཏུ་མཐུན་པར། སྤྱི་ལོ་༡༨༧༢པ་སྟེ་རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་ལོར། སྐུ་ཕྲེང་དང་པོའི་འཁྲུངས་ཡུལ་དང་གཅིག་པར་ཁམས་ཀྱི་རི་བོ་ཆེའི་ཕྱོགས་སུ་ཡབ་མགོན་པོ་རྒྱལ་དང་། ཡུམ་བསོད་ནམས་གཡང་མཚོ་གཉིས་ཀྱི་སྲས་སུ་བཀྲ་ཤིས་ངོ་མཚར་གྱི་མཚན་མ་བརྒྱ་ཕྲག་དང་བཅས་མཚན་དཔེའི་འདབ་སྟོང་གསར་དུ་གྲོལ། ཐོག་མ་ཉིད་ནས་བྱང་ཆུབ་ཀྱི་སེམས་དང་སྐྱེས་ནས་ཐོབ་པའི་ཤེས་རབ་སོགས་རྒྱལ་བའི་སྲས་ཀྱི་མངོན་རྟགས་མཐའ་ཡས་པ་མེ་ཏོག་དང་དྲི་བསུང་བཞིན་ལྷན་སྐྱེས་སུ་མངའ། དགུང་གྲངས་བཞི་ལ་སོན་པ་འཛིན་བྱེད་ན་ཚོད་ལྡན་ཞེས་པ་ཤིང་མོ་ཕག་གི་ལོའི། སྟོན་པ་ཐུབ་པའི་དབང་པོས་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོས་མུ་སྟེགས་ཀྱི་སྡེ་ཚོགས་ཕམ་པར་མཛད་པའི་བཀྲ་ཤིས་ཀྱི་ཟླ་བ། ཨོ་རྒྱན་ཆེན་པོས་དཔལ་གྱི་བསམ་ཡས་མཆིམས་ཕུར་ལྷ་སྲིན་དབང་དུ་བསྡུས་ནས་ཟབ་མོ་གཏེར་གྱི་གཉེར་བྱང་གཏད་ཅིང་བོད་ཡུལ་གཏེར་གྱིས་བཀང་བའི་དུས་ཆེན་ཡར་ངོའི་ཚེས་བཅུའི་སྔ་ཆར། ཀུན་ཕན་ཉིན་བྱེད་ཀྱི་དཀྱིལ་འཁོར་ཤར་རིའི་རྩེ་མོར་མངོན་པར་འཕགས་པ་དང་མཉམ་དུ་ཞབས་ཟུང་རྩིབས་སྟོང་གི་འཁོར་ལོ་རུ་དམ་གདན་ས་ཆེན་མོར་ཐོག་མར་བཀོད་ཅིང་། དེ་ན་གནས་པའི་སྐྱེ་བོའི་རུ་ཚོགས་ཕྲེང་བསྒྲིགས་ཤིང་གདུགས་དང་། རྒྱལ་མཚན། འཕན་འཕུར་བཅས་སྣ་ཚོགས་པའི་དར་དང་། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། བཀྲ་ཤིས་པའི་རྫས་རྟགས་བརྒྱད་སོགས་མཆོད་པའི་ཡོ་བྱད་མཐའ་ཡས་པ་མ་ཚང་བ་མེད་པ་ཐོགས་ཏེ་གཙུག་ལག་ཁང་ཆེན་མོ་ཐུབ་བསྟན་ཡོངས་སུ་འདུས་པའི་དགའ་ཚལ་དུ་སྤྱན་དྲངས། དཔོན་སློབ་སྐུ་རབས་བཞི་པ་འཇིགས་མེད་ཆོས་དབྱིངས་འོད་གསལ་དང་། མཁན་ཆེན་པདྨ་བཛྲ། ཞེ་ཆེན་པདྨ་འགྱུར་མེད་རྒྱ་མཚོ། རྒྱ་རོང་མཆོག་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ་སོགས་བསྟན་པ་འཛིན་པའི་སྐྱེས་ཆེན་རྣམས་དང་། སྡེ་དགེ་ཆོས་རྒྱལ་ཆེན་མོའི་གཉེར་ཆེན་དཔོན་འཁོར། ཆབ་མདོ་རྒྱལ་བ་མཆོག་གི་ཞལ་སྔ་ནས་དྲུང་འཁོར་ལྷན་རྒྱས་གཙོས་ལྷ་མིའི་སྡེ་ཚོགས་ཀུན་ཀྱིས་འཇིགས་མེད་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ། ལྔ་རིག་མཁས་པའི་དབང་ཕྱུག་སྡེ་སྣོད་འཛིན་པ་མང་པོས་ཕུན་སུམ་ཚོགས་པ་ལྔ་དང་འབྲེལ་བའི་མནྜལ་གྱི་རྣམ་བཤད་དང་། མདོ་རྒྱུད་གཞུང་ལུགས་ཀྱི་ཚོགས་གཏམ་སྣ་ཚོགས་སྤེལ་ཏེ་མཁས་པའི་བསླབ་གྲལ་མཛེས་པར་བྱས་པ་དང་། དེ་མཚུངས་མང་འགྱེད་དངོས་འབུལ་སོགས་ཕུན་སུམ་ཚོགས་པའི་གཏོང་བའི་སྒོ་འཕར་ཡངས་པོར་ཕྱེས་ཏེ། སྡེ་འབངས་དགྱེས་པའི་སྟོན་ཆེན་ཉིན་འགར་བཤམས་ནས་ཐམས་ཅད་སྤྲོ་དགའི་དཔལ་ལ་བཀོད། དེ་ནས་རིམ་པར་ཡོངས་འཛིན་དགེ་བའི་བཤེས་གཉེན་ཆེན་པོ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ལས་བྱང་སེམས་སྤྱོད་འཇུག་ཆེན་མོ་ནས་སྒྱུ་འཕྲུལ་གསང་བ་སྙིང་པོའི་མཚོན་ཟབ་ཆོས་མང་དུ་བཞེས། མཁན་ཆེན་པདྨ་བཛྲ་ལས་རྗེ་གོང་མ་དང་རྒྱལ་སྲས་གཞན་ཕན་པའི་ཞལ་སྔ་ནས་བརྒྱུད་པའི་སྔ་འགྱུར་བཀའ་མ་གཙོ་གྱུར་དབང་དང་རྒྱུད་བཤད་དུ་མ། འཇམ་མགོན་བློ་གྲོས་མཐའ་ཡས་ལས་རིན་ཆེན་གཏེར་མཛོད་ཆེན་མོ། ཨ་འཛོམས་འབྲུག་རྒན་འགྲོ་འདུལ་དཔའ་བོ་རྡོ་རྗེ་ལས་མན་ངག་གསང་བ་སྙིང་ཐིག་གི་ཟབ་ཁྲིད། རྒྱ་རོང་ཀུན་བཟང་ཐེག་མཆོག་རྡོ་རྗེ་ལས་རྗེ་གོང་མ་ནས་བརྒྱུད་པའི་བཀའ་གཏེར་གསར་རྙིང་གི་དབང་ཁྲིད་གསན་པ་སོགས་མདོར་ན་ཐུན་མོང་གི་གཙུག་ལག་སྒྲ་ཚད་བཟོ་གསོ་ནས། ཐུན་མིན་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དྲུག་གི་འགྲེལ་ཊཱིཀ་སྟོང་ཐུན་དང་བཅས་པ་གསན་བཞེས་མཛད། རྗེ་གོང་མའི་ཐུགས་རིག་གསལ་བས་བརྩོན་པ་ཆེན་པོའི་སྦྱང་པ་ལ་མ་ལྟོས་པར་རྟོགས་པའི་ཀློང་བརྡོལ་བས་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཆེན་མོར་མངའ་དབང་མཛད། ཁྱད་པར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་གཙུག་གི་རྒྱན་གཅིག་ཏུ་བསྟེན་ནས་སྨིན་གྲོལ་ཉམས་ཁྲིད་ཀྱི་ཟབ་ཆོས་སྤྱི་དང་། བྱེ་བྲག་འོད་གསལ་རྫོགས་པ་ཆེན་པོ་སྙིང་ཐིག་གོང་འོག་གི་གདམས་གནད་ཐམས་ཅད་ཆིག་རྫོགས་སུ་བསྩལ་བས་ཡིད་དཔྱོད་རྩོལ་བཅས་ཀྱི་ལམ་ལ་མ་ལྟོས་པར་ས་ལམ་གདན་ཐོག་གཅིག་ཏུ་གཅོད་པའི་གྲུབ་བརྙེས་ཡིད་བཞིན་གྱི་རྒྱལ་སར་ཕེབས་པས་འབྱུང་འགྱུར་གྱི་ཆོས་སྣ་ཚོགས་པ་ཆགས་ཐོག་མེད་པར་མཁྱེན་པ་དང་། ནམ་མཁར་བྱ་བཞིན་འཕུར་བ། སྒྲུབ་གཏོར་འོད་དུ་ཞུ་ནས་བདུད་རྩིར་གྱུར་པ། ཐོད་སྣོད་ལས་སྨན་རཀ་ཁོལ་བ། ཉི་མ་རྟོད་ལ་མནན་པ། བུམ་པ་བར་སྣང་དུ་བཞག་པ། བུམ་ཆུ་ཟད་མེད་དུ་བསྒྱུར་བ། ཞབས་རྗེས་རྡོ་ལ་མངོན་པ། སྐུ་གཟན་ཉི་ཟེར་ལ་འགེལ་བ། མྱ་ངམ་གྱི་ཐང་ལས་ཆུ་གཏེར་བཏོན་པ། ཤང་ཁྲག་རས་དཀར་དུ་བྱུགས་ནས་དྲིལ་ཏེ་གནང་བ་ཕྱིས་ཞལ་ཕྱེས་ཚེ་ཨོ་རྒྱན་ཆེན་པོའི་ཐང་སྐུར་གྱུར་ཅིང་རིང་བསྲེལ་གྱིས་གང་བ་སོགས། ངོ་མཚར་གྲུབ་རྟགས་ཀྱི་མཛད་པ་ཕལ་པའི་བློའི་ཡུལ་ལས་རྣམ་པར་འགོང་པ་སྣ་ཚོགས་པ་མཐུན་སྣང་མཐོང་ཆོས་སུ་བསྟན་པ་དང་། དངོས་ཉམས་འོད་གསལ་གྱི་སྣང་ཆར་དཔལ་རི་པདྨ་འོད་གླིང་དུ་རིག་འཛིན་འདུས་པའི་ཚོགས་གྲལ་དུ་ལན་གཉིས་སུ་ཕེབས་པ་སོགས་དག་པའི་སྣང་ཆ་འབའ་ཞིག་འབྱམས་སུ་ཀླས། ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྡོ་རྗེ་སློབ་དཔོན་བཀའ་རབ་འབྱམས་ཀྱི་སྨིན་དབང་བསྩལ་ཞིང་འབོར་གདན་དགུ་བརྩེགས་ཀྱི་ཁྲི་ལ་བཞུགས་སུ་གསོལ་ཏེ་ཕྱིན་ཆད་མདོ་ཁམས་སྟོད་སྨད་ཀྱི་ཡང་སྲིད་སྤྲུལ་པའི་སྐུ་ཐམས་ཅད་ཉིད་ནས་ངོས་འཛིན་མཛད་དགོས་པའི་བཀའ་བསྩལ་གཟེངས་བསྟོད་མཛད་པས། ཕྱི་དུས་སུ་ས་བཀའ་རྙིང་གསུམ་གྱི་བསྟན་འཛིན་ཕལ་མོ་ཆེའི་ཡང་སྲིད་རྗེ་འདིས་ངོས་འཛིན་མཛད་པ་བརྒྱ་ཕྲག་ལྷག་ཏུ་བརྒལ་བར་གྲགས་ཤིང་། འཁྲུངས་ཡུལ་དང་ཡབ་ཡུམ་མཚན་སྒྲ་སོགས་ལྐོག་གྱུར་གྱི་ཆོས་ཀུན་སྒྲིབ་མེད་དུ་གཟིགས་པ་རྡོ་རྗེའི་ལུང་གིས་བསྟན་པས་ཐམས་ཅད་ངོ་མཚར་བའི་གནས་ལ་བཀོད་ཅིང་། རྗེ་འདི་ཉིད་ཀྱིས་ངོས་འཛིན་མཛད་པའི་སྐྱེས་ཆེན་དག་ནི་གངས་ལྗོངས་རྒྱལ་བསྟན་སླར་གསོ་ལ་མཛད་རྗེས་ཕྲིན་ལས་གཞན་མཚུངས་དང་བྲལ་བ་རྨད་དུ་བྱུང་བ་ཤ་སྟག་བྱུང་། རང་དགོན་དུ་བདེ་ཀོང་མཁྱེན་གསུམ་སོགས་སར་གནས་འཕགས་ཆེན་མང་པོའི་སྐྱེ་སྲིད་ངོས་འཛིན་སྐུ་བདག་མཛད་པས་རྫོགས་ཆེན་སྤྲུལ་བརྒྱ་མ་ཞེས་ཡོངས་སུ་གྲགས་པ་བྱུང་། གཞན་ཕན་ཕྲིན་ལས་ཀྱི་མཛད་པ་རྒྱ་ཆེ་བ་དུས་སྐབས་དེའི་བསྟན་འཛིན་སྐྱེས་ཆེན་ཀུན་ལས་ཆེས་ཁྱད་དུ་འཕགས་པ་སྟེ། འཇམ་མགོན་མི་ཕམ་རིན་པོ་ཆེས། འཕྲིན་ལས་དོན་ཡོད་ཞགས་པས་བསྟན་འགྲོའི་དགེ་མཚན་རླབས་པོ་ཆེ་ངང་གིས་བསྡུད་པ་རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་ཞེས་བསྔགས་བརྗོད་མཛད། དབུས་འགྱུར་ཆོས་ཀྱི་ཞིང་སར་སྔ་ཕྱིར་ལན་གཉིས་ཕེབས་ཤིང་དེ་དག་གི་སྐབས་སུ་རིས་མེད་ཆོས་སྡེ་ཀུན་ལ་མཆོད་འབུལ་མང་འགྱེད་སོགས་ཟང་ཟིང་གི་དངོས་པོའི་མཆོད་སྦྱིན་རྒྱ་ཆེར་སྤེལ་ཞིང་། དཔལ་གྱི་བསམ་ཡས་སུ་ཕེབས་སྐབས་ཆོས་རྒྱལ་ཆེན་པོའི་སྐུ་རྟེན་པ་ལ་ཆོས་སྐྱོང་ཐོག་བབ་ཀྱིས་ཅི་བཅོལ་ཕྲིན་ལས་སྒྲུབ་པའི་གཡར་དམ་བཅས་ཤིང་རོལ་ཆེན་པེ་ཧར་དགྱེས་གླུ་རྟེན་སྐལ་དུ་ཕུལ། གཞུང་ས་དགའ་ལྡན་ཕོ་བྲང་ནས་མ་ཧཱ་པན་ཊི་ཏ་ཧོ་ཐོག་ཐུ་ཞེས་པའི་ཆབ་ཤོག་དང་གསེར་ཐམ་སོགས་ཆེན་པོར་འོས་པའི་ཡོ་བྱད་སྣ་ཚོགས་པའི་གནང་སྐྱེས་རྨད་དུ་བྱུང་བ་མཛད། དེ་བཞིན་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ཀྱི་སྣང་བས་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་པར་སྤེལ་བ་སྟེ། གདན་ས་ཆེན་མོ་གང་དུ་སྔར་ཡོད་ཀྱི་སྒྲུབ་སྡེ་པ་བཅུ་གསུམ་དེ་བཅུ་ཕྲག་གསུམ་གྱི་གྲངས་སུ་སྤེལ། སྐྱལ་གྱི་བྲག་དཀར་ལ་ཚེ་སྒྲུབ་རྒྱུན་མཚམས་པ་བཅུ་གསུམ་ཡོད་པའི་སྒྲུབ་སྡེ་གསར་དུ་བཏབ། ཤྲཱི་སེང་གི་ཆོས་གྲྭར་རྒྱུན་བཞུགས་ཀྱི་བཤད་གྲྭ་བ་སྔར་ཡོད་ཀྱི་སྟེང་བཅུ་ཕྲག་ལྔ་རུ་སྤེལ་བ་དང་། གང་གི་ཐུགས་བསྐྱེད་ཀྱི་མཐུས་བསྐུལ་ཏེ་མཁན་ཆེན་གཞན་དགའ་རིན་པོ་ཆེས་གཞུང་ཆེན་བཅུ་གསུམ་རྒྱ་མཆན་གྱིས་འགྲེལ་པ་དང་། འཇམ་མགོན་མི་ཕམ་རིན་པོ་ཆེས་རང་ལུགས་དྲི་མ་མེད་པ་གཙོར་འདོན་གྱིས་དགོངས་འགྲེལ་བསྟན་བཅོས་སྣ་ཚོགས་པ་ལྗགས་རྩོམ་མཛད་ཅིང་དེ་དག་པར་དུ་བསྐྲུན་པ་སོགས་དགོན་ཡར་མར་གཉིས་སུ་པར་ལྡེབ་ཁྲི་ཕྲག་བཅུ་ལས་མི་ཉུང་བ་གསར་བཞེངས་མཛད། བཤད་སྒྲུབ་ལུང་རྟོགས་ཀྱི་བསྟན་པ་དར་བར་མཛད་པའི་མཐུ་ལས་ཕྱོགས་ཀྱི་བུ་དགོན་སུམ་བརྒྱ་ལྷག་ཏུ་འཕེལ་ཞིང་། གཉུག་མར་གནས་པའི་འདུས་སྡེ་ཞལ་གྲངས་སྟོང་ཕྲག་ལས་བརྒལ་བར་གྱུར། གཞན་ཡང་སྟོང་མཆོད་ཀུན་བཟང་མཆོད་སྤྲིན་དང་། མགོན་ཁང་དབང་དྲག་རོལ་པ། ལྷ་གསར་ཐོག་བརྩེགས་ལྔ་པ་སོགས་རྟེན་བརྟེན་པ་དང་བཅས་པ་གསར་དུ་བཞེངས། དེ་མཚུངས་ལོ་དར་གྱི་དུས་མཆོད་བཀའ་གཏེར་ཆུ་བོ་ཟུང་འབྲེལ་གྱི་མཆོད་ཁག་བརྒྱད་ཅུ་ཐམ་པ་དང་། ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ་ཚེ་གཡང་ཁ་སྤྲོད་དུ་སྒྲུབ་པ་ལས་ཀྱི་ཁ་ཚར་དང་བཅས་པ། ཕུར་ཆེན་དགྲ་བགེགས་ཀུན་སྒྲོལ་སྨད་ལས་གར་འཆམ་དང་བཅས་པ། འཛམ་གླིང་གེ་སར་རྒྱལ་པོ་དཔའ་ཐུལ་ཕུ་ནུའི་འཁོར་ཚོགས་དགྲ་བླ་རླུང་རྟའི་ལྷ་ཚོགས་དང་བཅས་པའི་གར་འཆམ་གསར་བཙུགས་མཛད་པས་མཐའ་དམག་གི་གཡུལ་ངོ་ལན་གཅིག་ལ་བཟློག་པར་གྲགས། གསོལ་ཁ་གྲ་ཚང་བརྒྱད་ཅུས་སྔ་དགོང་རྒྱུན་ཆགས་སུ་སྐོང་གསོལ་ཆད་མེད་དང་། མར་མེ་ཚེ་འབར་གྲངས་མེད་རྒྱུན་འཛུགས་གནང་བ་སོགས་རྣམ་དཀར་དགེ་བའི་སྒོ་འཕར་རྒྱ་ཆེ་བ་མང་པོ་གསར་དུ་ཕྱེས། དམ་པ་གང་གི་གསུང་གི་བདུད་རྩིས་དབུགས་དབྱུང་ཐོབ་པའི་ཞལ་སློབ་གྲུབ་པའི་ས་མཐོར་གཤེགས་ཤིང་མཁས་པའི་ཡང་རྩེར་སོན་པ་གྲངས་ལས་འདས་པ་བྱོན་ཞིང་གཙོ་བོའི་མཚན་ཙམ་སྨོས་ན། ཉི་སྤྲུལ་དྲུག་པ་རིན་པོ་ཆེ། རབ་འབྱམས་དྲུག་པ་སྣང་མཛད་གྲུབ་པའི་རྡོ་རྗེ། མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེ། རྫོང་སར་མཁྱེན་སྤྲུལ་ཆོས་ཀྱི་བློ་གྲོས། གླིང་སྤྲུལ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ། རྫོགས་ཆེན་འབྲུག་པ་སྐུ་ཆེན། རྒྱ་རོང་ནམ་སྤྲུལ། མཁན་ཆེན་གཞན་ཕན་སྣང་བ། གླག་བླ་བསོད་ནམས་ཆོས་འགྲུབ། མཁན་པོ་ཀུན་དཔལ། ལྕང་མའི་ཐུབ་དགའ། སྨྱོ་ཤུལ་མཁན་པོ་ངག་ཆུང་། ཡིད་ལྷུང་འཇའ་ལུས་པ་བསོད་ནམས་རྣམ་རྒྱལ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ། རྨེ་བ་མཁན་ཆེན་ཚེ་དབང་རིག་འཛིན་དང་ནོར་བུ་བསྟན་འཛིན། མི་ཕམ་མཆོག་སྤྲུལ་དགུ་རོང་རྒྱལ་སྲས། མུ་ར་པདྨ་ནོར་བུ། རྡོ་གྲུབ་བཞི་པ་ཐུབ་བསྟན་ཕྲིན་ལས་དཔལ་བཟང་། སྤྲུལ་སྐུ་དྲི་མེད། ཞེ་ཆེན་རྒྱལ་ཚབ། བདེ་ཀོང་མཁྱེན་གསུམ་གྱི་ཡང་སྲིད་དང་། བདག་ཅག་གི་བླ་མ་དམ་པ་འབྲུག་སྤྲུལ་ཐུབ་བསྟན་ཉི་མ་སོགས་རང་དགོན་གྱི་མཁན་སྤྲུལ་བརྒྱད་ཅུ་ལྷག་བཅས་བསྟན་པ་འཛིན་པའི་སྐྱེས་ཆེན། རྟོགས་པ་བརྙེས་པའི་གྲུབ་མཆོག གཞུང་ལུགས་འཆད་པའི་མཁན་པོ་སོགས་གྲངས་ལས་འདས་པ་བྱོན་ཞིང་དེ་དག་རེ་རེས་ཀྱང་བུ་སློབ་ནམ་མཁའི་སྐར་ཚོགས་ལྟར་བསྐྱངས་པས་འཛམ་གླིང་ཆོས་ལྡན་གྱི་ཡུལ་གྲུ་མང་པོར་གང་གི་ཕྲིན་ལས་ཀྱི་གདུགས་དཀར་ཡངས་པོས་ཁྱབ་པར་གྱུར། མཐར་དགུང་གྲངས་དྲུག་ཅུ་རེ་གཅིག་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ལོར་རྟག་འཛིན་ཅན་གྱི་སྐྱེ་བོ་དག་མཐའ་བཞིའི་བསྡུས་པའི་ཆོས་ལ་ངེས་པ་འབྱུང་ཕྱིར་སྐུ་ཚེ་དེའི་འགྲོ་དོན་མཐའ་རུ་ཕྱིན་ཏེ་རེ་ཞིག་ཞི་བར་གཤེགས་པའི་ཚུལ་བསྟན་ཏོ། རྗེ་ཉིད་སྡེ་བརྒྱད་བྲན་བཀོལ་དྲེགས་པའི་བཀའ་བབ་ཆེན་མོར་བྱོན་པས་བསང་མཆོད་གསོལ་ཀའི་ཆོས་ཚན་དག་སྣང་དགོངས་གཏེར་གྱི་ཚུལ་དུ་བབ་པ་མང་དུ་བཞུགས་པ་དང་། གཞན་གསུང་ཚན་ཐོར་བུའི་རིགས་བཅས་ཕྱོགས་ཀུན་ནས་འཚོལ་བསྡུ་དག་སྒྲིག་བྱུང་བས་རྗེ་གང་གི་གསུང་གི་ཕྲིན་ལས་རྒྱུན་མི་ཆད་པར་སྲི་ཞུ་ལེགས་གྲུབ་བྱུང་བའི་སྤྲོ་བ་དང་བསྟུན། རྫོགས་ཆེན་ཆོས་འབྱུང་ཆེན་མོར་བྲིས་པའི་རྣམ་ཐར་ལ་ཡང་དུ་དག་ཞུས་དང་བཅས། མཁྱེན་གཟིགས་དམ་པ་དག་གི་ཞལ་སྔ་ནས་གྲུབ་དབང་རྫོགས་ཆེན་པའི་མཚན་གྱི་ཅོད་པན་གྱི་བྱིན་གྱིས་བརླབས་པ་བསྟན་འཛིན་ལུང་རྟོགས་ཉི་མས་མེ་སྤྲེལ་ས་ཟླའི་ཡར་ཚེས་ལ་བྲིས་པ་དགེ།

ཟངས་མདོག་དཔལ་རིར་བྱོན་པའི་ལོ་རྒྱུས་འབྲེལ་ཚད་ཐར་ལམ་འདྲེན་པའི་ལམ་སྒྲོན་ཞེས་བྱ་བ་བཞུགས་སོ།།

ལྕགས་སྤྲེལ་ལོ་མཚམས་སྤྲུལ་རིན་པོ་ཆེས་ལུང་བསྟན་ལ། ད་ལོའི་རང་ལོའི་སྟེང་འདན་སེང་གེ་གནམ་རྫོང་ལྟ་བུ་ཞིག་ལ་བསྡད་ན་གསུངས་པ་ལྟར། སེང་གེ་གནམ་རྫོང་དང་པདྨ་རི་མཐོ་གཉིས་ཀྱི་མདུན་ཞོལ་དུ་གནས་འབྲེལ་བསྡད་སྐབས། སྤྲེལ་ལོ་སྤྲེལ་ཟླ་ར་བའི་ཚེས་བཅུའི་ནུབ་མོའི་མནལ་ལམ་དུ་སྐད་ཅིག་གིས་རོལ་བའི་མཚོ་བདུན་ཞིག་གི་མཚོ་འགྲམ། རི་དང་བྱེ་མ་ཐམས་ཅད་གསེར་ཅན་རེད་ཡོད་པ་ཞིག་ཏུ་ཤར་ཕྱོགས་སུ་བྲག་ཕུག་ཤིན་ཏུ་ཆེ་བ་ཡོད་པའི་ནང་དུ་གུ་རུ་རིན་པོ་ཆེ་བདེ་བ་ཆེན་པོའི་ཆས་ཅན་གྱི་མདུན་དུ་སླེབས། དེའི་མདུན་ན་གཡས་སུ་འཇམ་མགོན་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོ། གཡོན་དུ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས། གཞན་ཡང་འཇམ་མགོན་མི་ཕམ་རིན་པོ་ཆེ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། ཀུན་བཟང་ཐེག་མཆོག་རྡོ་རྗེ། འཇིགས་མེད་ཆོས་དབྱིངས་འོད་གསལ། མཁན་ཆེན་པདྨ་བཛྲ། དགེ་བཤེས་ལུང་རྟོགས་རྒྱ་མཚོ། རྡོ་གྲུབ་ཀུན་བཟང་གཞན་ཕན། རྫ་རྒྱལ་མཚམས་སྤྲུལ་པདྨ་ཀུན་བཟང་སོགས་བདག་ཅག་གི་རྩ་བའི་བླ་མ་རྣམས་ཀྱིས་གཙོས་པའི་བླ་སྤྲུལ་ངོ་མི་ཤེས་པ་མང་པོ་བཞུགས་པའི་གྲལ་མཐར་རང་འདུག བླ་མ་བདེ་མཆོག་འཁོར་ལོའི་ཚོགས་གསུངས་ནས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། དེ་ནས་ཡང་རོལ་མཚོའི་གླིང་བར་ཞིག་གི་མཚོ་འགྲམ་དུ་བྲག་ཕུག་ཅིག་གི་ནང་རིན་པོ་ཆེའི་ཁྲི་སྟེང་དུ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་རབ་བྱུང་གི་ཆས་ཅན་བཞུགས། མདུན་ངོས་སུ་གུ་རུའི་ཞལ་ཐང་ཞིག་བཤམས། དེའི་མདུན་ནས་བཱི་མ་སྙིང་ཐིག་གི་དབང་ཞིག་ཐོབ་པ་རྨིས། དེ་ནས་རིགས་ཀྱི་བུ་ཁྱོད་རང་ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་དུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཇལ་བར་འདོད་ན་ད་ལྟ་འགྲོ་གསུངས། བདག་གིས་ཀྱང་དེ་ལྟར་གསོལ་བ་འདེབས་པར་ཞུ་ཞེས་པས། དེ་མ་ཐག་ཏུ་སེང་གེ་དཀར་མོ་སྒ་སྲབ་དང་ལྡན་པ་ཞིག་དང་རྟ་དཀར་ཞིག་བཅས་མཁའ་འགྲོ་དཀར་སེར་དམར་ལྗང་མཐིང་བཅུ་དྲུག་སྤྲིན་གཏིབས་པ་ལྟར་ཕེབས་ནས། འཇམ་མགོན་བླ་མས་སེང་གེ་བཅིབས་ནས་མཁའ་འགྲོ་མཐིང་ཀ་གཅིག་གིས་ཆིབས་ཁ་ཁྲིད། བདག་ཀྱང་རྟ་དཀར་པོ་ལ་ཞོན་ནས་མཁའ་འགྲོ་རྣམས་སྤྲིན་གཏིབས་པ་ལྟར་དང་མཉམ་དུ་ལྷོ་ནུབ་ཀྱི་ནམ་མཁར་ཕྱིན་ཏེ། སྐད་ཅིག་གིས་བྲག་རི་དམར་པོ་སྙིང་གི་དབྱིབས་ཅན་རྩེ་མོ་གནམ་དུ་ཟུག་པ་དེའི་སྟེང་དུ་ཕོ་བྲང་སུམ་བརྩེགས་གཡས་གཡོན་དུ་ཉི་མ་ཟླ་བ་ཤར་བ། སྐེད་པར་གཡུ་ཡི་ན་བུན་འཁྲིགས་པ། རྩ་བར་རྒྱ་མཚོ་ཆེན་པོས་བསྐོར་བ། མེ་ཏོག་སྣ་ཚོགས་ཀྱི་ཆར་འབེབས་པ། དེའི་ཕྱི་རོལ་ཏུ་སྲིན་པོའི་གྲོང་ཁྱེར་མ་ཡིན་པའི་གྲོང་ཁྱེར་མང་པོས་བསྐོར་བ། དེའི་ཕྱི་རོལ་ཏུ་རྒྱ་མཚོས་བསྐོར་བ། དེའི་ཕྱི་རོལ་ཏུ་བྲག་རི་དམར་པོས་བསྐོར་བ། དེའི་ཕྱི་རོལ་ཏུ་སྲིན་པོའི་གྲོང་ཁྱེར་ཉེར་གཅིག དེའི་ཕྱི་རོལ་ཏུ་བྲག་རི་དམར་པོས་བསྐོར་བ། ཆུའི་བར་མཚམས་སུ་རི་རྒྱལ་གྱི་རྩ་བའི་བར་ལྕགས་ཀྱི་ཟམ་པ་ཡོད་པ་ཟམ་སྲུང་ཐམས་ཅད་སྲིན་པོ་མགོ་དགུ་པ་ཅན་མགོ་གསུམ་པ་ཅན་སོགས་སྣ་ཚོགས་ཡོད་པ། ལག་ན་སྟ་རེ། རལ་གྲི། ཐོ་བ་སོགས་འཛིན་པ་སྣ་ཚོགས་ཡོད། ལྷོ་ནུབ་ཀྱི་ནམ་མཁའ་ནས་མར་བབ་སྟེ་ཕོ་བྲང་གཡས་བསྐོར་གྱིས་འཇམ་མགོན་བླ་མ་དང་ལྷན་ཅིག་ཏུ་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོའི་ཤར་ཕྱོགས་སུ་ཐོན། ཐོག་མ་ཕོ་བྲང་ཆེན་པོའི་ཕྱི་རོལ་ནས་གཡས་བསྐོར་གྱིས་གཡུ་འབྲུག་ལྡིར་བཞིན་པ་ནམ་མཁའ་ནས་འཁྱུགས་ཏེ་འོང་བ་དང་། ཁྱུང་སྔོན་པོ་འཕུར་སྟབས་དང་། གངས་ཀྱི་སེང་གེ་དཀར་མོ་རྔམས་སྟབས། རྒྱ་སྟག་འཆོང་སྟབས་ཀྱིས་ཐོན་ཏེ་ཕོ་བྲང་ཤར་ཕྱོགས་སུ་ཐོན། ཕོ་བྲང་གི་འགོ་ཁང་གི་ཤར་སྒོ་ནས་རིམ་བཞིན་སོག་པོ་གཉིས། རྒྱ་གཉིས། ཁ་ཆེ་གཉིས། བལ་བོ་གཉིས། གནོད་སྦྱིན་གཉིས། ཨ་ཙ་ར་གཉིས། ཐོར་ཅོག་ཅན། དགེ་སློང་རྩེ་དྲུང་ཆས་ཅན་གཉིས། རྒྱ་གར་ཨ་ཙ་ར་གོས་སེར་པོ་ཅན་གཅིག གཟན་དམར་པོ། ཞྭ་སེར་པོ། མི་ཚེ་རིང་སྐྲ་དང་རྒྱ་དཀར་པོ། སྟོད་གོས་སྔོན་པོ། སྨད་ཤམ་དམར་པོ་ཅན་བཅས་རིམ་བཞིན་སེར་ཕྲེང་གིས་ཕེབས། ཤར་དུ་སོག་པོ་གཉིས། ལྷོར་རྒྱ་གཉིས། ནུབ་ཏུ་ཨ་ཙ་ར་གཉིས། བྱང་དུ་གནོད་སྦྱིན་གཉིས། ཤར་ལྷོར་ཁ་ཆེ་གཉིས། ལྷོ་ནུབ་བལ་བོ་གཉིས། ནུབ་བྱང་དགེ་སློང་གཉིས། བྱར་ཤར་མོན་པ་གཉིས། ཐམས་ཅད་འགྲེངས་ཏེ་ཁ་ནང་དུ་ཕྱོགས་པ། དེའི་ཕྱི་རོལ་ཕྱོགས་བཞིར་ཤར་དུ་སེང་གེ་རྔམ་སྟབས། ལྷོར་གཡུ་འབྲུག་འཁྱུགས་སྟབས། ནུབ་ཏུ་ཁྱུང་འཕུར་སྟབས། བྱང་དུ་སྟག་འཆོང་སྟབས་བྱེད་པ། དབུས་སུ་ཨ་ཙ་ར། དེའི་མདུན་དུ་མི་ཚེ་རིང་གཉིས་དྲི་བ་དྲིས་ལན་སྣ་ཚོགས་མཛད་པ། དེ་ནས་སེང་གེ་འབྲུག་ཁྱུང་སྟག་རྣམས་གཡས་བསྐོར་གྱིས་ཕྱི་རོལ་གྱི་བྲག་རི་དམར་པོའི་ནང་། ཤར་སེང་གེ ལྷོར་གཡུ་འབྲུག ནུབ་ཏུ་ཁྱུང་། བྱང་དུ་སྟག་རྣམས་འཁོད། དེ་ནས་རིམ་བཞིན་ཤར་གྱི་སོག་པོ་ནས་རིམ་བཞིན་གཡས་སྐོར་གྱིས་སྒོ་ནང་ཡར་ཕེབས། དེ་མ་ཐག་ཏུ་ཕོ་བྲང་རིམ་པ་གསུམ་གྱི་ཁང་སྟེང་ནས་དར་། གདུགས། འཕན། རྒྱལ་མཚན། ཕྱེ་ཕུར། བ་དན། རྔ་ཡབ་ནོར་བུའི་ཡུ་བ་ཅན། ལ་ཤགས། རྔ། རོལ་མོ། བསིལ་སྙན། དུང་དཀར། དུང་དམར། རྒྱ་གླིང་། འཕྲེད་གླིང་། བུར་ཏིང་། མཁའ་རྔ། རྔ་ཟླུམ། རྫ་རྔ། ཏིང་ཤག དྲིལ་བུ་སོགས་སྲིད་ན་མཆོད་པར་འོས་པའི་རྒྱན་སྣ་ཚོགས་པ་དང་ཡོ་བྱད་སྣ་ཚོགས་པ་བསྒྲིགས་པ། ཕོ་བྲང་ཤར་སྒོ་ནས་རིམ་བཞིན་རྒྱ་ཧ་ཤང་། ཧ་སྤྲུག་བཅུ། གནོད་སྦྱིན་ཆས་ཅན་ཞིག་གིས་རྨ་བྱའི་གདུགས་ཐོགས་པ། ཚངས་པ་གདོང་བཞིས་གསེར་འཁོར། བརྒྱ་བྱིན་དུང་དཀར་པོ། ཁྱབ་འཇུག་གསེར་གྱི་མེ་ཏོག ལྗོན་པ་རྟ་མགོས་ནོར་གཞོང་། གྲུལ་བུམ་གཡུའི་རི་བོ། ཁ་ཆེས་བྱུ་རུའི་སྡོང་པོ། བལ་བོས་གླང་ཆེན་མཆེ་བ། དྲི་ཟས་པི་ཝང་། རྒྱ་མིས་ནོར་བུ་དོན་ཡོད་ཞགས་པ། བོད་པས་གཟི་དབྱུག ཤང་ཤང་གིས་ཕག་ལྡེབ་སོགས་དང་། རྒྱ་གླིང་། དུང་དཀར། དུང་དམར། འཕྲེད་གླིང་། རོལ་མོ། སིལ་སྙན། རྔ། བུར་ཏིང་། མཁར་རྔ། རྔ་ཟླུམ། རྫ་རྔ། ཏིང་ཤག དྲིལ་བུ་སོགས། བ་དན། རྒྱལ་མཚན། ཕྱེ་ཕུར། འཕན་ཤར། ལ་ཤག རྨ་བྱའི་གདུགས་སོགས་མཆོད་རྫས་སྣ་ཚོགས་པས་སྣ་དྲངས་ཏེ། གུ་རུ་རིན་པོ་ཆེ་ཤིང་རྟ་འཁོར་ལོའི་སྟེང་དུ་བཞུགས་ནས་རྒྱལ་ཆེན་སྡེ་བཞི་སོགས་འཇིག་རྟེན་སྐྱོང་པའི་མཐུ་ཆེན་མགོན་པོ་རྣམས་ཀྱིས་ཤིང་རྟ་དྲངས། གཡས་གཡོན་གྱི་ཟུར་དུ་ལྷ་ལྕམ་མནྡཱ་ར་བ། ཡེ་ཤེས་མཚོ་རྒྱལ། གཡས་སུ་མཁན་ཆེན་བོདྷི་ས་ཏྭ། གཡོན་ཏུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། དེའི་གཡས་གཡོན་དུ་གུ་རུ་མཚན་བརྒྱད་འཆམ་སྟབས་ཀྱིས་ཕེབས་ནས། དབུས་སུ་རིན་པོ་ཆེའི་ཁྲིའི་སྟེང་ན་གུ་རུ་སྣང་སྲིད་ཟིལ་གནོན། གཡས་སུ་མནྡཱ་ར་བ། གཡོན་དུ་ཡེ་ཤེས་མཚོ་རྒྱལ། གཡས་ཕྱོགས་སུ་ཁྲི་སྟེང་ན་མཁན་ཆེན་ཞི་བ་འཚོ། གཡོན་ཕྱོགས་སུ་ཁྲི་སྟེང་ན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། གཡས་ཕྱོགས་སུ་ཉི་མ་འོད་ཟེར། བློ་ལྡན་མཆོག་སྲེད། པདྨ་འབྱུང་གནས། སེང་གེ་སྒྲ་སྒྲོག གཡོན་དུ་ཤཱཀྱ་སེང་གེ པདྨ་རྒྱལ་པོ། །པདྨ་སཾ་བྷ། རྡོ་རྗེ་གྲོ་ལོད། གུ་རུའི་མདུན་ཁྲིའུ་ཁར་ཧ་ཤང་། ཧ་སྤྲུག་དཀར་གཉིས། སེར་གཉིས། དམར་གཉིས། ལྗང་གཉིས། སྔོ་གཉིས། གུ་རུའི་མདུན་ནས་ཞལ་ཡར་གྱུ་ལ། ཚངས་པ། བརྒྱ་བྱིན། མིའམ་ཅི། ལྷ། ཀླུ། དྲི་ཟ། གྲུལ་བུམ། གཡས་གཡོན་དུ་རྡོ་རྗེ་ལྷ་མོ་བཅུ་དྲུག་རྣམས་འགྲེངས་ཏེ་རང་རང་གི་ཕྱག་མཚན་ཐོགས་པ། གཞན་ལྷ་མོ་སྣ་ཚོགས་ཀྱིས་བསིལ་གཡབ་བསྣམས་པ། མེ་ཏོག་འཐོར་བ་སོགས་མཆོད་རྫས་སྣ་ཚོགས་ཀྱིས་མཆོད། དེའི་ཕྱི་རོལ་ཏུ་སྔར་གྱི་སེར་ཕྲེང་ཡོ་བྱད་སྣ་ཚོགས་ཐོགས་པ་རྣམས་ཀྱིས་བསྐོར་བ། དེའི་ཕྱི་རོལ་གཡས་ཕྱོགས་སུ་དཔའ་བོ་བཅུ་དྲུག གར་ཆས་རུས་རྒྱན་ཅན་འཆམ་སྟབས་ཀྱིས་ལག་ན་ཌ་་དྲིལ་ཐོགས་པ། སྨོན་ལམ་འདེབས་ཚུལ་དང་ཞི་བའི་སྟངས་སྟབས་ཅན། གཡོན་ཕྱོགས་དཔའ་མོ་བཅུ་དྲུག ཞི་བའི་ཆས་བཅུ་གསུམ་གྱིས་བརྒྱན་པ། ལག་ན་རྔ་ཐོགས་ནས་ཞི་བའི་སྟངས་སྟབས་ཅན། དེའི་ཕྱི་རོལ་གྱི་གཡས་ཕྱོགས་སུ་ལས་བྱེད་ཀྱི་ཁྲོ་བོ་ཀིང་ཀ་ར་ཞེས་པ་སྒྲོལ་གིང་གཅེར་བུ་དམར་པོ་ལྔ། ནག་པོ་ལྔ། དྲག་པོ་ཨམ་གཙིགས་བསྡམས་པ། ཞིང་ལྤགས་ཀྱི་སྟོད་གཡོག སྟག་ལྤགས་ཀྱི་ཤམ་ཐབས། ལག་ན་རལ་གྲི་ཐོགས་པ། རུས་པའི་སེ་རལ་ཁས་བརྒྱན་པ། སྐྲ་ཐུར་དུ་འཕྱངས་བ། ཤིན་ཏུ་ཁྲོ་བའི་ཉམས་ཅན། དགྲ་བོ་སྒྲོལ་བའི་ཚུལ་གྱི་འཆམ་སྟབས་ཅན། ཕྱི་རོལ་གྱི་གཡོན་ཕྱོགས་སུ་དུར་ཁྲོད་ཀྱི་གླིང་ཆེན་པོར་མཆོད་རྟེན། དུར་ཤིང་། དུར་ཆུ། དུར་བྱ་སྣ་ཚོགས་ཡོད་པ་དེའི་ཐད་དཀྱིལ་དུ། གིང་ཆེན་བཅོ་བརྒྱད་ཀིང་རུས་ཀྱི་གཟུགས་ཅན་ལྷག་སྡུད་ཀྱི་ཕོ་ཉའི་ཚུལ་མཛད་པ། སྤྱི་གཙུག་ཏུ་རྡོ་རྗེ་ཕྱེད་པས་མཚན་པ། དེ་དག་རྣམས་ཀྱི་ཕྱོགས་སུ་འཆམ་སྟབས་ཅན་ནི། འོག་ཁང་ཕོ་བྲང་ཆེན་པོའི་ཕྱི་རོལ་ཏུ་མགོན་པོ་མ་ནིང་གིས་འཆམ་དཔོན་གྱིས། ལེགས་ལྡན། ཕྱག་བཞི། སྔགས་སྲུང་མ། ཚེ་རིང་མ། ལྷ་ཆེན། གཟའ། དམ་ཅན་སེང་ཞོན། ར་ཞོན། ལྷ་བཙན། ནོར་སྒྲུབ། དགོངས་བཙན། ལྡང་ལྷ། ཙིའུ་དམར། རྒྱལ་པོ་སྐུ་ལྔ། ཉི་གྲགས་རྒྱལ་པོ། རྡོ་རྗེ་གྲགས་ལྡན། གྲི་བཙན། ནོར་བདག ཐང་ལྷ། ཟི་ཁྲོམ། ཀུན་གྱི་མཐའ་ལ་ཉི་གྲགས་ལྷ་མོ་སྔགས་བདག་མ། ཐམས་ཅད་ཀྱང་གཡས་ན་ཕུར་བུ། གཡོན་ན་བྷནྡྷ་བསྣམས་པ། གིང་ཆེན་ཉེར་གཅིག་མདོག་སྣ་ཚོགས་ཀུན་ཀྱང་ཉྭ་ཁྲ། རུ་དར་ཅན། ཕྱག་ན་རྔེའུ་ཆུང་བསྣམས་པ། གར་སྟབས་ཅན། ཁྲོ་བོ་རེ་དང་གིང་ཆེན་རེ་སྤེལ་མར་གར་སྟབས་མཛད་ནས་འོག་ཁང་ཕོ་བྲང་ཆེན་པོའི་ཕྱི་རོལ་འཁོར་ཡུག་ཏུ་འཁོར་བ། འོག་ཁང་དེའི་ཕྱི་རོལ་ཤར་ལྷོའི་ཕྱོགས་སྔགས་པ་ཉེར་ལྔ། བེར་ནག་པོ་ཞྭ་ནག་ཅན། ཕུད་ཕོར་བསྣམས་པ་ཉེར་ལྔ་འཆམ་སྟབས་ཅན། ལྷོ་ཕྱོགས་སུ་འཆམ་དཔོན་ཕྱག་ན་རྡོ་རྗེ། ཆེ་མཆོག ཡང་དག གཤིན་རྗེ། རྟ་མགྲིན། རྡོ་རྗེ་གཞོན་ནུ། མ་མོ། རིག་འཛིན། དྲེགས་འདུལ། དྲག་སྔགས་ཐམས་ཅད་ཁྲོ་བོ་མཐིང་ནག་རྡོ་རྗེ་བྷནྡྷ་བསྣམས་པ་བགེགས་སྐྲད་པའི་ཚུལ་གྱིས་འཆམ་སྟབས་ཅན། ནུབ་ཕྱོགས་འཆམ་དཔོན་བླ་མ་དགོངས་འདུས། ཞེ་སྡང་རྡོ་རྗེ། ང་རྒྱལ་རྡོ་རྗེ། འདོད་ཆགས་རྡོ་རྗེ། ཕྲག་དོག་རྡོ་རྗེ། གཏི་མུག་རྡོ་རྗེ། བདེ་བའི་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཁྲག་འཐུང་རྡོ་རྗེ། བུདྡྷ་ཐོད་ཕྲེང་། བཛྲ་ཐོད་ཕྲེང་། རཏྣ་ཐོད་ཕྲེང་། པདྨ་ཐོད་ཕྲེང་། ཀརྨ་ཐོད་ཕྲེང་། རྡོ་རྗེ་མནོངས་པ། རྡོ་རྗེ་མྱུ་གུ། རྡོ་རྗེ་བཞད་པ། གར་གྱི་དབང་ཕྱུག འབར་བའི་ཕྲེང་འཛིན། སངས་རྒྱས་དཔའ་བོ། སྟོབས་ཆེན་རྒྱལ་མཚན། གུར་དྲག རྟ་མགྲིན་དམར་པོ། དྲག་པོ་རྟ་ཁྱུང་། ཡཀྴ་མེ་དབལ། འདོད་པའི་རྒྱལ་བོ་བཅས་ཉེར་ལྔ་ཐམས་ཅད་སྐུ་མདོག་དམར་པོ་བྷནྡྷ་ཕུར་བུ་བསྣམས་པ་འཆམ་སྟབས་ཅན། བྱང་ཕྱོགས་སུ་རྟ་མགྲིན་ལྕགས་རལ་གྱིས་འཆམ་དཔོན་གཙོས་ཁྲོ་བོ་མཐིང་ག་ཉེར་ལྔ་གཡས་པ་རལ་གྲི་གཡོན་པ་བྷནྡྷ་བསྣམས་པ་ཉེར་ལྔ་འཆམ་སྟབས་ཀྱི་ཚུལ། ཤར་སྒོ་གིང་ཆེན་ཉེར་ལྔ། མཐིང་ལྔ། དཀར་ལྔ། སེར་ལྔ། དམར་ལྔ། ལྗང་ལྔ། ཉྭ་ཁྲ་རུ་དར་ཕྱག་ཏུ་རྔ་བསྣམས་པ་གར་སྟབས་བསྒྱུར་བ། ལྷོ་ནུབ་ཀྱི་ནམ་མཁའ་ལ་གནམ་གིང་ཉེར་ལྔ་རིགས་ཀྱི་ཁ་དོག་ཅན་ལྔ་ལྔ་རི་དར་ཉྭ་ཁྲ་ལག་ན་རྔ་བཟུང་བ་གར་སྟབས་བསྒྱུར་བ། ནུབ་བྱང་གི་ནམ་མཁའ་ལ་དཔའ་བོ་དཔའ་མོ་ཉེར་ལྔ་ཁ་དོག་སྣ་ཚོགས་པ་རིགས་ལྔ་ཐོར་ཚུགས་ནོར་བུའི་བརྒྱན་ཅན་ཕྱག་ན་ཌ་དྲིལ་བསྣམས་པ་གར་སྟབས་ཀྱིས། བྱང་ཤར་དུ་དཔའ་བོའི་ཚོགས་རུས་རྒྱན་ཉེར་ལྔ་ཐོར་ཚུགས་ཅན། ཞི་བ་ཉེར་ལྔ་ཌ་དྲིལ་བསྣམས་པ་དར་སྣ་ཚོགས་ཀྱི་གོས་ཅན་ཞི་བའི་འཆམ་སྟབས་ཅན། ཕོ་བྲང་ཆེན་པོའི་ཕྱིའི་འཁོར་ཡུག་ཏུ་ཤར་གྱི་སྒོ་དྲུང་སླེབས་པ་ན། སྒོ་སྲུང་རྒྱལ་ཆེན་ཡུལ་འཁོར་སྲུང་དྲི་ཟའི་དམག་ཚོགས་ཀྱིས་བསྐོར་བ། དེ་ནས་མར་ཕྱིན་པ་ན། ཤར་དུ་རིན་པོ་ཆེའི་ཁྲི་སྟེང་ན་གུ་རུ་རྒྱ་གར་མས་སྲིན་པོ་རྣམས་ལ་ཆོས་སྟོན་པ། དེ་ནས་གཡས་སྐོར་དུ་ལྷོ་སྒོའི་དྲུང་དུ་སླེབས་པ་ན། རྒྱལ་ཆེན་འཕགས་སྐྱེས་པོ་གྲུལ་བུམ་གྱི་འཁོར་གྱིས་བསྐོར་བ། ནང་དུ་རིན་པོ་ཆེའི་ཁྲི་སྟེང་ན་ཨོ་རྒྱན་ཚེ་དཔག་མེད་པའི་ཚུལ་གྱིས་གསང་སྔགས་ཀྱི་ཆོས་གསུངས་པ། ནུབ་སྒོའི་དྲུང་དུ་སླེབས་པ་ན། རྒྱལ་ཆེན་སྤྱན་མི་བཟང་འཁོར་དུ་ཀླུ་ཡི་དམག་ཚོགས་ཀྱིས་བསྐོར་བ། ནང་དུ་ཕྱིན་པ་ན་པད་ཉི་བམ་རོ་བསྣོལ་བའི་ཁྲི་སྟེང་དབང་ཆེན་རྟ་མགྲིན་དམར་པོའི་སྐུར་བཞེངས་ནས་རང་རང་གི་འཁོར་རྣམས་ལ་ཆོས་སྟོན་པ། དེ་ནས་གཡས་སྐོར་དུ་ཕྱིན་པ་ན། བྱང་ཕྱོགས་ཀྱི་འཁོར་ཡུག་བྱང་སྒོའི་དྲུང་དུ་སླེབས་ན། བྱང་ཕྱོགས་ཀྱི་རྒྱལ་ཆེན་རྣམ་ཐོས་སྲས་གནོད་སྦྱིན་དམག་ཚོགས་ཀྱིས་བསྐོར་བ། དེའི་ནང་དུ་ཁྲིའུ་ཁར་སྟག་ལྤགས་ཀྱི་སྟེང་དུ་གུ་རུ་དྲག་པོ་དམར་པོའི་སྐུར་བཞེངས་ཏེ་མངོན་སྤྱོད་དྲག་པོའི་ཆོས་ཀྱིས་སྨིན་པར་མཛད། དེ་ནས་ཡར་ཕྱིན་པ་འོག་ཁང་གི་ཕྱི་ཁྱམས་སུ་དབུས་སུ་རིན་པོ་ཆེའི་ཁྲི་སྟེང་ན་གཏེར་སྟོན་སངས་རྒྱས་བླ་མ། དབུ་སྐྲ་དཀར་པོ་སྐུ་ལུས་ཆུང་བ་རབ་བྱུང་གི་ཆས་ཅན། རྡོར་དྲིལ་བསྣམས་པ། གཡས་ཕྱོགས་གྲལ་མགོར་ཉང་ཉི་མ་འོད་ཟེར། ཨོ་རྒྱན་གླིང་པ། རྡོ་རྗེ་གླིང་པ། རཏྣ་གླིང་པ། པདྨ་གླིང་པ། ཀརྨ་གླིང་པ། སངས་རྒྱས་གླིང་པ་སོགས་ཉེར་ལྔ། གཡོན་ཕྱོགས་གྲལ་མགོར་གུ་རུ་ཆོས་ཀྱི་དབང་ཕྱུག ཀུན་སྐྱོང་གླིང་པ། རིན་ཆེན་གླིང་པ། ལས་འཕྲོ་གླིང་པ། བསམ་གཏན་གླིང་པ། བསྟན་གཉིས་གླིང་པ། གྲྭ་བ་མངོན་ཤེས་སོགས་ཉེར་ལྔ། རྒྱབ་གྲལ་གཡས་ཀྱི་གྲལ་མགོར་གཏེར་ཆེན་རྒྱ་ལོ་ཙཱ་བ། རིག་འཛིན་རྒོད་ལྡེམ། གུ་རུ་ཚེ་བརྟན་རྒྱལ་མཚན། རྒྱ་ཞང་ཁྲོམ། ཉི་མ་སེངྒེ། དུང་མཚོ་རས་པ། ར་མོ་ཤེལ་སྨན་སོགས་གྲལ་གཅིག རྒྱབ་གྲལ་གཡོན་ཕྱོགས་གྲལ་མགོར་གཏེར་སྟོན་བཟང་པོ་གྲགས་པ། གྲུ་གུ་ཡང་དབང་། བལ་བོ་ཨ་ཧཾ་འབར། ཉི་ཟླ་སངས་རྒྱས། པདྨ་ལས་འབྲེལ་རྩལ། དྲི་མེད་ལྷུན་པོ་སོགས་གྲལ་གཅིག་བཞུགས་ནས་འཕྲིན་ལས་སྒྲུབ། རིན་ཆེན་སྒྲོན་མེ་ཞེས་པའི་ཚོགས་འཁོར་གསུང་བའི་ཚུལ། དེ་ནས་གཡས་སྐོར་གྱིས་ཡར་ཕྱིན་པ་ན་ཁྲག་ཞག་གི་རྒྱལ་མཚོ་འཁྱིལ་བའི་དབུས་སུ་པད་ཉིའི་གདན་སྟེང་དུ་སྲིན་པོ་ཕོ་མོ་ཁ་སྦུབ་གན་རྐྱལ་དུ་བསྣོལ་བའི་སྟེང་ན་སྲིན་པོའི་རྒྱལ་པོ་རཀྴ་ཐོད་ཕྲེང་དབུ་དགུ་སྤྱན་གསུམ་གསུམ་དང་ལྡན་པ་ཤིན་ཏུ་ཁྲོས་པའི་ཉམས་དང་ལྡན་པ། དབུ་སྐྲ་དམར་སེར་རལ་གསེབ་ཀྱི་དབུས་སུ་རྟ་མགོ་ལྗང་ཞུར་རྟ་སྐད་དྲག་པོས་སྲིད་གསུམ་གཡོ་ཞིང་འདར་བར་བྱེད་པ། སྐུ་མདོག་སྨུག་ནག་ཕྱག་བཅོ་བརྒྱད། གཡས་དགུ་དུག་ཕུར་ནག་པོ། གཡོན་དགུ་དགྲ་བོའི་སྙིང་འཛིན་པ། སྐུ་སྟོད་མི་ལྤགས་གཡང་གཞི། སྐུ་སྨད་སྟག་གི་ཤམ་ཐབས། མགོ་རློན་ཕྲེང་བའི་དོ་ཤལ་རྔམ་བརྗིད་བཟོད་པར་དཀའ་བ། གཡས་ཕྱོགས་སུ་ཁྲི་སྟེང་ན་རྒྱ་གར་མཁན་ཆེན་བཱི་མ་མི་ཏྲ། པྲ་བྷ་ཧསྟི རོམ་བུ་གྷུ་ཧྱ་སོགས་རྒྱ་གར་གྱི་པཎྜི་ཏ་ཉེར་ལྔ། གཡོན་ཕྱོགས་གྲལ་མགོའི་ཁྲི་སྟེང་ན་སློབ་དཔོན་ཧཱུྃ་ཆེན་ཀ་ར། འཇམ་དཔལ་བཤེས་གཉེན། དྷ་ན་སཾ་ཏྲི་ཏ། ཤནྟཾ་གརྦྷ་སོགས་རྒྱ་གར་གྱི་པཎྜི་ཏ་ཉེར་ལྔ། རྒྱབ་གྲལ་གཡས་ཕྱོགས་ཀྱི་གྲལ་མགོར་ཁྲི་སྟེང་ན། བཻ་རོ། ནམ་མཁའི་སྙིང་པོ། སངས་རྒྱས་ཡེ་ཤེས། རྒྱལ་བ་མཆོག་དབྱངས་གཙོས་བོད་ཀྱི་ལོ་ཙཱ་བའི་ཚོགས་ཉེར་ལྔ། རྒྱབ་གྲལ་གཡོན་གྱི་གྲལ་མགོར་རླངས་ཆེན་དཔལ་གྱི་སེངྒེ། དཔལ་གྱི་ཡེ་ཤེས། ཀ་བ་དཔལ་བརྩེགས། ཤུད་བུ་དཔལ་གྱི་སེངྒེ་སོགས་བོད་ཀྱི་ལོ་ཙཱའི་ཚོགས་ཉེར་ལྔ། ཀུན་གྱིས་ཆོས་ཀྱི་བགྲོ་གླེང་མཛད་ནས་བཞུགས་པའི་ཚུལ། བར་ཁང་དུ་ལོངས་སྐུ་སྤྱན་རས་གཟིགས་ལ་གཡས་སུ་འཇམ་དབྱངས། ས་སྙིང་། སྒྲིབ་སེལ། ནམ་མཁའི་སྙིང་པོ། གཡོན་དུ་ཕྱག་ན་རྡོ་རྗེ། བྱམས་པ། ཀུན་ཏུ་བཟང་པོ། མཐའ་བསྐོར་དུ་རྒྱལ་སྲས་སེམས་དཔའ་སེམས་མའི་ཚོགས་སྤྲིན་གཏིབས་པ་ལྟར་བཞུགས་པ་ལ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་རྒྱུད་གསུངས། སྟེང་ཁང་རྨ་བྱས་བཏེགས་པའི་ཁྲི་སྟེང་དུ་ཆོས་སྐུ་སྣང་བ་མཐའ་ཡས་ལ། འཁོར་རྫོགས་ཆེན་སྟོན་པ་བཅུ་གཉིས་སོགས་རྫོགས་ཆེན་བརྒྱུད་པའི་བླ་མ་གྲངས་མེད་པ་ལ། རྫོགས་པ་ཆེན་པོ་ལྟ་བ་ཀློང་ཡངས་ཞེས་པའི་རྒྱུད་གསུངས། ནུབ་བྱང་གི་མཚམས་ཀྱི་ནམ་མཁའ་ནས་གཏེར་སྟོན་བླ་སྤྲུལ་སོགས་བོད་འདིར་འགྲོ་དོན་གདུལ་བྱ་རྫོགས་པ་རྣམས་པཎྜི་ཏ། རྣལ་འབྱོར་བ། སྔགས་པའི་ཚུལ་སོགས་རྣམ་འགྱུར་སྣ་ཚོགས་པ་སེར་སྦྲེང་གི་ཚུལ་གྱིས་འོག་ཁང་ཕོ་བྲང་ཆེན་པོའི་ནུབ་སྒོ་ནས་ཡར་ཕེབས། བྱང་སྒོ་ནས་གུ་རུ་རིན་པོ་ཆེ་ཉིད་དང་། ལོ་པཎ་རྗེ་འབངས་རྣམས་ཀྱི་སྤྲུལ་པ་སྣ་ཚོགས་པ་དཔེར་ན་རྒྱལ་པོ་ཆེན་པོ་རྣམས་ཀྱིས་རྫོང་དཔོན་བརྗེ་གྲོལ་བྱེད་ནས་གསར་དུ་རྫོང་དཔོན་སོ་སོར་བསྐོས་བཞག་བྱེད་པ་ལྟར་གུ་རུ་ཉིད་ཀྱིས་རེ་རེ་བཞིན་བཀའ་བསྒོ་མཛད་ནས་བོད་ཡུལ་དུ་ཕེབས་མཛད་པ་ལ། ལ་ལ་རབ་བྱུང་གི་ཆས་ཅན། ལ་ལ་རྣལ་འབྱོར་བའི་ཆས་ཅན། གཅེར་བུ་ཐོར་ཅོག་ཨང་རག་སྒོམ་ཐག་ཅན། ལ་ལ་སྔགས་པའི་ཚུལ། བེར་དང་ཞྭ་ནག་ཅན། ལ་ལ་སྔགས་པ་རལ་བ་ཅན་ཤམ་ཐབས་སྔོན་པོ་གཟན་དཀར་པོ་ཅན། ལྷོ་ནུབ་ཀྱི་ནམ་མཁའ་ནས་སྤྲིན་གཏིབས་པ་ལྟར་སེར་སྦྲེང་གི་ཚུལ་གྱིས་བོད་དུ་བྱོན། རི་རྒྱལ་དེའི་རྩ་བ་རྒྱ་མཚོ་ཆེན་པོའི་ཕྱི་རོལ་ཏུ་བྲག་རི་དམར་པོས་བསྐོར་བ། དེའི་ཕྱི་རོལ་ཏུ་སྲིན་པོའི་གྲོང་ཁྱེར་མ་ཡིན་པ་ཕྱོགས་མཚམས་བརྒྱད་དུ་གྲོང་ཁྱེར་ཆེན་པོ་བརྒྱད། ཤར་གྱི་གྲོང་ཁྱེར་དབུས་སུ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་ཧེ་རུ་ཀའི་ཆས་ཅན། གཡས་རལ་གྲི། གཡོན་ཐོད་ཕོར་བསྣམས་པ། ཡང་དག་ཟླ་གམ་དགུ་བའི་དཀྱིལ་འཁོར་ཞལ་ཕྱེས། ལྷོ་ཕྱོགས་ཀྱི་གྲོང་ཁྱེར་དབུས་སུ་སྨིན་གླིང་གཏེར་ཆེན་ཨོ་རྒྱན་གཏེར་བདག་གླིང་པ་པད་ཞྭ་ཁྲི་བེར་མནབས་པ། ཕྱག་གཡས་ས་གནོན་གཡོན་མཉམ་བཞག་གི་སྟེང་གསེར་སྒྲོམ་བསྣམས་པ། འཇམ་དཔལ་གཤིན་རྗེའི་གཤེད་པོའི་དཀྱིལ་འཁོར་ཞལ་ཕྱེས། ནུབ་ཀྱི་གྲོང་ཁྱེར་དབུས་སུ་གོང་ས་ལྔ་པ་རིན་པོ་ཆེ་ངག་དབང་བློ་བཟང་རྒྱ་མཚོ་རབ་བྱུང་གི་ཆས་ཅན་ལ་ཁྲི་བེར་སེར་པོ་དབུ་ཞྭ་པཎ་ཞུ་རྣ་རིང་རྡོ་དྲིལ་འཁྲིལ་འཛིན་ཅན། དབང་ཆེན་རྟ་མགྲིན་དཀྱིལ་འཁོར་ཞལ་ཕྱེས། བྱང་གི་གྲོང་ཁྱེར་གྱི་དབུས་སུ་གཏེར་ཆེན་ཉི་མ་གྲགས་པ་སྔགས་པའི་ཆ་བྱད་ཅན། དབུ་སྐྲ་ཐོར་ཅོག་ཕྱག་གཡས་མཆོད་སྦྱིན་གཡོན་མཉམ་བཞག་གི་སྟེང་ན་གཏེར་སྒྲོམ་དང་། སྐུ་ལ་གཟིག་ཐུལ་མནབས་པ། ཕུར་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་ཞལ་ཕྱེས། ཤར་ལྷོའི་གྲོང་ཁྱེར་གྱི་དབུས་སུ་མཆོག་གྱུར་བདེ་ཆེན་གླིང་པ་སྔགས་པ་གཟན་དཀར་ཤམ་ཐབས་དཀར་པོ་དབུ་སྐྲ་རལ་བ་ཅན། ཕྱག་ན་རྡོར་དྲིལ་བསྣམས་པ། མ་མོ་རྦོད་གཏོང་གི་དཀྱིལ་འཁོར་ཞལ་ཕྱེས། ལྷོ་ནུབ་གྲོང་ཁྱེར་གྱི་དབུས་སུ་ལྷ་བཙུན་ནམ་མཁའ་འཇིགས་མེད་སྔགས་པ་ཞྭ་ནག་ཅན། ཕྱག་ན་བྷན་ཕུར་བསྣམས་པ། ཁྲིའུ་ཁར་སྟག་ལྤགས་སྟེང་བཞུགས་པ། རིག་འཛིན་སློབ་དཔོན་གྱི་དཀྱིལ་འཁོར་ཞལ་ཕྱེས། ནུབ་བྱང་གྲོང་ཁྱེར་དབུས་སུ་ཀུན་མཁྱེན་འཇིགས་མེད་གླིང་པ་སྐུ་འགག་སྔོན་པོ་དངུལ་ལེན་ལྗང་གུ་མནབས་པ། གཟན་དཀར་ཤམ་ཐབས་དཀར་པོ་དབུ་སྐྲ་ཐོར་ཚུགས་ཕྱག་རལ་པོད་འཁྲིལ་འཛིན། དྲེགས་པ་ཀུན་འདུལ་གྱི་དཀྱིལ་འཁོར་ཞལ་ཕྱེས། བྱང་ཤར་གྲོང་ཁྱེར་དབུས་སུ་ཆེ་ཡོལ་ལས་རབ་རྩལ་རབ་བྱུང་བགྲེས་ཉམས་ཅན་དབུ་སྐྲ་མེད་པ་ཕྱག་གཡས་གནམ་ལྕགས་ཀྱི་ཕུར་བུ་གཡོན་དྲིལ་བུ་བསྣམས་པ། དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས། འཁོར་ཐམས་ཅད་ནི་བོད་ཀྱི་བླ་གྲྭ་སྔགས་པ་ཕོ་མོ་མཐའ་དག་གིས་བསྐོར་བ། དེའི་ཕྱི་རོལ་དུ་རྒྱ་མཚོས་བསྐོར་བ། དེའི་ཕྱི་རོལ་དུ་སྲིན་པོའི་གྲོང་ཁྱེར་གྱིས་བསྐོར་བ། དབུས་སུ་ཤ་ཁྲག་ཟ་བྱེད་ཀྱི་གྲོང་ཁྱེར་ན་སྲིན་རྒྱལ་བདུད་འདུལ་ཧེ་རུ་ཀའི་ཆས་ཅན། སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། དེའི་ཕྱི་རོལ་དུ་རྒྱ་མཚོས་བསྐོར་བ། དེའི་ཕྱི་རོལ་དུ་སྲིན་པོའི་གྲོང་ཁྱེར་ཉི་ཤུ་ཐམ་པ་ལ་ཤར་སྟོད་ཛ་ཏིའི་ནགས་གླིང་དུ་སློབ་དཔོན་ཉིད་དྷེ་ཝ་རཱ་ཛའི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན། ཤར་དབུས་བདེ་བ་ཆེན་པོའི་ཕོ་བྲང་དུ་སློབ་དཔོན་ཉིད་པདྨ་འབྱུང་གནས་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ཤར་སྲིབ་འདོད་འབྱུང་གཏེར་གྱི་ཕོ་བྲང་དུ་སློབ་དཔོན་ཉིད་པདྨ་སཾ་བྷའི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ཤར་སྨད་ན་བུན་འཐིབས་པའི་ཀློང་དཀྱིལ་དུ་སློབ་དཔོན་ཉིད་སྨྲ་བའི་སེང་གེའི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ཤར་ལྷོ་འབར་བ་གློག་ཕྲེང་གི་གཞལ་ཡས་ན་སློབ་དཔོན་ཉིད་ཟིལ་གནོན་མེ་འོད་ཀྱི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ལྷོ་སྟོད་མུན་སེལ་ཉི་མའི་འོད་འཕྲོག་གི་གཞལ་ཡས་ན་སློབ་དཔོན་ཉིད་བློ་ལྡན་མཆོག་སྲེད་ཀྱི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ལྷོ་དབུས་ཀེང་རུས་བརྩིགས་པའི་ཞལ་ཡས་ན་སློབ་དཔོན་ཉིད་ཀརྨ་ཐོད་ཕྲེང་གི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ལྷོ་སྲིབ་འདོད་འབྱུང་གཏེར་གྱི་གཞལ་ཡས་ན་སློབ་དཔོན་ཉིད་པདྨ་རྒྱལ་པོའི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ལྷོ་སྨད་དགའ་བ་ཚལ་གྱི་ཕོ་བྲང་ན་སློབ་དཔོན་ཉིད་ཉི་མ་འོད་ཟེར་གྱི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ལྷོ་ནུབ་རཀྴ་འཁྲུགས་པའི་གཞལ་ཡས་ན་སློབ་དཔོན་ཉིད་རཀྴ་ཐོད་ཕྲེང་གི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ནུབ་སྟོད་ཤ་མཁར་ཅན་གྱི་གཞལ་ཡས་ན་སློབ་དཔོན་ཉིད་ཁྱུང་ཆེན་འབར་བའི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ནུབ་དབུས་རྔམས་པ་སྒྲ་སྒྲོག་གཞལ་ཡས་ན་སློབ་དཔོན་ཉིད་ཤཱཀྱ་སེངྒེའི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ནུབ་སྲིབ་མེ་རླུང་དམར་ནག་འཚུབས་པའི་ཀློང་དཀྱིལ་ན་སློབ་དཔོན་ཉིད་རྡོ་རྗེ་གྲོ་ལོད་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ནུབ་སྨད་ཁྲག་མཚོ་ཁོལ་མའི་གཞལ་ཡས་ན་སློབ་དཔོན་ཉིད་ཆོས་ཀྱི་འབྱུང་གནས་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། ནུབ་བྱང་རླུང་ནག་འཚུབས་མའི་གཞལ་ཡས་ན་སློབ་དཔོན་ཉིད་སེངྒེ་སྒྲ་སྒྲོག་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། བྱང་སྟོད་རྔམས་པ་སྒྲ་སྒྲོག་གི་གཞལ་ཡས་ན་སློབ་དཔོན་ཉིད་གཡུལ་ལས་རྣམ་རྒྱལ་གྱི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། བྱང་དབུས་འདོད་འབྱུང་ནོར་བུའི་གཞལ་ཡས་ན་སློབ་དཔོན་ཉིད་བཛྲ་པ་ཎིའི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། བྱང་སྲིབ་ཧ་ཧ་དགོད་པའི་གཞལ་ཡས་ན་སློབ་དཔོན་ཉིད་མཐོན་མཐིང་ལྷབ་ལྷུབ་ཀྱི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། བྱང་སྨད་མངོན་སྤྱོད་དྲག་པོའི་གཞལ་ཡས་ན་སློབ་དཔོན་ཉིད་ནག་པོ་སྤྱོད་པའི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། བྱང་ཤར་མུན་ནག་འཁྲིགས་པའི་གཞལ་ཡས་ན་སློབ་དཔོན་ཉིད་གཙུག་ན་མེ་འབར་གྱི་སྐུར་བཞེངས་ནས་སྲིན་པོ་ཕོ་མོ་རྣམས་ལ་ཆོས་སྟོན་པ། དེའི་ཕྱི་རོལ་ཏུ་རྒྱ་མཚོ་ཆེན་པོས་བསྐོར་བ། དེའི་ཕྱི་རོལ་གྱི་ཐག་རིང་པོ་ན་རྒྱ་གར་གྱི་གྲོང་ཁྱེར་མང་པོ་ཡོད་པ། ཤར་ལྷོའི་མཚམས་སུ་དཔལ་ནཱ་ལེནྜའི་གཙུག་ལག་ཁང་སོགས་གཞན་ཡང་རྨི་ལམ་འཁྲུལ་བ་སྣ་ཚོགས་ཡོད་ཀྱང་དོན་ཆེར་མེད་པས་མ་བྲིས། སྐབས་ཤིག་ན་རང་སྤྱིལ་འཆི་མེད་གྲུབ་པའི་དགའ་ཚལ་གྱི་ཤར་ཕྱོགས་ཉི་འོད་འཁྱིལ་བའི་ནང་དུ་བདག་གནས་པའི་ཚེ། རྒྱལ་ཆེན་རྡོ་རྗེ་གྲགས་ལྡན་ཡུམ་སྲས་བློན་པོ་སྤྲུལ་པ་དང་རྒྱལ་མཚན་རྣམ་དགུ་ཐོགས་པ་རང་རང་གི་མགོ་ཅན་དགུ་དང་རུ་འདྲེན་སྡེ་བཞིའི་ཚོགས། གནོད་སྦྱིན་ཙིའུ་དམར་པོ་རོལ་བ་རྐྱ་བདུན། སྤྲ། སྤྲེལ། བྱི་ལ། གར་མཁན། མོན་པ། ཨ་ཙ་ར་སོགས་དང་། འཛམ་གླིང་གེ་སར་ནོར་བུ་དགྲ་འདུལ་ལྷ་ཀླུ་གཉན་གསུམ་གཙོས་ཕུ་ནུ་སུམ་ཅུའི་ཚོགས་དང་བཅས་པ་སྐད་ཅིག་གིས་ལྷོ་ནུབ་ཀྱི་ནམ་མཁའ་ནས་སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན་ནས་བདག་དྲུང་སླེབས་པ་ན། ལྷོ་ནུབ་རྔ་ཡབ་གླིང་ན་གུ་རུ་རིན་པོ་ཆེ་ནས་དེ་རིང་སྔགས་ཀྱི་གསོ་སྦྱོང་མཛད་ནས་བཞུགས་ཡོད་པ་ཁྱེད་རང་གིས་ཨེ་ཐོས་ཟེར་འདུག ཕྲན་ནས་མ་ཐོས་སྔགས་ཀྱི་གསོ་སྦྱོང་གི་ཚོགས་པ་རྒྱ་བོད་ཀྱི་པཎ་གྲུབ་རྣམས་ཨེ་རེད་དྲིས་པས། དེ་ན་མ་རེད་སྲིན་པོ་ཤ་སྟག་རེད་འདུག འོ་ན་ཁྱེད་རང་ལྟ་བར་ཕྱིན་ན་རང་ཅག་རྣམས་ད་འགྲོ་ཟེར། དེ་མ་ཐག་ཆོས་སྐྱོང་རྣམས་ཀྱིས་སྣ་དྲངས་ཏེ་བདག་ཀྱང་ཕྱི་བཞིན་འབྲང་ནས། ལྷོ་ནུབ་ཀྱི་ནམ་མཁའི་དབྱིངས་ནས་སྐད་ཅིག་གི་ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ཀྱི་བྱང་ཤར་དུ་རིན་པོ་ཆེའི་ཕོ་བྲང་གི་དབུས་སུ་ཁྲི་སྟེང་ན་གུ་རུ་ཟ་ཧོར་མའི་ཚུལ་བཞུགས་ནས། འཁོར་དུ་སྲིན་པོ་ཕོ་མོ་མགོ་དགུ་པ། མགོ་ལྔ་པ། མགོ་གསུམ་པ་ཅན་དང་། མགོ་གཅིག་པ་བཅས་གྲངས་མེད་པ་ལ་སྔགས་ཀྱི་གསོ་སྦྱོང་མཛད་ནས་བཞུགས་པ་མཐོང་། ཤར་ལྷོའི་ཕྱོགས་སུ་ཀུན་དགའ་ར་བ་ལྟ་བུའི་ནང་དུ་རིན་པོ་ཆེའི་ཁྲིའི་སྟེང་ན་སློབ་དཔོན་ཉིད་གུ་རུ་རྒྱ་གར་མའི་ལུགས་ཀྱི་སྐུར་བཞུགས་ནས་རྒྱ་བོད་ཀྱི་པཎ་གྲུབ་རྣམས་དང་རིག་འཛིན་གྱི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་བཞུགས་ནས་གསོ་སྦྱོང་མཛད། ཟངས་མདོག་དཔལ་རིའི་མཐོང་སྣང་རྨི་ལྟས་འདི་ལྟ་བུ་མཁན་སློབ་ཆོས་གསུམ་ལྷ་ཁང་ཆེན་མོའི་ནང་ས་སྦྲུལ་ཟླ་བའི་ཚེས་བཅུ་ལ་ལོགས་བྲིས་བྲི་སྐབས། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཡང་སྲིད་དཀོན་མཆོག་བསྟན་པའི་རྒྱལ་མཚན་ནས་ཡི་གེ་འགོད་རྒྱུ་རེད་ན་ཞེས་ཡང་ཡང་བསྐུལ་ཡང་འདི་ལ་གནད་དོན་ཆེར་མེད་ཀྱང་སྐུ་ངོ་མི་ཟློག་ཙམ་དུ། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་གང་ཤར་འཁྲུལ་བའི་བློ་མཚོ་ལས་ཤར་བ་ཐོལ་བྱུང་དུ་སྨྲས་པ་འདིས་ཀྱང་བདག་སོགས་སེམས་ཅན་ཐམས་ཅད་མཐར་ཐུག་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་དུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དྲུང་རིག་འཛིན་འདུས་པའི་ཚོགས་དང་ལྷན་གཅིག་ཏུ་ཚོམ་བུ་གཅིག་ཏུ་འཚོགས་པའི་རྟེན་འབྲེལ་སྨོན་ལམ་རྒྱལ་བ་སྲས་དང་བཅས་པས་འགྲུབ་པར་མཛད་དུ་གསོལ། །སརྦ་མངྒ་ལཾ། །

རྫོགས་པ་ཆེན་པོའི་ཉམས་ལེན་ཐར་བའི་ལམ་བཟང་ཞེས་བྱ་བ་བཞུགས་སོ།།

རྗེ་དྲིན་ཆེན་བླ་མ་རྡོ་རྗེ་འཆང་། །མགོན་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དེ། །བུ་བདག་གི་བདེ་ཆེན་འཁོར་ལོ་རུ། །མི་འབྲལ་རྒྱན་གྱི་ཚུལ་དུ་བཞུགས། །ད་ལྟ་མི་ལུས་རིན་ཆེན་ཐོབ། །ཕྱི་འདི་འདྲ་ཡང་ཡང་རྙེད་པར་དཀའ། །དེ་བས་ཐོག་མ་ཉིད་དུ་ནི། །བློ་ལྡོག་རྣམ་བཞི་ཡང་ཡང་སྒོམས། །དེ་ནས་ཐུན་མིན་སྔོན་འགྲོ་ལ། །རིམ་པ་བཞིན་དུ་བསྒྲུབ་པར་མཛོད། ཁྱད་པར་བླ་མའི་རྣལ་འབྱོར་འདི། །ཉམས་ལེན་ཐམས་ཅད་ཀྱི་རྟེན་གཞི་ཡིན། །ཐོག་མར་དཔལ་ལྡན་བླ་མ་དེ། །བརྟན་བསྟེན་དགོངས་སྤྱོད་བསླབ་པར་མཛོད། །སྤྱིར་ཀུན་གྱི་རྩ་བ་དད་པ་སྟེ། །དད་པའི་རྣམ་གྲངས་འགའ་མཆིས་ཀྱང་། །དང་འདོད་ཡིད་ཆེས་དད་པ་དང་། །གཞན་ཡང་དད་པ་བརྟན་པའི་ཚུལ། །འགྱུར་ལྡོག་མེད་པ་རི་རྒྱལ་ལྟར། །འཕེལ་འགྲིབ་མེད་པ་ཉི་མ་ལྟར། །ཁ་གཏིང་མེད་པ་རྒྱ་མཚོ་ལྟར། །བྱས་ཡུས་མེད་པ་མ་ལྟ་བུ། །མཐའ་དབུས་མེད་པ་ནམ་མཁའ་ལྟར། །སྐྱོ་དུབ་མེད་པ་གྲུ་ཟམ་ལྟར། །དེ་ལ་སོགས་པ་ཚུལ་བཅུ་ཡིས། །དུས་རྟག་ཏུ་དད་པ་འབྲལ་མེད་དགོས། །གལ་ཏེ་དད་པ་མེད་པའི་མི། །གཟུགས་མཛེས་མིག་མེད་འདྲ་བ་སྟེ། །དེས་ན་དད་པ་བརྟན་པ་ནི། །ཤིན་ཏུ་གནད་དོན་ཆེ་བ་ལགས། །འཁོར་བའི་ཆུ་བོ་ཆེན་པོ་ལས། །སྒྲོལ་བར་མཛད་པའི་དེད་དཔོན་ཚུལ། །བཀའ་དྲིན་ཅན་གྱི་བླ་མ་དེ། །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །རིགས་བདག་རྒྱན་གྱི་ཚུལ་དུ་སྒོམས། །བླ་མའི་སྐུ་ཡི་གནས་བཞི་ལས། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ལས། །དཀར་དམར་མཐིང་གསུམ་གྱི་འོད་ཟེར་ཚོགས། །བཀྲག་མདངས་ལྡན་པར་འཕྲོས་པ་ལས། །བུ་ཁྱོད་ཀྱི་གནས་བཞི་ཐིམ་པ་ཡིས། །སྒྲིབ་བཞི་བག་ཆགས་དག་ནས་སུ། །ལམ་རྣམ་པ་བཞི་པོ་སྒོམ་ལ་དབང་། །འབྲས་བུ་སྐུ་བཞི་ཐོབ་པར་བསམ། །མཐར་ནི་བླ་མའི་ཐུགས་ཉིད་དང་། །རང་གི་སེམས་ཉིད་དབྱེར་མེད་པར། །མཉམ་ཉིད་ངང་དུ་མཉམ་པར་བཞག །བུས་རེ་འགའ་བླ་མ་མགྲིན་པར་སྒོམས། །བཟའ་བཏུང་ཚོགས་ཀྱི་ཚུལ་དུ་མཆོད། །དེ་ལྟར་མཛད་ན་ཐ་མལ་གྱི། །ཟས་ཀྱི་དབང་དུ་མི་འགྲོ་བར། །ཚོགས་གཉིས་ཀྱི་བསོད་ནམས་དཔག་ཏུ་མེད། །ལོངས་སྤྱོད་ནོར་སྒྲུབ་མཆོག་ཏུ་ལགས། །བུ་གང་དུ་འགྲོ་བའི་གནས་དག་ཏུ། །བཀའ་དྲིན་ཅན་གྱི་བླ་མ་དེ། །ཕྲག་པ་གཡས་ཀྱི་ཕྱོགས་སུ་སྒོམས། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི། །བསྐོར་བ་བྱེད་ཅིང་སྒྲིབ་དག་བསམ། །ཉལ་བའི་རྣལ་འབྱོར་ལ་བརྩོན་ཚེ། །བླ་མ་སྙིང་གི་དབུས་སུ་སྒོམས། །སེམས་ཉིད་མ་བཅོས་རྟོག་བྲལ་ངང་། །ཆོས་ཉིད་ངང་དུ་ཉལ་བ་ན། །འོད་གསལ་གྱི་འཆར་སྒོ་ཤར་བའི་ཚེ། །རྨི་ལམ་སྤྲུལ་བསྒྱུར་ལ་བརྩོན་པར་མཛོད། །སྤྱིར་འཛམ་གླིང་ལས་ཀྱི་ས་པ་སྟེ། །ཚེ་ལ་ངེས་པ་མེད་པའི་ཕྱིར། །མ་བསྒོམས་འཕོ་བའི་གདམས་པ་ལ། །ཡང་ཡང་བརྩོན་ཞིང་འབད་པར་རིགས། །སྤྱིར་འཕོ་བ་རྣམ་གྲངས་མང་མཆིས་ཏེ། །རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་དང་། །འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་དང་། །ཐ་མ་སྤྲུལ་སྐུ་ཚད་མེད་ཐུགས་རྗེའི་འཕོ་བ་ཞེས། །ཐ་མལ་འདུ་ཤེས་སུམ་ལྡན་གྱི་འཕོ་བ་སྟེ། །འཕོ་བའི་རྣམ་གྲངས་མང་ལགས་ཀྱང་། །སྐབས་འདིར་འདུ་ཤེས་གསུམ་ལྡན་གྱི་འཕོ་བ་སྟེ། །རྩ་དབུ་མ་ལམ་གྱི་འདུ་ཤེས་དང་། །སེམས་རྣམ་ཤེས་མགྲོན་པོའི་འདུ་ཤེས་ཏེ། །གནས་བདེ་ཆེན་དག་པའི་ཞིང་ཁམས་ལ། །འགྲོ་བ་སྙམ་པའི་འདུ་ཤེས་ཏེ། །དེ་ཡང་རང་ལུས་རྣལ་འབྱོར་མ། །དམར་ལ་ཞི་མ་ཁྲོ་ཡི་ཉམས། །དེ་སྣང་ལ་རང་བཞིན་མེད་པ་སྟེ། །དར་དམར་གྱི་གུར་ཕུབ་ལྟ་བུར་གསལ། །དེ་ཕྱི་ལུས་ཀྱི་སྟོང་ར་ལགས། །དེའི་ལུས་དབུས་དྲང་མོ་རྩ་དབུ་མ། །སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ། །དེ་ཡང་མཚན་ཉིད་བཞི་དང་ལྡན། །སྔོ་བ་མཐིང་ཤུན་དྭངས་བའི་མདོག །གསལ་བ་ཏིལ་གྱི་མར་མེ་ལྟར། །དྲང་བ་ཆུ་ཤིང་འདྲ་བ་སྟེ། །སྟོང་པ་ཤུབ་བུ་ཁོང་སྟོང་བ། །མཐོ་རིས་ཐར་བའི་ལམ་མཚོན་ཕྱིར། །སྤྱི་བོ་ཚངས་པའི་བུ་ག་རུ། །ཇི་ལྟར་རྒྱ་མཐོང་ཁ་ཕྱེ་ལྟར། །འཕོ་བ་ངན་སོང་སྒོ་འགག་ཕྱིར། །མར་སྣེ་ལྟེ་འོག་ཁ་ཟུམ་པ། །དེ་ནང་རྩ་ཡི་སྟོང་ར་ལགས། །སྙིང་ཁ་སྨྱུག་ཚིགས་འགག་པ་ལྟར། །དེ་སྟེང་པད་ཀར་འདབ་བརྒྱད་སྟེང་། །རྣམ་པར་ཤེས་པའི་ངོ་བོ་དེ། །དཀར་ལ་དམར་བའི་མདངས་ཆགས་པ། །བྱ་མ་སར་གྱི་སྒོང་ང་ལྟ་བུ་ཞིག །སྣུམ་ལ་འདྲིལ་བའི་རྣམ་པར་ཅན། །ནམ་ཐོ་རེངས་ཀྱི་སྐར་ཆེན་ཤར་བ་ལྟར། །འདར་ཞིང་གཡོ་བའི་རྣམ་པར་གསལ། །སྤྱི་བོ་གྲུ་གང་མ་རེག་ཙམ། །རྨ་བྱས་བཏེགས་པའི་ཁྲི་སྟེང་དུ། །ངོ་བོ་རྩ་བའི་བླ་མ་ལ། །རྣམ་པ་སངས་རྒྱས་འོད་དཔག་མེད། །མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན། །མཐའ་སྐོར་བརྒྱུད་པའི་བླ་མ་རྣམས། །སྔགས་འཆང་པཎྜི་ཏ་ཡི་ཆས། །གཞན་ཡང་རྣམ་འབྱོར་སྤྱོད་པའི་ཚུལ། །འོད་དང་འོད་ཟེར་འཕྲོ་བར་གསལ། །ཡིད་ཁྱེད་ཤེས་ཀྱི་མོས་གུས་དྲག་པོ་ཡིས། །གསོལ་འདེབས་སྨོན་ལམ་མཚམས་སྦྱར་ནས། །ཧིཀ་གི་སྒྲ་ཡིས་བསྐུལ་བའི་ཚེ། །ཇི་ལྟར་དཔག་ཆེན་མདའ་འཕང་ལྟར། །རིག་པ་སེམས་ཀྱི་རྟེན་གཞི་དེ། །དྭངས་མའི་ཐིག་ལེ་དཀར་པོ་ཉིད། །འོད་དཔག་མེད་ཀྱི་ཐུགས་ཀར་འཕོ། །བླ་མའི་ཐུགས་དང་རང་གི་སེམས། །དབྱེར་མེད་གཅིག་ཏུ་རོ་གཅིག་བསམ། །མཐར་ནི་སྤྱི་བོའི་འོད་དཔག་མེད། །ཚེ་དཔག་མེད་ཀྱི་སྐུར་གྱུར་ནས། །སྤྱི་བོའི་གནས་ནས་མར་ཐོན་ལ། །སྙིང་གི་དབུས་སུ་བཞུགས་པར་གྱུར། །མ་བསྒོམས་འཕོ་བའི་གདམས་པ་ལ། །གོམས་འདྲིས་བརྟན་ཆ་ཐོབ་པར་མཛོད། །དེ་དག་ལ་རིམ་གྱིས་སྦྱངས་ནས་སུ། །འཁོར་འདས་རུ་ཤན་དབྱེ་བ་སྟེ། །རང་གཅིག་པུ་མི་མེད་དབེན་པའི་སར། །གངས་ཁྲོད་རི་རྩེ་དུར་ཁྲོད་སར། །ཤིན་ཏུ་མཐོ་བའི་གནས་མཆོག་ཏུ། །སེམས་བསྐྱེད་དམ་བཅའ་བརྟན་པོ་ཡིས། །རིགས་དྲུག་ལུས་ཀྱི་སྤྱོད་པ་དང་། །ཡི་དམ་ལྷ་ཡི་བཞུགས་སྟངས་དང་། །རིགས་དྲུག་ངག་གི་སྒྲ་སྐད་དང་། །རིགས་དྲུག་སོ་སོའི་སྡུག་བསྔལ་ཚོགས། །སེམས་ཐོག་ལ་ཡང་ཡང་བླངས་ནས་སུ། །རྗེས་ཤེས་ཀྱི་རང་ངོ་བསྐྱང་བར་བྱ། །རིགས་དྲུག་སྲེག་སྦྱང་གི་རིམ་པ་སོགས། །སྔོན་འགྲོའི་ཆོས་རྣམས་ཐམས་ཅད་ལ། །རྩེ་གཅིག་མ་ཡེངས་བརྩོན་པར་མཛོད། །ལར་ད་ལྟའི་སྣང་བ་འདི་དག་ཀུན། །སྒྱུ་མ་ཙམ་དུ་གོ་ན་ཡང་། །བདེ་བའི་སྣང་བ་ཤར་བ་ན། །དེ་ལ་དགའ་ཞིང་ཞེན་པ་དང་། །སྡུག་བསྔལ་གྱི་སྣང་བ་ཤར་བའི་ཚེ། །དེ་ལ་མི་དགའ་སྡུག་བསྔལ་ན། །དེ་ལྟ་བུ་ཡི་རྣལ་འབྱོར་ཏེ། །སྟོང་ཉིད་རྟོགས་པ་མ་ལགས་སོ། །སྤྱིར་སྟོང་ཉིད་རྟོགས་པའི་རྣལ་འབྱོར་དེ། །རི་བྲག་ཟང་ཐལ་འགྲོ་བ་དང་། །ཆུ་བོའི་གཏིང་ལ་མི་བྱིང་བར། །ཀ་བ་བུམ་པ་ལ་སོགས་པ། །སྣང་ཙམ་ལས་རང་བཞིན་མེད་པ་སྟེ། །མདོར་ན་དངོས་པོ་ཐམས་ཅད་ལ། །བློ་ཐེ་ཚོམ་གྱི་དྲྭ་བ་ཆོད་ནས་སུ། །ངེས་པར་སྟོང་ཉིད་རྟོགས་གྱུར་ན། །ཚེ་ཕྱི་མ་གཤིན་རྗེའི་འཁྲུལ་སྣང་སོགས། །ཚ་གྲང་བཀྲེས་སྐོམ་སྡུག་བསྔལ་དང་། །བཀོལ་སྤྱོད་འཐབ་རྩོད་འཆི་འཕོ་ལྟུང་། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས། །སེམས་ཅན་རང་རང་ལས་སྣང་ཀུན། །འཁྲུལ་བའི་སྣང་བ་ཅི་ཤར་ཡང་། །དེ་དག་སེམས་ཀྱི་ཆོ་འཕྲུལ་སྟེ། །དཔེ་སྒྱུ་མའི་སྐྱེས་བུ་རྟ་གྲུ་དང་། །རྨི་ལམ་མིག་ཡོར་བྲག་ཆ་ལྟར། །སྣང་ཡང་བདེན་པ་མེད་པ་ལགས། །ཀྱེ་ཧོ། ཡང་གསོན་དང་ལྟ་བ་ཞེས་བྱ་བ། །ལར་ད་ལྟ་གཟུགས་སྒྲ་དྲི་རོ་རེག །ཡུལ་ལྔ་བོ་མཐོང་དང་ཐོས་པ་དང་། །རྣམ་པར་མྱོང་དང་ཚོར་བྱེད་པ། །དེ་ནི་སེམས་སམ་རྣམ་རྟོག་ལགས། །དེ་དག་རྣམས་ལ་མ་ལྟོས་པར། །ཅི་ཡང་དྲན་མེད་ཐོམ་མེ་བ། །དེ་ལ་ཀུན་གཞི་ཡིན་པར་བརྗོད། །ཀུན་གཞིར་དྲི་མས་མ་གོས་པར། །གསལ་ཤིང་ས་ལེ་ཧྲིག་གེ་བར། །འདི་ཞེས་བརྗོད་དུ་མ་བཏུབ་པ། །ཐེ་ཚོམ་མེད་པར་རྟོགས་གྱུར་ན། །དེ་ལ་རིག་པ་ཡེ་ཤེས་འདོད། །དེ་ལྟ་བུའི་རིག་པའི་ཡེ་ཤེས་ཏེ། །སྟོང་ཉིད་ནམ་མཁའ་ལྟ་བུ་དེ། །དངོས་པོའི་ཆོས་ལ་ཉམས་ང་མེད། །གསལ་བ་ཉི་ཟླའི་དཀྱིལ་འཁོར་བཞིན། །བྱིང་རྒོད་གཉིས་ལ་ཉམས་ང་མེད། །འགྱུར་མེད་རི་རྒྱལ་ལྟ་བུ་སྟེ། །འཕོ་འགྱུར་གཉིས་ལ་ཉམས་ང་མེད། །ཉམས་མྱོང་ཡེ་ཤེས་རྒྱུན་ཆད་མེད། །རྣམ་རྟོག་ཚོགས་ལ་ཉམས་ང་མེད། །དཔེར་ན་ནམ་མཁའི་སྤྲིན་ཚོགས་དེ། །བྱུང་ཡང་ནམ་མཁའི་ངང་ལས་བྱུང་། །ཐིམ་ཡང་ནམ་མཁའི་ངང་ལ་ཐིམ། །ནམ་མཁའི་དབྱིངས་ལ་འཕོ་འགྱུར་བྲལ། །བར་སྣང་འཇའ་ཚོན་བཀྲ་བ་དེ། །བྱུང་ཡང་བར་སྣང་དག་ལས་བྱུང་། །ཐིམ་ཡང་བར་སྣང་ངང་ལ་ཐིམ། །བར་སྣང་སྟོང་པ་གཡོ་བ་མེད། །རྩི་བཅུད་མེ་ཏོག་སྣ་ཚོགས་ཀུན། །བྱུང་ཡང་ས་གཞི་རང་ལས་བྱུང་། །ཐིམ་ཡང་ས་གཞི་རང་ལ་ཐིམ། །ས་གཞིའི་ཁམས་ལ་འགྱུར་བ་མེད། །ནགས་ཚལ་འབྲས་བུ་སྣ་ཚོགས་པ། །བྱུང་ཡང་རི་བོའི་རྩལ་ལས་བྱུང་། །ཐིམ་ཡང་རི་བོ་རང་ལ་ཐིམ། །རི་རྒྱལ་རང་ལ་འཕོ་འགྱུར་མེད། །ཆུ་ལས་ཆུ་རླབས་བྱུང་བ་དེ། །དེ་དང་པོ་བྱུང་ཡང་ཆུ་ལས་བྱུང་། །ཐིམ་ཡང་ཆུ་བོ་ཉིད་ལ་ཐིམ། །ཆུ་བོ་རང་ལ་འཕོ་འགྱུར་མེད། །ཚོགས་དྲུག་གི་སྣང་བ་འདི་དག་ཀུན། །བྱུང་ཡང་རིག་པའི་རྩལ་ལས་བྱུང་། །གནས་ཀྱང་རིག་པའི་ངང་དུ་གནས། །ཐིམ་ཡང་རིག་པ་རང་ལ་ཐིམ། །རིག་པ་བདེ་གཤེགས་སྙིང་པོ་ལ། །སྤྲོས་པའི་མཚན་མ་ཀུན་དང་བྲལ། །སྤྲོས་དང་བྲལ་བ་ཆོས་ཀྱི་སྐུ། །གསལ་ལ་འཛིན་མེད་ལོངས་སྤྱོད་རྫོགས། །སྣ་ཚོགས་འཆར་གཞི་སྤྲུལ་སྐུ་སྟེ། །རང་བབས་གཤིས་ཀྱི་གནས་ལུགས་དེ། །རྟག་ཏུ་མ་ཡེངས་སྐྱོང་བར་མཛོད། །ལར་དོན་དམ་སྐྱེ་བ་མེད་པ་ལ། །སྐྱོང་དང་བསྐྱང་བྱ་མ་གྲུབ་ཀྱང་། །སྣང་བཅས་ཀུན་རྫོབ་བདེན་པའི་ངོར། །དྲན་པའི་རྒྱང་སོ་ཟིན་པར་མཛོད། །དེ་ལྟ་བུའི་གནས་ལུགས་དོན་དེ་ཉིད། །བུ་རང་གི་ཚོགས་བསགས་བསོད་ནམས་སྟོབས། །རྗེ་བླ་མའི་བྱིན་རླབས་ཁོ་ན་དང་། །ཡིད་ཆེས་མོས་གུས་དྲག་པོ་ཡིས། །གནས་ལུགས་ཇི་བཞིན་རྟོགས་པ་སྟེ། །ཆོས་ཉིད་མངོན་གསུམ་མཐོང་བར་ལགས། །གོམས་འདྲིས་ཡིད་ཆེས་བརྟན་ཐོབ་སྟེ། །ཉམས་མྱོང་སྣ་ཚོགས་ཤར་བ་ན། །དེ་ལ་ཉམས་སྣང་གོང་འཕེལ་གྲགས། །རིག་པ་ལ་བརྟན་ཆ་ཐོབ་པ་དེ། །རིག་པ་ཚད་ལ་ཕེབས་པའོ། །བུ་སྣང་བཞི་མཐར་རུ་ཕྱིན་ཙ་ན། །ཆོས་ཉིད་ཟད་སར་ཞེས་བྱའོ། །ད་ལྟའི་རྟོགས་ལྡན་ཁ་ཅིག་གིས། །འདོན་སྒོམ་ཡ་བྲལ་གྱི་སྲོལ་མཆིས་ཀྱང་། །རྗེ་སུམ་ལྡན་བླ་མ་རིན་པོ་ཆེའི། །ཞལ་གྱི་བུམ་བཟང་དྲི་མེད་ལས། །ཉམས་ལེན་ལ་བརྩོན་པར་བྱས་ན་ཡང་། །འདོན་སྒོམ་སྦྲག་མ་མཛད་ཙ་ན། །དེ་ལ་འགལ་བ་མ་མཆིས་ཤིང་། །གཅིག་གྲོགས་གཅིག་གིས་བྱེད་འགྱུར་གསུངས། །ལར་ལྟ་བ་ཇི་ལྟར་མཐོ་ན་ཡང་། །རྒྱུ་འབྲས་ལ་བླང་དོར་ཞིབ་པར་མཛོད། །བུ་རིག་པ་བདེ་གཤེགས་སྙིང་པོ་འདི། །མཆོག་གསུམ་རྩ་གསུམ་སྐུ་གསུམ་སྟེ། །སྐྱབས་ཡུལ་ཀུན་འདུས་ངོ་བོ་ལགས། །བུ་ཡིད་དཔྱོད་སྔགས་ཀྱི་ཐེག་པ་སྟེ། །སྐྱོབ་བྱེད་རིག་པའི་ཡེ་ཤེས་ཀྱིས། །བསྐྱབ་བྱ་རྣམ་རྟོག་ཀུན་བསྐྱབས་པ། །གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་ལགས། །སེམས་བསྐྱེད་ཀྱི་ངོ་བོ་མཐར་ཐུག་པ། །མཉམ་བཞག་གི་ཡེ་ཤེས་འདི་ཉིད་ལགས། །སྒྲིབ་སྦྱོང་གི་གཉེན་པོ་མཆོག་གྱུར་པ། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། །དོན་གྱི་རྡོ་རྗེ་སེམས་དཔའ་ལགས། །ཚོགས་གཉིས་ལས་དམིགས་མེད་ཡེ་ཤེས་ཚོགས། །མཆོད་པ་ཀུན་གྱི་མཆོག་གྱུར་པ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ལགས། །བུ་བླ་མའི་རྣལ་འབྱོར་མཆོག་གྱུར་པ། །ཟུང་འཇུག་དོན་གྱི་བླ་མ་ཉིད། །རིག་པ་རང་བབས་སྐྱོང་བ་ནི། །བླ་སྒྲུབ་ཀུན་གྱི་ཡང་སྙིང་མཆོག །རྩེ་རྒྱལ་དུ་གྱུར་བ་རྒྱལ་བས་གསུངས། །ལམ་བསྐྱེད་པའི་རིམ་པ་གཙོ་བོ་སྟེ། །ཆོས་ཉིད་དོན་གྱི་ལྷ་ཡིན་ནོ། །ཤེས་རབ་རྫོགས་པའི་རིམ་པ་གཙོ་བོ་སྟེ། །རྩ་རླུང་ཐིག་ལེའི་བྱེད་པ་རབ་བཅིངས་ཏེ། །ངོ་མཚར་བའི་ཐབས་མཆོག་ལ་བརྟེན་ནས། །དོན་གྱི་འོད་གསལ་མཐར་ཐུག་ལགས། །མདོར་དྲིལ་ན་མཉམ་བཞག་ཡེ་ཤེས་ལས། །ཐབས་གཞན་ཚོལ་བར་རྨོངས་པར་ཟད། །འདི་ཁོ་ན་ཉིད་ཀྱིས་སངས་རྒྱས་ཀྱི། །གོ་འཕངས་མཆོག་ཏུ་འཐོབ་པ་ལགས། །ཨ་ཧོ་ཡེ་གསོན་དང་ཀུན་གཞི་ཆོས་སྐུ་ཡི་དབྱེ་བ། །སེམས་དང་རིག་པ་རྣམ་ཤེས་ཡེ་ཤེས་ཀྱི་ཤན་འབྱེད། །ཡིད་ཤེས་དང་ཤེས་རབ་དབྱེ་བ་ཇི་བཞིན་རྟོགས་དགོས། །ཆོས་ཉིད་དོན་གྱི་རིག་པའི་ཡེ་ཤེས་ཀྱི་རྩལ་ལས། །ཀུན་བྱང་འཁོར་འདས་རྟོག་ཚོགས་ཐམས་ཅད་ཀུན་བྱུང་བ། །འོན་ཀྱང་སེམས་དང་ཆོས་སྐུ་རིག་པ་ཡི་དབྱེ་བ། །སྤང་དང་བླང་བྱར་འཛིན་པ་ཅུང་ཟད་ཀྱང་མི་འཚལ། །གཉིས་མེད་མཉམ་པ་ཆེན་པོར་ལ་བཟླ་རུ་མཛོད་ཅིག །ནམ་ཞིག་ཀ་དག་སྟོང་ཉིད་ཆེན་པོ་ཡི་ངང་དུ། །སེམས་དང་སེམས་བྱུང་རྣམ་རྟོག་རང་སར་དུ་གྲོལ་ནས། །སྒྲིབ་གཉིས་བག་ཆགས་དང་བཅས་ལྷག་མེད་དུ་སངས་ཏེ། །དག་པ་གཉིས་ལྡན་འབྲས་བུ་མངོན་སུམ་དུ་རྟོགས་པ། །ཀ་དག་གདོད་མའི་གཞི་དབྱིངས་ཆོས་སྐུ་ཡི་ཀློང་ནས། །ལྷུན་གྲུབ་གཟུགས་སྐུའི་རོལ་མོ་སྣ་ཚོགས་སུ་ཤར་བ། །འཕྲིན་ལས་རྣམ་བཞིའི་འགྲོ་དོན་ཁྱབ་བརྡལ་དུ་མཛོད་ཅིག །ཀྱེ་མ་ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་རྣམ་དག་ཅིག་མེད་ན། །གང་ཞིག་སེམས་པ་མེད་པའི་ཏིང་འཛིན་གྱི་བསླབ་པ། །སྲིད་རྩ་བདག་འཛིན་གཅོད་པ་ཤེས་རབ་ཀྱི་བསླབ་པ། །དེ་གསུམ་རྟེན་དང་བརྟེན་པའི་ཚུལ་ཅན་དུ་ཤར་བ། །ཚུལ་ཁྲིམས་འདི་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་མ། །དེས་ན་འགྱོད་མེད་ཚུལ་ཁྲིམས་རྣམ་དག་ཅིག་མེད་ན། །ཨ་ཏི་རྫོགས་ཆེན་རློམ་པ་ཡི་གང་ཟག །གང་ཞིག་ནམ་མཁའི་པདྨོ་སྐྱེ་བ་དང་མཚུངས་ཏེ། །ཇི་བཞིན་མངོན་གསུམ་མཐོང་བ་ནི་མ་ལགས། །མདོར་ན་ཕྱི་ལྟར་འདུལ་བ་སོ་ཐར་གྱི་ལུགས་དང་། །ནང་ལྟར་གསང་སྔགས་རྡོ་རྗེ་ཐེག་པ་ལ་བསླབ་ཅིང་། །གསང་བ་ཨ་ཏི་རྫོགས་པ་ཆེན་པོ་དང་མཐུན་པར། །ཉམས་ལེན་རྩེ་གཅིག་མ་ཡེངས་བརྩོན་པ་རུ་མཛོད་ཅིག །ཀྱེ་ཧོ་ཡང་གསོན་དང་སྐལ་ལྡན་རྣམས། །རྗེ་བཀའ་དྲིན་ཅན་གྱི་བླ་མ་ཡི། །ཞལ་རྒྱུན་དྲི་མ་མེད་པ་དེ། །མི་བདག་གི་བློ་ལ་སིམ་པ་དང་། །བློ་ཐེ་ཚོམ་གྱི་དྲྭ་བ་ཆོད་ན་ཡང་། །བདག་འདྲ་རྨོངས་པའི་གང་ཟག་གིས། །གནས་ལུགས་ཇི་བཞིན་མ་རྟོགས་པས། །ཉམས་ལེན་གྱི་དོན་རྣམས་བཤད་པ་འདི། །ཁ་ཏ་སྟོང་སྐད་ལྟ་བུ་ཡི། །ཧ་ཅང་བཞད་གད་ཀྱི་གནས་སུ་གྱུར་ན་ཡང་། །གཞན་སྐལ་བ་ལྡན་པའི་གང་ཟག་ཚོགས། །བདག་དང་བདག་འདྲའི་སེམས་ཅན་རྣམས། །གནས་ལུགས་ཀྱི་རང་ཞལ་མཇལ་ནས་སུ། །གདོན་མའི་དབྱིངས་སུ་གྲོལ་གྱུར་ནས། །མི་བདག་ལ་ཉམས་མྱོང་མེད་ན་ཡང་། །དད་ལྡན་དོན་གཉེར་ཅན་རྣམས་ཀྱིས། །ཡང་ཡང་བསྐུལ་ཞིང་གསོལ་བའི་ངོར། །ཅུང་ཟད་ཞུས་པ་འདི་དག་གིས། །ཚིག་ལ་སྙན་ཆ་མེད་ན་ཡང་། །དོན་ལ་འགལ་བ་མེད་སྙམ་རློམ། །དང་པོའི་ལས་ཅན་གང་ཟག་རྣམས། །ཟབ་མོའི་དོན་ལ་ཁ་བྲིད་ཕྱིར། །ཐེག་པ་ཀུན་གྱི་ཡང་རྒྱལ་མཆོག །ཨ་ཏི་རྫོགས་པ་ཆེན་པོ་འདི། །ཐེག་དམན་ལོག་ལྟ་ཅན་གྱི་རིགས། །ཀུན་གྱི་སྤྱོད་ཡུལ་མ་ཡིན་ཏེ། །སྐལ་བ་ལྡན་པའི་གང་ཟག་ངོར། །བསྟན་པས་དོན་གསལ་གོ་བདེ་བ། །ཅུང་ཟད་བྲིས་པ་འདི་དག་ལ། །གལ་ཏེ་ནོངས་པ་མཆིས་གྱུར་ན། །ལྷ་དང་མཁའ་འགྲོ་སྲུང་མའི་ཚོགས། །ཁྱད་པར་དཔལ་མགོན་མ་ནིང་ནག །སྲོག་སྒྲུབ་གཟའ་བདུད་ར་ཧུ་ལ། །ཤན་པ་དམར་ནག་ཚོགས་ལ་བཤགས། །དགེ་བས་སེམས་ཅན་ཐམས་ཅད་ཀུན། །ཀུན་བཟང་གདོད་མའི་མགོན་པོ་ཡི། །དཀའ་བ་མེད་པའི་གོ་འཕང་མཆོག །ཚེ་འདི་ཉིད་ལ་མངོན་གྱུར་ཤོག །ཅེས་པ་འདིའང་སྐྱབས་མགོན་རྡོ་རྗེ་འཆང་ཞབས་དཀར་བ་དང་རྗེ་དབོན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་གསུང་སྤྱི་བོར་ཕེབས་པ་དང་། མཁན་ཆེན་པདྨ་བཛྲའི་རིགས་དབོན་དམ་པ་ཚུལ་ཁྲིམས་བསྟན་འཛིན་དང་། ཕྱག་མཛོད་དཀོན་མཆོག་རྒྱ་མཚོ། ཆོས་དབྱིངས་རང་གྲོལ། ཐུབ་བསྟན་བློ་གྲོས། ཨ་སྒྲིས་ནོར་བུ་ཚེ་རིང་སོགས་དང་། གཞན་ཡང་དོན་གཉེར་ཅན་འགའ་ཡིས་ཡང་ཡང་བསྐུལ་བའི་ངོར་དང་། མ་ཟད་ལམ་མཆོག་འདི་ལ་མོས་པ་ཡིད་བྱེད་ཀྱི་གང་ཟག་རྣམས་ཀྱི་ངོར་རང་ལ་འདི་ལྟར་རྩོམ་པའི་ཡོན་ཏན་ཕྲ་མོ་ཙམ་ཞིག་མེད་ན་ཡང་ཐུགས་ཀྱི་བཞེད་དོན་བསྐང་བའི་ཕྱིར་དུ་སྙིགས་དུས་ཀྱི་བཙུན་གཟུགས་འཆང་བ་ལམ་འདི་ལ་མོས་པའི་གང་ཟག་རྫོགས་ཆེན་སྐྱེ་སྲིད་ལྔ་པའི་མིང་འཛིན་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའམ་ཀུན་བཟང་ནམ་མཁའ་རང་གྲོལ་གྱིས་ཀྲོ་དྷི་ཞེས་པ་ཤིང་ཕོ་འབྲུག་ལོའི་བསྐལ་བཟང་རྣམ་འདྲེན་བཞི་པའི་ཆོ་འཕྲུལ་ཆེན་པོའི་མུ་སྟེགས་བྱེད་སོགས་བདུད་སྡེ་ཕམ་པར་མཛད་ཅིང་། སངས་རྒྱས་གཉིས་པ་པདྨ་ཀཱ་རའི་གདུལ་བྱ་གཞན་སྣང་དུ་གཟིགས་ཏེ་རྒྱལ་སྲིད་ཐབས་ཀྱིས་སྤངས་ནས་བསིལ་བ་ཚལ་གྱི་དུར་ཁྲོད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ཅིང་སློབ་དཔོན་ཤནྟ་རཀྵི་ཏ་གྲགས་པའི་དུས་ཆེན་བཟང་པོར་ཚེས་བཅུའི་ཐུན་མཚམས་ཤིག་ལ་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཕོ་བྲང་ཆེན་པོའི་ཡང་རྩེར་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཤར་མར་བྲིས་པ་འདིས་ཀྱང་འགྲོ་བ་སེམས་ཅན་ཐམས་ཅད་གདོད་མའི་མགོན་པོའི་གོ་འཕང་རིན་པོ་ཆེ་ཚེ་འདི་ཉིད་ལ་མྱུར་དུ་རྟོགས་པར་གྱུར་ཅིག སརྦ་མངྒ་ལཾ། དགེའོ། །

འཇམ་མགོན་མི་ཕམ་རིན་པོ་ཆེའི་བླ་སྒྲུབ་བྱིན་རླབས་མཆོག་སྩོལ་བཞུགས་སོ།།

སྐྱབས་སུ་འགྲོ་བ་ནི། ན་མོ། སྐྱབས་ཀྱི་མཆོག་གྱུར་དཀོན་མཆོག་རྣམ་གསུམ་ལ། །བདག་དང་མར་གྱུར་སེམས་ཅན་ཐམས་ཅད་ཀུན། །འདི་ནས་བྱང་ཆུབ་སྙིང་པོ་མ་ཐོབ་པར། །སྒོ་གསུམ་གུས་པའི་སྒོ་ནས་སྐྱབས་སུ་མཆི། །སེམས་བསྐྱེད་ནི། ཧཱུྃ། དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་པར། །རྗེ་བཙུན་བླ་མ་ཁྱེད་ཉིད་སྒྲུབ་ནས་ནི། །མཁའ་ཁྱབ་ཞིང་གི་སེམས་ཅན་ཐམས་ཅད་ཀུན། །རྫོགས་པའི་སངས་རྒྱས་བསྒྲུབ་པར་སེམས་བསྐྱེད་དོ། །ཡན་ལག་བདུན་པ་ནི། བདེ་གཤེགས་རྒྱལ་བ་སྲས་དང་བཅས་པ་ལ། །སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །རབ་འབྱམས་ནམ་མཁའ་གང་བའི་མཆོད་པ་འབུལ། །ཐོག་མེད་དུས་ནས་ད་ལ་ཐུག་གི་བར། །བཅས་དང་རང་བཞིན་འགལ་བའི་ཉེས་པ་བཤགས། །བདག་གཞན་དུས་གསུམ་དགེ་བ་ཅི་བསགས་པ། །དགའ་བ་ཆེན་པོས་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུར་བཞུགས་པའི་རྒྱལ་སྲས་ཚོགས་རྣམས་ཀྱིས། །འགྲོ་བའི་དོན་དུ་ཆོས་འཁོར་བསྐོར་དུ་གསོལ། །རྒྱལ་བ་མྱ་ངན་འདའ་བར་བཞེད་པ་རྣམས། །མྱ་ངན་མི་འདའ་ཡུན་དུ་བཞུགས་སུ་གསོལ། །དུས་གསུམ་བསགས་པའི་དགེ་ཚོགས་ཅི་བསགས་པ། །ཀུན་ཀྱང་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ། རིག་འཛིན་འདུས་པ་བླ་མའི་དཀྱིལ་འཁོར་འདིར། །སྒྲུབ་ལ་བར་དུ་གཅོད་པའི་གདོན་བགེགས་རྣམས། །གཏོར་མ་ལོངས་ལ་གནས་འདིར་མ་འདུག་པར། །རང་རང་སོ་སོའི་གནས་སུ་བདེ་བར་དེངས། །གལ་ཏེ་མི་འགྲོ་འདི་རུ་འདུག་གྱུར་ན། །ཡེ་ཤེས་ཁྲོ་རྒྱལ་འབར་བ་ཐུགས་ཁྲོས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །ཨོཾ་སུཾ་བྷ་ནི་སོགས། མཚམས་བཅད་པ་ནི། ཧཱུྃ། དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་འདིར། །བགེགས་དང་བར་དུ་གཅོད་པ་མ་གྲུབ་ཀྱང་། །འོན་ཀྱང་གློ་བུར་རྣམ་རྟོག་འཁྲུལ་བའི་གདོན། །སྤྲོས་བྲལ་ཆོས་དབྱིངས་ངང་དུ་མཚམས་བཅད་དོ། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། བྱིན་འབེབས་ནི། ཧཱུྃ། སྤྲོས་བྲལ་ཆོས་དབྱིངས་དག་པའི་ཞིང་ཁམས་ནས། །རྩ་བརྒྱུད་བླ་མ་རྒྱལ་བ་སྲས་དང་བཅས། །ཡི་དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་རྣམས། །དཀྱིལ་འཁོར་ལྷ་ཚོགས་མ་ལུས་ཐམས་ཅད་ཀྱིས། །རིག་འཛིན་འདུས་པ་བླ་མའི་དཀྱིལ་འཁོར་འདིར། །བྱིན་ཆེན་བྱིན་ཕོབ་དབང་ཆེན་དབང་སྐུར་ཅིག །སྒྲུབ་རྫས་གཉན་པོ་འདི་ལ་མདངས་ཕྱུང་སྟེ། །བླ་མའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །བཛྲ་ཛྙ་ན་ཨ་ཝེ་ཤ་ཡ་ཨཱཿ ལྷ་བསྐྱེད་ནི། ཧཱུྃ། སྣང་སྲིད་དག་པ་རབ་འབྱམས་བཀོད་པའི་དབུས། །རང་སྣང་ཡེ་ཤེས་ལས་གྲུབ་གཞལ་ཡས་དབུས། །འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་ཡངས་སུ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་གཅིག་བསྡུས་པ། །འཇམ་དཔལ་དབྱངས་དངོས་མི་ཡི་ཟོལ་འཛིན་པ། །ངོ་བོ་མི་ཕམ་དགྱེས་པའི་རྡོ་རྗེ་ལས། །རྣམ་པ་རྗེ་བཙུན་འཇམ་དཔལ་གཞོན་ནུ་ནི། །སྐུ་མདོག་མཚམས་སྤྲིན་གསར་བའི་ལང་ཚོ་ཅན། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་སྐྱིལ་ཀྲུང་ཅན། །ཕྱག་གཡས་རལ་གྲི་གཡོན་པས་པུ་ཏི་བསྣམས། །ཞལ་འཛུམ་མཚན་དཔེའི་ལང་ཚོ་དཔལ་དུ་འབར། །ཞི་བའི་རྒྱན་ཆས་བཅུ་གསུམ་དག་གིས་སྤྲས། །སྣང་སྟོང་སྒྲིབ་གཡོག་བྲལ་བའི་ངོ་བོར་གསལ། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས། །རང་བཞིན་ཆོས་ཀྱི་དབྱིངས་ནས་སྤྱན་འདྲེན་གཤེགས། །སྤྱན་འདྲེན་ནི། ཧཱུྃ་ཧྲཱིཿ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཐམས་ཅད་དང་། །ཁྱད་པར་རྒྱ་ནག་རི་བོ་རྩེ་ལྔ་ནས། །འགྲོ་བའི་མ་རིག་མུན་པ་བསལ་བའི་ཕྱིར། །བརྩེ་བའི་ཐུགས་རྗེས་གནས་འདིར་གཤེགས་སུ་གསོལ། །བཞུགས་སུ་གསོལ་བ་ནི། ཧཱུྃ། ཡེ་ཤེས་དབྱིངས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱང་། །ཇི་ལྟར་མཁའ་ལ་ཆར་སྤྲིན་གཏིབས་པ་བཞིན། །དམ་ཚིག་སེམས་དཔའི་སྐུ་ལ་སིབ་ཀྱིས་ཐིམ། །ཆུ་ལ་ཆུ་བཞག་ལྟ་བུར་དགྱེས་པར་བཞུགས། །ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃ། གང་གི་མཁྱེན་བརྩེ་ནུས་པའི་རང་བཞིན་གྱིས། །འགྲོ་བའི་སྒྲིབ་གཉིས་ཀུན་བཅོམ་བཅོམ་ལྡན་འདས། །གདོད་ནས་དག་པའི་ས་བཅུ་ལ་གནས་པ། །ཡེ་ཤེས་སྒྲོན་མེ་ཁྱེད་ལ་ཕྱག་འཚལ་ལོ། །མཆོད་པ་ནི། ཧཱུྃ། འཇིག་རྟེན་འདི་དང་འཇིག་རྟེན་གཞན་དག་ཏུ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་ཇི་སྙེད་ཀུན། །ནམ་མཁའ་མཛོད་ཀྱི་འཁོར་ལོ་འབུལ་ལགས་ན། །བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྟ་མྷཱ་པཉྩ་བྷ་ལིང་ཏ་རཀྟ་པཱུ་ཙ་ཧོཿ བསྟོད་པ་ནི། གང་གི་མཁྱེན་རབ་འོད་སྟོང་བརྒྱ་བ་ཡིས། །བདག་བློའི་པད་ཚལ་ཀུན་ནས་རབ་རྒྱས་ཏེ། །བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་མཛད་པའི། །འཇམ་དཔལ་དགྱེས་པའི་རྡོ་རྗེར་ཕྱག་འཚལ་བསྟོད། །བཟླས་པ་ནི། འཇམ་པའི་དབྱངས་དངོས་རྗེ་བཙུན་བླ་མ་ལ། །སྙིང་ནས་གདུང་ཤུགས་དྲག་པོའི་གསོལ་བཏབ་པས། །ཐུགས་ལས་འོད་ཟེར་སྣ་ཚོགས་འཕྲོས་པ་ཡིས། །མཁྱེན་བརྩེ་ནུས་པའི་བྱིན་རླབས་མཐའ་དག་ཀུན། །འོད་ཀྱི་རྣམ་པ་གཅིག་ཏུ་རབ་བསྡུས་ནས། །བདག་ལ་ཐིམ་པས་བློ་གྲོས་རྒྱས་པར་གྱུར། །ཨོཾ་བཛྲ་མ་ཧཱ་གུ་རུ་ཨ་ཛི་ཏེ་སཱ་ག་ར་སརྦ་སིདྡྷི་ཧཱུྃཿ དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བརྗོད། ཚོགས་བྱིན་རླབས་ནི། ཚོགས་ཀྱི་དམ་རྫས་བཟའ་བ་རི་ལྟར་སྤུངས། །བཏུང་བ་རྒྱ་མཚོ་ལྟ་བུ་བསྐྱིལ་བ་ལས། །ནམ་མཁའི་སྐར་ལྟར་བཀྲ་བ་བཤམས་པ་འདིར། །འབག་བཙོག་ཉེས་སྐྱོན་ཐམས་ཅད་སྦྱངས་བར་གྱུར། །རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཚོགས་ཞིང་སྤྱན་འདྲེན། འཇལ་དཔལ་དབྱངས་དངོས་སྐྱབས་མཆོག་རྡོ་རྗེ་འཆང་། །འཁོར་དུ་རིག་འཛིན་དཔའ་བོའི་ཚོགས་དང་བཅས། །ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་ནས་ཀྱང་། །མཁྱེན་བརྩེ་ནུས་པའི་དངོས་གྲུབ་སྩལ་དུ་གསོལ། །ཚོགས་མཆོད་ནི། ཞལ་ཟས་ཚོགས་ཀྱི་དམ་རྫས་བླ་ན་མེད། །བཅུད་ལྡན་མི་ཟད་དངོས་གྲུབ་ཀུན་ལྡན་འདི། །འཇམ་མགོན་བླ་མ་མཆོག་ལ་ཕུལ་བ་ཡིས། །དབང་དང་བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །བཤགས་པ་ནི། ཐོག་མ་མེད་ནས་ད་ལྟ་ཡན་ཆད་དུ། །སོ་ཐར་ཕྱི་ཡི་སྡོམ་པ་ཉམས་པ་དང་། །བྱང་སེམས་ནང་གི་བསླབ་བྱ་འགལ་བ་དང་། །གསང་བ་སྔགས་ཀྱི་དམ་ལས་ཅི་འགལ་བ། །ཚོགས་ཀྱི་འཁོར་ལོས་བྱང་ཞིང་དག་པར་མཛོད། །བྲུབ་ཁུང་བསྐྱེད་པ་དང་འགུགས་པ་ནི། འཇམ་དཔལ་ཐུགས་ལས་ཡ་མཱནྟ་ཀའི་སྐུ། །ལས་བྱེད་ཕོ་ཉ་གྲངས་མེད་ཚོགས་དང་བཅས། །འཕྲོས་པས་དགྲ་བགེགས་ལུས་ཀྱི་བྲུབ་ཁུང་དུ། །སྐྱབས་དང་མགོན་བྲལ་ཉམ་ཐག་ཚུལ་དུ་བཀུག །བསྒྲལ་བ་དངོས་ནི། ཧཱུྃ། ལོག་པར་ལྟ་བའི་དགྲ་བགེགས་མཐའ་དག་ཀུན། །རྣོ་ངར་ལྡན་པའི་མཚོན་ཆ་སྣ་ཚོགས་ཀྱིས། །གཟུགས་ཕུང་སྐྱེ་བ་མེད་པའི་དབྱིངས་སུ་བསྒྲལ། །རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར། །སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད། ཞལ་དུ་བསྟབ་པ་ནི། དགྲ་བགེགས་བསྒྲལ་བ་ལས་བྱུང་དམ་རྫས་དང་། །དུག་གསུམ་མཆོད་པ་བླ་ན་མེད་པ་འདི། །དགྱེས་པའི་ཚུལ་གྱིས་མཆོད་པ་འདི་བཞེས་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མ་ཧ་མཱཾ་ས་རཀྟ་ཙིཏྟ་བ་སུ་ཁ་ཁ་ཁཱ་ཧཱི། ཚོགས་ལ་རོལ།ལྷག་མ་ནི། ཧཱུྃ། བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་འདིར། །བཀའ་འཁོར་སྐྱོང་བའི་ལས་བྱེད་ཕོ་ཉའི་ཚོགས། །དམ་རྫས་ལྷག་མའི་གཏོར་མ་འདི་ལོངས་ལ། །བྱང་ཆུབ་སྒྲུབ་པའི་བར་ཆད་བཟློག་ཏུ་གསོལ། །ཨུཥཙྚ་ལིཾ་ཏ་ཁཱ་ཧི། ཆད་ཐོ་ནི། སྔོན་ཚེ་བར་དང་ཐ་མའི་བསྐལ་བ་ལ། །ཀུན་བཟང་པད་འབྱུང་གྲུབ་བརྙེས་ཚོགས་རྣམས་ཀྱིས། །གསང་སྔགས་གཉན་པོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །སྣང་སྲིད་དྲེགས་པ་ཕོ་མོའི་ཚོགས་རྣམས་ཀྱིས། །ཇི་ལྟར་ཞལ་བཞེས་དམ་ལས་མ་གཡེལ་བར། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །བརྟན་མ་ནི། བྷྱོཿ སློབ་དཔོན་ཆེན་མོ་པདྨ་འབྱུང་གནས་ཀྱི། །བཀའ་ཉན་བོད་ཁམས་སྐྱོང་བ་བརྟན་མའི་ཚོགས། །དམ་རྫས་བཤལ་ཆུའི་གཏོར་མ་འདི་བཞེས་ལ། །ཇི་ལྟར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །རྟ་བྲོ་ནི། ཧཱུྃ། འགྲོ་བ་ཡོངས་ཀྱི་རྒྱུད་ལ་རྒོལ་བ་ཡི། །ཡ་མ་བྱ་བའི་དམ་སྲི་སྡིག་ཅན་རྣམས། །གཏོར་གཞོང་རི་རབ་འབར་བའི་འོག་ཏུ་མནན། །བྱང་ཆུབ་མ་ཐོབ་བར་དུ་མི་བཏང་ངོ་། །དབང་བཞི་ལེན་ཅིང་དངོས་གྲུབ་བླངས་པ་ནི། ཧཱུྃ་ཧྲཱིཿ བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས། །རིགས་འདུས་བླ་མའི་སྐུ་ཡི་སྨིན་མཚམས་ནས། །ཨོཾ་ཡིག་དཀར་པོ་འོད་ཟེར་འཕྲོས་པ་ལས། །བདག་ལ་ཐིམ་པས་ལུས་ཀྱི་སྒྲིབ་པ་སྦྱངས། །བུམ་དབང་ཐོབ་ནས་སྐུ་ཡི་བྱིན་རླབས་ཞུགས། །འབྲས་བུ་སྤྲུལ་སྐུའི་གོ་འཕང་ཐོབ་པར་ཤོག །མགྲིན་པར་ཨཱཿལས་འོད་དམར་འཕྲོས་པ་ལས། །བདག་ལ་ཐིམ་པས་ངག་གི་སྒྲིབ་པ་དག །གསང་དབང་ཐོབ་ནས་གསུང་གི་བྱིན་རླབས་ཞུགས། །འབྲས་བུ་ལོངས་སྐུའི་གོ་འཕང་ཐོབ་པར་ཤོག །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། །བདག་ལ་ཐིམ་པས་ཡིད་ཀྱི་སྒྲིབ་པ་དག །ཤེར་དབང་ཐོབ་ནས་ཐུགས་ཀྱི་བྱིན་རླབས་ཞུགས། །འབྲས་བུ་ཆོས་སྐུའི་གོ་འཕང་ཐོབ་པར་ཤོག །ལྟེ་བའི་ཧྲཱིཿལས་འོད་ཟེར་ལྗང་གུ་འཕྲོས། །བདག་ཐིམ་ཤེས་སྒྲིབ་དག་ནས་ཚིག་དབང་ཐོབ། །གཉུག་མའི་ཡེ་ཤེས་རྡོ་རྗེ་མངོན་དུ་གྱུར། །འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པར་ཤོག །གཏང་རག་མཆོད་བསྟོད། ཡིག་བརྒྱ། མ་རྙེད་ཡོངས་སུ་སོགས། འདིར་ནི་རྟེན་དང་སོགས། བསྡུ་རིམ་ནི། སྣོད་བཅུད་འོད་ཞུ་རིམ་བཞིན་བླ་མར་ཐིམ། །དེ་ཡང་མི་དམིགས་འཇའ་ཚོན་ལྟ་བུར་ཡལ། །སྤྲོས་བྲལ་ནམ་མཁའ་ལྟ་བུའི་རང་བཞིན་ལ། །སྐྱེ་མེད་ཆོས་ཀྱི་དབྱིངས་ཀྱི་ཀློང་དུ་ཨཱཿ བསྔོ་བ་ནི། རྣམ་དག་རིག་འཛིན་བླ་མའི་དཀྱིལ་འཁོར་དུ། །རྣམ་པ་བསྐྱེད་རྫོགས་བཟླས་བརྗོད་བགྱིས་པ་ཡི། །རྣམ་ཀུན་དགེ་བའི་རྩ་བ་ཇི་སྙེད་ཀུན། །རྣམ་མཁྱེན་གོ་འཕང་ཐོབ་པའི་རྒྱུ་རུ་བསྔོ། །སྨོན་ལམ་ནི། རང་སྣང་རྣམ་དག་འོག་མིན་ཞིང་ཁམས་སུ། །རང་རིག་འཇམ་དཔལ་དཔའ་བོའི་ཞལ་མཐོང་ནས། །རང་གཞན་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀུན། །རང་བཞིན་གདོད་མའི་དབྱིངས་སུ་སངས་རྒྱ་ཤོག །བཀྲིས་ནི། བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་འབྱུང་གནས་ཡི་དམ་ཞི་དང་ཁྲོ། །བར་ཆད་ཀུན་སེལ་དཔའ་བོ་མཁའ་འགྲོ་དང་། །ཕྲིན་ལས་མཐར་ཕྱིན་དམ་ཅན་ཆོས་སྐྱོང་ཚོགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ལྕང་རའི་བུམ་སྒྲུབ་ཆེན་མོའི་སྐབས། ཉག་རོང་རྒྱབ་ཟི་ཚེ་བརྟན་ནས་བསྐུལ་ངོར་ལྕང་ར་དགོན་ཐུབ་བསྟན་ནོར་བུའི་གླིང་གི་མདུན་ཐང་དུ་བསྟན་ལ་ཕན་པའི་ལྷག་བསམ་དཀར་པོས་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེའོ། །མངྒ་ལཾ། །

བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་བཞུགས་སོ།།

ན་མོ་གུ་རུ། བདག་ལུས་འཛིན་མེད་མདུན་གྱི་ནམ་མཁའི་དབུས། །མི་འཇིགས་སེང་ཁྲི་པདྨ་ཟླ་བའི་སྟེང་། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ནི། །ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་སྤྲུལ་པའི་སྐུ། །ཞལ་གཅིག་ཕྱག་གཉིས་རབ་བྱུང་ཆ་ལུགས་ཅན། །ཞི་འཛུམ་སེམས་ཉིད་ངལ་གསོའི་ཕྱག་རྒྱ་ཅན། །གཡས་སུ་རི་དྭགས་ཀྲི་ཎ་སཱ་རའི་སྟེང་། །གྲུབ་བརྒྱའི་གཙུག་རྒྱན་བཞད་པ་རྡོ་རྗེ་འཆང་། །གཡོན་དུ་གཅན་གཟན་སྟག་གི་པགས་པའི་སྟེང་། །ཧེ་རུ་ཀ་དཔལ་རིག་པའི་རྡོ་རྗེ་རྩལ། །གཉིས་ཀ་རྣལ་འབྱོར་སྤྱོད་པའི་ཆ་ལུགས་ཅན། །དེ་ཡང་སྣང་ལ་རང་བཞིན་མ་གྲུབ་པ། །འཇའ་ཚོན་བཞིན་དུ་མ་འདྲེས་ལྷུན་གྱིས་གྲུབ། །སྐུ་བཞིའི་དབང་ཕྱུག་དཔལ་ལྡན་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་གསོལ་བཏབ་པས། །ཚེ་འདིའི་མི་མཐུན་རྐྱེན་ངན་ཀུན་བྲལ་ནས། །ས་ལམ་ཡོན་ཏན་ཡར་ངོའི་ཟླ་བ་ལྟར། །གོང་ནས་གོང་དུ་འཕེལ་བར་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཕ་ལ་ཧཱུྃ། གསོལ་འདེབས་ཚུལ་དུ་བཟླས། ཐུན་མཐར། བདག་ཉིད་ཆེན་པོ་དཔལ་ལྡན་བླ་མ་ཡི། །སྐུ་ཡི་གནས་གསུམ་ཨོཾ་དཀར་ཨཱཿདམར་དང་། །ཧཱུྃ་མཐིང་ཧྲཱིཿལྗང་ལ་སོགས་རང་མདངས་ཅན། །བདག་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །བུམ་གསང་ཤེས་རབ་ཡེ་ཤེས་བཞི་བའི་དབང་། །རིམ་གྱིས་ཐོབ་ནས་དགའ་བཞིའི་ཡེ་ཤེས་བརྙེས། །སྐུ་བཞིའི་འབྲས་བུ་མྱུར་དུ་ཐོབ་ནས་ཀྱང་། །མཐར་ནི་བླ་མའི་ཐུགས་དང་རང་གི་སེམས། །དབྱེར་མེད་གཅིག་འདྲེས་སྐྱེ་མེད་ཀློང་དུ་ཨཱཿ འདི་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར། །མཐར་ཐུག་པདྨ་འོད་ཀྱི་ཕོ་བྲང་དུ། །རིག་འཛིན་རྒྱ་མཚོའི་ཚོགས་དང་ལྷན་ཅིག་ཏུ། །རྗེ་བཙུན་ཆེན་པོ་པདྨའི་ཞབས་དྲུང་དུ། །སྐད་ཅིག་ཉིད་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་འདི་ལྟ་བུ་ཞིག་དགོས་ཞེས་རྒྱ་རོང་ནམ་སྤྲུལ་རིན་པོ་ཆེ་ནས་ཡང་ཡང་བཀའ་ཕེབ་པའི་ངོར་མི་ལྡོག་ཙམ་དུ་སྤྲུལ་པའི་གཏེར་ཆེན་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་སློབ་འབངས་ཐ་ཤལ་དུ་གཏོགས་པ་རྫོགས་སྤྲུལ་ལྔ་པའི་མིང་འཛིན་གྱི་ཅོད་པན་སྤྱི་བོར་བཏགས་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའམ་མིང་གཞན་པདྨ་ཐེག་མཆོག་བསྟན་འཛིན་གྱིས་མགོན་ཁང་དབང་དྲག་རོལ་བའི་ཞིང་ཁམས་ཆེན་པོ་ནས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །དགེའོ། །དགེའོ། །དགེའོ། །

བླ་མ་རྒྱང་འབོད་འཕོ་བའི་གདམས་པ་བཅས་སྙིང་པོར་དྲིལ་བ་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ།།

བདེ་གཤེགས་རིན་ཆེན་གཙུག་གཏོར་ཅན་ཞེས་པའི། །མཚན་ཙམ་ཐོས་པས་ངན་འགྲོའི་འཇིགས་པ་ཀུན། །སྐྱོབ་མཛད་རྫོགས་པའི་སངས་རྒྱས་དེ་ཉིད་དང་། །དབྱེར་མེད་བླ་མ་ཆོས་ཀྱི་རྡོ་རྗེ་མཁྱེན། །ད་ནི་བཟོད་དཀའ་འཆི་བའི་དུས་ལ་བབ། །འཇིགས་རུང་བར་དོའི་སྣང་བ་འཆར་ལ་ཉེ། །ལས་ངན་དབང་གིས་ངན་འགྲོར་སྐྱེ་ཡང་སྲིད། །དཀོན་མཆོག་ཀུན་འདུས་བླ་མར་སྐྱབས་སུ་འགྲོ། །རང་སེམས་ཧྲཱིཿཡིག་དམར་པོའི་རྣམ་པ་དེ། །བླ་མའི་ཐུགས་ཀར་འཕོ་བའི་འདུན་པ་ཡིས། །བར་དོའི་སྣང་བ་རྨི་ལམ་སད་པ་བཞིན། །དག་པའི་ཞིང་དུ་ཁྲིད་པ་མཛད་དུ་གསོལ། །ལན་གསུམ་སོགས་འདོན། ཨཱཿལན་གསུམ་སོགས་བརྗོད་ཅིང་རིགས་པ་ཧྲཱིཿཡིག་གི་རྣམ་པ་བླ་མའི་ཐུགས་ཀར་འཕོ་བའི་འདུན་པ་གཉིད་ཁ་སོགས་དུས་ཀུན་ཏུ་བྱའོ། །བཀྲ་ཤིས། །དགེའོ། །

མདོ་ཁམས་གངས་ར་ཉེར་ལྔའི་ཡ་གྱལ་ཡོན་ཏན་གནས་ཀྱི་གཙོ་བོ་རུ་དམ་ལུང་གི་གནས་ཡིག་ཕན་ཡོན་བཞུགས་སོ།།

སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བདེ་ཆེན་བསམ་འགྲུབ་ཤེལ་གྱི་ཕུག་པ་རུ། །བདུད་རྩི་སྨན་གྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་གནས། །དབུས་ཕྱོགས་རུ་ཡི་ལུང་པ་ཞེས་བྱ་བར། །རིག་འཛིན་བླ་མའི་ཚོགས་རྣམས་སྤྲིན་ལྟར་གཏིབས། །བསྒྲུབས་ན་བསྐྱེད་རིམ་ལྷག་པར་འཕེལ་བའི་གནས། །རབ་མཛེས་ནེའུ་སེང་པདྨས་བརྒྱན་པ་ཡི། །དབུས་ཀྱི་ལྟེ་བ་པདྨ་དགྱེས་པའི་ཐང་། །རིན་ཆེན་ཁྲི་ལ་དར་ཟབ་གདན་སྟེང་དུ། །རྒྱལ་བ་ཀུན་འདུས་པདྨ་ཐོད་ཕྲེང་དང་། །ལས་ཅན་དག་པའི་འཁོར་ཚོགས་རྒྱ་མཚོའི་ཚོགས། །ནམ་མཁའི་སྐར་ཚོགས་ལྟ་བུར་བཞུགས་པ་ལ། །མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་མས། །གསེར་དངུལ་གཡུ་ཡི་མཎྜལ་ཕུལ་ནས་ཀྱང་། །གནས་འདིར་བྱིན་གྱིས་བརླབ་པར་གསོལ་བཏབ་ཞིང་། །གནས་ཀྱི་ཆེ་བའི་ཡོན་ཏན་གསུང་དུ་གསོལ། །དེ་སྐད་ཞུས་པས་དགྱེས་པའི་ཞལ་བསྟན་ནས། །དབུས་ཕྱོགས་སྲ་འཁྲེགས་རྡོ་ཡི་ལྡིང་ཁང་དུ། །གཤིན་རྗེའི་བསྙེན་པ་ལ་སོགས་རང་བྱུང་ཡོད། །སྒྲུབ་ཚེ་ཡེ་ཤེས་མི་རྟོག་འཕེལ་བ་དང་། །གཡས་ཕྱོགས་བྲག་ལ་པདྨ་ང་སྐུ་བཞུགས། །ལྷ་ཀླུ་མི་ཡི་རིན་ཆེན་སྣ་ཚོགས་ཀྱི། །བཟོ་བོའི་རྒྱལ་པོ་བི་ཤོ་ཀརྨ་ཡིས། །བཞེངས་པའི་སྐུ་ཚབ་མི་ཡི་ལུས་ཚད་ཙམ། །བྱིན་རླབས་སྤྲིན་འཁྲིགས་མཐོང་བ་དོན་ལྡན་ཡོད། །གནས་དུས་རྟེན་འབྲེལ་མངོན་དུ་གྱུར་པའི་ཚེ། །གཏེར་ཆེན་ལས་རབ་གླིང་པས་དྲངས་བར་འགྱུར། །ལྷོ་ཕྱོགས་དབང་ཆེན་རྟ་ཡི་ལུང་བ་རུ། །བདུད་དཔུང་རུ་ཏྲ་བསྒྲལ་བའི་བཀོད་པ་དང་། །ནུབ་ཕྱོགས་མགོན་པོ་ཤྭ་ནའི་ལུང་བ་རུ། །བདུད་མགོན་ཞིང་སྐྱོང་སེང་གེའི་གདོང་ཅན་གནས། །བྱང་ཤར་བདེ་གཤེགས་སྨན་གྱི་རྒྱལ་པོའི་རི། །ཆུ་ཀླུང་བྷྱ་ཁ་ཛེ་ཡི་རང་སྒྲ་སྒྲོག །ཤར་ཕྱོགས་དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་ལྷ། །པདྨའི་སྒྲུབ་མཚོ་སློབ་དཔོན་ཕྱག་རྗེས་ཡོད། །ལྷོ་ནུབ་མཚམས་སུ་རྗེ་བཙུན་སྒྲོལ་མའི་གནས། །ངོ་མཚར་བྱིན་ལྡན་སྐུ་ཡི་རང་བྱོན་ཡོད། །ལྷོ་ནུབ་བྲག་རི་རིན་ཆེན་སྤུངས་པ་ལ། །དབང་ཕྱུག་ཉེར་བརྒྱད་ཞལ་འབག་གཏེར་དུ་སྦས། །ནུབ་བྱང་ནོར་བུ་འབར་བའི་རི་དབྱིབས་ལ། །འདོད་འབྱུང་རིན་ཆེན་སྣ་ཚོགས་གཏེར་གྱིས་གཏམས། །དེ་སོགས་གནས་ཀྱི་ལོ་རྒྱུས་གསུངས་ནས་ཀྱང། །བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །སྣང་སྲིད་ར་སཱ་ཡ་ནར་བྱིན་གྱིས་རླབས། །གཞན་ཡང་མཚོ་དང་གངས་བྲག་ལ་སོགས་པ། །མ་འོངས་དོན་དུ་ཟབ་གཏེར་སྣ་ཚོགས་སྦས། །ཡོན་ཏན་གནས་མཆོག་རུ་དམ་ལུང་པ་ཡི། །ཁྱད་པར་གནོད་སྦྱིན་དབང་པོའི་ཕྱོགས་སྐྱོང་བའི། །སྐྱལ་གྱི་བྲག་དཀར་རིན་ཆེན་སྤུངས་པའི་དབྱིབས། །དོན་ལ་ཟངས་མདོག་དཔལ་གྱི་རི་བོ་སྟེ། །རྣམ་པ་སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས་དང་། །སྤྱན་རས་གཟིགས་དང་རི་བོ་རྩེ་ལྔ་ཡི། །བཀོད་པའི་བྱེ་བྲག་མ་ལུས་ཡོངས་སུ་རྫོགས། །ཁམས་ཀྱི་རི་བོ་རྩེ་ལྔ་ཞེས་བྱ་སྟེ། །གནས་བདག་ཆེན་པོ་ལྕམ་དྲལ་རྣམ་པ་གཉིས། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཉིད། །ལོ་གསུམ་བར་དུ་རྡོ་རྗེ་སྙིང་པོ་ཡི། །སྒྲུབ་པ་མཛད་ཅིང་སྨིན་གྲོལ་ལམ་ལ་བཀོད། །བར་དུ་ཨོ་རྒྱན་རྒྱལ་ཚབ་བསམ་གཏན་གླིང་། །རྡོ་བྲག་སྐལ་བཟང་པདྨ་དབང་ཕྱུག་དང་། །ཐ་མ་བསྟན་འཛིན་ཉི་མ་གྲགས་པ་སོགས། །གྲུབ་བརྙེས་རིག་འཛིན་རིམ་པར་བྱོན་རྣམས་ཀྱིས། །ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས། །མ་འོངས་གཏེར་སྟོན་རྡོ་རྗེ་རྒྱལ་མཚན་གྱིས། །ཟབ་གཏེར་འབྱིན་ཅིང་སྨིན་གྲོལ་ལམ་ལ་བཀོད། །གཞན་ཡང་སློབ་དཔོན་པདྨ་འབྱུང་གནས་དང་། །རྒྱ་བོད་རིག་འཛིན་བཀའ་བབས་མི་དགུ་བཅས། །སྐལ་སྡན་སྙིང་གི་བུ་དགུ་ལ་སོགས་པ། །སྐུ་དང་གསུང་དང་ཐུགས་ཀྱི་རྟགས་ཀྱིས་སྤྲས། །ཁྱད་པར་ཀུན་འདུས་ཨོ་རྒྱན་ཆེན་པོ་ཡིས། །ཞབས་རྗེས་མཐོང་བ་རང་གྲོལ་ལ་སོགས་པ། །ངོ་མཚར་རང་བྱུང་རྟགས་ཀྱི་རི་མོ་བཀྲ། །ཁྱད་པར་འཆི་མེད་ཚེ་ཡི་གནས་མཆོག་ཏུ། །གྲུབ་པའི་སྤྱི་མེས་པཎ་ཆེན་བཱི་མ་ལས། །བདུད་རྩི་སྨན་དང་ཚེ་ལྷ་རབ་འབྱམས་ཀྱི། །གསང་བའི་དཀྱིལ་འཁོར་གཉན་པོ་ཞལ་ཕྱེས་ཚེ། །ཚེ་ཡི་བུམ་པ་འཆི་མེད་ཚེ་ཡི་མདའ། །ཚེ་ཡི་སྙིང་པོ་རང་བྱུང་ཚེ་ཆུ་སོགས། །དུས་བཟང་ཚེས་བཟང་རྔ་དུང་རོལ་མོའི་སྒྲ། །སྤོས་དང་དྲི་བཟང་འཇའ་འོད་གུར་ཁང་འཁྱིལ། །གཞན་ཡང་མེ་ཏོག་ཆར་བ་སིལ་མ་བབ། །འདུ་བ་ཆེན་པོ་ཡོས་སྤྲེལ་ཁྱི་ཡི་ལོ། །འོན་ཀྱང་ལོ་འདིར་གནས་དུས་རྟེན་འབྲེལ་འཛོམས། །གཏེར་ཆེན་རྣམ་གཉིས་ཆོས་ཀྱི་བདག་པོ་སོགས། །མཁས་གྲུབ་སྐྱེས་བུ་འདུ་བའི་ཚོགས་རྣམས་ཀྱིས། །འབད་པ་དྲག་པོས་རྩེ་གཅིག་གསོལ་བཏབ་ཚེ། །དཔག་བསམ་ཤིང་དང་བུམ་པ་བཟང་པོ་ལས། །ཅི་ལྟར་རེ་བ་སྐོང་བ་དེ་བཞིན་དུ། །ཧོར་ཟླ་བདུན་པའི་ཡར་ཚེས་བཅོ་ལྔ་ལ། །ཁྱད་པར་འདུ་བའི་གནས་ནི་རྡོ་རྗེ་གདན། །དུར་ཁྲོད་བརྒྱད་དང་གནས་ཡུལ་ཉེར་བཞི་དང་། །སོ་གཉིས་གནས་དང་བལ་ཡུལ་སེང་གེ་རྫོང་། །པདྨ་བཀོད་དང་ཙཱ་རི་ཙཱ་གོང་གནས། །རྒྱ་ནག་གླང་ཆེན་རི་བོ་བྱ་རྐང་ཅན། །སྤ་གྲོ་སྟག་ཚང་འཆིམས་ཕུ་ཤེལ་བྲག་གནས། །རི་བོ་རྩེ་ལྔ་ཡེར་བ་ལ་སོགས་པ། །གཞན་ཡང་འཕགས་བོད་གནས་ཆེན་གནས་ཕྲན་དང་། །ཁ་བ་དཀར་དང་ནོར་བུ་ཡང་རྩེ་དང་། །ཁ་བ་ལུང་རི་ཀ༔ཐོག་ཀ་འབུར་གནས། །ཤིང་སྒོ་གངས་ར་མཚོ་དང་གངས་གནས་དང་། །ཁྲོ་རི་ཟིལ་ཁྲོམ་འབྲོང་དིལ་ལ་སོགས་པ། །དཀྱིལ་འཁོར་ལྷ་ཚོགས་དཔའ་བོ་མཁའ་འགྲོའི་ཚོགས། །སྙིགས་དུས་འགྲོ་བའི་དོན་དུ་རྗེས་དགོངས་ནས། །ཉི་ཟེར་རྡུལ་དང་ནམ་མཁའི་སྐར་ལྟར་བྱོན། །གནས་པའི་ཚད་ནི་དགུ་བའི་བཅོ་ལྔའི་བར། །རྩེ་སྐོར་དཔྱལ་བྲག་རིན་ཆེན་སྤུངས་འདྲ་ལ། །གནས་ཀྱི་གཙོ་བོ་ཉིད་ནས་སྤང་བྲག་མཚམས། །བར་སྐོར་དཔྱལ་བྲག་གནས་ཀྱི་གཙོ་བོ་དང་། །རི་བོ་བྱ་རྐང་ཅན་དང་གླང་ཆེན་རི། །གཞན་ཡང་རི་བོ་རྩེ་ལྔ་དྲལ་པོ་གཉིས། །ནང་དུ་བཙུད་དེ་དཔྱལ་མོའི་མདུན་ལུང་མདོ། །དེ་ནས་རིམ་བཞིན་ལ་གཉིས་ལ་བརྒལ་ཏེ། །ལྷ་ཤུལ་ཡར་ཁུག་དགོང་གི་བྲག་སྒོམ་ནས། །རིམ་བརྒྱུད་ཐུགས་ཀྱི་ས་བོན་རང་བྱོན་བཅས། །ནང་དུ་ཚུད་ནས་དཔྱལ་མོའི་གཏེར་གཞོང་ཞོལ། །གསུང་མཆོག་ཡི་གེ་བདུན་མ་རང་བྱུང་བཅས། །དྲལ་པོའི་གནས་ཀྱི་འདབ་ནས་རིམ་བཞིན་བསྐོར། །མཐའ་བསྐོར་ནང་གི་རི་བོ་རྩེ་ལྔ་དང་། །རྒྱ་ནག་གླང་ཆེན་རི་བོ་བྱ་རྐང་ཅན། །ཕྱི་ཡི་རི་བོ་རྩེ་ལྔ་རི་ཕྲན་བཅས། །ཇ་དར་ཅན་དང་ཁུག་ཆུང་སུམ་མདོའི་རི། །གདོང་ཁྲམ་བཀྲ་ཡི་རི་ཆེན་རྣམ་པ་བཞི། །མཆོད་རྟེན་གནས་དང་གུར་ལི་དཀར་ལུང་གནས། །པདྨ་རི་དང་སེང་གེ་གནམ་རྫོང་བྲག །ཨོ་རྒྱན་རྫོང་དང་མདོ་སྨད་ཁྱུང་ཆེན་བྲག །བདེ་གཤེགས་སྨན་པའི་རྒྱལ་པོའི་རི་བོ་དང་། །གཞན་ཡང་ཞབས་ཆེན་ཞབས་ཆུང་ལ་སོགས་པ། །ནང་དུ་བཞག་སྟེ་མཐའ་བསྐོར་བྱ་བའི་ལམ། །གདུང་ལུང་འདབ་དང་ཟང་རོག་སུམ་མདོ་ནས། །སྒོམ་ལུང་བརྒྱུད་དེ་སྒང་ཕྲན་སྲིབ་ཆེན་འདབ། །རྒྱ་འོབ་སུམ་མདོ་ནས་བཟུང་དམར་འགུའི་ལ། །བརྒལ་ཏེ་ཧག་ལུང་ནས་ཐོན་རིམ་པ་བཞིན། །འབོས་ཆེན་གཡས་ལག་ནས་བཟུང་ཟེ་ཆེན་གྱི། །རྔམ་ཆེན་ལུང་བ་བཟང་ལུང་ལ་བརྒལ་ཏེ། །ལྷ་ཆེན་དབང་ཕྱུག་བྲག་གི་གཡས་ཞོལ་ནས། །འགམ་ཆེམ་ལུང་བ་ནམ་མཁའ་ཟེ་མདའི་བར། །བཀྲ་ལུང་ནས་བཟུང་རྒྱ་བཞིའི་སྒོང་མ་དང་། །བཀྲ་ཁོག་ལམ་བརྒྱུད་ཕུག་ལུང་ལ་བརྒལ་ཏེ། །འབྲང་ངེར་ནས་ཐོན་ཞབས་ཆུང་གཡས་ཟུར་ནས། །དགོན་གྱི་མདུན་རིའི་ལམ་བརྒྱུད་དུར་ཁྲོད་ཉག །ཕྱིན་ཏེ་དམ་སྒང་བར་དུ་མཐའ་སྐོར་ལམ། །རྩེ་སྐོར་སིདྡྷི་དུང་ཆེན་བཅུ་གསུམ་དང་། །བར་སྐོར་སིདྡྷི་དུང་ཆེན་སུམ་ཅུ་དང་། །མཐའ་སྐོར་སིདྡྷི་དུང་ཆེན་བཅུ་ཕྲག་ལྔ། །རྒྱུན་དུ་རྩེ་སྐོར་སིདྡྷི་དུང་གཅིག་དང་། །བར་སྐོར་དུང་གཉིས་མཐའ་སྐོར་དུང་ཕྱུར་བདུན། །དད་དང་དག་སྣང་དམ་ཚིག་གཙང་གྱུར་ན། །གནས་སྐབས་འཇིགས་པ་བརྒྱད་སོགས་ཞི་བ་དང་། །ཚེ་རབས་ལས་ཀྱི་ནད་ལས་གྲོལ་བར་འགྱུར། །མཐར་ཐུག་འདུས་པའི་མཆེད་ལྕམ་ཕོ་མོ་རྣམས། །རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར། །པདྨ་འོད་ཀྱི་གཞལ་ཡས་ཉམས་དགའ་བར། །རིག་འཛིན་སློབ་དཔོན་པདྨ་འབྱུང་གནས་འདུན། །ནམ་ཞིག་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག །ཞལ་མཐོང་གསུང་ཐོས་དབྱུགས་དབྱུང་གཟེངས་བསྟོད་དེ། །འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་འགྱུར། །དེ་ལྟར་གནས་ཡིག་མདོ་ཙམ་བྲིས་པ་འདི། །གསང་བདག་སྤྲུལ་པ་ཧཱུྃ་རལ་རྡོ་རྗེ་ཡིས། །ཟབ་མོའི་བཀའ་ལུང་སྤྱི་བོར་ཕེབས་པ་དང་། །གཞན་ཡང་དོན་གཉེར་ལྡན་པ་འགའ་ཞིག་གིས། །བསྐུལ་ངོར་རྫོགས་སྤྲུལ་ལྔ་པའི་མིང་འཛིན་པ། །ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་འབོད་པ་དེས། །སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་དང་། །ཨོ་རྒྱན་ཆེ་མཆོག་དཔལ་གྱི་རྡོ་རྗེ་སོགས། །སྔོན་བྱོན་གོང་མའི་རྡོ་རྗེའི་ལུང་བཞིན་ལས། །རང་བཟོས་བློ་ཡིས་བཅོས་བསླད་མ་བྱས་པར། །ཤིང་གླང་ཧོར་ཟླའི་མར་ངོའི་བཅོ་ལྔའི་ཉིན། །མ་དང་མཁའ་འགྲོ་འདུ་བའི་གནས་མཆོག་ནས། །བྲིས་པ་ནོངས་གང་རྩ་གསུམ་ཚོགས་ལ་བཤགས། །སརྦ་མངྒ་ལཾ།

དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་ངོས་འཛིན་ལུང་བྱང་།།

གནས་མཆོག་སྤོ་བོ་སྟོད་ཀྱི་ཕྱོགས་ཤིག་ན། །རིན་ཆེན་བྲག་རི་ལྷུན་སྟུག་མཛེས་པའི་རྩར། །ལྗོན་ཤིང་སྣ་ཚོགས་མཚོ་དང་གདེངས་ཀས་བརྒྱན། །བསིལ་ལྡན་ཆུ་བོ་ཆེན་པོ་ལྷོ་ནས་འདྲེན། །ཐབས་ཤེས་བསོད་ནམས་སྐྱིད་ཀྱི་མིང་ཅན་ལ། །རིགས་ལྡན་ཁྱེའུ་ཆུ་སྤྲེལ་ལོ་བ་འབྱུང་། །བསྟན་འགྲོར་སྨན་པའི་དགེ་མཚན་བཟང་པོ་ཤར། །རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་སོ། །

རྡོ་གྲུབ་མཆོག་སྤྲུལ་ངོས་འཛིན་བརྡ་ལུང་།།

རིགས་ཀུན་ཁྱབ་བདག་རྡོ་རྗེ་སློབ་དཔོན་གྱི། །སྤྲུལ་གཞི་རྔ་ཡབ་དཔལ་གྱི་རི་བོ་དང་། །དབུས་འགྱུར་ལོངས་སྐུའི་ཞིང་ཁམས་ཆེན་པོ་རུ། །སྐུ་གསུང་ཐུགས་དང་ཡོན་ཏན་སྤྲུལ་པ་བཞི། །ཁྱད་པར་ཕྲིན་ལས་སྤྲུལ་བའི་ཟློས་གར་ནི། །དགོན་གནས་དེ་ཡི་གཤིན་རྗེར་ཕྱོགས་པའི་སར། །རིན་ཆེན་ལྗོན་ཤིང་བྲག་རི་འཛོམས་པའི་གནས། །ཐབས་ཤེས་ཀ་དང་ད་ཡི་མིང་ཅན་ལས། །རིགས་ལྡན་ཁྱེའུ་མེ་ཡོས་ལོ་པ་ཡིས། །བསྟན་དང་འགྲོ་ལ་སྨན་པའི་བལྟས་བཟང་འབྱུང་། །དེ་ལྟར་དད་ལྡན་གཞན་གྱིས་བསྐུལ་བའི་ངོར། །རྫོགས་སྤྲུལ་ལྔ་པ་དྷརྨ་བཛྲ་གྱིས། །རང་སེམས་འཁྲུལ་བའི་བློ་ལ་གང་དྲན་བྲིས། །དགེ་ལེགས་སྣང་བས་ས་སྟེང་ཁྱབ་གྱུར་ཅིག །

།ཚེ་རབས་རྗེས་འཛིན་སྨོན་ལམ་བསྡུས་པ་བཞུགས།།

དེང་ནས་ཚེ་རབས་ཐམས་ཅད་དུ། །བླ་མ་མཆོག་དང་མི་འབྲལ་ཞིང་། །དབང་བཞིའི་ཆུ་བོས་རྒྱུད་སྨིན་ཅིང་། །སྡོམ་དང་དམ་ཚིག་རྣམ་པར་དག །རིམ་གཉིས་ལམ་ལ་རབ་བསྟེན་ནས། །མཐར་ཐུག་རྔ་ཡབ་དཔལ་རིའི་རྩེར། ། ཨོ་རྒྱན་སློབ་དཔོན་པདྨའི་དྲུང་། །རིག་འཛིན་མཁའ་འགྲོའི་ཚོགས་ཁང་དུ། །ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག །འདི་ཡང་རྫོགས་སྤྲུལ་ལྔ་པས་སོ། །

ལུང་ཨ་ནུ་ཡོ་ག་མདོ་ཚོགས་ཆེན་འདུས་པ་དང་འབྲེལ་བའི་སྨན་སྒྲུབ་ཀྱི་ངག་འདོན་སྙིང་པོ་ཉུང་ངུར་བསྡུས་པ་བསམ་འཕེལ་ནོར་བུའི་བང་མཛོད་ཅེས་བྱ་བ་བཞུགས་སོ།།

བླ་མ་དང་དཔལ་ཆེན་པོ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །ལུང་ཨ་ནུ་ཡོ་ག་མདོ་ཚོགས་ཆེན་འདུས་པ་དང་འབྲེལ་བའི་སྨན་སྒྲུབ་ཇི་ལྟར་བྱེད་ཚུལ་ལ་སྨན་ཁྲོལ་བུར་བསྡུས་པའི་ཐོ། སྨན་ཁྲོལ་སྒྲུབ། རྟགས་གདབ་དང་། བརྟགས་བཙགས་སྦལ་གསུམ། སྨན་ཕྱེ་སྒྲུབ། དངོས་གྲུབ་ལེན་ཆོག་དང་ས་བཅད་དྲུག་ལས། དང་པོ། སྨན་ཁྲོལ་བུ་བསྡུས་པའི་ཐོ་ལ། སྨན་གྱི་གཞི་ཨ་རུ་གསེར་མདོག་རུས་གསུམ་དང་བྲལ་བ་ཉག་བཅུ། བ་རུ་ར་ཉག་བཞི། སྐྱུ་རུ་ར་ཉག་བཅུ། ཙནྡན་དཀར་དམར་ཨ་རུ་ར་རིགས་གསུམ་སོགས་སྡོམ་པ་ཉག་བརྒྱད། ལི་ག་དུར་ཉག་བདུན་ནམ་བཅུ་གཅིག མངར་གསུམ་ཉག་བཅུ་གསུམ། ཁ་ཆེ་སྲང་ཕྱེད་གསུམ།༢༥༠ བལ་གུར་སྲང་།༥༠༠ ཛ་ཏི་སྲང་།༠༡༥ ལི་ཁྲི་སྲང་།༢༠༠ གི་ཝཾ།༠༦༠ ཅུ་གང་།༢༠༠ ན་གི༢༠༠ ཀ་ཀོ་ལ།༡༥༠ སུག་སྨེལ།༢༠༠ ལི་ཁྲི།༠༦༠ གསེར་དངུལ་ཟངས་ལྕགས་བཅས།༠༣༠ གླ་རྩི།༠༡༠ གཞན་ཡང་དུག་རིགས་མིན་པའི་སྨན་སྣ་ཚོགས་བསྡོམས་པའི་ཉག་ཉི་ཤུ་ཐམ་པ་བྱས་པ། ཕྱིན་ཆད་ཆག་ཕྲི་མེད་པར་དགོས། གཞན་ཡང་སྨན་བསྡུ་ཚུལ་དང་། སྨན་སྒྱེ་ཁ་དོག་ལྔར་བླུག་ཚུལ་འདི་ལྟར། སྒྱེ་དཀར་པོར། བྱང་སེམས་དཀར་པོ། མི་ཤ ཀླད་པ། རྒྱུངས་པ། སྲོག་ཆགས་དཀར་པོ་རྣམས་ཀྱི་ཤ་ཁྲག་སྙིང་སྣ། སྡེར་ཆགས་ཀྱི་ཤ་སྟེ་བྱང་སེམས་དཀར་པོ་ནས། སྡེར་ཆགས་ཤའི་བར་དངོས་རྙེད་ན་རབ། ཡང་ན་སྔོན་སེལ་མེད་ཀྱི་ཕབ་རྒྱུན་བཟང་པོ་བཏང་། ཆོས་སྨན་ག་བུར་རིང་བསྲེལ། ཅུ་གང་། ཐལ་དཀར་རྡོ་རྗེ། ཙནྡན་དཀར་པོ་སོགས་སྨན་ཁ་དོག་དཀར་པོའི་རིགས། དུང་མུ་ཏིག་སོགས་རིན་པོ་ཆེ་དཀར་པོའི་རིགས། འབྲས་ནས་དཀར་པོ་སོགས་འབྲུ་དང་མེ་ཏོག་དཀར་པོའི་རིགས། སྤོས་དཀར། ཤེལ་དཀར། དཀར་གསུམ་སོགས་དཀར་པོའི་རིགས་ཐམས་ཅད། ཨ་རུ་ར་སོགས་སྐ་བའི་རིགས། བུ་རམ་སྦྲང་རྩི། རྒུན་འབྲུམ་སོགས་མངར་རིགས་ཐམས་ཅད། སྨན་ཁ་དོག་དཀར་ཤས་ཅན་དང་རྩ་བའི་རིགས་རྣམས་འབྲས་བུ་སོགས་སྨན་རྣམས་བསགས། སྒྱེ་སེར་པོར་དྲི་ཆེན། བ་ལང་གི་ཤ སྲོག་ཆགས་དམར་སེར་གྱི་ཤ་ཁྲག་སྙིང་སྣ། རྨིག་པ་ཁ་སྦྲག་ཅན་གྱི་ཤ་སྡེ་དྲི་ཆེན་ནས་འདིའི་བར་དངོས་སམ་ཡང་ན་སེལ་མེད་ཀྱི་རྒྱུན། ཛཱ་ཏི། ཨ་རུ་ར། ཨ་ཀ་རུ། ཨར་ནག་གཉིས། དུ་རུ་ཥ། ཤིང་མངར་སོགས་ཁ་དོག་དམར་སེར་གྱི་སྨན་རྣམས། གསེར་དང་སྦུར་ལེན་སོགས་རིན་ཆེན་སེར་པོའི་རིགས། གྲོ་དང་འབྲུ་སོགས་མེ་ཏོག་དམར་སེར་རིགས། ཤིང་ཏོག་སེར་པོའི་རིགས། སྤང་སྤོས་སོགས་དམར་སེར་རིགས་སུ་གྱུར་པ་ཐམས་ཅད། འཛིན་པ་ཏིག་ཏ་སོགས་རོ་ཁ་བའི་སྨན་ཐམས་ཅད་བསགས། སྒྱེ་སྔོན་པོར། ཤ་སྣ་ཚོགས་ཁྱིའི་ཤ་སྐང་དམར་ཚིལ་དང་། ཀླད་དཔྱད་ས་སྣ་ཚོགས། སྲོག་ཆགས་སྔོན་པོའི་རིགས་ཀྱི་ཤ་སྣ་སྙིང་སྣ་སོགས། ཤ་སྣ་འདི་བར་དངོས་སམ། ཡང་ན་སེལ་མེད་ཀྱི་ཕབ་རྒྱུན། སྙིང་ཞོ་ཤམཁལ་མ་ཞོ་ཤ གླ་གོར་ཞོ་ཤཅི་རྟ། ཀ་ཀོ་ལ་སོགས་ཁ་དོག་སྔོ་བའི་སྨན་རིགས། ཨིནྡྲ་ནི་ལ། མུ་མེན་སོགས་རིན་ཆེན་སྔོན་པོའི་རིགས། འབྲུ་དང་མེ་ཏོག་ཤིང་ཏོག་སོགས་སྔོན་པོའི་རིགས། སེ་འབྲུ། སྟར་བུ། སེ་ཕང་། སྐྱུ་རུ་ར་སོགས་སྨན་སྐྱུར་བའི་རིགས་ཐམས་ཅད་བསག་གོ །སྒྱེ་དམར་བོར། པདྨའི་རཀྟ། ཁྲག་སྣའི་རིགས། རྟ་དང་། རྨ་བྱའི་ཤ སྲོག་ཆགས་དམར་པོའི་རིགས་ཀྱི་ཤ་ཁྲག་སྙིང་སྣ་སྟེ་པད་རཀ་ནས་འདི་བར་སོགས། ཙནྡན་སྨུག་པོ། ལི་ཤིསྐྱུ་རུ་ར། རྒུན་འབྲུམ། སྟར་བུ། སིནྡྷུ་ར། གནྡྷ་བྷ་དྲ། རྩ་འབྲས་སོགས་ཁ་དོག་དམར་པོའི་སྨན་གྱི་རིགས། སྒ་སྐྱ་ན་ལེ་ཤམ། པི་པི་ལིང་སོགས་རོ་ཚ་བའི་སྨན་རིགས། བྱུ་རུ། པདྨ་ར་ག་སོགས་རིན་ཆེན་དམར་པོའི་རིགས། འབྲུ་དང་མེ་ཏོག་དམར་པོ། ཤིང་ཏོག་དམར་པོ་སོགས་དམར་པོའི་རིགས་ཐམས་ཅད་བསགས། སྒྱེ་ལྗང་གུར། དྲི་ཆུ་སྣ་ཚོགས། གླང་པོ་ཆེའི་ཤ གདོང་ཅན་གྱི་ཤ་རིགས། ཤང་ཤང་ངམ་ཕ་ཝཾ་ཤ་སྟེ་དྲི་ཆུ་ནས་འདི་བར་དངོས་སམ་སོགས་འོ་མ། ཅང་ཞི། བྲག་ཞུན། གུར་གུམ། ལྕི་ལྕི་སོགས་དཀར་པོའི་དཔྱད་གུ་གུལ་དཀར་པོ། ཁ་དོག་ལྗང་བའི་རིགས། གཡུ་དང་མར་གད་སོགས་རིན་པོ་ཆེ་ལྗང་བའི་རིགས། འབྲུ་དང་མེ་ཏོག་ཤིང་ཏོག་སོགས་ལྗང་བའི་རིགས་ཐམས་ཅད་བསོག་གོ ། གཞན་ཡང་ཀནྜ་རི་ཀ སླེ་ཏྲི། དབང་ལག རྒྱ་མཚོའི་ལྦུ་བ། ལི་ག་དུར་སོགས་སྨན་དྲི་བཟང་པོ་ཇི་སྙེད་དང་། དོང་གར་མཉེ། ཉེ་ཤིང་། ལྕ་བ། དཀར་གསུམ། སེ་འབྲུ། རྒྱ་ཤུག ད་ཏྲིག་སོགས། ཞོ་དར། རྒྱ་ཚྭ། རྒྱམ་ཚྭ། ལྕེ་མྱོང་ཚྭ། རྭ་ཚྭ། ཁ་རུ་ཚྭ། ཙབ་རུ་ཚྭ། ཟེ་ཚྭ། རྦལ་ཚྭ། མཛེ་ཚྭ། ཐལ་ཚྭ། ཤིང་ཚྭ། ཡ་བཀྵ་ར། བུལ་ཏོག བོང་ང་དཀར་པོ། ཧོང་ལེན། གསེར་མེ། དུག་མོ་ཉུང་། མཁྲིས་པ། སྐྱེར་པ། བ་ཤ་ཟ། བྲག་ཞུན། ཀྱི་ལྕེ། རེ་བཅའ་ལྒ། སྒེ་གཤེར། ཤིང་ཀུན། སྲུབས་ཀ ལྕེ་ཚྭ། རྭ་བ། ཙོང་། སྒོག་སྐྱ། ཨུཏྤལ། ག་དུར། སྨག་མོན། ཆ་ར། འོལ་བུམ། ཆུ་མ་རྩི། གཞན་ཡང་སྣང་ཞིང་སྲིད་པའི་སྨན་དང་། བཅུད་སོགས་བཟང་ཞན་མེད་པར་ཐམས་ཅད་བདུད་རྩི་སྨན་གྱི་རྫས་སུ་སྦྱར་རུང་ངོ་། །ཞེས་གསུངས་པ་ལྟར་དགོས་འཚལ་ལོ། །དེ་ལས་ཀྱང་སྤྱང་ཀིའི་རིགས་རྣམས་མང་ཆེས་པ་མི་ལེགས་པར་གསུངས་པ་ནི ། སྤྱང་ཀིའི་རིགས་ནི ། སྒོག་པ། ཤིང་ཀུན། ཤུ་དག་ནག་པོ། བྱི་རུག་པ །རྩ་གླ་བ། རྩ་ཁུ་བྱུག ཟེར་བོང་གི་ཤ སོག་ཏོ་རོག་པོའི་ཤ མཛོ་དྲེལ་གྱི་ཤ མེ་ཏོག་སྤྲུ་མ། མེ་ཏོག རི་ཤྭ སྲན་མའི་མེ་ཏོག གཞན་ཡང་དུག་རིགས་སྣ་ཚོགས། གཞོབ་ཀྱི་རིགས། ཐལ་ཚྭ། བ་ཚྭ། བོང་ང་ནག་པོ། དཀར་པོ། ཧོང་ལེན། སྤང་རྒྱན་སྔོན་པོའི་མེ་ཏོག་རྣམས་ཆེན་པོ་མི་བཏང་ཞིང་། སྤང་སྤོས་གླ་རྩི་ཡང་མ་མང་ན་དགའ་ཞིང་། བཟང་སྨན་ཁ་ཆེ་སོགས་ཅི་མང་གིས་བཟང་ངོ་། །ཁ་དོག་སེར་པོ་བསྒྱུར་ཚེ་ཡུངས་བ་ཞིབ་བཏགས་དང་དམ་རྩི་ཆེ་ཆུང་ཚོད་དང་བསྟུན་པས་དབང་ལག་གི་ཕྱེ་མ་ཡང་འདེབས་ཚོད་དགོས་ཤིང་། ཕབ་རྩི་ཞིམ་པོ་ཆང་ལྟར་འདེབས་རྒྱུ་དགོས་པ་གལ་ཆེ། ། ༈ གཉིས་པ་སྨན་ཁྲོལ་བུར་སྒྲུབ་པ་ལ། རིགས་བརྒྱའི་སྦྱང་བ་དང་། རིགས་ལྔའི་སྦྱང་བ་དང་། རིགས་གཅིག་གི་སྦྱང་བ་དང་གསུམ་ལས། ཐོག་མར་དམ་པ་རིགས་བརྒྱའི་སྦྱང་བ་ནི ། དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབ་ཅན། ཁྱམས་གྲུ་ཆད་གློ་འབུར་དང་བཅས་པའི་ནང་དུ་པདྨ་དམར་པོ་འདབས་བཞིའི་ལྟེ་བར། ཟླ་གམ་ལོག་མདུན་བསྟན་དང་། འདབས་བཞིར་ལོག་ནང་བསྟན། ཕྱིའི་འཁོར་ཡུག་པད་རྡོར་མེའི་རྭ་བས་བསྐོར་བ་བྲིས་ལ། དེའི་སྟེང་དུ་སྨན་སྣོད་ནི ། དབུས་སུ་ཐོད་པ་སྲུབ་མེད་ཚངས་སྐུད་ཅན། ཤར་དུ་དཀར་ཟླུམ་སུམ་འགྲེང་མཛོད་སྤུ་ཅན། ལྷོར་དུམ་གསུམ་ཤིང་ལོ་རྒྱས་པ། ནུབ་ཏུ་དུམ་གཉིས་སྨིན་མཚམས་གཉིས་ན་འབུར་ཡོད་པ། བྱང་དུ་དུམ་བཞི་སྲུབས་རྒྱ་གྲམ་ཅན། དེ་དག་གི་སྨན་ནི ། དབུས་སུ་དྲི་ཆེན། ཁྱི་ཤ དབང་པོ་ལྔ་ལས་སྙིང་། ཨ་རུ་ར། ཀ་ཀོ་ལ་སོགས་བཞག ཤར་དུ་བྱང་སེམས། བ་ལང་གི་ཤ མིག ག་བུར། དུ་རུ་ཀ་སོགས། ལྷོར་ཤའི་དྭངས་མ་གསུམ། རྟ་ཤ རྣ་བ། གུར་གུམ། ཛཱ་ཏི་སོགས། ནུབ་དུ། པད་རཀ ། བྱ་སྣ་ཚོགས་ཀྱི་ཤ ལྕེ། པདྨ། ཙནྡན་སོགས། བྱང་དུ། དྲི་ཆུ། རི་དྭགས་སྣ་ཚོགས་ཀྱི་ཤ སྣ། ལི་ག་དུར། གུ་གུལ་ལ་སོགས་ཏེ། སྨན་གཞན་རྣམས་རིགས་ལྔའི་ཕྱག་རྒྱའི་དབྱིབས་དང་ཁ་དོག་རོ་ནུས་སོགས། སོ་སོའི་ལས་ཀྱི་ཕྱེ་ནས་སྣོད་ལྔར་བཀོད་ཅིང་། མཚམས་བཞིར་ཡང་ཐོད་པའམ་སྣོད་ཇི་ལྟར་རིག་པ་ཤར་ལྷོ་ནས་རིམ་བཞིན། འོ་མ་དང་། རིན་པོ་ཆེ་དང་། ཆང་དང་། ཆུ་རྣམས་བཞག དེ་རྣམས་ཀྱི་སྟེང་ནས་དར་གྱིས་གཡོགས་ཤིང་ཚོན་སྐུད་ཀྱིས་རྒྱ་གྲམ་དུ་བཏབ་པའི་སྣེ་ནས་གཟུངས་ཐག་འདྲེན་སོགས་སྤྱི་ལྟར་བྱའོ། །དེ་ནས་བདག་དང་མདུན་གྱི་སྨན་དཀྱིལ་དབྱེར་མེད་དུ་བསྒོམ་པ་ནི ། རྡོ་རྗེ་སློབ་དཔོན་སོགས། རྃ་ཡྃ་ཁྃ། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་། །བྷྲུཾ་ལས་རིན་ཆེན་སྣོད་ནང་དུ། །ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས། །སོ་སོའི་ལྷ་མོའི་རོལ་བ་བཅས། །རབ་འབྱམས་ནམ་མཁའ་གང་བར་གྱུར། །བཛྲ་ཨརྒྷཾ་སོགས་ནས་ཤབྟ་པྲ་ཏཱིཙྪ་ཨཱཿ་ཧཱུྃ། ཧཱུྃ། ཨོ་རྒྱན་ཡུལ་གྱི་སོགས། གདོད་ནས་རྣམ་དག་སོགས། དུས་གསུམ་རྒྱལ་ཀུན་སོགས། དྲི་མེད་མཁྱེན་པའི་སོགས། ཨོཾ་སྭཱ་བྷཱ་ཝ་སོགས། སྟོང་པའི་ངང་ལས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྩ་བ་བྱང་ཆུབ་ཀྱི་སེམས་ཉིད་བསྐྱེད་པ་ཅན་གྱི་སྔགས་ཨེ་ཡཾ་ར་སུྃ་ཀེཾ་རྃ་ཞེས་བརྗོད་པའི་རྐྱེན་གྱིས་རྟེན་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་ནང་དུ་བརྟེན་པ་ལྷའི་ངོ་བོ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ། ཨ་ཨ་ཨ་བཛྲ་བྷ་ཏྲ་ས་མནྟ་ཨ། ཞེས་བརྗོད་པའི་རྐྱེན་གྱིས་དབུས་སུ་དཀྱིལ་འཁོར་གྱི་བདག་པོ་ཀུན་ཏུ་བཟང་པོ་ཡབ་ཡུམ་མཐིང་ག དེའི་མདུན་དུ་མི་བསྐྱོད་པ་ཡབ་ཡུམ་མཐིང་ག པད་འདབས་བཞིར་རིགས་བཞི། གློ་འབུར་དང་གྲུ་ཆད་ལ་སེམས་དཔའ་ཡབ་ཡུམ། ཁྱམས་ཀྱི་ཤར་ནུབ་ཏུ་ཀུན་བཟང་ཡབ་ཡུམ། ཁྱམས་ཀྱི་ཕྱོགས་མཚམས་རང་རང་གི་གནས་རྣམས་སུ་ཐུབ་པ་དྲུག སྒོ་བཞིར་མཐར་བྱེད་ཡབ་ཡུམ་བཅས་བཞི་བཅུ་རྩ་གཉིས་ཞི་བའི་དཀྱིལ་འཁོར་བཀྲ་ལམ་གྱིས་གསལ་བར་གྱུར། ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན༴ ཨ་དརྴ༴ ས་མ་ཏ༴ པྲ་ཏེ་བེ་ཀྵ༴ ཀྲི་ཏི་ནུཥྛ་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སོགས། ཝཀྐ་སོགས། ཙིཏྟ་སོགས། བཛྲ་ས་མ་ཡ་ཛ། ཨོཾ་ཨེ་ཧྱ་ཧི། ཛ་ཧཱུྃ་བཾ་ཧོཿ ཀ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏཱ་བྷྱོ་སོགས། ཨོཾ་ཨ་ཧ་ར་ཨ་ཧ་ར་སོགས་དང་། ཨོཾ་ཤྲི་བཛྲ་ར་ག་དྷུབྤེ་དྷུ། དེ་བཞིན་ལ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། ཧཱུྃ། གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འབར། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཞི་བའི་སྐུ། །མཚན་དང་དཔེ་བྱད་རྒྱན་རྣམས་མཛེས་ཚུལ་ལྡན། །ཞི་བ་བཞི་བཅུ་གཉིས་ལ་ཕྱག་འཚལ་བསྟོད། །འགྲེལ་ཆུང་ལས་ཁྲུས་བྱ་བ་ནི་སྨན་གྱི་སྲུང་མ་རྣམས་དགའ་བར་བྱས་ནས་རྟོག་པ་གཞོམ་པའོ་ཞེས་པས་སྨན་སྲུང་སྤྱན་འདྲེན་ནི་དར་སྣས་གཡབ་ཅིང་སྤོས་རོལ་དང་བཅས་པས། ཧཱུྃ། རྩི་དང་སྨན་གྱི་བདག་པོ་དང་། །རྟགས་ལྡན་རིག་འཛིན་བྲན་མོ་དག །རོལ་མོའི་ཆ་བྱད་མང་པོས་འབོད། །འདིར་གཤེགས་བཅུད་ལེན་དངོས་གྲུབ་སྩོལ། །ཞེས་སྤྱན་དྲངས་པས་སྨན་གྱི་ཕོ་བྲང་སྟེང་གི་ནམ་མཁར་སྤྲིན་འཐིབ་པ་ལྟར་བྱོན་ནས་བཞུགས་པར་མོས་ལ། རྟོག་བསལ་ནི། བྱིན་གྱིས་བརླབས་པའི་བདུད་རྩི་འཐོར་ཞིང་། ཧཱུྃ། ཚངས་དང་དྲང་སྲོང་གཙང་མ་ཟ། །ལྷ་ཀླུ་བྲམ་ཟེའང་གཙང་མ་ཟ། །དེ་དག་གྲོལ་བར་ངས་མ་བཤད། །བདུད་རྩི་དག་པ་ཡེ་ཤེས་ལྔ། །རིགས་ལྔ་སྐུ་ལྔ་ལྷུན་གྲུབ་ཡིན། །གཉིས་མེད་རྟོགས་པའི་ཐབས་མཁས་ཀྱིས། །གཙང་དམེ་མེད་པར་ཀུན་སྤྱོད་ན། །དེ་དག་གྲོལ་བར་ངས་བཤད་དོ། །ཅེས་པས་གཙང་དམེའི་གཉིས་འཛིན་དག་ནས་སྨན་སྲུང་རྣམས་དངོས་གྲུབ་སྩོལ་བར་དགྱེས་བཞིན་དུ་བཞུགས་པར་གྱུར། འཛབ་ཁང་དབྱེ་བ་ནི། བྷྲུྃ་བི་ཤྭ་བི་ཤདྡྷེ་ཀ་པ་ལ་བྷྲུྃ་ཕཊ་ཛཿ ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ཕཊ་ཛཿ ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ་ཕཊ་ཛཿ ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལས་རང་བཞིན་གྱི་དཀྱིལ་འཁོར་བརྟེན་པར་བཅས་པ་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་མེ་རི་འདབས་འབྱར་གྱི་ཚུལ་དུ་བཞུགས་པར་གྱུར། ལྷ་འཛབ་ནི། གསང་ཆེན་མྱུར་ལམ་ལས། ལྷ་ཚོགས་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས། །གསལ་བརྟན་འགྱུར་མེད་ཐུགས་ཀྱི་དཔལ་བེའུར། །ཟླ་སྟེང་ཏིང་འཛིན་སེམས་དཔའ་ཡིག་འབྲུའི་གཟུགས། །དྭངས་གསལ་འོད་འཕྲོས་སྔགས་ཀྱི་ཕྲེང་བས་བསྐོར། །རང་སྲོག་ཡིག་འབྲུའི་ཟེར་གྱིས་ཐུགས་རྒྱུད་བསྐུལ། །ལྷ་ཚོགས་ཐུགས་ལས་འོད་འཕྲོས་རྒྱལ་བ་མཆོད། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་བསྡུས། །མདུན་བསྐྱེད་ལྷར་ཐིམ་གཟི་བྱིན་མཆོག་ཏུ་འབར། །དྭངས་མའི་འོད་ཟེར་འཁོར་འདས་ཁྱབ་པར་བརྡལ། །མ་དག་དངོས་འཛིན་ཡེ་ཤེས་འཁོར་ལོར་བསྒྱུར། །ཞེས་དམིགས་པའི་འཕྲོ་འདུ་དང་སྦྱར་ཏེ་ཞི་བ་བཞི་བཅུའི་སྒོས་འཛབ་དང་། སྤྱི་འཛབ། ཨོཾ་བོ་དྷི་ཙིཏྟ་མ་ཧ་སུ་ཁ་ཛྙ་ན་དྷ་དྷུ་ཨཱ། ཞེས་བརྒྱ་རྩ་བརྒྱད་བཟླས། དེ་ནས་བསྡུ་རིམ་ནི། ཧཱུྃ། ཞེས་བརྗོད་པའི་བདག་མདུན་གྱི་ཐུབ་པ་དྲུག་བྱ་བྱེད་གཉིས་ལ་ཐིམ། བྱ་བྱེད་གཉིས་མི་བསྐྱོད་པ་ལ་ཐིམ། རིགས་ལྔ་ཡབ་ཡུམ་སེམས་དཔའ་ཡབ་ཡུམ་དང་། མཐར་བྱེད་བཞི་བཅས་རང་རང་གི་ཡུམ་ལ་ཐིམ་ཏེ་ཐམས་ཅད་གཙོ་བོ་ཀུན་བཟང་ཡབ་ཡུམ་ལ་ཐིམ་ཀུན་བཟང་ཡབ་ཡུམ་ཀྱང་མཐར་མི་དམིགས་སྤྲོས་བྲལ་གྱི་ངང་ལ་མཉམ་པར་བཞག སླར་ཡང་སྐད་ཅིག་གིས་རྟེན་འབར་བའི་གཞལ་ཡས་ཁང་ཁྱམས་ཉིས་རིམ་ཅན་དང་། བརྟེན་པ་ཞི་བའི་ལྷ་ཚོགས་ཁྲག་འཐུང་ཁྲོ་བོ་ངོ་མཚར་ཚོགས་ཀྱི་ལྷར་གསལ་བ་ནི། སྤྲོ་ཞིང་ནུས་ན་ཞི་བའི་ལྷ་ཚོགས་ཐམས་ཅད་ཀྱི་བསྐྱེད་སྔགས་ལན་རེ་བརྗོད་པར་གསུངས་ཀྱང་། འདི་སྐབས་སུ་གཙོ་བོའི་བསྐྱེད་སྔགས་བརྗོད་པ་ཙམ་གྱིས་ཆོག་ཤེས་པའི་དབང་དུ་བྱས་ཏེ། ཨོཾ་ཨ་ཀྲ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། ཀ་ཏ་མ་ཧཱ་ཀྲོ་ཏི་ཤྭ་རུ་ཧཱུྃ་ཕཊཿ ཞེས་བརྗོད་པའི་རྐྱེན་གྱིས། ཧཱུྃ། ཞི་བ་གནས་གྱུར་ཆེ་མཆོག་ཧེ་རུ་ཀ །གནམ་ཞལ་ཡུམ་དང་དབང་མཆོག་ཡབ་དང་ཡུམ། །རྒྱུད་ལུང་ཁྲག་འཐུང་ཁྲོ་བོ་ཡབ་ཡུམ་དགུ། །གནས་ཡུལ་མ་མོ་དབང་ཕྱུག་སྒོ་སྐྱོང་སོགས། །ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་ལྷ་ཚོགས་ནི ། །གར་དགུའི་ཉམས་ལྡན་དུར་ཁྲོད་ཆས་ཀྱིས་བརྒྱན། །བསྐལ་བའི་མེ་བཞིན་བཟོད་དཀའི་གཟི་བརྗིད་འབར། །ཁྲག་འཐུང་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ། །ཧཱུྃ་ཨོཾ་སྭཱ་ཨཾཿ་ཧཱ། ཨོཾ་ཨཱཿ་ཧཱུྃ། བཛྲ་ས་མ་ཛཿ ཛཿཧཱུྃ་བཾ་ཧོཿ མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡི་རབ་བརྒྱན་ཏེ། །དམ་ཚིག་རྒྱན་གྱི་གཏོར་མ་བཞེས་སུ་གསོལ། །བསྟོད་པ་ནི། ཧཱུྃ། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །རྒོད་དང་གཤེ་དང་འཇིགས་པར་སྟོན་པ་དང་། །སྙིང་རྗེ་རྔམས་དང་ཞི་བ་གར་དགུ་ལྡན། །ཁྲག་འཐུང་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་བསྟོད། །འཛབ་ནི། ལྷ་ཚོགས་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས། །གསལ་བརྟན་འགྱུར་མེད་ཐུགས་ཀྱི་དཔལ་བེའུར། །ཉི་སྟེང་ཏིང་འཛིན་སེམས་དཔའ་ཡིག་འབྲུའི་གཟུགས། །དྭངས་གསལ་འོད་འཕྲོ་སྔགས་ཀྱི་ཕྲེང་བས་བསྐོར། །རང་སྲོག་ཡིག་འབྲུའི་ཟེར་གྱིས་ཐུགས་རྒྱུད་བསྐུལ། །ལྷ་ཚོགས་ཐུགས་ལས་འོད་འཕྲོས་རྒྱལ་བ་མཆོད། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་བསྡུས། །མདུན་བསྐྱེད་ལྷ་ཐིམ་གཟི་བྱིན་མཆོག་ཏུ་འབར། །དྭངས་མའི་འོད་ཟེར་འཁོར་འདས་ཁྱབ་པར་བརྡལ། །མ་དག་དངོས་འཛིན་ཡེ་ཤེས་འཁོར་ལོར་བསྒྱུར། །ཁྲོ་འཛབ་ནི། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླའོ། །དེ་ནས། བདག་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་ལྷ་རྣམས་ཀྱི་ཐུགས་བརྒྱུད་བསྐུལ། །དེ་དག་གི་སྐུ་ལས་འཕྲོས་པའི་འོད་ཟེར་དང་། སྨན་སྲུང་རྣམས་ཀྱིས་ཀྱང་བརྟན་གཡོའི་འཁོར་འདས་ཀྱི་རྩི་བཅུད་ཐམས་ཅད་བསྡུས་པ་བྱང་སེམས་བདུད་རྩིའི་ཆུ་རྒྱུན་དུ་ཞུ་བ་བདུད་རྩིའི་དཀྱིལ་འཁོར་ལ་ཐིམ་པར་མོས་ལ། གཟུངས་ཐག་ལ་འཇུས་ཏེ། ཁྲོལ་བུར་སྤྱི་སྦྱོང་གི་སྙིང་པོ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ར་ས་ཡ་ན་ཏ་ན་ཛ་ཡ་གུ་ཧྱ་སིདྡྷི་ཧཱུྃ་ཧྲཱིཿཋ། ཞེས་སྟོང་ཚར་བར་བཟླས་མཐར། ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད། ཐུན་བསྡུ་བ་ནི། འཁོར་རྣམས་འོད་དུ་ཞུ་ནས་རིགས་ལྔ་ལ་ཐིམ། རིགས་ལྔ་ཡབ་ཡུམ་རྗེས་ཆགས་ཀྱིས་བདེ་བ་ཆེན་པོའི་ངོ་བོར་ཞུ་བ་དམ་རྫས་དང་རོ་གཅིག་དུ་གྱུར་པར་བསམ་མོ། གཉིས་པ་དེ་ཉིད་རིགས་ལྔའི་འཇུ་འདུལ་བྱ་བ་ནི་སྨན་རྣམས་ཕྱོགས་བཞི་དབུས་དང་ལྔའི་སྣོད་དུ་བསྡུས་ཏེ། དབྱིངས་ཡེ་གཉིས་མེད་ལས་རྟེན་གཞལ་ཡས་ཁང་གི་དབུས་སུ་སྣོད་ཀ་པཱ་ལ་ལྔའི་ནང་དུ་པད་ཟླ་ཉི་མ་ལ་གནས་པའི་དམ་རྫས་བདུད་རྩི་ལྔ་པོ་དཔའ་བོ་འབྲུ་ལྔར་གྱུར་པ་སྤྲོ་བསྡུས་དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་གྱི་སྐུ་བཀྲ་ལམ་གྱིས་གསལ་བར་མོས་ལ། བསྐུར། རླབས། དབབ། དྲངས། བསྟིམ། བརྟན། མཆོད་ནས། བྷྲུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛ། ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ཕཊ་ཛ། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ་ཕཊ་ཛཿ བཟླས་དམིགས། ལྷ་ཚོགས་རྣམས་ཀྱིས་ཐུགས་སྲོག་སྔགས་ཕྲེང་ལས་འོད་ཟེར་འཕྲོས་རྒྱལ་བ་རྣམས་མཆོད། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས། མདུན་བསྐྱེད་ཀྱི་ལྷར་ཐིམ་གཟི་བྱིན་མཆོག་ཏུ་འབར་དྭངས་མའི་འོད་ཟེར་འཁོར་འདས་ཀུན་ལ་ཁྱབ་པས་མ་དག་པའི་དངོས་འཛིན་ཐམས་ཅད་ཡེ་ཤེས་འཁོར་ལོར་བསྒྱུར་བར་གྱུར། ཧཱུྃ་བཛྲ་དྷྲིཀ མུྃ་དྷ་ཏུ་ཤྭ་རི། ཨོཾ་ཛི་ན་ཛིཀ ལམ་ཏེ་ཤྭ་ར་ཏི། སྭཱ་རཏྣ་དྷྲིཀ མཾ་མོ་ཧཱ་ར་ཏི། ཨཱཾ་ཨ་རོ་ལིཀ པཾ་ར་ག་ར་ཏི། ཧཱ་པྲཛྙཱ་དྷྲིཀ ཏཾ་བཛྲ་ར་ཏི། ཞེས་རིགས་ལྔའི་འཛབ་བརྒྱ་རྩ་བརྒྱད་བཟླས་རྗེས། བདག་གི་ཐུགས་ཀའི་འོད་ཀྱི་བསྐུལ་བས་མདུན་བསྐྱེད་ཀྱི་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་དོན་གཉིས་བྱས། ཡེ་ཤེས་ལྔའི་བཅུད་བསྡུས་པ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བབས་ཏེ་ཡེ་ཤེས་ཀྱི་བདུད་རྩི་མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟར་འཁྱིལ་བར་མོས་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཛྙཱ་ན་པཉྩ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཞེས་སྟོང་བཟླ་ཞིང་། ཐུན་བསྡུ་བ་ནི། རིགས་ལྔ་ཡབ་ཡུམ་རྗེས་ཆགས་བདེ་བ་ཆེན་པོའི་ངོ་བོར་ཞུ་བ་དམ་རྫས་དང་རོ་གཅིག་ཏུ་གྱུར། དེ་ནས་གསང་ཆེན་རིགས་གཅིག་གི་སྨན་ཐམས་ཅད་སྣོད་གཅིག་ཏུ་བསྡུས་ཏེ། དབྱིངས་དང་ཡེ་ཤེས་གཉིས་མེད་ལས་ཧཱུྃ་ཞེས་བརྗོད་པས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་བསྒོམས་ལ། བསྐུར། རླབས། དབབ།དྲངས། བསྟིམ། བརྟན། མཆོད། བྷྲུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿ་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ཕཊ་ཛ། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ་ཕཊ་ཛཿ རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ཐུགས་སྲོག་སྔགས་ཕྲེང་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས། མདུན་བསྐྱེད་ཀྱི་ལྷར་ཐིམ་པས་གཟི་བྱིན་མཆོག་ཏུ་འབར། དྭངས་མའི་འོད་ཟེར་འཁོར་འདས་ལ་ཁྱབ་པས་མ་དག་པའི་དངོས་འཛིན་ཡེ་ཤེས་ཀྱི་འཁོར་ལོར་བསྒྱུར་བར་གྱུར། ཧཱུྃ་བཛྲ་དྷྲིཀྲཿ མཱུཾ་དྷ་ཏུ་ཤྭ་རིཿ ཨོཾ་བཛྲ་སཏྭ་ཨཱཿ བརྒྱ་རྩ་བཟླའོ། །དེ་ནས། བདག་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས་དོན་གཉིས་བྱས་སྐུ་གསུང་ཐུགས་ཀྱི་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་ལྷ་རྣམས་ཀྱི་ཐུགས་བརྒྱུད་བསྐུལ། དེ་དག་གི་སྐུ་ལས་འཕྲོས་པའི་འོད་ཟེར་དང་། སྨན་སྲུང་རྣམས་ཀྱིས་ཀྱང་བརྟན་གཡོ་འཁོར་འདས་ཀྱི་རྩི་བཅུད་ཐམས་ཅད་བསྡུས་པ་བྱང་སེམས་བདུད་རྩིའི་ཆུ་རྒྱུན་དུ་ཞུ་བ་བདུད་རྩིའི་དཀྱིལ་འཁོར་ལ་ཐིམ་པར་མོས་ལ། ཨོཾ་ཨཱཿ་ཧཱུྃ་སྭཱ་ཧཱ་ཛྙཱ་ན་བཛྲ་ཙིཏྟ་ས་མ་ཡ་སྭཱ་ཧཱ། ཞེས་སྟོང་བཟླས་ལ། ཐུན་བསྡུ་བ་ནི། རྡོ་རྗེ་སེམས་དཔའ་ཡབ་ཡུམ་རྗེས་ཆགས་ཀྱི་བདེ་བ་ཆེན་པོའི་ངོ་བོར་ཞུ་བ་དམ་རྫས་དང་རོ་གཅིག་ཏུ་གྱུར། དེ་ནས་ཆོག་གྲྭ་སོ་སོའི་འདུས་པ་རྣམས་ཚོགས་ཕྲལ། ༼ཇ༽རྒྱན་བཀོད་བསྐོར་བ་ལན་གསུམ། རྒྱན་བཀོད།བྱིན་འབེབས། མ་ཊྃ་བསྒྲལ་བ། གསུམ་པ། རྟགས་གདབ་ལ་སྟོང་ཐུན་དང་། རྟགས་གདབ་དངོས་གཉིས་ལས། དང་པོ་ནི། སྔོན་དཔལ་ཆེན་པོས་བདུད་དཔུང་རུ་ཏྲ་སྡེ་དང་བཅས་པ་བསྒྲལ་ཏེ་ཁོ་རང་གི་ཆས་རྣམས་རྒྱལ་བྱེད་དཔའ་རྟགས་སུ་སྐུ་ལ་གསོལ་བས་དཔལ་དང་། དུར་ཁྲོད་ཀྱི་ཆས་འདི་དག་དཔའ་བོ་རྡོ་རྗེ་རྒྱལ་པོའི་སྐུ་ལ་བཞེངས་པས་མ་མོ་མཁའ་འགྲོ་དཔའ་བོ་དམ་ཅན་རྒྱ་མཚོའི་ཚོགས་ཀྱི་རྗེ་དཔོན་དང་། རང་རང་གི་སྡེ་ཚན་དུ་ཤེས་ནས་གུས་ཤིང་གཙུག་ཏུ་བཀུར་བའི་དགོས་པ་ཡོད་པས་བཞེས་པར་ཞུ། རྟགས་གདབ་དངོས་ནི། འདུས་མདོའི་སྒྲུབ་ཁོག་ཏུ་ཡོད་པ། ཐོག་མར་མགྲིན་པར་ཞག་གི་ཟོ་རིས་ཟླ་གམ་དུ་གདབ་ཅིང་། ཧཱུྃ། ཆོས་རྣམས་ཡེ་ནས་གཉིས་མེད་པའི། །བྱང་ཆུབ་སེམས་སུ་གཅིག་པའི་ཕྱིར། །ཞག་གི་ཟོ་རིས་མཚན་མ་ནི། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ། །སངས་རྒྱས་ཀུན་དང་གཅིག་པའི་ཕྱིར། །འདི་ཡང་སྔོན་གྱི་དམ་ཚིག་ལགས། །འདི་ཡང་རྟགས་ཀྱི་ཕྱག་རྒྱའོ། །ཨོཾ་མ་ཧཱ་སྨྲྀ་ཏི་མཎྜ་ལ་ཧཱུྃ། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུས་རྩེ་གསུམ་རིས་སུ། ཧཱུྃ། ཆོས་རྣམས་ཡེ་ནས་གཉིས་མེད་པའི། །བྱང་ཆུབ་སེམས་སུ་གཅིག་པའི་ཕྱིར། །ཐལ་ཆེན་ཚོམ་བུའི་མཚན་མ་ནི། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ། །ཀིང་ཆེན་ཀུན་དང་གཅིག་པའི་ཕྱིར། །འདི་ཡང་སྔོན་གྱི་དམ་ཚིག་ལགས། །འདི་ཡང་རྟགས་ཀྱི་ཕྱག་རྒྱའོ། །མ་ཧཱ་ཀིཾ་ནི་རི་ཏི་ཛྭ་ལ་མཎྜ་ལ་ཧཱུྃ། དཔྲལ་ཀོས་མཁུར་ཚོས་བཞིར་རཀྟའི་ཐིག་ལེ། ཧཱུྃ། ཆོས་རྣམས་ཡེ་ནས་གཉིས་མེད་པའི། །བྱང་ཆུབ་སེམས་སུ་གཅིག་པའི་ཕྱིར། །རཀྟའི་ཐིག་ལེའི་མཚན་མ་ནི། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ། །མཁའ་འགྲོ་ཀུན་དང་གཅིག་པའི་ཕྱིར། །འདི་ཡང་སྔོན་གྱི་དམ་ཚིག་ལགས། །འདི་ཡང་རྟགས་ཀྱི་ཕྱག་རྒྱའོ། །ཨོཾ་མ་ཧཱ་རཀྟ་ཏི་ལ་ཀ་མཎྜ་ལ་ཧཱུྃ། ཞེས་རྗེས་ཟློས་ཀྱིས་བྱུག་པའི་རྩི་གསུམ་སློབ་དཔོན་ལ་ཕུལ་ཞིང་། མཐར་བྱང་འདྲེན་པས་འཇམ་རོལ་ནང་རྒྱལ་ཐེབས་ལས་རྡོར་བཅས་ཀྱི་སྒྲུབ་པ་པོ་རྣམས་ལ་རྟགས་གདབ། བཞི་པ་རྟགས་བཙགས་སྦལ་གསུམ་ནི། དཔོན་སློབ་ཀུན་གྱིས་ཞྭ་བཞེས། བྱང་འདྲེན་སིལ་སྙན། མཆོད་རྔ།གཞན་རྣམས་དྲིལ་བཅས་བཞེངས། རྡོ་རྗེ་རྒྱལ་པོའི་ཕྱག་གིས་གཡས་མཆོག་གི་ཧས་སྟ་དང་། གཡོན་དྲིལ་རྒྱལ་ཐེབ་རྣམས་དང་ལས་རྡོར་བཅས་གཡབ་དྲིལ་ཐོགས་ཏེ་དཀྱིལ་འཁོར་ཤར་ནས་བཞེངས། མཆོད་གཡོག་གིས་སྦྱར་སྤོས་བསྲེག་ཅིང་། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊཿ སྔགས་དབྱངས་ལན་གསུམ་མཐར། འཇམ་རོལ། བཤུག་པ་བཞི་འབུད་འཁྱུག་ཅན་བཅས། སློབ་དཔོན་དང་རྒྱལ་ཐེབ་རྣམས་ཀྱི་ཧས་སྟ་དང་གཡབ་དར་གཡབ་ཅིང་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་ནས།སློབ་དཔོན་དཀྱིལ་འཁོར་གྱི་མདུན་ཁྲིའུ་ཁར་བཞུགས། གཞན་ཡང་རྒྱལ་ཐེབ་རྣམས་དང་ལས་རྡོར་བཅས་གཡས་གཡོན་དུ་བཞེངས་ལ་འདུས་པ་རྣམས་རང་གྲལ་དུ་བཞེངས། དུང་ཆེན། རོལ་ཐང་། རྐང་གསུམ་ནས་ཧས་སྟ་སོགས་གཡབ་ཅིང་ཟིལ་འབེབས་མཐར་སུམ་བརྡུང་གྱིས། ཧཱུྃ། མི་མངོན་དབྱིངས་ན་བཞུགས་པ་ཞི་ཁྲོའི་ཚོགས༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ༔ མཛོད་ཅིག་མཛོད་ཅིག་དྲག་པོའི་འཕྲིན་ལས་མཛོད༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་ཅིང་༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཞི་ཁྲོ་དང༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་འདིར་གཤེགས་ཐུགས་དམ་བསྐུལ༔དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ༔ ཐུགས་དམ་ཐུགས་རྗེས་དགྲ་བགེགས་མྱུར་དུ་སྒྲོལ༔ ཅེས་བཏང་བའི་མཐར་རོལ་ཟིལ་འབེབ་བཞག་རོལ་བྱ། སློབ་དཔོན་རྒྱལ་ཐེབ་རྣམས་ཀྱི་གཡབ་དྲིལ་སོགས་ཞུ་ནས། དཀྱིལ་འཁོར་གྱི་ཤར་ནས་ཞལ་དཀྱིལ་འཁོར་ལ་ཕྱོགས་པར་གདན་ལ་བཞུགས། གཡས་གཡོན་དུ་རྒྱལ་ཐེབ་རྣམས་གདན་ལ་འཁོད། འདུས་པ་རྣམས་རྔ་རོལ་བཞག་ནས་རང་གྲལ་དུ་འཁོད་ཞྭ་བཞག སློབ་དཔོན་གྱི་མདུན་དུ་ཞིང་ལྤགས་བཀོད་པའི་སྟེང་དུ་གཏན་གཏུན་བཞག སློབ་མ་སློབ་དཔོན་དང་ཉེ་བར་ཡབ་ཡུམ་གྱི་ཞབས་གཉིས་སྨན་གཞོང་གི་འགྲམ་གཉིས་སུ་ཕན་ཚུན་བསྣོལ་ཏེ་བསྐྱང་བའམ། ཞལ་སྤྲོད་ཀྱི་ཚུལ་དུ་འཁོད། སློབ་དཔོན་གྱི་ཕྱག་གཉིས་སོར་མོ་བསྣོལ། མཛུབ་མོ་སྒྲེང་། མཐེ་བོང་བཀུག་པའི་བྱིན་དབབ་པའི་རྒྱས་གཏུན་བུ་བཟུང་། སློབ་མས་མཁའ་དབྱིངས་ཀྱི་རྒྱས་གཏུན་ཁུང་བཟུང་སྟེ་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་གྱིས། གཏན་པ་ཡུམ་གྱི་མཁའ། གཏུན་བུ་ཡབ་ཀྱི་རྡོ་རྗེ་སྨན་བྱང་སེམས་དཀར་དམར་གྱི་རང་བཞིན་དུ་གྱུར། ཨོཾ་ཨཱཿ་ཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་མུ་ས་ལ་གྲ་ཧནྟ་ཧ་ན་ཧ་ན་ཧཱུྃ་ཕཊཿ ཞེས་བཟླ་ཞིང་། བཙགས་པའི་དགོངས་པ་ནི། དཀྱིལ་འཁོར་གྱི་ལྷོར། སློབ་དཔོན་གོང་བཞིན་འཁོད་ལ། གཏན་གཏུན་ཞིང་ལྤགས་ཀྱི་སྟེང་དུ་བཞག་དར་སྣེ་གཉིས་སློབ་དཔོན་གྱི་རྐེད་དང་། ཡུམ་གྱི་རྐེད་དུ་མདུད་པའི་དབུས་ལྡིང་ཐབས་སུ་དཔྱང་ཞིང་།ཡུམ་གྱི་དར་ཚགས་བཟེད། ཡབ་ཀྱི་སྨན་ཕྱེ་བླུག་ཅིང་། ཆོས་ཉིད་ཀྱི་ཀློང་དུ་མཚན་རྟོག་རྡུལ་ཙམ་ཡང་མི་གནས་པར་གྱུར། ཨོཾ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཧོ་ཧ་བི་ཤུདྡྷེ་ཧཱུྃ་ཧྲཱིཿཋ། ཞེས་བརྗོད་ཅིང་འཚག་གོ །བསྲེ་སྦལ་གྱི་དགོངས་པ་ནི། དཀྱིལ་འཁོར་ནུབ་ཏུ་ཡབ་ཡུམ་གོང་བཞིན་འཁོད་ལ། ཞིང་ལྤགས་བཏིང་བའི་སྟེང་ལྕགས་གཡའི་དྲི་མེད་པའི་ཤིང་གཞོང་སྣོད་དུ་སྦྱོར་ཚད་སོགས་ཕྱག་བཞེངས་མཐོང་བརྒྱུད་ལྟར་ངེས་པར་དྲི་བཟང་རྣམས་དང་དམ་རྩིའི་དབང་ལག་མ་གཏོགས་ཐམས་ཅད་འདྲེས་པར་བསམ་ཞིང་འབྲུམ་མེད་པར་སྤོལ་བའི་སྟེང་དུ། ཆང་། ཨོཾ་བཛྲ་ཨ་མྲྀ་ཏ་ཛ་གད་པྲ་ཝ་ཡ་སྭཱ་ཧཱ། འོ་མ། ཨོཾ་གི་ཏཾ་པཾ་ཤྭ་དྷ་ཡ་ཀྲོ་དྷི་ཤྭ་རི་སྭཱ་ཧཱ། རིན་པོ་ཆེ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་རཏྣ་ཙིཏྟ་ཧཱུྃ་ཧྲཱིཿཋ། ཆུར། ཨོཾ་ཨ་མྲྀ་ཏ་བི་ཤུདྡྷ་ཀུཎྜ་ལི་སྭཱ་ཧཱ། དབང་ལག་གི་ཕྱེ་མ་མདངས་སྒྱུར་བྱེད་རྣམས་བཏབ་ལ་དབྱིངས་དང་ཡེ་ཤེས་གཉིས་མེད་དུ་གྱུར་པར་མོས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་མུ་ས་ལ་མུ་ས་ལ་ཧཱུྃ་ཕཊཿ བཟླས་བཞིན་སྣོལ་ལ་འདྲེས་པར་སྣོལ་བའི་གལ་སླའི་ཚད་ནི་སྙིམ་པར་བཅང་ནས་ཆག་གང་དུ་བསྒྱུར་བས་བམ་པོ་འཇིག་ཅིང་ཕྱེ་མར་མི་འདལ་བ་ཙམ་བྱའོ། །དེ་ནས་དཀྱིལ་འཁོར་གྱི་བྱང་དུ་ནམ་ཟླ་དང་བསྟུན་པས་ཕབ་རྩི་བཏབ་ལ། ཡུམ་གྱི། ཀུན་ཏུ་བཟང་མོའི་གཞལ་ཡས་སུ། །ཐབས་དང་ཤེས་རབ་ལྡན་པ་ལས། །འཁོར་བའི་བདུད་རྩིའི་སྨན་དུ་སྦྱར། །ཡེ་ཤེས་ལྔ་རུ་གསལ་བ་ལས། །འབྲས་བུས་སྐུ་གསུང་ཐུགས་སུ་རྫོགས། །འཆི་མེད་བདུད་རྩིའི་གཅོད་སྙིང་སྦྱངས། །ཞེས་གླུ་ལེན་ཞིང་འཁོར་འདས་བདེ་བ་ཆེན་པོ་རོ་གཅིག་ཏུ་གྱུར་པར་བསམ་ནས་མི་རྐང་ངམ་རྡོ་རྗེས་དཀྲུག་གོ །མཚན་མ་རྟགས་ཕྱིར་གཞལ་བ་ནི། འདུས་པ་རྣམས་ནས། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཧྲཱིཿཋ། ཞེས་བཟླ་ཞིང་སྨན་ཐོད་པའམ་དྲིལ་བུར་གཞལ་བས་གྲངས་ངེས་པར་བྱས་ཏེ། དར་དམར་གྱི་ཁུག་མར་བླུག མོ་ཐོད་ལ་རཀྟས་འཁོར་ལོ་རྩིབས་བཞིར་རིགས་ལྔ་ཡབ་ཡུམ་གྱི་ས་བོན་བྲིས་པས་ནང་དུ་སྨན་གྱི་སྒྱེ་བཅུགས། ཕོ་ཐོད་ལ་བདུད་རྩིས་འཁོར་ལོ་རྩིབས་བཞི་ཡབ་ལྔའི་ས་བོན་བྲིས་པའི་ནང་དུ་སྨན་གྱི་སྒྱེ་བཅུག སྟེང་ནས་བཀབ་ཏེ་ཁ་སྦྱར། དར་མཐིང་ཁྲའམ། དར་ཚོན་སྣ་ལྔས་དྲིལ། མཆོག་གི་རྒྱུ། ཚོན་སྐུད་སྣ་ལྔ་བསྒྲིལ་ཞིང་བཅིང་བའི་སྟེང་གི་མདུད་ཁར། སློབ་དཔོན་གྱིས་རྡོ་རྗེ་རྒྱ་གྲམ་གྱི་རྒྱས་བཏབ་ཅིང་། སློབ་དཔོན་ཀུན་གྱིས་ཞྭ་བཞེས། འདུས་པ་བྱིངས་ཀྱི་དྲིལ་འཛིན་བཅས། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་ཏ་སོགས། སྤོས་བདུག འཇམ་རོལ་དང་བཅས་པས་བགེགས་བསྐྲད་ལ། སྨན་དབུས་ཀྱི་གཙོ་བོར་མངའ་གསོལ་ཏེ། ཨོཾ་ཨ་ཀྲ་མ་ཧཱ་ཤྲི་ཧེ་རུ་ཀ་སོགས་བརྗོད་པས་འཇམ་རོལ་རིང་བོའི་ནང་ལྡིང་ཁྲི་བར་མའི་དབུས་སུ་རུས་སྦལ་གྱི་ཁོག་པར་ཧྲཱིཿཡིག་བྲིས་པའི་སྟེང་དུ་བཀོད། ཨོཾ་མ་ཧཱ་ཤུ་ནྱ་ཏ་སོགས། ཨ་དརྴ༴ ས་མ་ཏ༴ པྲ་ཏེ་བེ་ཀྵ༴ ཀྲཱི་ཏྱ་ནུཥྛ༴ སོགས་རིགས་ལྔའི་སྙིང་པོ་བརྗོད་ཅིང་སྨན་གྱི་སྟེང་དབུ་བརྒྱན་བཅིང་། གཟུངས་ཐག་བཏགས་ལ་སྲད་བུ་ཕྱིར་དྲངས་ཏེ་བཞག་གོ །གཟུངས་རྡོར་སྟེང་དུ་བཞག་པའི་སྲད་བུ་སྣ་ལྔ་པ་དང་། དཀར་སེར་དམར་ལྗང་བཞི་བཅས་ལྔ་སོ་སོར་ཕྱིར་དྲངས་ཤིང་། ཚངས་པ་བརྒྱ་བྱིན་གྱི་སྐུ་དང་དམུ་ཐག་སྦྲེལ། འོག་ཏུ་དྲོད་འབེབས་ཀྱིས་མར་མེ་བལྟམས་པ་སོགས་བྱའོ། །དྲིལ་འཛིན་རྩ་གདངས་ཀྱིས། གསང་ཆེན་མྱུར་ལམ་ལས། རང་བྱུང་གདོད་ནས་རྣམ་པར་དག རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རྩ་བ་འབུམ་ཕྲག་ཡོངས་པའི་བཅུད། །ར་ས་ཡ་ན་ལ་སོགས་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་སྨན་གྱི་མཆོག །དཔའ་བོའི་རོ་དང་མཉམ་སྦྱར་ནས། །རྒྱལ་བའི་དཀྱིལ་འཁོར་ཡོངས་ལ་འབུལ། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ། །སྨན་གྱི་ཆེ་བའི་ཡོན་ཏན་བརྗོད་པ་འདོན་བཞིན། སློབ་དཔོན་རྒྱལ་ཐེབ་སོགས་ཀྱིས་དཀྱིལ་འཁོར་ལ་གཡས་བསྐོར་གཅིག་དལ་བུས་བྱ། མཐར་རྒྱ་གླིང་། དཀར་དུང་། འཇམ་རོལ་བཅས་སློབ་དཔོན་རྒྱལ་ཐེབ་སོགས་རང་གྲལ་དུ་བྱོན་ནས་དཔོན་སློབ་ཐམས་ཅད་སོ་སོའི་གདན་ལ་བཞུགས། ཞྭ་ཕུད་དྲིལ་སོགས་བཞག ཧཱུྃ། རབ་ཡངས་བདུད་རྩིའི་སྣོད་དུ་དམ་རྫས་ལྔའི། །ས་བོན་ལྔ་ལས་ཕྱག་མཚན་ས་བོན་གྱིས། །ཡོངས་མཚན་འཕྲོས་འདུས་བདེ་གཤེགས་རིགས་ལྔར་གྱུར། །བདག་ཐུགས་སྔགས་ཀྱི་རྒྱུད་བསྐུལ་འཁོར་འདས་ཀྱི། །དངོས་གྲུབ་བཅུད་བསྡུས་མཉམ་སྦྱོར་བྱང་ཆུབ་སེམས། །བདུད་རྩི་རབ་འདྲེས་ཡབ་ཡུམ་འོད་དུ་ཞུ། །འཆི་མེད་དམ་རྫས་རྒྱལ་མཚོ་འཁྱིལ་བའི་ཞག །རབ་འབར་དཔའ་བོ་འབྲུ་ལྔས་མཚན་པར་གྱུར། །ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ། ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ། ཞེས་བརྒྱ་རྩ་བཟླ་བར་བྱའོ། །བཞི་པ་ཉེར་ལྔ་ནས་གནམ་གང་བར་སྨན་ཕྱེ་སྒྲུབ་ནི། གསོལ་འདེབས་ནས་བཟུང་ལས་བྱང་གཞུང་བསྲངས་ཏེ་འཛབ་ཁང་དབྱེ་བའི་མགོ་བར་འདོན། དེ་ནས་སྨན་སྲུང་སྦྲན་པ་ནི། དར་སྣས་གཡབ་ཅིང་སྤོས་རོལ་དང་བཅས་པས། ཧཱུྃ། རྩི་དང་སྨན་གྱི་བདག་པོ་དང་། །རྟགས་ལྡན་རིག་འཛིན་བྲན་མོ་དག །རོལ་མོའི་ཆ་བྱད་མང་པོས་འབོད། །འདིར་གཤེགས་བཅུད་ལེན་དངོས་གྲུབ་སྩོལ། །ཞེས་སྤྱན་དྲངས་པས་སྨན་གྱི་ཕོ་བྲང་སྟེང་གི་ནམ་མཁར་སྤྲིན་འཐིབས་པ་ལྟར་བྱོན་ནས་བཞུགས་པར་མོས་ལ། རྟོག་བསལ་ནི། བྱིན་གྱིས་བརླབས་པའི་བདུད་རྩི་འཐོར་ཞིང་། ཧཱུྃ། ཚངས་དང་དྲང་སྲོང་གཙང་མ་ཟ། །ལྷ་ཀླུ་བྲམ་ཟེའང་གཙང་མ་ཟ། །དེ་དག་གྲོལ་བར་ངས་མ་བཤད། །བདུད་རྩི་དག་པ་ཡེ་ཤེས་ལྔ། །རིགས་ལྔ་སྐུ་ལྔ་ལྷུན་གྲུབ་ཡིན། །གཉིས་མེད་རྟོགས་པའི་ཐབས་མཁས་ཀྱི། །གཙང་དམེ་མེད་པར་ཀུན་སྤྱད་ན། །དེ་དག་གྲོལ་བར་ངས་བཤད་དོ། །ཅེས་པས། གཙང་དམེའི་གཉིས་འཛིན་དག་ནས་སྨན་སྲུང་རྣམས་དངོས་གྲུབ་སྩོལ་བར་དགྱེས་བཞིན་བཞུགས་པར་གྱུར། དེ་ནས་རང་གཞུང་གི་འཛབ་ཁང་དབྱེ་བ་ནི། བྷྲུྃ་བི་ཤྭ་བི་ཤུདྡྷེ་སོགས་ནས། སྩལ་ཞིང་ཐིམ་པར་གྱུར། བར། ཧཱུྃ་བཛྲ་ཙིཏྟ་སོགས་ནས། གི་ལི་ཧཱུྃ། བར། འཁོར་བ་ཆོས་ཀྱི་དབྱིངས་སོགས། ཨོཾ་གུ་ཧྱ་ཛྙཱ་ན་སོགས། དེ་ནས་སྨན་འཛབ། བྷྲུྃ་བི་ཤྭ་བི་ཤུདྡྷེ་ཀ་པ་ལ་བྷྲུྃ་ཕཊ་ཛཿཧཱུྃ་ཨོཾ་སྭཱ་ཨྃ་ཧཱ་ཕཊ་ཛཿ མདུན་བསྐྱེད་ཡེ་ཤེས་ཀྱི་འཁོར་ལོའི་དབུས་ཀྱི་སྙིང་པོའི་དཀྱིལ་འཁོར་རྣམས་བདུད་རྩི་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་གྱུར་པ་ནི། ཕོ་བྲང་འོག་མའི་དབུས་ཀྱི་གྲུ་ཆད་བཞི་གློ་འབུར་གྱིས་མཛེས་པའི་སྟེང་འཁོར་ལོ་རྩིབས་བརྒྱད་པའི་སྟེ་བར། བདུད་རྩིའི་སྣོད་བྷཉྫ་འབར་བར་བཅུད་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་གནས་པའི་ཕྱི་རོལ་རྩིབས་བརྒྱད་ལ་མཐར་བྱེད་བརྒྱད། དེའི་སྟེང་གི་ཕྱོགས་བཞིར་རིགས་ཀྱི་ཧེ་རུ་ཀ་བཞིར་གནས་པའི་དབུར་བཛྲ་ཧེ་རུ་ཀའི་ཞབས་བཞིས་བརྫིས་པ། དེའི་སྟེང་ན་ཡུམ་གནམ་ཞལ་མ་དབུ་དགུ་ཕྱག་བཅོ་བརྒྱད་པ་ཞབས་བཞིས་བཛྲ་ཧེ་རུ་ཀའི་གཡས་གཡོན་གྱི་དབུར་བརྫིས་ཤིང་རྩ་ཞལ་གྱི་དབུ་མའི་སྤྱན་བྷ་གར་ཕྱེད་ནུབ་ཙམ་དུ་ཚུད་པ། དེའི་སྟེང་དུ་ཆེ་མཆོག་ཧེ་རུ་ཀ་དབུ་ཉི་ཤུ་རྩ་གཅིག་རྩེ་མོ་རྟ་ཞལ་གྱི་རྣམ་པར་སྟོན་པ། ཕྱག་ཞེ་གཉིས་ཀྱི་ཞི་བའི་ལྷ་ཚོགས་བསྣམས་པ། གསང་བའི་རྡོ་རྗེ་དང་ཞབས་བརྒྱད་ཡུམ་གྱི་ཞལ་དགུ་དང་སྦྱོར་བ། དེ་ནས་ཞལ་བྱུང་གིས་གསལ་གདབ་པ་ནི། ཨེ་མ་ཧོ། དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །ཉི་ཤུ་རྩ་གཅིག་དབུ་ཡི་ས་རྣམས་ལྷུན་གྱིས་གྲུབ། །སྒྲིབ་བྲལ་ཡེ་ཤེས་དབུ་ནི་ཁྲོ་ཆེན་སྟོབས་པོ་ཆེ། །དང་པོ་རབ་ཏུ་དགའ་བའི་ས་ནི་གནོན་པའོ། །སྐྱོན་མེད་ཡེ་ཤེས་དབུ་ནི་ཁྲོ་ཆེན་ཁམས་གསུམ་རྒྱལ། །གཉིས་པ་དྲི་མ་མེད་པའི་ས་ནི་གནོན་པའོ། །བདུད་འཇོམས་ཡེ་ཤེས་དབུ་ནི་ཁྲོ་ཆེན་བདུད་རྩི་འཁྱིལ། །གསུམ་པ་འོད་འཕྲོ་བ་ཡི་ས་ནི་གནོན་པའོ། །རྟོག་འཇོམས་ཡེ་ཤེས་དབུ་ནི་ཁྲོ་ཆེན་འདོད་པའི་རྒྱལ། །བཞི་པ་འོད་བྱེད་པ་ཡི་ས་ནི་གནོན་པའོ། །གཟི་མནན་ཡེ་ཤེས་དབུ་ནི་ཁྲོ་ཆེན་རྟ་མཆོག་དཔལ། །ལྔ་པ་སྦྱངས་དཀའ་བ་ཡི་ས་ནི་གནོན་པའོ། །རྣམ་དག་ཡེ་ཤེས་དབུ་ནི་ཁྲོ་ཆེན་མི་གཡོ་མགོན། །དྲུག་པ་མངོན་གྱུར་པ་ཡི་ས་ནི་གནོན་པའོ། །ཐབས་མཁས་ཡེ་ཤེས་དབུ་ནི་ཁྲོ་ཆེན་གཤིན་རྗེའི་གཤེད། །བདུན་པ་རིང་དུ་སོང་བའི་ས་ནི་གནོན་པའོ། །སྟོབས་ལྡན་ཡེ་ཤེས་དབུ་ནི་ཁྲོ་ཆེན་དབྱུག་སྔོན་ཅན། །བརྒྱད་པ་མི་གཡོ་བ་ཡི་ས་ནི་གནོན་པའོ། །མཁྱེན་ལྡན་ཡེ་ཤེས་དབུ་ནི་ཁྲོ་ཆེན་རྣམ་པར་རྒྱལ། །དགུ་པ་ལེགས་པའི་བློ་གྲོས་ས་ནི་གནོན་པའོ། །བརྗིད་ལྡན་ཡེ་ཤེས་དབུ་ནི་ཁྲོ་ཆེན་ཧཱུྃ་ཀཱ་ར། །བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་ནི་གནོན་པའོ། །མངོན་ཤེས་ཡེ་ཤེས་དབུ་ནི་ཡཀྴ་ཧེ་རུ་ཀ །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནི་གནོན་པའོ། །ཀུན་མཁྱེན་ཡེ་ཤེས་དབུ་ནི་གུ་ཧྱ་ཧེ་རུ་ཀ །བཅུ་གཉིས་རྡོ་རྗེ་འཛིན་པའི་ས་ནི་གནོན་པའོ། །བྱམས་མགོན་ཡེ་ཤེས་དབུ་ནི་ཨ་ནུ་ཧེ་རུ་ཀ །བཅུ་གསུམ་རྡོ་རྗེ་འཆང་གི་ས་ནི་གནོན་པའོ། །རྔམས་བརྗིད་ཡེ་ཤེས་དབུ་ནི་རཀྴ་ཧེ་རུ་ཀ །བཅུ་གཞི་སྟུག་པོ་བཀོད་པའི་ས་ནི་གནོན་པའོ། །སྤྲུལ་པ་ཡེ་ཤེས་དབུ་ནི་ཀརྨ་ཧེ་རུ་ཀ །བཅོ་ལྔ་པདྨ་ཅན་གྱི་ས་ནི་གནོན་པའོ། །ཆགས་མེད་ཡེ་ཤེས་དབུ་ནི་པདྨ་ཧེ་རུ་ཀ །བཅུ་དྲུག་འཁོར་ལོ་ཚོགས་ཆེན་ས་ནི་གནོན་པའོ། །ཡིད་བཞིན་ཡེ་ཤེས་དབུ་ནི་རཏྣ་ཧེ་རུ་ཀ །བཅུ་བདུན་དེ་བ་ཀོ་ཤའི་ས་ནི་གནོན་པའོ། །འབར་འཕྲོ་ཡེ་ཤེས་དབུ་ནི་བུདྡྷ་ཧེ་རུ་ཀ །བཅོ་བརྒྱད་ཀུན་བཟང་དབྱེ་བ་མེད་པའི་ས་ནི་གནོན་པའོ། །སྟོབས་ལྡན་ཡེ་ཤེས་དབུ་ནི་བཛྲ་ཧེ་རུ་ཀ །བཅུ་དགུ་རྫོགས་པ་བླ་མེད་ས་ནི་གནོན་པའོ། །ཁྱབ་བརྡལ་ཡེ་ཤེས་དབུ་ནི་ཆེ་མཆོག་ཉིད་ཀྱི་དབུ། །ཉི་ཤུ་སྲིད་གསུམ་ངང་རྫོགས་ས་ནི་གནོན་པའོ། །འུབ་ཆུབ་ཡེ་ཤེས་དབུ་ནི་རྟ་སྐད་ནམ་མཁར་འཚེར། །རྩ་གཅིག་ཡེ་ཤེས་བླ་མའི་ས་ནི་གནོན་པའོ། །གཡས་ཀྱི་ཞལ་གདངས་མཆེ་བ་གཙིགས་པ་ཡིས། །འཁོར་བའི་སྐྱེ་ཤི་རྩད་ནས་གཅོད་པར་མཛད། །གཡོན་གྱི་ཞལ་གདངས་མཆེ་བ་གཙིགས་པ་ཡི། །འཁོར་བའི་ཉོན་མོངས་སྡུག་བསྔལ་ཟད་པར་བྱེད། །དབུས་ཀྱི་དབུ་རྣམས་ཞལ་གདངས་མཆེ་བ་གཙིགས། །ཆོས་ཉིད་ཀློང་དུ་ཐམས་ཅད་རྔུབ་པར་མཛད། །གཡས་སྤྱན་བཟློག་པས་བདུད་བགེགས་ཐལ་བར་རློག །གཡོན་སྤྱན་བཟློག་པས་ངན་སོང་སྡུག་བསྔལ་བསལ། །དབུས་སྤྱན་བཟློག་པས་ཆོས་དབྱིངས་ས་ལེར་གཟིགས། །མཆེ་བ་དཀར་པོ་ཟངས་ཡག་གཙིགས་པ་ཡིས། །འཁོར་བའི་བག་ཆགས་སྐྱེ་ཤི་རྩད་ནས་གཅོད། །རལ་བ་དམར་པོ་གྱེན་དུ་བརྫེས་པ་ཡི། །ཆོས་དབྱིངས་ཡེ་ཤེས་མཐར་ཐུག་འགྲན་ཟླ་མེད། །བཞི་བཅུ་རྩ་གཉིས་ཕྱག་ནི་མངོན་སངས་རྒྱས། །བཞི་བཅུ་རྩ་གཉིས་གཡས་ཀྱི་དང་པོ་ན། །ཀུན་ཏུ་བཟང་པོ་མཉམ་པའི་ཕྱག་རྒྱ་ཅན། །བཞི་བཅུ་རྩ་གཉིས་གཡོན་གྱི་དང་པོ་ན། །ཀུན་ཏུ་བཟང་མོ་ཐལ་མོ་མཉམ་སྦྱོར་ཕྱག །བཞི་བཅུ་རྩ་གཉིས་གཡས་ཀྱི་གཉིས་པ་ན། །རྣམ་པར་སྣང་མཛད་གསེར་གྱི་འཁོར་ལོ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་གཉིས་པ་ན། །སངས་རྒྱས་སྤྱན་མ་གསེར་གྱི་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་གསུམ་པ་ན། །རྡོ་རྗེ་སེམས་དཔའ་རྡོ་རྗེ་རྩེ་ལྔ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་གསུམ་པ་ན། །རྡོ་རྗེ་དབྱིངས་ཕྱུག་ཤེལ་གྱི་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཞི་པ་ན། །རིན་ཆེན་འབྱུང་ལྡན་རིན་ཆེན་ཟུར་བརྒྱད་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཞི་པ་ན། །མཱ་མ་ཀི་ནི་གཡུ་ཡི་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་ལྔ་པ་ན། །སྣང་བ་མཐའ་ཡས་པདྨ་འདབས་བརྒྱད་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་ལྔ་པ་ན། །ན་བཟའ་དཀར་མོ་བྱུ་རུའི་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་དྲུག་པ་ན། །དོན་ཡོད་གྲུབ་པ་རྡོ་རྗེ་རྒྱ་གྲམ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་དྲུག་པ་ན། །དམ་ཚིག་སྒྲོལ་མ་མཐིང་གི་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བདུན་པ་ན། །ས་ཡི་སྙིང་པོ་རིན་ཆེན་མྱུ་གུ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བདུན་པ་ན། །ལཱ་སྱེ་དཀར་མོ་མེ་ལོང་རྒྱ་གྲམ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བརྒྱད་པ་ན། །ནམ་མཁའི་སྙིང་པོ་གཅོད་བྱེད་རལ་གྲི་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བརྒྱད་པ་ན། །མཱ་ལྱེ་སྔོན་མོ་རིན་ཆེན་ཕྲེང་བ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་དགུ་པ་ན། །སྤྱན་རས་གཟིགས་དབང་པདྨ་དཀར་པོ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་དགུ་པ་ན། །གཱིརྟི་དམར་མོ་ལྕགས་སྒྲོག་པི་ཝང་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་པ་ན། །ཕྱག་ན་རྡོ་རྗེ་རྡོ་རྗེ་རྩེ་ལྔ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་པ་ན། །ནཱིརྟི་ལྗང་གུ་དར་གྱི་ཅོད་པཎ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་གཅིག་ན། །མགོན་པོ་བྱམས་པ་ཀླུ་ཤིང་གུན་དྷེ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་གཅིག་ན། །ལྷ་མོ་དྷུ་པེ་མ་ནི་བདུག་སྤོས་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་གཉིས་ན། །སྒྲུབ་པ་རྣམ་སེལ་གསུང་རབ་པུསྟི་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་གཉིས་ན། །ལྷ་མོ་པུཥྤེ་མ་ནི་མེ་ཏོག་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་གསུམ་ན། །ཀུན་ཏུ་བཟང་པོ་རིན་ཆེན་སྙེ་མ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་གསུམ་ན། །ལྷ་མོ་ཨཱ་ལོ་ཀེ་ནི་མར་མེ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་བཞི་ན། །འཇམ་དཔལ་གཞོན་ནུ་མེ་ཏོག་ཨུཏྤལ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་བཞི་ན། །ལྷ་མོ་གནྡེ་མ་ནི་དྲི་ཆབ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅོ་ལྔ་ན། །གཤིན་རྗེ་གཤེད་པོ་ཐོད་དབྱུག་གདེངས་པ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅོ་ལྔ་ན། །འགུག་བྱེད་ལྕགས་ཀྱུ་མ་ནི་ལྕགས་ཀྱུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་དྲུག་ན། །ཤེས་རབ་མཐར་བྱེད་རྡོ་རྗེ་རྩེ་ལྔ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་དྲུག་ན། །འཆིང་བྱེད་ཞགས་པ་མ་ནི་ཞགས་པ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་བདུན་ན། །པདྨ་མཐར་བྱེད་ཐོད་དབྱུག་སྦྲུལ་དཀྲིས་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་བདུན་ན། །སྡོམ་བྱེད་ཉི་ཟླ་མ་ནི་ལྕགས་སྒྲོག་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅོ་བརྒྱད་ན། །བགེགས་རྣམས་མཐར་བྱེད་རྡོ་རྗེ་རྒྱ་གྲམ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅོ་བརྒྱད་ན། །ཐལ་བྱེད་དྲིལ་བུ་མ་ནི་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་དགུ་ན། །ལྷ་དབང་བརྒྱ་བྱིན་སྒྲ་སྙན་པི་ཝཾ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་དགུ་ན། །པཏྞ་ཤ་བ་རི་ནི་པུསྟི་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་ཉི་ཤུ་ན། །ཤཱཀྱ་ཐུབ་པ་གསེག་ཤང་པར་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་ཉི་ཤུ་ན། །ཁ་འབར་དེ་བ་རིན་ཆེན་སྒྲོམ་བུ་འཛིན། །བཞི་བཅུ་རྩ་གཉིས་གཡས་ཀྱི་ཐ་མ་ན། །ལྷ་མིན་ཐགས་བཟང་རིས་ནི་གོ་ཆ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་ཐ་མ་ན། །ཨ་ཝ་གླང་མགོ་བསིལ་དྲོད་མེ་ཆུ་བསྣམས། །ཏིང་འཛིན་ཞབས་ཀྱི་ཁྲོ་མོའི་དབུ་བརྒྱད་བརྫིས། །ཞབས་བརྒྱད་གཡས་ཀྱི་དང་པོ་བགྲད་པ་ཡི། །ཐིག་ལེ་ཆེན་པོའི་ཏིང་འཛིན་ཆེན་པོ་དང་། །ཡེངས་པ་མེད་པ་ཆོས་ཀྱི་དབྱིངས་སུ་སྦྱོར། །ཞབས་བརྒྱད་གཡས་ཀྱི་གཉིས་པ་བགྲད་པ་ཡི། །བདེ་བ་ཆེན་པོའི་ཏིང་འཛིན་ཆེན་པོ་དང་། །ཀློང་དུ་གྱུར་པའི་ཆོས་ཀྱི་དབྱིངས་སུ་སྦྱོར། །ཞབས་བརྒྱད་གཡས་ཀྱི་གསུམ་པ་བགྲད་པ་ཡི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ཆེན་པོ་དང་། །སྐྱེ་འཆི་མེད་པའི་ཆོས་ཀྱི་དབྱིངས་སུ་སྦྱོར། །ཞབས་བརྒྱད་གཡས་ཀྱི་ཐ་མ་བགྲད་པ་ཡི། །ཐམས་ཅད་འབྱུང་གནས་ཏིང་འཛིན་ཆེན་པོ་དང་། །ཟད་པ་མེད་པའི་ཆོས་ཀྱི་དབྱིངས་སུ་སྦྱོར། །ཞབས་བརྒྱད་གཡོན་གྱི་དང་པོ་བགྲད་པ་ཡི། །ཆགས་པ་མེད་པའི་ཏིང་འཛིན་ཆེན་པོ་དང་། །ཡེ་ནས་དག་པའི་ཆོས་ཀྱི་དབྱིངས་སུ་སྦྱོར། །ཞབས་བརྒྱད་གཡོན་གྱི་གཉིས་པ་བགྲད་པ་ཡི། །འདའ་བར་དཀའ་བའི་ཏིང་འཛིན་ཆེན་པོ་དང་། །མཐོང་བ་མེད་པའི་ཆོས་ཀྱི་དབྱིངས་སུ་སྦྱོར། །ཞབས་བརྒྱད་གཡོན་གྱི་གསུམ་པ་བགྲད་པ་ཡི། །དམིགས་སུ་མེད་པའི་ཏིང་འཛིན་ཆེན་པོ་དང་། །རང་བཞིན་མེད་པའི་ཆོས་ཀྱི་དབྱིངས་སུ་སྦྱོར། །ཞབས་བརྒྱད་གཡོན་གྱི་ཐ་མ་བགྲད་པ་ཡི། །སྐྱེ་ཤི་མེད་པའི་ཏིང་འཛིན་ཆེན་པོ་དང་། །འདུ་འབྲལ་མེད་པའི་ཆོས་ཀྱི་དབྱིངས་སུ་སྦྱོར། །དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་བ་ནི། །སྲིད་པ་གསུམ་ལས་རྣམ་པར་རྒྱལ་བའི་རྒྱན། །རྟ་མགོ་ལྗང་གུ་རྟ་སྐད་སྒྲོག་པ་ནི། །སྣང་སྲིད་ཐམས་ཅད་དབང་དུ་སྡུད་པའི་རྟགས། །སྨིན་མཚམས་ཁྲོ་གཉེར་གློག་ལྟར་འགྱུ་བ་ནི། །མ་རིག་རྨོངས་པའི་མུན་པ་སེལ་བའི་རྟགས། །ཚངས་པའི་གཡང་གཞི་ན་བཟའ་གསོལ་བ་ནི། །ལོངས་སྤྱོད་རྫོགས་སྐུ་མངོན་དུ་བསྟན་པའི་རྟགས། །སྐུ་མདོག་མཐིང་ནག་འཇིགས་པར་བསྟན་པ་ནི། །ཆོས་ཀྱི་སྐུ་ལ་འགྱུར་བ་མེད་པའི་རྟགས། །སྐུ་སྨད་སྟག་གི་ཤམ་ཐབས་མནབས་པ་ནི། །སྤྲུལ་པ་སྐུ་ཡིས་ཅིར་ཡང་དོན་མཛད་རྟགས། །སྐུ་སྟོད་གླང་ཆེན་ཀོ་རློན་གསོལ་བ་ནི། །ཐེག་པ་རིམ་དགུས་འགྲོ་དོན་མཛད་པའི་རྟགས། །ཞིང་ཆེན་གཡང་གཞི་སྐུ་ལ་གསོལ་བ་ནི། །ཐུགས་རྗེ་ཚད་མེད་བཞི་དང་ལྡན་པའི་རྟགས། །ཐོད་པ་སྐམ་པོས་དབུ་ལ་བརྒྱན་པ་ནི། །དུས་གསུམ་རྒྱལ་བས་བསྙེན་བསྐུར་མཛད་པའི་རྟགས། །སྦྲུལ་ནག་སྟོང་གི་གདེངས་ཀས་བརྒྱན་པ་ནི། །ཀླུ་རྒྱལ་རིགས་བཞི་དབང་དུ་སྡུད་པའི་རྟགས། །ཁྲག་ཞལ་ཐལ་བའི་ཐིག་ལེས་བརྒྱན་པ་ནི། །མ་མོ་མཁའ་འགྲོ་དབང་དུ་སྡུད་པའི་རྟགས། །བསྐལ་བའི་མེ་དཔུང་ཀློང་ན་བཞུགས་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ་བའི་རྟགས། །རྡོ་རྗེ་གཤོག་པ་ནམ་མཁར་གདེང་པ་ནི། །སྟོང་གསུམ་འཇིག་རྟེན་ཟིལ་གྱིས་གནོན་པའི་རྟགས། །འབར་བ་ཆེན་པོ་གར་དགུས་སྒེག་པ་ནི། །ཆེ་བཙན་དཔེར་བྱ་ཀུན་ལས་འདས་པའི་རྟགས། །ཁྲོ་ཆེན་ཆེ་མཆོག་འབར་བའི་ཞབས་འོག་ན། །ཤིན་ཏུ་རྔམས་པའི་ཁྲོ་མོ་གནམ་ཞལ་མ། །སྐུ་མདོག་དུད་ཁ་སྣ་ཚོགས་ཅིར་ཡང་སྟོན། །དབུ་དགུ་ཕྱག་ནི་བཅོ་བརྒྱད་ཞབས་བཞི་བགྲད། །རྣམ་ཐར་དབུ་བརྒྱད་གྱེན་དུ་བྱུང་བ་ནི། །གསང་བའི་ཐུགས་རྗེ་ཐབས་དང་ཤེས་རབ་ལྡན། །བྱང་ཆུབ་སེམས་ནི་བདུད་རྩིའི་ག་བུར་བསྐྱིལ། །འཇམ་དཔལ་གཞོན་ནུ་བདུད་རྩིའི་ཕོ་བྲང་བསྣམས། །རྟ་མགྲིན་ཡབ་ཡུམ་བདུད་རྩིའི་ཕོ་བྲང་བསྐྱིལ། །སྟོང་པ་བཅོ་བརྒྱད་ཕྱག་ནི་མྱ་ངན་འདས། །བཅོ་བརྒྱད་ཕྱག་གི་གཡས་གཡོན་དང་པོ་གཉིས། །བྷནྡྷ་རཀྟས་བཀང་བ་རྡོ་རྗེས་དཀྲུག །བཅོ་བརྒྱད་ཕྱག་གི་གཡས་ཀྱི་དང་འོག་ན། །ཀཽ་རཱི་བྷན་དམར་ཞིང་གི་དབྱུག་ཏོ་ཕྱར། །བཅོ་བརྒྱད་ཕྱག་གི་གཡོན་གྱི་དང་འོག་ན། །སེང་ཧ་མུ་ཁ་ཁ་རོ་སེང་གདོང་མགོ །བཅོ་བརྒྱད་ཕྱག་གི་གཡས་ཀྱི་གསུམ་པ་ན། །ཙཽ་རཱི་སེར་མོ་མདའ་གཞུ་འགེངས་པའི་ཚུལ། །བཅོ་བརྒྱད་ཕྱག་གི་གཡོན་གྱི་གསུམ་པ་ན། །བྱཱ་ཀྲྀ་མུ་ཁ་གནས་ལྟ་རྟ་མགོ་ཅན། །བཅོ་བརྒྱད་ཕྱག་གི་གཡས་ཀྱི་བཞི་པ་ན། །པྲ་མོ་དམར་མོ་ཆུ་སྲིན་རྒྱལ་མཚན་ཕྱར། །བཅོ་བརྒྱད་ཕྱག་གི་གཡོན་གྱི་བཞི་པ་ན། །ཤྲཱྀ་གལ་བྱིས་རོ་ལྕེས་ལྡག་ཝ་མགོ་ཅན། །བཅོ་བརྒྱད་ཕྱག་གི་གཡས་ཀྱི་ལྔ་པ་ན། །བེ་ཏ་བྱིས་ཟ་རྡོ་རྗེ་རྩེ་དགུ་ཕྱར། །བཅོ་བརྒྱད་ཕྱག་གི་གཡོན་གྱི་ལྔ་པ་ན། །ཤྭ་ན་འདྲལ་ལྟ་སྤྱང་ཀིའི་མགོ་བོ་ཅན། །བཅོ་བརྒྱད་ཕྱག་གི་གཡས་ཀྱི་དྲུག་པ་ན། །པུཥྐ་དམར་སེར་ཞིང་ཆུང་རྒྱུ་མ་འདྲེན། །བཅོ་བརྒྱད་ཕྱག་གི་གཡོན་གྱི་དྲུག་པ་ན། །གྷྲྀ་དྷ་དམར་མོ་རྒྱུ་འདྲེན་རྒོད་མགོ་ཅན། །བཅོ་བརྒྱད་ཕྱག་གི་གཡས་ཀྱི་བདུན་པ་ན། །གསྨ་ལྗང་གུ་དུང་ཁྲག་རྡོ་རྗེས་དཀྲུག །བཅོ་བརྒྱད་ཕྱག་གི་གཡོན་གྱི་བདུན་པ་ན། །ཀཾ་ཀ་ཞིང་ཕྲག་དུར་བྱའི་མགོ་ཅན་དམར། །བཅོ་བརྒྱད་ཕྱག་གི་གཡས་ཀྱི་བརྒྱད་པ་ན། །སྨེ་ཤ་མཐིང་ནག་བྱིས་རོའི་སྙིང་ཟ་མ། །བཅོ་བརྒྱད་ཕྱག་གི་གཡོན་གྱི་བརྒྱད་པ་ན། །ཀཱ་ཀ་ཁ་རོ་བྷན་གྲི་བྱ་རོག་མགོ །བཅོ་བརྒྱད་ཕྱག་གི་གཡས་ཀྱི་ཐ་མ་ན། །ཙཎྜ་སེར་སྐྱ་མཆོག་ལུས་འདྲལ་བར་བྱེད། །བཅོ་བརྒྱད་ཕྱག་གི་གཡོན་གྱི་ཐ་མ་ན། །ཨུ་ལུ་ཀཱ་མཐིང་འུག་གདོང་ལྕགས་ཀྱུ་བསྣམས། །ཞབས་བཞི་བགྲད་པས་རིགས་བཞིའི་དབུ་ནས་བརྫིས། །ཞབས་བཞི་གཡས་ཀྱི་དང་པོ་བགྲད་པ་ཡི། །ཀློང་དུ་གྱུར་པ་གསང་བའི་བྷ་ག་དང་། །བདེ་བ་ཆེན་པོའི་བྱང་ཆུབ་སེམས་སུ་སྦྱོར། །ཞབས་བཞི་གཡོན་གྱི་དང་པོ་བགྲད་པ་ཡི། །ཟད་སྟོང་མེད་པ་གསང་བའི་བྷ་ག་དང་། །ཐམས་ཅད་འབྱུང་བའི་བྱང་ཆུབ་སེམས་སུ་སྦྱོར། །ཞབས་བཞི་གཡས་ཀྱི་གཉིས་པ་བགྲད་པ་ཡི། །འདུ་འབྲལ་མེད་པ་གསང་བའི་བྷ་ག་དང་། །སྐྱེ་ཤི་མེད་པའི་བྱང་ཆུབ་སེམས་སུ་སྦྱོར། །ཞབས་བཞི་གཡོན་གྱི་གཉིས་པ་བགྲད་པ་ཡི། །གདོད་ནས་དག་པ་གསང་བའི་བྷ་ག་དང་། །རྡོ་རྗེ་ལྟ་བུའི་བྱང་ཆུབ་སེམས་སུ་སྦྱོར། །ཁྲོ་མོ་གནམ་ཞལ་འབར་བའི་ཞབས་འོག་ན། །སྐུ་གདུང་འབར་བའི་དཔལ་ཆེན་ཡབ་ཡུམ་བཅུ། །སྔོ་ནག་སྨུག་ནག་སེར་ནག་དམར་ནག་དང་། །ལྗང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད། །རྡོ་རྗེ་ཁོར་ཡུག་དུང་ཆེན་གང་བ་དང་། །རལ་གྲི་ཐོང་གཤོལ་དགྲ་སྟ་ལ་སོགས་བསྣམས། །སྦྲུལ་དང་ཐོད་ཕྲེང་གླང་ཆེན་ཀོ་རློན་དང་། །ཞིང་ཆེན་གཡང་གཞི་སྟག་ལྤགས་ཤམ་ཐབས་དང་། །ཐལ་ཆེན་ཞག་དང་རཀྟའི་ཐིག་ལེས་བརྒྱན། །བསྐལ་བའི་མེ་དཔུང་འབར་བའི་ཀློང་ན་བཞུགས། །གནས་ཡུལ་ཁྲོ་མོ་བཅུ་དྲུག་བརྗིད་པའི་ཚུལ། །ཕྱག་རྒྱའི་ཁྲོ་མོ་བཞི་ཡིས་སྒོ་བཞི་སྲུང་། །སྤོར་མ་བརྒྱད་དང་དབང་མོ་ཉི་ཤུ་བརྒྱད། །རང་རང་སྟན་དང་ལག་ཆ་སྣ་ཚོགས་ཐོགས། །ཅི་བགྱི་ཞེས་གསོལ་ཆས་ཏེ་གནས་པར་གྱུར། །དེ་ལྟར་རྩ་བའི་དཀྱིལ་འཁོར་གསལ་བཀོད་ནས། །ཌཱཀྐི་མ་སྲིང་གིང་དང་ཕོ་ཉར་བཅས། །སྣང་སྲིད་ཐམས་ཅད་འབར་བའི་དཀྱིལ་འཁོར་གསལ། །ཕྱོགས་བཅུ་རྒྱལ་བའི་འཁོར་ལོར་སངས་རྒྱས་ནས། །འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་བཞུགས་སོ་འཚལ། །སྐད་ཅིག་གཅིག་ལ་བདེ་གཤེགས་སྐུར་སྟོན་ལ། །བྱིན་རླབས་མཆོག་དང་ལྡན་པར་མཛད་དུ་གསོལ། །སྨན་འཛབ་ལས། རང་གི་ཐུགས་ཀའི་སྔགས་ཕྲེང་ལས་བྱུང་བའི་འོད་ཟེར་དང་། འཐེབ་སྲིན་རྟ་མགྲིན་ཡབ་ཡུམ་དུ་མཉམ་པར་རོལ་བའི་བྱང་ཆུབ་སེམས་ཀྱི་འོད་ཟེར་གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཁོང་སེང་ནས་སོང་བ་བདུད་རྩིའི་ཕོ་བྲང་ལ་ཕོག་དེས་བདུད་རྩི་སྦྱངས་ཞུ་སྦར་བའི་རླངས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། རྗེས་ཆགས་ཀྱི་རོལ་བའི་བྱང་ཆུབ་སེམས་ཀྱི་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བསྡུས་ནས། ཡབ་ཡུམ་དགྱེས་པར་རོལ་བའི་བྱང་ཆུབ་ཀྱི་སེམས་རྒྱུན་བབས་པ་དང་ལྷན་ཅིག་བདུད་རྩི་ལ་ཐིམ་པས་ཞུ་ཞིང་འདྲེས་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་འཁྱིལ་བར་གྱུར། ཨོཾ། རྫོགས་པའི་ཡེ་ཤེས་རྨད་པོ་ཆེ། །ཟླ་གམ་དཀྱིལ་འཁོར་རིན་ཆེན་དབང་། །ཤར་གྱི་ཕྱོགས་སུ་ཁ་བལྟས་ནས། །འདས་པའི་བུདྡྷ་སྤྱན་ཡང་འདྲེན། །མཆོད་ཁང་ཡིད་བཞིན་རིན་པོ་ཆེ། །རུ་ལུ་འབྲུ་བརྒྱད་ཡེ་ཤེས་ཕྲེང་། །ཕར་འཕྲོས་པས་ནི་ཐུགས་དམ་བསྐུལ། །སླར་འདུས་པས་ནི་དངོས་གྲུབ་སྩལ། །འདི་ཡང་བསྙེན་པའི་མཆོག་ཡིན་ཏེ། །ནམ་ཡང་ཉམས་པའི་དུས་མཐའ་མེད། །དུག་གསུམ་དབྱིངས་སུ་སྦྱོང་བར་མཛོད། །ཅེས་བསྐུལ་ནས། གཡོན་པའི་མཐེབ་སྲིན་གྱིས་གཟུངས་ཐག་ལ་འཇུས་ཏེ། ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ། ཞེས་འབྲུ་བཅོ་ལྔ་པ་དང་། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། འབྲུ་བརྒྱད་པ་གཉིས་གཙོ་བོར་བཟླ། མཇུག་ཏུ། བཛྲ་ཨ་མྲྀ་ཏ་ཨོཾ་ཨཱཿ་ཧཱུྃ་ཧྲཱིཿཋ། ཞེས་པའང་ཅུང་ཟད་བཟླས་ལ། ཨོཾ་ཨཱཿ་ཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ། ཞེས་དགུ་པའི་འཛབ་འདི་ཉིད་ཆིག་དྲིལ་དུ་བཟླས་རྗེས། ཚེ་སྒྲུབ་པ་ནི། བྷྲུྃ་བཛྲ་ཨ་ཡུ་ཥེ་ཧཱུྃ་ཨཿ ཞེས་བརྒྱ་རྩ་བརྒྱད་བཟླས་ལ། ཧྲཱིཿ ནུབ་ཕྱོགས་པདྨ་དབང་གི་གཞལ་ཡས་ནས། །བཅོམ་ལྡན་རིགས་ལྔ་ཡབ་ཡུམ་ཚེ་དཔག་མེད། །སེམས་དཔའ་སེམས་མ་སྒོ་མ་བཅས་རྣམས་ཀྱིས། །ཚེ་དང་ཡེ་ཤེས་འགུག་པའི་ལས་མཛོད་ཅིག །ཨོཾ་ནྲྀ་བྷྲུྃ་ཧཱྃ་ཨ་ཡུ་ཥེ་ཛ་ཛཿཧཱུྃ་ཨཱཿ ཞེས་ཚེ་བཀུག དེ་ནས་དབང་བསྐུར་བ་ནི། ཨཱྃ་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ། སྭཱ་བཛྲ་ཨ༴ ཧཱུྃ་བཛྲ་ཨཱ༴ཧཱ་བཛྲ་ཨཱ་ཡུ༴ ཞེས་ཚེ་དབང་བསྐུར་རོ། །དེ་ནས་འཛབ་མཇུག་བསྡུ་བ་ནི། ཧཱུྃ། རྒྱུ་འབྲས་སྩོལ་བའི་སོགས། ཨེ་མ། རང་སྣང་སོགས། ཡེ་ནས་གཉིས་མེད་སོགས། བཛྲ་ས་མ་ཡ་མུ་དྲ་སོགས། རང་བཞིན་གྱི་དཀྱིལ་འཁོར་སོགས་ཡིག་བརྒྱ་བརྗོད། ཁམས་གསེང་། དེ་ནས་ཕྱི་ཆོག་ལ་འཇུག མི་གནས་མི་རྟོག་སོགས་ནས་འཛབ་ཁང་དབྱེ་བའི་བར། སྨན་སྲུང་སྤྱན་འདྲེན། རྟོག་བསལ། འཛབ་ཁང་དབྱེ། འཁོར་བ་ཆོས་སོགས། ཨོཾ་གུ་ཧྱ་ཛྙཱ་ན་སོགས། སྨན་འཛབ། བྷྲུྃ་བི་ཤྭ་བི་ཤུདྡྷེ་སོགས། གསང་བའི་རྡོ་རྗེ་དང་ཞབས་བརྒྱད། ཡུམ་གྱི་ཞལ་དགུ་དང་སྦྱོར་བ། ཞར་བྱུང་། ཨེ་མ་ཧོ་དཔལ་ཆེན་ཆེ་མཆོག་སོགས་ནས། སྨན་འཛབ་ལས། རང་གི་ཐུགས་ཀར་སོགས་ནས་ཆོ་ག་མཐར་དབྱུང་བར་བྱའོ། །དེ་ལྟར་ཉེར་ལྔ་ནས་གནམ་གང་བར་ཕྱེ་སྒྲུབ་དེ་ལྟར་བྱ་བ་དང་། ཚེས་གཅིག་ཉིན། བཞི་པ་དངོས་གྲུབ་བླང་བ་ནི། མཚམས་བཤགས་དམ་བཅའ་བྱིན་དབབ་རྣམས་སྔོན་དུ་འགྲོ་བས་དངོས་གྲུབ་བསྐུལ་བའི་འཛབ་ནི། དེ་ནས་བདུད་རྩི་སྐྱེལ་བའི་དགོངས་པ་ནི་རྟགས་མཚན་ཇི་ལྟར་རིགས་པ་བྱུང་བ་དང་། སྣོད་བྷནྫ་འབར་བའི་གཞལ་ཡས་ཁང་དུ་བཅུད་བདུད་རྩིའི་རྒྱ་མཚོར་བསྐྱིལ་བ་ལ་སྨན་སྲུང་རྣམས་ཀྱིས་ཀྱང་མཚོ་ལ་སྦྲང་ཆར་བབ་པ་བཞིན་དུ་ཕབ་པས་དངོས་གྲུབ་གསོས་བཏབ་པར་མོས་ལ། ཨོཾ་ཨཱཿ་ཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཧྲཱིཿ་ཋ། ཞེས་བཟླས་ནས་བསྐྱིལ་བས་དབབ་པ་ནི། སྨན་སྲུང་རྣམས་བསྐུལ་ཞིང་། བདག་ཅག་སྐལ་ལྡན་སྒྲུབ་པ་པོའི། །ལོངས་སྤྱོད་བདུད་རྩི་རྫས་མཆོག་གིས། །རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་། །དམ་བཅའ་མ་གཡེལ་དམ་ལ་འདུས། །སྨན་གྱི་སྲུང་མ་དམ་ཚིག་ཅན། །བདུད་རྩི་སྨན་གྱི་གཡབ་དོར་ན། །རྟགས་དང་མཚན་མ་བསྟན་པ་དང་། །སྒྲུབ་པ་པོ་ཡི་ཕྲིན་ལས་མཛོད། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་མེ་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཧྲཱིཿཋ། ཞེས་བཟླ་ཞིང་དབབ་པའི་ཕྱག་རྒྱ་སྨན་ལ་གཏུག་གོ །དེ་ནས་དབང་དུ་བྱ་བའི་དགོངས་པ་ནི་རྟགས་བསྟན་ནས་དངོས་གྲུབ་བླང་རན་པ་དང་བྱ་སྟེ། སྨན་གྱི་ཕོ་བྲང་ནང་དུ་རྟ་མགྲིན་ཡབ་ཡུམ་གསལ་བའི་བྱང་སེམས་སྨན་དང་འདྲེས་ནས་གཟུངས་ཐག་ཁོང་སེང་གི་ལམ་རྒྱུད་དེ་བྱུང་བ་བདག་ལ་ཐིམ་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་བྷནྡྷ་བྷནྡྷ་ཧཱུྃ་ཧྲཱིཿཋ། ཞེས་དངོས་གྲུབ་གཞན་གྱིས་མི་འཕྲོག་པར་བདག་གིས་ཐོབ་པར་བསམ་མོ། །སླར་ཡང་སྨན་གྱི་ལྷ་ཚོགས་རྣམས་ཀྱི་གནས་ལྔ་ནས་རྡོ་རྗེ་རྩེ་ལྔའི་དངོས་གྲུབ་ཐམས་ཅད་འཆི་མེད་བདུད་རྩིའི་རྣམ་པར་བྱུང་བ་རང་ལ་ཐིམ་པར་བསམ་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་མཉྫུ་ཤྲི་བྱ་བ་ལོ་ཀི་ཏེ་ཧཱུྃ་ཧྲཱི་ཋ། ཞེས་བཟླ་དེ་ནས་གཡོན་པའི་མཐེབ་སྲིན་རྩེ་སྤྲད་པས་བདུད་རྩིའི་སྟེང་ནས་མནན་ཏེ། ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ནི་ཨ་མྲྀ་ཏ་སིདྡྷི་ཧཱུྃ་ཧྲཱིཿཋ། ཞེས་བཟླ་ནས་སྒྲུབ་ཁོག་ཏུ་གནད་ནས་ཚིག ཧཱུྃ། ནམ་མཁའི་མཐའ་ཀླས་ཆོས་ཀྱི་དབྱིངས་ཀྱིས་ཁྱབ། །མ་ཆགས་སྤྱན་མངའ་མ་སྒྲིབ་ཡེ་ཤེས་གསལ། །ཀུན་ནས་ཀུན་ཏུ་དངོས་གྲུབ་སྩལ་དུ་གསོལ། །རྡོ་རྗེའི་ཞག་གིས་ཚང་ལགས་སོ། །བཟླས་བརྗོད་གྲངས་ཀྱང་ཐེབ་ལགས་སོ། །དངོས་གྲུབ་སྩོལ་བའི་དུས་འདི་ལགས། །འགྲོ་བ་མང་པོ་བདག་གིས་སྒྲོལ། །བླ་མེད་བྱང་ཆུབ་བདག་གིས་སྒྲུབས། །མཐུ་ཆེན་མཐུ་ཆེན་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་གི་ལས་འབྲས་མཆིས་པར་མཛོད། །ཞེས་པའི་བར་གྱིས་བསྐུལ། རྗེས་མེ་ཏོག་དོར་ནས་སྨན་གྱི་དངོས་གྲུབ་བླངས་ཤིང་དབང་ནོད་པ་སོགས་བྱའོ། །ལྔ་པ་མེ་ཏོག་དོར་བ་ནི། ཧཱུྃ། འཆི་མེད་བདུད་རྩིའི་དཀྱིལ་འཁོར་ལ། །ཇི་ལྟར་མཆོད་ཅིང་བསྟོད་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །མཆོད་སྤྲིན་མེ་ཏོག་འབུལ་ལགས་ན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨོཾ་བོ་དྷི་ཙིཏྟ་ཀཱ་ཡ་ཝཀྐ་ཙིཏྟ་མ་ཧཱ་ས་མ་ཡ་ཨཱཿ ཞེས་མེ་ཏོག་དོར། དྲུག་པ་དབང་ནོད་ཅིང་བསྐུར་བ་ནི། སྨན་སློབ་དཔོན་གྱི་སྤྱི་བོར་བཞག་ལ། ཧཱུྃ། བདུད་རྩིའི་ལྷ་ཚོགས་རང་བཞིན་དཀྱིལ་འཁོར་ངང་། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་ནས་ཀྱང་། །བདག་ཉིད་སྒོ་གསུམ་དཔལ་ཆེན་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་དང་དབྱེར་མེད་བྱིན་དབང་བསྐུར། །ཨ་མྲྀ་ཏ་ཀཱ་ཡ་ཝཀྐ་ཙིཏྟ་ཨ་བྷི་ཥིཉྩ་སིདྡྷི་ཕ་ལ་ཧོཿ ཞེས་དབང་བསྐུར་གོང་རུ་ལུའི་འཛབ་བཟླ་ཞིང་མེ་ཏོག་ཕུལ་ཏེ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཀུན་ཏུ་བཟང་པོའི་ངང་དུ་ལྟོས་བཅའ་ན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དམ་པ་དེ། །རྡོ་རྗེ་རྒྱལ་པོས་དབང་བསྐུར་བྱིན་གྱིས་རློབས། །ཞེས་གསོལ་བ་གདབ། སློབ་མ་རྣམས་ལ་སྨན་གྱི་ཕོ་བྲང་གིས་དབང་བསྐུར་བ་ནི། གདོད་ནས་མ་སྐྱེས་རྣམ་རྟོག་ཆོས་ཀྱི་དབྱིངས། །དག་དང་མ་དག་མི་རྟོག་རྟོག་ལས་འདས། །དུས་གསུམ་གཅིག་ལ་སྐུར་བསྟན་ཕྱིར་བཤོལ་མེད། །དངོས་གྲུབ་སྣ་ཚོགས་རླབས་ཆེན་འབར་བ་ཅན། །སུ་འདོད་སྦྱིན་གྱིས་ད་ལྟ་ང་ལས་ལོངས། །བསྐལ་བ་སྒྲིབ་པའི་གཏི་མུག་མུན་པ་ལ། །སྤྲིན་མཐོང་ཉི་ཤར་ཁུངས་པར་དྲི་བ་བཞིན། །བདུད་རྩི་རྒྱལ་པོའི་དབང་ཆེན་འདི་བྱིན་པས། །རིག་འཛིན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷི་ཤྭ་རི་སྟྭཾ་ས་མ་ཡ་ཨ་བེ་ཤ་ཡ་ཨཱ། ཞེས་དབང་བསྐུར་ཕན་ཡོན་བརྗོད་པ་ནི། ཚེ་དང་སྐོངས་དང་ཡིད་དུ་འོང་། །བགེགས་རྣམས་ཞི་བ་ལ་སོགས་ཏེ། །ནད་དང་བྲལ་ནས་ཅི་འདོད་པའི། །ཡོན་ཏན་རྩ་བརྒྱད་འདིས་ཐོབ་བོ། །ཞེས་བརྗོད། ལྔ་པ་རྒྱ་དཀྲོལ་ཏེ་མཆོད་ཅིང་འགོད་པ་ནི། ཨོཾ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་སྭཱ་ཧཱ། མ་ཧཱ་གུ་ཧྱ་ཤྲི་དྷི་ཧཱུྃ་ཧྲཱིཿཋ། ཞེས་བརྒྱ་རྩ་བཟླས་ནས། དེ་ནས་ལས་ཀྱི་སློབ་དཔོན་ལ་འབུལ་ཞིང་། ཨེ་མ་ཧོ། ངོ་མཚར་རྨད་དུ་བྱུང་བའི་ཆོས། །ནམ་མཁའ་དང་ནི་མཉམ་པའི་གནས། །རྣམ་པར་མི་རྟོག་རྟོག་ལས་འདས། །ཀུན་རྫོབ་ཙམ་དུ་བསྟན་པས་འཆར། །ཞེས་བརྗོད་ཅིང་སློབ་དཔོན་གྱིས། ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ཨ་མྲྀ་ཏ་སིདྡྷི་ཧྲཱིཿ ཞེས་པས་བླངས་ནས་སྨན་ཐོད་ལ་དཀྲིས་པའི་སྲད་བུ་ལ་སོགས། བཛྲ་ཨ་བེ་ཤ་ཡ་ཕཊཿ ཅེས་རིགས་པ་དཀྲོལ་ནས་སྨན་ཁ་ཕྱེས་ལ། སྨན་གྱི་བདུད་རྩི་འོད་ཀྱི་རྣམ་པས་བདག་གི་གནས་གསུམ་དུ་ཐིམ་པར་བསམ་ཞིང་། ཨ་མྲྀ་ཏ་ཀཱ་ཡ་ཝཀྐ་ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད་དེ་ནས་སྨན་ཐོད་ལ་གཞལ་སྟེ་ཇི་ཙམ་འཕེལ་བརྟགས་ནས་སྔར་གྱི་སྟེགས་ལ་འགོད། ཐོད་ཆང་ལ་བདུད་རྩི་ཅུང་ཟད་བཏབ་ནས། ཧཱུྃ། སྟོང་གསུམ་བྷནྡྷའི་བཟང་ཁང་སོགས་ཀྱིས་སོ་སོའི་མཚན་དོན་སྦྱར་བས་རྒྱས་པར་མཆོད། གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་ལྕེ་ཐོག་བཞག་ལ། ཨོཾ་ཨཱཿཧཱུྃ། རྡོ་རྗེ་ལྕེ་ཡི་དམ་ཚིག་ལ། །རྡོ་རྗེ་ཅན་གྱི་འབྲུ་གསུམ་བསྒོམ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །མྱོང་ནས་དངོས་གྲུབ་ཐོབ་པར་འགྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་སིདྡྷི་ཨོཾ། ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་རིམ་པར་བླངས་པ་སྟེ་ལྕེ་ལ་བཞག་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་ནས་ལུས་ཀྱི་རྩ་ཁམས་ཐམས་ཅད་བདུད་རྩིས་ཡོངས་སུ་གང་བས་བདེ་སྟོང་གི་ངང་ལ་མཉམ་པར་བཞག་ཅིང་ལུས་ཀྱི་གནས་རྣམས་སུ་ཐིག་ལེ་ཡང་བྱའོ། །ཅེས་པ་འདི་ནི་འདུས་མདོའི་སྒྲུབ་མཆོད་དང་འབྲེལ་བའི་སྨན་སྒྲུབ་འདོན་ཆ་ཉུང་ངུར་བཀླག་ཆོག་ཏུ་བཀོད་པ་་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །

གུ་རུ་ཡོན་ཏན་གཏེར་མཛོད་རྒྱུན་ཁྱེར་དཔག་བསམ་ལྗོན་ཤིང་བཞུགས་སོ།།

རྒྱལ་བ་ཀུན་འདུས་ཨོ་རྒྱན་པད་འབྱུང་ལ། །འབྲལ་མེད་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །བླ་མ་གསང་འདུས་ཐེམ་མེད་ལས། དབང་ཆེན་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་དང་༔དུས་ཀྱི་རྒྱལ་པོ་ཚེས་བཅུ་ཐམས་ཅད་ལ༔ སྤྲུལ་པ་འཛམ་གླིང་ཁྱབ་པར་འགྱེད༔ མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར༔ མི་ཚེ་བླ་མ་སྒྲུབ་པ་ལ༔ བསྐྱལ་ནས་ཚེ་ཡི་དུས་བྱས་ཚེ༔ ཨོ་རྒྱན་ང་ཡི་ཐུགས་ཀར་ཐིམ༔ ཞེས་དང༌། མོས་གུས་ཅན་གྱི་དྲུང་དུ་ནི༔ ང་ཉིད་འདུ་འབྲལ་མེད་པར་གནས༔ ཞེས་གསུངས་པ་ལྟར་མོས་གུས་དང་དམ་ཚིག་རྣམ་པར་དག་པས་གསོལ་འདེབས་བསམ་པ་ལྷུན་གྲུབ་དང་འབྲེལ་བར་མཆོད་པའི་ཆོ་ག་ཇི་ལྟར་བྱ་བ་ལ། ཐོག་མར་ཡིད་དང་མཐུན་པའི་གནས་ཁང་ཡོངས་སུ་བརྒྱན་ཅིང༌། གུ་རུའི་སྐུ་རྟེན་བཀོད་པའི་མདུན་དུ་སྟེགས་གཙང་མར། བླ་གཏོར་ཆེ་བ་ཕོ་རྒྱུད་མོ་རྒྱུད། སྨན་རཀ་ལ་སོགས་ཏེ་ཕྱི་ནང་གསང་བའི་མཆོད་པ་དང༌། ཉེ་བར་འཁོ་བའི་ཡོ་བྱད་མཐའ་དག་མ་ཚང་པ་མེད་པར་འདུ་བྱས་ནས། །དང་པོ་གསོལ་འདེབས་ནི། ཨོཾ་ཨཱཿ་ཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་འོད་དཔག་མེད། རང་བྱུང་སྤྲུལ་སྐུ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འདུ་འབྲལ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། །པདྨ་རིག་འཛིན་མཁས་མཆོག་བསྟན་འཛིན་དང༌། །ངེས་དོན་བསྟན་འཛིན་མི་འགྱུར་ནམ་མཁའི་མཚན། །ཆོས་ཀྱི་རྡོ་རྗེ་རིམ་བྱོན་བརྒྱུད་འཛིན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འདུ་འབྲལ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་སོགས། དཔལ་ལྡན་རྩ་བའི་སོགས། དཔག་ལྡན་བླ་མའི་རྣམ་སོགས། སྐྱེ་བ་ཀུན་ཏུ་སོགས། མྱུར་ཐོབ་ཤོག །ཚོགས་ཞིང་གསལ་གདབ་པ་ནི། རང་གི་སྙིང་ཁའི་ཧཱུྃ་གི་འོད་ཟེར་གྱིས་སྐྱབས་ཡུལ་གྱི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁར་བཛྲ་ས་མ་ཡ་ཛཿ སྐྱབས་འགྲོ་ནི། ན་མོ། བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབ་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའོ༔ ལན་གསུམ། ཚོགས་བསགས་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆགས་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཚོགས་ཞིང་རྣམས་རང་ལ་བསྡུ། མཆོད་པ་བྱིན་གྱིས་རླབས་པ་ནི། ཨོཾ་སྭ་བྷ་ཝ་སོགས། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲུཾ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་བར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨཱརྒྷཾ་སོགས་ནས་ཤབྟ་ཨ་ཧཱུྃ༔ མཆོད་སྤྲིན་སྔགས་ལན་གསུམ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། བཛྲེ་སཱ་ར་པྲ་མརྡྷ་ནི། ཏ་ཐཱ་ག་ཏཱ་ཡ། ཨཱརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛྭ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། རྟེན་བསྐྱེད་པ་ནི། ཨོཾ་ཨཱཿ་ཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ རྣམ་དག་འོད་ལྔ་རྡོ་རྗེའི་གཞལ་ཡས་ཁང༌། །དེ་དབུས་རིན་ཆེན་པད་སྡོང་འདབ་མ་བཞི། །ལྟེ་བར་ཉི་ཟླ་པདྨ་བརྩེགས་པའི་སྟེང༌། །རང་བྱུང་རྒྱལ་པོ་ཨོ་རྒྱན་རིན་པོ་ཆེ། །ཕྱག་གཡས་ཐོད་པའི་མཁར་བ་ཐུགས་ཀར་བསྣམས། །གཡོན་པས་རིན་ཆེན་ཤེལ་གྱི་བུམ་བཟུང་ནས། །ཟག་མེད་བདུད་རྩི་སྨན་གྱི་དངོས་གྲུབ་འབེབས། །ཞབས་གཉིས་སྐྱིལ་ཀྲུང་དང་པོའི་སྟབས་སུ་བཞུགས། །སྐུ་གསུང་ཐུགས་ལས་འོད་ལྔའི་འཕྲོ་འདུ་འཁྲུགས། །ཐུགས་སྲོག་ཧཱུྃ་དང་འོད་ཀྱི་ཚོམ་བུར་གསལ། །ཕྱོགས་མཚམས་སྟེང་འོག་སྒྲུབ་སྡེ་བརྒྱད་ཀྱི་ལྷ། །རིག་འཛིན་བརྒྱུད་པ་སྤྲིན་ལྟར་ཐིབས་སེ་ཐིབ། །ཕྱོགས་བཞིར་འདབ་མ་ཟླ་སྟེང་ཐིག་ལེ་བཞི། །ཡོངས་གྱུར་རིགས་བཞིའི་མཁའ་འགྲོ་ཕྱོགས་ཀྱི་མདོག །སྐུ་ལས་མཁའ་འགྲོ་འབུམ་འབུམ་ཕྱོགས་བཅུར་འཕྲོ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །ཡེ་ཤེས་ཐམས་ཅད་ཁྱེད་ཀྱི་སྐུ་ལ་རྫོགས། །ཏྲཾ་རཏྣ་མཎྜལ་བྷྲུཾ་ཧཱུྃ། སྤོས་དང་བདུག་རྫས་སོགས་དྲི་ཞིམ་གྱི་དུད་པ་བཏང་ལ། སྤྱན་འདྲེན་ནི། ཧྲཱི༔ སྔོན་གྱི་བསྐལ་བའི་སོགས། སྤྲོ་ན། ཧཱུྃ། བཞེངས་ཤིག་པདྨ་སོགས། ཕ་ལ་ཧཱུྃ། བཞུགས་གསོལ་ཕྱག་འཚལ་ནི། ཧཱུྃ། རིན་ཆེན་ཕོ་བྲང་རྒྱ་རེ་ཆེ། །པདྨ་ཉི་ཟླ་མདངས་རེ་གསལ། །མ་ཧཱ་གུ་རུའི་ལྷ་ཚོགས་རྣམས། །དགྱེས་ཤིང་བྱིན་གྱིས་བརླབ་ཕྱིར་བཞུགས། །མོས་ལྡན་བུ་ལ་ཞལ་བསྟན་འཚལ། །མཆོག་ཐུན་དངོས་གྲུབ་ཆར་འབེབས་པའི། །ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །པདྨ་ཀ་མ་ལཱ་ཡ་སྟྭམ། ཨ་ཏི་པུ་ཧོ། པྲ་ཏི་ཙ་ཧོ། མཆོད་པ་ནི། ཨོཾ་ཨཱཿཧཱུྃ། ཡན་ལག་བརྒྱད་ལྡན་མཆོད་ཡོན་སྦྲེང༌། །དག་ཅིང་ཞབས་བསིལ་གངྒའི་རྒྱུན། །སྣ་ཚོགས་མཛེས་པའི་མེ་ཏོག་ཚལ། །ཙནྡན་ལ་སོགས་བདུག་སྤོས་སྤྲིན། །མ་རིག་མུན་སེལ་གཟུགས་གསལ་བ། །ག་བུར་སོགས་སྦྱར་རྨད་བྱུང་དྲི། །རོ་བརྒྱ་བཤོས་གཙང་བཅུད་ལྡན་དང་། །སྒྲ་སྙན་རོལ་མོ་སྣ་ཚོགས་འབུལ། །མཛེས་པའི་གཟུགས་དང་སྙན་པའི་སྒྲ། །དྲི་བཟང་ལྷ་མིའི་བཅུད་ལྡན་ཟས། །སྣ་ཚོགས་རེག་བྱ་དཔག་མེད་འབུལ། །གདུགས་བཟང་གསེར་ཉ་པདྨ་དུང༌། །བུམ་པ་རྒྱལ་མཚན་དཔལ་བེའུ་འབར། །འཁོར་ལོ་ནོར་བུ་བཙུན་མོ་དང༌། །བློན་པོ་གླང་པོ་རྟ་མཆོག་དང༌། །དམག་དཔོན་ལ་སོགས་རིན་ཆེན་འབུལ། །ཡུངས་ཀར་དུར་ཝ་བིལ་བ་ཞོ། །མེ་ལོང་ལི་ཁྲི་དུང་དཀར་དང༌། །གི་ཝཾ་ལ་སོགས་སྲིད་གསུམ་ན། །མཆོད་འོས་རྨད་བྱུང་ཇི་སྙེད་འབུལ། །བདག་ལ་བརྩེ་བས་བཞེས་ནས་ཀྱང༌། །ཚེ་བསོད་དཔལ་འབྱོར་མཆོག་ཐུན་གྱི། །དངོས་གྲུབ་གངྒའི་རྒྱུན་ལྟར་ཕོབ། །བྱང་ཆུབ་རྒྱལ་སར་འཚོ་མཛད་གསོལ། །བསྡུ་ན། ཧཱུྃ། དངོས་སུ་འབྱོར་དང་སོགས། ཨོཾ་བཛྲ་ཨཱརྒྷཾ་སོགས་ནས་ཤབྟ་པུ་ཛ་ཧོ། རུ་པ་ཤབྟ་གནྡྷེ་ར་ས་པརྴེ་དྷརྨ་དྷརྟུ་པུ་ཛ་ཨཱ་ཧཱུྃ་མ་ཧཱ་པཉྩ་བྷ་ལིངྟ་རཀྟ་ག་ན་ཙཀྲཱ་ཁཱ་ཧི་ཁ་ཧི། བསྟོད་པ་ནི། ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་འོད་གསལ་བླ་མ་ལོངས་སྤྱོད་རྫོགས། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་མཆོག་བརྙེས་ཡ་མཚན་ཆེན་པོའི་སྐུ། །པདྨ་ལས་འཁྲུངས་ཚེ་དབང་རྡོ་རྗེའི་སྐུ། །བདེ་ཆེན་ཀློང་ནས་ལྷུན་གྱིས་གྲུབ་པའི་སྐུ། །པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད། །མ་ཆགས་སྐྱོན་བྲལ་གསུང་རབ་རྒྱ་མཚོའི་གླིང༌། །གསང་སྔགས་མ་ལུགས་དམ་ཆོས་རིན་ཆེན་མཛོད། །ཚངས་དབྱངས་ཟབ་མོའི་ཆོས་ཀྱི་ཆར་འབེབ་པ། །པདྨ་རྒྱལ་པོའི་གསུང་ལ་ཕྱག་འཚལ་བསྟོད། །ཆོས་སྐུ་སྤྲོས་བྲལ་མཁའ་ལྟར་དག་པའི་ངང༌། །ཏིང་འཛིན་སྐར་ཚོགས་འབུམ་ཕྲག་ཡངས་པའི་ཐུགས། །ཇི་སྙེད་ཇི་བཞིན་གཟིགས་པ་ཉི་ཟླའི་སྤྱན། །པདྨ་ཐོད་ཕྲེང་ཐུགས་ལ་ཕྱག་འཚལ་བསྟོད། །བསྡུ་ན། ཧྲི༔ མ་བཅོས་སྤྲོས་བྲལ་སོགས་ཀྱིས་བསྟོད། དེ་ནས། ཀྱེ་ཀྱེ་ཨོ་རྒྱན་རིན་པོ་ཆེ། །བདག་ལ་རེ་ལྟོས་ཁྱེད་ལས་མེད། །སྙིང་ནས་གུས་པས་གསོལ་འདེབས་ན། །དབང་དང་བྱིན་རླབས་སྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། བསྙེན་པ་བཟླ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། འཛབ་དབྱངས་ལན་གསུམ། བཟླས་དམིགས་ནི། བདག་མདུན་གྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། བསྟན་གཡོ་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་མ་དག་པའི་སྣང་བ་རྒྱུ་དང་བཅས་བ་སྦྱངས་ཏེ། ལྷ་སྔགས་ཡེ་ཤེས་ཀྱི་རོལ་བར་གསལ་བར་བསམ་མོ། །བསམ་ལྷུན་གྲངས་མང་དང་བསམ་མྱུར་ཁ་ཤས་སོགས་བརྗོད་མཐར། མི་རྟོག་ངང་ལས་གཞལ་ཡས་གདན་རྣམས་བསྐྱེད། །པད་སྡོང་ཉི་ཟླ་འབར་བའི་གདན་སྟེང་དུ། །སྐད་ཅིག་དྲན་རྫོགས་བླ་མ་སྤྲུལ་པའི་སྐུ། །རབ་བྱུང་ཆ་ལུགས་ཞི་མ་ཁྲོ་ཡི་ཉམས། །ཕྱག་གཡས་ཐོད་མཁར་གཡོན་པས་ཤེལ་བུམ་བསྣམས། །ཕྱོགས་བཞིར་རིགས་བཞི་རིགས་ཀྱི་ཕྱག་མཚན་འཛིན། །དཀར་སེར་དམར་ལྗང་ཅང་ཏེའུ་དྲིལ་བུ་གཡོན། །གྲི་ཐོད་ཁ་ཊཾ་བསྣམས་ཤིང་གར་སྟབས་བཞུགས། །རིན་ཆེན་རུས་རྒྱན་དར་དཔྱང་ཅོད་པཎ་ཕུལ། །སྟེང་ན་ཀུན་བཟང་མཐའ་ཡས་སྤྱན་རས་གཟིགས། །སྟེང་འོག་ཕྱོགས་མཚམས་རིག་འཛིན་མཁའ་འགྲོས་གང༌། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་ཌཱཀྐི་ནི་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོ། ན་མོ་པུ་རུ་ཤ་ཡ་ཧོ། མཆོད་པ་ནི། ཧཱུྃ། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ནམ་མཁའ་མཛོད་སྔགས། ན་མ་སརྦ་ཏ་ཐཱ་སོགས། བསྟོད་པ་ནི། ཨེ་མ་ཧོ། མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །འགག་མེད་སྒྱུ་འཕྲུལ་རྡོ་རྗེ་སེམས་དཔའ་དངོས། །ཐུགས་རྗེའི་འགྲོ་དྲུག་འདྲེན་པའི་སྟོབས་མངའ་བ། །རྗེ་བཙུན་ཨོ་རྒྱན་གུ་རུའི་སྐུ་ལ་བསྟོད། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨ་ཧ་རི་ནི་ས་ཧཱུྃ། ཤནྟིཾ་པུཥྟིཾ་ཝ་ཤཾ་མཱ་ར་ཡ་སརྦ་ཀརྨ་སིདྡྷི་ཧཱུྃ་ཨཱཿ ཅུང་ཟད་བཟླ། ཚོགས་རྫས་བཟའ་བཏུང་སོགས་ཅི་འབྱོར་བཤམས་ལ། བདག་ཉིད་ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་པས། །ཚོགས་ཀྱི་དངོས་འཛིན་དྲི་མ་སྦྱངས་སྒྱུར་སྤེལ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །སྤྱན་འདྲེན་འདིར་གཤེགས་དགྱེས་པའི་ཚུལ་དུ་བཞུགས། བཛྲ་ས་མ་ཡཱ་ཛཿཧཱུྃ། བླ་མ་རྗེ་བཙུན་པདྨ་ཐོད་འཕྲེང་རྩལ། །རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པ་ཡི། །རྩ་གསུམ་ཀུན་འདུས་རྒྱལ་བའི་དཀྱིལ་འཁོར་ལ། །འདོད་ཡོན་ལྔ་ལྡན་ཚོགས་ཀྱིས་མཆོད་པ་འབུལ། །མ་རིག་དབང་གྱུར་ཉེས་ལྟུང་སྙིང་ནས་བཤགས། །གཟུང་འཛིན་གཉིས་སྣང་དགྲ་བགེགས་དབྱིངས་སུ་སྒྲོལ། །བཀའ་ཉན་ལྷག་ལ་དབང་བས་གཏོར་མ་བཞེས། བསམ་པ་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །དེ་ནས་ཐུགས་དམ་གནད་ནས་བསྐུལ་བའི་འདོད་གསོལ་ནི། ཨེ་མ་ཧོ། བདེ་ཆེན་ཆོས་སྐུའི་ཞིང་ན་སྣང་མཐའ་ཡས། །དཔལ་ལྡན་གྲུ་འཛིན་རི་བོར་སྤྱན་རས་གཟིགས། །རྔ་ཡབ་དཔལ་རིར་མཚོ་སྐྱེས་ཐོད་ཕྲེང་རྩལ། །སྐུ་གསུམ་དབྱེར་མེད་མཆོག་ལ་གསོལ་བ་འདེབས། །མགོན་ཁྱོད་བླ་མ་མཆོག་གསུམ་ཡི་དམ་དང༌། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་བཅས། །སྐྱབས་གནས་ཀུན་འདུས་ངོ་བོར་ཤེས་པའི་བློས། །སྙིང་ནས་འབོད་དོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བདག་དང་བདག་འདྲའི་མགོན་མེད་སྙིགས་མའི་འགྲོར། །གང་ལ་གང་འདུལ་སྤྲུལ་པའི་སྐུར་བཞེངས་ལ། །གནས་སྐབས་མཐར་ཐུག་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛོད་ཅིག་པདྨ་འབྱུང༌། །ཁྱད་པར་ནད་གདོན་དྲག་པོའི་གཟིར་བའི་ཚེ། །ཨོ་རྒྱན་སྨན་གྱི་བླ་མའི་སྐུར་བཞེངས་ལ། །བྱིན་རླབས་དཔག་བསམ་རྒྱས་པའི་གྲིབ་བསིལ་དུ། །ངལ་གསོའི་དབུགས་འབྱིན་མཛོད་ཅིག་པདྨ་འབྱུང༌། །རྣམ་མང་དུས་མིན་འཆི་བས་འཇིགས་པ་ན། །ཨོ་རྒྱན་ཚེ་དཔག་མེད་མགོན་སྐུར་བཞེངས་ལ། །འཆི་མེད་ཚེ་དང་ཡེ་ཤེས་མཆོག་གྲུབ་པའི། །སྐལ་བཟང་མངོན་སུམ་སྩོལ་ཅིག་པདྨ་འབྱུང༌། །སྣོད་བཅུད་རྒུད་པའི་གདུང་བས་ཉམ་ཐག་ཚེ། །ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྐུར་བཞེངས་ལ། །དཔལ་འབྱོར་ལོངས་སྤྱོད་རྫོགས་ལྡན་སྤྲིན་ཆེན་ལས། །འདོད་དགུའི་གྲུ་ཆར་ཕོབས་ཤིག་པདྨ་འབྱུང༌། །ལུང་རྟོགས་ཆོས་ཀྱི་དགའ་སྟོན་ཉམས་པའི་ཚེ། །ཨོ་རྒྱན་ཤཱཀྱ་སེངྒེའི་སྐུར་བཞེངས་ལ། །བསྟན་འཛིན་ཞབས་བརྟན་བཤད་དང་སྒྲུབ་པ་ཡི། །བསྟན་པ་རྒྱས་པར་མཛོད་ཅིག་པདྨ་འབྱུང༌། །རྨོངས་དང་མ་རིག་འཐིབས་པོས་ནོན་པའི་ཚེ། །ཨོ་རྒྱན་བློ་ལྡན་མཆོག་སྲེད་སྐུར་བཞེངས་ལ། །ཇི་ལྟ་ཇི་སྙེད་ཤེས་བྱ་ཀུན་མཁྱེན་པའི། །ཡེ་ཤེས་སྣང་བ་སྩོལ་ཅིག་པདྨ་འབྱུང༌། །རང་དང་གཞན་གྱི་དོན་གཉིས་སྒྲུབ་པའི་ཚེ། །ཨོ་རྒྱན་པདྨ་སཾ་བྷའི་སྐུར་བཞེངས་ལ། །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཀྱི། །དགེ་མཚན་རྒྱས་པར་མཛོད་ཅིག་པདྨ་འབྱུང་། །མཁའ་ཁྱབ་འགྲོ་བའི་དོན་ལ་སྤྱོད་པའི་ཚེ། །ཨོ་རྒྱན་ཉི་མ་འོད་ཟེར་སྐུར་བཞེངས་ལ། །མཐོང་ཐོས་དྲན་རེག་གདུལ་བྱའི་ཚོགས་རྣམས་ཀུན། །སྨིན་ཅིང་གྲོལ་བར་མཛོད་ཅིག་པདྨ་འབྱུང༌། །རླབས་ཆེན་བསྟན་འགྲོའི་ཕན་བདེ་སྤེལ་བའི་ཚེ། །ཨོ་རྒྱན་པདྨ་རྒྱལ་པོའི་སྐུར་བཞེངས་ལ། །ཁམས་གསུམ་སྲིད་ཞིའི་ལེགས་ཚོགས་ཇི་སྙེད་ཀུན། །འབད་མེད་དབང་དུ་སྡུས་ཤིག་པདྨ་འབྱུང༌། །ཕས་རྒོལ་གཟའ་ཀླུ་འབྱུང་པོས་འཚེ་བའི་ཚེ། །ཨོ་རྒྱན་སེངྒེ་སྒྲ་སྒྲོག་སྐུར་བཞེངས་ལ། །མཐུ་སྟོབས་ཕྱག་ན་རྡོ་རྗེ་འབར་བ་ཡིས། །མིང་གི་ལྷག་མར་མཛོད་ཅིག་པདྨ་འབྱུང་། །མཐའ་དམག་དུས་འཁྲུགས་རྒྱལ་འགོང་འཚེ་བའི་ཚེ། །ཨོ་རྒྱན་རྡོ་རྗེ་གྲོ་ལོད་སྐུར་བཞེངས་ལ། །གཟུགས་ཅན་གཟུགས་མེད་དམ་སྲིའི་ཚོགས་རྣམས་ཀྱི། །དོན་སྙིང་ལྐོག་མར་ཕྱུངས་ཤིག་པདྨ་འབྱུང༌། །རྩེ་གཅིག་ཟབ་མོའི་རྣལ་འབྱོར་སྒོམ་པའི་ཚེ། །ཨོ་རྒྱན་རྡོ་རྗེ་འཆང་གི་སྐུར་བཞེངས་ལ། །སྐྱེད་རྫོགས་རྫོགས་པ་ཆེན་པོའི་གསེང་ལམ་ནས། །ཟུང་འཇུག་འགྲུབ་པར་མཛོད་ཅིག་པདྨ་འབྱུང༌། །གལ་ཏེ་ཚེ་འདིར་བརྟན་པ་མ་ཐོབ་ན། །ཨོ་རྒྱན་སྣང་བ་མཐའ་ཡས་སྐུར་བཞེངས་ལ། །འཆི་ཁར་མནར་གཅོད་སྡུག་བསྔལ་ཞི་བ་དང༌། །བདེ་ཆེན་ཞིང་དུ་ཁྲིད་ཅིག་པདྨ་འབྱུང༌། །དེ་ཡང་འཁྲུལ་ནས་བར་དོ་འཁྱམས་སྲིད་ན། །ཨོ་རྒྱན་དུས་གསུམ་མཁྱེན་པའི་སྐུར་བཞེངས་ལ། །འཇིགས་སྐྲག་འཁྲུལ་སྣང་རང་སར་གྲོལ་བ་དང༌། །དག་པའི་ཞིང་དུ་དྲོངས་ཤིག་པདྨ་འབྱུང་། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །སྐྱིད་སྡུག་ལེགས་ཉེས་བཟང་ངན་ཅི་བྱུང་ཡང༌། །མགོན་པོ་ཁྱེད་ལས་སྐྱབས་གཞན་མ་མཆིས་པས། །འབྲལ་མེད་བྱིན་གྱིས་རློབས་ཤིག་པདྨ་འབྱུང༌། །ཞེས་པ་འདིའང་འཇམ་དབྱངས་མཁྱེན་བརྩེས་གསུངས་སོ། །དེ་ནས་དངོས་གྲུབ་བླང་བ་ནི། བླ་མའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་ཅིག་ཆར་བྱུང༌། །བདག་གི་གནས་གསུམ་ཞུགས་ཤིང་ཐིམ་པ་ཡིས། །དབང་བསྐུར་སྒྲིབ་བྱང་སྨིན་གྲོལ་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སོགས། ཀཱ་ཡ་ཝཀྐ་ཙིཏྟ་སོགས། ཧཱུྃ། དེ་ནས་གཏོར་བསྔོས་བསྡུས་ཙམ་བྱ། མཆོད་བསྟོད་ནི། ཨོཾ་མ་ཧཱ་གུ་རུ་ས་པ་རི་ཝཱ་ར་ཨཱརྒྷཾ་སོགས་ནས། ས་མ་ཡ་ཁ་ཧི་ཁ་ཧི། ཧྲཱི༔ མ་བཅོས་སྤྲོས་བྲལ་སོགས་ཀྱི་བསྟོད་མཐར། བཟོད་གསོལ་ནི། མ་རྙེད་ཡོངས་སུ་སོགས། ཡིག་བརྒྱ་ལན་གསུམ། བརྟེན་བཞུགས་བྱ། བསྡུ་རིམ་ནི། ཧཱུྃ། སྣོད་བཅུད་གཞལ་ཡས་ཁང་དང་ལྷ། །མཁའ་ལ་སྤྲིན་བཞིན་དབྱིངས་སུ་ཐིམ། །གནས་ལུགས་རྫོགས་པ་ཆེན་པོའི་ངང༌། །བློ་འདས་ཆོས་སྐུའི་རང་ཞལ་ལྟ། །ཨ་ཨ་ཨ། སེམས་གཞན་དུ་མ་ཡེངས་བར་རང་བབ་གློད་ལ་དར་ཅིག་མཉམ་པར་བཞག་ལ། སླར་ཡང་པདྨ་རྒྱལ་པོའི་སྐུ་རུ་ལྡང༌། ཨོཾ་ཨཱཿཧཱུྃ། བསྔོ་སྨོན་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་པའི་དགེ་བ་ཡིས། །མཉམ་མེད་བླ་མ་མྱུར་འགྲུབ་ནས། །ཨོ་རྒྱན་གནས་སུ་ཕྱིན་པར་ཤོག །མེ་ཏོག་མཐོར་ལ། བཀྲ་ཤིས་ནི། ཨོཾ། བཀྲ་ཤིས་དམ་པ་དངོས་གྲུབ་ཆར་འབེབས་པ། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་དང༌། །གང་ཟག་སྙན་བརྒྱུད་བླ་མའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་མེ་ཏོག་པདྨའི་མཚོ་གླིང་དུ། །གང་ཞིག་བལྟམས་པས་མཁའ་འགྲོའི་སྤྲིན་ཕུང་འཁྲིགས། །ཚེས་བཅུའི་ཉི་ཤར་དངོས་གྲུབ་ཆར་འབེབས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་འཛམ་གླིང་ཀུན་གྱི་རྒྱན་གྱུར་པ། །སྣ་ཚོགས་མཛད་པའི་ངོ་མཚར་བསམ་མི་ཁྱབ། །ཕྲིན་ལས་རྣམས་བཞིས་འགྲོ་བ་འདུལ་མཛད་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་གངས་རིའི་ཡུལ་དུ་དཔལ་འབར་བ། །ལྷ་སྲིན་བཏུལ་ཞིང་དམ་ཆོས་ཆར་ཆེན་བབས། །ཟབ་གཏེར་རྒྱ་མཚོ་འགྲོ་ལ་སྣང་མཛད་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ནས་བཟང་སྤྱོད་སོགས་ཀྱི་མཐའ་རྒྱན་པར་བྱའོ། །ཞེས་པ་འདི་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་གསུང་ལ་ཅུང་ཟད་དུ་རང་བློ་དང་བསྟུན་པའི་སྤྲོས་བཅས་རྣམས་ལ་ཁ་སྐོང་གི་ཚུལ་དུ་ལེའུ་བདུན་པའི་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་དང༌། གཞན་ཚིག་སྣ་ཁ་ཤས་སྦྱར་ཏེ་བསྒྲིགས་པ་འདི་མཁན་རཏྣའི་མིང་ཅན་གྱིས་བྲིས་པ་འདིས་བདག་གཞན་སེམས་ཅན་ཐམས་ཅད་ལུས་རྒྱ་བྲལ་མ་ཐག་ཏུ་རྔ་ཡབ་དཔལ་གྱི་རི་བོར་པདྨ་འོད་ཀྱི་ཞིང་ཁམས་སུ་ཚོམ་བུ་གཅིག་ཏུ་སངས་རྒྱས་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །མངྒ་ལཾ། །

ས་ཡི་སྙིང་པོའི་གསོལ་འདེབས་དངོས་གྲུབ་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།

གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། །ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་སངས་རྒྱས་ཞབས། །སྤྲུལ་པའི་སྐུ་མཆོག་བདེ་གཤེགས་གཙུག་ཏོར་ཅན། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །བློ་གྲོས་རབ་ཞི་བློ་གྲོས་ཐབས་ལྡན་དང་། །བློ་གྲོས་དད་སེལ་བློ་གྲོས་རྒྱ་མཚོའི་དཔལ། །བློ་གྲོས་མཐའ་ཡས་སྐལ་ལྡན་རྒྱལ་པོ་ཛ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཨིནྡྲ་བྷུ་ཏི་ཀུ་མ་ར་ཛ་ཆེ། །དགའ་རབ་རྡོ་རྗེ་ཤྲཱི་སེངྷའི་ཞབས། །འཇམ་དཔལ་བཤེས་གཉེན་པན་ཆེན་བཱི་མ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །བཀའ་བབ་རིག་འཛིན་ཧཱུྃ་ཀར་ན་གརྫུ། །པྲ་ཆེན་ཧསྟི་དྷ་ན་སཾ་ཀྲིའི་ཞབས། །རཾ་བུ་གུ་ཧྱ་ཤིནྟཾ་གརྦྷ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །པདྨ་འབྱུང་གནས་ལྷ་ལྕམ་མནྡ་ར། །ཡེ་ཤེས་མཚོ་རྒྱལ་དགེ་སློང་ནམ་མཁའི་སྙིང་། །སངས་རྒྱས་ཡེ་ཤེས་འབྲོག་མི་དཔལ་ཡེ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །བཻ་རོ་ཙ་ན་རླང་ཆེན་དཔལ་སེང་གེ །དཀོན་མཆོག་འབྱུང་གནས་མངའ་བདག་ཁྲི་རལ་ཞབས། །ཁྲི་སྲོང་ཡབ་སྲས་ཐང་སྟོང་རྒྱལ་པོ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །སངས་རྒྱས་བླ་མ་མངའ་བདག་ཉང་རལ་ཅན། །གུ་རུ་ཆོས་ཀྱི་དབང་ཕྱུག་ཨོ་རྒྱན་གླིང་། །འགྲོ་འདུལ་རྡོ་རྗེ་གླིང་པ་སངས་རྒྱས་གླིང་། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཀུན་མཁྱེན་རཏྣ་གླིང་པ་རིན་ཆེན་གླིང་། །ཀརྨ་གླིང་པ་ཀུན་སྐྱོང་ལས་འཕྲོ་གླིང་། །བསམ་གཏན་གླིང་པ་བསྟན་གཉིས་གླིང་པ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ར་ཤག་གཏེར་སྟོན་རིག་འཛིན་རྒོད་ལྡེམ་ཅན། །གྲ་པ་མངོན་ཤེས་མང་ལམ་བཟང་པོ་གྲགས། །ཆོས་རྒྱལ་རྡོ་རྗེ་བལ་པོ་ཨ་ཧཱུྃ་འབར། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཇོ་མོ་སྨན་མོ་མཁའ་འགྲོ་ཀུན་དགའ་འབུམ། །ཞང་ཁྲོམ་འཇའ་ཚོན་སྙིང་པོ་རྒྱ་ལོ་ཙ། །ཀུན་མཁྱེན་ངག་དབང་བློ་བཟང་རྒྱལ་མཚོ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །གྲུབ་ཆེན་ཕག་ཚང་པ་དང་བྱང་ཆུབ་རྒྱལ། །དུས་གསུམ་མཁྱེན་པ་སྟག་ལུང་ཐང་པའི་ཞབས། །ཨོ་རྒྱན་རང་བྱུང་རྗེ་བཙུན་བློ་བཟང་གྲགས། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །རོང་ཟོམ་ཆོས་ཀྱི་བཟང་པོ་ཀློང་ཆེན་པ། །འཇིགས་མེད་གླིང་པ་ཀུན་བཟང་གཞན་ཕན་ཞབས། །པདྨ་ཀུན་བཟང་འགྱུར་མེད་རྡོ་རྗེ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །པདྨ་རིག་འཛིན་ཐེག་མཆོག་བསྟན་འཛིན་དང་། །ཨ་ཏི་བསྟན་པའི་རྒྱལ་མཚན་ནམ་མཁའི་མཚན། །མཁྱེན་བརྩེའི་དབང་པོ་བསྟན་གཉིས་གཡུང་དྲུང་གླིང་། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །དགྱེས་པ་རྡོ་རྗེ་འཇིགས་མེད་ཆོས་ཀྱི་དབང་། །ཐེག་མཆོག་རྡོ་རྗེ་པདྨ་བཛྲ་དང་། །འཇིགས་མེད་ཆོས་དབྱིངས་འོད་གསལ་ཐུབ་བསྟན་མཚན། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །དཀྱིལ་འཁོར་ཀུན་བདག་ས་ཡི་སྙིང་པོ་དང་། །རིགས་ཀྱི་བདག་པོ་སངས་རྒྱས་ཡོན་ཏན་དཔལ། །བླ་མ་ཨོ་རྒྱན་ནོར་ལྷ་པདྨ་རྒྱལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །རྣམ་སྲས་སེར་ཆེན་ལྷ་མོ་དཔལ་ཆེན་མོ། །ས་ཡི་ལྷ་མོ་དབང་ཕྱུག་ཆེན་པོ་དང་། །ཚོགས་བདག་གླང་སྣ་ཛམ་ལྷ་ནག་པོ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །འཁོར་གྱི་གྲོགས་མོ་བརྒྱད་དང་ཕྱོགས་བཞི་ཡི། །ཛམ་ལྷ་རིགས་བཞི་ནོར་ལྷ་རྒྱ་མཚོའི་ཚོགས། །ནོར་སྐྱོང་བྱེ་བ་འབུམ་གྱི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །བདག་ཅག་བྱང་ཆུབ་སྒྲུབ་པའི་གང་ཟག་ལ། །ཚེ་འདིའི་མི་མཐུན་རྐྱེན་ངན་ཀུན་སེལ་ནས། །ནད་དང་སྡུག་བསྔལ་བྱད་ཕུར་རྦོད་གཏོང་ཞི། །ཚེ་བསོད་ཡེ་ཤེས་རྒྱས་ཤིང་ཉམས་རྟོགས་འཕེལ། །ཁམས་གསུམ་རྒྱལ་བློན་རྗེ་འབངས་ཆེ་བཙན་དང་། །ཟས་ནོར་ལོངས་སྤྱོད་ཐམས་ཅད་དབང་དུ་བསྡུས། །ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་པར། །བསྐྲེས་སྐོམ་དབུལ་བའི་སྡུག་བསྔལ་རྒྱུན་ཆད་ནས། །མི་ཟད་འདོད་རྒུའི་ལོངས་སྤྱོད་དཔལ་ཐོབ་ཤོག །བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་དང་། །ནོར་ལྷ་རྒྱ་མཚོའི་ལྷ་ཚོགས་འཁོར་དང་བཅས། །ཞལ་མཐོང་གསུང་གི་བདུད་རྩི་ཐོབ་ནས་ཀྱང་། །ལོངས་སྤྱོད་མི་ཟད་དངོས་གྲུབ་སྩལ་དུ་གསོལ། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ །

།ས་སྙིང་སྒྲུབ་ཐབས་ནོར་ལྷ་ཀུན་འདུས་བསོད་ནམས་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།

ཨོཾ་སྭ་སྟི། གྲངས་མེད་སྔོན་ནས་མངོན་པར་བྱང་ཆུབ་ཀྱང་། །འགྲོ་བའི་དབུལ་ཕོངས་སྡུག་བསྔལ་གཅོད་མཛད་པའི། །རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚུལ་འཛིན་པར། །སྒོ་གསུམ་གུས་པའི་ཚུལ་གྱིས་འདུད་པར་བགྱི། །དེ་ལ་འདིར་ས་ཡི་སྙིང་པོའི་སྟོང་མཆོད་ཀྱི་ཆོ་ག་མདོར་བསྡུས་བྱ་ཚུལ་ནི། སྔོན་འགྲོ་དངོས་གཞི་གཉིས་ལས། དང་པོ་ལའང་བཤམ་བཀོད་དང་སྔོན་འགྲོ་གཉིས་ལས། དང་པོ་ནི། སྟེགས་གཙང་མའི་དབུས་སུ་མཉྫུའི་ཁར་ས་སྙིང་གི་སྐུ་བྱིན་ལྡན་དང་། གཡས་སུ་བརྒྱད་སྟོང་དང་གསེར་འོད་ཀྱི་གླེགས་བམ། གཡོན་དུ་བཀའ་གདམས་མཆོད་རྟེན། དཀྱིལ་འཁོར་ཀྱི་ནུབ་ཕྱོགས་བང་རིམ་སྟེང་དབུས་སུ་ས་སྙིང་མཆོད་གཏོར་བང་རིམ་ཟླུམ་པོ་བླ་གཏོར་དཀར་པོ་པད་འདབ་བཞི་མཚམས་སུ་ཐེབ་རིལ། དེ་བཞིན་གཤེགས་པ་ཡོན་ཏན་རིན་ཆེན་རྒྱ་མཚོ་ལ་གཏོར་མ་དཀར་ཟླུམ་འདབ་བཞི་མཚམས་སུ་ཐེབ་རིལ་ཅན། བླ་མ་ནོར་ལྷ་རྒྱས་པའི་གཏོར་མ་གྲུབ་བཞི་སེར་པོ་པད་འདབ་བཞི་དང་རྣམ་སྲས་སེར་ཆེན་གཏོར་མ་རིན་ཆེན་འབར་བ་པད་འདབ་བཞི་དང་པད་ཚབ་བཅས། པདྨ་རྒྱལ་པོ་རིན་ཆེན་འབར་བ་པད་འདབ་བཞི། གཡོན་དུ་ལྷ་མོ་དཔལ་ཆེན་མོ་གཡང་བཤོས་ནོར་བུ་འབར་བའི་དབྱིབས་ཅན་འཁོར་རང་འདྲ་བརྒྱད་ས་ཡི་ལྷ་མོ་བརྟན་མ་ལ་དཀར་གཏོར་གླིང་བཞི། ལྷ་ཆེན་དབང་ཕྱུག་ཆེན་པོ་ལ་གཙོ་བོ་འབྲས་ཀྱི་སྙེ་མ་ལྟ་བུ་ཟླུམ་གཏོར་དམར་པོ། འཁོར་རང་འདྲ་ལྔ། ཚོགས་བདག་གླང་སྣ་དབང་གི་གཏོར་མ་ཟླ་གམ་དབྱིབས་ཅན་པད་འདབ་བཞི། ནོར་བདག་ཡིད་བཞིན་ནོར་བུ་ཟླུམ་གཏོར་དམར་པོ་འཁོར་རང་འདྲ་བརྒྱད་མཚམས་སུ་ཐེབ་ཀྱུ་སུམ་བརྩེགས། ཛམ་ནག་ལ་གྲུ་གསུམ་ནག་པོ་པད་འདབ་བཞི། ཛམ་དཀར་ཟླུམ་གཏོར་དཀར་པོ་པད་འདབ་བཞི། ཛམ་སེར་གྲུ་བཞི་སེར་པོ་པད་འདབ་བཞི། ཛམ་དམར་པདྨ་འདབ་བཞིའི་སྟེང་ནོར་བུ་མེ་འབར། ཛམ་ལྗང་གཏོར་མ་ནོར་བུའི་དབྱིབས་ཅན་ལྗང་གུ་པད་འདབ་བཞི། ཕོ་རྒྱུད་གཏོར་མ་དང་ཆད་ཐོ་གཡས། མོ་རྒྱུད་བརྟན་མ་གཡོན། གཡས་གཡོན་དུ་སྨན་རཀ མདུན་དུ་མཆོད་པ་རྣམ་བདུན་བཤམས། མཐའ་སྐོར་དུ་མཆོད་ཁྲི་བང་རིམ་བདུན། མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་བཅས་རེ་རེ་བཞིན། བརྒྱ་ཕྲག་རེ་རེ་བཤམས། གཞན་རྣམ་བདུན་གྱི་མཆོད་པ་གོང་གི་སྟོང་མཆོད་ལྷག་མ་རྣམ་དཀྱིལ་འཁོར་གྱི་ཉེ་ལོགས་གང་བདེར་བཤམས། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་ཌཱ་མ་རུ་སོགས་མཁོ་བའི་ཡོ་བྱད་རྣམས་འདུ་བྱས་ཏེ། གཉིས་པ་སྔོན་འགྲོ་དངོས་ལ་ས་བཅད་དྲུག་ལས་ཐོག་མར་སྐྱབས་སུ་འགྲོ་བ་ནི། ཧྲཱིཿ རྒྱལ་བ་ཀུན་གྱི་ཡོན་ཏན་གཅིག་བསྡུས་པ། །སེམས་དཔའི་ཚུལ་འཛིན་འགྲོ་ལ་བུ་བཞིན་སྐྱོང། །བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ། །སྒོ་གསུམ་གུས་པའི་ཚུལ་གྱིས་སྐྱབས་སུ་མཆི། །གཉིས་པ་སེམས་བསྐྱེད་པ་ནི། ཧོཿ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །མཁའ་མཉམ་ཕ་མ་སེམས་ཅན་ཐམས་ཅད་ཀུན། །སྡུག་བསྔལ་འཁོར་བའི་འདམ་དུ་བྱིང་བ་རྣམས། །ཀུན་ཀྱང་སངས་རྒྱས་ས་ལ་འགོད་པར་བགྱི། །གསུམ་པ་ཡན་ལག་བདུན་པ་ནི། ཧཱུྃ། བྱང་ཆུབ་སེམས་དཔའ་ས་སྙིང་ལྷ་ཚོགས་ལ། །གུས་པས་ཕྱག་འཚལ་ཕྱི་ནང་མཆོད་པ་འབུལ། །ཉེས་ལྟུང་ཀུན་བཤགས་རྗེས་སུ་ཡི་རང་ངོ་། །ཆོས་འཁོར་བསྐོར་བར་བསྐུལ་ཞིང་གསོལ་བ་འདེབས། །དགེ་ཚོགས་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །ཛཿཧཱུྃ་བྃ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། བཞི་པ་བགེགས་གཏོར་བྱིན་རླབས་ནི། ཧཱུྃ། རྨད་བྱུང་གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །བར་དུ་གཅོད་པའི་གདོན་བགེགས་འབྱུང་པོའི་ཚོགས། །གཏོར་མ་ལོངས་ལ་གནས་འདིར་མ་འདུག་པར། །རང་རང་སོ་སོའི་གནས་སུ་བདེ་བར་དེངས། །གལ་ཏེ་མི་འགྲོ་འདི་རུ་འདུག་གྱུར་ན། །ཁྲོ་རྒྱལ་འབར་བའི་ཚོགས་རྣམས་རབ་ཁྲོས་ནས། །རྡུལ་དུ་བརླག་པར་འགྱུར་བ་གདོན་མི་ཟ། །ཨོཾ་སུམ་བྷ་ནི་སོགས། ལྔ་པ་མཚམས་བཅད་པ་ནི། ཧཱུྃ། སྟེང་འོག་ཕྱོགས་མཚམས་རྡོ་རྗེ་རིན་པོ་ཆེ། །པདྨ་རྒྱ་གྲམ་རལ་གྲི་འཁོར་ལོ་དང་། །མེ་དཔུང་རིགས་ལྔ་སྣ་ཚོགས་མཚོན་ཆ་ཡིས། །གུར་ཁང་འཇའ་ཚོན་འོད་ཕུང་འཁྲིགས་པ་ནི། །བསྐལ་བའི་རླུང་ཡང་ཐར་བའི་དུས་མེད་ན། །མ་རུང་དགྲ་བགེགས་འབྱུང་པོ་སྨོས་ཅི་དགོས། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། དྲུག་པ་བྱིན་འབེབས་ནི། ཧཱུྃ། སྔོན་ནས་ཐུགས་བསྐྱེད་སྨོན་ལམ་མཐུ་བཙན་པའི། །བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་དང་། །སངས་རྒྱས་རིན་ཆེན་མེ་ཏོག་བཻཌཱུར་སྙིང་། །ཁ་དོག་བཟང་པོ་གསེར་དུ་སྣང་བའི་དཔལ། །བླ་མ་ནོར་ལྷ་དབང་མཛད་པདྨ་རྒྱལ། །རྣམ་ཐོས་སྲས་དང་ལྷ་མོ་དཔལ་ཆེན་མོ། །ས་ཡི་ལྷ་མོ་དབང་ཕྱུག་ཆེན་པོ་དང་། །ཚོགས་བདག་གླང་སྣ་ནོར་བདག་ཛམ་ལྷ་ནག །འཁོར་དུ་དཔལ་གྱི་ལྷ་མོ་གྲོགས་མོ་བརྒྱད། །སྒོ་བཞི་སྐྱོང་བའི་ཛམ་ལྷ་རིགས་བཞི་དང་། །ནོར་ལྷ་བྱེ་བ་འབུམ་གྱི་ཚོགས་དང་བཅས། །འཁོར་བཅས་མཁའ་ལ་ཆར་སྤྲིན་གཏིབས་པ་བཞིན། །ཕོ་བྲང་གཞལ་ཡས་འདི་ལ་བྱིན་ཕོབ་ཅིག །བདག་དང་སྒྲུབ་རྫས་རྣམས་ལ་བཅུད་ཅིག་སྩོལ། །ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་ཛྙཱ་ན་ཨ་ཝེ་ཤ་ཡ་ཧཱུྃ། བདུན་པ་མཆོད་པ་བྱིན་རླབས་ནི། རྣམ་དག་ཆོས་ཀྱི་དབྱིངས་ཀྱི་ངང་ཉིད་ལས། །རང་བྱུང་མཆོད་པའི་སྤྲིན་ཕུང་བསམ་ཡས་པར། །རྡོ་རྗེ་ལྷ་མོའི་ལྷ་ཚོགས་གར་སྒྱུར་མ། །ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བྱིན་རླབས་ནས། །རབ་འབྱམས་ནམ་མཁའི་ཁམས་ཀུན་གང་བར་མཛོད། །ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྟ་ཨཱཿཧཱུཾ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་སྭཱ་ཧཱ། གཉིས་པ་དངོས་གཞི་ལ་དང་པོ་ལྷ་བསྐྱེད་པ་ནི། ཧཱུྃ། རང་མདུན་འཇའ་ཟེར་འཁྲིགས་པའི་ཀློང་ཡངས་སུ། །རིན་ཆེན་ཁྲི་རྐང་ནོར་བུའི་ཕྲ་ཚོམ་ཅན། །པད་ཟླའི་སྟེང་དུ་ཀྵིཾ་ཡིག་ཡོངས་གྱུར་ལས། །འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་པ། །བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ནི། །སྐུ་མདོག་དཀར་གསལ་སྟོན་ཟླ་ཞུན་མའི་མདོག །ཞལ་གཅིག་ཕྱག་གཉིས་ཡེ་ཤེས་སྤྱན་གཉིས་ལྡན། །ཕྱག་གཡས་འབྲས་ཀྱི་སྙེ་མ་ཐུགས་ཀར་འཛིན། །གཡོན་པས་དྲིལ་བུ་དཀུར་བརྟེན་ཕྱེད་སྐྱིལ་བཞུགས། །ཞི་ཚུལ་དགུ་དང་ཞི་བའི་རྒྱན་གྱི་སྤྲས། །དེ་ཉིད་སྤྱི་གཙུག་པདྨ་ཟླ་བའི་སྟེང་། །སངས་རྒྱས་ཡོན་ཏན་རིན་ཆེན་རྒྱ་མཚོ་ནི། །བཻཌཱུརྱ་དང་གསེར་གྱི་ཁ་དོག་བཟང་། །གསེར་དུ་སྣང་བའི་དཔལ་ཞེས་བཅོམ་ལྡན་འདས། །གསེར་མདོག་ཞལ་གཅིག་ཕྱག་གཉིས་ཞི་འཛུམ་ཅན། །ཆོས་གོས་རྣམ་གསུམ་གསོལ་ཞིང་མཛེས་པར་ཀླུབས། །མཆོག་སྦྱིན་མཉམ་བཞག་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །གཙོ་བོའི་ཕྱི་རོལ་རིན་ཆེན་ཟུར་བརྒྱད་ལ། །ཤར་དུ་བླ་མ་ཨོ་རྒྱན་ནོར་ལྷ་ནི། །རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ། །གསེར་མདོག་ཞལ་གཅིག་ཕྱག་གཉིས་སྒེག་པའི་ཉམས། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །ཕྱག་གཡས་མདའ་དར་གཡོན་པས་མཉམ་བཞག་སྟེང་། །ཚེ་ཡི་བུམ་པ་བདུད་རྩིའི་བཅུད་ཀྱིས་གཏམས། །རང་འོད་རིན་ཆེན་མཁའ་འགྲོ་སེར་མོ་ནི། །མདའ་དར་བུམ་པ་འཛིན་ཅིང་ཡབ་ལ་འཁྲིལ། །ཞབས་གཉིས་རྒྱལ་པོ་རོལ་བའི་སྟབས་ཀྱིས་བཞུགས། །ལྷོ་ཕྱོགས་རྣམ་སྲས་སེར་ཆེན་སྒེག་པའི་ཉམས། །སྐུ་མདོག་སེར་པོ་གསེར་གྱི་རི་བོ་འདྲ། །ཞལ་གཅིག་ཕྱག་གཉིས་བེར་ཆེན་དགུ་བརྩེགས་གསོལ། །ཕྱག་གཡས་འདོད་འབྱུང་རིན་ཆེན་རྒྱལ་མཚན་འཛིན། །གཡོན་པས་ནོར་སྐྱུག་གཏེར་གྱི་ནེའུ་ལེ་བསྣམས། །མི་བཟད་གངས་ཀྱི་སེང་གེ་དཀར་མོའི་སྟེང་། །ཞབས་གཉིས་རྒྱལ་པོ་རོལ་བའི་སྟབས་ཀྱིས་བཞུགས། །ནུབ་ཏུ་དབང་མཛད་པདྨ་རྒྱལ་པོ་ནི། །འགྲོ་ལ་སྙིང་རྗེའི་རྗེས་སུ་ཆགས་པའི་རྟགས། །སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལྟར། །ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ་ཡི་ཉམས། །དབང་མདོག་ཟ་འོག་དམར་པོའི་བེར་ཆེན་གསོལ། །མགུལ་གབ་རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །གཡས་པས་སྣང་སྲིད་དབང་སྡུད་ཌཱ་མ་རུ། །གཡོན་པས་སྲིད་གསུམ་གསལ་བའི་མེ་ལོང་བསྣམས། །ཞལ་གཉིས་རྒྱལ་པོ་རོལ་བའི་སྟབས་ཀྱིས་བཞུགས། །བྱང་དུ་ལྷ་མོ་ཆེན་མོ་དཔལ་ཆེན་མོ། །སྐུ་མདོག་ལྗང་གུ་མར་གད་ཞུན་མའི་མདོག །ཞལ་གཅིག་ཕྱག་གཉིས་འོད་ཟེར་ཕྱོགས་བཅུར་འཕྲོ། །ཕྱག་གཡས་རིན་ཆེན་མཚན་པའི་པདྨ་དང་། །གཡོན་པས་སྐྱབས་སྦྱིན་ཕྱག་རྒྱ་བདག་ལ་བསྟན། །དར་དང་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཤར་ལྷོ་ས་ཡི་ལྷ་མོ་བརྟན་མ་ནི། །གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་གཉིས་པ། །ཐུགས་ཀར་ཐལ་སྦྱར་གསེར་གྱི་བུམ་པ་བསྣམས། །དར་དང་རིན་ཆེན་སྣ་ཚོགས་དུ་མས་བརྒྱན། །ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གི་བཞུགས། །ལྷོ་ནུབ་ལྷ་ཆེན་མ་ཧཱ་དེ་ཝ་ནི། །མདོག་དམར་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །ཕྱག་གཡས་ལྕགས་ཀྱུ་གཡོན་པས་རླུང་ཞགས་བསྣམས། །བཞེངས་སྟབས་ཤིན་ཏུ་ཆགས་ཤིང་བཞད་པའི་ཉམས། །གཅེར་བུ་ལིངྒ་བསྒྲེངས་ཤིང་བདེ་བ་རྒྱས། །གཡོན་དུ་ལྷ་མོ་ཨུ་མ་དེ་ཝི་ནི། །དམར་གསལ་མཛེས་འཛུམ་ལང་ཚོ་རྒྱས་པའི་ཉམས། །ལྕགས་ཀྱུ་ཞགས་པ་བསྣམས་ཤིང་གཙོ་ལ་འདུད། །གཅེར་མོ་སྐྲ་གྲོལ་རིན་ཆེན་མེ་ཏོག་བརྒྱན། །ནུབ་བྱང་ཚོགས་བདག་གླང་སྣ་སྐུ་མདོག་དམར། །གླང་པོའི་དབུ་ཅན་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་ལྕགས་ཀྱུ་གཡོན་པས་ནེའུ་ལེ། །སྐུ་ལ་དར་དང་རིན་ཆེན་རུས་པས་བརྒྱན། །བྱང་ཤར་ཐུགས་ཀྱི་ཛམ་ནག་གཏུམ་ཞིང་ཁྲོ། །སྐུ་མདོག་གནག་ཅིང་སྣུམ་པའི་མདངས་འོད་འཚེར། །ཞལ་གཅིག་ཕྱག་བཞི་མཆེ་གཙིགས་སྤྱན་གསུམ་པ། །ཕྱག་གཡས་རྡོ་རྗེ་འབར་བའི་ཐོ་བ་གསོར། །གཡོན་པས་ཡིད་བཞིན་ནོར་བུའི་རྒྱལ་མཚན་བསྒྲེངས། །གཡས་འོག་ཐོད་པ་རིན་ཆེན་བཀང་བ་བསྣམས། །གཡོན་འོག་གཏེར་གྱི་ནེའུ་ལེ་ནོར་སྐྱུག་བསྣམས། །དབུ་སྐྲ་དམར་སེར་ཐོད་སྐམ་དབུ་རྒྱན་ཅན། །རིགས་བདག་མི་བསྐྱོད་པ་ཡི་དབུ་ལ་བརྒྱན། །སྐུ་ལ་སྟག་ཤམ་སྦྲུལ་ཆུན་རིགས་ལྔས་བརྒྱན། །བདེ་བ་རྒྱས་ཤིང་རྟགས་ཀྱིས་མཚན་མ་བསྒྲེངས། །དེ་ཡི་ཕྱི་རོལ་པདྨ་འདབ་བརྒྱད་ལ། །ཤར་དུ་ཟླ་ཤེལ་ལྷོ་རུ་སྦྱིན་མ་དང་། །ནུབ་ཏུ་སྦྱིན་བཟང་བྱང་དུ་འཕགས་མ་སྟེ། །ཤར་ལྷོ་རབ་བཟང་ལྷོ་ནུབ་རབ་བརྟན་མ། །ནུབ་བྱང་ནོར་རྒྱུན་བྱང་ཤར་དབྱངས་ཅན་མ། །ཕྱག་གཉིས་མཆོག་སྦྱིན་འབྲས་ཀྱི་སྙེ་མ་བསྣམས། །པདྨ་གཏེར་གྱི་བུམ་པའི་གདན་སྟེང་དུ། །ཞབས་གཉིས་བཙུན་མོ་རོལ་བའི་སྟབས་ཀྱིས་བཞུགས། །སྒོ་བཞིར་སྐྱོང་བའི་ཛམ་ལྷ་རིགས་བཞི་ནི། །ཤར་སྒོར་སྐུ་ཡི་ཛམ་དཀར་གཡུ་འབྲུག་ཆིབས། །སྐུ་མདོག་གངས་ཀྱི་རི་ལ་འགྲན་ནུས་པ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཁྲོ་ཚུལ་ཅན། །གཡས་པས་རྡོ་རྗེ་བེ་ཅོན་གཡོན་ནེའུ་ལེ། །ཁ་ཊཱྃ་མཆན་དུ་བཅུག་ནས་འགྲོ་བ་འདྲེན། །དར་དང་རིན་ཆེན་སྣ་ཚོགས་ཕྲེང་བས་བརྒྱན། །ལྷོ་སྒོར་ཡོན་ཏན་གནོད་སྦྱིན་ཛམ་བྷ་ལ། །གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་བགྲང་ཕྲེང་གཡོན་པས་ནེའུ་ལེ་བསྣམས། །གཏེར་གྱི་བུམ་པའི་ཁྲི་ལ་དགྱེས་པར་རོལ། །ནུབ་སྒོ་གསུང་གི་ཛམ་ལྷ་དམར་པོ་ནི། །མདོག་དམར་ཞལ་གསུམ་ཕྱག་དྲུག་ཆགས་པའི་ཚུལ། །ཞལ་གསུམ་གཡས་དཀར་གཡོན་སྔོ་རྩ་ཞལ་དམར། །ཕྱག་དྲུག་གཡས་ཀྱིས་རིན་ཆེན་ལྕགས་ཀྱུ་དང་། །གཡོན་གྱིས་ཐོད་པ་རིན་ཆེན་བཀང་བ་བསྣམས། །བར་བས་ཞགས་པ་ཐ་གཉིས་ནེའུ་ལེ་བསྣམས། །ཞབས་བཞིས་གནོད་སྦྱིན་ནོར་སྐྱུག་ཕོ་མོ་མནན། །བྱང་སྒོ་སྲུང་བའི་ཕྲིན་ལས་ཛམ་བྷ་ལ། །སྐུ་མདོག་ལྗང་གུ་ཨིནྡྲ་ནི་ལའི་མདོག །ཞལ་གཅིག་ཕྱག་གཉིས་འོད་ཟེར་ཕྱོགས་བཅུར་འཕྲོ། །ཕྱག་གཡས་རྒྱལ་མཚན་གཡོན་པས་ནེའུ་ལེ་བསྣམས། །འགྲོ་ལ་རྗེས་སུ་བརྩེ་བས་བཞེངས་ནས་བཞུགས། །སྣ་ཚོགས་རིན་པོ་ཆེ་ཡིས་རྒྱན་གྱིས་བརྒྱན། །རིགས་བདག་དོན་ཡོད་གྲུབ་པས་དབུ་ལ་བརྒྱན། །ནོར་ལྷ་བྱེ་བ་འབུམ་གྱིས་འཁོར་དང་བཅས། །ཉི་མའི་ཟེར་གྱི་རྡུལ་ལྟར་བསམ་མི་ཁྱབ། །དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་རང་བཞིན་གནས་ནས་སྤྱན་དྲངས་གྱུར། །གཉིས་པ་སྤྱན་འདྲེན་པ་ནི། ཧཱུྃ། རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་དང་། །ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ། །ནོར་ལྷ་རྒྱ་མཚོ་འཁོར་དང་བཅས་པ་རྣམས། །འགྲོ་བའི་དབུལ་ཕོངས་སྡུག་བསྔལ་བསལ་བའི་ཕྱིར། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ། །སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཛཿ གསུམ་པ་བཞུགས་གསོལ་ནི། ཧཱུྃ། དབྱིངས་ནས་སྤྱན་དྲངས་ཡེ་ཤེས་སེམས་དཔའི་ཚོགས། །ལྷ་ཚོགས་ཐམས་ཅད་ཆར་སྤྲིན་གཏིབས་པ་བཞིན། །དམ་ཚིག་པ་དང་དབྱེར་མེད་གྱུར་ནས་ཀྱང་། །ཆུ་ལ་ཆུ་བཞག་ཇི་བཞིན་བརྟན་པར་བཞུགས། །ས་མ་ཡ་ཏིཥྛ་ལྷན། བཞི་བ་ཕྱག་འཚལ་ནི། ཧཱུྃ། གྲངས་མེད་སྔོན་ནས་མངོན་པར་བྱང་ཆུབ་ཀྱང་། །འགྲོ་བའི་དབུལ་ཕོངས་སྡུག་བསྔལ་གཅོད་ཕྱིར་དུ། །སེམས་དཔའི་ཚུལ་འཛིན་ས་ཡི་སྙིང་པོ་ལ། །སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿཔྲ་ཏཱིཙྪ་ཧོཿ ལྔ་བ་མཆོད་པ་ནི། ཧཱུྃ། ངོ་མཚར་མཆོད་པའི་སྤྲིན་ཕུང་བསམ་ཡས་པ། །རྨད་བྱུང་ཕྱི་ནང་གསང་བ་བླ་ན་མེད། །དངོས་སུ་འབྱོར་དང་ཡིད་ཀྱི་རྣམ་སྤྲུལ་པ། །ནམ་མཁའི་ཁམས་ཀུན་གང་བར་འབུལ་ལགས་ན། །ཟག་མེད་དགྱེས་པ་ཆེན་པོར་བཞེས་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་མ་ཧཱ་སུ་ཁ་པུ་ཙ་ཁཱ་ཧིཿ དྲུག་པ་བསྟོད་པ་ནི། ཧཱུྃ། ངོ་བོ་གདོད་ནས་ཆོས་སྐུའི་རང་བཞིན་ལས། །འགགས་མེད་སྣང་སྟོང་ཆུ་ཟླའི་རོལ་གར་བཞིན། །གང་ལ་ཅི་འདོད་དངོས་གྲུབ་ཀུན་གྱི་བདག །ས་ཡི་སྙིང་པོའི་ཞབས་ལ་ཕྱག་འཚལ་བསྟོད། །གྲངས་མེད་གོང་ནས་ཚོགས་གཉིས་ཆུ་གཏེར་ལས། །ཕུལ་བྱུང་མཚན་དཔེས་བརྒྱན་པའི་སྐུར་སྟོན་པ། །ལྷ་མོ་དཔལ་ཆེན་མོ་ཡི་བཤེས་གཉེན་ཁྱོད། །སངས་རྒྱས་ཡོན་ཏན་རིན་ཆེན་རྒྱལ་མཚན་བསྟོད། །རྒྱལ་བ་ཀུན་འདུས་ཨོ་རྒྱན་པདྨ་འབྱུང་། །འདོད་རྒུའི་ཆར་འབེབས་དངོས་གྲུབ་ཀུན་གྱི་བདག །རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་། །རྒྱས་པའི་ལས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །གང་ཞིག་ཁྱོད་ཉིད་དྲན་པ་ཙམ་གྱིས་ཀྱང་། །སྡུག་བསྔལ་ཀུན་བྲལ་བདེ་སྐྱིད་དཔལ་ལ་སྤྱོད། །མི་ཟད་ནམ་མཁའི་མཛོད་ལ་མངའ་བརྙེས་པ། །རྣམ་མང་ཐོས་སྲས་འཁོར་དང་བཅས་ལ་བསྟོད། །འགྲོ་ལ་སྙིང་རྗེས་ཆགས་པའི་དམར་འོད་འབར། །འགྲོ་བའི་ཡིད་འགུགས་ཁམས་གསུམ་དབང་དུ་བསྡུད། །འགྲོ་ལ་དངོས་གྲུབ་ཅི་འདོད་སྩོལ་མཛད་པ། །འགྲོ་བའི་སྐྱབས་གཅིག་པདྨ་རྒྱལ་པོར་བསྟོད། །ཚེ་འདིར་འབུལ་ཕོངས་སྡུག་བསྔལ་ཀུན་ཞི་ཞིང་། །ཚེ་རབས་ཀུན་ཏུ་ལྷ་མིའི་བདེ་སྐྱིད་ལྡན། །ངན་སོང་ཀུན་བྲལ་འཇིགས་པ་ཀུན་དང་བྲལ། །ལྷ་མོ་དཔལ་ཆེན་མོ་ལ་ཕྱག་འཚལ་བསྟོད། །ས་དང་གངས་བྲག་གཡའ་སྤང་སྐྱེད་མོའི་ཚལ། །མཚོ་རྫིང་ལུ་མ་འབབས་ཆུ་ཀུན་གྱི་བདག །རིན་ཆེན་གཏེར་གྱི་དངོས་གྲུབ་སྩོལ་མཛད་པ། །ས་བདག་ས་ཡི་ལྷ་མོ་ཁྱོད་ལ་བསྟོད། །དབང་གི་བཀའ་སྡོད་འཇིག་རྟེན་དྲེགས་པའི་ཚུལ། །དངོས་གྲུབ་ཀུན་བདག་གཞན་ཡིད་འགུགས་མཛད་པ། །མི་ནོར་ཟས་གསུམ་དངོས་གྲུབ་སྩོལ་བའི་ལྷ། །དབང་ཕྱུག་ཡབ་ཡུམ་ཚོགས་ལ་ཕྱག་འཚལ་བསྟོད། །སྟེང་ཕྱོགས་ལྷ་ཡི་ཁམས་ལ་དབང་སྒྱུར་ཞིང་། །ཟས་ནོར་ལོངས་སྤྱོད་དངོས་གྲུབ་ཀུན་གྱི་བདག །ཚེ་དང་བསོད་ནམས་སྤེལ་བའི་ལྷ་གཅིག་པུ། །ཚོགས་བདག་གླང་སྣ་ཁྱོད་ལ་ཕྱག་འཚལ་བསྟོད། །སྔོན་ཚེ་ས་བརྒྱད་སེམས་དཔའི་ཚུལ་གནས་ཀྱང་། །ད་ལྟ་གནོད་སྦྱིན་ནོར་ལྷའི་ཚུལ་འཆང་བ། །རྣམ་མང་ནོར་གྱི་དངོས་གྲུབ་ཀུན་གྱི་བདག །ཐུགས་ཀྱི་ཛམ་ལྷ་ནག་པོ་ཁྱོད་ལ་བསྟོད། །ནམ་མཁའ་མཛོད་ཀྱི་མངའ་བརྙེས་གཏེར་གྱི་བདག །ལོངས་སྤྱོད་དངོས་གྲུབ་ཆར་དུ་འབེབས་མཛད་པ། །འགྲོ་བའི་རེ་སྐོང་བྱང་ཆུབ་སེམས་དང་ལྡན། །སྐུ་ཡི་ཛམ་ལྷ་དཀར་པོ་ཁྱོད་ལ་བསྟོད། །གང་ཞིག་ཁྱོད་ཉིད་བསྟེན་ཅིང་སྒྲུབ་པའི་ཚེ། །ལོངས་སྤྱོད་ནམ་མཁའི་མཛོད་ལ་མངའ་བརྙེས་པ། །དབུལ་བའི་སྡུག་བསྔལ་འཇོམས་པའི་ལྷ་གཅིག་པུ། །ཡོན་ཏན་ཛམ་བྷ་ལ་ལ་ཕྱག་འཚལ་བསྟོད། །རྒྱལ་ཀུན་གསུང་གི་ཡོན་ཏན་རྫོགས་པའི་ལྷ། །བསྐལ་མང་གོང་ནས་མངོན་པར་བྱང་ཆུབ་ཀྱང་། །དབུལ་ཕོངས་སྡུག་བསྔལ་འཇོམས་པའི་ལྷ་གཅིག་པུ། །གསུང་གི་ཛམ་ལྷ་དམར་པོ་ཁྱོད་ལ་བསྟོད། །གང་ཞིག་དབུལ་བའི་གདུང་བ་སེལ་མཛད་པ། །ཕྲིན་ལས་རིགས་མཆོག་དངོས་གྲུབ་ཀུན་གྱི་བདག །བསོད་ནམས་བྱེ་བ་འབུམ་གྱི་མངའ་བདག་པོ། །ཕྲིན་ལས་ཛམ་ལྷ་ལྗང་གུར་ཕྱག་འཚལ་བསྟོད། །འཇིགས་པ་ཀུན་སྐྱོབ་སྙིང་རྗེའི་མངའ་བདག་པོ། །དབུལ་བའི་གདུང་སེལ་འགྲོ་ལ་བུ་བཞིན་སྐྱོང་། །ས་ཡི་སྙིང་པོ་ནོར་ལྷའི་ཚོགས་བཅས་ལ། །འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་བསྟོད། །བདུན་པ་བཟླས་པ་བྱ་བ་ནི། ལྷ་ཚོགས་རྣམས་ཀྱི་རང་རང་གི་ཐུགས་སྲོག་ལ་བཟླ་བྱའི་སྔགས་ཀྱིས་བསྐོར་བ་དེ་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་ཚུར་འདུས་ཏེ་དངོས་གྲུབ་རྣམ་གཉིས་ཐོབ་པར་གྱུར། ས་སྙིང་སྔགས། ཨོཾ་ཀྵིཾ་ཧི་རཱ་ཛ་ཡེ་སྭཱ་ཧཱ། སངས་རྒྱས་རིན་ཆེན་མེ་ཏོག་ཡོན་ཏན་རྒྱས་པའི་སྙིང་པོ། ཨོཾ་སརྦ་བུདྡྷ་བྷོ་དྷི་ས་ཏྭ་ཧཱུྃ། བླ་མ་ནོར་ལྷ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ རྣམ་སྲས་སེར་ཆེན། ཨོཾ་བེེ་ཤྲ་མ་ཎ་ཡེ་སྭཱ་ཧཱ། པདྨ་རྒྱལ་པོ། ཨོཾ་ཨཱཿཧཱུྃ་པདྨ་རཱ་ཛ་སརྦ་སིདྡྷི་ཧཱུྃ། ལྷ་མོ་དཔལ་ཆེན། ཨོཾ་ཀ་མ་ལ་བཱ་སུ་ནི། ཀ་མ་ལེ། མ་ཧཱ་ལ་ཀྵིཾ་རཱ་ཛྱཾ་མེ་བྷ་སུ་ནཱ་ནཱ་ཁ་དྷེ་སརྦ་སིདྡྷི་དེ་ཧི་དེ་ཧི་བ་ར་དེ་སྭཱ་ཧཱ། ས་ཡི་ལྷ་མོ་བརྟན་མའི་སྔགས། ཨོཾ་པྲི་ཐི་དེ་ཝི་ཧཱུྃ། ལྷ་ཆེན་ནི། ཨོཾ་མ་ཧཱ་དྷེ་ཝི་ཛཿ ཨུ་མ་དྷེ་ཝི་ཧྲཱི་ཧ་རི་ནི་ས་པ་ཤཾ་ཀུ་རུ་ཧོཿ ཚོགས་བདག་གླང་སྣ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃཿ ཛམ་ནག ཨོཾ་ཛམ་བྷ་ལ་ཛ་ལེནྟྲ་ཡེ་སྭཱ་ཧཱཿ འཁོར་གྱི་གྲོགས་མོ་བརྒྱད་ཀྱི་སྔགས། ཨོཾ་བཱ་སུ་དྷ་རི་ནྱེེ་སྭཱ་ཧཱ། ཨོཾ་ཙནྟྲ་ཀིནྟྱེ་སྭཱ་ཧཱ། ཨོཾ་དཱ་དཱ་ཡེ་སྭཱ་ཧཱ། ཨོཾ་ཨཱརྱ་ཡེ་སྭ་ཧཱ། ཨོཾ་བྷ་སུ་ཏྲཱ་ཡེ་སྭཱ་ཧཱ། ཨོཾ་གུ་བྷ་ཡེ་སྭཱ་ཧཱ། ཨོཾ་དེ་བྷྱེ་སྭཱ་ཧཱ། ཨོཾ་སྭ་ར་སྭ་སྟྱེེ་སྭཱ་ཧཱ། ཛམ་དཀར།ཨོཾ་པདྨ་ཀྲོ་ཏ་ཨརྻ་ཛམ་བྷ་ལ་ཛ་ལེནྟྲ་ཡེ་སྭཱ་ཧཱ། ཛམ་སེར་ནི། ཨོཾ་ཛམ་བྷ་ལ་ཛ་ལེནྟྲ་ཡེ་སྭཱ་ཧཱ། ཛམ་དམར། ཨོཾ་ཛམ་བྷ་ལ་ཛ་ལེནྟྲ་ཡེ་དྷ་ན་མི་དྷི་ཧྲཱིཿསྭཱ་ཧཱ། ཛམ་ལྗང་། ཨོཾ་ཛམ་བྷ་ལ་ཛ་ལེནྟྲ་ཡེ་སྭ་ཧཱ། ལྷག་ཆད་ཁ་སྐོང་ནི། དབྱངས་གསལ། ཡེ་དྷར། ཡིག་བརྒྱ་བརྗོད་མཐར། རང་གཞུང་མཆོད་བསྟོད། བརྒྱད་པ་དངོས་གྲུབ་བླང་བ་ནི། ཧཱུྃ། འགྲོ་བའི་སྐྱབས་གཅིག་དངོས་གྲུབ་ཀུན་གྱི་བདག །འཇིགས་བརྒྱད་ཞི་དང་ཚེ་བསོད་རྒྱས་པ་དང་། །ཁམས་གསུམ་དབང་སྡུད་དགྲ་བགེགས་ཐམས་ཅད་བསྒྲལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཀྵིཾ་ཧི་རཱ་ཛ་ཡེ་སྭཱ་ཧཱ། ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། དེ་ནས་རྗེས་ཀྱི་རིམ་པ་ལ་དང་པོ་ཚོགས་བྱིན་རླབས་ནི། ཧཱུྃ། བདག་ཉིད་ལྷར་གསལ་ཐུགས་ལས་ཡི་གེ་གསུམ། །འཕྲོས་པས་རཾ་གྱིས་ཚོགས་ཀྱི་དངོས་འཛིན་བསྲེགས། །ཡྃ་ལས་ཚོགས་ཀྱི་གཉིས་འཛིན་བག་ཆགས་གཏོར། །ཁཾ་ལས་ཚོགས་ཀྱི་འབག་རྩོག་དྲི་མ་བཀྲུས། །རྃ་ཡྃ་ཁྃ། ལན་གསུམ། སླར་ཡང་ཐུགས་ལས་ཨོཾ་ཨཱཿཧཱུྃ་འཕྲོས་པས། །ཨོཾ་གྱིས་རོ་བཅུད་ཕུན་སུམ་ཚོགས་པར་གྱུར། །ཨཱཿཡིས་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བསྒྱུར། །ཧཱུྃ་གིས་ལོངས་སྤྱོད་རྒྱ་ཆེར་སྤེལ་བར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི། ཧཱུྃ། རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་། །ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་དང་། །ནོར་ལྷ་རྒྱ་མཚོའི་འཁོར་དང་བཅས་པ་རྣམས། །ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །བཛྲ་ས་མ་ཡ་ཛཿ གསུམ་པ་ཚོགས་མཆོད་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ངོ་བོ་ཤ་ལྔ་བདུད་རྩིའི་རང་བཞིན་ཅན། །རྣམ་པ་ཚོགས་ཀྱི་ལོངས་སྤྱོད་སྐར་ལྟར་བཀྲམ། །མཆོད་པ་འབུལ་ལོ་བཞེས་ནས་དངོས་གྲུབ་སྩོལ། །ཨོཾ་གྷ་ན་ཙཀྲ་པུ་ཙ་ཁཱ་ཧི། བཞི་པ་བཤགས་པ་ནི། ཧཱུྃ། ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ། །ཉེས་ལྟུང་མི་དགེའི་ལས་རྣམས་ཅི་བགྱིས་པ། །ཚོགས་ཀྱི་མཆོད་པ་ཕུལ་བའི་མཐུ་ནུས་ཀྱིས། །སྒྲིབ་གཉིས་དག་ནས་ཚངས་པའི་དངོས་གྲུབ་སྩོལ། །ཡིག་བརྒྱ་བརྗོད། ལྔ་བ་བསྒྲལ་པ་ནི། ཧཱུྃ། མ་རིག་བདག་འཛིན་རུ་ཏྲ་ལས་བྱུང་བའི། །གཟུགས་ཕུང་བདག་མེད་རྟོགས་པའི་མཚོན་ཆ་ཡིས། །བསྒྲལ་ནས་རྣམ་ཤེས་སྐྱེ་མེད་ཀློང་དུ་སྤོར། །ལོག་རྟོག་འཁོར་བའི་སྡུག་བསྔལ་གཅོད་པར་ཤོག །སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད། དྲུག་པ་ཞལ་བསྟབས་ནི། དགྲ་བགེགས་གདུག་པ་བསྒྲལ་བ་ལས་བྱུང་བའི། །གཏི་མུག་ཤ་དང་འདོད་ཆགས་ཁྲག་གི་མཚོ། །ཞེ་སྡང་རུས་པའི་ཚོགས་ཀྱི་འཁོར་ལོ་འདི། །ཡེ་ཤེས་ཀློང་ཡངས་ཆེན་པོའི་ཞལ་དུ་བསྟབས། །ཁ་རཾ་ཁཱ་ཧི། ཚོགས་དྲངས། བདུན་པ་ལྷག་མ་ནི། ཨོཾ་ཨཱ་ཀཱ་རོ་སོགས། ཧཱུྃ། ལྷག་ལ་དབང་བའི་དྲེགས་པའི་ཚོགས་རྣམས་ཀྱང་། །ལ་ལ་ཞི་དང་ལ་ལ་ཁྲོ་བོའི་ཚུལ། །ལ་ལ་ཆགས་དང་ལ་ལ་སྒེག་པའི་ཚུལ། །ཀུན་ཀྱང་རྣམ་འགྱུར་སྣ་ཚོགས་ཅིར་ཡང་སྟོན། །མཁའ་ལ་འགྲོ་ཞིང་ཧབ་ཤ་བྱེད་ཅིང་རྒྱུག །སྡུག་པ་ལེན་ཞིང་རྔམས་པའི་སྟངས་སྟབས་ཀྱིས། །ལྷག་གཏོར་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད། །བརྒྱད་པ་བཞེངས་བསྐུལ་ནི། ཧཱུྃ། བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །ཐུགས་དམ་མ་གཡེལ་དམ་བཅའ་རྗེས་དགོངས་ལ། །བཀྲེས་སྐོམ་དབུལ་བའི་སྡུག་བསྔལ་བསལ་བ་དང་། །མཆོག་ཐུན་དངོས་གྲུབ་མཐའ་དག་སྩལ་དུ་གསོལ། །དགུ་བ་ཆད་ཐོ་ནི། ཧཱུྃ། སྔོན་ཚེ་འདས་དུས་བསྐལ་བའི་དང་པོ་ལ། །ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས། །རང་སྣང་དག་པའི་འཁོར་ཚོགས་མཐའ་དག་ལ། །གསང་སྔགས་གཉན་གྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །དྲེགས་པ་སྡེ་བརྒྱད་ལྷ་སྲིན་ཐམས་ཅད་ཀྱིས། །ཇི་ལྟར་ཞལ་བཞེས་དམ་ལས་མ་འདའ་བར། །གཏོར་མ་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད། །དེ་འོག་བསྐལ་བ་བར་མའི་དུས་ཀྱི་ཚེ། །རི་བོ་མ་ལ་ཡ་ཡི་རྩེ་མོ་ནས། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིས། །དམ་པའི་རིགས་ཅན་དྲྭ་མ་ལྔ་རྣམས་ལ། །གསང་སྔགས་གཉན་གྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །དྲེགས་པ་སྡེ་བརྒྱད་ལྷ་སྲིན་ཐམས་ཅད་ཀྱིས། །ཇི་ལྟར་ཞལ་བཞེས་དམ་ལས་མ་འདས་པར། །གཏོར་མ་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད། །དེ་འོག་བསྐལ་བ་ཐ་མའི་དུས་ཀྱི་ཚེ། །ལྷོ་ནུབ་རྔ་ཡབ་གླིང་ཕྲན་དཔལ་རིའི་རྩེར། །པདྨ་འོད་ཀྱིས་སྤྲུལ་པའི་གནས་མཆོག་ཏུ། །རིག་འཛིན་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །སྐལ་ལྡན་ལས་ཅན་དག་པའི་འཁོར་རྣམས་དང་། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ལ། །བླ་མེད་གསང་བའི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །དྲེགས་པ་སྡེ་བརྒྱད་ལྷ་སྲིན་ཐམས་ཅད་ཀྱིས། །ཇི་ལྟར་ཞལ་བཞེས་དམ་ལས་མ་འདས་པར། །གཏོར་མ་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད། །བཅུ་པ་བརྟན་སྐྱོང་ནི། བྷྱོཿ བདུད་མོ་བཞི་དང་གནོད་སྦྱིན་སྨན་མོ་བཞི། །རང་རང་འཁོར་དང་བྲན་གཡོག་བསམ་མི་ཁྱབ། །འཁོར་དང་ཡང་གཡོག་སྨན་ཕྲན་འབུམ་དང་བཅས། །ལྷབ་ལྷུབ་གོས་དང་རོལ་མོའི་སྒྲ་དང་བཅས། །ཚུར་གཤེགས་ཚུར་གཤེགས་དམ་སྐོང་ཕྲིན་ལས་སྒྲུབས། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་དང་། །དྲེགས་པའི་བཀའ་བབས་རླང་ཆེན་དཔལ་སེང་གེས། །གསང་མཚན་བཏགས་ནས་ཞིང་ཆེན་སྟན་ལ་བཞག །ལག་ཏུ་རྡོ་རྗེ་གཏད་དེ་དབང་བསྐུར་ནས། །བོད་ཁམས་མཐའ་དབུས་ཐམས་ཅད་སྲུང་བ་དང་། །སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པའི། །ཇི་ལྟར་ཁས་བླངས་དམ་བཅའ་ཅི་བཞིན་དུ། །གཏོར་མ་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད། །བཅུ་གཅིག་པ་རྟ་བྲོ་ནི། ཨེ་ལས་སྲིད་པ་ལས་ཀྱི་བྲུབ་ཁུང་དུ། །ཡོངས་ལ་གནོད་ཅིང་འཚེ་བའི་དམ་སྲིའི་ཚོགས། །གནམ་ལྕགས་འབར་བའི་འཁོར་ལོའི་རྩིབས་ལ་བསྐྱོན། །ཆུ་སྲིན་རྔམས་པའི་གྲེ་བའི་ནང་དུ་བསྐྱིལ། །རྔམས་བརྗིད་རི་རབ་འབར་བའི་འོག་ཏུ་མནན། །སྟེང་དུ་ལྷ་ཚོགས་ཀུན་ཀྱང་རབ་ཁྲོས་ནས། །སྐུ་ཡི་གར་གྱིས་བདུད་སྡེ་ཕྱེ་མར་བརླག །གསུང་གི་ང་རོས་ལོག་འདྲེན་བརྒྱལ་ཞིང་སྔངས། །ཐུགས་ནི་མ་གཡོས་སྙིང་རྗེའི་རང་བཞིན་གྱིས། །ཉོན་མོངས་དུག་ལྔའི་རྣམ་རྟོག་ཞི་བར་མཛོད། །རིན་ཆེན་བྱང་ཆུབ་སེམས་ནི་མ་སྐྱེས་བར། །བསྐལ་བའི་བར་དུ་ནམ་ཡང་མི་བཏང་ངོ་། །ཨོཾ་ཨཱཿཧཱུྃ་སྟྭཾ་བྷ་ཡ་ལཾ་ནན། གཏང་རག་མཆོད་བསྟོད་ནི། བཛྲ་པུཥྤེ་སོགས་ནས་ཤབྟ་པྲ་ཏཱིཙྪ་སྭ་ཧཱ། ཨོཾ་མ་ཧཱ་པཉྩ་སོགས། མ་ཧཱ་རཀྟསོགས།མ་ཧཱ་བྷ་ལིང་ཏ་སོགས་ཀྱིས་མཆོད། བསྟོད་པ་ནི། བཀའ་རྒྱུད་བླ་མ་སོགས། ནོངས་བཤགས་ནི། མ་རྙེད་ཡོངས་སུ་སོགས། བཅུ་གཉིས་པ་རྟེན་བཞུགས། འདིར་ནི་རྟེན་སོགས། བཅུ་གསུམ་པ་བསྡུ་རིམ། སྣོད་བཅུད་འོད་ཞུ་གཞལ་ཡས་ཁང་ལ་ཐིམ། །དེ་ཡང་རིམ་བཞིན་ལྷ་ཚོགས་རྣམས་ལ་ཐིམ། །ལྷ་ཚོགས་རིམ་བཞིན་གཙོ་བོ་ཉིད་ལ་ཐིམ། །གཙོ་བོ་མི་དམིགས་རིམ་བཞིན་དབྱིངས་སུ་ཡལ། །ཨ་ཨ་ཨ། སླར་ཡང་རང་ཉིད་སེམས་དཔའི་སྐུ་རུ་གྱུར། །བཅུ་བཞི་པ་བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ས་ཡི་སྙིང་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བཅོ་ལྔ་པ་སྨོན་ལམ་ནི། མར་གྱུར་མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན། །སྡུག་བསྔལ་འཁོར་བའི་མཚོ་ལས་བརྒལ་ཕྱིར་དུ། །རིམ་གཉིས་ཟུང་འཇུག་ལམ་ལ་བརྟེན་ནས་ཀྱང་། །སྐུ་བཞིའི་འབྲས་བུ་མྱུར་དུ་སྨིན་པར་ཤོག །བཅུ་དྲུག་པ་བཀྲ་ཤིས་ནི། ཧཱུྃ། ཡང་དག་ལམ་སྟོན་བདེ་ཆེན་ལམ་ལ་བཀོད། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །གང་ལ་ཅི་འདོད་དངོས་གྲུབ་སྩོལ་མཛད་པ། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཕྲིན་ལས་རྣམ་བཞི་སྒྲུབ་པའི་གྲོགས་མཛད་མ། །མ་སྲིང་མཁའ་འགྲོའི་ཚོགས་ཀྱི་བཀྲ་ཤིས་ཤོག །དམ་ཉམས་དགྲ་བགེགས་མ་ལུས་འཇོམས་མཛད་པའི། །དམ་ཅན་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་མཁན་ཆེན་དཀོན་མཆོག་འོད་ཟེར་གྱི་ཡང་སྲིད་མཁན་སྤྲུལ་ཐུབ་བསྟན་འཕགས་པ་ནས་ཡང་ཡང་བསྐུར་བའི་ངོར། ས་ཕོ་འབྲུག་ལོའི་ཟླ་བ་དྲུག་པའི་ཚེས་ལ་ལྷ་དར་ཞི་དར་མཆེད་བརྒྱད་ཀྱི་མདུན་ཞོལ་ལ་དཀར་ཕུན་ཚོགས་གླིང་ནས་རྫོགས་སྤྲུལ་ལྔ་པར་འབོད་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་འདིས་ཀྱང་སེམས་ཅན་ཐམས་ཅད་དབུལ་ཕོངས་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་གྲོལ་བའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ། །བཀྲ་ཤིས་པར་ཤོག །

ས་སྙིང་ཆོ་གའི་ཆ་ལག་མཆོད་ཕྲེང་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

ས་སྙིང་མཆོད་ཕྲེང་ནི། རབ་འབྱམས་རྒྱ་མཚོའི་ཞིང་ཁམས་དཔག་མེད་ན། །དྭངས་བསིལ་རྙོགས་མེད་མཆོད་ཡོན་རྒྱ་མཚོར་བསྐྱིལ། །དག་བྱེད་ཞབས་བསིལ་གངྒའི་ཆུ་རྒྱུན་ལྟར། །ཡིད་འོང་རྣམ་བཀྲའི་མེ་ཏོག་སྣ་ཚོགས་ཚལ། །དྲི་ཞིམ་བདུག་པའི་སྤྲིན་ཚོགས་ཕྱོགས་བཅུར་འཕྲོ། །ཉིན་མོར་བྱེད་པའི་གསལ་བྱེད་འོད་སྟོང་ལྡན། །དྲི་བཟང་ངད་ལྡན་བྱུག་པ་མཚོ་ལྟར་བསྐྱིལ། །རོ་བརྒྱའི་བཅུད་ལྡན་ཞལ་ཟས་རི་ལྟར་སྤུང་། །རོལ་མོ་སྣ་ཚོགས་སྙན་པའི་སྒྲ་དབྱངས་ཀྱིས། །ནོར་ལྷ་རྒྱ་མཚོ་འཁོར་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ནས་ཤབྟ་པྲ་ཏིཙྪ་ཡེ་སྭཱ་ཧཱཿ སྣ་བདུན་ནི། བསོད་ནམས་བརྒྱ་ལས་གྲུབ་པའི་ལྷ་རྫས་ནི། །ཀུན་ལ་དབང་བསྒྱུར་འཁོར་ལོ་རིན་པོ་ཆེ། །དགོས་འདོད་ཀུན་འབྱུང་བསམ་འཕེལ་ཡིད་བཞིན་ནོར། །ཡིད་འོང་བདེ་སྟེར་བཙུན་མོ་རིན་པོ་ཆེ། །ཁྱིམ་བདག་ཚུལ་འཛིན་བློན་པོ་རིན་པོ་ཆེ། །གངས་རིའི་མདངས་ལྡན་གླང་པོ་རིན་པོ་ཆེ། །རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་རིན་པོ་ཆེ། །ཕ་རོལ་རྒོལ་འཇོམས་དམག་དཔོན་རིན་པོ་ཆེ། །ནོར་ལྷ་རྒྱ་མཚོ་འཁོར་དང་བཅས་ལ་འབུལ། །ཨོཾ་ཙཀྲ་མ་ཎི་ས་ཏྲི་པུ་རུ་ཥ་ཧ་སྟི་ཨ་ཤ་ཏ་ཁངྒ་རཏྣ་བཛྲ་པུ་ཛི་ཏེ་ཨ་ཧཱུྃ། །བཀྲ་ཤིས་རྟགས་བརྒྱད་ནི། ཕུན་ཚོགས་འདོད་རྒུའི་དཔལ་གྱི་འབྱུང་གནས་ཆེ། །རིན་ཆེན་གདུགས་མཛེས་ནོར་བུའི་ཡུ་བ་ཅན། །གསེར་གྱི་ཉ་མོ་ཡེ་ཤེས་མིག་ལྡན་པ། །འདོད་རྒུའི་འབྱུང་གནས་བསམ་འཕེལ་བུམ་པ་བཟང་། །དྲི་བསུང་ངད་ལྡན་པདྨ་སྟོང་དུ་བརྡལ། །ཆོས་ཀྱི་སྒྲ་དབྱངས་ཕྱོགས་བཅུར་སྒྲོག་པའི་དུང་། །མི་འགྱུར་མི་ཤིགས་འགྱུར་མེད་དཔལ་བེའུ། །བདུད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེངས། །རྩིབས་སྟོང་ལྡན་པའི་འཁོར་ལོ་རིན་པོ་ཆེ། །ནོར་ལྷ་རྒྱ་མཚོ་འཁོར་དང་བཅས་ལ་འབུལ། །ཨོཾ་ཚ་ཏྲཾ་ལནྪ་པདྨ་ཤ་སཾ་བྷ་ཤྲི་ཝ་ར་དྷཱ་ཛ་ཙཀྲ་བཛྲ་པུ་ཛི་ཏེ་ཨཱཿཧཱུྃ། བཀྲ་ཤིས་རྫས་བརྒྱད་ནི། སྣང་སྲིད་གསལ་བྱེད་དངུལ་དཀར་མེ་ལོང་དང་། །འཚོ་བའི་དཔལ་སྟེར་བཅུད་ལྡན་བདུད་རྩིའི་ཞོ། །དུག་ལྔ་ནད་སེལ་སྨན་མཆོག་གི་ཝཾ་ཚོགས། །བཀྲ་ཤིས་ཚེ་ཡི་རྫས་མཆོག་དུར་བ་དང་། །རོ་ལྡན་འབྲུ་ཡི་མཆོག་གྱུར་བིལ་བ་དང་། །བཀྲ་ཤིས་དུང་དཀར་རབ་མཛེས་གཡས་འཁྱིལ་བ། །ལི་ཁྲི་དམར་པོ་ཆོས་སྲིད་བརྟན་པའི་རྫས། །བགེགས་རྣམས་ཞི་བྱེད་བཀྲ་ཤིས་ཡུངས་དཀར་རྫས། །ནོར་ལྷ་རྒྱ་མཚོ་འཁོར་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་ར་ཨཥྚ་མངྒ་ལམ་པྲ་ཏིཙྪ་ཧོ། རྡོ་རྗེ་ལྷ་མོ་བཅུ་དྲུག་གི་མཆོད་པ་ཕྱི་སྒེག་བཞི། ནང་སྒེག་བཞི། སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཏེ་གསང་བའི་རིགས་མ་ལྔ། ཐུན་མོང་འདོད་ཡོན་གྱི་ལྷ་མོ་གསུམ་སྟེ་བཅུ་དྲུག་གི་མཆོད་ཕྲེང་ནི། རྡོ་རྗེ་སྒེག་མོ་དཀར་མོ་མེ་ལོང་བསྣམས། །ཕྲེང་བ་སེར་མོ་ནོར་བུའི་དོ་ཤལ་འཛིན། །གླུ་མ་དམར་མོ་སྙན་པའི་གླུ་དབྱངས་ལེན། །གར་མ་ལྗང་ཁུ་སྣ་ཚོགས་གར་བསྒྱུར་མ། །ནོར་ལྷ་རྒྱ་མཚོ་འཁོར་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝ་ར་བཛྲ་ལ་སྱེ་ཧཱུྃ། བཛྲ་མ་ལེ་ཏྲཾ། བཛྲ་གཱིརྟི་ཧྲིཿ བཛྲ་ནཱིརྟི་ཨཿ པྲ་ཏཱིཙྪ་ཧོཿ བདུག་སྤོས་སེར་མོ་དྲི་ཞིམ་སྤོས་ཕོར་ཐོགས། །མེ་ཏོག་དཀར་མོས་མེ་ཏོག་ཆུན་འཕྱང་བསྣམས། །མར་མེ་མས་ནི་སྣང་གསལ་མར་མེ་འཛིན། །རྡོ་རྗེ་དྲི་ཆབ་བྱུག་པའི་དགྱེས་པ་བསྐང་། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝ་ར་བཛྲ་དྷུཔྤེ་ཧཱུྃ། བཛྲ་པུཥྤེ་ཏྲཾ། བཛྲ་ཨཱ་ལོ་ཀེ་ཧྲིཿ བཛྲ་གནྡྷེ་ཨཿ པྲ་ཏཱིཙྪ་ཧོཿ གཟུགས་མཛེས་མེ་ལོང་དཀར་མོས་མེ་ལོང་བསྣམས། །རྔ་ཟླུམ་སེར་མོས་རྔ་ཟླུམ་སྒྲ་འབྱིན་མ། །པི་ཝཾ་དམར་མོས་པི་ཝཾ་སྒྲ་སྒྲོག་ཅིང་། །གླིང་བུ་ལྗང་མོས་གླིང་བུ་སྙན་པར་འཁྲོལ། །ནོར་ལྷ་རྒྱ་མཚོ་འཁོར་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝ་ར་བཛྲ་རཱུ་པ་ཨོཾ། བཛྲ་མྲྀ་ཏཾ་གི་ཧྲཱིཿ བཛྲ་ཝི་ནི་ཧཱུྃ། བཛྲ་ཝཾ་སེ་ཏྲཱྃ་པྲ་ཏཱིཙྪ་ཧོ། རྫ་རྔ་དཀར་མོས་རྫ་རྔའི་སྒྲ་སྒྲོག་མ། །རེག་བྱ་སེར་མོས་ལྷ་ཡི་ན་བཟའ་ཐོགས། །རོ་མ་དམར་མོས་ལག་ན་ཞལ་ཟས་འཛིན། །ཆོས་མ་མཐིང་ཀས་ཆོས་འབྱུང་ཕྱག་རྒྱ་ཅན། །ནོར་ལྷ་རྒྱ་མཚོ་འཁོར་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝ་ར་བཛྲ་མུ་རཉྫེ་ཨཿ བཛྲ་སྤརྴེ་ཏྲཾ། བཛྲ་རཱ་ས་ཧྲཱིཿ བཛྲ་དྷཱརྨ་དྷརྟུ་ཨཱཿ པྲ་ཏཱིཙྪ་ཧོཿ ཅེས་པ་འདིའང་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེའོ། །

ས་སྙིང་སྒྲུབ་ཐབས་ནོར་ལྷ་ཀུན་འདུས་ཀྱི་བསྐང་བ་བསོད་ནམས་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།།

ཧྲཱིཿ སྣང་སྲིད་རྣམ་དག་ཡེ་ནས་འོག་མིན་ཞིང་། །དག་པ་རབ་འབྱམས་བཀོད་པ་མཐའ་ཡས་པ། །རང་སྣང་ལས་གྲུབ་རིན་ཆེན་གཞལ་ཡས་ཁང་། །རྒྱ་ཁྱོན་ཚད་མེད་ནམ་མཁའི་མཐའ་དང་མཉམ། །རང་བྱུང་ལྷུན་གྲུབ་རྒྱན་བཀོད་ཕུན་སུམ་ཚོགས། །ལྷ་ཆེན་འཕྲུལ་དགའི་ལོངས་སྤྱོད་ཇི་བཞིན་དུ། །བསྐང་རྫས་ཀ་ཆ་དཀོར་ཆའི་ཡོ་བྱད་ནི། །རྣམ་མང་ནམ་མཁའི་རྒྱན་ལྟར་བཀྲམ་ལགས་ན། །ཡེ་ཤེས་སྤྱན་ལྡན་ནོར་ལྷ་རྒྱ་མཚོའི་ཚོགས། །འགྲོ་བའི་དབུལ་ཕོངས་སྡུག་བསྔལ་བསལ་ཕྱིར་དུ། །སྔོན་གྱི་ཐུགས་དམ་གཉན་པོ་རྗེས་དགོངས་ལ། །ཐུགས་དམ་བསྐང་ལ་གནས་འདིར་གཤེགས་སུ་གསོལ། །ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །གྲངས་མེད་སྔོན་ནས་མངོན་པར་བྱང་ཆུབ་ཀྱང་། །སེམས་དཔའི་ཚུལ་འཛིན་བྱང་སེམས་ས་ཡི་སྙིང་། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནས། །སངས་རྒྱས་ཡོན་ཏན་རིན་ཆེན་རྒྱ་མཚོ་ཆེ། །གསེར་དུ་སྣང་བའི་དཔལ་ཞེས་བྱ་བ་ཡི། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །ལྷོ་ནུབ་རྔ་ཡབ་གླིང་གི་གཞལ་ཡས་ནས། །ཨོ་རྒྱན་ནོར་ལྷ་རཏྣ་ཐོད་ཕྲེང་རྩལ། །གསང་བའི་ཡུམ་ཆེན་རིན་ཆེན་མཁའ་འགྲོ་བཅས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །སྔོན་ནས་བྱང་ཆུབ་བརྙེས་ཀྱང་ནོར་ལྷའི་ཚུལ། །གནོད་སྦྱིན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །དགའ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་ནས། །དབང་གི་ལྷ་མཆོག་དངོས་གྲུབ་ཀུན་གྱི་བདག །ཁམས་གསུམ་དབང་སྡུད་པདྨ་རྒྱལ་པོའི་ཚོགས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །ལྕང་ལོ་ཅན་གྱི་ཕོ་བྲང་དམ་པ་ནས། །དབུལ་བའི་རྒྱུན་གཅོད་འདོད་རྒུའི་ཆར་འབེབས་པ། །གཡང་གི་ལྷ་མོ་ཆེན་མོ་དཔལ་ཆེན་མོ། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །སྟོང་གསུམ་མི་མཇེད་ས་ལ་དབང་མཛད་ཅིང་། །རྒྱལ་ཁམས་ཀུན་ཏུ་བདེ་ལེགས་སྟེར་མཛད་པའི། །ས་བདག་ཆེན་མོ་ལྷ་མོ་བརྟན་མའི་ཚོགས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །གངས་དཀར་རྩེ་དང་ཙནྡན་ནགས་གླིང་ནས། །འཇིག་རྟེན་མེས་པོ་ཁམས་གསུམ་ཀུན་གྱི་བདག །དབང་ཕྱུག་ཆེན་པོ་ཨུ་མ་དེ་ཝ་བཅས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །སྟེང་ཕྱོགས་སུམ་ཅུ་རྩ་གསུམ་ལྷ་ཡུལ་ནས། །དཔལ་འབྱོར་ཟས་ནོར་ལོངས་སྤྱོད་སྤེལ་མཛད་པའི། །ཚོང་ལྷ་མགོན་པོ་ཚོགས་བདག་གླང་སྣའི་ཚོགས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །བྱང་ཕྱོགས་གནོད་སྦྱིན་རྫོང་གི་ཕོ་བྲང་ནས། །སྟོན་པའི་ཞལ་མཐོང་གཏེར་གྱི་མངའ་བདག་པོ། །ཐུགས་ཀྱི་ཛམ་ནག་ཁྲོ་ཞིང་གཏུམ་པའི་སྐུ། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །རི་རབ་བྱང་ཕྱོགས་གཉའ་ཤིང་འཛིན་གྱི་རྩེར། །ཟླ་ཤེལ་སྦྱིན་མ་སྦྱིན་བཟང་འཕགས་མ་སྟེ། །རབ་བཟང་རབ་སྦྱིན་ནོར་རྒྱུན་དབྱངས་ཅན་མ། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །ཤར་ཕྱོགས་ཞི་བ་ཆེན་པོའི་དཀྱིལ་འཁོར་ནས། །ཟས་ནོར་ལོངས་སྤྱོད་ཀུན་གྱི་མངའ་བདག་པོ། །སྐུ་ཡི་ཛམ་ལྷ་དཀར་པོ་འབྲུག་ལ་ཆིབས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །ལྷོ་ཕྱོགས་རྒྱས་པ་ཆེན་པོའི་དཀྱིལ་འཁོར་ནས། །ཚེ་བསོད་དངོས་གྲུབ་དཔལ་སྟེར་ཀུན་གྱི་བདག །གཡང་གི་འབྱུང་གནས་ཡོན་ཏན་ཛམ་བྷ་ལ། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །ནུབ་ཕྱོགས་དབང་གི་ཕོ་བྲང་ཆེན་པོ་ནས། །མི་ནོར་ཆོས་གསུམ་ཀུན་གྱི་མངའ་བདག་པོ། །གསུང་གི་དབང་ཕྱུག་མགོན་པོ་ཛམ་ལྷ་དམར། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །བྱང་ཕྱོགས་མངོན་སྤྱོད་དྲག་པོའི་གཞལ་ཡས་ནས། །རྒབ་འདྲེ་འབྱུང་པོའི་ཚོགས་རྣམས་འདུལ་བའི་ལྷ། །ཕྲིན་ལས་མཐར་ཕྱིན་མགོན་པོ་ཛམ་ལྷ་ལྗང་། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །གཞན་ཡང་དཀྱིལ་འཁོར་ཆེན་པོའི་འཁོར་ཡུག་ཏུ། །ནོར་ལྷ་རྒྱ་མཚོ་འཁོར་ཚོགས་བསམ་མི་ཁྱབ། །རང་རང་སྤྲུལ་པ་འཁོར་དང་ཡང་འཁོར་བཅས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །རྣམ་མང་ནོར་ལྷ་རྒྱ་མཚོའི་ལྷ་ཚོགས་རྣམས། །ཀུན་ཀྱང་ནོར་བུའི་རྒྱན་ཆ་ཁྲ་ལ་ལ། །དར་ཟབ་ན་བཟའ་སྣ་ཚོགས་ལྷུབས་སེ་ལྷུབ། །འོད་ཟེར་སྣ་ཚོགས་ཕྱོགས་བཅུ་ཀུན་ཏུ་འཕྲོ། །འགྲོ་བ་སེམས་ཅན་ཀུན་གྱི་དོན་སླད་དུ། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །ཧཱུྃ། ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །ཕྱི་མཆོད་འདོད་ཡོན་རྣམ་ལྔ་སྤྲིན་ལྟར་གཏིབས། །ནང་མཆོད་སྨན་རཀ་གཏོར་གསུམ་དྭངས་རེ་སྤྲོ། །གསང་མཆོད་གྷ་ན་ཙཀྲ་རི་ལྟར་སྤུངས། །རི་རབ་ལྷུན་པོ་གསེར་གྱི་རི་བདུན་དང་། །རོལ་བའི་མཚོ་བདུན་ལྕགས་རི་མུ་ཁྱུད་བཅས། །གླིང་ཆེན་བཞི་དང་གླིང་ཕྲན་ཚོགས་དང་བཅས། །ནམ་མཁའི་ནོར་བུ་ཉི་ཟླ་གཟའ་སྐར་ཚོགས། །སྐྱེད་ཚལ་ཁང་བཟང་རིན་ཆེན་གཏེར་གྱི་བུམ། །མ་རྨོས་ལོ་ཏོག་དགོས་འདོད་དཔག་བསམ་ཤིང་། །འདོད་འཇོའི་བ་མོ་ཁྲུས་ཀྱི་རྫིང་བུ་དང་། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རིན་ཆེན་བདུན། །རིན་ཆེན་སྣ་བདུན་ཉེ་བའི་རིན་ཆེན་བདུན། །ནོར་འཛིན་ནེའུ་ལེ་བཀྲ་ཤིས་རྫས་མཆོག་བརྒྱད། །ཁྲབ་རྨོག་རལ་གྲི་མདའ་གཞུ་གོ་མཚོན་སོགས། །ཡོལ་བ་བླ་བྲེ་རྒྱལ་མཚན་འཕན་ཕུར་དང་། །ཟ་འོག་གུར་ཕུབ་དར་གྱི་ལྡ་ལྡི་སོགས། །ཕོ་ཆས་མོ་ཆས་དར་ཟབ་གོས་ཀྱི་རིགས། །སལ་སིལ་ཆ་ལང་རོལ་མོ་སྣ་ཚོགས་སྒྲ། །རྔ་དང་རྫ་རྔ་པི་ཝཾ་གླིང་བུའི་སྒྲ། །རི་དྭགས་གཡུང་དྭགས་ཆུ་གནས་འདབ་ཆགས་སོགས། །མདོར་ན་སྲིད་པ་གསུམ་གྱི་ཞིང་ཁམས་ན། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་སྤྲིན་ཕུང་ནི། །ཡིད་འོང་མཆོད་པར་འོས་པའི་རྒྱན་རྣམས་ཀྱིས། །ནོར་ལྷ་རྒྱ་མཚོའི་ལྷ་ཚོགས་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཐོགས་མེད་དུས་ནས་ད་ལྟ་ཡན་ཆད་དུ། །མ་རིག་དབང་གྱུར་ཉེས་པའི་སྐྱོན་དབང་གིས། །དཀོན་མཆོག་དཀོར་འཕྲོག་རློམ་སེམས་བགྱིས་པ་དང་། །དཀོར་ལ་འབག་དང་སེར་སྣས་བཅིངས་བ་ཡི། །མཆོད་སྦྱིན་ཆགས་ཤིང་ཛམ་ལྷའི་ཆུ་རྒྱུན་བཅད། །གཏོར་ཚོགས་མཆོད་པ་གཞུང་དང་འགལ་བའི་ཚོགས། །མདོར་ན་མི་མཐུན་ཉེས་པ་ཅི་མཆིས་པ། །གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཡིག་བརྒྱ་བརྗོད། ཅེས་པ་འདིའང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེའོ། །

ས་སྙིང་སྒྲུབ་ཐབས་ཀྱི་ཆ་ལག་བསེ་རག་བཀར་ཐབས་བཞུགས་སོ།།

དངོས་གྲུབ་ལ་བར་དུ་གཅོད་པའི་བསེ་རག་བཀར་བ་ལ། རྫ་ཆག་གི་སྣོད་དུ་སྦང་མ་ཇ་ལོ་སོགས་ཀྱིས་བཀང་བའི་སྟེང་དུ་སྡེར་ཆག་ནང་དུ་ཟན་ལ་བསེ་རག་ངར་མི་གོས་སྐྱ་བོ་གོན་པ། སྐེ་རགས་སྔོན་པོ་དམ་དུ་བཅིངས་པ།ལག་གཉིས་ཟས་སློང་བའི་ཚུལ་དུ་མགོ་ལ་ཞྭ་མོ་སྐྱ་ལེབ་གྱོན་པ། གཡས་སུ་ཕོ་གླུད། གཡོན་དུ་མོ་གླུད། མདུན་དུ་མར་མེ། རྒྱབ་ཏུ་ཏིང་ལོ།རྫ་ཆག་ཟངས་ཆག་གང་རུང་ནང་མི་ཁའི་རྫས་བསགས། ཕྲག་པ་གཡས་གཡོན་ཉི་ཟླའི་ཤིང་བྱང་རྒྱབ་ལ་ནམ་མཁའ་དཀར་པོས་བརྒྱན། དར་རས་སྣ་ཚོགས་ཀྱིས་བརྒྱན་པ། རིན་ཆེན་ཕྱེ་མ་སོགས་མཁོ་བའི་ཡོ་བྱད་འདུ་བྱས་ལ། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས། ཁྲོ་རྒྱལ་ཕྱག་ན་རྡོ་རྗེའི་བསྐྱེད་རིམ་ང་རྒྱལ་གྱིས། ཀྱེེ། སྟེང་འོག་ཕྱོགས་མཚམས་མཐའ་དབུས་ཐམས་ཅད་ན། །བསེ་རག་སྡེ་དཔོན་འཁོར་དང་བཅས་པ་རྣམས། །རྫོང་ཡས་མཆོད་པ་དམ་པ་བཞེས་པའི་ཕྱིར། །འདིར་གཤེགས་རྟེན་དང་གཉིས་སུ་མེད་པར་བཞུགས། །ཀྱེེ། སྔོན་ཚེ་མཐུ་ཆེན་ཕྱག་ན་རྡོ་རྗེ་ཡི། །ཐ་ཚིག་གཉན་པོ་རྗེས་སུ་དྲན་པར་གྱིས། །རྫོང་ཡས་མཆོད་སྦྱིན་དཔག་མེད་འདི་བཞེས་ལ། །དངོས་གྲུབ་སྒྲུབ་ལ་གནོད་པ་མ་བྱེད་ཅིག །མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོ་འདིས། །ཁྱེད་ཅག་ངོམས་ཤིང་ཚིམ་པར་མཛད་དུ་གསོལ། །ཀྱེེ། ཁྱེད་ཅག་ད་ནི་ལམ་སྟོན་ཤར་དུ་སྟོན། །ཤར་ཕྱོགས་ལུས་འཕགས་གླིང་དུ་གཤེགས་རེ་རན། །གླིང་དེར་དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས། །ཁྱེད་ཅན་འཁོར་བཅས་གླིང་ཆེན་དེ་རུ་སོང་། །ཡུལ་ཁམས་འདི་དང་གནས་ཁང་འདི་དག་ལ། །མ་ཆགས་མ་ཞེན་ཉིན་མཚན་ཐམས་ཅད་དུ། །ཉི་མ་ཟླ་བས་ལམ་སྒྲོན་གྱིས་ལ་གཤེགས། །དར་ཟབ་རིན་ཆེན་སྣ་ལྔའི་རྫས་དང་བཅས། །ཁྲོ་རྒྱལ་ཕྱག་ན་རྡོ་རྗེའི་བཀའ་བཞིན་དུ། །ཁྱོད་ལ་བྱིན་པས་དགའ་ཞིང་མགུ་བར་གྱིས། །གལ་སྲིད་མི་འགྲོ་འདི་རུ་འདུག་གྱུར་ན། །ཁྲོ་བོ་ཁྲོ་མོའི་དམག་དཔུང་ཚོགས་རྣམས་ཀྱིས། །ཁྱེད་ཅག་རྡུལ་དུ་བརླག་པར་གདོན་མི་ཟ། །ཞེས་བརྗོད་ལ་ཤར་ཕྱོགས་སུ་གོམ་པ་བརྒྱད་བཅུའི་མཚམས་ན་བསྐྱེལ། ཐུན་གྱིས་བྲབ། ཧྲཱིཿ ཆོས་དབྱིངས་འགྱུར་མེད་སྤྲོས་བྲལ་ཆེན་པོ་ལ། །བགེགས་ཞེས་བྱ་བའི་མིང་ཡང་མ་གྲུབ་ཀྱང་། །འོན་ཀྱང་ཀུན་རྫོབ་སྒྱུ་མའི་ཚུལ་ཙམ་དུ། །རྣམ་དག་ཆོས་དབྱིངས་ངང་དུ་མཚམས་བཅོད་དོ། །ཞེས་པ་འདི་ཡང་ལ་དཀར་མཐུ་སྟོབས་དང་། མཁན་སྤྲུལ་ཐུབ་བསྟན་འཕགས་པ་གཉིས་ནས་བསྐུར་ངོར་རྫོགས་སྤྲུལ་ལྔ་པས་བྲིས་པ་དགེ །

ས་སྙིང་སྒྲུབ་པའི་ཆ་ལག་གཡང་བསང་འདོད་རྒུའི་རྡུལ་འཚུབ་བཞུགས་སོ།།

ཀྱེེ། སྔོན་ཚེ་འདས་དུས་བསྐལ་བའི་དང་པོ་ལ། །བོད་ཡུལ་ཁ་བ་ཅན་གྱི་ཞིང་ཁམས་སུ། །སྙིང་རྗེའི་མངའ་བདག་སྤྱན་རས་གཟིགས་དབང་དང་། །མྱུར་མཛད་འཕགས་མ་སྒྲོལ་མའི་བྱིན་རླབས་ལས། །སྤྲེལ་སྒོམ་སྤྲེའུ་རྒྱལ་མོ་རྣམ་གཉིས་སྤྲུལ། །དེ་ཡི་ཐུགས་བསྐྱེད་རྨད་བྱུང་བསམ་ཡས་ལས། །རོ་བཅུད་ལྡན་པའི་འབྲུ་སྣ་སྣ་ཚོགས་བཏབ། །བདག་ཉིད་རིག་འཛིན་སྔགས་འཆང་རྒྱལ་པོ་ཡིས། །དཀོན་མཆོག་གསུམ་ལ་མཆོད་པ་རྒྱ་ཆེར་ཕུལ། །བཀྲ་ཤིས་སྙུག་མ་རྒོད་ཀྱི་ལྡེམ་འཕྲུ་ལ། །རིགས་ལྔའི་རང་མདངས་དར་ཚོན་སྣ་ལྔས་བརྒྱན། །སྲིད་གསུམ་གསལ་བའི་དངུལ་དཀར་མེ་ལོང་བཏགས། །ཁུ་ཡེ་བརྗོད་ཅིང་ཕྱོགས་བཅུར་གཡབ་པའི་ཚེ། །འགྲོ་བའི་སྔོན་བསགས་བསོད་ནམས་སྟོབས་ལས་འཁྲུངས། །སྟེང་ཕྱོགས་འོད་ཟེར་དཀར་པོ་འཕྲོས་པ་ལས། །ལྷ་ཡི་དཔལ་འབྱོར་བསོད་ནམས་བོད་དུ་ལོན། །འོག་ཕྱོགས་འོད་ཟེར་མཐིང་ཀ་འཕྲོས་པ་ལས། །ཀླུ་ཡི་ལོངས་སྤྱོད་དཔལ་འབྱོར་བོད་དུ་ལོན། །བར་སྣང་འོད་ཟེར་སེར་པོ་འཕྲོས་པ་ལས། །གཉན་གྱི་དཔལ་འབྱོར་ལོངས་སྤྱོད་བོད་དུ་ལོན། །འོད་ཟེར་ཤར་གྱི་ཕྱོགས་སུ་འཕྲོས་པ་ལས། །ཡུལ་འཁོར་སྲུང་བའི་གཡང་རྣམས་བོད་དུ་ལོན། །འོད་ཟེར་ལྷོ་ཡི་ཕྱོགས་སུ་འཕྲོས་པ་ལས། །འཕགས་སྐྱེས་པོ་ཡི་གཡང་རྣམས་བོད་དུ་ལོན། །འོད་ཟེར་ནུབ་ཀྱི་ཕྱོགས་སུ་འཕྲོས་པ་ལས། །སྤྱན་མི་བཟང་གི་གཡང་རྣམས་བོད་དུ་ལོན། །འོད་ཟེར་བྱང་གི་ཕྱོགས་སུ་འཕྲོས་པ་ལས། །རྣམ་ཐོས་སྲས་ཀྱི་གཡང་རྣམས་བོད་དུ་ལོན། །གཞན་ཡང་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ལས། །རྒྱ་གར་ཆོས་དང་རྒྱ་ནག་ཇ་ཡི་གཡང་། །དཀོར་ནོར་ལོངས་སྤྱོད་དཔའ་རྩལ་སྟོབས་ཀྱི་གཡང་། །གོ་མཚོན་རིན་ཆེན་རྟ་ནོར་ཕྱུགས་ཀྱི་གཡང་། །སྣོད་བཅུད་སྲིད་གསུམ་ཕྱྭ་གཡང་ཐམས་ཅད་ནི། །ཁུ་ཡེ་ཕྱྭ་དང་གཡང་གིས་སྐྱོབ་ཏུ་གསོལ། །ཀྱཻ། བསྐལ་མང་གོང་ནས་མངོན་པར་བྱང་ཆུབ་ཀྱང་། །འགྲོ་བའི་དབུལ་ཕོངས་སྡུག་བསྔལ་སེལ་ཕྱིར་དུ། །སེམས་དཔའི་ཚུལ་འཛིན་འགྲོ་བའི་དོན་མཛད་པའི། །བྱང་ཆུབ་སེམས་དཔའ་ཆེན་པོ་ས་ཡི་སྙིང་། །སངས་རྒྱས་ཡོན་ཏན་རིན་ཆེན་རྒྱ་མཚོ་དང་། །བླ་མ་ནོར་ལྷ་རཏྣ་ཐོད་ཕྲེང་རྩལ། །རྣམ་མང་ཐོས་སྲས་སེར་ཆེན་སྒེག་པའི་ཉམས། །ཁམས་གསུམ་དབང་སྡུད་པདྨ་རྒྱལ་པོའི་སྐུ། །གཡང་གི་ལྷ་མོ་ཆེན་མོ་དཔལ་ཆེན་མོ། །ས་ཡི་ལྷ་མོ་ཆེན་མོ་བརྟན་བྱེད་མ། །དབང་ཕྱུག་ཆེན་པོ་མ་ཧཱ་དེ་ཝ་དང་། །ཚོང་ལྷ་ལྷ་ཆེན་ཚོགས་ཀྱི་བདག་པོ་དང་། །ཐུགས་ཀྱི་ཛམ་ནག་གཏུམས་ཤིང་ཁྲོས་པའི་སྐུ། །འཁོར་དུ་ལྷ་མོ་གྲོགས་མོ་ཆེན་པོ་བརྒྱད། །ཟླ་ཤེལ་སྦྱིན་མ་སྦྱིན་བཟང་འཕགས་མ་སྟེ། །རབ་བཟང་རབ་བརྟན་ནོར་རྒྱུན་དབྱངས་ཅན་མ། །སྒོ་སྐྱོང་ཛམ་ལྷ་དཀར་སེར་དམར་ལྗང་བཞི། །གཞན་ཡང་ནོར་ལྷ་བྱེ་བ་འབུམ་གྱི་ཚོགས། །ཇི་ལྟར་ཉི་མའི་ཟེར་གྱིས་རྡུལ་འཁྲིགས་ལྟར། །བསང་མཆོད་མགྲོན་ལ་གནས་འདིར་གཤེགས་སུ་གསོལ། །རཾ་ལས་སྐྱེས་པའི་ཡེ་ཤེས་མེ་ནང་དུ། །གཡུ་ཤུག་སྔོན་མོ་བ་ལུ་མཁན་དཀར་དང་། །སྟག་པ་འོམ་བུ་ཕུར་མོང་ལ་སོགས་པ། །ཇ་ཆང་ཟས་ཕུད་གསེར་སྐྱེམས་གཡུ་སྐྱེམས་དང་། །ཕྱེ་མར་འོ་སྐོལ་དར་ཟབ་རིན་ཆེན་ལྔ། །ལྷན་ཅིག་བསྲེགས་པའི་དུད་པའི་སྤྲིན་ཕུང་གིས། །འདོད་ཡོན་ལྷ་མོའི་ཟེར་ཐག་ཕྱོགས་བཅུར་སྒྲེང་། །ལྷ་ལམ་ཡོངས་ལ་ཁྱབ་པའི་མཆོད་སྤྲིན་འདིས། །ནོར་ལྷ་རྒྱལ་པོ་འཁོར་དང་བཅས་པ་བསང་། །དེ་ལྟར་བསང་ཞིང་མཆོད་པའི་བྱིན་རླབས་ཀྱིས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས། །ནད་གདོན་མི་མཐུན་རྐྱེན་ངན་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་རྟག་ཏུ་རྒྱས། །ཁམས་གསུམ་མ་ལུས་དབང་དུ་བསྡུས་ནས་ཀྱང་། །བྱད་ཕུར་རྦོད་གཏོང་དགྲ་བགེགས་ཚར་གཅོད་ལ། །སྣང་སྲིད་རྣམ་དག་ཁྱབ་བརྡལ་ཆེན་པོ་ནས། །འཁོར་འདས་སྲིད་ཞིའི་དྭངས་བཅུད་གཡང་དུ་ལེན། །སྟེང་འོག་ཕྱོགས་བཅུ་དག་པའི་ཞིང་ཁམས་ནས། །ལྷ་ཀླུ་མི་ཡི་དཔལ་འབྱོར་གཡང་དུ་ལེན། །འཕན་ཕྱུག་དར་གསུམ་རྒྱལ་བཙུན་མཁས་གྲགས་གཡང་། །ཕུན་ཚོགས་འབད་མེད་ལྷུན་གྲུབ་གཡང་དུ་ལེན། །དངོས་གྲུབ་ཀུན་བདག་ནོར་ལྷ་རྒྱ་མཚོའི་ཚོགས། །བདག་ལ་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །དེང་ནས་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །བདག་ཅག་བྱང་ཆུབ་སྒྲུབ་པའི་གང་ཟག་ལ། །བཀྲེས་ཕོངས་དབུལ་བའི་སྡུག་བསྔལ་རྒྱུན་ཆད་ནས། །མི་ཟད་དངོས་གྲུབ་དམ་པ་སྩལ་དུ་གསོལ། །ཅེས་པ་འདི་ཡང་ཕུར་ཚའི་མཁན་སྤྲུལ་ཐུབ་བསྟན་འཕགས་པ་དང་ལ་དཀར་སྲས་པོ་མཐུ་སྟོབས་རྣམ་རྒྱལ་གཉིས་ཀྱིས་བསྐུལ་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིགདགེའོ། །

ས་ཡི་སྙིང་པོའི་སྒྲུབ་ཐབས་ཆ་ལག་གཡང་འགུགས་བསམ་འཕེལ་ནོར་བུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།

གཡང་རྫས་སྤྱི་ཁྱབ་རྣམས་དང་། ཁྱད་པར་གཡང་ཕོར། ཕྱེ་མར། གཡང་མདའ། དཀར་གསུམ། མངར་གསུམ། གཡང་ཆང་སོགས་འདུ་བྱས་ལ། །དང་པོ་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱི་གཡང་འགུགས་ནི། ཧཱུྃ་ཧྲཱིཿ རབ་འབྱམས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡིས། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དང་། །བླ་མ་རིག་འཛིན་ཡི་དམ་ཞི་ཁྲོའི་ཚོགས། །ཆོས་སྐྱོང་སྲུང་མའི་བྱིན་རླབས་གཡང་ཕོབ་ཅིག །སྟེང་འོག་ཕྱོགས་བཅུར་བཞུགས་པའི་བདེ་བར་གཤེགས། །སྟོན་པ་བཅུ་གཉིས་སྨན་བླ་མཆེད་བརྒྱད་དང་། །འོད་དཔག་མེད་དང་མི་འཁྲུགས་ཚེ་དཔག་མེད། །རབ་འབྱམས་ཞིང་ན་བཞུགས་པའི་སངས་རྒྱས་རྣམས། །ཕྱྭ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །ཉེ་སྲས་བརྒྱད་དང་སྐར་མ་དྲི་མ་མེད། །སྨན་གྱི་རྒྱལ་པོ་སྨན་ནི་ཡང་དག་འཕགས། །ནམ་མཁའ་མཛོད་དང་སྤོས་ཀྱི་གླང་པོ་སོགས། །རྒྱལ་སྲས་སེམས་དཔའ་སེམས་མའི་ཚོགས་དང་བཅས། །ཕྱྭ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་། །རིགས་བརྒྱ་རིགས་ལྔ་རིགས་གསུམ་དྲྭ་མ་ལྔ། །དགའ་རབ་ཤྲཱི་སེང་པད་འབྱུང་རིག་འཛིན་བརྒྱད། །དགོངས་བརྡ་སྙན་བརྒྱུད་བླ་མའི་ཚོགས་རྣམས་ཀྱིས། །ཕྱྭ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །སྒྲུབ་པ་བཀའ་བརྒྱད་སྒྱུ་འཕྲུལ་དྲྭ་བ་དང་། །དུས་ཀྱི་འཁོར་ལོ་དགྱེས་རྡོར་བདེ་མཆོག་ལྷ། །སངས་རྒྱས་ཐོད་པ་ཚོགས་ཆེན་འདུས་པ་སོགས། །ཡིད་དམ་ཞི་ཁྲོའི་དཀྱིལ་འཁོར་ཚོགས་རྣམས་ཀྱི། །ཕྱྭ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །རྡོ་རྗེ་ཕག་མོ་རིགས་ལྔ་མཁའ་འགྲོའི་ཚོགས། །ཀུ་རུ་ཀུ་ལེ་ཡེ་ཤེས་མཚོ་རྒྱལ་དང་། །མནྡ་ར་བ་མཁའ་འགྲོ་སེངྒེའི་གདོང་། །ཞིང་སྔགས་ལྷན་ཅིག་སྐྱེས་པའི་མཁའ་འགྲོ་མས། །ཕྱྭ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །གཉིས་པ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་དང་། བདེ་གཤེགས་སངས་རྒྱས་རིན་ཆེན་ཡོན་ཏན་རྒྱ་མཚོ། ཨོ་རྒྱན་ནོར་ལྷ། རྣམ་སྲས་སེར་ཆེན། པདྨ་རྒྱལ་པོ། ལྷ་མོ་དཔལ་ཆེན་རྣམས་ཀྱི་གཡང་འགུགས་ནི། ཧཱུྃ་ཧྲཱིཿ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །གྲངས་མེད་སྔོན་ནས་མངོན་པར་བྱང་ཆུབ་ཀྱང་། །སེམས་དཔའི་ཚུལ་འཛིན་འགྲོ་བའི་དོན་མཛད་པ། །བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ཡིས། །ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནས། །སངས་རྒྱས་རིན་ཆེན་ཡོན་ཏན་རྒྱ་མཚོ་ཡི། །བཻཌཱུརྱ་དང་གསེར་གྱི་ཁ་དོག་བཟང་། །གསེར་དུ་སྣང་བའི་དཔལ་ཞེས་བྱ་བ་ཡིས། །ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས། །རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ། །རང་འོད་ཡུམ་ཆེན་རིན་ཆེན་མཁའ་འགྲོ་བཅས། །ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །འགྲོ་བའི་དབུལ་ཕོངས་སྡུག་བསྔལ་སེལ་བའི་ལྷ། །ནོར་བདག་རྒྱལ་པོ་རྣམ་མང་ཐོས་སྲས་ཀྱིས། །ཕྱྭ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །དགའ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་ནས། །དབང་མཛད་དབང་གི་ལྷ་མཆོག་བཅོམ་ལྡན་འདས། །ཁམས་གསུམ་དབང་སྡུད་པདྨ་རྒྱལ་པོ་ཡིས། །ཕྱྭ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །གཡང་གི་ལྷ་མོ་ཆེན་མོ་དཔལ་ཆེན་མོ། །དབུལ་བའི་རྒྱུན་གཅོད་དངོས་གྲུབ་ཀུན་གྱི་བདག །ཕྱྭ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །གསུམ་པ་ས་ཡི་ལྷ་མོ་བརྟན་མ་དང་། དབང་ཕྱུག་ཆེན་པོ། ཚོང་ལྷ་ཚོགས་བདག་གླང་སྣ། བལ་པོ་ཨ་ཧཾ་འབར་གྱི་ཛམ་ནག་རྣམས་ཀྱི་གཡང་འགུགས་ནི། ཧཱུྃ་ཧྲཱིཿ སྟོང་གསུམ་མི་མཇེད་ས་ལ་དབང་མཛད་ཅིང་། །འཇིག་རྟེན་ཁམས་སུ་བདེ་ལེགས་སྩོལ་མཛད་པའི། །ས་བདག་ཆེན་པོ་ས་ཡི་ལྷ་མོ་ཡིས། །ཕྱྭ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །གངས་དཀར་རྩེ་དང་ཙནྡན་ནགས་གླིང་ནས། །ཁམས་གསུམ་ཀུན་བདག་གཞན་ཡིད་འགུགས་མཛད་ཅིང་། །དབང་ཆེན་བཀའ་སྡོད་དྲེགས་པ་ཀུན་གྱི་གཙོ། །ཕྱྭ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །སུམ་ཅུ་རྩ་གསུམ་ལྷ་ཡི་གནས་མཆོག་ནས། །ཟས་ནོར་ལོངས་སྤྱོད་དཔལ་གཡང་སྩོལ་མཛད་པ། །ཚོགས་བདག་གླང་སྣ་དངོས་གྲུབ་ཀུན་གྱི་བདག །ཕྱྭ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །བྱང་ཕྱོགས་གནོད་སྦྱིན་རྫོང་གི་ཕོ་བྲང་ནས། །སྔོན་ནས་ཐུགས་བསྐྱེད་སེམས་དཔའི་སར་གནས་ཀྱང་། །སྟོན་པའི་ཞལ་མཐོང་གནོད་སྦྱིན་ཛམ་བྷ་ལ། །ཕྱྭ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །བཞི་བ་འཁོར་གྱི་ལྷ་མོ་གྲོགས་མོ་བརྒྱད་ཀྱི་གཡང་འགུགས་ནི། ཧཱུྃ། རི་རབ་ཆེན་པོའི་བྱང་གི་ཕྱོགས་རོལ་ན། །གསེར་རི་ཆེན་པོའི་གཉའ་ཤིང་འཛིན་གྱི་རྩེར། །ཁང་བཟང་གསེར་གྱི་རྒྱལ་མཚན་ཞེས་བྱ་ན། །སྙིགས་མ་ལྔ་བདོའི་བསྐལ་ངན་དུས་ཤར་ཚེ། །སྙིང་རྗེ་བྱང་ཆུབ་སེམས་ཀྱི་ཤུགས་འཆང་བ། །ཟླ་ཤེལ་སྦྱིན་མ་སྦྱིན་བཟང་འཕགས་མ་སྟེ། །རབ་བཟང་རབ་སྦྱིན་ནོར་རྒྱུན་དབྱངས་ཅན་མ། །གྲོགས་ཀྱི་ལྷ་མོ་ཆེན་མོ་བརྒྱད་རྣམས་ཀྱིས། །ཕྱྭ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །ལྔ་བ་སྒོ་བཞི་སྲུང་བའི་ཛམ་ལྷ་རིགས་བཞི་ནི། ཆོས་རྒྱལ་རྡོ་རྗེའི་ཛམ་དཀར། སེར་པོ་སྐོར་གསུམ་ལས་ཛམ་སེར། གྲྭ་བ་མངོན་ཤེས་ཛམ་དམར། ཆགས་མེད་ཛམ་ལྗང་རྣམས་ཀྱི་གཡང་འགུགས་ནི། ཧཱུྃ་ཧྲཱིཿ ཤར་ཕྱོགས་ཞི་བ་ཆེན་པོའི་ཕོ་བྲང་ནས། །ཟས་ནོར་ལོངས་སྤྱོད་ཕྱྭ་གཡང་འགུགས་མཛད་པ། །བྱང་ཆུབ་སེམས་ལྡན་འགྲོ་བའི་རེ་སྐོང་བ། །ཤར་སྒོ་སྲུང་བའི་སྐུ་ཡི་ཛམ་བྷ་ལ། །ཕྱྭ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །ལྷོ་ཕྱོགས་རྒྱས་པའི་ལོངས་སྤྱོད་ཕོ་བྲང་ནས། །ཚེ་བསོད་སྙན་གྲགས་ཕྱྭ་གཡང་ཀུན་གྱི་བདག །བཀྲེས་ཕོངས་དབུལ་བའི་སྡུག་བསྔལ་སེལ་བའི་ལྷ། །ལྷོ་སྒོ་སྲུང་བའི་ཡོན་ཏན་ཛམ་བྷ་ལ། །ཕྱྭ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །ནུབ་ཕྱོགས་དབང་དུ་འདུ་བའི་ཕོ་བྲང་ནས། །མི་ནོར་ཕྱུགས་གསུམ་དབང་དུ་སྡུད་མཛད་པ། །ནུབ་སྒོ་སྲུང་བའི་གསུང་གི་ཛམ་བྷ་ལ། །ཕྱྭ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །མངོན་སྤྱོད་དྲག་པོ་རོལ་བའི་གཞལ་ཡས་ནས། །བསྭེ་རག་སྒབ་འདྲེའི་ཚོགས་རྣམས་བསྐྲད་མཛད་ཅིང་། །བྱང་སྒོ་སྲུང་བའི་ཕྲིན་ལས་ཛམ་བྷ་ལ། །ཕྱྭ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །སྣོད་ཀྱི་འཇིག་རྟེན་གྱི་གཡང་འགུགས་ནི། ཧྲཱིཿ སྟོང་གསུམ་རབ་འབྱམས་རྒྱ་མཚོའི་ཞིང་ཁམས་ན། །ཕྱི་ནང་སྣོད་བཅུད་བཀོད་པའི་བྱེ་བྲག་ནི། །ཡིད་མཁའ་རྣམ་དག་ནམ་མཁའི་དཀྱིལ་འཁོར་ཞེས། །རྣམ་པར་དྭངས་བ་ཞེས་བྱའི་ནམ་མཁའ་ནི། །དཀར་གསལ་སྟོང་གསུམ་འཇིག་རྟེན་ཁམས་དང་མཉམ། །དེ་སྟེང་རླུང་དཀྱིལ་རྡོ་རྗེ་རྒྱ་གྲམ་དབྱིབས། །མདོག་ལྗང་རྔམས་སུ་ས་ཡ་དྲུག་འབུམ་ལ། །རྒྱ་ཁྱོན་གྲངས་མེད་སྲ་མཁྲེགས་རྡོ་རྗེ་འདྲ། །དེ་སྟེང་ཞི་བ་གསལ་དག་རྒྱ་མཚོ་ནི། །དཀར་གསལ་དབྱིབས་ནི་ཟླུམ་པོའི་རང་བཞིན་ལ། །རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་། །ཉི་ཁྲི་དང་བཅས་མཐའ་ནས་རླུང་གིས་བསྐོར། །རྒྱ་ཁྱོན་འབུམ་ཕྲག་བཅུ་གཉིས་སྟོང་ཕྲག་གསུམ། །བརྒྱ་ཕྲག་ཕྱེད་དང་ལྔ་དང་བཅས་པའོ། །དེ་སྟེང་ས་ཡི་དཀྱིལ་འཁོར་གྲུ་བཞི་ལ། །རྔམས་སུ་དཔག་ཚད་སུམ་འབུམ་ཉི་ཁྲི་ལ། །རྒྱར་ནི་འབུམ་ཕྲག་བཅུ་གཉིས་སྟོང་ཕྲག་གསུམ། །བརྒྱ་ཕྲག་ཕྱེད་དང་ལྔ་དང་བཅས་པའོ། །དེ་སྟེང་དབང་ཆེན་གསེར་གྱི་ས་གཞིའི་དབུས། །རི་རྒྱལ་ལྷུན་པོ་རིན་ཆེན་བཞི་ལས་གྲུབ། །ཤར་ཕྱོགས་དངུལ་ལ་ལྷོ་ཕྱོགས་བཻཌཱུརྱ། །ནུབ་ཕྱོགས་པད་རག་བྱང་ཕྱོགས་གསེར་ལས་གྲུབ། །ལྷུན་པོའི་ཆུ་སྟེང་དཔག་ཚད་བརྒྱད་ཁྲི་དང་། །ཆུ་ཡི་ནང་དུ་དཔག་ཚད་བརྒྱད་ཁྲིར་གནས། །ཆུ་སྟེང་བང་རིམ་བཞི་ལས་དང་པོ་ནི། །རླུང་གི་བང་རིམ་གཡུ་ཡི་རྡོ་རྗེ་ཅན། །ཞིང་དུ་དཔག་ཚད་སྟོང་ཕྲག་བཅུ་དྲུག་འཕགས། །ཆུར་ནི་ཅི་ཙམ་ཡོད་པ་སུམ་འགྱུར་རོ། །བང་རིམ་གཉིས་པ་ཆུ་ཡི་བང་རིམ་ནི། །རྣམ་པར་སྤུངས་པ་སྟོང་ཕྲག་བརྒྱད་ཕྱིར་འཕགས། །བང་རིམ་གསུམ་པ་ཤེལ་འོད་འབར་བ་ནི། །དཔག་ཚད་སྟོང་ཕྲག་བཞི་ནི་ཕྱིར་ལ་འཕགས། །བང་རིམ་བཞི་པ་འཁོར་ལོ་རྣམ་བརྩེགས་ཏེ། །དཔག་ཚད་སྟོང་ཕྲག་གཉིས་ནི་ཕྱིར་ལ་འཕགས། །སྲིད་དུ་ཆུ་མཚམས་ནས་བཟུང་རི་རབ་ཕྱེད། །གསེར་གྱི་རི་བདུན་གྲུ་བཞིའི་བསྐོར་བ་ནི། །གཉའ་ཤིང་འཛིན་དང་བཤོལ་མདའ་སེང་ལྡིང་ཅན། །བལྟ་ན་སྡུག་དང་རྟ་རྣ་རྣམ་འདུད་དང་། །རི་བོ་ཆེན་པོ་མུ་ཁྱུད་འཛིན་རི་བཅས། །བར་མཚམས་རྣམས་སུ་རོལ་བའི་མཚོ་བདུན་ནི། །ཀུན་ཀྱང་ཡན་ལག་བརྒྱད་ལྡན་ཆུ་བོ་སྟེ། །དེ་ན་གནས་པའི་ཀླུ་ཆེན་བརྒྱད་པོ་ནི། །དགའ་བོ་ཉེར་དགའ་རྟའི་བཞི་བཏང་བཟུང་དང་། །གཟི་ཅན་ཡུལ་འཁོར་སྲུང་དང་ནག་པོ་ཆེ། །ཨེ་ལའི་འདབས་རྣམས་རོལ་ཞིང་རྩེ་བའི་མཚོར། །དེ་དག་ཕྱི་རོལ་ལྕགས་རི་མུ་ཁྱུད་ནི། །ནང་དུ་ལན་ཚྭའི་ཁྱབ་པའི་རྒྱ་མཚོ་སྟེ། །ཕྱི་སྣོད་འཇིག་རྟེན་རབ་འབྱམས་ཐམས་ཅད་ཀྱི། །དྭངས་བཅུད་ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ། །ལྷ་མིན་གྱི་གཡང་འགུགས་ནི། ཧཱུྃ་ཧྲཱིཿ དབང་ཆེན་གསེར་གྱི་ས་གཞི་ལ་གནས་པ། །ལྷ་མ་ཡིན་གྱི་གྲོང་ཁྱེར་གསེར་ལྡན་ཞེས། །སུམ་ཅུ་རྩ་གསུམ་ལྷ་ལ་འགྲན་ནུས་པའི། །ལྷ་མིན་རྒྱལ་པོ་ཆེན་པོ་ཐག་བཟང་རིས། །མདུན་ས་ནོར་བཟང་ཕྱོགས་བཞིར་སྐྱེད་ཚལ་ནི། །ཀུན་དགའ་ར་དང་རབ་ཏུ་དགའ་བ་དང་། །དགའ་བ་དང་ནི་དགའ་བའི་ཀུན་དགའ་ར། །དཔག་བསམ་ཤིང་ནི་ཙི་ཏྲ་པ་ཏྲི་དང་། །ལྷ་མིན་རྡོ་ལེབ་རབ་ཏུ་བཟང་པོ་དང་། །གླང་པོ་ཆེན་པོ་ཏི་སེ་གངས་བརྩེགས་ཞེས། །གཡུལ་གྱི་གླང་ཆེན་བཟོད་པར་དཀའ་བ་དང་། །རྟ་མཆོག་རབ་མྱུར་འདོད་འཇོའི་བ་མོ་སོགས། །འདོད་ཡོན་ལོངས་སྤྱོད་ཕུན་གསུམ་ཚོགས་པ་ནི། །དགེ་བའི་བསོད་ནམས་སྟོབས་ཀྱི་མཐུ་ལས་བྱུང། །གསེར་གྱི་ས་གཞི་ལ་གནས་སྐར་ཕྲེང་དང་། །མགུལ་ཕྲེང་གནས་དང་རི་རབ་ཆུ་མཚམས་སུ། །གནས་པའི་ལྷ་མིན་རྒྱལ་པོ་སྒྲ་གཅན་འཛིན། །རི་རབ་ཁོང་སེང་ལྷ་མིན་རིགས་ལྔ་ནི ། །ཚེ་དཔལ་ལྷ་དང་གསོད་བྱེད་སྲིན་པོ་དང་། །སྟོབས་ཆེན་གནོད་སྦྱིན་རྩུབ་འགྱུར་བདུད་ཀྱི་རིགས། །གདུག་པ་ཀླུ་ཡི་རིགས་སུ་གྱུར་པ་སྟེ། །ལྷ་མིན་འཇིག་རྟེན་རབ་འབྱམས་ཐམས་ཅད་ཀྱི། །ཕྱི་ནང་སྣོད་བཅུད་དཔལ་གཡང་མཐའ་དག་ཀུན། །འོད་ཟེར་རྣམ་པའི་ཚུར་གྱིས་གཡང་ཁུག་ཅིག །རྒྱལ་ཆེན་རིག་བཞིའི་གཡང་འགུགས་ནི། ཧཱུྃ་ཧྲཱིཿ གསེར་རི་ལ་གནས་དཔའ་བོ་མཁའ་འགྲོ་དང་། །འཇིགས་བྱེད་དགུ་དང་དཔལ་མགོན་བདུན་ཅུའི་ཚོགས། །དྲང་སྲོང་རིག་འཛིན་གནོད་སྦྱིན་དབང་པོའི་སྡེ། །རི་རྒྱལ་ལྷུན་པོའི་བང་རིམ་དང་པོ་ན། །ལག་ན་ཡོལ་གོར་ཐོགས་པ་ཞེས་བྱའི་གནས། །གཉིས་པ་མེ་ཏོག་ཕྲེང་བ་ཐོགས་པའི་གནས། །གསུམ་པ་སྦྲང་རྩིས་རྟག་ཏུ་མྱོས་པའི་གནས། །བཞི་པ་རྒྱལ་ཆེན་སྡེ་བཞིའི་ལྷ་གནས་ཏེ། །ཤར་ཕྱོགས་དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང། །ཕོ་བྲང་ཡུལ་འཁོར་སྲུང་ཞེས་བྱ་བ་དང་། །ལྷོ་ཕྱོགས་གྲུ་བུམ་རྒྱལ་པོ་འཕགས་སྐྱེས་པོ། །ཕོ་བྲང་ཆེན་པོ་འཕགས་སྐྱེས་ཞེས་བྱ་བ། །ནུབ་ཕྱོགས་ཀླུ་ཡི་རྒྱལ་པོ་སྤྱན་མི་བཟང་། །ཕོ་བྲང་སྣ་ཚོགས་གཟུགས་ཞེས་བྱ་བ་དང་། །བྱང་ཕྱོགས་གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས། །ཕོ་བྲང་ལྕང་ལོ་ཅན་ཞེས་བྱ་བ་ཡོད། །རིན་ཆེན་རྣམ་པ་བཞི་ལས་གྲུབ་པ་སྟེ། །ནང་ན་ས་གཞི་ཚོན་སྣ་བརྒྱ་བཀྲ་བ། །མནན་ན་ནེམ་ཞིང་བཏེགས་ན་སྤར་བྱེད་པ། །རིན་ཆེན་གསེར་གྱི་བྱེ་མ་བརྡལ་བ་ལ། །ཙནྡན་ཆུ་ཡི་སིལ་བུས་ཆག་ཆག་བཏབ། །ལྷ་ཡི་མེ་ཏོག་མནྡ་ར་བ་ཡིས། །པུས་ནུབ་ཙམ་དུ་ཁེབ་པའི་ངོ་མཚར་ཅན། །རིན་པོ་ཆེ་ཡིས་བརྩེགས་པའི་རྫིང་བུ་ནི། །སྦྲང་རྩི་རོ་ལྡན་ཆུ་ཡིས་གང་བ་དང་། །རྫིང་གི་འགྲམ་ན་འདོད་ཡོན་ལོངས་སྤྱོད་སོགས། །ཅི་དགར་སྤྱོད་པའི་དཔག་བསམ་ལྗོན་པའི་ཤིང་། །ཆུ་དང་ཐང་ལས་སྐྱེས་པའི་མེ་ཏོག་དང་། །དེ་ན་གནས་པའི་ལྷ་བྱ་གསེར་གྱི་མདོག །རི་སྐེད་དྲིལ་བུའི་སྒྲ་ཅན་ཀངྐ་རི། །དེ་ན་བཞུགས་པའི་རྒྱལ་པོ་ཆེན་པོ་བཞི། །སྲས་དང་བཙུན་མོ་མདུན་ན་འདོན་གྱི་ཚོགས། །ཚེ་དང་བསོད་ནམས་སྟོབས་འབྱོར་མངའ་ཐང་དང་། །དཔལ་དང་གཟི་བརྗིད་སྙན་དང་གྲགས་པ་ཡི། །ཕྱྭ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །གཉའ་ཤིང་འཛིན་གྱི་རྩེ་དང་མཉམ་པའི་ཐད། །གོ་ལོའི་དཀྱིལ་འཁོར་རླུང་གིས་བཏེགས་པའི་སྟེང་། །ཉི་མའི་དཀྱིལ་འཁོར་འོག་གཞི་མེ་ཤེལ་ཏེ། །མཐའ་ཆགས་གསེར་ཡིན་དཔག་ཚད་ལྔ་བཅུ་གཅིག །འཁོར་ཡུག་ཟླུམ་པོར་བརྒྱ་དང་ལྔ་བཅུ་གསུམ། །ཟླ་བའི་དཀྱིལ་འཁོར་འོག་གཞི་ཆུ་ཤེལ་ཏེ། །དཔག་ཚད་ལྔ་བཅུ་མཐར་ཆགས་དངུལ་ལས་གྲུབ། །འཁོར་ཡུག་ཟླུམ་པོ་བརྒྱ་དང་ལྔ་བཅུ་སྟེ། །གཉིས་ཀའི་སྟེང་དུ་ལྷ་ཡི་གྲོང་ཁྱེར་ནི། །ལྷ་ཡི་བུ་ནི་ཉི་མ་ཟླ་བ་ཡི། །ཕོ་བྲང་རིན་ཆེན་ལས་གྲུབ་ཉམས་དགའ་བར། །གསེར་དང་དངུལ་གྱི་ར་བས་ཟླུམ་པོར་བསྐོར། །ལྷ་དང་ལྷ་མོའི་གང་ཞིང་དགའ་མགུར་སྤྱོད། །གཞན་ཡང་གཟའ་དང་རྒྱུ་སྐར་ཚོགས་རྣམས་ནི། །གསེར་དང་ཆུ་ཤེལ་མེ་ཤེལ་མཁར་བ་སོགས། །སྟེང་གི་ཁ་ཆགས་གསེར་གྱི་ར་བས་བསྐོར། །ཕྱྭ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །ལྷ་གནས་སུམ་ཅུ་རྩ་གསུམ་གཡང་འགུགས་ནི། ཧཱུྃ་ཧྲཱིཿ ལྷུན་པོའི་སྟེང་ན་སུམ་ཅུ་རྩ་གསུམ་གྱི། །གྲོང་ཁྱེར་ལྟ་ན་སྡུག་པའི་དབུས་ཕྱོགས་སུ། །ཕོ་བྲང་རྣམ་པར་རྒྱལ་བའི་ཁང་བཟང་སྟེ། །རྩིག་པ་གསེར་དང་གསེར་གྱི་དྲྭ་བས་བསྐོར། །སྒོ་ནི་དགུ་བརྒྱ་དགུ་བཅུ་རྩ་དགུ་ཡོད། །སྒོ་རྒྱན་ནོར་བུ་སྣ་ཚོགས་དག་གིས་བརྒྱན། །སྒོ་རེའི་དྲུང་ན་ལྷ་ཡི་སྐྱེས་བུ་ནི། །སྒོ་སྲུང་གོ་གྱོན་མཚོན་ཐོགས་ལྔ་བརྒྱས་སྲུང་། །རིན་ཆེན་སྣ་ཚོགས་ལས་གྲུབ་གཞལ་ཡས་ཁང་། །རིན་ཆེན་དྲ་བ་ཆུན་འཕྱང་དུ་མས་སྤྲས། །ཕྱི་རོལ་སྐྱེད་ཚལ་རིན་ཆེན་རྫིང་བུ་བཅས། །ཁང་བཟང་དེ་ལ་བ་གམ་བརྒྱད་ཡོད་དེ། །རེ་རེ་ལའང་ཁང་བརྩེགས་བདུན་བདུན་ན། །གནས་ཁང་བདུན་བདུན་དག་གིས་ལེགས་པར་བརྒྱན། །ནོར་བུ་སྙིང་པོ་ཡོངས་འདུས་གནས་པ་དང་། །རྣམ་མཛེས་དགའ་ཚལ་ཕྲེང་བ་གསར་བ་དང་། །གཟི་བརྗིད་མཆོག་དང་མཐོང་བར་སྤྱོད་པ་དང་། །འཁོར་ན་གནས་པ་རིགས་མཐུན་ནོར་བུ་འཆང་། །མདོག་བཟང་ཆེ་བ་ས་ལ་ཤིང་ཟུག་པ། །ནོར་བུ་སྣང་བ་ཆོས་བཟང་མདུན་ས་སོགས། །ཉེ་དབང་སོ་གཉིས་ལྷ་དབང་བརྒྱ་བྱིན་བཅས། །སུམ་ཅུ་རྩ་གསུམ་ཡོད་པས་རྩ་གསུམ་ཞེས། །རི་རབ་རྩེ་མོར་མཚམས་བཞིར་ཁང་བརྩེགས་བཞིར། །གནོད་སྦྱིན་ལག་ན་རྡོ་རྗེ་ལྷ་རིགས་གནས། །གྲོང་ཁྱེར་ལྟ་ན་སྡུག་གི་ཕྱི་རོལ་ན། །རིན་ཆེན་རྭ་བ་བདུན་དང་བར་མཚམས་སུ། །འོབ་བདུན་ཡན་ལག་བདུན་ལྡན་རྒྱ་མཚོ་ལ། །ལྷ་བྱ་ངང་པ་མཐིང་རིལ་སོགས་ཀྱིས་བརྒྱན། །ཕྱོགས་བཞིའི་ཤར་ན་སྣ་ཚོགས་སྐྱེད་མོའི་ཚལ། །འདོད་ཡོན་ལོངས་སྤྱོད་ཡིད་ལ་དྲན་པས་འབྱུང་། །ལྷ་ཡི་བུ་མོའི་ཚོགས་ཀྱི་དགའ་བར་བྱེད། །ལྷོ་རུ་རྩུབ་འགྱུར་ཚལ་གྱི་སྐྱེད་མོའི་ཚལ། །ལྷ་མིན་གཡུལ་འགྱེད་ཚེ་ན་ཞེ་སྡང་འཕེལ། །གོ་ཆ་མཚོན་ཆ་སྣ་ཚོགས་སྲ་བར་འབྱུང་། །ནུབ་ན་འདྲེས་པའི་ཚལ་ཞེས་བྱ་བ་ནི། །རིན་ཆེན་ཤིང་དང་མེ་ཏོག་སྣ་ཚོགས་པ། །ལོངས་སྤྱོད་སྣ་ཚོགས་འདྲེས་མར་འབྱུང་བའོ། །བྱང་དུ་དགའ་བའི་ཚལ་ཞེས་བྱ་བ་ན། །ལྷ་རྣམས་ལེགས་ཉེས་གསལ་བའི་མེ་ལོང་དང་། །བདེ་གཤེགས་སངས་རྒྱས་སྟོང་གི་ལྗོན་ཤིང་བཅས། །ཕྱོགས་བཞིར་རིན་ཆེན་རྫིང་བུ་སྣ་ཚོགས་ཡོད། །གྲོང་ཁྱེར་དེ་ཡི་བྱང་ཤར་མཚམས་སུ་ན། །ཡོངས་འདུས་ས་བརྟོལ་ཞེས་བྱའི་ལྗོན་པའི་ཤིང་། །ལྷ་རྫས་གོས་དང་རིན་ཆེན་དྲྭ་བས་བརྒྱན། །ཤིང་དེའི་འོད་ཀྱིས་དཔག་ཚད་ལྔ་བཅུར་ཁྱབ། །དྲི་ཡིས་དཔག་ཚད་བརྒྱ་ཕྲག་ཁྱད་པར་འགྱུར། །ཤིང་གི་དྲུང་ན་ཨ་མོ་ནིར་ཀ་ལྟར། །སྣ་ཚོགས་ཚོན་གྱིས་བཀྲ་བའི་རྡོ་ལེབ་ནི། །མནན་ན་ནེམ་ཞིང་བཏེགས་ན་འཕར་བྱེད་པ། །མེ་ཏོག་མནྡ་ར་བའི་སྐྱེད་མོའི་ཚལ། །དབང་པོའི་ཁྲི་བཅས་མེ་ཏོག་ཆར་བ་བབས། །དབྱར་དུས་རྩ་གསུམ་ལྷ་རྣམས་ཟླ་བཞིར་གནས། །འདོད་ཡོན་ལྔ་ལ་རྟག་ཏུ་ལོངས་སྤྱོད་པ། །གྲོང་ཁྱེར་ལྷོ་ནུབ་དཔག་ཚད་ཕྱེད་བཞིའི་མཚམས། །ཆོས་བཟང་ལྷ་ཡི་མདུན་ས་ཞེས་བྱ་བ། །དབུས་ན་རིན་ཆེན་ཁང་བརྩེགས་འོད་འབར་བ། །དབང་པོའི་ཁྲི་དང་ཉེ་དབང་ཚོགས་རྣམས་ཀྱི། །བྱ་བ་མཐའ་དག་བསྒྲོ་བའི་གནས་ཡིན་ཏེ། །སུམ་ཅུ་རྩ་གསུམ་སྟེང་གི་ནམ་མཁའ་ལ། །རིམ་བཞིན་འདོད་ལྷ་རིགས་བཞིའི་གནས་རིས་ནི། །དཔག་བསམ་ཡིད་འགྱུར་བརྒྱན་པའི་གནས་དེ་ན། །ལྷ་མིན་འཐབ་རྩོད་དང་བྲལ་འཐའ་བྲལ་དང་། །དཔག་བསམ་མིག་མཛེས་བརྒྱན་པའི་གནས་དེ་ན། །ལོངས་སྤྱོད་ཤུགས་འབྱུང་དགའ་བ་དང་ལྡན་པ། །དཔག་བསམ་མཐོང་མཛེས་བརྒྱན་པའི་གནས་དེ་ན། །དགའ་བདེའི་དཔལ་ལ་སྤྱོད་པའི་འཕྲུལ་དགའ་ཞེས། །དཔག་བསམ་རིན་ཆེན་བརྒྱན་པའི་གནས་དེ་ན། །འདོད་ཡོན་ཀུན་ལྡན་གཞན་འཕྲུལ་དབང་བྱེད་ལྷ། །གཟུགས་ཁམས་གནས་རིས་བཅུ་བདུན་གཡང་འགུགས། དེ་དག་སྟེང་གི་ནམ་མཁར་རིམ་པ་བཞིན། །གཟུགས་ཁམས་གནས་རིས་བཅུ་བདུན་ཞེས་བྱ་བ། །བསམ་གཏན་དང་པོའི་ལྷ་གནས་རྣམ་པ་གསུམ། །རིན་ཆེན་པི་ཏང་ཀ་ཡི་ནམ་མཁའ་ལ། །ཚངས་རིས་ཞེས་བྱའི་ལྷ་ཡི་རིགས་རྣམས་དང་། །རིན་ཆེན་ས་མི་ཀ་ཡི་ནམ་མཁའ་ལ། །ཚངས་པ་ཆེན་པོའི་མདུན་ན་འདོན་གྱི་ལྷ། །རིན་ཆེན་ཀེ་ཏུ་ཛ་ཡི་ནམ་མཁའ་ལ། །འདོད་པའི་སྐྱོན་སྤངས་ཚངས་པ་ཆེན་པོའི་ལྷ། །བསམ་གཏན་གཉིས་པའི་ལྷ་གནས་རྣམ་པ་གསུམ། །རིན་ཆེན་དཔའ་བའི་འོད་ཀྱི་ནམ་མཁའ་ལ། །གོང་མའི་འོད་ཟེར་ལས་ཆུང་འོད་ཆུང་ལྷ། །རིན་ཆེན་ཀེ་ཀེ་རུ་སྤྲས་ནམ་མཁའ་ལ། །འོད་ཟེར་ཚད་མེད་ཡོད་པས་ཚད་མེད་དོ། །རིན་ཆེན་ཤྲཱྀ་ཀུ་སྤྲས་ནམ་མཁའ་ལ། །ཁ་དོག་འོད་གསལ་ཆེ་བས་འོད་གསལ་ལྷ། །བསམ་གཏན་གསུམ་པའི་ལྷ་གནས་རྣམ་པ་གསུམ། །རིན་ཆེན་སི་ཏང་ཀི་ལིང་ནམ་མཁའ་ལ། །དགེ་བ་ཆུང་ངུའི་སྟོབས་ལས་དགེ་ཆུང་ལྷ། །རིན་ཆེན་ཨིནྡྲ་ནི་ལའི་ནམ་མཁའ་ལ། །དགེ་རྩ་འབྲིང་ལས་ཚད་མེད་དགེ་བའི་ལྷ། །རིན་ཆེན་འོད་འབྱིན་ཞེས་བྱའི་ནམ་མཁའ་ལ། །དགེ་བ་ཆེ་ལས་དགེ་རྒྱས་ཞེས་བྱའི་ལྷ། །བསམ་གཏན་བཞི་པའི་ལྷ་གནས་རྣམ་པ་གསུམ། །རིན་ཆེན་སྤྲིན་ཚོགས་སྟུག་པོའི་ནམ་མཁའ་ལ། །སྤྲིན་མེད་ཉིན་སྣང་ལྟ་བུའི་སྤྲིན་མེད་འོད། །རིན་ཆེན་ཀ་ལའི་སྤྲས་པའི་ནམ་མཁའ་ལ། །ཚད་མེད་བསྒོམས་ལས་སྐྱེས་པའི་བསོད་ནམས་སྐྱེས། །རིན་ཆེན་རབ་མཛེས་རྣམ་བརྡལ་ནམ་མཁའ་ལ། །དགེ་བའི་འབྲས་བུ་ཆེ་ལས་འབྲས་བུ་ཆེ། །ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །འོད་ཟེར་རྣམ་པའི་ཚུལ་གྱིས་གཡང་ཁུག་ཅིག །གཙང་མ་རིས་ཀྱི་ལྷ་རྣམས་ཀྱི་གཡང་འགུགས། ཧཱུྃ་ཧྲཱིཿ གཙང་མ་རིས་ཀྱི་ལྷ་གནས་རྣམ་པ་ལྔ། །རིན་ཆེན་ཤེལ་ཁང་བརྩེགས་པའི་ནམ་མཁའ་ལ། །འདོད་ཡོན་གདུང་བ་ཤས་ཆུང་མི་ཆེ་བ། །རིན་ཆེན་ཟེར་བ་མྱུ་གུའི་ནམ་མཁའ་ལ། །ལུས་སེམས་འདོད་པའི་གདུང་སེལ་མི་གདུང་བ། །རིན་ཆེན་རྣམ་མཛེས་ཞེས་བྱའི་ནམ་མཁའ་ལ། །ལུས་སེམས་ཉེར་ཞིའི་བདེ་ལྡན་གྱ་ནོམ་སྣང་། །རིན་ཆེན་མཐོན་མཐིང་སྤྲས་པའི་ནམ་མཁའ་ལ། །ལྟ་བ་རྣམ་དག་མཐོང་བས་ཤིན་ཏུ་མཐོང་། །རིན་ཆེན་འཆིང་བུ་རྣམ་བཀོད་ནམ་མཁའ་ལ། །གཟུགས་སྣང་གནས་རིས་མེད་པས་འོག་མིན་ཞེས། །གཟུགས་མེད་སྐྱེ་མཆེད་མུ་བཞིའི་གཡང་འགུགས་ནི། ཧཱུྃ་ཧྲཱིཿ དེ་སྟེང་གཟུགས་མེད་སྐྱེ་མཆེད་མུ་བཞི་ནི། །སྤྲིན་ཆེན་རྣམ་པར་གྲོལ་བའི་ནམ་མཁའ་ལ། །ནམ་མཁའ་མཐའ་ཡས་ཞེས་བྱའི་ལྷ་རྣམས་དང་། །རྣམ་རོལ་འཁོར་ལོ་འཕྲོ་བའི་ནམ་མཁའ་ལ། །རྣམ་ཤེས་མཐའ་ཡས་ཞེས་བྱའི་ལྷ་རྣམས་དང་། །རྣམ་རོལ་འཁོར་ལོ་ཅན་གྱི་ནམ་མཁའ་ལ། །ཅི་ཡང་མེད་པ་ཞེས་བྱའི་ལྷ་རྣམས་དང་། །པདྨ་རྣམ་པར་བརྩེགས་པའི་ནམ་མཁའ་ལ། །ཡོད་མིན་མེད་མིན་ཞེས་བྱའི་ལྷ་རྣམས་དང་། །སྐྱེ་མཆེད་མུ་བཞིའི་ལྷ་གནས་ཐམས་ཅད་ནི། །སྟོང་རིག་ཏིང་ངེ་འཛིན་གྱི་ལུས་ཙམ་ལས། །ཀུན་ལ་ཡིད་ལུས་ཙམ་ལས་མེད་པའོ། །གླིང་བཞིའི་གཡང་བགུགས་ལས།དང་པོ་ཤར་ལུས་འཕགས་གླིང་གི་གཡང་འགུགས་ནི། ཧཱུྃ་ཧྲཱིཿ རི་རྒྱལ་ཤར་ཕྱོགས་གླིང་ཆེན་ལུས་འཕགས་གླིང་། །གཡས་གཡོན་གླིང་ཕྲན་ལུས་དང་ལུས་འཕགས་གླིང་། །དབྱིབས་ནི་ཟླ་བ་ཕྱེད་པ་ལྟ་བུ་སྟེ། །ངོས་གསུམ་དཔག་ཚད་ཉིས་སྟོང་རེ་རེ་དང་། །འབུར་ངོས་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །ནམ་མཁའི་ཁ་དོག་དཀར་པོ་དངུལ་གྱི་མདོག །དེ་ན་གནས་པའི་འགྲོ་བ་མཐའ་དག་ཀུན། །སྒོང་སྐྱེས་ཉོན་མོངས་དུག་ལྔ་ཤས་ཆུང་བ། །འཛམ་གླིང་མི་ལས་ལུས་ནི་ཁྱད་པར་འཕགས། །དབུལ་བའི་གདུང་སེལ་སྲོག་གཅོད་སྐྱོན་དང་བྲལ། །འགྲན་མེད་བདེ་སྐྱིད་དཔལ་འབྱོར་ཕུན་སུམ་ཚོགས། །བརྟན་གཡོའི་དྭངས་བཅུད་ཚེ་དཔལ་སྟོབས་འབྱོར་སོགས། །སྲིད་པའི་ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །ལྷོ་འཛམ་བུ་གླིང་གི་གཡང་བགུགས་ནི། ཧཱུྃ་ཧྲཱིཿ ལྷུན་པོའི་ལྷོ་ཕྱོགས་གླིང་ཆེན་འཛམ་བུའི་གླིང་། །གཡས་གཡོན་གླིང་ཕྲན་རྔ་ཡབ་རྔ་ཡབ་གཞན། །དབྱིབས་ནི་སོག་ཁ་ངོས་གསུམ་སྟོང་གཉིས་གཉིས། །ངོས་གཅིག་དཔག་ཚད་ཕྱེད་དང་བཞི་པའོ། །ནམ་མཁའི་ཁ་དོག་བཻཌཱུརྱ་ཡི་མདོག །གངས་རི་དཔལ་དང་ལྡན་པའི་ཉེ་འདབས་དེར། །གསེར་བྲག་བྱ་སྐྱིབས་ཅན་ལ་ལྷ་དབང་གི །གླང་ཆེན་རབ་བརྟན་གླང་གཡོག་ལྔ་བརྒྱ་བཅས། །གངས་རིའི་བྱང་ན་སྤོས་ངད་ལྡན་པ་ཡི། །བར་དུ་མཚོ་ཆེན་མ་གྲོས་པ་ཡི་འགྲམ། །འཛམ་བུ་ཀྲིཀྵའི་སྡོང་བུའི་ཤིང་ཐོག་ནི། །ཆུར་ལྷུང་ཐམས་ཅད་གསེར་གྱི་རང་བཞིན་ཅན། །མངལ་སྐྱེས་ཉོན་མོངས་དུག་ལྔ་ཤས་ཆུང་བ། །ཚེ་ཐུང་ནད་མང་ཕྱུག་བཀྲེས་སྡུག་བསྔལ་མང་། །བརྟན་གཡོའི་དྭངས་བཅུད་བསོད་ནམས་སྙན་གྲགས་དང་། །ཚེ་དཔལ་སྟོབས་འབྱོར་ཕྱྭ་གཡང་འདིར་ཁུག་ཅིག །ནུབ་བ་ལང་སྤྱོད་ཀྱི་གཡང་འགུགས་ནི། ཧཱུྃ་ཧྲཱིཿ ལྷུན་པོའི་ནུབ་ཕྱོགས་གླིང་ཆེན་བ་ལང་སྤྱོད། །གླིང་ཕྲན་གཡོ་ལྡན་དང་ནི་ལམ་མཆོག་འགྲོ། །དབྱིབས་ནི་ཟླུམ་པོ་འཁོར་ཡུག་བདུན་སྟོང་དང་། །ལྔ་བརྒྱ་ཁ་ཞིང་སྟོང་ཕྲག་ཕྱེད་དང་གསུམ། །ནམ་མཁའི་ཁ་དོག་པདྨ་ར་གའི་མདོག །དྲོད་སྐྱེས་ཉོན་མོངས་དུག་ལྔ་ཤས་ཆུང་བ། །བཀྲེས་སྐོམ་སྡུག་བསྔལ་ཀུན་བྲལ་གནད་གཅོད་དཀོན། །ཀུན་ཀྱང་ལོངས་སྤྱོད་འདོད་འབྱུང་བ་མོ་དང། །སྟོབས་ཆེན་གླང་པོ་ཆེ་ལ་ལོངས་སྤྱོད་ཅིང་། །ཚེ་དཔལ་སྟོབས་འབྱོར་དཔལ་འབྱོར་ཕུན་སུམ་ཚོགས། །ཕྱྭ་དང་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །བྱང་སྒྲ་མི་སྙན་གྱི་གཡང་འགུགས་ནི། ཧཱུྃ་ཧྲཱིཿ ལྷུན་པོའི་བྱང་ཕྱོགས་གླིང་ཆེན་སྒྲ་མི་སྙན། །དབྱིབས་ནི་གྲུ་བཞི་ངོས་རེ་ཉིས་སྟོང་རེ། །མཐའ་བསྐོར་དཔག་ཚད་སྟོང་ཕྲག་བརྒྱད་པ་ལ། །ནམ་མཁའ་ཁ་དོག་གསེར་གྱི་རང་བཞིན་ཅན། །དཔག་བསམ་ཤིང་ལས་འབྱུང་བའི་སྒྲ་མི་སྙན། །རྫུས་སྐྱེས་བདག་འཛིན་སྡིག་པ་ཀུན་དང་བྲལ། །མི་ཟད་འདོད་ཡོན་དཔལ་འབྱོར་ཕུན་སུམ་ཚོགས། །བདེ་སྐྱིད་རྩ་གསུམ་ལྷ་ལ་འགྲན་ནུས་པ། །བདེ་སྐྱིད་དགའ་བདེའི་དཔལ་གཡང་མཐའ་དག་དང་། །ཚེ་བསོད་དཔལ་འབྱོར་དངོས་གྲུབ་འདིར་ཁུག་ཅིག །སྤྱིའི་གཡང་འགུགས་ནི། ཧཱུྃ་ཧྲཱིཿ སྟོང་གསུམ་རབ་འབྱམས་རྒྱ་མཚོའི་ཞིང་ཁམས་ནས། །གཡང་འདིས་རི་རབ་གླིང་བཞི་གླིང་ཕྲན་སོགས། །སྣོད་ཀྱི་བཀྲག་མདངས་བཅུད་རྣམས་གཡང་ཁུག་ཅིག །སངས་རྒྱས་བྱང་སེམས་རྩ་གསུམ་རྒྱ་མཚོ་ཡི། །ཐུགས་རྗེ་བྱིན་རླབས་དངོས་གྲུབ་གཡང་རྣམས་ཁུག །དགོན་གནས་ཐམས་ཅད་དར་ཞིང་རྒྱས་པ་དང་། །བསྟན་པ་ཕྱོགས་བཅུར་རྒྱས་པའི་གཡང་ཁུག་ཅིག །དགེ་འདུན་འདུས་པའི་སྡེ་ཚོགས་མཐའ་དག་ཀུན། །དབྱར་གྱི་མཚོ་ལྟར་རྒྱས་པའི་གཡང་ཁུག་ཅིག །གཡང་འདིས་སྡེ་བརྒྱད་དྲེགས་པའི་ཚོགས་རྣམས་ཀྱི། །མངོན་སྤྱོད་དྲག་རྩལ་སྟོབས་ལྡན་གཡང་ཁུག་ཅིག །ཕ་རོལ་གཡུལ་ལས་རྒྱལ་བའི་དམག་གི་གཡང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་གཡང་ཁུག་ཅིག །གཡང་འདིས་ཚངས་པ་བརྒྱ་བྱིན་ཁྱབ་འཇུག་དང་། །དྲང་སྲོང་རིག་པ་འཛིན་པའི་ཚེ་གཡང་ཁུག །གཡང་འདིས་ཀླུ་རྒྱལ་ནོར་རྒྱས་དུང་སྐྱོང་དང་། །དགའ་བོ་ལ་སོགས་ཀླུ་གཡང་ཐམས་ཅད་ཁུག །གཡང་འདིས་གཉན་ཆེན་ཟུར་ཕུད་ལྔ་བ་སོགས། །བར་སྣང་གཉན་གྱི་གཡང་རྣམས་ཐམས་ཅད་ཁུག །གཡང་འདིས་རྒྱལ་པོ་ཆེན་པོ་སྡེ་བཞི་ཡི། །སྟོབས་དཔལ་ཕུན་སུམ་ཚོགས་པའི་གཡང་ཁུག་ཅིག །གཡང་འདིས་གནས་ཡུལ་བྱིན་ཆེན་ཐམས་ཅད་ཀྱི། །བྱིན་རླབས་དངོས་གྲུབ་ཀུན་གྱི་གཡང་ཁུག་ཅིག །གཡང་འདིས་གླིང་བཞིའི་འགྲོ་བ་མཐའ་དག་གི །ཚེ་དཔལ་སྟོབས་འབྱོར་རྣམས་ཀྱི་གཡང་ཁུག་ཅིག །ཕྱོགས་བཅུར་གནས་པའི་ཕྱོགས་སྐྱོང་ཆེན་པོ་བཅུ། །མཐུ་སྟོབས་དབང་ཕྱུག་རྣམས་ཀྱི་གཡང་ཁུག་ཅིག །རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་ཀྱིས། །རྣམ་མང་ནོར་གྱི་དངོས་གྲུབ་གཡང་ཁུག་ཅིག །རྟ་བདག་རྒྱལ་པོ་ཨཱརྱ་རེ་མནྟས། །རྟ་ཡི་ཕྱུགས་གཡང་མ་ལུས་འདིར་ཁུག་ཅིག །མཐུ་ཆེན་མགོན་པོ་གང་བ་བཟང་པོ་ཡིས། །དཀར་མོ་ལུག་གི་གཡང་རྣམས་ཐམས་ཅད་ཁུག །གཡང་གི་ལྷ་མོ་ཆེན་མོ་ནོར་རྒྱུན་མས། །ཕྱུགས་ནོར་གཡང་གི་དངོས་གྲུབ་འདིར་ཁུག་ཅིག །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམ་བྷ་ལས། །ཟས་ནོར་ལོངས་སྤྱོད་ཕྱྭ་གཡང་འདིར་ཁུག་ཅིག །ལྷ་མཆོག་ཞིང་ལྷ་ཚངས་པ་ཆེན་པོ་ཡིས། །འབྲུ་ནོར་ལོངས་སྤྱོད་རྒྱས་པའི་ཕྱྭ་གཡང་ཁུག །རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་གི །གསུང་རབ་ཆོས་ཀྱི་ཕྱྭ་གཡང་ཐམས་ཅད་ཁུག །མདའ་མདུང་རལ་གྲི་ཁྲ་རྨོག་ཕུབ་ལ་སོགས། །གོ་ཁྲབ་མཚོན་ཆའི་གཡང་རྣམས་ཐམས་ཅད་ཁུག །གཡང་འདིས་མི་མཐུན་རྐྱེན་ངན་ཐམས་ཅད་དང་། །ཆག་ཆེ་ཉམས་ང་ཐམས་ཅད་ཕྱིར་ལ་བསྒྱུར། །གཡང་འདིས་རྦོད་གཏོང་རྦོད་འདྲེ་མཐའ་དག་དང་། །རིགས་སྔགས་གཏད་ཁྲམ་བཏབ་པ་ཕྱིར་ལ་བསྒྱུར། །གཡང་འདིས་མཐུ་རྐྱེན་ལེགས་ཚོགས་ཐམས་ཅད་ཀུན། །ཟླ་བ་ཡར་གྱི་ངོ་བཞིན་རྒྱས་གྱུར་ཅིག །བསྡུས་བསྡུས་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། འཕེལ་འཕེལ་སརྦ་པུཥྚིཾཀུ་རུ་ཡེ་སྭཱ་ཧཱ། ལས་རྣམས་འགྲུབ་ཅིང་ཕྱྭ་གཡང་བཀྲ་ཤིས་བདེ་ལེགས་ཐམས་ཅད་ནམ་ཡང་ནུབ་མེད་དུ་བརྟན་པར་གྱུར་ཅིག་སརྦ་མངྒ་ལཾ་སྭ་ཏི་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཅེས་པ་འདིའང་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ས་འབྲུག་ལོ་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་སུ་བྲིས་པའོ། །

ས་སྙིང་ཆོ་གའི་ཆ་ལག་གཡང་གཏད་ཉུང་ངུ་བཞུགས་སོ།།

ཡོན་བདག་རྣམས་མདུན་དུ་འཁོད་ལ། གཡང་སྒྱེ་ཐོགས་ནས་འདི་སྐད་དོ། ། ཀྱེེ། གཡང་སྒྱེ་དཀར་གསལ་གངས་རིའི་མདངས་འཛིན་པ། །རིན་ཆེན་སྣ་ལྔའི་བཅུད་ཀྱིས་གཏམས་པ་ལས། །དར་ཐག་སྣ་ལྔ་རྔ་མས་བརྒྱན་པ་འདི། །དེ་རིང་ཡོན་གྱི་བདག་པོ་ཁྱོད་ལ་གཏད། །གཡང་རྣམས་མ་འཕུང་མ་བོ་མ་ཡར་ཅིག །ཅེས་གཡང་སྒྱེ་གཏད་དོ། །དེ་ནས་གཡང་ནས་གཏད་ལ། ཀྱེ། སྔོན་ཚེ་གཡང་ནས་སྔོན་མོ་བྱུང་བ་སྟེ། །གཡང་མཛོད་བཀང་ནས་གཡང་སྒྱེ་བླུགས་པ་ལས། །མི་ནོར་རིན་ཆེན་ཟས་ནོར་འཕེལ་བའི་གཡང་། །དེ་རིང་ཡོན་བདག་ཁྱོད་ལ་གཏད་པ་ཡིས། །རིན་ཆེན་བསམ་འཕེལ་གཡང་རྣམས་ཐོབ་པར་ཤོག །ཅེས་གཡང་ནས་གཏད་དོ། །གཡང་བཤོས་ཐོགས་ལ། ཀྱེེ། དཔལ་གྱི་གཡང་བཤོས་འདོད་ཡོན་ལྔ་ལྡན་འདི། །རོ་མཆོག་བརྒྱད་ལྡན་རིན་ཆེན་འབྲུ་ལས་གྲུབ། །རི་རབ་ལྷུན་པོ་ལྟ་བུ་བརྗིད་ལྡན་འདི། །ཁྱོད་ལ་གཏད་པས་གཡང་རྣམས་འཕེལ་རྒྱས་ཤོག །ཅེས་གཏོར་མ་གཏད་དོ། །དེ་ནས་གཡང་ཕོར་ཐོགས་ལ། ཀྱེེ། སྔོན་ཚེ་འདོད་འབྱུང་གཡང་གི་འོ་མ་ལས། །རིན་ཆེན་སྣོད་དུ་སྲུབ་པའི་གཡང་མར་བྱུང་། །མར་ཁུ་གསེར་མདོག་འོད་འབར་གཡང་ཕོར་བཀང་། །ཁྱོད་ལ་གཏད་པས་མར་ཁུའི་རྒྱ་མཚོར་གྱུར། །ཅེས་གཡང་ཕོར་གཏད་དོ། །དེ་ནས་གཡང་ཆང་ཐོགས་ལ། ཀྱེེ། སྔོན་ཚེ་སློབ་དཔོན་པདྨའི་བྱིན་རླབས་ཀྱིས། །མ་དཱ་ན་ཡི་བདུད་རྩི་རོ་མཆོག་ལྡན། །སེམས་ལ་བདེ་བ་བསྐྱེད་པའི་རྫས་མཆོག་འདི། །ཁྱོད་ལ་གཏད་པས་ཀུན་ལ་དབང་བསྒྱུར་ཤོག །ཅེས་ཆང་གཏད་དོ། །དེ་ནས་འོ་མ་ཐོགས་ལ། ཀྱེེ། སྔོན་ཚེ་སྟོན་པ་ཤཱཀྱ་ཐུབ་པ་ལ། །ལེགས་སྐྱེས་མ་ཡི་འོ་ཐུག་ཕུལ་བ་ལྟར། །ཁ་དོག་ཟླ་བའི་མདངས་ལྡན་དགའ་བ་བསྐྱེད། །ཁྱོད་ལ་གཏད་པས་བདེ་དྲོད་སྐྱེ་གྱུར་ཅིག །ཅེས་འོ་མ་གཏད་དོ། །དེ་ནས་མདའ་དར་ཐོགས་ལ། ཀྱེེ། སྔོན་ཚེ་བཀྲ་ཤིས་སྙུག་རྒོད་མདའ་དར་ལ། །སློབ་དཔོན་པདྨས་བྱིན་གྱིས་བརླབས་ནས་ཀྱང་། །གཡང་ལྷ་འཁོར་ཞིང་གཡང་རྣམས་འཕེལ་བ་དང་། །ཁྱོད་ལ་གཏད་པས་གཡང་རྣམས་འཁོར་བར་མཛོད། །ཅེས་མདའ་དར་གཏད་དོ། །དེ་ནས་ཤུག་མགོ་ཐོགས་ལ། ཀྱེེ། སྔོན་ཚེ་གཡུ་ཤུག་སྔོན་མོ་སྐྱེས་པ་ལ། །ཤིང་གི་ལྷ་དང་ལྷ་མོས་ཟོར་བས་བརྔས། །དེ་ཕྱིན་ཤུག་མགོ་འདི་ལ་རྟེན་བཅས་ནས། །ཁྱོད་ལ་གཏད་པས་གཡང་རྣམས་མ་འཁྱམས་ཤིག །བརྟེན་འབྲེལ་སྙིང་པོ།ནོར་ལྷའི་གཟུངས། དབྱངས་གསལ་དང་རྣམ་འཇོམས་འདོན། ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེའོ། །

ས་སྙིང་སྒྲུབ་ཐབས་བསོད་ནམས་དཔལ་བསྐྱེད་ཅེས་བྱ་བ་བཞུགས་སོ།།

ས་སྙིང་སྒྲུབ་ཐབས་ནི། སྐྱབས་སེམས་ཚད་མེད་བཞི་སྒོམ་པ་སྔོན་དུ་སོང་ནས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་གདན་ལ་རང་སེམས་ཀྵིཾ་ཡིག་ཡོངས་སུ་གྱུར་པ་ལས་ས་ཡི་སྙིང་པོ་སྐུ་མདོག་སེར་པོ་སྟོད་གཡོག་སེར་པོ་ཅན། ཞི་བ་སྤྱན་རྩ་དམར་བ་མེ་ཏོག་སྔོན་པོའི་ཕྲེང་བའི་ཐོད་ཅན། ཕྱག་གཡས་ཤིང་ཐོག་དང་། གཡོན་པདྨའི་སྟེང་ན་ནོར་བུ་དང་བཅས་པ་འཛིན་པ། འོད་ཟེར་ལྗང་གུ་འཕྲོ་བ། རྡོ་རྗེ་ས་འོག་ལ་སོགས་པའི་འཁོར་གྱིས་བསྐོར་བ། གཞལ་ཡས་ཁང་སེར་པོ་རིན་པོ་ཆེའི་བྲག་རི་དང་གངས་རིའི་བསྐོར་བ། དར་དང་རིན་པོ་ཆེས་བརྒྱན་པ་སེམས་དཔའི་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་པ་རྒྱལ་བ་རིགས་ལྔའི་དབུ་རྒྱན་ཅན་ནོ། །དེའི་དཔྲལ་བར་ཨོཾ། འགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དེ་ལས་འོད་འཕྲོས་ཡེ་ཤེས་པ་བཛྲ་ས་མ་ཛཿས་སྤྱན་དྲངས། ཛཿ་ཧཱུྃ་བྃ་ཧོཿས་བསྟིམ། ཏྲཱྃ་བཱ་བ་ཊ་ཊ་ཧ་ཧ། ཞེས་ལན་གསུམ་མམ་བདུན་གྱིས་བརྟན་པར་བྱ། ཐུགས་ཀར་ཟླ་བ་ཀྵིཾ་ལ་སྔགས་ཕྲེང་གིས་བསྐོར་བར་དམིགས་ལ།ཨོཾ་ཀྵིཾ་ཧིཿ་རཱ་ཛ་སྭཱ་ཧཱ། ལན་བདུན་གྱིས་བརྟན་པར་བྱ།སྔགས་ནི །ཨོཾ་སུམ་བྷ་ནི་སུམྦྷ་ཧ་ར་ཙ་ར་མ་ཧཱ་པ་ཤ་མ་རུ་ཏཱ་ཨ་མོ་གྷ་བཛྲ་སཏྭ་སྭཱ་ཧཱ། ཞེས་ཅི་ནུས་བཟླ།གཞན་ཡང་། ཨོཾ་ཀྵི་ཏི་གརྦྷ་ཀྵིཾ་སྭཱ་ཧཱ། ཞེས་པའང་བཟླའོ། །ས་སྙིང་མཚན་བརྒྱ་དང་འཁོར་ལོ་བཅུ་པའི་མདོ་བཀླག འདིས་སྲིད་བརྟན། འབྱོར་བ་རྒྱས། དཔལ་རྒྱ་ཆེར་འཕེལ་ལོ། །དེ་ཡང་མདུན་དུ་སྐུ་རྟེན་ཡོད་ན་དགྲམ། མེད་ན་མཎྜལ་ཚོམ་བུ་བཀོད་པ་དམིགས་རྟེན་བྱས་ཏེ།སྭཱ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པད་ཟླའི་གདན་ལ་མདུན་རྟེན་ཀྵིཾ་ཡིག་ཡོངས་སུ་གྱུར་པ་ལས་སོགས་ནས། ཏྲཱྃ་བཱ་བ་ཊ་ཊ་ཧ་ཧ། ཞེས་ལན་གསུམ་མམ་བདུན་གྱིས་བརྟན་པར་བྱ།
ཉེ་སྲས་སྒྲུབ་དུས། ཐོག་མཐའ་མེད་པའི་སེམས་དཔའ་ནི །ས་ཡི་སྙིང་པོ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །ལྷག་པ་ཡི་ནི་ལྷ་ཉིད་ལ། །ཆོས་དབྱིངས་མཉམ་དང་མི་མཉམ་པའི། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི། །རང་བྱུང་རྣམས་ཀྱི་མཆོད་པ་ཀུན། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །མཆོད་པའོ། །དངོས་པོ་ཀུན་གྱིས་ཁྱོད་ལ་འདུད། །བསྟོད་པའོ། །རྟོག་པའི་ནད་ཀྱིས་ཟིན་པ་ལ། །མཉམ་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །འདུ་འབྲལ་མེད་པར་སྐྱབས་སུ་མཆི། །སེམས་ལ་དབང་ཐོབ་གསང་སྔགས་གྲུབ། །འཇམ་པའི་དཔལ་གྱི་ངང་གྱུར་ནས། །ཐམས་ཅད་དོན་ནི་ཕུན་སུམ་ཚོགས། །རེ་འབྲས་ཡིད་བཞིན་གྲུབ་པར་མཛོད། །ཅེས་རང་འདོད་འདོད་གསོལ། དྷཱིཿ་མིང་བྲིས། མོས་གུས་གདུང་ཤུགས་དྲག་པོ་བསྐྱེད་དེ། མཚན་ནས་བརྗོད་ཅིང་མཆོད་པ་སྣ་ཚོགས་དང་མཎྜལ་ཕུལ། མཐར་རང་ལ་བསྟིམ་ནས་རང་ཉིད་ལྷའི་གསལ་སྣང་གི་སྔགས་བཟླ་བར་བྱ་ཞིང་། ཐུན་མཚམས་སུ་སོ་སོའི་མཚན་བརྒྱ་རྩ་བརྒྱད་པ་སོགས་དང་། ཉེ་སྲས་ས་སྙིང་རྟོགས་པ་བརྗོད་པ་སོགས་གུས་པ་བསྐྱེད་པར་བྱ་ཞིང་སེམས་ཅན་མཐའ་ཡས་ལ་དམིགས་པའི་སྙིང་རྗེ་ཆེན་པོས་སྲས་བཅས་རྒྱལ་བའི་རྣམ་ཐར་ཟབ་མོ་ལ་རྒྱལ་སྲས་ས་ཡི་སྙིང་པོས་ཇི་ལྟར་བསླབ་པ་ལྟར་བདག་ཀྱང་སློབ་པའི་བསམ་པས་གསོལ་བ་བཏབ་ན་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་ཡིད་བཞིན་མྱུར་དུ་འགྲུབ་པར་འགྱུར་རོ། །འདི་ནི་སྒྲུབ་ཐབས་རྙིང་པ་རྣམས་ལ་གསལ་བྱེད་དང་བཅས་ཏེ་མི་ཕམ་པས་སྦྱར་བ་འགྲོ་ཀུན་རྒྱལ་བའི་འབྱོར་བ་མཆོག་ཐོབ་པར་གྱུར་ཅིག་གུ། སརྦ་མངྒ་ལཾ་དཔལ་འབྱོར་འཕེལ། དགེའོ། །དགེའོ། །དགེའོ།།
བསྟོད་པ་ས་གཞིའི་མཛེས་རྒྱན་བཞུགས། སྭཱ། ས་ཡི་སྙིང་པོས་འགྲོ་ཀུན་རྗེས་སུ་འཛིན། །ས་གཞི་བཞིན་དུ་རྣམ་མང་ཡོན་ཏན་རྟེན། །ས་གསུམ་རེ་སྐོང་ཡིད་བཞིན་ནོར་བུའི་ཚུལ། །ས་བཅུའི་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་བསྟོད། །ས་ནས་སར་འདྲེན་རྒྱལ་བའི་ས་ལ་འགོད། །ས་བཅུད་རྩི་སྨན་ལོ་ཏོག་རྒྱུན་འཕེལ་ཞིང་། །ས་འདི་རྣམ་མང་འབྱོར་བས་ཡོངས་བཀང་བའི། །ས་ཡི་ལྷ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །བུམ་བཟང་དཔག་བསམ་ཤིང་དང་རྫོགས་ལྡན་སྤྲིན། །བདུད་རྩིའི་ཆུ་མཚོ་ཇི་བཞིན་གང་གིས་ཁྱོད། །དྲན་པ་དེ་ལ་དཔལ་དུ་ལེགས་གནས་པ། །ཐུགས་རྗེའི་བདག་ཉིད་ཁྱོད་ལ་ཕྱག་འཚལ་བསྟོད། །རབ་འབྱམས་སྲས་བཅས་རྒྱལ་བའི་ཡོན་ཏན་མཆོག །ནམ་མཁའ་མཛོད་ཀྱི་མངའ་བདག་ཁྱོད་གཅིག་པུ། །རྒྱལ་སྲས་ཚུལ་གྱི་མཐའ་ཡས་ཞིང་རྣམས་སུ། །རྒྱལ་བའི་མཛད་པ་མཐའ་དག་སྐྱོང་ལ་འདུད། །དཔག་མེད་ཡོན་ཏན་ནོར་བུའི་འོད་ཟེར་གྱིས། །སྙིགས་མའི་རྒུད་པ་མཐའ་དག་གཏན་དུ་བསྙིལ། །ཕུན་ཚོགས་སྡེ་བཞིའི་དཔལ་གྱིས་མངོན་མཐོ་བའི། །རླབས་ཆེན་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །འཇམ་དབྱངས་འཇིག་རྟེན་དབང་ཕྱུག་ཀུན་ཏུ་བཟང་། །མ་ཕམ་པ་སོགས་རྒྱལ་སྲས་སེམས་དཔའ་མཆོག །རྣམ་མང་བསྐལ་བར་མཆོད་ཅིང་གསོལ་བཏབ་ལས། །ཁྱོད་གཅིག་ཡུད་ཙམ་དྲན་པས་རེ་འདོད་རྣམས། །ཡིད་བཞིན་སྩོལ་ལ་ཁྱད་པར་འཕགས་ཞེས་སུ། །རྒྱལ་བས་བསྔགས་པ་རྒྱལ་སྲས་ཐུ་བོ་མཆོག །རྒྱལ་བ་རྣམས་དང་དབྱེར་མེད་ཁྱོད་བསྟོད་པས། །བདག་ལ་ཅི་འདོད་དཔལ་རྣམས་ལེགས་སྩོལ་མཛོད། །ས་གསུམ་འགྲོ་འདིས་དད་པའི་སྟོབས་རྙེད་ཅིང་། །ས་ཡི་དབང་ཕྱུག་ཁྱེད་ཀྱིས་རྗེས་སུ་འཛིན། །ས་བཅུད་དཔལ་འཕེལ་ས་སྟེང་བདེ་བས་ཁྱབ། །ས་ནས་སར་འགྲོད་ས་མཆོག་འགྲུབ་པར་ཤོག །ཅེས་ཚིགས་སུ་བཅད་པ་བཀྲ་ཤིས་རྫས་བརྒྱད་ཀྱི་གྲངས་སུ་སོན་པ་འདི་ནི་མི་ཕམ་འཇམ་དཔལ་དགྱེས་པས་མེ་རྟ་ཁྲུམ་ཟླ་འཁོར་ལོའི་ཚེས་༢༧ལ་བཀོད་པ་དགེ་ལེགས་འཕེལ། །

ས་སྙིང་བསྐྱེད་བཟླས།།

ས་སྙིང་ནི། ཀྵིཾ་ཡིག་ཡོངས་སུ་གྱུར་པ་ལས་ས་ཡི་སྙིང་པོ་སྐུ་མདོག་སེར་པོ། སྟོད་གཡོག་སེར་པོ་ཅན། ཞི་བ་སྤྱན་རྩ་དམར་བ། མེ་ཏོག་སྔོན་པོའི་ཕྲེང་བའི་ཐོད་ཅན། ཕྱག་གཡས་ཤིང་ཐོག་དང་། གཡོན་པདྨའི་སྟེང་ན་ནོར་བུ་དང་བཅས་པ་འཛིན་པ།འོད་ཟེར་ལྗང་གུ་འཕྲོ་ཞིང་རྡོ་རྗེ་ས་འོག་ལ་སོགས་པའི་འཁོར་གྱིས་བསྐོར་བ། གཞལ་ཡས་ཁང་སེར་པོ་རིན་པོ་ཆེའི་བྲག་རི་དང་གངས་རིས་བསྐོར་བ། དར་དང་རིན་པོ་ཆེས་བརྒྱན་པ་སེམས་དཔའི་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་ཤིང་རྒྱལ་བ་རིགས་ལྔའི་དབུ་རྒྱན་ཅན་ནོ། །དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་བསྟིམ། ཨོཾ་ཀྵིཾ་ཧི་རཱ་ཛ་སྭཱ་ཧཱ། ལན་བདུན་གྱིས་བརྟན་པར་བྱ། སྔགས་ནི། ཨོཾ་སུམྦྷ་ནི་སུམ་བྷ་ཧ་ར་ཙ་ར་མ་ཧཱ་པཱ་ཤ་མ་རུ་ཏ་ཨ་མི་གྷ་བཛྲ་ས་ཏྭ་སྭཱ་ཧཱ། ཞེས་མཚན་བརྒྱ་རྩ་བརྒྱད་པ་ལས་གསུངས་པ་ཡོན་ཏན་སྦྱིན་པ་ཞེས་བྱ་བའི་གསུང་ཕན་ཡོན་ཆེན་པོ་དང་ལྡན་པ་འདི་ཅི་ནུས་བཟླ། ཨོཾ་ཀྵིཾ་ཧི་གརྦྷ་ཀྵིཾ་སྭཱ་ཧཱ། ཞེས་པའང་བཟླའོ། །ས་སྙིང་མཚན་བརྒྱ་དང་འཁོར་ལོ་བཅུ་པའི་མདོ་བཀླག འདིས་སྲིད་བརྟན་འབྱོར་བ་རྒྱས། ཅི་འདོད་པ་ཐམས་ཅད་ཐོབ། དཔལ་ཡོན་ཐམས་ཅད་རྒྱ་ཆེར་འཕེལ་ལོ། །

ས་སྙིང་ཆོ་གའི་ཆ་ལག་བུམ་གཏེར་བཅའ་ཐབས་དང་བུམ་གཏེར་སྒྲུབ་པའི་ཐབས་དགེ་ལེགས་འབྱུང་གནས་ཞེས་བྱ་བ་བཞུགས་སོ།།

ཨོཾ་སྭ་སྟི། མཁའ་ཁྱབ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ། །རྒྱལ་བ་ཀུན་གྱི་སྤྱི་གཟུགས་རྡོ་རྗེ་འཆང་། །ས་གསུམ་སྐྱེ་རྒུའི་རྒུད་པ་སེལ་མཛད་པའི། །མཚོ་སྐྱེས་རྡོ་རྗེས་དགེ་ལེགས་ཤིས་པ་སྩོལ། །དེ་ལ་འདིར་ས་ཡི་སྙིང་པོའི་སྒོ་ནས་བུམ་གཏེར་བཅའ་བ་དང་། སྒྲུབ་པ། སྦ་བའི་ཐབས་གསུམ་ལས། དང་པོ་ནི །སྲིད་ཞིའི་ལེགས་ཚོགས་ཐམས་ཅད་རྒྱས་པར་བྱེད་ཅིང་ཉམས་པ་ཐམས་ཅད་གསོ་བར་བྱེད་པ་ལ། གཟའ་སྐར་འཕྲོད་སྦྱོར་བཟང་པོའི་ཉིན། ཤ་ཆང་སྒོག་གཙོང་སོགས་སྤོངས་ལ། རབ་ན་གསེར་དངུལ་ཟངས་སོགས་རིན་པོ་ཆེའི་བུམ་པའམ། མ་འབྱོར་ན་རྫའམ་ཤིང་གི་བུམ་པ་བྲེ་གང་ཤོང་ཚོད་ལས་མི་ཆུང་པར། རབ་ན་རྟགས་བརྒྱད། སྣ་བདུན། རྡོ་རྗེ་དང་གཡུང་དྲུང་སོགས་བྲི་ཞིང་། མདུན་རྟགས་ནོར་བུ་ཡོད་པ། དེ་ཙམ་མ་ནུས་ན་ནོར་བུའི་མཚན་པ་ཙམ་གྱིས་རུང་། ཁ་གཅོད་ལ་འཁོར་ལོ་སྔོན་པོ་ཨེས་མཚན་པ། མཐིལ་དུ་འདབ་བརྒྱད་སེར་པོ་བྷྲཱུྃ་ཀྱིས་མཚན་པ་བྲི། ནང་དུ་སྲོག་ཤིང་ཤུག་པ་རྩ་རྩེ་ཤར་རྟགས་མ་ནོར་བ། རྒྱ་ཤོག་ལ་མཚལ་དང་སྣག་ཚ་གང་རུང་ར་དཀར་འོ་མ་དྲི་སྨན་གྱིས་སྦྱར་བས། ཏ་ལ་མ་ཐ་གཉན་ལ་ཐ། མི་ཟད་ཡུན་གྱི་གཏེར་མཛོད་ཅིགཿ ཅེས་དང་བྱེ་བྲག་ཏུ་ཀླུ་ཆེན་བརྒྱད། བརྟན་མ་ས་སྙིང་ལ་སོགས་པའི་སྔགས་བྱང་རྣམས་རྒྱས་པར་འབྲི་ཞིང་། ཐམས་ཅད་ལ་གཅེས་པར་གནམ་ས་སྣང་བརྒྱད། ཀླུ་བརྒྱད་སྔགས། དབྱངས་གསལ་ཡེ་དྷར། རྟགས་བརྒྱད་སྣ་བདུན། དམིགས་གསལ་སྤྱི་ལ་འདོད་གསོལ་སོ་སོའི་ཁ་བསྒྱུར་ཤིས་བརྗོད་རྒྱས་བསྡུས་ཅི་རིགས་བྲི་ཞིང་། དྲི་བཟང་ཀླུ་སྨན། བ་དམར་པོ་དང་ར་དཀར་གྱི་འོ་མ་དང་སྦྱར་བ་ཡི་གེ་བྲིས། དབུ་ནས་སྲོག་ཤིང་ཤར་རྟགས་མདུན་དུ་ཡོད་པའི་ངོས་ཕྱོགས་ནས་གཡས་བསྐོར་དུ་དཀྲིས་ཏེ། པྲ་ཚིལ་སོགས་ཀྱིས་བརླན་ཅིང་མི་འཇིག་བར་དྲིལ་ཏེ་དབུས་སུ་འཛུགས། བུམ་རྫས་རྒྱུད་སྡེ་འོག་མའི་བུམ་རྫས་ཉེར་ལྔ། འབྲུ་ནག་གི་རིགས་མ་ཡིན་བར་འབྲུ་སྣ་ཚོགས། དུག་རིགས་མེད་པའི་སྨན་དང་མེ་ཏོག་སྣ་ཚོགས། ཤིང་ཐོག་སྣ་ཚོགས།རིན་པོ་ཆེ་སྣ་ཚོགས་སམ་རིན་ཆེན་ཕྱེ་མ། དར་ཟབ་སྣ་ཚོགས་བལ་མཚོན་སྣ་ལྔ། ཀླུ་སྨན་ཚད་ལྡན་བ་དམར་ཟལ་དང་ར་དཀར་མོའི་འོ་ཞོའི་རིལ་བུ་བརྒྱ་རྩ་རེ། གཞན་ཡང་བླ་དཔོན་གནས་ཆེན་བཙན་ཕྱུག་འཕན་དར་འཛོམས་པའི་རྒྱ་བོད་ཀྱི་མཛོད་ཆེན་རྣམས་ནས་བྱུང་བའི་འབྲུ་སྣ་ཟས་སྣ་དར་སྣ་སོགས་དང་། གནས་ཆེན་བརྒྱ་རྩ་སོགས་དང་མཚོ་ཆེན་བཞི་སོགས་ཀྱི་ས་སྣ་ཆུ་སྣ་ཤིང་སྣ་ལ་སོགས་པ་རྣམས། གླ་རྩི་སྒོག་གཙོང་ཤ་ཆང་སོགས་དང་། ཁྱུང་སྡེར་དང་ཚ་བརྒྱ་ག་སོགས་མ་འདྲེས་པར་བྱས་ལ། འབུ་སྲིན་དང་རུལ་བ་སོགས་ཀྱི་འཇིག་པ་སྲུང་པའི་སླད་དུ།ཚྭ་དཀར་དང་སྤང་སྤོས། ཤུག་ལོ་རྣམས་བསྲེས་ཏེ་སྒྲུབ་པ་པོ་རང་ངམ་ཁྱེའུ་གཙང་མ་མིང་སྨྲ་ལེགས་ཤིང་ཕ་མ་འཛོམས་པ་སོགས་ཀྱི་རྫས་རྣམས། སྔགས་འདི་ཟླ་བཞིན། སྔགས་ནི། ཨོཾ་བྷྲཱུཾ་ཏྲཾ་ཧྲཱིཿཨཿརཏྣ་མ་ཧཱ་པཉྩ་ཨིནྟྲཿཨ་མྲྀ་ཏ་བོ་དྷི་ཙིཏྟ་སརྦ་ན་ཏད་གནྡྷེཿཔཉྩ་གརྦ་བཛྲ་ཀླཀྴ་ཙིཏྟ་ཏ་ཐཱ་ག་ཏ་སརྦ་ཡོ་ནི་མ་ཧཱ་བཛྲ་བྷྲཱུྃ་ནི་ཁཾ་ཧོཿ ཕྱེད་ཁེངས་ཙམ་གྱི་གནས་སུ་གོང་གི་རྫས་བླུགས། ཨོཾ་སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་འབྱུང་བཞི་རིམ་བརྩེགས་སྟེང་། །ཕྱི་ནི་སྣ་ཚོགས་ལས་གྲུབ་བུམ་པའི་དབྱིབས། །ནང་ནི་རིན་ཆེན་གཞལ་ཡས་མཛེས་པའི་ནང་། །དབུས་སུ་སྣ་ཚོགས་པདྨ་ཟླ་བའི་སྟེང་། །ཀྵིཾ་ཡིག་ཡོངས་གྱུར་ས་སྙིང་སྐུ་མདོག་དཀར། །ཕྱག་གཡས་འབྲས་ཀྱི་སྙེ་མ་ཐུགས་ཀར་འཛིན། །གཡོན་པས་དྲིལ་བུ་དཀུར་བརྟེན་ཕྱེད་སྐྱིལ་བཞུགས། །དེ་ཡི་སྤྱི་གཙུག་པདྨ་ཟླ་བའི་སྟེང་། །སངས་རྒྱས་ཡོན་ཏན་རིན་ཆེན་རྒྱ་མཚོ་དང་། །བཻཌཱུརྱ་དང་གསེར་གྱི་ཁ་དོག་བཟང་། །གསེར་དུ་སྣང་བའི་དཔལ་ཞེས་བཅོམ་ལྡན་འདས། །ཤར་དུ་བླ་མ་ཨོ་རྒྱན་ནོར་ལྷ་སེར། །ལྷོ་ཕྱོགས་རྣམ་སྲས་སེར་ཆེན་སྐུ་མདོག་སེར། །ནུབ་ཏུ་དབང་མཛད་པདྨ་རྒྱལ་པོ་དམར། །བྱང་དུ་ལྷ་མོ་དཔལ་ཆེན་སྐུ་མདོག་ལྗང་། །ཤར་ལྷོ་ས་ཡི་ལྷ་མོ་བརྟན་མ་སེར། །ལྷོ་ནུབ་ལྷ་ཆེན་མ་ཧཱ་དེ་ཝ་དམར། །ནུབ་བྱང་ཚོགས་བདག་གླང་སྣ་སྐུ་མདོག་དམར། །བྱང་ཤར་ཐུགས་ཀྱི་ཛམ་ནག་གཏུམ་ཞིང་ཁྲོ། །དེ་ཡི་ཕྱི་རོལ་པདྨ་འདབ་བརྒྱད་ལ། །འཁོར་གྱི་ལྷ་མོ་གྲོགས་མོ་ཆེན་མོ་བརྒྱད། །ཤར་སྒོར་སྐུ་ཡི་ཛཾ་དཀར་གཡུ་འབྲུག་ཆིབས། །ལྷོ་སྒོར་ཡོན་ཏན་གནོད་སྦྱིན་ཛམ་ལྷ་སེར། །ནུབ་སྒོར་གསུང་གི་ཛམ་ལྷ་སྐུ་མདོག་དམར། །བྱང་སྒོར་ཕྲིན་ལས་ཛམ་ལྷ་སྐུ་མདོག་ལྗང་། །གཞན་ཡང་ནོར་ལྷ་བྱེ་བ་འབུམ་གྱི་ཚོགས། །ཉི་ཟེར་རྡུལ་ལྟར་བསམ་གྱིས་མི་ཁྱབ་པ། །སྒོ་བཞིར་ཤར་དུ་རྒྱ་སྟག་སྐྱ་བོ་དང་། །ལྷོ་རུ་གཡུ་འབྲུག་སྟོང་གསུམ་སྒྲ་ཡིས་བཀང་། །ནུབ་ཏུ་བྱེ་རུའི་མདངས་ལྡན་བྱ་དམར་པོ། །བྱང་དུ་རུས་སྦལ་གསེར་གྱི་མདོག་ཅན་དང་། །གཞན་ཡང་ཕྱི་ནང་བར་མཚམས་ཐམས་ཅད་དུ། །བཀྲ་ཤིས་རྫས་བརྒྱད་རྒྱལ་སྲིད་རིན་ཆེན་བདུན། །བཀྲ་ཤིས་རྟགས་བརྒྱད་ཉེ་བའི་རིན་ཆེན་བདུན། །འདོད་ཡོན་ལྔ་ཡི་ལོངས་སྤྱོད་སྤྲིན་ལྟར་འཁྲིགས། །ལྷ་ཀླུ་མི་ཡི་ཟས་ནོར་བསམ་མི་ཁྱབ། །མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་དུ་གྱུར། །ལྷ་ཚོགས་རྣམས་ཀྱི་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་རང་བཞིན་གནས་ནས་སྤྱན་དྲངས་གྱུར། །ཐལ་མོ་སྦྱར་ཏེ་སྙན་གསན་དབབ་པ་ནི། ཧཱུྃ། རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནས། །བྱང་ཆུབ་སེམས་དཔའ་ཆེན་པོ་ས་ཡི་སྙིང་། །ཡེ་ཤེས་སྤྱན་དང་ལྡན་པ་དགོངས་སུ་གསོལ། །འགྲོ་བ་སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །སེམས་དཔའ་ཆེན་པོ་ཁྱོད་ཀྱི་སྨོན་ལམ་མཐུས། །སྔོན་གྱི་ཐུགས་དམ་ཞལ་བཞེས་རྗེས་དགོངས་ལ། །གཏེར་ཆེན་འདི་ལ་རྟག་ཏུ་བརྟན་པར་བཞུགས། །ཡུལ་འདིར་རྟག་ཏུ་ལོ་ཏོག་ལེགས་པ་དང་། །འབྲུ་དང་ཟས་ནོར་ལོངས་སྤྱོད་འཕེལ་ཤིང་རྒྱས། །ས་བཅུད་རྒྱས་ཤིང་རྒྱལ་ཁམས་རྟག་ཏུ་བདེ། །ཡུལ་འདིའི་ས་བདག་ཀླུ་གཉན་གཞི་བདག་ཀུན། །ནག་ཕྱོགས་མི་མིན་འབྱུང་པོའི་ཚོགས་རྣམས་ཀྱིས། །དཀར་ཕྱོགས་ཚོགས་རྣམས་ཡུལ་ཕུད་ཤུལ་བཟུང་ན། །རྟེན་འཛུགས་རྣམས་ལ་སྔོན་བཞིན་རྟེན་འཆོས་ཏེ། །དབུ་འཕང་གཉེན་པོ་ཕྱོགས་བཅུར་རྒྱས་པ་དང་། །བདག་ཅག་བདེ་སྐྱིད་ལྡན་པའི་དངོས་གྲུབ་སྩོལ། །ཧྲཱིཿ ཁྱོད་ལ་མཆོད་པ་འབུལ་བའི་དམ་རྫས་ནི། །དངོས་སུ་འབྱོར་དང་ཡིད་ཀྱི་རྣམ་སྤྲུལ་པ། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ལྟར་བུར། །དཔག་མེད་བློ་ཡིས་བླངས་ཏེ་འབུལ་ལགས་ན། །ལོངས་སྤྱོད་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ། །ཁྱད་པར་ཡུལ་འདིའི་ས་བདག་རི་བདག་དང་། །ཆུ་བདག་བྲག་བདག་རྡོ་བདག་ཤིང་གི་བདག །གཞི་བདག་གཉུག་མར་གནས་པ་མཐུ་ཆེན་རྣམས། །མཆོད་སྦྱིན་གཏོར་མ་ཕུལ་བས་ཚིམ་གྱུར་ཅིག །ཨོཾ་ཨཱ་ཀཱ་རོ་སོགས། ཨོཾ་ཀྴིཾ་ཧི་ར་ཛ་ཡ་ས་པ་རི་ཝ་ར་ཨེ་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ལན་གསུམ་བརྗོད། བསྟོད་པ་ནི། ཧྲཱིཿ རྒྱལ་ཀུན་ཐུགས་རྗེའི་བྱིན་རླབས་ལས་འཁྲུངས་ཤིང་། །ལོ་ཏོག་འབྲུ་རྣམས་འཕེལ་ཞིང་རྒྱས་མཛད་ཅིང་། །འཇིགས་པ་ཀུན་ལས་རྟག་ཏུ་སྐྱོབ་མཛད་པ། །སེམས་དཔའ་ས་ཡི་སྙིང་པོར་ཕྱག་འཚལ་བསྟོད། །འགྲོ་བའི་དབུལ་ཕོངས་སྡུག་བསྔལ་སེལ་མཛད་ཅིང་། །ལོངས་སྤྱོད་ནམ་མཁའ་མཛོད་ལ་མངའ་བརྙེས་པ། །འདོད་རྒུའི་དངོས་གྲུབ་ཆར་ལྟར་འབེབས་མཛད་པའི། །ནོར་ལྷ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །བདག་ཅག་མ་རིག་རྨོངས་པར་གྱུར་པ་ལས། །ས་བདག་ཚོགས་རྣམས་འཁྲུགས་དང་འགལ་བ་ཀུན། །བདག་གི་དེང་འདིར་སྙིང་ནས་བཤགས་ལགས་ན། །ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཡིག་བརྒྱ་བརྗོད། བཟླས་པ་བྱ་བ་ནི། ས་སྙིང་ཐུགས་དཀར་ཟླ་བའི་གདན་གྱི་དབུས། །ཀྴིཾ་ཡིག་དཀར་པོའི་མཐའ་མར་སྔགས་ཀྱིས་བསྐོར། །དེ་ལས་འོད་ཟེར་བདུད་རྩིའི་རང་བཞིན་ཅན། །དཀར་པོ་དཔག་མེད་འཕྲོས་པས་ཡོན་བདག་ལ། །ཕོག་པས་སྡིག་སྒྲིབ་ནད་གདོན་ཀུན་ཞི་ནས། །བདུད་རྩི་ཚངས་བུག་ནས་ཞུགས་ལུས་ཀུན་གང་། །ཀླུ་དང་ས་བདག་ནད་དང་གནོད་པ་ཀུན། །བ་སྤུའི་སྒོ་ནས་འབུ་སྲིན་ཚུལ་དུ་ཐོན། །སླར་ཡང་མདུན་བསྐྱེད་ལྷ་ཡི་ཐུགས་ཀ་ནས། །འོད་ཟེར་སེར་པོ་འཕྲོས་པས་ཡོན་བདག་ཚོགས། །ཚེ་བསོད་རྒྱས་ཤིང་བཀྲག་མདངས་ལྡན་པ་དང་། །ས་བཅུད་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། །ཨོཾ་ཀྴིཾ་ཧི་ར་ཛ་ཡེ་སྭཱ་ཧཱ། ཅི་ནུས་བཟླ། ཨོཾ་ཀྴིཾ་ཧི་རཱ་ཛ་པྲི་ཐི་དེ་ཝི་སརྦ་སིདྡྷི་སྭཱ་ཧཱཿ ལོ་ལེགས་ཕྱིར་ཡིན་ན་འདི་ཅི་ནུས་བཟླ་དགོས་སོ། །ཨོཾ་ཨ་ཀ་ནི་ཎི་ཀ་ནི་ཨ་བྷི་ལ་མཎྟ་ལ་མ་ཡེ་སྭཱ་ཧཱ། འཁྲུགས་བཅོས་ཡིན་ན་འདི་ཅི་མང་བཟླ། ཨོཾ་ལས་སུ་རཀྴ་འདུས། ཨཱཿལས་སུ་རཀྴ་འདུས། ཨཱ་ལ་ཡ་རཀྴ་འདུས། ཧཱུྃ་ཧཱུྃ། དྷ་དྷ་དྷུ་དྷརྨ་ཡ་ཏ་ཀེ་ཙ་ཀི་ཧཱུྃ་ཕཊཿ ས་བདག་ཀླུ་གཉན་གྱི་གདུག་པ་ཞི་བར་གྱུར་ཅིག ཕོག་ཐུག་ཤོར་ན་འདི་ཅི་མང་བཟླའོ། །ཨོཾ་ཀྴིཾ་ཧི་ར་ཛ་པྲི་ཐི་དེ་ཝི་བྷུ་མི་པ་ཏི་སརྦ་རོ་ག་ཤིནྟིཾ་ཀུ་རུ་སྭཱ་ཧཱཿ ནད་པ་སོགས་ཀྱི་དོན་ཡིན་ན་འདི་ཅི་མང་བཟླའོ། །ཐུན་མཚམས་སུ་མཆོད་པ་ཁ་གསོ་ཞིང་། ཨོཾ་ཀྴིཾ་ཧི་ར་ཛ་ས་པ་རི་ཝ་ར་ཨརྒྷཾ་སོགས། ཤབྷ་པྲ་ཏི་ཙྪ་ཡེ་སྭཱ་ཧཱ། ཨོཾ་ཀྴིཾ་ཧི་ར་ཛ་ཡེ་ས་པ་རི་ཝ་ར་ཨེ་དམ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ལན་གསུམ་བརྗོད། ས་བཅུད་ཡུལ་བཅུད་ཕྱིར་ཡིན་ན། བུམ་གཏེར་སྦས་ནས། ན་མོཿ སངས་རྒྱས་ཆོས་དང་དགེ་འདུན་ཚོགས་རྣམས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་ཡིས། །ས་བདག་ས་ཡི་ལྷ་མོ་མཁའ་དབྱིངས་དང་། །འབྱུང་ལྔའི་རང་བཞིན་ཡུམ་ལྔའི་མཁའ་ཀློང་དུ། །དགོས་འདོད་ཀུན་འབྱུང་རིན་ཆེན་གཏེར་སྦས་པས། །མི་ཤིགས་ཕྱག་རྒྱ་ལྔ་ཡི་རྒྱས་གདབ་བོ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་རྣམས། །ལོངས་སྤྱོད་མི་ཟད་གཏེར་ལ་མངའ་བརྙེས་ཤིང་། །ཕུན་ཚོགས་འབྲས་བུའི་དཔལ་ལ་སྤྱོད་པར་ཤོག །ཅེས་པ་འདི་ཡང་ཕུར་ཚའི་མཁན་སྤྲུལ་ཐུབ་བསྟན་འཕགས་པ་དང་ལ་དཀར་སྲས་པོ་མཐུ་སྟོབས་རྣལ་རྒྱལ་གཉིས་ནས་ཡང་ཡང་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ཟླ་ཚེས་བཟང་པོར་བྲིས་པ་དགེཡི་གེ་པ་ནི་རྗེ་དབོན་མཆོག་གི་ཡང་སྲིད་དམ་པ་ཐུབ་བསྟན་བཤད་སྒྲུབ་བསྟན་པའི་ཉི་མས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག །

ས་སྙིང་སྐུ་སྒྲུབ་པའི་ལག་ལེན་ཡིད་བཞིན་འདོད་འཇོ་ཞེས་བྱ་བ་བཞུགས་སོ།།

གྲངས་མེད་སྔོན་ནས་བྱང་ཆུབ་བརྙེས་གྱུར་ཀྱང་། །འགྲོ་བའི་དབུལ་ཕོངས་སྡུག་བསྔལ་སེལ་ཕྱིར་དུ། །སྙིང་རྗེའི་མངའ་བདག་སེམས་དཔའི་ཚུལ་འཛིན་པ། །རྗེ་བཙུན་ས་ཡི་སྙིང་པོར་གུས་པས་འདུད། །དེ་ལ་འདིར་ས་ཡི་སྙིང་པོའི་སྐུ་སྒྲུབ་པའི་ཆོ་ག་ལ། སྟེགས་བུའི་ཁར་སྐུ་རྣམས་བཞག སྨན་རཀ་གཏོར་གསུམ་དང་མཆོད་པ་ཅི་འབྱོར་བཤམས་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་སོགས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་སོགས། ཚད་མེད་བཞི་སྒོམ། མཆོད་པ་བྱིན་རླབས་ནི། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་། །བྷཱུྃ་ལས་རིན་ཆེན་སྣོད་ནང་དུ། །ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས། །སོ་སོའི་ལྷ་མོའི་རོལ་བ་བཅས། །རབ་འབྱམས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་སོགས་པྲ་ཏིཙྪ་ཡེ་སྭཱ་ཧཱ། རྟེན་བསྐྱེད་པ་ནི། ཨོཾ་སྭཱ་བྷ་ཝ་ཤུདྡྷོ་སོགས། སྟོང་པའི་ངང་ལས་སྐུ་རྟེན་རྣམས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་སྟེང་དུ་ཀྵིཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་ནས་ཚུར་འདུས་འོད་དུ་ཞུ་བ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་སྐུ་མདོག་དཀར་གསལ་སྟོན་ཟླ་ཞུན་མའི་འདོག་ཅན། ཞལ་གཅིག་ཕྱག་གཉིས་པ་ཡེ་ཤེས་ཀྱི་སྤྱན་གཉིས་དང་ལྡན་པ། ཕྱག་གཡས་པས་འབྲས་ཀྱི་སྙེ་མ་ཐུགས་ཀར་འཛིན་ཅིང་། གཡོན་པས་དྲིལ་བུ་དཀུར་བརྟེན་པ། ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། ཞི་བའི་ཚུལ་དགུ་དང་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ་དེའི་སྤྱི་གཙུག་ཏུ་པདྨ་ཟླ་བའི་གདན་སྟེང་དུ་སངས་རྒྱས་ཡོན་ཏན་རིན་ཆེན་རྒྱ་མཚོ་བཻཌཱུརྱ་དང་གསེར་གྱི་ཁ་དོག་བཟང་པོ་གསེར་དུ་སྣང་བའི་དཔལ་ཞེས་བྱ་བ་སྐུ་མདོག་སེར་པོ་གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ་པའི་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པ་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་ཕྱག་གཉིས་མཆོག་སྦྱིན་མཉམ་བཞག ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནས་ཡེ་ཤེས་པ་ཆར་སྤྲིན་གཏིབས་པ་ལྟར་བྱོན་ནས་དམ་ཚིག་པ་ལ་དབྱེར་མེད་དུ་བསྟིམ་པར་གྱུར། སྤྱན་འདྲེན་པ་ནི། ཧཱུྃ། བསྐལ་མང་གོང་ནས་མངོན་པར་བྱང་ཆུབ་ཀྱང་། །སྙིང་རྗེའི་མངའ་བདག་འགྲོ་ལ་བུ་ལྟར་སྐྱོང་། །དབུལ་ཕོངས་རྒྱུན་གཅོད་སེམས་དཔའི་ཚུལ་འཛིན་ནས། །ས་ཡི་སྙིང་པོ་འཁོར་བཅས་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ བཞུགས་གསོལ་ནི། ཧཱུྃ། དབྱིངས་ནས་སྤྱན་དྲངས་ཡེ་ཤེས་སེམས་དཔའི་ཚོགས། །ཇི་ལྟར་མཁའ་ལས་ཆར་སྤྲིན་གཏིབས་པ་བཞིན། །དམ་ཡེ་དབྱེར་མེད་ངང་དུ་རོ་གཅིག་ནས། །འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛི་ལྷན། ཕྱག་འཚལ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་སྟོན་པ། །གཞན་ཕན་ཕྲིན་ལས་རོལ་བའི་གཏེར་མངའ་ཞིང་། །འདོད་འབྱུང་ཡིད་བཞིན་དངོས་གྲུབ་སྩོལ་མཛད་པ། །དཀྱིལ་འཁོར་ཀུན་བདག་ཁྱེད་ལ་ཕྱག་འཚལ་ལོ། །ཨ་ཏུ་པུ་ཧོཿ པྲ་ཏི་ཙྪ་ཧོཿ མཆོད་པ་ནི། ཧཱུྃ། ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ལྟར་བུར། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་བྱེ་བྲག་ནི ། །དཔག་ཡས་ནམ་མཁའི་ཁམས་ཀུན་ཡོངས་བཀང་བས། །དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྟ་མ་ཧ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་ཧི་ཁ་ཧི། བསྟོད་པ་ནི། ཧཱུྃ། གང་སྐུ་དཀར་གསལ་སྟོན་ཟླ་གཞོན་ནུའི་མདོག །ཡེ་ཤེས་སྤྱན་གྱིས་དུས་གསུམ་ས་ལེར་གཟིགས། །མཚན་དཔེའི་དཔལ་འབར་ཡོན་ཏན་མཆོག་མངའ་བ། །འགྱུར་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །འགགས་མེད་གསུང་དབྱངས་ཡན་ལག་དྲུག་ཅུའི་སྒྲ། །ཞི་བ་ཆགས་བྲལ་དམ་ཆོས་བདུད་རྩི་ཡི། །ཉོན་མོངས་ནད་སེལ་ཐར་ལམ་བགྲོད་མཛད་པའི། །འགྱུར་མེད་རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད། །ཀུན་ཁྱབ་ནམ་མཁའ་ལྟ་བའི་རང་བཞིན་ལ། །ཡེ་ནས་རྟོག་མེད་ཟབ་གསལ་སྤྲོས་བྲལ་དབྱིངས། །དགོས་འདོད་འབྱུང་གནས་ཡིད་བཞིན་ནོར་བུ་ལྟར། །མཉམ་ཉིད་མི་གཡོ་ཐུགས་ལ་ཕྱག་འཚལ་བསྟོད། །རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་བསྡུས་པ། །གཞན་ཕན་ཕྲིན་ལས་རྣམ་བཞིའི་རོལ་གར་ཅན། །སྙིང་རྗེའི་མངའ་བདག་དབུལ་བའི་གདུང་སེལ་བ། །སེམས་དཔའ་ས་ཡི་སྙིང་པོར་ཕྱག་འཚལ་བསྟོད། །བཟླས་པ་བྱ་བ་ནི། མདུན་བསྐྱེད་ཐུགས་ཀར་ཟླ་བའི་གདན་སྟེང་དུ། །ཀྵིཾ་ཡིག་དཀར་པོའི་མཐའ་མར་སྔགས་ཀྱིས་བསྐོར། །འོད་འཕྲོས་རྒྱལ་བ་སྲས་དང་བཅས་པ་ཡི། །ཐུགས་རྗེའི་བྱིན་རླབས་ནུས་མཐུ་དཔག་མེད་པ། །འོད་ཀྱི་རྣམ་པར་བསྡུས་ནས་སྐུ་གཟུགས་ལ། །ཐིམ་པས་བྱིན་རླབས་ནུས་མཐུ་ལྡན་པར་གྱུར། །ཨོཾ་ཀྵིཾ་ཧི་ར་ཛ་ཡེ་སྭཱ་ཧཱཿ རབ་ན་འབྲུ་འབུམ། འབྲིང་ན་འབུམ་ཐེར་བཞི། ཐ་ནའང་འབུམ་ཐེར་གཅིག་ལས་མི་ཉུང་བར་བྱ་དགོས། དབྱངས་གསལ་ཡེ་དྷར་ཡིག་བརྒྱ་རྣམས་བརྗོད་ལ། རང་གཞུང་གི་མཆོད་པ་ནི། ཧཱུྃ། ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཇི་ལྟ་བུ་སོགས་དང་། རང་གཞུང་གི་བསྟོད་པ། རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་བསྡུས་སོགས་ཤྭ་ལོ་ཀ་གཅིག་བརྗོད།ཡིག་བརྒྱ།རྟེན་བཞུགས་ནི། ཇི་སྲིད་ས་ཆུ་མེ་དང་ནི། །རླུང་གི་བསྐལ་བས་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །འདི་ནི་རྟེན་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་རྣམས། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ཇི་སྲིད་འབྱུང་བ་བཞི་ཡི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ།བརྟན་པར་བཞུགས་ནས་ཀྱང་བདག་དང་མཐའ་ཡས་པའི་སེམས་ཅན་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བཀྲ་ཤིས་ནི། ཡེ་དྷརྨ་ཧེ་ཏུ་པྲ་བྷ་སོགས། ཨོཾ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་བསྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །སོགས་ནས། དེང་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །དེང་འདིར་རྣལ་འབྱོར་བ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཉི་མ་དང་ཟླ་བ་གཟའ་སྒྲ་གཅན་གྱི་གནོད་པ་ལས་གྲོལ་བ་བཞིན་དུ་བདུད་དང་སྤང་བྱ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡན་ཏུ། འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ས་བཅུད་ཡུལ་བཅུད་སོགས་ལ་ཕན་པའི་ཕྱིར་དུ།སྐུ་ས་ལ་སྦ་བར་བྱེད་པར་འདོད་ན་དེའི་དྲུང་དུ་ཕྱིན་ཏེ།སྐྱབས་འགྲོ་སེམས་བསྐྱེད།ཚད་མེད་བཞི་བསྒོམ་ལ། གཞི་བདག་སྤྱི་ལ་གཏོར་མ་བསྔོ་བ་ནི། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ཨོཾ་སྭཱ་བྷ་ཝ་སོགས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་དཀར་གསུམ་མངར་གསུམ་ལས་གྲུབ་པའི་གཏོར་མ་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་གཏེར་དུ་གྱུར། ཨོཾ་ཨཱཿ་ཧཱུྃ། གསུམ། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ། ཧཱུྃ། ཡུལ་འདིར་གནས་པའི་དཀར་ཕྱོགས་གཞི་བདག་ཚོགས། །རྣལ་འབྱོར་བདག་གི་འདོད་དོན་སྒྲུབ་པ་ལ། །དཀར་ཕྱོགས་སྐྱོང་བ་མཐུ་ཆེན་ཚོགས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །བདག་གི་ཕྲིན་ལས་འགྲུབ་པའི་སྡོང་གྲོགས་མཛོད། །བགེགས་ལ་གཏོར་མ་སྦྱིན་པ་ནི།ཧཱུྃ། སྟེང་འོག་ཕྱོགས་མཚམས་ས་བླར་རྒྱུ་བ་ཡི། །བགེགས་རིགས་ལན་ཆགས་ནག་ཕྱོགས་འབྱུང་པོའི་ཚོགས། །ཁྱད་པར་ཡུལ་འདིར་གནས་པའི་ཚོགས་རྣམས་ཀྱིས། །མཁོ་རྒུའི་གླུ་གཏོར་བཟང་པོ་འདི་བཞེས་ཏེ། །གནས་འདིར་མ་འདུག་རང་རང་གནས་སུ་དེངས། །གལ་ཏེ་མི་འགྲོ་འདི་རུ་འདུག་གྱུར་ན། །བགེགས་འདུལ་ཁྲོ་རྒྱལ་འབར་བ་ཐུགས་ཁྲོས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་བརླག་པར་གྱུར། །ཨོཾ་སུམ་བྷ་ནི་སོགས། མཚམས་གཅོད་ནི། ཧཱུྃ། སྟེང་འོག་ཕྱོགས་མཚམས་སྐྱོང་བའི་ཁྲོ་རྒྱལ་བཅུ། །རང་རང་ཕྱོགས་ཀྱི་བགེགས་ཚོགས་ཀུན་འདུལ་ནས། །མཚོན་ཆ་རྣམ་ལྔའི་གུར་ཁང་གཏམས་པ་ལས། །བསྐལ་བའི་རླུང་ཡང་ཐར་བའི་སྐབས་མེད་ན། །བར་ཆད་འབྱུང་པོའི་ཚོགས་རྣམས་སྨོས་ཅི་དགོས། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། མཆོད་པ་བྱིན་བརླབས་ནི། རྣམ་དག་ཆོས་ཀྱི་དབྱིངས་ཀྱི་ངང་ཉིད་ལས། །རྣམ་རོལ་འགགས་མེད་མཆོད་པའི་སྤྲིན་ཕུང་ནི། །རྣམ་པ་ཀུན་བཟང་མཆོད་པའི་སྤྲིན་ལྟ་བུར། །རྣམ་མང་ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར། །ལྷ་བསྐྱེད་ནི། སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །རང་མདུན་པདྨ་ཟླ་བའི་གདན་སྟེང་དུ། །སྟོང་གསུམ་མི་མཇེད་ས་ཡི་བདག་པོ་ནི། །ལྷ་མོ་བརྟན་མ་སྐུ་མདོག་གསེར་གྱི་མདོག །ཞལ་གཅིག་ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་བར། །རིན་ཆེན་འདོད་འབྱུང་གསེར་གྱི་བུམ་པ་བསྣམས། །སྣ་ཚོགས་དར་དང་རིན་ཆེན་དུ་མས་བརྒྱན། །ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །བདག་གིས་འགྲོ་དོན་རླབས་ཆེན་སྒྲུབ་པ་ལ། །ཡུམ་ཆེན་སངས་རྒྱས་སྤྱན་མའི་མཁའ་དབྱིངས་སུ། །དགོས་འདོད་ཀུན་འབྱུང་ཡིད་བཞིན་རིན་པོ་ཆེ། །རྨད་བྱུང་བདེ་གཤེགས་སྐུ་གཟུགས་གཏེར་དུ་སྦས། །མི་འགྱུར་ཕྱག་རྒྱ་ལྔ་ཡིས་རྒྱས་བཏབ་པས། །འཇིགས་རྟེན་ཁམས་ཀྱི་ལོ་ལེགས་ཕྱུགས་འཕེལ་ཞིང་། །འབྲུ་དང་རྟ་ཕྱུགས་ལོངས་སྤྱོད་རྒྱས་པ་དང་། །དམག་འཁྲུགས་མུ་གེ་ནད་གདོན་ཀུན་ཞི་ནས། །དཔལ་འབྱོར་བསོད་ནམས་རིགས་བརྒྱུད་འཕེལ་བ་དང་། །བཤད་སྒྲུབ་དགེ་འདུན་འདུས་པའི་སྡེ་ཚོགས་རྣམས། །ཡར་ངོའི་ཟླ་བ་ལྟར་བུར་ཇི་བཞིན་དུ། །གོང་ནས་གོང་འཕེལ་མི་ནུབ་དར་ཞིང་རྒྱས། །ལྷ་མོ་ཁྱེད་ཀྱིས་སྡོང་གྲོགས་མ་གཡེལ་ཞིག །མཆོད་པ་ནི། ཧཱུྃ། དངོས་སུ་འབྱོར་དང་ཡིད་ཀྱི་རྣམ་སྤྲུལ་སོགས། གཏོར་མ་འབུལ་བ་ནི། ཧཱུྃ། སྔོན་ཚེ་སྟོན་པའི་ཞལ་མཐོང་དམ་ཚིག་ཅན། །བྱང་ཆུབ་སྒྲུབ་ལ་དངོས་གྲུབ་སྩོལ་མཛད་པའི། །མཆོད་གཏོར་བཟང་པོ་རྒྱན་ལྡན་འདི་བཞེས་ལ། །བདག་ལ་སྡོང་གྲོགས་ཕྲིན་ལས་མཛད་དུ་གསོལ། །གཏོར་མ་མཆོད་ལ། བསྟོད་པ་ནི། ཧཱུྃ། སྔོན་ཚེ་སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱན་སྔར་ཞལ་བཞེས་དམ་ཚིག་རྗེས་དགོངས་ལ། །ཡིད་ལ་ཅི་འདོད་དངོས་གྲུབ་སྩོལ་མཛད་པའི། །ས་ལ་དབང་མཛད་ལྷ་མོ་ཁྱོད་ལ་བསྟོད། །ཡིག་བརྒྱ། མ་རྙེད་ཡོངས་སུ་སོགས། འདིར་ནི་རྟེན་དང་ལྷན་སོགས། བསྡུ་རིམ་ནི། ས་ཡི་ལྷ་མོ་བརྟན་མ་ཞལ་འཛུམ་པ་དང་བཅས་ནས་སྒྲུབ་པ་པོ་ལ་དངོས་གྲུབ་ཅི་འདོད་པ་ཐམས་ཅད་སྒྲུབ་པར་བསམ་ལ། ས་གཞི་ལ་ཐིམ་ནས་མི་དམིགས་སྤྲོས་བྲལ་གྱི་ངང་ལ་མཉམ་པར་བཞག བསྔོ་བ་སྨོན་ལམ་ནི། བདག་གཞན་དུས་གསུམ་བསགས་པའི་དགེ་རྩ་ཀུན། །རྣམ་མཁྱེན་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །དེང་ནས་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །མི་འབྲལ་ཚོམ་བུ་གཅིག་ཏུ་འཚོགས་པར་ཤོག །བཀྲ་ཤིས་ནི། བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཀུན་སྩོལ་ཡི་དམ་ཞི་ཁྲོའི་ལྷ། །ཕྲིན་ལས་མངའ་བདག་མ་མོ་མཁའ་འགྲོའི་ཚོགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་པ་འདིའང་ལ་དཀར་སྲས་པོ་མཐུ་སྟོབས་ནས་ཡང་ཡང་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ། །།

ཚེ་རིང་མའི་གཡང་འགུགས་བསྡུས་པ་འདོད་རྒུའི་རྡུལ་འཚུབས་ཞེས་བྱ་བ་བཞུགས་སོ།།

ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་རླབས་ལ། བྷྱོཿ དབྱིངས་ཀྱི་རྒྱལ་མོ་ཡེ་ཤེས་མཁའ་འགྲོའི་གཙོ། །རིག་འཛིན་དཔའ་བོ་ཡོངས་ཀྱི་སྲིང་གཅིག་མ། །རྒྱལ་བ་ཀུན་གྱི་ཡུམ་གཅིག་སྨན་མོའི་ཚུལ། །འབྱུང་བ་ནམ་མཁའི་ཁམས་ལ་དབང་བསྒྱུར་མ། །དབྱིངས་ཕྱུག་མ་ཡི་ངོ་བོ་རྣམ་པར་དག །བདེ་ཆེན་དགའ་བཞིའི་ཡེ་ཤེས་མངོན་གྱུར་པའི། །དབྱིངས་རིག་ཡིད་ལ་སྟེར་བའི་མཛའ་ན་མོ། །དབུས་ཕྱོགས་བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ། །འབྱུང་བ་ས་ཡི་ཁམས་ལ་དབང་བསྒྱུར་མ། །སངས་རྒྱས་སྤྱན་མའི་ངོ་བོ་རྣམ་པར་དག །རང་བྱུང་རིག་པའི་ཡེ་ཤེས་རྩལ་ཤར་བས། །པྲ་ཡི་ལྷ་མོ་མཐིང་གུ་ཞལ་བཟང་མ། །འབྱུང་བ་ཆུ་ཡི་ཁམས་ལ་དབང་བསྒྱུར་མ། །མ་མ་ཀཱི་ཡི་ངོ་བོ་རྣམ་པར་དག །དོན་དམ་རྡོ་རྗེའི་བཙུན་མོའི་རྣམ་རོལ་གྱིས། །གཏེར་གྱི་ལྷ་མོ་ཅོད་པཎ་མགྲིན་བཟང་མ། །འབྱུང་བ་མེ་ཡི་ཁམས་ལ་དབང་བསྒྱུར་མ། །གོས་དཀར་མོ་ཡི་ངོ་བོ་རྣམ་པར་དག །གཟུགས་སྲིད་ལང་ཚོའི་བཀྲག་མདངས་ཀུན་གྱི་བདག །ནོར་གྱི་བདག་པོ་མི་གཡོ་གླང་བཟང་མ། །འབྱུང་བ་རླུང་གི་ཁམས་ལ་དབང་བསྒྱུར་མ། །དམ་ཚིག་སྒྲོལ་མའི་ངོ་བོ་རྣམ་པར་དག །སྣ་ཚོགས་སྣང་བ་རྟེན་འབྲེལ་ཀུན་གྱི་བདག །ཕྱུགས་ཀྱི་ལྷ་མོ་ཏལ་དཀར་འགྲོ་བཟང་མ། །ཅིར་སྣང་དག་པར་འཆར་བའི་ཡེ་ཤེས་ལྔ། །ཕྱི་ལྟར་བརྟན་མ་མཁའ་འགྲོ་ཡོངས་ཀྱི་གཙོ། །ནང་ལྟར་འབྱུང་ལྔ་རྣམ་དག་མཁའ་འགྲོ་མ། །གསང་བ་རིག་ལྔའི་ཡུམ་ཆེན་མཁའ་འགྲོ་ལྔ། །བདག་ཅག་བཀྲེས་ཕོངས་དབུལ་བའི་སྡུག་བསྔལ་གྱིས། །རབ་ཏུ་མནར་བའི་སྐྱབས་བྲལ་མགོན་མེད་རྣམས། །ལྷ་མཆོག་ཁྱེད་ཀྱི་ཐུགས་དམ་མ་གཡེལ་བར། །སྔོ་གྱི་ཐ་ཚིག་གཉེན་པོ་རྗེས་དགོངས་ལ། །སྟོང་གསུམ་རབ་འབྱམས་རྒྱ་མཚོའི་ཞིང་ཁམས་ནས། །བརྟན་གཡོའི་དཔལ་འབྱོར་བསོད་ནམས་དབང་ཐང་གཡང་། །གླིང་དང་གླིང་ཕྲན་རི་རྒྱལ་ལྷུན་པོའི་གཡང་། །གསེར་རི་རོལ་མཚོ་ཉི་ཟླ་རྒྱུ་སྐར་གཡང་། །འབྱུང་བ་ལྔ་ཡི་དྭངས་མ་བཅུད་ཀྱི་གཡང་། །འཁོར་དང་བུ་སློབ་དགེ་འདུན་རྒྱས་པའི་གཡང་། །མཁས་གྲུབ་སྡོམ་གཙང་བཤེས་གཉེན་བྱིན་ནུས་གཡང་། །རིགས་རྒྱུད་ཚེ་ནོར་སྙན་དང་གྲགས་པའི་གཡང་། །ནོར་བུ་སྣ་ཚོགས་རྣམ་མང་རྒྱ་མཚོའི་གཡང་། །གསེར་དངུལ་ལ་སོགས་རིན་ཐང་ཆེ་ཡི་གཡང་། །གོས་དང་ཟ་འོག་དར་ཟབ་སྣ་ཚོགས་གཡང་། །ཨ་བར་སྐྱུར་གསུམ་ལ་སོགས་སྨན་གྱི་གཡང་། །འཚོ་ཡི་དཔལ་གཏེར་སྣ་ཚོགས་འབྲུ་ཡི་གཡང་། །མ་ད་ན་དང་དཀར་གསུམ་མངར་གསུམ་གཡང་། །ཁྲབ་རྨོག་རལ་གྲི་གོ་དང་མཚོན་གྱི་གཡང་། །སེངྒེ་སྟག་གཟིགས་དོམ་དྲེད་གཅན་སྤྱང་གཡང་། །ཤ་རྐྱང་མ་ཧེ་འབྲོང་སོགས་རི་དྭགས་གཡང་། །རྟ་མཆོག་བ་ལང་མཛོ་དྲེལ་རྣམས་ཀྱི་གཡང་། །དུང་དང་ཆུ་སྲིན་བརླན་གཤེར་གནས་པའི་གཡང་། །རྨ་བྱ་ཁྲུང་ཁྲུང་ལ་སོགས་འདབ་ཆགས་གཡང་། །མདོར་ན་སྣང་སྲིད་རྣམ་པར་དག་པའི་ཞིང་། །ཀ་ཆ་དཀོར་ཆ་ལོངས་སྤྱོད་རྒྱ་མཚོའི་ཚོགས། །མི་ཟད་ནམ་མཁའི་མཛོད་ཀྱི་དཀོར་ཆ་རྣམས། །དེང་འདིར་སྒྲུབ་གནས་གཡང་གི་ར་བ་འདིར། །སྲིད་ཞིའི་ཕྱྭ་གཡང་ཐམས་ཅད་འདིར་ཁུག་ལ། །བསམ་དོན་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། །ཅེས་པ་འདིའང་བླ་མ་ཀུན་བཟང་བློ་གྲོས་ནས་ཡང་ཡང་བསྐུལ་བའི་ངོར།འཆི་མེད་གྲུབ་པའི་དགའ་ཚལ་ནས་རྫོགས་སྤྲུལ་སྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ལྷག་པའི་བསམ་པ་བཟང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །

གཡང་འགུགས་བསྡུས་པ་བཞུགས་སོ།།

ཧྲཱིཿ མཆོག་གསུམ་རྩ་གསུམ་ནོར་ལྷ་རྒྱ་མཚོ་དང་། །བདེན་ཚིག་གྲུབ་པའི་ལྷ་དང་དྲང་སྲོང་གིས། །སྲིད་པའི་ཕྱྭ་གཡང་དཔལ་འབྱོར་ཕུན་ཚོགས་རྣམས། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ཁུག །བདེ་ལེགས་སྣང་བས་ས་གསུམ་ཁྱབ་གྱུར་ཅིག །ཅེས་གཡང་འགུགས་ཉུང་ངུ་བསྡུས་པ་འདི་ཁྲམ་ཨ་ཐུབ་རྣམ་རྒྱལ་པས་བསྐུལ་ངོར་རྫོགས་སྤྲུལ་ལྔ་པས་སོ། །

གསས་མཁར་བསྟོད་ཐབས་བསྡུས་པ་བཞུགས་སོ།།

བླ་མ་དང་གཉིས་སུ་མེད་པ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ལ་ཕྱག་འཚལ་ལོ། །ས་དཔལ་ཅན་དུ་གསེར་མཁར་གྲུ་བཞི་བརྩིགས་ལ། དེའི་ནང་དུ་རབ་འབྱམས་གཏེར་ཚད་ལྡན། མིན་ཡང་བཟང་པོ་བཀྲ་ཤིས་ས་ནས་བླངས་རྡོ་དཀར་སྲིབ་མེད་པ། ཡུལ་ལྷ་བརྟེན་གནས་ཀྱི་སྔགས་སྙིང་གཟེར་ནས་དབྱུང་བ་ལྟར་བཏབ་པ་དང་། རིན་ཆེན་སྣ་ཚོགས་དང་ས་སྣ་ཆུ་སྣ་སོགས་སོགས་བཀྲ་ཤིས་པའི་རྫས་གཞན་པ་གསེར་མཁར་གྱི་སྟེང་རྡོ་དཀར་སྤུང་པར་ཤིང་བྱང་ཁྱུང་འབྲུག་སེང་གསུམ་ཉི་ཟླ་ནོར་བུ་བཀྲ་ཤིས་རྫས་རྟགས་བྲིས་པ་བཙུགས། བལ་མཚོན་དང་དར་སྣ་ཁྲབ་བྱང་སོགས་ཀྱིས་མཛེས་པར་བརྒྱན། ཐོག་མར་གླུད་དང་གཏོར་མ་བྱིན་ཏེ་བགེགས་བསྐྲད། དེ་ནས་དུག་ཕྱུང་བྱ་བ་ནི། འབྱུང་བཞིའི་དུག་ཕྱུང་མ་སུ། ས་དུག་བོང་ས། རྡོ་དུག་མཁར་རྡོ། ཤིང་དུག་གླང་མ། སྡུམ་དུག་ཐང་ཁྲོམ། རྩི་དུག་རེ་ལྕགས། རྩ་དུག་འཇག་མ། གསེར་དུག་ར་གན། དངུལ་དུག་ཞ་ཉེ། དུང་དུག་མགྲོན་བུ། ལྕགས་དུག་སོ་ཐོག་རྣམས་སྣོད་དུ་བཞག་པ་གསེར་མཁར་ལ་བསྐོར་ཞིང་། ཧཱུྃ། བཀྲ་ཤིས་ལྷ་གཞི་དཀར་པོ་གང་འདི་རུ། །གསེར་མཁར་འདི་ལ་དུག་དང་རྩོག་གྲིབ་སོགས། །དཀོན་མཆོག་གསུམ་དང་ཏིང་འཛིན་སྔགས་རྒྱ་ཡིས། །དུག་རྫས་རྣམས་ཀྱི་བྱང་ཞིང་དག་གྱུར་ཅིག །སྨེ་བརྩེགས་དང་སིདྡྷི་མཐར་སརྦ་བི་ཥ་ཧ་ལ་ཧ་ལ་ཕྱུང་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བརྗོད་དུག་རྫས་རྣམས་རྒྱང་རིང་དུ་དོར། དེ་ནས་རི་ཁྲུས་བྱ། ཨོཾ་སྭཱ་བྷ་ཝ་སོགས། ཧཱུྃ་ཡིག་གནས་འགྱུར་གསེར་མཁར་གཞལ་ཡས་ཁང་། །དབུས་སུ་ཛམ་ལྷ་ཡུལ་ལྷ་འགོ་བའི་ལྷ། །སྲིད་པའི་དཔལ་མགོན་མཉན་པོ་རྣམས་ཀྱིས་བསྐོར། །གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས་པས། །རང་རང་གནས་ནས་སྤྱན་དྲངས་གཉིས་མེད་བསྟིམས། །བཛྲ་ས་མ་ཛཿཛཿཧཱུྃ་བྃ་ཧོཿས་མ་ཡ་ཏིཥྛ་ལྷན། མཆོད་པ་ནི། ཧཱུྃ། དངོས་འབྱོར་ཡིད་སྤྲུལ་མཆོད་པའི་སྤྲིན་ཕུང་ནི། །སྲིད་ན་རྣམ་པར་མཛེས་པའི་མཆོད་པའི་སྤྲིན། །ཁྱད་པར་རང་རང་མཐུན་པའི་དམ་རྫས་ནི། །ནམ་མཁའ་མཛོད་ཀྱི་འཁོར་ལོ་འབུལ་ལགས་ན། །བཞེས་ནས་བདག་གི་རེ་བ་སྐོང་བར་མཛོད། །ཨོཾ་སརྦ་བིད་པུ་ར་པུ་ར་སུ་ར་སུ་ར་ཨ་བརྟ་ཡ་ཨ་བརྟ་ཡ་ཧོཿསྥ་ར་ཎ་ཁཾ་སྭཱ་ཧཱ། བསྟོད་པ་ནི། ཧཱུྃ། ཕུན་ཚོགས་དགེ་ལེགས་བྱེ་བའི་བཀྲ་ཤིས་ལྷ། །འདོད་དགུའི་དངོས་གྲུབ་ཆར་བ་འབེབ་མཛད་པའི། །གནོད་སྦྱིན་སྡེ་དཔོན་མགོན་པོ་ཛམ་བྷ་ལྷ། །ཡུལ་ལྷ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །བརྟན་བཞུགས་ནི། འདིར་ནི་རྟེན་དང་སོགས། འདོད་གསོལ་ནི། ཕྱོགས་འདིར་བཀྲ་ཤིས་དགེ་ལེགས་འཕེལ་བ་དང་། །ས་ཡི་དཔལ་དང་བཅུད་རྣམས་འདིར་ཁུག་ལ། །འབྲུ་ནོར་འཕེལ་ཞིང་ཕྱུགས་ནོར་རྒྱས་པ་དང་། །གང་བསམ་འབད་མེད་ལྷུན་གྱིས་འགྲུབ་པར་ཤོག །ཨོཾ་ཛམྦྷ་ལ་ཛ་ལེནྟྲ་ཡེ་སྭཱ་ཧཱ། ཡུལ་ལྷའི་སྔགས། ཨོཾ་སརྦ་དེ་ཝ་ཨ་ཞེས་པ་ལ་བཛྲ་ས་མ་ཛཿ ཛཿཧཱུྃ་བྃ་ཧོཿ བཏགས་པ་བརྒྱ་རྩ་ལ་སོགས་པས་དྲངས་བསྟིམ་བྱ། དེ་ནས་ལ་བཙས་གསེར་མཁར་རྡོ་དཀར་གྱིས་ཁ་གསོས་ལ། ཧཱུྃ། དེའི་ནང་གནམ་ས་བར་གསུམ་ཕུན་སུམ་ཚོགས། །བདག་གིས་སྔོན་གྱི་སྲིད་པའི་ལུགས་བཞིན་ཏུ། །རིན་ཆེན་འབར་བའི་གསེར་མཁར་གཉན་པོ་བརྩེགས། །མགྲོན་རྣམས་ཚིམས་ཏེ་འདོད་དོན་གོང་འཕེལ་མཛོད། །ཤིང་བྱང་དང་དར་སྣ་རྣམས་སྒྲོན་བཞིན་པར། ཀྱཻཿ འགོ་བའི་ལྷ་མགོན་གཉན་པོ་ཁྱེད་རྣམས་ནི། །ཚུར་བྱོན་བཀྲ་ཤིས་གསེར་མཁར་འདི་ལ་བཞུགས། །བདག་གི་མཆོད་པ་དམ་པ་འདི་བཞེས་ལ། །དབུ་འཕང་བསྟོད་ཅིང་བདག་ལ་དངོས་གྲུབ་སྩོལ། །རབ་ན་ཕྱོགས་བཞིར་རྒྱལ་ཆེན་སྡེ་བཞིའི་སྐུ་དང་། སྟག་སྐྱ་སོགས་སྲུང་བཞིའི་གཟུགས་སམ། བསྡུ་ན་རྡོ་དཀར་པོར་སོགས་བཀོད་ལ། ཧཱུྃ། ཕྱོགས་བཞིར་རྒྱལ་ཆེན་བཞི་དང་སྟག་སྐྱ་སོགས། །འཇིག་རྟེན་སྐྱོབ་པའི་ཚོགས་ཀྱིས་སྲུང་བར་མཛོད། །དམུ་ཐག་དཀར་པོ་གྱེན་དུ་འཐེན་ལ། ཀྱཻ། ཚེ་ལྷ་ཚེ་འཛིན་ལྷ་མོའི་ཚོགས་རྣམས་ཀྱིས། །དམུ་ཐག་གྱེན་ལ་འཐེན་ཅིང་རྟེན་ཕུར་ཚུགས། །ཁྲི་འཕང་བསྟོད་ལ། ཕྱག་འཚན་ལྔ་དངོས་སམ་ཕྱག་རྒྱ་བཅིངས་ལ། ཧཱུྃ། རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་དང་། །རྒྱ་གྲམ་རྣམས་ཀྱིས་རྒྱས་གདབ་དབང་བསྐུར་རོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ གཏོར་སྐུ་བཙུགས་པ་ནི་ཁང་པའི་སྟེང་ས་དཔལ་བཟང་པོ་མཐོ་ས། བཀྲ་ཤིས་པའི་ས་སྣ་རྡོ་སྣ་ཚོགས་ལས་ཟླུམ་པོ་དྲིལ་བུའི་དབྱིབས་ཅན་གྱི་མཎྜལ་བརྩིགས་པའི་ནང་དུ་བུམ་གཏེར་དང་སྔགས་རྫས་ཚད་ལྡན་བཀྲ་ཤིས་པའི་ས་སྣ་ཆུ་སྣ་རྡོ་སྣ་ཤིང་སྣ། གཞི་བདག་བཟང་པོ་ནས་བསླངས་པའི་བླ་རྡོ་བྱུང་བའི་ཁ་བསྐང་སྟེང་དུ་ཤིང་རིས་དང་རྒྱན་སོགས་གསེར་མཁར་ལྟར་བྱས་ལ། ན་མཿཙནྟ་སོགས་རྣམ་འཇོམས་སྔགས་དང་། ཧཱུྃ་ཧཱུྃ་ཧཱུྃ། བི་ཤྭ་བཛྲ་སོགས་ཀྱིས་བགེགས་བསྐྲད། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ།གིས་སྦྱངས། བྷྲཱུྃ་ཡིག་གནས་འགྱུར་གཏོར་སྐུ་གཞལ་ཡས་ཁང་། །དབུས་སུ་རྩ་གསུམ་དམ་ཅན་འགོ་བའི་ལྷ། །མ་ཚང་མེད་པ་གསལ་བའི་གནས་གསུམ་ལས། །འོད་འཕྲོས་རང་རང་གནས་ནས་སྤྱན་དྲངས་གྱུར། །ཀྱཻ། དེ་རིང་གནམ་ལ་གཟའ་སྐར་རབ་བཟང་ཞིང་། །ས་དང་བར་སྣང་བཀྲ་ཤིས་དགེ་ལེགས་ཤིང་། །གཏོར་སྐུ་རིན་ཆེན་གཞལ་ཡས་བཞེངས་པ་ལ། །མགྲོན་རྣམས་ཚིམས་ཤིང་དངོས་གྲུབ་བདག་ལ་སྩོལ། །ཀྱཻ། རྩ་གསུམ་ཆོས་སྐྱོང་དགྲ་བླ་ཝེར་མའི་ཚོགས། །ནོར་ལྷ་གཏེར་བདག་འགོ་བའི་ལྷ་ལྔ་དང་། །ཕ་མྱེས་སློབ་དཔོན་བརྒྱུད་ཀྱི་སྲུང་མ་སོགས། །ཚུར་བྱོན་གཏོར་སྐུ་འདི་ལ་བཞུགས་སུ་གསོལ། །ཡེ་དྷརྨཱ་སོགས་དང་། ཨོཾ་སུ་པྲ་ཏིཥྛས་མེ་ཏོག་འཐོར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ནི། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །ནོར་ལྷ་གཏེར་བདག་ཡུལ་ལྷ་གཞི་བདག་སོགས། །ཕ་མྱེས་སློབ་དཔོན་བརྒྱུད་ཀྱི་སྲུང་མ་ལ། །གུས་པས་བསྟོད་དོ་བདག་ལ་དངོས་གྲུབ་སྩོལ། །འདིར་ནི་རྟེན་དང་སོགས། གཏོར་སྐུ་བཙུགས་པའི་རྟེན་འབྲེལ་བྱིན་རླབས་ཀྱིས། །གནས་འདིར་དགེ་ཞིང་མི་ནོར་འཕེལ་རྒྱས་ཤོག །ཅེས་བཀྲ་ཤིས་བརྗོད་དོ། །འདིས་ནི་ཅི་བསམ་འགྲུབ་པ་ཡིན་ནོ། །ཅེས་པ་འདི་ནི་མགོན་བླ་ཐུབ་བསྟན་ནོར་བུ་ནས་ཡང་ཡང་བསྐུལ་ངོར། སྤྲེལ་ལོ་སྤྲེལ་ཟླའི་ཚེས་༡༥ལ་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །

ཆུ་གཏོར་དངོས་གྲུབ་ཆར་འབེབས་བཞུགས་སོ།།

ཧྲཱིཿ རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱི། །ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་མཐའ་དག་ཀུན། །རབ་ཏུ་ཞི་ནས་བདེ་སྐྱིད་ལྡན་པར་ཤོག །ཨོ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བརྒྱ་རྩ་བཟླས་ཤིང། ཐེབ་གཅིག་གི་ནང་ཆུ་སྦྱིན་བྱ། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་དང་བྲལ་ནས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བསམ་ལ། རིན་ཆེན་དགེ་ཚོགས་འདི་དག་གིས། ལུས་ཅན་འགྲོ་བ་མཐའ་དག་ཀུན། །མི་མཐུན་སྡུག་བསྔལ་ཀུན་བྲལ་ནས། །འགྲོ་རྣམས་ཕྱམ་ཅིག་སངས་རྒྱ་ཤོག །སྡིག་པ་ཅི་ཡང་སོགས།ཅེས་པ་འདི་ནི་ཨུ་སག་ཀརྨ་ནས་ཡང་ཡང་བསྐུལ་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའམ་མིང་གཞན་བསྟན་འཛིན་འཇིགས་མེད་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག དཀར་གསུར་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །ཧྲཱིཿ རང་ཉིད་ཁ་སར་པཱ་ཎའི་སྐུར་གསལ་མདུན། །དཀོན་མཆོག་སྲིད་ཞི་མགོན་པོ་ཡོན་ཏན་མགྲོན། །རིགས་དྲུག་འགྲོ་བ་སྙིང་རྗེའི་མགྲོན་གྱི་ཚོགས། །མ་ལུས་འཁོར་བཅས་མཁའ་ལ་གསལ་བར་གྱུར། །ཡེ་ཤེས་མེ་ཡིས་བཞུ་བའི་ཟག་མེད་ཀྱི། །བདུད་རྩིའི་དྭངས་མ་འདོད་ཡོན་ལྔ་ལྡན་གྱི། །མཆོད་སྤྲིན་ནམ་མཁའ་མཛོད་ཀྱི་འཁོར་ལོ་འདིའི། །ཕུལ་བས་ཚེ་རིང་ནད་མེད་ལོངས་སྤྱོད་ལྡན། །ཚོགས་གཉིས་རྫོགས་ཤིང་སྒྲུབ་གཉིས་བྱང་བ་དང་། །མཐར་ཐུག་སྐུ་བཞིའི་ཡེ་ཤེས་མངོན་གྱུར་ཤོག །རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །སོགས། འཇམ་དཔའ་བོ་སོགས། ཞེས་པ་འདི་ནི་ཨུ་ཚག་ཀརྨ་ནས་བསྐུལ་ངོར་རྫོགས་སྤྲུལ་ལྔ་པས་བྲིས་པ་དགེའོ། །བཀྲ་ཤིས། དགེའོ། །

ས་བདག་བཤགས་བསྡུས།།

ཀྱེེ། སྡེ་བརྒྱད་སྤྱི་དང་ཀླུ་གཉན་ས་བདག་རིགས། །ཁྱད་པར་ཡུལ་ཕྱོགས་འདིར་གནས་གཞི་བདག་ལ། །ཕོག་ཐུགས་འགྲམ་འཁྲུགས་གྱུར་པ་གང་མཆིས་པ། །དམིགས་མེད་ཆོས་དབྱིངས་ཀློང་དུ་ཞི་གྱུར་ཅིག །ཨོཾ་ཨ་ཀ་ནི་ཎི་ཀ་ནི་ཨ་བྷི་ལ་མཎྟ་ལ་མ་ལེ་སྭ་ཧཱ། ཅེས་པའང་ཤིང་གླང་ཟླ་ཚེས་ལ་ཡུལ་ཁམས་སུ་ཁ་བ་ཆེན་པོ་བབ་སྐབས་རྫོགས་སྤྲུལ་ལྔ་པས་བྲིས་པ་དགེའོ། །

སྤྱི་བསང་བསྡུས་པ་དཔག་བསམ་འདོད་རྒུའི་འབྲས་སྟེར་ཞེས་བྱ་བཞུགས་སོ།།

རྩ་བ་གསུམ་གྱི་ལྷ་ལ་ཕྱག་འཚལ་ལོ། །བསང་མཆོད་ཤིན་ཏུ་བསྡུས་པར་བྱེད་པའི་གང་ཟག་གིས། དཀར་གཏོར་གླིང་བཞི། གཡོན་དུ་དམར་གཏོར། གཡག་ལུག་ར་གསུམ་སོགས་གཟུགས་འགྲོས་སྣ་ཚོགས་ཀྱིས་བརྒྱན་པ། ཕྱེ་མར་དང་འབྲུ་སྣ་སོགས་དང་། སྨན་གཏོར་རཀྟའི་མཆོད་པ་དང་། ཚོགས་ཀྱི་ལོངས་སྤྱོད་རྒྱས་པར་བཀྲམ། རྩི་ཤིང་སྣ་ཚོགས་པའི་དུད་པ་གཏོང་། རོལ་མོ་སྣ་ཚོགས་ཀྱི་སྒྲ་བསྒྲགས། སྙན་པའི་དབྱངས་ཀྱིས་འདི་སྐད་དོ། ། ཧཱུྃ། སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །སྙིང་ནས་དད་ཅིང་གུས་པས་སྐྱབས་སུ་མཆི། །དེང་ནས་མ་གྱུར་འགྲོ་བ་མཐའ་དག་ཀུན། །རྫོགས་པའི་སངས་རྒྱས་ཐོབ་པར་སེམས་བསྐྱེད་དོ། །རང་ཉིད་སྣང་སྲིད་ཟིལ་གནོན་པདྨ་འབྱུང་། །མཚན་དཔེའི་ལྡན་པའི་སྐུ་རུ་ལམ་གྱིས་གསལ། །ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་དཀར་པོ་ལས། །འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་པའི་མཐར། །སྣང་སྲིད་ཐམས་ཅད་སྐུ་དང་ཞིང་ཁམས་གྱུར། །སིདྡྷི་ཅི་ནུས་བཟླའོ། །ཨོཾ་བཛྲ་ཨ་མྲྀ་ཏ། ཨོཾ་སྭ་བྷ་ཝ་སོགས། བསང་རྫས་མི་དམིགས་སྟོང་པ་ཆེན་པོའི་ངང་། །ཡངས་ཤིང་རྒྱ་ཆེའི་རིན་ཆེན་སྣོད་ནང་དུ། །མཆོད་རྫས་འཆི་མེད་བདུད་རྩིར་བྱིན་རླབས་པ། །རིན་ཆེན་འབྲུ་སྣ་དར་ཟབ་སྨན་སྤོས་རིགས། །བཟའ་བཏུང་གོས་རྒྱན་ཟད་མི་ཤེས་པའི་གཏེར། །ལྷ་མོའི་བསོད་ནམས་ལས་བྱུང་དཔལ་འབྱོར་རྫས། །རྃ་ལས་བསྐྱེད་པའི་ཡེ་ཤེས་མེའི་ནང་དུ། །བསྲེགས་པའི་དུ་བ་ཕྱོགས་བཅུ་ཀུན་ཏུ་འཕྲོས། །སྟོང་གསུམ་རབ་འབྱམས་གང་བའི་འཇའ་ཟེར་ལས། །དཔག་ཡས་མཆོད་རྫས་ནམ་མཁའ་མཛོད་ལྟ་བུ། །གཞན་ཡང་ཁྲུས་བུམ་སྨན་གཞོང་ཐོགས་པ་ཡི། །གྲངས་མེད་མཆོད་པའི་ལྷ་མོ་ལྟ་ན་སྡུག །མཛེས་ཤིང་འཕྲུལ་ཆགས་དགའ་བའི་གར་བསྒྱུར་མ། །དགའ་བཞིའི་ཡེ་ཤེས་སྟེར་བའི་མཛའ་ན་མོས། །ཁྲུས་དང་སྨན་གྱི་མི་གཙང་གྲིབ་ཀྱི་ཚོགས། །མཐའ་དག་བསལ་ནས་ཀུན་བཟང་མཆོད་སྤྲིན་ལྟར། །མི་ཟད་འདོད་ཡོན་རྒྱན་གྱི་རོལ་མོ་ཡིས། །ནམ་མཁའ་རབ་འབྱམས་གང་བའི་འཁོར་ལོར་གྱུར། །སྤྲོ་ན་སྔགས་དྲུག་ཕྱག་དྲུག བསྡུ་ན་ནམ་མཁའ་མཛོད་སྔགས་ལན་གསུམ། བསང་མགྲོན་བསྐྱེད་པ་ནི། ཧཱུྃ། རང་མདུན་ནམ་མཁར་འཇའ་ཟེར་འཁྲིགས་པའི་ཀློང་། །གླིང་བཞིའི་ཁྱོན་མཉམ་དཔག་བསམ་ལྗོན་པའི་ཤིང་། །རབ་ཏུ་རྒྱས་པའི་དབུས་ཀྱི་ལྟེ་བ་ལ། །སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ། །སྐྱབས་གནས་ཀུན་འདུས་ཨོ་རྒྱན་ཆེན་པོ་ལ། །རྩ་བརྒྱུད་དཔལ་ལྡན་བླ་མའི་ཚོགས་ཀྱིས་བསྐོར། །ཤར་དུ་ཐུབ་དབང་དཀོན་མཆོག་སྲིད་ཞུའི་མགྲོན། །ལྷོ་རུ་འཇམ་དཔལ་ཡོན་ཏན་འགྲོན་གྱིས་བསྐོར། །ནུབ་ཏུ་སྤྱན་གཟིགས་རིགས་དྲུག་མགྲོན་དང་བཅས། །བྱང་དུ་ཕྱག་རྡོར་ལན་ཆགས་མགྲོན་གྱིས་བསྐོར། །ལྗོན་ཤིང་སྐེད་པར་སྲིད་པའི་ལྷ་དགུ་དང་། །སྟོང་གསུམ་གཞི་བདག་ཡུལ་ལྷ་གཉན་པོས་བསྐོར། །རྩ་བར་ས་ཡི་ལྷ་མོ་བརྟན་མ་སོགས། །རྒྱལ་བློན་འབངས་འཁོར་ས་བདག་ཡོངས་ཀྱིས་བསྐོར། །སྐྱབས་ཡུལ་ཀུན་གྱིས་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་རང་བཞིན་གནས་ནས་སྲིད་ཞིའི་མགྲོན། །འཁོར་བཅས་མ་ལུས་སྤྱན་དྲངས་གཤེགས་སུ་གསོལ། །སྤྱན་འདྲེན་པ་ནི། ཧཱུྃ། ཆོས་དབྱིངས་ཀ་དག་ཆེན་པོའི་ཀློང་ཡངས་ནས། །ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཆོས་ཉིད་དོན་རྟོགས་བླ་མའི་འཁོར་དང་བཅས། །ཆོས་ཀྱི་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ། །ལྷུན་གྲུབ་ཡེ་ཤེས་རང་སྣང་ཀློང་ཡངས་ནས། །ལྷུན་གྲུབ་ལོངས་སྐུ་རིགས་ལྔའི་སངས་རྒྱས་ལ། །ལྷུན་གྱིས་གྲུབ་པའི་ཡི་དམ་ཞི་ཁྲོའི་ཚོགས། །ལྷུན་གྲུབ་གནས་མཆོག་དམ་པར་གཤེགས་སུ་གསོལ། །ཀུན་ཁྱབ་ཐུགས་རྗེའི་ཀློང་ཡངས་དམ་པ་ནས། །ཀུན་གྱི་མངའ་བདག་པདྨ་འབྱུང་གནས་ལ། །ཀུན་གཟིགས་མཁའ་འགྲོ་ཆོས་སྐྱོང་ཚོགས་དང་བཅས། །ཀུན་ལ་དགོངས་ཏེ་གནས་འདིར་གཤེགས་སུ་གསོལ། །ཐུགས་རྗེ་རྨད་དུ་བྱུང་བའི་ཀློང་ཡངས་ནས། །ཐུགས་རྗེའི་བདག་ཉིད་དཀོན་མཆོག་རྣམ་གསུམ་ལ། །ཐུགས་རྗེ་ཆེ་ལྡན་འཁོར་འདས་མགྲོན་རིགས་བཅས། །ཐུགས་རྗེས་བརྩེར་དགོངས་གནས་འདིར་གཤེགས་སུ་གསོལ། །གཞན་ཡང་མཆོད་སྦྱིན་འོས་པའི་མགྲོན་གྱི་ཚོགས། །གནས་མཆོག་དམ་པ་གང་དུ་བཞུགས་གྱུར་ཀྱང་། །ཇི་ལྟར་ལྷ་མིའི་ཁྲོམ་ཚོགས་ཇི་བཞིན་དུ། །རྒྱན་དང་ཆ་ལུགས་རྣམ་འགྱུར་སྣ་ཚོགས་པ། །བསང་གི་མཆོད་པ་བཞེས་ཕྱིར་གཤེགས་སུ་གསོལ། །བཞུགས་གསོལ། །ཕྱག་འཚལ། མཆོད་བསྟོད་སོགས་རིམ་བཞིན་དུ། ཧཱུྃ། རབ་འབྱམས་ཞིང་ནས་གཤེགས་པའི་ལྷ་ཚོགས་རྣམས། །དེང་གི་གནས་མཆོག་དམ་པ་ཉམས་རེ་དགའ། །རང་རང་དགྱེས་པའི་གདན་ཁྲི་ཡངས་པ་འདིར། །བསང་མཆོད་བཞེས་ཕྱིར་དགྱེས་པར་བཞུགས་སུ་གསོལ། །དཀོན་མཆོག་གསུམ་དང་རྩ་གསུམ་ཚོགས་རྣམས་ལ། །སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །ཡོན་ཏན་རྗེས་སུ་དྲན་པས་བསྟོད་པར་བགྱི། །སྣང་སྲིད་ཆོས་སྐྱོང་ལྷ་ཀླུ་གཞི་བདག་ལ། །དམ་ཚིག་དགོངས་ལ་དགའ་ཞིང་གུས་པས་འདུད། །དངོས་འབྱོར་ཡིད་སྤྲུལ་དཔག་མེད་མཆོད་པར་འབུལ། །ཁྱད་པར་བསང་གི་མཆོད་པ་འབུལ་བ་ནི། །སྔོན་ཚེ་བསང་གི་རྒྱུ་བྱུང་གནམ་ནས་བྱུང་། །གནམ་ནས་འབྲུག་ལྡིར་ས་ལས་གློག་འགྱུ་བ། །བར་སྣང་བདུད་རྩིའི་སྦྲང་ཆར་ཟལ་མ་ཟིལ། །མཐའ་ཡི་རྒྱ་མཚོ་འཁྲུགས་པའི་རླངས་པ་སྲིད། །མ་ཕམ་གཡུ་མཚོ་ཕྱུག་མོའི་ཁ་ཞག་སྟེ། །རིན་ཆེན་བཟང་དྲུག་སྨན་གྱི་ནུས་པ་དང་། །ཤིང་སྣ་བསྲེགས་པའི་དུད་པའི་སྤྲིན་ལས་བྱུང་། །དེ་ལྟར་ཕྱི་རབས་རྣལ་འབྱོར་བདག་ཅག་གིས། །བསྟན་པ་དར་ཞིང་སེམས་ཅན་སྐྱིད་པ་དང་། །མི་ནད་ཕྱུགས་ནད་དམག་འཁྲུགས་མུ་གེའི་རིགས། །དུག་དང་གདོན་བགེགས་རྒྱལ་པོའི་ཆད་པ་དང་། །མི་ཁ་བྲ་མཆུ་དབྱེན་ཤག་ངན་སྨྲས་པ། །ལྟས་ངན་ཐོག་སེར་མ་རུང་བྱད་མ་མཁན། །དམ་སྲིས་རྒྱུད་དཀྲུག་ནང་འཁྲུགས་གྱུར་པ་ཀུན། །ཕྱོགས་འདིར་རྒྱུ་བའི་གོ་སྐབས་མེད་པ་དང་། །འཇིག་རྟེན་བདེ་ཞིང་འབྲུ་ནོར་ཕྱུགས་འཕེལ་བ། །མདོར་ན་ཡིད་ལ་ཅི་འདོད་འགྲུབ་པའི་ཕྱིར། །དཀར་གསུམ་མངར་གསུམ་རིན་ཆེན་སྣ་ཚོགས་དང་། །འབྲུ་སྣ་ཕྱེ་མར་དར་ཟབ་སྟག་གཟིགས་རས། །སྟག་པ་ཤུག་པ་མཁན་དཀར་བ་ལུ་དང་། །སྤོས་དཀར་སྤེན་དཀར་ལྷ་ཤིང་ཚེར་ཤིང་རིགས། །བཟང་དྲུག་ཙནྡན་དཀར་དམར་ཨ་ཀ་རུ། །གོས་དཀར་མོ་ཡི་ངོ་བོ་རྣམ་དག་པ། །རྃ་ལས་སྐྱེས་པའི་ཡེ་ཤེས་མེའི་ནང་དུ། །སྣ་ཚོགས་བསྲེགས་པའི་དུད་པའི་སྤྲིན་ཕུང་ལས། །རིན་ཆེན་བདུན་དང་བཀྲ་ཤིས་རྫས་རྟགས་བརྒྱད། །རྡོ་རྗེའི་ལྷ་མོའི་རྣམ་འཕྲུལ་མཐའ་ཡས་པ། །སྲིད་ན་རྣམ་པར་འཆར་བ་མཆོད་པའི་སྤྲིན། །ཕུན་ཚོགས་དཔལ་གྱི་འབྱོར་བ་འཆར་བ་འདིས། །གདོན་མའི་མགོན་པོ་རིགས་ལྔ་གང་ཆེན་མཚོ། །སྟོན་པ་བཅུ་གཉིས་བསྐལ་བཟང་སངས་རྒྱས་སྟོང་། །འོད་དཔག་མེད་དང་སྨན་བླ་མི་འཁྲུགས་པ། །ཚེ་དཔག་མེད་དང་ཀླུ་ཡི་དབང་ཕྱུག་རྒྱལ། །སྒྲོལ་མའི་རྒྱལ་པོ་རྩལ་བརྟན་དོན་གྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམ་མཛད་པ་རྩལ་དང་གྲགས་དཔལ་དང་། །དཔལ་སྙིང་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ། །རྡོ་རྗེ་རབ་འབྱམས་རིན་ཆེན་གཙུག་ཏོར་ཅན། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་ཆེ། །མར་མེ་མཛད་སོགས་དུས་གསུམ་སངས་རྒྱས་དང་། །རབ་འབྱམས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ལ། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་བསྐང་མཛོད། །རྒྱལ་བ་རྣམས་ཀྱི་ཞལ་ནས་གསུངས་པ་ཡི། །གསུང་རབ་ཡན་ལག་བཅུ་གཉིས་ཐེག་རིམ་དགུ། །ཟབ་མོའི་དགོངས་དོན་རྟོགས་པའི་ཆོས་རྣམས་སོགས། །དམ་ཆོས་དཀོན་མཆོག་ཆོས་ཀྱི་དབྱིངས་དང་མཉམ། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་བསྐང་མཛོད། །ས་སྙིང་བྱམས་པ་སྒྲིབ་སེལ་ནམ་མཁའི་སྙིང་། །སྤྱན་གཟིགས་འཇམ་དཔལ་ཕྱག་རྡོར་ཀུན་ཏུ་བཟང་། །བཟང་སྐྱོང་དྲ་བས་བྱིན་དང་སྨན་ཆེན་པོ། །སྨན་གྱི་རྒྱལ་པོ་སྐར་མ་དྲི་མ་མེད། །སྨན་ནི་ཡང་དག་འཕགས་པ་སྨན་ཆེན་པོ། །སྤོས་ཀྱི་གླང་པོ་ནམ་མཁའ་མཛོད་ལ་སོགས། །རྡོ་རྗེ་སྒེག་མོ་ཕྲེང་བ་གླུུ་གར་དང་། །བདུག་སྤོས་མེ་ཏོག་སྣང་གསལ་དྲི་ཆབ་མ། །ལྷ་མོ་ཀུ་རུ་ཀུ་ལེ་འོད་ཟེར་ཅན། །རྨ་བྱ་ཆེན་མོ་སྨན་གྱི་སྙེ་མ་དང་། །ནོར་རྒྱུན་མ་སོགས་གཟུངས་སྔགས་ལྷ་མོའི་ཚོགས། །ཁྱད་པར་རྒྱལ་བ་ཀུན་ཡུམ་རྗེ་བཙུན་མ། །འཕགས་མ་སྒྲོལ་མ་མརྒད་ཞུན་མའི་མདོག །འཁོར་དུ་ཕྲིན་ལས་ལྷ་མོ་ཉི་ཤུ་གཅིག །ཕྲིན་ལས་རྣམ་བཞི་བསྒྲུབས་པའི་རྗེས་མདུན་གྱི། །ཁ་དོག་སྣ་ཚོགས་དབང་པོའི་གཞུ་ལྟ་བུ། །རབ་འབྱམས་སེམས་དཔའ་སེམས་མའི་ཚོགས་རྣམས་ལ། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་བསྐང་མཛོད། །ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ། །འོད་སྲུང་རབ་འབྱོར་འཆར་ཁ་བ་ལང་བདག །ཀུན་ཤེས་ཀཽའུ་ཌཱི་ནྱ་རྟ་ཐུལ་དང་། །མིང་ཅན་ལ་སོགས་ཉན་ཐོས་དགེ་འདུན་རྣམས། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་བསྐང་མཛོད། །འཇིགས་མེད་རྡོ་རྗེ་སྣང་བ་བརྩེགས་པ་དང་། །དཔའ་བོ་འདུལ་བ་ཉོན་མོངས་གདུང་བ་སེལ། །ཤེས་རབ་མགྱོགས་ཆེན་རྫུ་འཕྲུལ་ཆེར་སྟོན་པ། །གདུང་བ་སེལ་བྱེད་སྒྲ་ཆེན་རི་རྒྱལ་ཆེ། །བསེ་རུ་ལྟ་བུ་སེང་གེ་ལྟ་བུར་དང་། །ཡིད་མྱུར་ལ་སོགས་རང་རྒྱལ་འཕགས་པའི་ཚོགས། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་བསྐང་མཛོད། །ཀུན་བཟང་རིགས་ལྔ་རིགས་གསུམ་དྲྭ་མ་ལྔ། །ཨུ་པ་རཱ་ཛ་ཨིཎྡྲ་བྷོ་དྷི་དང་། །དགའ་རབ་ཤྲཱི་སིངྷ་པདྨ་འབྱུང་། །རིག་འཛིན་བརྒྱད་དང་རྗེ་འབངས་ཉེར་ལྔ་དང་། །དགོངས་བརྡ་སྙན་བརྒྱུད་གསར་རྙིང་མཁས་གྲུབ་སོགས། །དོན་དམ་རྫོགས་ཆེན་དོན་གསལ་སྒྱུ་འཕྲུལ་དང་། །ཕྱག་ཆེན་དབུ་མ་ཞི་བྱེད་ལམ་འབྲས་དང་། །གཅོད་ཡུལ་བློ་སྦྱང་སྙིང་ཐིག་བརྒྱུད་པར་བཅས། །དོན་ལྡན་རྩ་བརྒྱུད་བླ་མ་ལ་སོགས་པ། །ཕྱོགས་བཅུ་དུས་བཞི་ཀུན་ཀྱི་བདག་ཉིད་ཅན། །བླ་མ་རིག་འཛིན་བརྒྱུད་པར་བཅས་པ་ལ། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་བསྐང་མཛོད། །རིགས་བརྒྱ་རིགས་ལྔ་རིགས་གསུམ་རིགས་མཆོག་གཅིག །པད་འབྱུང་ཐོད་ཕྲེང་སྡེ་ལྔ་མཚན་མཆོག་བརྒྱད། །རྟ་མགྲིན་ཡབ་ཡུམ་དཔའ་བོ་མཁའ་འགྲོའི་ཚོགས། །སྒྲུབ་པ་བཀའ་བརྒྱད་ཚོགས་ཆེན་འདུས་པ་དང་། །དོན་ཡོད་ཞགས་པ་ངན་སོང་རྣམ་སྦྱོང་བ། །པདྨ་རྩེ་མོ་བདེ་མཆོག་གསང་བ་འདུས། །དཔལ་ཆེན་བཀའ་འདུས་སྒྱུ་འཕྲུལ་དྲྭ་བ་དང་། །རྣམ་སྣང་མཚན་བྱང་ཕྱག་རྡོར་གུ་རུ་དྲག །དགྱེས་པ་རྡོ་རྗེ་དུས་ཀྱི་འཁོར་ལོའི་ལྷ། །དགོངས་པ་ཀུན་འདུས་དཀྱིལ་འཁོར་ལྷ་ཚོགས་དང་། །ཁྱད་པར་རྡོ་རྗེ་གཞོན་ནུ་ཡབ་དང་ཡུམ། །སྲས་མཆོག་རིགས་ལྔ་ཁྲོ་བོ་ཡབ་ཡུམ་བཅུ། །ཟ་གསོད་སྒོ་མ་ཕུར་སྲུང་དབང་ཕྱུག་ཚོགས། །རྒྱུད་སྡེ་དྲུག་དང་རྒྱུད་ལུང་མན་ངག་གི །ཞི་ཆགས་ཁྲོ་བོའི་ཚུལ་འཆང་ཡི་དམ་ཚོགས། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་བསྐང་མཛོད། །རྡོ་རྗེ་ཕག་མོ་རིགས་ལྔའི་ཌཱཀྐི་ནི། །མཚོ་རྒྱལ་ལ་སོགས་ཐུགས་ཀྱི་དགྱེས་སྡེ་ལྔ། །གནས་ཡུལ་ཞིང་གི་བཀོད་པ་སྣ་ཚོགས་སུ། །ཞིང་སྔགས་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ། །ཡེ་ཤེས་ལས་དང་འཇིག་རྟེན་དམ་ཚིག་ཅན། །ལས་དང་ཤ་ཟ་དུར་ཁྲོད་མཁའ་འགྲོ་མ། །གཞན་ཡང་གནས་ཡུལ་མཁའ་འགྲོ་ཤུགས་འགྲོ་སོགས། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་རྒྱ་མཚོའི་ཚོགས། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་བསྐང་མཛོད། །ཁམས་གསུམ་དབང་སྡུད་རྟ་མགྲིན་ནག་པོའི་སྐུ། །ཡུམ་མཆོག་ཨེ་ཀ་ཛ་ཊཱི་རལ་གཅིག་མ། །སྲས་མཆོག་གནོད་སྦྱིན་ཤན་པ་དམར་ནག་དང་། །དབང་ཆེན་རྟ་མགྲིན་ནག་པོའི་བཀའ་འཁོར་ན། །ཤིང་བྱ་ཅན་དང་བདུད་རྗེ་མེ་རུ་རྩེ། །ར་ཧུ་ལ་དང་ཀླུ་བདུད་མགོ་དགུ་སོགས། །སྣང་སྲིད་དྲེགས་པའི་གཙོ་བོ་སྡེ་བརྒྱད་པོ། །དཔལ་མགོན་ལེགས་ལྡན་མ་ནིང་ཚོགས་ཀྱི་བདག །ཕྱག་བཞི་པ་དང་ཞིང་སྐྱོང་སེང་གདོང་ཅན། །ཚེ་མགོན་དཀར་པོ་ཞལ་བཞི་ཕྱག་དྲུག་པ། །བསང་ངོ་མཆོག་དོ་ཐུགས་དམ་དགྱེས་བསྐང་མཛོད། །སྔགས་སྲུང་སྔགས་བདག་གཤོག་རྒོད་སྲོག་སྒྲུབ་མ། །གཏེར་སྲུང་ཡང་མ་སྐྱིན་གདོང་མཆེད་གསུམ་དང་། །ཚེ་རིང་མཆེད་ལྔ་གཡུ་སྒྲོན་བརྟན་མ་བཅས། །དབང་ཕྱུག་ཆེན་པོ་གཟའ་བདུད་རཱ་ཧུ་ལ། །དམ་ཅན་རྡོ་རྗེ་ལེགས་པ་མགར་དམར་ནག །ལྷ་བཙན་ནོར་སྒྲུབ་ཤན་དམར་རིག་འཛིན་མ། །བྲག་བཙན་ཕུར་སྲུང་ལྡང་ལྷ་རྩིའུ་དམར། །བེ་ཧར་རྒྱལ་པོ་སྐུ་ལྔ་གསང་ཡུམ་བཅས། །ཁྱད་པར་རྡོ་རྗེ་གྲགས་ལྡན་འཁོར་དང་བཅས། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་བསྐང་མཛོད། །གྲི་བཙན་ནོར་བདག་ཛམ་ལྷ་རིགས་ལྔ་མཆོག །སྔོན་ཚེ་སྲིད་པ་ཡེ་སྨོན་རྒྱལ་པོ་ཡིས། །སོ་ཞོ་ཞལ་མཆིད་བླུད་ནས་སྨོན་ལམ་བཏབ། །རིན་ཆེན་ཤེལ་གྱི་སྒོ་ང་དཀར་པོ་བྱུང་། །སྒོ་ངའི་ཕྱི་ཤུན་ལས་བྱུང་རྟ་ཡི་ལྷ། །རྟ་ལྷའི་རྒྱལ་པོ་ཨརྱ་རེ་མནྟ། །བར་ཤུན་ལས་བྱུང་རྟ་ཡི་བླ་བྲག་དང་། །རྒོད་ཆུ་ལས་བྱུང་རྟ་ཡི་བླ་མཚོ་གྲགས། །མཚོ་ལས་ཤིང་སྡོང་སྐྱེས་པ་བླ་ཤིང་གྲགས། །སྤྲུལ་པའི་བྱ་ཁྲ་མྱུར་མགྱོགས་བཅུ་གསུམ་དང་། །རྟ་ལ་འགོ་ཞིང་སྐྱོབས་པའི་ལྷ་རྣམས་ཀྱིས། །རྔོག་ཆགས་རྟ་འདྲེ་རྡུལ་དུ་བརླག་པ་དང་། །རྟ་ལ་རྟེན་འཚོལ་སྲུང་སྐྱོབ་མ་གཡེལ་བར། །རྟ་ལྷ་ཐམས་ཅད་རྟ་དང་མ་བྲལ་ཅིག །རྟ་ཡི་བསྲུང་སྐྱོབ་མེལ་ཚེ་བྱ་ར་མཛོད། །རྨ་རྒྱལ་སྤོམ་ར་གཉན་ཆེན་ཐང་ལྷ་དང་། །རྡོ་རྗེ་གཡུང་དྲུང་རྒོད་ལྕམ་ཤེལ་རུ་སྨན། །ནོར་བུ་གཡུལ་རྒྱལ་སྙོན་ཁ་དྲེགས་སྡེ་དང་། །དུར་ཁྲོད་ལྷ་མོ་ལས་གཤིན་སྤྱང་ཞོན་མ། །ཟངས་རི་ཀླུ་མོ་ལྷ་སྨན་ཁོལ་པོ་ཁ། །བྱ་རོག་གདོང་ཅན་རྒྱལ་བ་ཐོད་དཀར་དང་། །འབར་མ་བྱ་ཞོན་འབར་མ་ལྕམ་དྲལ་མ། །གཏེར་སྲུང་ལྷ་མོ་མ་མོ་ཁྲག་རལ་མ། །རྡོ་རྗེ་བདུད་འདུལ་གནོད་སྦྱིན་བཅུ་གཉིས་དང་། །ན་ག་རཀྵ་ལྷ་སྲིན་སྡེ་བརྒྱད་གཙོ། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་བསྐང་མཛོད། །དགྲ་ལྷ་གེ་སར་ནོར་བུ་དགྲ་འདུལ་རྩལ། །དཔལ་མགོན་བདུན་ཅུ་འགོ་བའི་ལྷ་ལྔ་དང་། །དགྲ་ལྷ་བཅུ་གསུམ་ཝེར་མའི་ཚོགས་དང་བཅས། །བཀའ་ཡི་བློན་པོ་དཔའ་ཐུལ་སུམ་ཅུ་སོགས། །མདོར་ན་ཡེ་ཤེས་ལས་དང་འཇིག་རྟེན་གྱི། །བཀའ་ཡི་འཁོར་དུ་གཏོགས་པའི་ལས་བྱེད་ཚོགས། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་བསྐང་མཛོད། །རྫུ་འཕྲུལ་རྐང་པ་བཞི་ལྡན་རླུང་ཤུགས་ཀྱིས། །གང་འདོད་གནས་སུ་ཐོགས་མེད་ཕྱིན་པའི་རྟ། །དཔའ་རྔམས་སྟོབས་བསྐྱེད་དུང་སེང་གཡུ་རལ་ཅན། །ངར་སྐད་སྟོབས་བསྐྱེད་གཡུ་འབྲུག་སྔོན་མོ་སྟེ། །དཔའ་རྩལ་སྟོབས་བསྐྱེད་རྒྱ་སྟག་མཚལ་རིས་ཅན། །སྟོབས་ཤུགས་བང་བསྐྱེད་ཁྱུང་ཆེན་འབར་བ་བཞི། །བར་སྣང་གཉན་གྱི་རླུང་རྟ་རྣམ་གཉིས་དང་། །ཡེ་སྨོན་རྒྱལ་པོ་གསང་བདག་རྒྱལ་མོ་ལས། །སྲས་ནི་ལྷ་བུ་ལྷ་གསལ་བྱ་བ་སྲིད། །ལྕགས་ཟངས་ཤིང་དང་ཆུ་ཡི་མི་ཕོ་བཞི། །རང་མདོག་མཐུན་པའི་རླུང་རྟ་སྡེ་བཞི་པོ། །རླུང་རྟ་ལྷ་ཡི་སྲས་པོ་སྐྱེས་བུ་བཞི། །ཕྱག་བརྙན་སྤྲེལ་སྤྲུལ་སྟག་དང་ཕག་གི་མགོ །རང་རང་ཡང་སྤྲུལ་སྒོ་སྲུང་ཕོ་ཉར་འགྱེད། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱིས། །བསོད་ནམས་དཔལ་གྱི་དར་ཆེན་དགུང་དུ་ཕྱོར། །རླུང་རྟ་བསྐྱེད་ལ་སྙན་གྲགས་ཕྱོགས་བཅུར་ཁྱབ། །མི་མཐུན་རླུང་རྣམས་མཐུན་པར་སྒྲུབ་པ་དང་། །རླུང་རྟའི་ལྷ་རྣམས་རྟག་ཏུ་སྤེལ་བའི་ཕྱིར། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་བསྐང་མཛོད། །གཞན་ཡང་བེར་ནག་གྲི་ཁུག་གུར་མགོན་དང་། །སྟག་ཞོན་སེང་ཞོན་མིའུ་ཐུང་གསོད་བྱེད་སོགས། །དཔལ་ལྡན་ལྷ་མོ་ནག་མོ་རེ་མ་ཏི། །རེ་ཏི་མཆེད་བཞི་དུད་གསོལ་ཙིཏྟི་ཀ །མ་གཅིག་དཔལ་ལྷ་གཟའ་མཆོག་སྤྲུ་གྲི་འབར། །མཐུ་སྟོབས་དབང་ཕྱུག་ཤན་པ་ར་མགོ་དང་། །མ་ར་སྙིང་ཟན་ལངྐ་མགྲིན་བཅུའི་ཚོགས། །གཏེར་གྱི་བདག་པོ་གང་བཙན་ལ་སོགས་པ། །ལེ་འབར་མ་རྡོ་རྗེ་ཆོས་སྒྲོན་མ། །རྡོ་རྗེ་གནས་ཡོན་ལ་སོགས་གཙུག་ལག་བདག །བདུད་བཙན་ཀླུ་གསུམ་མཁའ་འགྲོ་དཔལ་འབར་མ། །དམ་ཅན་སྡེ་བདུན་རང་རང་འཁོར་དང་བཅས། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་རྣམ་པ་བརྒྱད། །གཟའ་ཆེན་བརྒྱད་དང་འཇིགས་བྱེད་ཆེན་པོ་དགུ། །དཔལ་མགོན་བདུན་ཅུ་རྒྱལ་ཆེན་ཕྱོགས་སྐྱོང་བཅུ། །རྡོ་རྗེ་ཤམ་པ་རྡོ་རྗེ་གང་བ་བཟང་། །མཁའ་རི་ལ་སོགས་དགེ་བསྙེན་ཉི་ཤུ་གཅིག །མགུར་ལྷ་བཅུ་གསུམ་ལྷ་རབས་མཆེད་དགུ་དང་། །ཞང་བློན་སྡེ་དགུ་ཀུན་དགའ་གཞོན་ནུ་དང་། །ཨ་ཕྱི་ཆོས་སྒྲོན་བརྟན་མ་བཅུ་གཉིས་སོགས། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་བསྐང་མཛོད། །རྒྱ་གར་རྒྱ་ནག་བལ་ཡུལ་ལི་ཡུལ་དང་། །ཁ་ཆེ་ཁྲི་རྟེན་གྲུ་གུ་མཐར་ལེགས་སོགས། །ཧ་ལ་ཞན་དང་དུར་ཁྲོད་ཆེན་པོ་བརྒྱད། །ཁྱད་པར་བོད་ཁམས་ཁ་བ་ཅན་གྱི་ཡུལ། །མངའ་རི་སྐོར་གསུམ་དབུས་གཙང་རུ་བཞི་དང་། །མདོ་ཁམས་སྒང་དྲུག་མོན་ཡུལ་རྡོ་ཀོང་པོའི། །སྲུང་མ་གཏེར་བདག་ཡུལ་ལྷ་འཁོར་དང་བཅས། །གཙུག་ལག་ཆོས་འཁོར་དབེན་གནས་ཀུན་གྱི་བདག །བཀའ་དང་དམ་ཚིག་ལ་གནས་ཆོས་སྐྱོང་ཚོགས། །མིང་དང་མཚན་ནས་མ་ཐོན་ཐམས་ཅད་ཀུན། །ཁྱད་པར་པད་འབྱུང་བཱི་མ་ཀློང་ཆེན་སོགས། །རིག་འཛིན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ཀྱི། །བཀའ་དང་དམ་ཚིག་ལ་གནས་སྲུང་མའི་ཚོགས། །བདག་ལ་འགོ་ཞིང་སྡོང་གྲོགས་བྱེད་པ་དང་། །མགོན་སྐྱབས་དཔུང་གཉེན་རྟག་ཏུ་མཛད་པ་ཡི། །འགོ་བའི་ལྷ་ལྔ་སྐྱོབས་པའི་ལྷ་སྲུང་ལ། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་བསྐང་མཛོད། །གནོད་སྦྱིན་རྗེ་དཔོན་ལོངས་སྤྱོད་གཏེར་གྱི་བདག །ཡིད་བཞིན་ནོར་བུ་རྒྱལ་པོ་རྣམ་ཐོས་སྲས། །ཐུགས་ཀྱི་དགྱེས་སྡེ་དཔལ་བཙུན་བཟང་པོ་དང་། །རྟ་བདག་བརྒྱད་དང་ཕྱུགས་ལྷ་ལྗང་གུ་སོགས། །འཕྲོག་མ་ལ་སོགས་གནོད་སྦྱིན་བྱེ་བ་བཅས། །ནོར་ལྷ་གཏེར་གྱི་བདག་པོ་འཁོར་བཅས་ལ། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་བསྐང་མཛོད། །གཞན་ཡང་འབྱུང་པོ་ས་ཡི་བདག་པོ་ནི། །གསེར་གྱི་ས་གཞི་ལ་གནས་བརྟན་མ་དང་། །ས་བདག་དབང་ཆེན་ས་འཛིན་ལག་ཆེན་པོ། །ལྟོ་འཕྱེ་ཆེན་པོ་ལ་སོགས་ས་བདག་དང་། །རི་རྒྱལ་ལྷུན་པོ་གསེར་རི་རོལ་མཚོ་བདུན། །གླིང་བཞི་གླིང་ཕྲན་ལྕགས་རིའི་འཁོར་ཡུག་ན། །གནས་པའི་ས་བདག་རིགས་སུ་གྱུར་པ་དང་། །གཞན་ཡང་ཐེ་སེ་རྒྱལ་པོ་ཙང་ཀུན་དང་། །གྲུལ་བུམ་ལྷ་ལྔ་གཟིགས་མཇུག་ལ་སོགས་པ། །ལོ་ཟླ་ཞག་དུས་ཚེས་ཀྱི་ས་བདག་དང་། །ས་ལ་དབང་བའི་བདག་པོ་འཁོར་དང་བཅས། །གཞན་ཡང་འབྱུང་བ་ལྔ་ཡི་ས་བདག་ཚོགས། །སྤར་ཁ་སྨེ་བ་ལོ་འཁོར་བཅུ་གཉིས་དང་། །ལོ་ཁྱིམ་དྲུག་ཅུ་དཀར་ཕྱོགས་སྐྱོང་བའི་ཚོགས། །གབ་རྩེ་སུམ་བརྒྱ་དྲུག་ཅུའི་ས་བདག་ཚོགས། །གཞན་ཡང་ས་ཕྱོགས་ཉེ་འཁོར་འདི་ཉིད་ལ། །གནས་པའི་ས་བདག་གནས་བདག་ཡུལ་ལྷ་ལ། །བསང་ངོ་མཆོག་དོ་ཐུགས་དམ་དགྱེས་བསྐང་མཛོད། །གཞན་ཡང་ཀླུ་དང་གཉན་གྱི་རིགས་གྱུར་པ། །ནམ་མཁའ་བར་སྣང་ས་གཞི་ལ་གནས་པ། །རི་བྲག་ལྗོན་ཤིང་གེལ་པ་གཏན་འཁྱིལ་མཚོ། །ཆུ་བོ་ཆུ་ཕྲན་ཆུ་མིག་འབབ་ཆུ་དང་། །ལྡིང་ཀ་ཁྲོན་པ་ལ་གནས་ཀླུ་གཉན་དང་། །ས་བདག་རིགས་སུ་གྱུར་པ་ཐམས་ཅད་ལ། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་བསྐང་མཛོད། །གླིང་གི་མཆོག་གྱུར་ལྷོ་རྒྱལ་འཛམ་གླིང་འདིར། །དུར་ཁྲོད་བརྒྱད་དང་གནས་ཡུལ་ཉེར་བཞིའི་བདག །དབུས་གཙང་རུ་བཞི་མདོ་ཁམས་སྒང་དྲུག་དང་། །རྒྱ་གར་རྒྱ་ནག་ཧོར་དང་འཇང་གི་ཡུལ། །སོག་ཡུལ་གྲུ་གུ་མཐར་ལེགས་ཞང་ཞུང་ཡུལ། །གར་ལྷོག་ལ་སོགས་མཐའ་ཁོབ་ཡུལ་རྣམས་དང་། །ཉོང་པོ་འོལ་ཀ་དྭགས་ཀོང་གཉལ་ལོ་བྱར། །མོན་ཡུལ་རྡོ་དང་ལྷོ་བྲག་གྲུ་ཤུལ་གློ། །ཨ་ལ་རྡོད་དང་རྔུ་ཡི་ཉིན་སྲིབ་དང་། །ཁྱད་པར་མདོ་ཁམས་སྨད་ཀྱི་གཞི་བདག་ནི། །ལྷོ་ཡི་རོང་ལྷ་རྒྱལ་བཙན་ཁ་བ་དཀར། །མོ་ནམ་མཆེད་བརྒྱད་དམག་དཔོན་དགྲ་འདུལ་དང་། །སྐམ་གྱི་ཐོད་སྒྲལ་དམག་ཡོལ་ག་པ་དང་། །རྩི་ཡི་བང་རྒོད་གང་དཀར་མཆེད་བརྒྱད་པོ། །འདུས་རི་མཐོན་པོ་འབྲི་ལུང་ཉིན་སྲིབ་ཡུལ། །གདན་གྱི་དབང་སྙེ་སྨེ་དགུ་གེ་མཛོའི་རི། །སྤོ་འབོར་སྒང་གི་གཞི་བདག་ཐམས་ཅད་དང་། །ཨི་ཚ་རི་དང་ཧ་ཞན་འགའ་བྱང་ངོས། །རྨ་ལུང་དན་ཏིག་རི་བོ་ཀརྟི་ཀ །བསམ་གཏན་གང་བཟང་གནམ་ཚོ་ཕྱུག་མོའི་བདག །ཞང་ཞུང་ལ་བོ་ཆེ་དང་དབྱར་མོ་ཐང་། །བེ་རི་དུག་མཚོ་སྟོང་རི་མཚོ་ནག་དང། །ཚྭ་མཚོ་དཀར་མོ་ཁྲི་ཤོག་རྒྱལ་མོ་མཚོ། །ཙོང་ཀའི་མཚོ་སྔོན་ཙོང་ཀའི་ཉིན་སྲིབ་རིར། །སྤོ་ཏིའི་བྲག་དམར་སྤོ་ཟིའི་ཤེལ་ལུང་ཕྱུགས། །གྲོལ་གྱི་གཡའ་ལུང་ཡལ་གྲོལ་རལ་གསུམ་ཚོགས། །དགུ་རིམ་བཞི་གསུམ་གཞི་བདག་ཐམས་ཅད་དང་། །སྙེ་གོང་སྙེ་དམར་སྙེ་གོང་ཉིན་སྲིབ་སོགས། །བྲག་དམར་བྱ་རྒོད་འོ་དེ་རལ་གསུམ་དང་། །སྨར་ཁམས་སྒང་དང་ཚྭ་རོང་རྒྱལ་མོ་རོང་། །ཡུལ་ལྷ་གཞི་བདག་འཁོར་དང་བཅས་པ་རྣམས། །འབོ་ཡུལ་གངས་དཀར་བཞག་ར་གཡུ་ཁྲོམ་རྒྱལ། །ཁ་བ་ལུང་རི་གཉན་པོ་གཡུ་རྩེ་དང་། །རམ་རམ་མཆེད་གསུམ་ཞི་དར་མཆེད་བརྒྱད་ཚོགས། །གནས་བདག་ལྷ་བཙན་རྡོ་རྗེ་ཐོག་རྒོད་རྩལ། །ཁྱད་པར་ཡུལ་ཕྱོགས་འདི་ལ་གནས་པ་ཡི། །འདོད་རྒུ་བསམ་འཕེལ་ནོར་བུ་འབར་བ་ནི། །རིན་ཆེན་བྲག་རི་ནགས་ཚལ་མེ་ཏོག་བཀྲ། །མཚོ་དང་ཆུ་མིག་བརྒྱན་པའི་རི་བོ་ལ། །གནས་པའི་གཞི་བདག་ཡུལ་གྱི་མི་དཔོན་ཚུལ། །ཕ་རོལ་གཡུལ་ལས་རྒྱལ་བའི་ལྷ་གཅིག་པུ། །དཔྱལ་གྱི་བྲག་ལ་གནས་པའི་སྨན་བཙུན་མ། །མིང་པོ་ལྷ་ཡི་དགེ་བསྙེན་དྲག་རྩལ་ཅན། །ལྕམ་དྲལ་རྣམ་གཉིས་འཁོར་དང་ཡང་འཁོར་བཅས། །ནུབ་ཕྱོགས་མགོན་པོ་ཤྭ་ནའི་ལུང་པ་རུ། །ལྷ་ཡི་དགེ་བསྙེན་ཁྲོ་འཛུམ་གཟི་བརྗིད་འབར། །བཀྲ་ཤིས་ཕུན་སུམ་ཚོགས་པའི་ལུང་པའི་ནང་། །གནས་པའི་གཞི་བདག་ཡུལ་ལྷ་འབྱུང་པོའི་ཚོགས། །ལྷོ་ཕྱོགས་རྟ་ཡི་ལུང་པ་མཛེས་པ་ལ། །གངས་བྲག་རྫ་སྤང་མཚོ་དང་ནགས་ཚལ་དུ། །གནས་པའི་གཞི་བདག་མཚོ་སྨན་འཁོར་དང་བཅས། །འདོད་འབྱུང་བ་དང་དཔག་བསམ་ཤིང་ལྟ་བུའི། །དངོས་གྲུབ་ཀུན་རྩོལ་རིན་ཆེན་གཏམས་པའི་རི། །ངོ་བོ་གདོད་ནས་ཆོས་སྐུ་རང་བཞིན་ལ། །རྣམ་པ་ཡུལ་སྐྱོང་གཙོ་བོ་དྲེགས་པ་ཆེ། །གཞན་ཡང་དཀར་ཕྱོགས་སྐྱོང་བའི་གཞི་བདག་ནི། །བདག་ལ་འགོ་ཞིང་སྡོང་གྲོགས་མཛད་པའི་རིགས། །ཡུལ་ཕྱོགས་ཉེ་བར་གང་དུ་བཞུགས་གྱུར་ཀྱང་། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་བསྐང་མཛོད། །དགོན་གནས་བཙུག་ལག་ཁང་ལ་གནས་པ་དང་། །དཀའ་ཐུབ་གནས་དང་སྒྲུབ་ཁང་ལ་གནས་པ། །གྲོང་དང་གྲོང་ཁྱེར་རྒྱལ་པོའི་དཀོར་མཛོད་ནང་། །སྦྲ་གུར་ཁང་ཁྱིམ་ཕྱུགས་ལྷས་གང་གནས་དང་། །གནས་བདག་དཀོར་བདག་ཡུལ་ལྷ་གཉེན་པོ་ཆེ། །ཐབ་ལྷ་ཡུ་མོ་ཁྱིམ་ལྷ་གེལ་ཐུང་ཚོགས། །སྒྱེད་ལྷ་སྤུན་གསུམ་མེ་ལྷ་དྲང་སྲོང་ཆེ། །ཐབ་ལྷ་གྲུ་བཞི་ནོར་ལྷ་ཕྱུགས་ཀྱི་བདག །མཁར་ལྷ་སྦྲ་ལྷ་སྐྱེས་ལྷ་འཁོར་དང་བཅས། །དགྲ་ལྷ་ཞང་ལྷ་མ་ལྷ་སྲོག་ལྷ་དཀར། །ཕ་ལྷ་ལ་སོགས་འགོ་བའི་ལྷ་ལྔའི་ཚོགས། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་བསྐང་མཛོད། །ནོར་ལྷ་རྒྱ་མཚོའི་ལྷ་ཚོགས་ཐམས་ཅད་ཀྱིས། །བསྲུང་བྱར་གྱུར་པའི་ནོར་ཕྱུགས་ཐམས་ཅད་ལ། །གློ་གོར་ཧོན་གསུམ་ནོར་ནད་ཞི་གྱུར་ནས། །ནོར་ཕྱུགས་ཀུན་གྱིས་ས་སྟེང་གང་གྱུར་ཅིག །གཡང་དཀར་ལུག་ལ་སྐྱོབ་པའི་ལྷ་རྣམས་ཀྱིས། །གཡང་མོ་ལུག་ལ་བསྲུང་སྐྱོབ་མཛད་པ་དང་། །ལུག་ནད་གཏལ་འབྲུམ་ལ་སོགས་ཞི་བ་དང་། །ཕྱུགས་ལུག་གཡང་རྣམས་འཕེལ་བར་མཛད་དུ་གསོལ། །རྟ་ནོར་ལུག་སོགས་དུད་འགྲོའི་རིགས་གྱུར་ཀུན། །སྣ་ཚོགས་ཡུམ་དང་དུར་བདག་ལྕགས་སྒྲོག་མས། །སྔོན་གྱི་དམ་བཅའ་གཉན་པོ་ཉེར་དགོངས་ལ། །རྟ་ནོར་ལུག་སོགས་དུད་འགྲོའི་རིགས་གྱུར་རྣམས། །གཅན་གཟན་གནོད་པ་མཐའ་དག་སེལ་བར་མཛོད། །རིགས་དྲུག་སྙིང་རྗེའི་མགྲོན་དུ་གྱུར་པ་ཡི། །སྐྱེ་མཆེད་མུ་བཞི་གནས་རིས་བཅུ་བདུན་དང་། །འདོད་ལྷ་རིགས་དྲུག་ལྷ་ཡི་རིགས་གྱུར་པ། །ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟང་རིས། །དབང་ཆེན་གསེར་གྱི་ས་གཞི་ལ་གནས་པ། །སྐར་ཕྲེང་གནས་དང་མགུལ་ཕྲེང་ལྷ་མ་ཡིན། །རི་རབ་ཆུ་མཚམས་ལྷ་གནས་ལྷ་མིན་གྱི། །རྒྱལ་པོ་སྒྲ་གཅན་འཛིན་པ་འཁོར་དང་བཅས། །གླིང་བཞི་མི་ཡི་རྒྱལ་པོ་སྤྱི་བོ་སྐྱེས། །གསོ་སྦྱོང་འཕགས་སོགས་རྒྱལ་རིགས་ཐམས་ཅད་དང་། །གྲགས་པ་ལ་སོགས་རྗེ་རིགས་འཁོར་དང་བཅས། །སྤྱི་མཁན་ལ་སོགས་བྲམ་ཟེ་ཐམས་ཅད་དང་། །སེངྒེ་ལ་སོགས་དམངས་རིགས་འཁོར་དང་བཅས། །མགོན་མེད་ཟས་སྦྱིན་ས་སོགས་ཁྱིམ་བདག་རིགས། །རིགས་བཞི་མི་ཡི་འགྲོ་བ་ཐམས་ཅད་དང་། །ས་འོག་ས་སྟེང་ལ་གནས་ཀླུ་ཡི་རིགས། །ཀླུ་ཡི་རྒྱལ་པོ་དགའ་བོ་འཇོག་པོ་དང་། །མཐའ་ཡས་རིགས་ལྡན་པདྨ་པད་ཆེན་རྒྱལ། །དུང་སྐྱོང་ནོར་རྒྱལ་མ་དྲོས་གཟི་ལྡན་པ། །མི་མགོན་དཀར་པོ་རྒྱལ་རིགས་རྗེ་རིགས་དང་། །དམངས་རིགས་བྲམ་ཟེ་གདོལ་བ་ནག་པོའི་རིགས། །ལྟོ་འཕྱེ་ལ་སོགས་དུད་འགྲོའི་རིགས་གྱུར་པ། །གླེན་ལྐུག་དུད་འགྲོའི་རིགས་སུ་གྱུར་པ་རྣམས། །ཡི་དྭགས་རྒྱལ་མོ་ཁ་ལ་མེ་འབར་དང་། །གཟི་བརྗིད་ཆེན་པོ་གཙོས་བྱས་ཡི་དྭགས་རིགས། །ཕྱི་ནང་སྒོས་ཁུར་སྒྲིབ་ཅན་སྡེ་ཚན་གསུམ། །མེ་ལྕེའི་འཁོར་ལོ་མཁའ་ལ་རྒྱུ་བ་སོགས། །བཀྲེས་སྐོམ་གདུང་བའི་ཡི་དྭགས་འགྲོ་བ་རྣམས། །དམྱལ་ཁམས་ལས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ཨ་ཝ་གླང་མགོར་རཀྵ་ཕག་མགོ་ཅན། །འཁོར་དུ་གསོད་བྱེད་ལས་ཀྱི་གཤིན་རྗེ་དང་། །འགྲོ་བའི་སྲོག་ལེན་མེ་ལོང་སྟོན་པའི་ཚོགས། །མཚོན་ཆས་གཏུབ་དང་འབིག་ཅིང་བརྡེག་པ་ཡི། །སྡུག་བསྔལ་སྣ་ཚོགས་སྟོན་པའི་ལས་བྱེད་རྣམས། །ཡང་སོས་ཚ་བ་ལ་སོགས་ཚ་དམྱལ་བརྒྱད། །ཨུཏྤལ་ལྟར་གས་ལ་སོགས་གྲང་དམྱལ་བརྒྱད། །ཉི་ཚེ་ཉི་འཁོར་ལྷག་པ་བཅུ་དྲུག་སོགས། །ཞེ་སྡང་དམྱལ་བའི་འགྲོ་བ་མཐའ་དག་ཚོགས། །བགེགས་རྒྱལ་བི་ན་ཡ་ཀའི་གཙོས་བྱས་པ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས་རྣམས་དང་། །ལྷ་ཀླུ་གནོད་སྦྱིན་ནམ་མཁའ་ལྡིང་གི་གདོན། །མཁའ་འགྲོ་ཤ་ཟ་རོ་ལངས་འབྱུང་པོའི་ཚོགས། །བདག་ཅག་ཁམས་གསུམ་འཁོར་བར་འཁྱམས་པའི་ཚེ། །དགྲ་གཉེན་བར་མ་སྣ་ཚོགས་གྱུར་པ་ན། །གཅེས་པ་སྲོག་དང་བརྟེན་པ་གནས་ཁང་དང་། །གནས་ས་ཞིང་དང་ཞིམ་མངར་ཟས་ཀྱི་རིགས། །གོས་དང་ལོངས་སྤྱོད་གསེར་དངུལ་ལན་ཆགས་པ། །བུ་ལོན་འབྲེལ་འདྲིས་ཕ་མ་བུ་ཚ་དང་། །མཛའ་བཤེས་ཉེ་འབྲེལ་རྐུ་འཕྲོག་རིགས་གྱུར་པ། །དགྲ་སྡང་གསོད་གཅོད་བརྡེག་བཙོག་ན་ཚ་སོགས། །བུ་ལོན་ལན་ཆགས་རིགས་སུ་གྱུར་པ་ལ། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་བསྐང་མཛོད། །ཁྱད་པར་གཤིན་གྱི་གྲལ་ན་བཞུགས་པ་ཡི། །རྒྱལ་བཙུན་པཎྡི་ཏ་དང་ལོ་ཙ་བ། །ཞང་བློན་སྨན་པ་བཟོ་བོ་དམག་དཔོན་དང་། །ཡུལ་དཔོན་སྐྱེ་བོ་རབ་འབྱམས་སྔ་རབས་པ། །ཕོ་བཙུན་གཡས་གྲལ་མོ་བཙུན་གཡོན་གྲལ་དང་། །བྱིས་པ་མཐའ་གྲལ་བཞུགས་པའི་ཚོགས་རྣམས་ནི། །དབུ་སྐར་སྤྱན་མཐིང་ལྗགས་དམར་གཤིན་གྱི་ཚོགས། །བསྐལ་བ་སྔོན་ནས་ཤ་མར་ཆང་གསུམ་སོགས། །བཟའ་བཏུང་ལོངས་སྤྱོད་མིང་ཡང་མ་ཚོར་བ། །བཀྲེས་ཤིང་ཕོངས་པར་གྱུར་པའི་འགྲོ་བ་རྣམས། །སོ་སོར་གང་ལ་ཅི་འདོད་ཕུལ་བ་ཡིས། །ཁྱད་པར་ཤི་མིག་གསོན་ལ་མ་བལྟ་བར། །གཤིན་གྱི་བརྩེ་གདུང་གསོན་ལ་མི་མཛད་པར། །རང་བཞིན་བཞུགས་ལ་དར་ཞིང་རྒྱས་པར་མཛོད། །ན་རྒ་ཤི་རྒ་ཐམས་ཅད་ཆོད་པ་དང་། །བདག་ཅག་མི་ནོར་འཁོར་དང་བཅས་པ་རྣམས། །ཆག་ཆེ་ཉམ་ང་ཐམས་ཅད་བཟློག་པ་དང་། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད། །རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ། །ཕྱི་ནང་སྒོ་སྲུང་ཡབ་ཡུམ་འཁོར་དང་བཅས། །གཞན་ཡང་མཆོད་སྦྱིན་མགྲོན་དུ་གྱུར་པ་རྣམས། །གློ་བུར་ལྷགས་པའི་མགྲོན་རིགས་ཚོགས་རྣམས་དང་། །ཁྱད་པར་ལྷག་མའི་མགྲོན་དུ་གཏོགས་པ་རྣམས། །ཁས་ཉེན་དབང་ཆུང་གཟུགས་ངན་གཟི་བརྗིད་ཆུང་། །ལོང་བས་མ་མཐོང་ཞ་བོ་མ་བསླེབས་པར། །འོན་པས་མ་གོ་ལྐུག་པས་མ་ཚོར་སོགས། །ལྷག་མ་བཤལ་ཆུ་རེ་བ་ཐམས་ཅད་ལ། །སྲིད་རྩེ་ན་རག་དམྱལ་བ་ཡན་ཆད་ཀྱི། །མཆོད་སྤྲིན་ལས་གྱུར་སྣང་སྲིད་མགྲོན་གྱི་ཚོགས། །གང་ལ་ཅི་འདོད་དམིགས་ཏེ་འབུལ་ལགས་ན། །ཐམས་ཅད་དགྱེས་ཤིང་རབ་ཏུ་ཚིམ་པར་གྱུར། །བསང་མཆོད་བཞེས་ལ་རེ་བ་བསྐང་གྱུར་ཅིག །མ་རིག་ལས་བྱུང་སྡུག་བསྔལ་སྣ་ཚོགས་པ། །སྤྱོད་ངན་རྐྱེན་གྱི་རྩ་རླུང་འཁྲུགས་པའི་ཚེ། །ཀུན་རྫོབ་སྒྱུ་མར་གྲིབ་ཀྱི་ཚུལ་དུ་ཤར། །སྣང་བ་བདེན་འཛིན་ཉོན་མོངས་སྤྲིན་ཚོགས་ཀུན། །རང་ཤར་རང་ཡལ་ནམ་མཁའ་དྭངས་བ་ལ། །གྲིབ་དང་གདོན་ཞེས་བྱ་བ་ག་ལ་གྲུབ། །ཤིང་མཆོག་ཙནྡན་དཀར་དམར་ཨ་ཀ་རུ། །མཁན་པ་ཤུག་པ་བ་ལུ་སྟག་པའི་ཤིང་། །སྤེན་དཀར་འོམ་བུ་སྦ་སྨྱུག་ཉ་སྦྲིད་དང་། །ཕོ་ཤིང་མོ་ཤིང་བུ་ཤིང་སྣ་ཚོགས་པ། །འབྲས་བུ་གསུམ་དང་བཟང་དྲུག་སྨན་སྣའི་ཚོགས། །ཏིལ་ནས་གྲོ་དང་སོ་བ་ཡུངས་དཀར་དང་། །བྱིན་བརླབས་དམ་རྫས་གུ་གུལ་དཀར་ནག་སོགས། །འབྲུ་སྣ་དར་ཟབ་རིན་ཆེན་རྩི་བཅུད་ཆང་། །ཝ་ཡི་སྤུ་གསོབ་དབང་པོ་ཚང་བ་དང་། །རྨ་བྱའི་མདོངས་ལ་སོགས་པ་ཡོ་བྱད་ཚོགས། །ཕྱི་ནང་གསང་གསུམ་མནོལ་གྲིབ་བསལ་བའི་རྫས། །མེ་ལ་བསྲེགས་པའི་དུད་པའི་སྤྲིན་ཕུང་གིས། །སྟེང་འོག་བར་གསུམ་ལྷ་ཀླུ་གཉན་པོ་སོགས། །ཕུག་ལྷ་སྒོ་ནོར་ཁྱིམ་ལྷ་ཁྱིམ་བདག་དང་། །ལུས་ངག་ཡིད་གསུམ་དགྲ་ལྷ་སྐྱེས་ཀྱི་ལྷ། །སྲོག་ལྷ་གཡང་ལྷ་གོས་ནོར་ལོངས་སྤྱོད་ལྷ། །རྨུག་ཅིང་འཐིབ་པར་བྱེད་པའི་མནོལ་གྲིབ་རྣམས། །ཐམས་ཅད་བསང་གིས་བྱང་ཞིང་དག་པར་མཛོད། །གཞན་ཡང་བསང་མགྲོན་ལྷ་ཚོགས་ཐམས་ཅད་ལ། །གཡུ་ཤུག་སྔོན་པོའི་བསང་ཀྱི་དུད་པའི་སྤྲིན། །རོ་བརྒྱ་ལྡན་པའི་ཞིམ་མངར་གསུར་མཆོད་དང་། །དཀར་གསུམ་མངར་གསུམ་མཆོད་པ་ཕུལ་བ་ཡིས། །ཕྲག་དོག་རིམ་ནད་ཐམས་ཅད་ཞི་བ་དང་། །མི་མཐུན་རྐྱེན་ངན་བར་ཆད་ཞི་བར་མཛོད། །ཁྱད་པར་ས་བདག་ཀླུ་གཉན་འཁོར་བཅས་ལ། །རྩི་ཤིང་སྣ་ཚོགས་དྲི་ཞིམ་སྤོས་དང་སྨན། །དཀར་གསུམ་མངར་གསུམ་ཞལ་ཟས་རིན་ཆེན་རིགས། །གོས་དང་བལ་མཚོན་སྟག་གཟིག་རས་མོའི་ཚོགས། །འབྲས་ཀྱི་གཡག་ལུག་ར་གསུམ་ཇ་ཆང་དང་། །ཉ་སྦལ་ཀླུ་བཤོས་སྟོད་ཇ་འབྲང་རྒྱས་དཀར། །གཡག་ལུག་རྟ་དང་མཛོ་དྲེལ་བ་ལང་ཁྱི། །མེ་ཏོག་བདུག་སྤོས་མཆོད་པའི་བྱེ་བྲག་གི།དགྱེས་ཤིང་མཉེས་པའི་མཆོད་པ་ཕུལ་བ་ཡིས། །དབང་པོའི་སྤྱོད་ཡུལ་ཐམས་ཅད་ཚིམ་གྱུར་ཅིག །འཇིག་རྟེན་ཁམས་ཀུན་གང་བའི་མཆོད་པ་འདི། །མཐོང་ཚིམ་རེག་དང་མྱོང་བའི་བདེ་བ་ཡིས། །མི་མཐུད་ནད་རིམ་མཐའ་དག་ཞི་བ་དང་། །བདག་དང་རྒྱུ་སྦྱོར་ཡོན་བདག་ཐམས་ཅད་ཀྱི། །ལྷ་ཀླུ་གཉན་གསུམ་ཕྲག་དོག་ཞི་གྱུར་ཅིག །ཁྱེད་རྣམས་ཐུགས་དང་འགལ་བ་མཆིས་གྱུར་ན། །ལྷ་ཀླུ་གཉན་གསུམ་དབང་པོ་དྭངས་གྱུར་ཅིག །ན་བ་ཡོད་ན་ད་ལྟ་སོས་གྱུར་ཅིག །བདག་ཅག་མ་རིག་བག་མེད་དབང་གྱུར་པས། །ཐུགས་དང་འགལ་བའི་ལས་སུ་གྱུར་པ་ཀུན། །མཐོལ་ལོ་བཤགས་སོ་བྱང་ཞིང་དག་གྱུར་ཅིག །བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །གནོད་ཅིང་འཚེ་བར་བྱེད་པ་ཐམས་ཅད་བཟློག །ས་གཉན་བརྐོས་དང་ཆུ་གཉན་དཀྲུག་པ་དང་། །རྡོ་གཉན་སློག་དང་ཤིང་གཉན་བཅད་པ་སོགས། །ཐབ་གཞོབ་འཁོན་གསུམ་ཤོར་བ་ཅི་མཆིས་པ། །ཁྱེད་རྣམས་བཟང་ངན་རྟོག་པ་མི་མངའ་བར། །སྤྲིན་མེད་ནམ་མཁའ་དྭངས་བའི་རང་བཞིན་ལྟར། །ཡེ་ཤེས་རིག་པའི་ཀློང་དུ་ཞི་གྱུར་ཅིག །ནད་མེད་ཚེ་དང་དཔལ་འབྱོར་རྒྱས་པ་དང་། །ཁམས་གསུམ་དབང་བསྡུས་དགྲ་བགེགས་གདུག་པ་སྒྲོལ། །ལོ་ལེགས་ཕྱུགས་འཕེལ་བསམ་དོན་ཀུན་འགྲུབ་ནས། །བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛད་དུ་གསོལ། །དགྲ་ལྷ་བཅུ་གསུམ་དགྲ་ལྷ་ཝེར་མའི་ཚོགས། །སྤྲུལ་པ་ཡང་སྤྲུལ་ནམ་མཁའི་ཁམས་ཀུན་ཁྱབ། །ཀུན་ཀྱང་དཀར་ཕྱོགས་སྐྱོང་བའི་རུ་མཚོན་བསྒྲེངས། །མཐུ་ཆེན་དགྲ་ལྷ་གཉེན་པོ་འཁོར་བཅས་རྣམས། །ཁྱེད་རྣམས་བཞུགས་གནས་མཁར་གྱི་རྩེ་འདི་ཡིན། །ཁྲབ་རྨོག་གོ་ཁྲབ་རྣོ་ངར་མཚོན་ཆའི་རིགས། །མཛེས་པའི་རྟ་མཆོག་རྒྱན་ལྡན་རླུང་གཤོག་ཅན། །ཁྱེད་རྣམས་སྤྱན་གཟིགས་བརྟེན་རྫས་འདི་རྣམས་དང་། །ནམ་ཡང་འབྲལ་མེད་བདག་ཅག་འཁོར་བཅས་ལ། །སྡོང་གྲོགས་ཁ་འཛིན་རྒྱབ་རྟེན་མ་གཡེལ་ཞིག །སྟོང་བའི་ངང་ལས་བྷྲ྄ཱུྃ་ཡིག་ཡོངས་གྱུར་ལས། །རིན་ཆེན་སྣ་ལྔའི་རི་རབ་བང་རིམ་བཞི། །དབུས་སུ་འདོད་ཡོན་ཞལ་ཟས་སྣ་ཚོགས་ནི། །མཁོ་རྒུའི་ལོངས་སྤྱོད་འདོད་རྒུའི་དཔལ་དང་ལྡན། །དཔག་བསམ་ཤིང་ལྟར་འདོད་ཡོན་ཆར་འབེབ་གྱུར། །རི་རབ་དེ་ཡི་ཕྱོགས་བཞི་མཚམས་རྣམས་སུ། །ཡིད་འོང་རིན་ཆེན་སྣ་ལྔ་ལས་གྲུབ་པའི། །ཁྱུང་ནག་གསེར་མིག་བྱ་ནག་འདབ་ཆགས་རིགས། །དོམ་བུ་ཁྱི་ནག་སྟག་གཟིག་གཅན་གཟན་ཚོགས། །རི་དྭགས་གཡུང་དྭགས་ཤེལ་སྒོང་ནག་པོ་དང་། །ཆུ་རྟ་རྒྱན་ལྡན་སྦལ་སྦྲུལ་ཆུ་གནས་ཚོགས། །སྣ་ཚོགས་ན་བཟའ་རིན་ཆེན་སྣ་ལྔའི་ཕྲེང་། །གསེར་གྱི་བྱེ་མ་རྒྱན་ཆ་སྣ་ཚོགས་དང་། །ཤེལ་ཕྲེང་ཁྱི་དམར་རུ་མཚོན་ཤ་ཁྲག་སྙིང་། །ཅང་ཤེས་གཏེར་བུམ་ཙནྡན་དམར་པོའི་ཆབ། །བདུད་རྩི་ཤ་ཁྲག་གསེར་སྐྱེམས་དམར་ཀྱི་གཏོར། །ཕྱི་ནང་གསང་བའི་མཆོད་གཏོར་མཐུན་པའི་རྫས། །བསང་དུད་སྤྱན་གཟིགས་སྣ་ཚོགས་གསུར་གྱིས་མཆོད། །འདོད་ཡོན་རྣམ་ལྔ་མེ་ཏོག་ཕྲེང་བ་དང་། །དཀར་གསུམ་མངར་གསུམ་གསེར་དངུལ་རིན་ཆེན་བུམ། །གསེར་གཡུ་སྦ་སྨྱུག་མཆོད་སྦྱིན་གཏོར་མ་སྨན། །ར་ནག་སྙིང་དང་ནས་ནག་གསེར་དངུལ་ཕྱེ། །ཤ་ཆང་ཡིད་དང་མཐུན་པའི་གཏོར་མ་དང་། །རིན་ཆེན་སྣ་ལྔའི་དར་ཟབ་དོང་རྩེ་དང་། །རང་རང་སོ་སོར་དགྱེས་པའི་གཏོར་མ་ཡིས། །སྐུ་གླུད་དར་ཟབ་ལན་ཆགས་ཆང་བུ་དང་། །བརྔན་པར་འོས་པའི་མགྲོན་རིགས་མཆོག་དམན་ལ། །གང་ལ་ཅི་འདོད་བརྔན་ཞིང་འབུལ་ལགས་ན། །སྔོན་ཚེ་པད་འབྱུང་ཁྲི་སྲོང་ལྡེའུ་བཙན་གྱིས། །དཔལ་གྱི་བསམ་ཡས་གཙུག་ལག་བཞེངས་པའི་ཚེ། །ལྷ་འདྲེ་རྣམས་ཀྱིས་བར་ཆད་བརྩམས་པ་ན། །བརྔན་འདི་བྱས་པས་བར་ཆད་ཞི་བ་ལྟར། །དེ་ཕྱིར་ཕྱི་རབས་རྣལ་འབྱོར་བདག་ཅག་གི།དེ་རིང་རྒྱགས་བརྔན་ཆེན་པོ་བྱས་པའི་མཐུས། །གང་འདོད་ཕྲིན་ལས་རྣམ་བཞི་འགྲུབ་པ་དང་། །སངས་རྒྱས་བསྟན་སྲུང་སྒྲུབ་ལ་བར་ཆད་བཟློག །ལྷ་ཁང་བཞེངས་དང་དགོན་གནས་བྱེད་པ་དང་། །སྙན་གྲགས་སྤེལ་དང་མཁར་ལས་བཀྲ་ཤིས་ལས། །མི་ནད་ཡམས་ནད་མི་ཁ་བྲ་མཆུ་ངན། །རྒྱན་དང་རྩོད་པ་དམག་འཁྲུགས་ཀུན་ཞི་ཞིང་། །ཐག་རིང་མགྲོན་པོ་གྲུ་ཆེན་སྒྲོལ་བ་དང་། །ལམ་འཕྲང་བསྒྲོད་དང་ར་མདའ་རྗེས་གཅོད་སོགས། །ཚོང་སོགས་བྱ་བ་ཐམས་ཅད་སྒྲུབ་པའི་ཚེ། །ཡིད་ལ་ཅི་འདོད་ལྷུན་གྱི་འགྲུབ་པ་དང་། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །དེ་ལྟར་བསང་མཆོད་ཕུལ་བའི་བྱིན་རླབས་གྱིས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །ནོར་ལྷ་གཏེར་བདག་ཡུལ་ལྷ་ཀླུ་གཉན་དང་། །གཞི་བདག་བརྟན་མ་གནོད་སྦྱིན་ཚོགས་རྣམས་ཀྱིས། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཡི། །ནད་མེད་ཚེ་དང་ལོངས་སྤྱོད་རྒྱས་པ་དང་། །དབུ་འཕང་དགུང་དུ་བསྟོད་པའི་ཁ་འཛིན་མཛོད། །དགའ་ཞིང་ལྷ་ཆོས་དར་བའི་ཁ་འཛིན་མཛོད། །སྐྱིད་ཀྱི་མུ་མཐའ་རིང་བའི་ཁ་འཛིན་མཛོད། །བཀྲ་ཤིས་ཕུན་སུམ་ཚོགས་པའི་ཁ་འཛིན་མཛོད། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས། །ཉི་མ་ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང་། །བླ་མ་ཡི་དམ་མཁའ་འགྲོས་ལམ་སྣ་དྲོངས། །དཔའ་བོ་དཔའ་མོ་སྲུང་མས་ལམ་སྣ་དྲངས། །འགོ་བའི་ལྷ་ལྔའི་ཚོགས་ཀྱིས་ལམ་སྣ་དྲོངས། །བདག་ཅག་ཡོན་མཆོད་གང་དུ་འགྲོ་གྱུར་ཀྱང་། །རྟག་ཏུ་མཐུ་དཔུང་སྡོང་གྲོགས་མཛད་དུ་གསོལ། །སྐྱབས་ཀྱི་མཆོག་གྱུར་དཀོན་མཆོག་རིན་ཆེན་གསུམ། །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོ་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོའི་ཚོགས། །ཕྱི་ནང་གསང་བ་མཆོག་གི་སྡེ་བརྒྱད་དང་། །སྤྲུལ་པའི་སྡེ་བརྒྱད་སྣང་སྲིད་སྡེ་བརྒྱད་ཚོགས། །བསང་མཆོད་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད། །ཀྱཻ། དེ་རིང་ཕྱྭ་བཀུགས་དེ་རིང་གཡང་དུ་ལེན། །སངས་རྒྱས་བྱང་སེམས་རྩ་གསུམ་ཐུགས་རྗེའི་གཡང་། །སྡེ་བརྒྱད་དྲག་རྩལ་ཆོས་སྐྱོང་མཐུ་སྟོབས་གཡང་། །དགོན་གནས་དར་རྒྱས་བསྟན་པ་རྒྱས་པའི་གཡང་། །དབྱར་གྱི་མཚོ་ལྟར་དགེ་འདུན་རྒྱས་པའི་གཡང་། །མཁས་བཙུན་གྲུབ་ཐོབ་བྱིན་རླབས་ཡོན་ཏན་གཡང་། །ལྷ་ཀླུ་གནོད་སྦྱིན་ཚེ་ནོར་ཕྱུགས་ཀྱི་གཡང་། །རི་རབ་གླིང་བཞི་གླིང་ཕྲན་བཅུད་ཀྱི་གཡང་། །གསེར་རི་རོལ་མཚོ་ཉི་ཟླའི་དཔལ་གྱི་གཡང་། །དཔག་བསམ་ཤིང་ལས་དགོས་འདོད་འབྱུང་བའི་གཡང་། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན་གྱི་གཡང་། །ཕ་རོལ་གཡུལ་ལས་རྒྱལ་བའི་དམག་གི་གཡང་། །ཁྲབ་རྨོག་གོ་དང་རྣོ་ངར་མཚོན་གྱི་གཡང་། །སྟོང་གསུམ་སྐད་ཅིག་བསྒྲོད་པ་རྟ་ཡི་གཡང་། །གཡང་དཀར་ལུག་དང་ནོར་ཕྱུགས་རྒྱལ་པའི་གཡང་། །འཕན་པོ་མི་དང་བང་མཛོད་འཕེལ་བའི་གཡང་། །རྨ་གཡང་ཟས་དང་དར་ཟབ་གོས་ཀྱི་གཡང་། །ཕོ་གཡང་མོ་གཡང་རིགས་བརྒྱུད་སྤེལ་བའི་གཡང་། །སྙན་གྲགས་རླུང་རྟ་སྲིད་རྩེར་སྦྲེང་བའི་གཡང་། །གཡང་གི་དངོས་གྲུབ་མ་ལུས་བདག་ལ་སྩོལ། །གཡང་གི་མཚོ་མོ་རྒྱ་མཚོ་ལྟ་བུར་རྒྱས། །གཡང་གི་དཔལ་དང་ཡོན་ཏན་འཕེལ་གྱུར་ཅིག །གཡང་གི་ར་བས་ས་སྟེང་གང་བར་ཤོག །དགྲ་ལྷ་གཉེན་པོ་འཁོར་དང་བཅས་པ་ལ། །མདའ་དར་ཕྱེ་མར་ཟས་ཕུད་དཀར་དམར་སྐྱེམས། །འབྲང་རྒྱས་ཞལ་དཀར་གཡག་ལུག་ར་གསུམ་སོགས། །མཁོ་རྒུའི་དཔལ་འབྱོར་མཐུན་རྫས་བསམ་མི་ཁྱབ། །དངོས་འབྱོར་ཡིད་སྤྲུལ་ཕུལ་བའི་བྱིན་རླབས་ཀྱིས། །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་པར། །དམ་པ་མཆོག་དང་མི་འབྲལ་འགྲོགས་ནས་ཀྱང་། །མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །བཟོད་པར་གསོལ་བ་ནི། ཧཱུྃཿ སྲིད་དང་ཞི་བའི་མགྲོན་རིགས་མཆོག་དམན་ལ། །དག་བྱེད་བསང་གི་མཆོད་པ་ཕུལ་བའི་མཐུས། །བག་མེད་འགལ་འཁྲུལ་གྱུར་པ་ཅི་མཆིས་པ། །གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི། །ཡི་གེ་བརྒྱ་བའི་ལྷག་ཆད་ཁ་བསྐང་། ཀྱཻ། བསང་དང་ཞི་བའི་མགྲོན་ལ་སྤྱན་དྲངས་པ། །སྲིད་ཞིའི་མགྲོན་རིགས་མ་ལུས་འཁོར་དང་བཅས། །དགྱེས་རྒུའི་དཔལ་ལ་རོལ་ཏེ་རང་གནས་གཤེགས། །སླར་ཡང་གདུལ་བྱར་དགོངས་ལ་འབྱོན་པར་མཛོད། །བཛྲ་མུཿ བསྔོ་བ་ནི། བདག་གཞན་དུས་གསུམ་རྣམ་དཀར་ཅི་མཆིས་དང་། །འདོད་ཡོན་བསང་མཆོད་ཕུལ་བའི་དགེ་ཚོགས་ཀྱིས། །འཇིགས་རུང་ངན་འགྲོའི་གནས་སུ་འཁྱམས་པ་རྣམས། །མཐར་ཐུག་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །སྨོན་ལམ་ནི། བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་དར་ཞིང་དགེ་འདུན་སྡེ་རྒྱས་ཤིང་། །འགྲོ་རྣམས་ཕུན་ཚོགས་དཔལ་ལ་སྤྱོད་གྱུར་ནས། །མྱུར་དུ་བླ་མེད་བྱང་ཆུབ་ཐོབ་པར་ཤོག །བཀྲ་ཤིས་ནི། ཧཱུྃ་བྱིན་རླབས་ཀུན་སྩོལ་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་མཆོག་སྩོལ་ཡི་དམ་ཞི་ཁྲོའི་ཚོགས། །མ་དང་མཁའ་འགྲོ་སྲུང་མའི་ཚོགས་རྣམས་ཀྱིས། །བདེ་སྐྱིད་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག །དེ་ལྟར་རྒྱུན་གྱི་སྤྱི་བསང་བསྡུས་པ་ནི། །དཔག་བསམ་འདོད་རྒུའི་འབྲས་སྟེར་ཞེས་བྱ་འདི། །ཨ་ཐུབ་སྲས་པོ་ཚེ་དབང་ཕུན་ཚོགས་ནས། །རབ་དཀར་ཟླ་བའི་མདངས་ལྡན་ལྷ་རྫས་བཅས། །འདི་ལྟར་དགོས་ཞེས་བསྐུལ་བ་ལ་བརྟེན་ནས། །ཤིང་མོ་ལོག་ལོའི་ཡར་ཚེས་བཟང་པོ་ལ། །ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་ན་ཡང་། །སླར་ཡང་རྟེན་འབྲེལ་ལ་ཉེ་བཟང་པོ་ལ། །བརྟེན་ནས་སྒྱུ་མའི་འཁྲུལ་བྱུང་གང་ཤར་འདི། །ས་ཕོ་རྟ་ལོའི་ཟླ་༨ཚེས་༣༣བཟང་པོ་ལ། །རང་སྤྱིལ་འཆི་མེད་གྲུབ་པའི་དགའ་ཚལ་དུ། །རང་གི་ལྷག་བསམ་རྣམ་པར་དག་པ་ཡིས། །རང་དོན་ཙམ་མིན་མཁའ་ཁྱབ་སེམས་ཅན་ཀུན། །རང་བཞིན་གདོད་མའི་དབྱིངས་སུ་གྲོལ་བའི་ཕྱིར། །རྫོགས་ཆེན་སྐྱེ་སྲིད་ལྔ་པའི་སྒྲོ་བཏགས་པ། །ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ། །།

བསང་མཆོད་རྒྱས་པ་དཔག་བསམ་ལྗོན་པ་ལས། རྡོ་རྗེ་ཆོས་སྐྱོང་རྣམས་ཀྱི་བསང་རྒྱས་པ་ཕྱོགས་གཅིག་ཏུ་བཀོད་པ་བསྟན་སྲུང་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ་མཉྩ་ཤྲཱི་ཀུ་མ་ར་བུདྡྷ་ཡ། དེ་ཡང་གྲུབ་པའི་དབང་ཕྱུག་པདྨ་རྒྱལ་པོའི་ཞལ་ནས། འཇིག་རྟེན་མཆོད་བསྟོད་ནི་མཆོད་ཅིང་བསྟོད་པས་འགྲུབ་བོ། །ཞེས་གསུངས་པ་བཞིན། ལྷ་གང་ལ་ཡང་མཆོད་བསྟོད་ལ་བརྩོན་ན། སྡོང་གྲོགས་བྱེད་ཅིང་དངོས་གྲུབ་སྦྱིན་པས་མཆོད་པ་གལ་ཆེ་ཞིང་། ཁྱད་པར་དུ་ཉམས་གྲིབ་སོགས་སེལ་ཞིང་ལྷ་རྣམས་དགྱེས་པ་བསྐྱེད་པའི་ཐབས་ཁྱད་པར་ཅན་བསང་མཆོད་ཡིན་པར་བསྔགས་པ་མཛད་པ་བཞིན། རྣལ་འབྱོར་པ་རྣམས་ཀྱིས་དུས་སུ་བསང་བྱ་བར་འདོད་པས།གཙང་སྦྲ་དང་ལྡན་པར་བཟང་ཤིང་དང་། ཟས་སྣ། དར་སྣ། སྨན་སྣ། རིན་ཆེན་སོགས་དང་སོ་སོའི་མཐུན་རྫས་ཅི་རིགས་པ་བསང་གི་རྫས་སུ་བྱས་ཏེ་མེར་བསྲེགས་ལ། སྤྱི་བསང་རྒྱགས་ལྡན་ཆེན་མོ་སོགས་ཀྱི་གཞུང་བསྲངས་ནས་བརྔན་གྱི་བསྟན་མའི་མགོ་བར་བཏང་རྗེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ལ། རྟ་ནག་ལྕགས་རལ་ཅན་གྱི་བསང་མཆོད་ནི། ཧཱུྃ་ཧྲཱིཿ འགྱུར་མེད་བདེ་ཆེན་ཆོས་སྐུའི་རང་རྩལ་ལས། །གར་གྱི་དབང་ཕྱུག་པདྨ་ཧེ་རུ་ཀ །ཤིན་ཏུ་ཁྲོས་པ་ལྕགས་ཀྱི་རལ་བ་ཅན། །ལྷ་སྲིན་སྡེ་བརྒྱད་ལས་ལ་བཀའ་ཉན་ཞིང་། །རྟ་སྐད་རྔམས་སྒྲས་སྲིད་གསུམ་གཡོ་ཞིང་བརྡེག །དྲག་པོའི་ཤུགས་འཆང་གདུག་པ་མ་ལུས་འདུལ། །རྣལ་འབྱོར་གདུང་ཤུགས་དྲག་པོས་ཁྱོད་འབོད་ན། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །གཟའ་ཀླུ་རྒྱལ་བསེན་དྲེགས་པ་བསྣོལ་བའི་ཁྲིར། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་ནས་ཀྱང་། །དད་དང་དམ་ཚིག་གཉན་པོས་དེང་དགོངས་ལ། །ལྷ་དང་རང་སེམས་འཛིན་པ་བྲལ་བས་འདུད། །ཕྱི་ནང་གསང་མཆོད་ཀུན་ཏུ་བཟང་པོའི་སྤྲིན། །བདུད་རྩི་སྨན་དང་རཀྟ་དམར་གྱི་མཚོ། །དམ་རྫས་དཔལ་གྱི་གཏོར་མ་རྒྱན་དང་ལྡན། །གུས་པས་འབུལ་ལོ་ཐུགས་དམ་གཉན་པོ་བསྐང་། །དུས་མཐའི་ཆར་སྤྲིན་འཁྲིགས་འདྲ་གནག་པའི་མདངས། །གར་དགུའི་ཉམས་ཀྱིས་དཔའ་ཞིང་བརྗིད་པའི་སྐུ། །མི་སྡུག་དུར་ཁྲོད་ཆས་ལྡན་དར་ནག་བེར། །མེ་དཔུང་ཀློང་དུ་འགྱིང་ལ་གུས་པས་བསྟོད། །འགགས་མེད་ཚངས་དབྱངས་དྲུག་ཅུ་ལྡན་པའི་གསུང་། །གཏུམས་ཆེན་ཧཱུྃ་དང་ཨ་ར་ལི་ཡི་སྒྲ། །འབར་བའི་རྟ་སྐད་འཚེར་བས་ཞིང་ཀུན་གཡོ། །གཞོམས་མེད་རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད། །ཐུགས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་། །སྙིང་རྗེའི་དབང་གིས་གདུལ་དཀའ་འདུལ་བ་ལ། །ཁྲོ་གཏུམ་རྔམས་པའི་གར་གྱིས་ཐོགས་མེད་སྒྲོལ། །སྐྱེ་འགགས་སྤྲོས་པའི་མཚན་མ་བྲལ་ལ་བསྟོད། །ཁྱད་པར་དྲི་ཞིམ་ཤིང་སྣའི་དུད་སྤྲིན་དང་། །ཕྱེ་མར་འོ་སྐོལ་ཤ་ཁྲག་བསྲེགས་པའི་གསུར། །དག་བྱེད་བདུད་རྩི་བསང་དུ་བྱིན་རླབས་པས། །ལྷ་ལམ་ཡོངས་ཁྱབ་འདོད་ཡོན་མཆོད་སྤྲིན་འདིས། །སྙིང་རྗེའི་དབང་ཕྱུག་སྤྱན་རས་གཟིགས་དབང་ཉིད། །གར་གྱི་དབང་ཕྱུག་རྟ་མཆོག་རོལ་བའི་སྐུར། །ཡོངས་བཞེངས་ཞི་དང་ཁྲོ་བོའི་རྣམ་རོལ་ལས། །གྲངས་མེད་དཀྱིལ་འཁོར་འཁོར་ལོར་རོལ་བ་བསང་། །ཡེ་ཤེས་གཅིག་ཉིད་ཆུ་ཟླའི་རོལ་གར་བཞིན། །འཇིག་རྟེན་དྲེགས་པ་ཡོངས་ཀྱི་ཆེ་བཙན་དུ། །སྣང་བའི་དྲེགས་པ་ལྷ་སྲིན་སྡེ་བརྒྱད་སོགས། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་བསང་། །དེ་ལྟར་དགྱེས་པའི་མཆོད་པ་འདི་ཕུལ་བས། །རྒྱལ་བསྟན་མི་ནུབ་རྒྱལ་མཚན་སྲིད་མཐར་བསྒྲེངས། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་རྒྱས། །མི་བསྲུན་བདུད་སྡེའི་དཔུང་ཚོགས་ཚར་གཅོད་ཅིང་། །རྣམ་བཞིའི་ཕྲིན་ལས་གྲུབ་པའི་སྡོང་གྲོགས་མཛོད། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་དཔལ་འབྱོར་ཞིང་། །ནད་མཚོན་མུ་གེ་སད་སེར་གོད་ཁ་སོགས། །མིང་ཙམ་མེད་པ་ཞི་དང་སྲུང་བ་ཡི། །དགེ་མཚན་མངོན་སུམ་སྣང་བའི་ཕྲིན་ལས་མཛོད། །དེ་སྐད་རྟ་མགྲིན་ནག་པོ་ཡི། །བསང་མཆོད་དགོས་ཞེས་སྐྱབས་མགོན་རྗེའི། །བཀའ་རྩལ་སྤྱི་བོར་སོན་པའི་མོད། །ཆོས་དབྱིངས་རོལ་བས་གང་ཤར་བྲིས། མངྒ་ལཾ།

བདུད་མགོན་ལེགས་ལྡན་གྱི་བསང་ནི།

ཧཱུྃ། སྔོན་ཚེ་དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་སྡེ་ཚོགས་འདུལ་བར་མཛད་པའི་ཚེ། །དབང་བསྐུར་དམ་ལ་གནས་པའི་མཐུ་བོ་ཆེ། །ལེགས་ལྡན་ནག་པོ་ཆེན་པོ་འདིར་གཤེགས་ཤིག །དུས་མཐའི་སྤྲིན་ནག་འཁྲིགས་འདྲ་འཇིགས་རུང་སྐུ། །སྡང་མིག་གློག་སྟོང་གཡོ་བས་རྣམ་པར་བརྗིད། །གངས་རི་ལྟར་དཀར་རྣོ་དབལ་མཆེ་བ་གཙིགས། །འབར་བའི་ལྗགས་འདྲིལ་ཧཱུྃ་ཕཊ་འབྲུག་སྟོང་སྒྲོག །མུན་པ་ལྟར་ནག་ཟ་འོག་བེར་ཆེན་གསོལ། །བདུད་འདུལ་གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །གར་དགུའི་ཉམས་ཀྱིས་བདུད་བཞིའི་ཁྲག་ལ་རོལ། །ཀྲོ་ཏཱི་ཤྭ་རི་ཡུམ་དང་དགྱེས་རོལ་ཞིང་། །གྲངས་མེད་ལས་མཁན་ཕོ་ཉའི་ཚོགས་དང་བཅས། །དཔལ་ལྡན་ཧེ་རུ་ཀ་ཡི་བཀའ་བཞིན་དུ། །ནམ་མཁར་དྲག་པོའི་སྤྲིན་ཕུང་གཏིབ་པ་ལྟར། །དམ་ཚིག་དབང་གིས་གནས་འདིར་དགྱེས་བྱོན་ལ། །དགྲ་བགེགས་ལོག་འདྲེན་བསྒྱེལ་བའི་གདན་ལ་བཞུགས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་བགྱིའོ། །ཕྱི་ནང་གསང་བའི་མཐུན་རྫས་མཆོད་པ་འབུལ། །ཐུགས་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས། །ཁྱད་པར་དགྱེས་པ་བསྐྱེད་བྱེད་མཐུན་པའི་རྫས། །དྲི་བཟང་ཤིང་སྣ་ཕྱེ་མར་འོ་སྐོལ་དང་། །དཀར་མངར་ཤ་ཁྲག་དར་སྣ་རིན་ཆེན་དང་། །ག་བུར་ལ་སོགས་སྨན་ལྔ་བསྲེགས་པ་ཡི། །དྲི་ཞིམ་བསང་གི་དུད་པས་བར་སྣང་ཁྱབ། །དུད་པའི་སྤྲིན་གྱི་ཟེར་མ་རེ་རེ་ལས། །འདོད་པའི་ཡོན་ཏན་ལྔ་ཡི་ཆར་འབེབས་ཤིང་། །དགྲ་བགེགས་ཤ་ཁྲག་ནང་ཁྲོལ་རུས་པའི་ཚོགས། །ལྷུན་པོར་སྤུངས་པའི་གཏོར་མ་རྒྱ་ཆེན་དང་། །རྟ་ནག་དར་ནག་གཡག་ནག་ཁྱི་ནག་སོགས། །མཐུན་པའི་དམ་རྫས་མ་ཚང་མེད་པ་ཉིད། །དགྱེས་དགུར་འཆར་བ་ཀུན་བཟང་མཆོད་སྤྲིན་གྱིས། །དཔལ་མགོན་ལེགས་ལྡན་ནག་པོ་བསང་ཞིང་མཆོད། །དགྱེས་ཡུམ་ཁྲོ་མོ་དབང་ཕྱུག་བསང་ཞིང་མཆོད། །ཡབ་མཆོག་དྲང་སྲོང་བདེ་བྱེད་བསང་ཞིང་མཆོད། །ཡུམ་གཅིག་ཨུ་མ་དེ་ཝ་བསང་ཞིང་མཆོད། །བཀའ་ཉན་ཕོ་ཉའི་ཚོགས་རྣམས་བསང་ཞིང་མཆོད། །བསང་ངོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །དེ་ལྟར་བསང་ཞིང་མཆོད་པའི་བྱིན་རླབས་ཀྱིས། །དཔལ་ལྡན་བླ་མའི་སྐུ་ཚེ་བསྲིང་བ་དང་། །བསྟན་འཛིན་བུ་སློབ་མངའ་ཐང་རྒྱས་པ་དང་། །ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ནས། །གསང་སྔགས་བསྟན་པའི་བཤད་སྒྲུབ་རབ་རྒྱས་ཤིང་། །བསྟན་དགྲ་མ་ལུས་ཆམ་ལ་དབབ་པར་མཛོད། །དགོན་གནས་ཆོས་འཁོར་འདུས་པ་རྒྱ་མཚོ་རྣམས། །བུ་བཞིན་སྐྱོང་ལ་དགེ་འདུན་འདུ་བ་སྤེལ། །ཟབ་མོ་ནང་རྒྱུད་སྡེ་གསུམ་བསྟན་པ་ཡིས། །ཡངས་པའི་ས་ཆེན་ཀུན་ཏུ་ཁྱབ་པར་མཛོད། །ཞེས་པའང་རྫོགས་ཆེན་མཆོག་སྤྲུལ་ལྔ་པའི་བཀའ་ལུང་བཞིན། འཇམ་དཔལ་རྡོ་རྗེས་སོ། །

མ་ནིང་བསང་མཆོད་བཞུགས།

ཧཱུྃ། ཀུན་བཟང་ཧེ་རུ་ཀ་དཔལ་བསྟན་སྲུང་ཚུལ། །ཆོས་སྐྱོང་ཡོངས་ཀྱི་རྒྱལ་པོ་མཐུ་བོ་ཆེ། །འཇིགས་མཛད་མ་ནིང་མཆེད་གསུམ་འཁོར་དང་བཅས། །སྐད་ཅིག་ཡུད་ལ་གནས་འདིར་གཤེགས་སུ་གསོལ། །སྲིད་རྩའི་བདག་འཛིན་རུ་ཏྲ་སྡེ་གསུམ་འདུལ། །དུག་གསུམ་རྩད་གཅོད་སྐུ་གསུམ་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་བསྟན་པ་སྲུང་མཛད་པ། །མ་ནིང་མཆེད་གསུམ་སྐུ་ལ་ཕྱག་འཚལ་ལོ། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །ཕྱི་ནང་གསང་བའི་དམ་རྫས་མ་ལུས་དང་། །ཁྱད་པར་ཡེ་ཤེས་བདུད་རྩི་བསང་གི་སྤྲིན། །འདོད་དགུ་ཀུན་འབྱུང་ཡིད་བཞིན་གཏེར་དུ་འབུལ། །ཤ་སྣ་ཁྲག་སྣ་སྙིང་སྣའི་ཚོགས་རྣམས་དང་། །དར་གདུགས་རྒྱལ་མཚན་བ་དན་རོལ་མོ་སོགས། །སྣ་ཚོགས་མཆོད་པའི་སྤྲིན་ཕུང་མཐའ་ཡས་པ། །གང་བཞེད་འདོད་དགུར་འཆར་བའི་བསང་མཆོད་འདིས། །དཔལ་མགོན་མ་ནིང་ནག་པོ་གསོལ་ཞིང་མཆོད། །ལས་མཁན་སྲོག་བདུད་ནག་པོ་གསོལ་ཞིང་མཆོད། །འཇིགས་མཛད་དཔལ་འབར་ཆེན་པོ་གསོལ་ཞིང་མཆོད། །ཕྱི་རོལ་ཡང་འཁོར་བརྒྱད་པོ་གསོལ་ཞིང་མཆོད། །བཀའ་ཉན་ལས་བྱེད་དྲེགས་པ་གསོལ་ཞིང་མཆོད། །འཁོར་བཅས་མ་ལུས་ཐུགས་དམ་སྐོང་གྱུར་ཅིག །ཐུགས་དང་འགའ་བ་ཐམས་ཅད་མཐོལ་ཞིང་བཤགས། །ཉམས་གྲིབ་མི་གཙང་དྲི་མ་དག་གྱུར་ཅིག །དཔལ་མགོན་འཁོར་བཅས་བསང་ཞིང་མཆོད་པའི་མཐུས། །དགྱེས་པའི་ཐུགས་ཀྱིས་རྟག་ཏུ་མགོན་མཛད་ནས། །ཡང་དག་ལས་ཀྱི་བར་ཆད་བདུད་དང་དགྲ། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །གསང་སྔགས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །བསྟན་འཛིན་སྐྱེས་བུའི་ཚོགས་རྣམས་དབུ་འཕང་བསྟོད། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་གནས་འདིར་ཚུགས། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །བདག་ཅག་དཔོན་སློབ་དགོན་གནས་བཅས་པ་ལ། །སྡང་ཞིང་གདུག་པའི་སེམས་འཆང་མི་བསྲུན་སྡེ། །བྱད་ཕུར་རྦོད་གཏོང་གཤོམ་པའི་བྱད་མ་རྣམས། །གང་ན་ཡོད་ཀྱང་ད་ལྟ་ཉིད་དུ་སོད། །ངན་སྨད་དུག་སྦྱོར་དབྱེན་ཤགས་ལ་སོགས་པའི། །སྦྱོར་ངན་བྱེད་པ་སྡང་བའི་དགྲ་བོ་དང་། །ཟ་ཐང་དཔལ་ལ་འཚེ་བའི་གནོད་བྱེད་རྣམས། །མ་བསྐུལ་པར་ཡང་ཁྱོད་ཀྱིས་སྒྲོལ་བར་མཛོད། །ཚེ་དང་སྲོག་ལ་རྐུ་བའི་འབྱུང་པོ་དང་། །མི་འདོད་ཕུང་ཁྲོལ་སློང་བ་དམ་སྲིའི་ཚོགས། །ནད་སྣ་ཡམས་སྣ་འདྲེན་པའི་གདོན་བགེགས་རྣམས། །ཟུངས་ཤིག་ཆོངས་ཤིག་སོད་ཅིག་མེད་པར་གྱིས། །མདོར་ན་གཞན་ཕན་བྱང་ཆུབ་སེམས་ཀྱི་བློས། །བསྟན་དང་འགྲོ་བའི་དོན་ཆེན་བསྒྲུབ་པ་ལ། །མཐུ་ལྡན་ཁྱོད་ཀྱིས་སྔོན་གྱི་ཞལ་བཞེས་བཞིན། །མཐུ་དཔུང་སྡོང་གྲོགས་གཡེལ་བ་མེད་པར་མཛོད། །ཞེས་པའང་མཆོག་སྤྲུལ་རིན་པོ་ཆེའི་བཀའ་བཞིན་མི་ཕམ་པས་སོ། །

ཚོགས་བདག་བསང་མཆོད་བཞུགས།

ཧཱུྃ། བསྐལ་བ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །དཔལ་ཆེན་ཁྲོ་རྒྱལ་ཆེ་མཆོག་ཧེ་རུ་ཀའི། །ཐུགས་ལས་སྤྲུལ་པའི་ཡེ་ཤེས་མགོན་པོ་ནི། །ས་བཅུའི་དབང་ཕྱུག་མགོན་པོ་ཚོགས་ཀྱི་བདག །མཐིང་ནག་མི་བསྲུན་ཤིན་ཏུ་ཁྲོས་པའི་ཚུལ། །དར་ནག་འཇོལ་བེར་སྐུ་ཡི་རྒྱན་དུ་ཀླུབས། །ཕྱག་གཡས་ཙནྡན་བིང་ཆེན་ལྷ་དམག་འགྱེད། །གཡོན་པས་ཐོད་པ་དམར་གྱི་བཀང་བ་བསྣམས། །ཐོད་སྐམ་དབུར་བརྒྱན་དབུ་སྐྲ་གྱེན་དུ་བརྫེས། །རིན་ཆེན་དར་དཔྱངས་སྦྲུལ་གྱི་སྐེ་རགས་བཅིངས་། །སག་ཏི་སྔོན་པོའི་ཆག་ལྷམ་ཡུ་རིང་མནབས། །སྦྱོར་བའི་ཡུམ་ཆེན་ཡཀྴ་བེེ་ཏ་ལི། །སྐུ་མདོག་ནག་མོ་གྲི་གུག་ཐོད་ཁྲག་བསྣམས། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །དུར་ཁྲོད་རོལ་བའི་གཞལ་ཡས་ཆེན་པོ་འདིར། །པད་ཉི་དགྲ་བགེགས་བསྣོལ་བའི་གདན་ལ་བཞུགས། །ཕྱི་ནང་གསང་བ་བླ་མེད་མཆོད་པ་དང་། །ཁྱད་པར་ཡེ་ཤེས་བསང་ཞིང་མཆོད་པ་ཡིས། །དུད་པའི་སྤྲིན་ཕུང་ལྷ་ལམ་ཡོངས་ཁྱབ་པ། །ངོ་མཚར་མཆོད་པའི་སྤྲིན་ཕུང་བསམ་མི་ཁྱབ། །དཔལ་མགོན་ཚོགས་བདག་ཡབ་ཡུམ་བསང་ཞིང་མཆོད། །སྐུ་གསུང་ཐུགས་ཀྱི་མགོན་པོ་བསང་ཞིང་མཆོད། །སྟེང་འོག་ཕྱོགས་བཅུའི་མགོན་པོ་བསང་ཞིང་མཆོད། །ཕྱོགས་སྐྱོང་སྐྱོང་བའི་ཚོགས་རྣམས་བསང་ཞིང་མཆོད། །སྤྲུལ་པ་ཡང་སྤྲུལ་འཁོར་བཅས་བསང་ཞིང་མཆོད། །དེ་ལྟར་བསང་མཆོད་ཕུལ་བའི་བྱིན་རླབས་ཀྱིས། །སངས་རྒྱས་བསྟན་པ་སྤྱི་དང་བྱེ་བྲག་གི །བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་པ་དང་། །འདུས་པའི་སྡེ་ཚོགས་དབྱར་མཚོ་ལྟར་རྒྱས་ཤིང་། །རྣམ་དག་བསླབ་པ་གསུམ་གྱི་རྒྱུད་ཕྱུག་ཅིང་། །བདག་དང་བསྲུང་བྱ་མི་ནོར་འཁོར་བཅས་རྣམས། །གཞི་བྱེས་ལམ་གསུམ་རྟག་ཏུ་མེལ་ཚེ་མཛོད། །ལས་བཞིའི་ཕྲིན་ལས་གཡེལ་མེད་ས་མ་ཡ། །རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ །

ཉང་གཏེར་མགོན་པོ་ཕྱག་བཞི་པའི་བསང་མཆོད་ནི།

ཧཱུྃ། དཔལ་ཆེན་ཁྲག་འཐུང་ཐུགས་ལས་སྤྲུལ་པའི་རྗེ། །དཔལ་མགོན་ནག་པོ་ཕྱག་བཞི་འཁོར་དང་བཅས། །དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ན། །ད་ལྟ་ཉིད་དུ་གནས་འདིར་གཤེགས་སུ་གསོལ། །དྲི་ཞིམ་བདུད་རྩི་བསང་གི་དུད་སྤྲིན་ལས། །ཕྱི་ནང་གསང་བ་མཐུན་པའི་དམ་རྫས་ཚོགས། །ངོ་བོ་རྣམ་དག་ཡེ་ཤེས་རང་བཞིན་ལ། །རྣམ་པ་སྲིད་ཞིའི་འབྱོར་བ་མ་ཚང་མེད། །ཕྱོགས་དང་དུས་ཀྱི་མུ་མཐར་ཁྱབ་པ་འདིས། །དཔལ་མགོན་ནག་པོ་ཆེན་པོ་བསང་ཞིང་མཆོད། །ཚད་མེད་བཞི་ཡི་ཕྱག་ལྡན་བསང་ཞིང་མཆོད། །རྣལ་འབྱོར་ཡོངས་ཀྱི་ཕོ་ལྷ་བསང་ཞིང་མཆོད། །དམ་ཚིག་ཅན་གྱི་སྲུང་མ་བསང་ཞིང་མཆོད། །དམ་ཉམས་བདུད་ཀྱི་གཤེད་ཆེན་བསང་ཞིང་མཆོད། །རིག་འཛིན་ཡོངས་ཀྱི་ཕོ་ཉ་བསང་ཞིང་མཆོད། །དུས་གསུམ་རྒྱལ་བའི་བསྟན་སྲུང་བསང་ཞིང་མཆོད། །དགྱེས་ཡུམ་བཀའ་ཉན་ལས་བྱེད་བསང་ཞིང་མཆོད། །བསང་ངོ་མཆོད་དོ་དཔལ་མགོན་ཐུགས་དམ་ཅན། །རྒྱལ་བ་རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ། །ཞལ་བཞེས་ཐ་ཚིག་གཉན་པོ་དེང་དགོངས་ལ། །དཔལ་ལྡན་བླ་མའི་སྐུ་ཚེ་ཁྱོད་ཀྱིས་སྲིངས། །བསྟན་འཛིན་དཔོན་སློབ་འཁོར་འབངས་ཁྱོད་ཀྱིས་སྲུངས། །བཤད་སྒྲུབ་བསྟན་པའི་མངའ་ཐང་ཁྱོད་ཀྱིས་སྤེལ། །བར་ཆད་བསྟན་དགྲ་དམ་སྲི་ཁྱོད་ཀྱི་སྒྲོལ། །གང་འདོད་ཕྲིན་ལས་རྣམ་བཞི་ཁྱོད་ཀྱིས་སྒྲུབས། །བསྟན་སྲིད་དབུ་འཕང་གཉན་པོ་ཁྱོད་ཀྱིས་བསྟོད། །ཆེ་བཙན་ཆོས་ནོར་འདོད་དགུ་ཁྱོད་ཀྱིས་སྩོལ། །ཀུན་ཁྱབ་དགེ་མཚན་སྙན་གྲགས་ཁྱོད་ཀྱིས་སྒྲོགས། །ལྟ་དགོངས་ཏིང་འཛིན་ས་ལམ་ཉམས་རྟོགས་དང་། །དཔལ་འབྱོར་དབང་ཐང་ཆུས་སྲིད་ལེགས་ཚོགས་རྣམས། །མི་ནུབ་ཡར་ངོའི་ཟླ་བཞིན་འཕེལ་བ་ཡི། །ཕྲིན་ལས་དམ་པ་དཔལ་མགོན་ཁྱོད་ཀྱིས་མཛོད། །ཁྱོད་ནི་ཧེ་རུ་ཀ་དཔལ་ཚོགས་ཀྱི་རྗེ། །སྲིད་གསུམ་དབང་བསྒྱུར་ཕྲིན་ལས་ཐོགས་མེད་ལ། །བསྟན་འཛིན་རྣམས་ཀྱི་མགོན་དང་སྐྱབས་ཡིན་པས། །མ་གཡེལ་མ་གཡེལ་དཔལ་ལྡན་ནག་པོ་ཆེ། །ལྷག་པར་སྙིགས་མ་ལྔ་དང་ལྡན་པ་ཡི། །ཞིང་འདིར་བསྟན་པ་འཛིན་པའི་སྐྱེས་བུ་ལ། །ཁྱོད་ཀྱི་སྡོང་གྲོགས་གཡར་དམ་གཡེལ་གྱུར་ན། །མགོན་མེད་བདག་ཅག་སུ་ལ་རེ་ལྟོས་འཆའ། །དེ་ཕྱིར་མཐུ་ལྡན་ཁྱོད་ཀྱིས་གཡར་དམ་བཞིན། །བསྟན་ལ་འཚེ་བའི་དམ་སྲི་འབྱུང་པོ་དང་། །ཁྱད་པར་ནག་ཕྱོགས་ཀླ་ཀློའི་སྡེ་ཚོགས་རྣམས། །ཕྱོགས་འདིར་རྒྱུ་བའི་གོ་སྐབས་གཏན་དུ་ཁོག །དུས་ཀྱི་མཐར་ཡང་གསང་སྔགས་སྙིང་པོ་ཡི། །བསྟན་པའི་ཉི་མ་རྟག་ཏུ་མི་ནུབ་པའི། །ཕྲིན་ལས་ཆེན་པོའི་མཐུ་སྟོབས་མངོན་ཕྱུང་ནས། །བདག་ཅག་རེ་བའི་འབྲས་བུ་མཆིས་པར་མཛོད། །མཆོག་སྤྲུལ་རིན་པོ་ཆེའི་བཀའ་ལུང་བཞིན་མི་ཕམ་པས་སོ། །

བདུད་མགོན་ཞིང་སྐྱོང་བསང་མཆོད།

ཧཱུྃ། རབ་འཇིགས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །མེ་རླུང་དམར་ནག་འཁྲུགས་པའི་ཀློང་དཀྱིལ་ནས། །རྣལ་འབྱོར་ཡོངས་ཀྱི་དགྲ་ལྷར་མངའ་གསོལ་བ། །ཤིན་ཏུ་མི་བསྲུན་དཔལ་གཏུམ་སེངྒེའི་གདོང་། །ཆོས་ཉིད་འགྱུར་མེད་སྐུ་མདོག་མཐིང་འོད་འབར། །སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་གཟིགས། །དཔྲལ་བའི་ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུགས། །ཞལ་གདངས་ལྗགས་འདྲིལ་ཨག་ཚོམ་མེ་ལྟར་འབར། །སེངྒེའི་ང་རོ་འབྲུག་ལྟར་ཕྱོགས་བཅུར་སྒྲོག །གཡུ་རལ་གསེབ་ནས་མེ་སྟག་སེང་ཆུང་འཕྲོ། །ཐོད་སྐམ་དབུ་བརྒྱན་ཐོད་རློན་དོ་ཤལ་ཅན། །དར་ནག་འཇོལ་བེར་རུས་པའི་རྒྱན་དྲུག་གསོལ། །ཕྱག་གཡས་མིག་སྨན་མདོག་ཅན་བ་དན་ཕྱར། །གཡོན་པས་དམར་ཆེན་གཏོར་མ་དགྲ་ལ་འཕེན། །བདུད་རྟ་ནག་པོ་རླུང་གི་གཤོག་ཅན་ཆིབས། །ཡུམ་ཆེན་བདུད་མོ་དམར་ནག་ཁྲག་རལ་ཅན། །ལས་བྱེད་དུས་མཚན་ཕོ་མོ་རྣམ་གཉིས་བཅས། །སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་སུ་གསོལ། །ཞིང་བཅུ་བསྒྲལ་བའི་རཀྟ་དམར་གྱི་མཚོ། །རྨད་བྱུང་བྷ་ལིང་གཏོར་མ་རི་ལྟར་སྤུངས། །འཆི་མེད་བདུད་རྩི་པཉྩ་ཨ་མྲི་ཏ། །བདུད་གཡག་རོག་པོ་རྟ་ནག་རྟིང་དཀར་དང་། །ཁྱི་ནག་སྙིང་དཀར་ལུག་ནག་སྤྱི་དཀར་ཅན། །མདུང་དར་ནག་པོ་ཐོད་པའི་ཕྲེང་བ་དང་། །དབང་ལྔའི་མེ་ཏོག་ཚིལ་ཆེན་བདུག་པའི་སྤྲིན། །ཞུན་ཆེན་མར་མེ་མཁྲིས་པའི་དྲི་ཆབ་རྒྱུན། །ཤ་སྣ་སྙིང་སྣའི་ཞལ་ཟས་རི་ལྟར་སྤུངས། །རྔ་དང་དུང་དཀར་སྙན་བརྗིད་རོལ་མོའི་སྒྲ། །ཁྱད་པར་དྲི་བཟང་ཤིང་དང་ལྷན་ཅིག་ཏུ། །རིན་ཆེན་སྣ་ལྔ་དར་ཟབ་ཕྱེ་མར་སོགས། །བསྲེགས་པའི་དུད་པ་ཕྱོགས་བཅུར་འཁྲིགས་པ་འདིའི། །བདུད་མགོན་འཁོར་བཅས་བསང་ཤིང་མཆོད་པའི་མཐུས། །བདག་ཅག་འཁོར་བཅས་ཚེ་བསོད་རྒྱས་པ་དང་། །ཕྱི་ནང་མི་མཐུན་ཉེར་འཚེ་ཀུན་ཞི་ནས། །མི་དང་མི་མིན་དབང་དུ་འདུ་བ་དང་། །བྱད་ཕུར་རྦོད་གཏོང་དགྲ་བགེགས་ཚར་གཅོད་ཅིག །རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ །

ཡང་མ་སྐྱིན་གདོང་མའི་བསང་མཆོད།

ཧཱུྃ་བྷྱོཿ ཀ་དག་དྭངས་གསལ་རིན་ཆེན་གཞལ་ཡས་དབུས། །ཁ་བའི་མདངས་འཛིན་ལྷ་ཡི་བུ་མོའི་ཚུལ། །ག་བུར་སྨན་གྱི་དྲི་འཐུལ་བཞིན་མཛེས་ཅན། །ང་ཡིས་འབོད་ཚེ་བསང་མཆོད་མགྲོན་ལ་གཤེགས། །ཅ་ག་ལྷ་རྫས་རཏྣའི་ཁྲི་སྟེང་དུ། །ཆ་ལུགས་སྤྲུལ་བསྒྱུར་སྣ་ཚོགས་སྟོན་མཛད་ཅིང་། །ཇ་ཆང་སྨན་གཏོར་རཀྟ་བཞེས་སླད་དུ། །ཉ་རྒྱས་བཞིན་དུ་བཞུགས་ལ་ཕྱག་འཚལ་ལོ། །ཏ་ཐཱ་ག་ཏའི་བསྟན་ལ་འཚེ་བ་ཡི། །ཐ་བ་ལྟ་བུའི་གདུག་པའི་སེམས་འཆང་བར། །ད་ལྟ་ཉིད་དུ་དྲག་མོས་སྐུར་བཞེངས་ལ། །ན་ཚ་ཧུར་ཐུམ་དྲག་པོས་ཚར་གཅོད་ཅིག །པ་སངས་ལྟ་བུ་ལྷག་བསམ་དཀར་བ་ཡི། །ཕ་རོལ་གཞན་ཕན་ལྷག་བསམ་དག་པ་ཡིས། །བ་ལང་བཞིན་དུ་རྨོངས་བའི་འགྲོ་བ་རྣམས། །མ་ཡིས་བུ་བཞིན་སྐྱོང་བའི་གང་ཟག་དང་། །ཙ་དང་ལོ་མའི་གནས་མལ་ལ་བརྟེན་ནས། །ཚ་གྲང་སྡུག་བསྔལ་ཁྱད་དུ་བསད་པ་ཡིས། །ཛ་ཡའི་བསྟན་འཛིན་སྐྱོང་བའི་གང་ཟག་ལ། །ཝ་སྐྱེས་ལྟ་བུར་ཞུམས་པའི་དགྲ་བོ་རྣམས། །ཞ་གྲུམ་དམར་བཤལ་རྒྱུ་གཟེར་དྲག་པོ་ཐོང་། །ཟ་འཐུང་དཔལ་ལ་འཚེ་བའི་ཕྲིན་ལས་མཛོད། །འ་འུར་དབྱངས་དང་རོལ་མོའི་སྙན་པ་ནི། །ཡ་མཚན་དངོས་སུ་འབྱོར་དང་བཤམས་པ་ཡི། །ར་ཅན་ལ་སོགས་སྤྱན་གཟིགས་སྣ་ཚོགས་ནི། །ལ་ལ་ཙམ་མིན་རྣམ་མང་མཆོད་པའི་སྤྲིན། །ཤ་སྟག་བདག་སོགས་དང་བའི་བློ་དག་གིས། །ས་དང་བར་སྣང་གང་བར་འབུལ་བ་འདི། །ཧ་ཅང་སྙིགས་མའི་བར་ཆད་ཚོགས་རྣམས་ཀུན། །ཨ་ཡིག་སྐྱེ་མེད་དབྱིངས་སུ་གྲོལ་བར་མཛོད། །ཁྱད་པར་དྲི་ཞིམ་བསང་གི་མཆོད་པ་འདིས། །འགྲོ་བའི་དབུལ་ཕོངས་སྡུག་བསྔལ་ཀུན་སེལ་ཞིང་། །བསྟན་པ་རིན་ཆེན་ཕྱོགས་བཅུར་དར་ཤིང་རྒྱས། །འདུས་པའི་ཚོགས་རྣམས་འཕེལ་ཞིང་རྒྱས་པ་དང་། །རྣམ་དག་བསླབ་པ་གསུམ་གྱི་རྒྱུད་ཕྱུག་ནས། །སྣང་ཚད་སྐུ་དང་སྒྲ་གྲགས་སྔགས་ཀྱི་ཚོགས། །དྲན་རྟོག་སྐྱེ་མེད་དབྱིངས་སུ་གྲོལ་བར་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པའོ། །

སྔགས་སྲུང་ཨེ་ཀ་ཛ་ཏིའི་བསང་མཆོད་ནི།

ཧཱུྃ། ཀུན་ཏུ་བཟང་མོའི་ཐུགས་ཀྱི་རོལ་བ་ལས། །དབྱིངས་ཀྱི་རྒྱལ་མོ་ཨེ་ཀ་ཛཱ་ཊི་མ། །མཆེད་དྲུག་འཁོར་དང་སྤྲུལ་པ་ཡང་སྤྲུལ་བཅས། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །འཇིགས་རུང་དྲག་པོའི་ཆར་སྤྲིན་མདོག་ལྡན་སྐུ། །གཡས་པས་དམ་ཉམས་ཙིཏྟ་འབྱིན་ཅིང་གསོལ། །གཡོན་པས་ཞིང་ཆུང་དབྱུག་པའི་རྒྱལ་མཚན་ཕྱར། །དཔྲལ་ན་མིག་གཅིག་སྲིད་གསུམ་ས་ལེར་གཟིགས། །ཞལ་ན་ཚེམས་གཅིག་དགྲ་བགེགས་སྲོག་རྩ་གཅོད། །བྲང་ན་ནུ་གཅིག་སྒྲུབ་མཆོག་བུ་བཞིན་སྐྱོང་། །གཙུག་ན་མཐིང་གི་རལ་གཅིག་གྱེན་དུ་བསྒྲེངས། །ལྷོ་སྤྲིན་སྟོད་གཡོག་དུར་ཁྲོད་རྒྱན་གྱིས་བརྒྱན། །གཡས་བསྐུམ་གཡོན་བརྐྱང་རྔམ་ཞིང་འབར་བའི་སྐུ། །བདུན་འབུམ་འཁོར་གྱིས་ཀུན་ནས་ཡོངས་བསྐོར་ཞིང་། །རྣལ་འབྱོར་སྐྱོང་ཞིང་དམ་ཚིག་རྫས་ལ་འདུ། །ཕྲིན་ལས་ཐོགས་མེད་དགྲ་བགེགས་ཤུགས་ཀྱིས་སྒྲོལ། །མཁའ་འགྲོའི་ཚོགས་རྗེ་སྣང་སྲིད་དབང་བསྒྱུར་མ། །གསང་སྔགས་བསྟན་པ་སྤྱི་དང་ཁྱད་པར་དུ། །འོད་གསལ་སྙིང་པོའི་བཀའ་ཡི་བྱ་ར་མཛད། །ཞལ་བཞེས་དམ་ཚིག་དབང་གིས་འདིར་བྱོན་ལ། །བསང་མཆོད་སྤྲིན་ཕུང་ལྷ་ལམ་ཁྱབ་པ་ལས། །ཕྱི་ནང་གསང་མཆོད་རྟེན་རྫས་སྒྲུབ་པའི་རྫས། །གང་འདོད་ཡིད་བཞིན་འདོད་དགུར་རོལ་བའི་གཏེར། །ཀུན་བཟང་བདེ་བ་ཆེན་པོའི་མཆོད་སྤྲིན་འདིས། །སྔགས་ཀྱི་སྲུང་མ་མ་མོ་རལ་གཅིག་མ། །སྨུག་ནག་ཁྲོས་པའི་རྒྱལ་མོ་ཆེན་མོ་བསང་། །གསང་སྔགས་བསྟན་པ་རྒྱ་མཚོའི་མངའ་བདག་མོ། །བཅུ་བདུན་རྒྱུད་ཀྱི་སྲུང་མ་ཆེན་མོ་བསང་། །གཤིན་རྗེའི་གཤེད་ཡུམ་སྒེག་མོ་རལ་གཅིག་མ། །རྡོ་རྗེ་གཞོན་ནུའི་སྒྲོལ་ཡུམ་ཨེ་ཀ་ཛ། །རྟ་མགྲིན་སྦྱོར་ཡུམ་པདྨ་གཟི་ལྡན་མ། །མཁའ་འགྲོ་ཀུན་གྱི་ཕྱི་མོ་ཆེན་མོ་བསང་། །རྣམ་རོལ་མ་འགག་མ་ཆེན་མཆེད་ལྔ་དང་། །བཀའ་ཉན་བདུན་འབུམ་འཁོར་གྱི་ཚོགས་བཅས་བསང་། །ཅི་བགྱིས་ལས་བྱེད་ཡང་འཁོར་གྲངས་མེད་དང་། །འབུམ་ཕྲག་ཡངས་པ་སྣང་སྲིད་མ་མོ་བསང་། །བསང་ངོ་མཆོད་དོ་བསྟོད་ཅིང་མངའ་གསོལ་ན། །རྡོ་རྗེའི་ཐེག་པ་རྒྱ་མཚོའི་བཤད་སྒྲུབ་ཀྱི། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་བ་དང་། །བསྟན་འཛིན་རྣམས་ཀྱི་དབུ་འཕང་སྲིད་རྩེར་བསྟོད། །ཁྱད་པར་རྩོད་ལྡན་སྙིགས་མ་ལྔ་བདོའི་དུས། །གཉེན་པོ་གཞན་གྱིས་གདུལ་བར་དཀའ་བའི་ཚེ། །རྩོལ་མེད་རང་གྲོལ་རྡོ་རྗེ་སྙིང་པོ་ཡི། །བསྟན་པའི་ཉི་མས་ས་གསུམ་སྣང་བར་མཛོད། །ཐེག་ཆེན་བསྟན་ལ་འཚེ་བའི་དགྲ་དང་བགེགས། །མ་ལུས་ཁྱོད་ཀྱི་མཐུ་ཡིས་ཡོངས་གཞོམ་སྟེ། །ངེས་གསང་བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཅེས་པའང་སྔ་འགྱུར་བསྟན་པའི་ཉི་མ་རྫོགས་ཆེན་མཆོག་སྤྲུལ་ལྔ་པས་བསྐུལ་པ་ལྟར།འཇམ་དཔལ་དགྱེས་པས་སྤེལ་བ་དགེ་ལེགས་འཕེལ། །

ཉི་གྲགས་གཏེར་བྱོན་ལྷ་མོ་སྔགས་བདག་འབར་མའི་བསང་མཆོད་ནི།

ཧཱུྃ་བྷྱོཿ དབྱིངས་ཉིད་ངང་ལས་ཐུགས་རྗེས་སྐུ་སྤྲུལ་པ། །དཔལ་ལྡན་སྔགས་ཀྱི་སྲུང་མ་རེ་མ་ཏི། །དར་སྣ་བ་དན་རོལ་མོའི་དབྱངས་དང་བཅས། །དགྱེས་བྱེད་བསང་གི་མགྲོན་དུ་སྤྱན་འདྲེན་ནོ། །མདུན་གྱི་ནམ་མཁའ་མེ་རླུང་འཁྲུགས་པའི་དབུས། །ཁྲག་མཚོ་ཐོད་མཁར་འབར་བའི་གཞལ་ཡས་སུ། །དྲག་པོའི་རྒྱན་ཅན་བོང་བུ་དམར་གྭའི་སྟེང་། །མཐིང་ནག་རྔམ་པ་སྤྱན་གསུམ་མཆེ་གཙིགས་ཞལ། །རྩེ་གསུམ་བ་དན་ནད་ཀྱི་རྐྱལ་བ་འཛིན། །མ་བཞི་དྲེགས་བདུན་མཁའ་འགྲོ་བྱེ་བ་འབུམ། །ཡང་འཁོར་སྣང་སྲིད་དྲེགས་པའི་ཚོགས་ཀྱིས་བསྐོར། །ཧཱུྃ་ཕཊ་རུ་ལུའི་གད་རྒྱང་འབྲུག་ལྟར་སྒྲོག །རྟོག་མེད་དྲེགས་འཇོམས་ཡེ་ཤེས་ཐུགས་ལྡན་ཞིང་། །དྲག་ཤུགས་ཁྱབ་འགྲོ་གློག་གི་བང་ཅན་མ། །བྱང་ཤར་མུ་ལེ་མཐིང་མཚོའི་ཐོད་མཁར་ནས། །དྲན་པ་ཙམ་གྱིས་གནས་འདིར་གཤེགས་སུ་གསོལ། །མ་མོ་ཁྱེད་ལ་དད་ཅིང་གདུང་བའི་བློས། །དྲི་ཞིམ་བསང་མཆོད་དུད་པའི་སྤྲིན་ཕུང་ལས། །རབ་འབྱམས་ཞིང་གི་འདོད་ཡོན་ཆར་ལྟར་འབེབས། །ཕྱི་ནང་ཉེར་སྤྱོད་སྨན་གཏོར་རཀྟ་དང་། །ཤ་རུས་ཁྲག་ཀླད་མཁྲིས་པ་སྣ་ཚོགས་སྟོང་། །རི་དྭགས་གཡུང་དྭགས་གཅན་གཟན་གཟུགས་འགྲོས་ཚོགས། །མིག་དབང་སྙིང་སོགས་ཁྱད་པར་མཐུན་པའི་རྫས། །དུས་བཞིར་བསྟུན་པ་དམ་རྫས་མཆོད་པའི་ཚོགས། །མདོར་ན་གང་བཞེད་དགྱེས་དགུར་འཆར་བ་ཡི། །བདེ་སྟོང་ཡེ་ཤེས་རོལ་བའི་མཆོད་སྤྲིན་འདིས། །མ་གཅིག་དཔལ་ལྡན་ལྷ་མོ་བསང་ཞིང་མཆོད། །སྔགས་བདག་འབར་མ་ཆེན་མོ་བསང་ཞིང་མཆོད། །འཁོར་དང་བཀའ་ཉན་ཡང་སྤྲུལ་བསང་ཞིང་མཆོད། །བསང་ངོ་མཆོད་དོ་བསྟན་སྲུང་རེ་མ་ཏི། །བསྟོད་དོ་བརྔན་ནོ་དཔལ་ལྡན་དུད་སོལ་མ། །དབུ་འཕང་གཉན་པོ་སྲིད་པའི་རྩེ་མོར་བསྟོད། །རང་བྱུང་རྒྱལ་མོ་མིང་བརྒྱ་མཚན་སྟོང་མ། །ནད་རིམས་ཁྲམ་དལ་མཚོན་གྱི་མངའ་བདག་མཛད། །སྣང་སྲིད་དྲེགས་པ་ཡོངས་ཀྱི་བཀའ་བསྒྱུར་བྱེད། །སྲིད་གསུམ་ཁྱབ་རྒྱུགས་སྣ་ཚོགས་རྣམ་འཕྲུལ་སྟོན། །གདུང་བའི་བུ་ཆུང་མ་ལ་རེ་བ་བཞིན། །གུས་པས་མཆོད་དོ་ཐུགས་རྗེ་མ་གཡེལ་ཞིག །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །རྟག་ཏུ་མི་འབྲལ་མགོན་སྐྱབས་སྡོང་གྲོགས་མཛོད། །ནད་རིམས་འཇིགས་གནས་རྒྱལ་པོའི་ཆད་པ་དང་། །གདུག་པའི་སྲོག་ཆགས་དམག་དང་འབྱུང་བཞིའི་དགྲ། །ལྟས་ངན་ཐོག་སེར་བྱད་སྟེམས་ལ་སོགས་པ། །འཇིགས་པ་ཀུན་ལས་སྐྱོབ་པར་མཛད་དུ་གསོལ། །མི་མཐུན་ཕྱོགས་ཞི་མཐུན་པའི་དཔལ་ཀུན་རྒྱས། །སྐྱེ་རྒུ་དབང་འདུས་དགྲ་བགེགས་ཚར་ཆོད་ཅིང་། །བསྟན་དང་བསྟན་འཛིན་དབུ་འཕང་མཐོ་བ་དང་། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་འགྲུབ་པར་མཛོད། །སྔགས་བདག་འབར་མའི་བསང་མཆོད་མཆོག་སྤྲུལ་རིན་པོ་ཆེའི་བཀའ་བཞིན་མི་ཕམ་རྣམ་པར་རྒྱལ་པས་བཀོད་པའོ། །

རྡོ་རྗེ་གཤོག་རྒོད་མའི་བསང་མཆོད།

བྷྱོཿ སྲིད་པ་གསུམ་ལ་དབང་བྱེད་མཐུ་མོ་ཆེ། །ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་ཀློང་དཀྱིལ་ན། །མི་རོ་གསར་རྙིང་བརྩེགས་པའི་གདན་སྟེང་དུ། །དཔལ་ལྡན་ལྷ་མོ་རྡོ་རྗེ་གཤོག་རྒོད་རྩལ། །སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། །ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་སྤྱན་གསུམ་པ། །གཡས་པས་རལ་གྲི་གཡོན་པས་ཐོད་ཁྲག་འཛིན། །གཡོན་པའི་མཆན་དུ་གཏེར་གྱི་ནེའུ་ལེ་བསྣམས། །གཡས་གཡོན་རྡོ་རྗེ་རིན་ཆེན་གཤོག་པ་ལྡིང་། །མི་ལྤགས་སྟོད་གཡོག་རེ་ལྡེའི་ཤམ་ཐབས་ཅན། །བ་ལང་ལྤགས་པས་སྨད་དཀྲིས་སྦྲུལ་ཆུན་དང་། །རིན་ཆེན་རུས་པའི་ཕྲེང་བའི་རྒྱན་གྱིས་བརྒྱན། །སྤྱི་གཙུག་ཟླ་བ་ལྟེ་བར་ཉི་མ་འཆར། །ཆིབས་སུ་ཤུགས་ལྡན་དྲེལ་རྟ་རྐང་གསུམ་ཆིབས། །རྣལ་འབྱོར་གདུང་བ་དྲག་པོས་འབོད་པའི་ཚེ། །ཆར་སྤྲིན་གཏིབས་པ་ལྟ་བུའི་གཤེགས་སུ་གསོལ། །བཟང་དྲུག་སྨན་སྣ་དར་ཟབ་རིན་ཆེན་ལྔ། །བ་ལུ་ཤུག་པ་མཁན་དཀར་དྲི་ཞིམ་སྤོས། །བདུད་རྩི་ཤིང་གི་ཚོགས་དང་ལྷན་ཅིག་ཏུ། །མེ་ལ་བསྲེགས་པ་དུད་པའི་སྤྲིན་ཕུང་ནི། །འདོད་ཡོན་ལྔ་ཡི་ཟེར་ཐག་ཕྱོགས་བཅུ་འཕྲོས། །རབ་འབྱམས་ཞིང་ཀུན་ཁྱབ་པའི་དུད་སྤྲིན་འདིས། །དཔལ་ལྡན་ལྷ་མོ་རྡོ་རྗེ་གཤོག་རྒོད་མ། །འཁོར་བཅས་བསང་ཞིང་མཆོད་པའི་བྱིན་རླབས་ཀྱིས། །དགྱེས་པ་ཆེན་པོས་རྟག་ཏུ་མགོན་མཛད་ནས། །བདག་ཅག་བྱང་ཆུབ་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་མཐའ་དག་ཐུལ་བར་མཛད་དུ་གསོལ། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རབ་བརྟན་ནས། །བཤད་དང་སྒྲུབ་པའི་བསྟན་པ་རིན་པོ་ཆེ། །ནམ་ཡང་མི་ནུབ་དར་ཞིང་རྒྱས་པར་མཛོད། །སྡང་ཞིང་གདུག་པའི་སེམས་ལྡན་དགྲ་དང་བགེགས། །ཁྱད་པར་བྱད་ཕུར་རྦོད་གཏོང་བཏང་བའི་རིགས། །ངན་སྨྲས་བསམ་སྦྱོར་ངན་པའི་བྱ་བ་མཁན། །ཚེ་བསོད་དཔལ་ལ་འཚེ་བའི་འབྱུང་པོ་རྣམས། །སྐད་ཅིག་ཉིད་ལ་བརླག་པའི་ཕྲིན་ལས་མཛོད། །ཅེས་པ་འདི་ཡང་ས་འབྲུག་ཟླ་བ་བརྒྱད་པའི་ཚེས་ཉེར་དགུའི་ཉིན་གང་ཤར་དུ་རྫོགས་སྤྲུལ་ལྔ་པས་བྲིས་པའོ། །

ཤན་པ་སྲོག་སྒྲུབ་ནག་མོའི་བསང་མཆོད།

བྷྱོཿ མི་འགྱུར་བདེ་བ་ཆེན་པོའི་ངང་ཉིད་ལས། །ཤ་ཟ་ཁྲག་འཐུང་ཀུན་གྱི་གཙོ་མོ་སྟེ། །མ་གཅིག་ཤན་པ་སྲོག་སྒྲུབ་ནག་མོ་ནི། །སྔོན་གྱི་དམ་ཚིག་གཉན་པོ་རྗེས་དགོངས་ལ། །ནམ་མཁའི་གློག་ལས་མྱུར་བའི་ཚུལ་དུ་གཤེགས། །མདུན་གྱི་ནམ་མཁར་རླུང་ནག་འཚུབས་མའི་དབུས། །མཐིང་ནག་ཆར་སྤྲིན་གཏིབས་པ་ལྟ་བུའི་སྐུ། །རབ་ཁྲོས་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། །ཕྱག་གཡས་ཆུ་གྲི་རྣོན་པོ་འཕྱར་ཞིང་གདེངས་། །གཡོན་པས་མ་རུང་དགྲ་བོའི་གློ་སྙིང་ཟ། །མི་ལྤགས་གོས་དང་ཐོད་རུས་སྦྲུལ་གྱིས་བརྒྱན། །ཆིབས་སུ་སྲིད་པའི་རླུང་ནག་འཚུབས་མ་ཞོན། །གཡས་སུ་སྤྱང་གདོང་གཡོན་ན་ཝ་གདོང་མ། །མདུན་ན་འུག་གདོང་མ་མོའི་གཟུགས་འཆང་བ། །གཞན་ཡང་འཁོར་དུ་མ་མོ་འབུམ་དང་བཅས། །བདག་ཅག་བསང་གི་མགྲོན་ལ་གཤེགས་སུ་གསོལ། །རབ་འབྱམས་ཞིང་ཀུན་དོགས་པོར་བྱེད་པ་ཡི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྡོ་རྗེ། །རིན་ཆེན་སྣ་བདུན་ཉེ་བའི་རིན་ཆེན་བདུན། །བཀྲ་ཤིས་རྟགས་རྫས་རྡོ་རྗེ་ལྷ་མོའི་ཚོགས། །གཅན་གཟན་སྣ་ཚོགས་རི་དྭགས་གཡུང་དྭགས་སོགས། །མཁའ་ལྡིང་འདབ་ཆགས་རི་རབ་གླིང་བཞི་དང་། །གསེར་སྐྱེམས་གཡུ་སྐྱེམས་སྨན་དང་རཀྟའི་མཚོ། །ཁྱད་པར་དྲི་ཞིམ་བསང་གི་མཆོད་པ་འདིས། །དཔལ་ལྡན་ལྷ་མོ་ཤན་པ་སྲོག་སྒྲུབ་མ། །འཁོར་བཅས་བསང་གི་མཆོད་པ་ཕུལ་བའི་མཐུས། །རྣལ་འབྱོར་བདག་དང་རྟག་ཏུ་མི་འབྲལ་ཞིང་། །རྒྱལ་པོའི་ཆད་པ་འབྱུང་བ་བཞི་ཡི་དགྲ། །སྡེ་བརྒྱད་འཁྲུགས་པའི་ཐོག་སེར་བྱད་སྟེམས་སོགས། །འཇིགས་པ་བརྒྱད་སོགས་ཞི་བའི་ཕྲིན་ལས་མཛོད། །མདོར་ན་མི་མཐུན་རྐྱེན་ངན་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་དབང་ཐང་རླུང་རྟ་དར། །སྐྱེ་དགུའི་ཆེ་བཙན་ཚོགས་རྣམས་དབང་དུ་འདུས། །བསྟན་པ་དར་ཞིང་བསྟན་འཛིན་སྐྱོང་བ་དང་། །དངོས་གྲུབ་མ་ལུས་དེང་འདིར་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ །

སྨན་བཙུན་ཚེ་རིང་མཆེད་ལྔའི་བསང་མཆོད་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་བཞུགས།།

བྷྱོཿ བདེ་ཆེན་ཀུན་ཏུ་བཟང་མོའི་མཁའ་ཀློང་ནས། །དབྱིངས་ཀྱི་རྒྱལ་མོ་སྤྲུལ་པའི་ཡུམ་ཆེན་ལྔ། །གནས་དང་ཡུལ་གྱི་མཁའ་འགྲོ་ཀུན་གྱི་གཙོ། །ཕྱི་ལྟར་ཤ་ཟ་མཁའ་འགྲོ་ཆེན་མོ་ལྔ། །ནང་ལྟར་སྨན་བཙུན་ཚེ་རིང་མཆེད་ལྔ་པོ། །གསང་བ་སྐྱེ་མེད་ཆོས་དབྱིངས་ཀུན་བཟང་མོ། །དབྱིངས་ལས་མ་གཡོས་ཚེ་རིང་མཆེད་ལྔ་དགོངས། །རྣལ་འབྱོར་བདག་གིས་ཁྱེད་དང་མཐུན་པའི་རྫས། །ཀུན་བཟང་མཆོད་པའི་སྤྲིན་ལྟར་བཤམས་ལགས་ན། །དད་གུས་གདུང་བའི་དབྱངས་ཀྱིས་འབོད་པའི་ཚེ། །རང་སྣང་འོད་གསལ་སྤྲུལ་པའི་གནས་མཆོག་ནས། །མཐོན་མཐིང་གངས་ཀྱི་རྒྱལ་མོའི་ཕོ་བྲང་ཆེ། །འཇའ་དང་འོད་དུ་འཁྲིགས་པའི་གཞལ་ཡས་ནས། །སྨན་བཙུན་ཆེན་མོ་བཀྲ་ཤིས་ཚེ་རིང་མ། །མཐིང་གི་ཞལ་བཟང་མི་གཡོ་གླང་བཟང་མ། །ཅོད་པན་མགྲིན་བཟང་ཏལ་དཀར་འགྲོ་བཟང་ལྷ། །གཞན་ཡང་མཆེད་ཟླ་བོད་ཡུལ་བསྟན་སྐྱོང་མ། །བཅུ་གཉིས་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དང་། །གནས་གསུམ་ཌཱཀྐའི་སྨན་ཕྲན་འབུམ་དང་བཅས། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་དང་། །དྲེགས་པའི་བཀའ་བབ་དཔལ་གྱི་སེངྒེ་ཡིས། །བཀའ་བསྒོས་ཐ་ཚིག་གཉན་པོ་དྲན་མཛོད་ལ། །དགྱེས་པའི་ཚུལ་གྱིས་གནས་འདིར་གཤེགས་སུ་གསོལ། །མདུན་མཁར་པདྨ་ཉི་ཟླའི་གདན་ལ་བཞུགས། །སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །དག་བྱེད་བདུད་རྩི་དྲི་ཞིམ་སྨན་གྱི་ཤིང་། །ཕྱེ་མར་ཟས་ཕུད་རིན་ཆེན་འབྲུ་སྨན་དང་། །ཇ་ཆང་འོ་སྐོལ་སྟག་གཟིགས་རས་མོ་སོགས། །འབར་བའི་མེར་བསྲེགས་ཡེ་ཤེས་དུད་པའི་སྤྲིན། །ལྷ་ལམ་ཡོངས་ཁྱབ་བསང་གི་མཆོད་པ་འདིས། །སྨན་བཙུན་ཆེན་མོ་བཀྲ་ཤིས་ཚེ་རིང་མ། །བསང་ངོ་མཆོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །པྲ་ཡི་ལྷ་མོ་མཐིང་གི་ཞལ་བཟང་མ། །བསང་ངོ་མཆོད་དོ་མངོན་ཤེས་དངོས་གྲུབ་སྩོལ། །གཏེར་གྱི་ལྷ་མོ་ཅོད་པན་མགྲིན་བཟང་མ། །བསང་ངོ་མཆོད་དོ་གཏེར་གྱི་དངོས་གྲུབ་སྩོལ། །ཟས་ཀྱི་ལྷ་མོ་མི་གཡོ་གླང་བཟང་མ། །བསང་ངོ་མཆོད་དོ་ནོར་གྱི་དངོས་གྲུབ་སྩོལ། །ཏལ་དཀར་འགྲོ་བཟང་རྐང་བཞི་ཕྱུགས་ཀྱི་ལྷ། །བསང་ངོ་མཆོད་དོ་ཕྱུགས་ཀྱི་དངོས་གྲུབ་སྩོལ། །གཞན་ཡང་བོད་སྐྱོང་བརྟན་མ་བཅུ་གཉིས་ཚོགས། །གནས་གསུམ་ཌཱཀྐི་སྨན་ཕྲན་འབུམ་དང་བཅས། །བསང་ངོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །ཁྱད་པར་ཁྱེད་དང་མཐུན་པའི་དམ་རྫས་ནི། །གཡུ་བྱང་མིག་མེད་དངུལ་དཀར་མེ་ལོང་ཤེལ། །མདའ་དར་སྣ་ལྔ་དུང་ཤྭ་རིན་ཆེན་གསེར། །ཤ་རྐྱང་མ་ཧེ་གླང་ཆེན་འདོད་འཇོའི་བ། །རྨ་བྱ་ལྕུང་ཀ་ནེ་ཙོ་ཤང་ཤང་སོགས། །མདོར་ན་དངོས་བཤམས་ཡིད་ཀྱི་རྣམ་རོལ་ལས། །མཆོད་རྫས་རྟེན་རྫས་བསྐང་རྫས་ལ་སོགས་པ། །རབ་འབྱམས་རྒྱ་མཚོའི་ཞིང་ན་ཅི་མཆིས་པ། །བློ་ཡིས་བླངས་ཏེ་གུས་པས་འབུལ་ལགས་ན། །མ་གཅིག་ཚེ་རིང་མཆེད་ལྔ་འཁོར་བཅས་མཆོད། །དེ་ལྟར་བསང་ཞིང་མཆོད་པའི་བྱིན་རླབས་ཀྱིས། །གསང་ཆེན་འོད་གསལ་རྡོ་རྗེ་སྙིང་པོ་ཡི། །བསྟན་པ་མཐའ་དབུས་ཀུན་ཏུ་རྒྱས་པ་དང་། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རབ་བརྟན་ཞིང་། །མཛད་ཕྲིན་ཡངས་པའི་ཐ་གྲུ་ཀུན་ཏུ་ཁྱབ། །དུས་འཁྲུགས་ཀླ་ཀློའི་འཚེ་བ་བདུད་ཀྱི་རིགས། །རྒྱལ་བསེན་དམ་སྲི་ཤི་འདྲེ་ཕོ་མོའི་ཚོགས། །དོ་བསྡོ་ཕོད་དུ་བཙུགས་པའི་དགྲ་བོ་རྣམས། །ཐལ་བར་རློགས་ལ་མིང་ཙམ་མེད་པར་མཛོད། །མདོར་ན་བདག་གིས་བྱང་ཆུབ་མ་ཐོབ་བར། །ལྷ་མཆོག་ཁྱེད་ཀྱིས་ཕྲིན་ལས་མ་གཡེལ་ཞིག །ཅེས་སྨན་བཙུན་ཚེ་རིང་མཆེད་ལྔའི་བསང་མཆོད་འདིའང་རྫོགས་སྤྲུལ་ལྔ་པའི་མིང་འཛིན་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །

རྡོ་རྗེ་གཡུ་སྒྲོན་མའི་བསང་།

བྷྱོཿ གདོད་ནས་རྣམ་དག་སྤྲོས་བྲལ་ཆོས་སྐུའི་རྩལ། །མ་འགགས་གསལ་མདངས་སྤྲུལ་པའི་སྐུར་ཤར་བ། །ཡེ་ཤེས་ལྔ་ཡི་རང་བཞིན་མཁའ་འགྲོའི་གཙོ། །རྒྱལ་པའི་ཡུམ་མཆོག་རྡོ་རྗེ་གཡུ་སྒྲོན་མ། །འཁོར་བཅས་བསང་གི་མགྲོན་ལ་གཤེགས་སུ་གསོལ། །རང་མདུན་འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་། །རིན་ཆེན་ཕོ་བྲང་ཁང་བཟང་བལྟ་ན་སྡུག །དབུས་སུ་རིན་ཆེན་སྣ་ཚོགས་ཁྲི་རྐང་སྟེང་། །སྨན་བཙུན་ཆེན་མོ་རྡོ་རྗེ་གཡུ་སྒྲོན་མ། །དཀར་གསལ་ཟླ་བ་ཞུན་མའི་ལང་ཚོ་ཅན། །དར་དཀར་ན་བཟའ་གསེར་གཡུ་མུ་ཏིག་བརྒྱན། །ཕྱག་གཡས་བདེ་སྦྱིན་ནོར་བུ་ཐུགས་ཀར་བསྣམས། །གཡོན་པས་དངུལ་དཀར་གསལ་བའི་མེ་ལོང་བསྣམས། །དར་གྱི་ལ་ཐོད་རིན་ཆེན་རྒྱན་ཕྲེང་ཅན། །ཞབས་གཉིས་ཕྱེད་སྐྱིལ་འོད་ཟེར་ཕྱོགས་བཅུར་འཕྲོ། །དགྱེས་པར་བཞུགས་ལ་གུས་པས་ཕྱག་འཚལ་ལོ། །ཕྱི་ཡི་མཆོད་པ་འདོད་ཡོན་རྣམ་པ་ལྔ། །ནང་གི་མཆོད་པ་སྨན་རཀ་གཏོར་གསུམ་དང་། །གསང་བའི་མཆོད་པ་གྷ་ཎ་ཙཀྲ་དང་། །རྨ་བྱ་ཤང་ཤང་ལ་སོགས་འདབ་ཆགས་ཚོགས། །ཤ་རྐྱང་འབྲོང་བུ་ལ་སོགས་རི་དྭགས་དང་། །ཤུགས་ལྡན་རྟ་དྲེལ་བོང་བུ་མ་ཧེ་དང་། །མཛོ་འབྲི་བ་ལང་ལ་སོགས་གཡུང་དྭགས་རིགས། །སེང་གེ་སྟག་གཟིག་གཅན་གཟན་རིགས་བྱེད་དང་། །སྲིད་ན་མཆོད་པར་འོས་པའི་ཡོ་བྱད་དང་། །ཁྱད་པར་ཙནྡན་དཀར་དམར་ཨ་ཀ་རུ། །དར་ཟབ་ཕྱེ་མར་རིན་ཆེན་རྣམ་པ་ལྔ། །བསྲེགས་པའི་དུད་སྤྲིན་ཡེ་ཤེས་བདུད་རྩིའི་རྒྱུན། །རྣམ་དག་བསང་གི་མཆོད་པ་དམ་པ་འདིས། །སྨན་བཙུན་རྡོ་རྗེ་གཡུ་སྒྲོན་འཁོར་བཅས་བསང་། །དེ་ལྟར་བསང་གི་མཆོད་པ་ཕུལ་བ་ཡིས། །ད་ལྟ་བསྐལ་ངན་སྙིགས་མའི་དུས་འདི་རུ། །བདག་ཅག་ཆོས་བཞིན་སྒྲུབ་པའི་གང་ཟག་ལ། །མི་དང་མི་མིན་དམ་སྲི་འབྱུང་པོའི་རིགས། །དབྱེན་བཅུག་ཕྲ་མ་མཁན་གྱི་ཚོགས་རྣམས་ཀུན། །ཐལ་བ་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད། །རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུ། །གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་ནི། །ཕྱོགས་བཅུ་ཀུན་ཏུ་དར་ཞིང་རྒྱས་གྱུར་པ། །ནད་མེད་ཚེ་རིང་ཁམས་གསུམ་དབང་དུ་སྡུད། །བྱད་ཕུར་རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སོ། །

ལེགས་ལྡན་ལྷ་ཆེན་གྱི་བསང་བསྡུས་འདོད་དོན་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ།།

བླ་མ་དང་གཉིས་སུ་མེད་པ་དཔལ་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ལེགས་ལྡན་ལྷ་ཆེན་གྱི་བསང་མཆོད་འདོན་པར་འདོད་པ་རྣམས་ཀྱིས་ཤིང་སྣའི་དུད་པ་དང་ཕུད་གཙང་བཤམས་ནས་འདི་སྐད་དོ། །ཧཱུྃ། གཞི་དབྱིངས་གདོད་མའི་ཀ་དག་རིག་པའི་གདངས། །རང་རྩལ་ལྷུན་གྲུབ་དབང་ཆེན་ཁྲོ་བོའི་སྐུ། །གསལ་ཞིང་བསྐྱེད་ནས་ཐུགས་དམ་བརྒྱུད་བསྐུལ་ན། །རྡོ་རྗེའི་ཐ་ཚིག་གཉན་དགོངས་གནས་འདིར་བྱོན། །ཏིང་འཛིན་སྔགས་རྒྱ་ལྕགས་ཀྱུས་རབ་སྤྲོ་ཞིང་། །གདུང་བའི་དབྱངས་དང་སྙན་པའི་རོལ་མོ་དང་། །ལེ་རྒན་དར་གྱི་གཡབ་མོས་འབོད་ལགས་ན། །མཐོ་རིས་སྐབས་གསུམ་དབང་པོའི་གྲོང་ཁྱེར་དང་། །དཀའ་ཐུབ་གྲུབ་གནས་ཙནྡན་ནགས་ཀྱི་ཚལ། །ཏི་སེའི་གངས་སོགས་གནས་ཡུལ་མཐའ་དག་ནས། །བསྟན་སྲུང་ལེགས་ལྡན་འཁོར་བཅས་སྤྱན་འདྲེན་གཤེགས། །སྟོང་ཉིད་དབྱིངས་ཀྱི་རྣམ་རོལ་འཆར་སྒོའི་དཔྱིད། །ཟག་མེད་བདུད་རྩའི་བསང་མཆོད་ནམ་མཁའི་མཛོད། །ངོ་མཚར་བཀོད་པ་རྒྱ་མཚོའི་སྤྲིན་ཕུང་གིས། །སྲིད་ཞིའི་ཁམས་ཀུན་ཡོངས་སུ་བཀང་སྟེ་འབུལ། །སྨན་སྤོས་དར་ཟབ་འབྲུ་བཅུད་གཙང་མའི་ཚོགས། །ཁྱད་པར་མཐུན་པའི་དམ་རྫས་སྦྱར་བའི་སྤོས། །དྲི་བཟང་ཤིང་སྣའི་ཚོགས་དང་ལྷན་ཅིག་ཏུ། །འབར་བའི་ཀློང་དུ་བསྲེགས་པས་དུད་པའི་སྤྲིན། །ཀུན་གསལ་དབྱིངས་སུ་འཁྱིལ་བའི་ལྡིང་ཁང་ནས། །འདོད་ཡོན་མཆོད་རྫས་དཔག་མེད་ཉི་ལི་ལི། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་ཀྱིས། །ལེགས་ལྡན་ལྷ་ཆེན་མཆོད་ཅིང་མངའ་གསོལ་ལོ། །མཛེས་གཟུགས་སྙན་པའི་སྒྲ་དང་ཞིམ་པའི་དྲི། །དགྱེས་པའི་བཤོས་དང་རེག་འཇམ་བདེ་བའི་གོས། །འདོད་ཡོན་ལྔ་ཡི་འབྱོར་བ་རྒྱ་མཚོ་ཡིས། །དབང་ཕྱུག་ལྷ་ཆེན་ལྕམ་དྲལ་བསང་ཞིང་མཆོད། །གཙང་སྦྱར་བསང་མཆོད་དུད་སྤྲིན་རྒྱ་མཚོ་ལས། །རྣམ་མང་བཀོད་པའི་བྱེ་བྲག་མཐའ་ཀླས་པ། །གསལ་སྟོང་ཏིང་འཛིན་རོལ་བའི་མཆོད་སྤྲིན་གྱིས། །དབང་ཕྱུག་ལྷ་ཆེན་ལྕམ་དྲལ་བསང་ཞིང་མཆོད། །ཌཱཀྐི་སྡེ་བཞི་ཚངས་དང་བརྒྱ་བྱིན་དང་། །ཁྱབ་འཇུག་ལ་སོགས་འཁོར་གྱི་དྲེགས་ཚོགས་བསང་། །དེ་ལྟར་བསང་ཞིང་མཆོད་པའི་བྱིན་རླབས་ཀྱིས། །ཚེ་བསོད་དཔལ་འབྱོར་འཁོར་དང་གདུལ་བྱ་དང་། །ལུང་རྟོགས་ཡོན་ཏན་ཐོས་བསམ་སྒོམ་པ་ཀུན། །གོང་ནས་གོང་དུ་འཕེལ་བའི་ཕྲིན་ལས་མཛོད། །མཁན་པོ་འགྱུར་མེད་སྐལ་ལྡན་རྒྱ་མཚོས་སྨྲས་པའོ། །

ཨ་ཏི་རྫོགས་པ་ཆེན་པོའི་བཀའ་སྲུང་གི་བསང་མཆོད་བཞུགས།

ན་མོ་བཛྲ་པ་ཎ་ཡེ། ཀ་ཡེ་གསོན་དང་གཟའ་བདུད་ར་ཧུ་ལ། །ཁ་བ་ཅན་གྱི་བསྟུན་སྲུང་མཐུ་རྩལ་ཅན། །ག་ན་གནས་ཀྱང་པདྨའི་བཀའ་སྡོད་དེ། །ང་ཡིས་ཁྱོད་ལ་མཆོད་ཅིང་བསྟོད་པ་ནི། །ཅ་ཅོ་དབྱངས་དང་རོལ་མོའི་ཡན་ལག་དང་། །ཆ་ཆིལ་རབ་འབར་མེ་ནང་བསང་རྫས་འབུལ། །ཇ་ཆང་དམ་རྫས་བསྲེགས་པའི་དུད་པའི་སྤྲིན། །ཉ་ཤ་ར་མཆིན་ཤ་རུལ་ཁྲག་རུལ་འབུལ། །ཏ་ཐཱ་ག་ཏ་གསང་བདག་པད་འབྱུང་དང་། །ཐ་ཚིག་དམ་བཅའ་གཉན་པོ་དྲན་གྱིས་ལ། །ད་ནི་བདག་གིས་ཁྱེད་མཆོད་ཁྱེད་བསྟེན་ནོ། །ན་ཚ་དགྲ་གྱོད་སྐེག་རིགས་ཐམས་ཅད་བཟློག །པ་ར་མི་ཏའི་དོན་ལས་མ་གཡོས་པར་། །ཕ་རོལ་གནོད་བྱེད་འཇོམས་པའི་དྲག་ཤུལ་ཅན། །བ་གླང་གདོང་ཅན་ལ་སོགས་གདོང་མོ་བཞི། །མ་སྲིང་བརྟན་སྐྱོང་ཡང་མའི་ཚོགས་བཅས་ཀྱིས། །ཙ་སད་སེར་བ་མ་བཏང་སྡོང་གྲོགས་མཛོད། །ཚ་གྲང་འདུ་བའི་ནད་རིགས་དགྲ་ལ་ཐོང་། །ཛ་ཡི་ལྕགས་ཀྱུས་ཟུང་དང་རལ་གྲིས་ཐོབ། །ཝ་ལེར་སྲིད་གསུམ་གཟིགས་པའི་སྲུང་མ་ཁྱོད། །ཞ་ལྟར་པད་འབྱུང་བཀའ་ཡི་བྱ་ར་མཛོད། །ཟ་བྱེད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །འ་རེ་འུ་རེ་འབྲུག་སྒྲོག་ཐོག་སེར་འབེབས། །ཡ་མཚན་ཆེ་བའི་དངོས་གྲུབ་བདག་ལ་སྩོལ། །ར་དང་གཡག་ལུག་ལ་སོགས་རྟེན་རྫས་འབུལ། །ལ་ལུང་མེད་པར་མྱུར་མགྱོགས་རླུང་ལྟར་རྒྱུགས། །ཤ་ཚ་སྙིང་རྗེ་སྤུན་དང་ཤག་རོགས་ལྟར། །ས་ཆ་གང་དུ་འདུག་ཀྱང་མེལ་ཚེ་མཛོད། །ཧ་ཧ་དགྱེས་པའི་གད་མོ་དང་བཅས་པ། །ཨ་ལ་ལ་ལྟར་ཕྲིན་ལས་རྣམ་བཞི་སྒྲུབ། །ཅེས་བླ་མ་ཙ་རི་བའི་ངོར། ར་ག་ཨ་སྱེས་མགྱོགས་པར་བྲིས་པ་དགེ །

རཏ་གླིང་དམ་ཅན་གྱི་བསང་མཆོད་བཞུགས།

ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གདུང་། །བདེ་ཆེན་སོ་སོར་རྟོག་པའི་ཡེ་ཤེས་སྐུ། །རྟ་མཆོག་རོལ་བ་དབང་གི་ཁྲོ་བོ་ཡི། །ཐུགས་ལས་སྤྲུལ་པ་གསང་བའི་དམ་ཚིག་ཅན། །རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ལ། །བསྟན་པ་སྲུང་ཞིང་ལེགས་ཉེས་སྟངས་འཛིན་པ། །དགེ་བསྙེན་ཆེན་པོ་རྡོ་རྗེ་ལེགས་པ་ཁྱོད། །གུས་པས་འབོད་དོ་གནས་འདིར་གཤེགས་སུ་གསོལ། །ཆིབས་སུ་རྩལ་ལྡན་གདོང་ལྔའི་དབང་པོ་ཞོན། །རེས་འགའ་ར་སྐྱེས་རླུང་གི་ཤུགས་ཅན་ཆིབས། །སྐུ་མདོག་དམར་ནག་ཁྲོ་ཞིང་རྔམ་པའི་ཞལ། །ཕྱག་གཡས་རྡོ་རྗེས་དགྲ་བོའི་ཀླད་པ་འགེམ། །གཡོན་པས་འགལ་བྱེད་དོན་སྙིང་སྤར་གྱིས་འདེབས། །དར་དམར་བེར་གསོལ་བརྗིད་ཅིང་དུག་རླུང་འཁྲུགས། །གིང་ཆེན་སྡེ་བཞི་དགྱེས་སྡེ་བཅུ་གཉིས་དང་། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་ཡང་འཁོར་འབུམ། །བྱ་ཁྲ་འཕར་སྤྱང་དོམ་དྲེད་ལ་སོགས་པ། །ཟ་བྱེད་མཆེ་བ་རབ་གཙིགས་གདུག་པའི་འཁོར། །གྲངས་མེད་བསམ་གྱིས་མི་ཁྱབ་ཀུན་ཏུ་འཕྲོ། །ནམ་མཁའ་བར་སྣང་ས་གཞིའི་ཁྱོན་ཀུན་ཉུལ། །དད་ཅིང་གདུང་བ་ཅན་ལ་སྙིང་ཉེ་ཞིང་། །མཆོད་ཅིང་བརྟེན་ན་མགོན་སྐྱབས་སྡོང་གྲོགས་མྱུར། །དམ་ལྡན་སྒྲུབ་པ་པོ་ཡི་གྲོགས་གྱུར་པའི། །དམ་ཅན་ཁྱོད་ལ་མཆོད་དོ་དགྱེས་པར་དགོངས། །བདུད་རྩི་ཅན་གྱི་ཤིང་གསུམ་ལ་སོགས་པ། །སྣ་ཚོགས་མཐུན་པའི་མཆོད་རྫས་བསྲེགས་པ་ཡི། །དུད་པའི་སྤྲིན་ཚོགས་མཁའ་ལམ་ཁྱབ་པ་ལས། །ཡིད་མཐུན་དབང་པོའི་འབྱོར་བ་ལྷུན་གྱིས་གྲུབ། །ར་ཤ་ར་ཁྲག་གཏོར་མ་རི་ལྟར་སྤུངས། །ར་གསུར་དྲི་ཞིམ་སྤོས་མཆོག་སྤྲིན་ལྟར་གཏིབ། །རྐང་གླིང་ཐོད་རྔ་རོལ་མོ་འབྲུག་ལྟར་སྒྲོག །དར་སྣ་རྒྱལ་མཚན་འཕན་གདུགས་འཕྱོ་ལྡིང་གཡོ། །གཅན་གཟན་རི་དྭགས་གཡུང་དྭགས་རྒྱུག་ཅིང་འཕྱོ། །ཞལ་ཟས་འདོད་ཡོན་བདོག་དགུ་སྐར་ལྟར་བཀྲམ། །བདུད་རྩི་སྨན་དང་རཀྟ་མཚོ་ལྟར་བསྐྱིལ། །མཐུན་པའི་དམ་རྫས་སྣ་ཚོགས་སྐར་ལྟར་བཀྲམ། །རྣལ་འབྱོར་དད་པའི་གདུང་དབྱངས་དང་རེ་སྤྲོ། །གང་སྣང་བདེ་བའི་ལོངས་སྤྱོད་བསམ་མི་ཁྱབ། །འདི་ལྟར་ངོ་མཚར་མཆོད་པའི་སྤྲིན་ཕུང་གིས། །དམ་ཅན་རྡོ་རྗེ་ལེགས་པ་ཁྱོད་མཆོད་དོ། །གཙང་བཙན་སྐྱེས་བུ་ཆེན་པོ་ཁྱོད་མཆོད་དོ། །རྒྱ་བོད་ནོར་བདག་ཚོང་དཔོན་ཁྱོད་མཆོད་དོ། །མཐའ་དབུས་གནས་གཞི་གཏེར་སྲུང་ཁྱོད་མཆོད་དོ། །བན་བོན་སྐྱེ་བོའི་སྲུང་མ་ཁྱོད་མཆོད་དོ། །མཆོད་ཅིང་བརྟེན་པའི་རྣལ་འབྱོར་བདག་ཅག་ལ། །སྲུང་སྐྱོབ་ཕྲིན་ལས་སྐད་ཅིག་མི་གཡེལ་བར། །རྟག་ཏུ་ལེགས་དང་སྤྲོད་ལ་ཉེས་དང་བསྣོལ། །གང་བཅོལ་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། །མཆོག་སྤྲུལ་དམ་པའི་བཀའ་བཞིན་མི་ཕམ་པས་སོ། །

ཉི་གྲགས་དམ་ཅན་བསང་མཆོད་བཞུགས།

ཧཱུྃ་ཧྲཱིཿ པདྨ་དབང་ཆེན་གསང་བདག་ཕྱག་རྡོར་གྱི། །ཐུགས་ལས་སྤྲུལ་པའི་གསང་བའི་གིང་ཆེན་ནི། །མཚན་དང་སྐུ་ཡི་རྣམ་འགྱུར་མཐའ་ཡས་ཤིང་། །སྣ་ཚོགས་རྫུ་འཕྲུལ་མཐུ་ལྡན་བསྟན་སྲུང་གཙོ། །དམ་ཅན་སྐྱེས་བུ་ཆེན་པོ་འཁོར་དང་བཅས། །དམ་ཚིག་དབང་གིས་སྤྱན་འདྲེན་གཤེགས་སུ་གསོལ། །རྣམ་མང་བཀོད་པས་མཛེས་ལྡན་ཕོ་བྲང་དབུས། །རྣམ་འཕྲུལ་སྣ་ཚོགས་སྟོན་བཞིན་དགྱེས་པར་བཞུགས། །སྐུ་མདོག་སྨུག་ནག་གཏུམ་རྔམ་ཁྲོས་པའི་ཚུལ། །རྡོ་རྗེ་མདུང་དར་སྦུད་པའི་ཕྱག་མཚན་ཅན། །ཟ་འོག་བེར་ཕྱམ་སག་ཞུ་སག་ལྷམ་མནབས། །མདའ་གཞུ་འཁོར་གསུམ་སྐུ་ཡི་རྒྱན་དུ་མཛེས། །ར་སྐྱེས་ཁམ་པ་རླུང་གི་ཤུགས་ཅན་ཆིབས། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་འགྱིང་། །འཁོར་དུ་སྡེ་བརྒྱད་དྲེགས་པའི་ཚོགས་ཀྱིས་བསྐོར། །སྣང་སྲིད་ཀུན་ལ་མངའ་དབང་ཡོངས་བསྒྱུར་ཞིང་། །མི་བརྫུ་དགུ་བརྫུའི་རྫུ་འཕྲུལ་མཐུ་དང་ལྡན། །རིག་འཛིན་སྲུང་མ་སྐྱེ་བོའི་དགྲ་ལྷ་ཆེ། །དབེན་གནས་གཏེར་སྲུང་ཉམས་པའི་གཤེད་ཆེན་པོ། །འཛམ་གླིང་གནམ་ས་ཕྱེད་ཀྱི་མངའ་བདག་མཆོག །འོ་ཡུག་ཤང་སོགས་གནས་མཆོག་གར་བཞུགས་ཀྱང་། །སྤྲུལ་པ་དུ་མས་སྟོང་ཁམས་ཁྱབ་པར་ཉུལ། །གསང་བདག་ཕྱག་རྡོར་པདྨ་ཐོད་ཕྲེང་གི །དམ་ཚིག་ལ་གནས་སྡེ་བརྒྱད་དྲེགས་པའི་རྗེ། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །འདོད་པའི་ཡོན་ཏན་དྲུག་གི་རོལ་བ་ཅན། །ཡེ་ཤེས་བདུད་རྩི་བསང་གི་མཆོད་པ་འབུལ། །བསང་ངོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་། །གསོལ་ལོ་བརྔན་ནོ་དྲེགས་པ་མཐུ་རྩལ་ཅན། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །ཡུན་གྱི་ལྷ་དང་གཏན་གྱི་གྲོགས་མཛོད་ཅིག །ཁྱད་པར་རྒྱལ་དབང་པདྨ་སམྦྷ་བའི། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་འཛིན་པ་ལ། །འགྲན་ཟླ་ཀུན་བྲལ་གྲུབ་དབང་རྫོགས་ཆེན་པའི། །སྐུ་ཕྲེང་གསེར་རིའི་ཕྲེང་བ་རིམ་བྱོན་གྱི། །སྐུ་ཚེ་མཛད་ཕྲིན་ཡར་ངོའི་ཟླ་བ་ལྟར། །གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། །དགོན་གནས་ཆོས་འཁོར་བུ་སློབ་མངའ་ཐང་རྣམས། །དབྱར་གྱི་ཆུ་ལྟར་འཕེལ་ཤིང་རྒྱས་པར་མཛོད། །སྣ་ཚོགས་སྐུ་ཡི་འཕྲུལ་དང་གསུང་གི་བརྡ། །ཐུགས་ཀྱི་དགོངས་པས་བདག་ཅག་ལྟོས་བཅས་ལ། །བླང་དོར་གནས་རྣམས་གསལ་བོར་སྟོན་པ་དང་། །ཉེས་ཚོགས་ཀུན་ཞི་ལེགས་ཚོགས་ཀུན་འཕེལ་མཛོད། །མདོར་ན་ལུས་དང་གྲིབ་བཞིན་རྟག་འགྲོགས་ནས། །འདོད་པའི་འབྲས་བུ་གང་དང་གང་ཡིན་པ། །དམ་ཅན་ཁྱོད་ལ་གང་བཅོལ་ཡིད་བཞིན་དུ། །ངོ་མཐོན་རྟགས་དང་བཅས་ཏེ་བསྒྲུབ་པར་མཛོད། །ཅེས་པའང་དམ་པ་མཆོག་གི་བཀའ་ལུང་བཞིན་མི་ཕམ་འཇམ་དཔལ་རྡོ་རྗེས་བཀོད་པ་དགེ །

ཉི་གྲགས་ལྷ་བཙན་བསང་མཆོད་བཞུགས།

ཧཱུྃ་ཧྲཱིཿ ཀ་དག་སྤྲོས་བྲལ་གདོད་མའི་རང་མདངས་ལས། །ཁ་དོག་དཀར་དམར་ཁྲོ་འཛུམ་ཨམ་གཙིགས་བསྡམས། །ག་དར་གངས་དཀར་ཏི་སེ་ལ་གནས་པའི། །ང་ཡིས་འབོད་ཚེ་བཙན་རྒོད་དབྱིངས་ནས་བཞེངས། །ཅ་ཅོའི་གདུང་བའི་དབྱངས་ཀྱིས་འབོད་པའི་ཚེ། །ཆ་ལུགས་གཅིག་ཏུ་མ་ངེས་སྣ་ཚོགས་པ། །ཇ་ཆང་མཐུན་རྫས་བཤམས་པའི་གནས་འདིར་གཤེགས། །ཉ་རྒྱས་ཟླ་བ་པདྨའི་གདན་ལ་བཞུགས། །ཏ་ཐཱ་ག་ཏ་པདྨ་སཾ་བྷ་ཝའི། །ཐ་ཚིག་རྡོ་རྗེ་སྤྱི་བོར་བཅིངས་མཛད་པ། །ད་ལྟ་རིག་འཛིན་རྣལ་འབྱོར་བདག་ཅག་གི །ན་མར་ཁྱོད་ལ་བསང་མཆོད་ཕུལ་བའི་མཐུས། །པ་སངས་ལྟ་བུའི་དགྱེས་པ་ཆེན་པོ་ཡིས། །ཕ་མས་བུ་ལ་བརྩེ་བ་ཇི་བཞིན་དུ། །བ་མཆོག་གཏེར་གྱི་བུམ་པ་བཟང་པོ་བཞིན། །མ་ལུས་དངོས་གྲུབ་ཡིད་བཞིན་སྩལ་དུ་གསོལ། །ཙ་ར་རྟ་དྲེལ་ཤ་རྐྱང་མ་ཧེ་གླང་། །ཚ་ཊེམ་ཀ་དང་ནོར་བུའི་དོ་ཤལ་དང་། །ཛ་ཧུའི་རྒྱུན་བཞིན་བཏུང་བ་རྒྱ་མཚོ་བསྐྱིལ། །ཝ་སྤྱང་སེང་གེ་སྟག་གཟིག་དོམ་དྲེད་ཁྱི། །ཞྭ་ལྷམ་བེར་དང་གོ་མཚོན་ཁྱེད་ལ་འབུལ། །ཟ་བྱེད་ཁྲག་འཐུང་བཙན་རྒོད་མཆེད་བདུན་གྱིས། །འ་འུར་ངན་སྦྱོར་གཤོམ་པའི་དགྲ་བོ་རྣམས། །ཡ་མ་ར་ཛའི་ཟས་སུ་སྦྱོར་བར་མཛོད། །ར་ཛ་རྒྱལ་འགོང་སྙིང་ལ་ཞུགས་པ་ཡི། །ལ་ལ་ཙམ་མིན་མ་ལུས་མཐའ་དག་ཀུན། །ཤ་ཁྲག་ཚོགས་ལ་རྔམས་པའི་སྟབས་ཀྱིས་བཞེས། །ས་ཕྱོགས་འདི་དང་ཡུལ་ཕྱོགས་གང་དག་ན། །ཨ་ཏིའི་བསྟན་ལ་འཚེ་བའི་དགྲ་བོ་རྣམས། །ཧ་ཧའི་རྡོ་རྗེ་གད་མོའི་སྒྲ་དབྱངས་ཀྱིས། །ཐལ་བར་བརླག་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པའོ། །

ཨ་ཏིའི་བདུད་འདུལ་དྲག་མོའི་བཀའ་སྲུང་དམ་ཅན་ནོར་སྒྲུབ་ཀྱི་བསང་བཞུགས་སོ།།

ཧཱུྃ་ཧྲཱིཿ དབང་ཆེན་ཐུགས་ལས་སྤྲུལ་པའི་དམ་ཚིག་ཅན། །རིག་འཛིན་བརྒྱུད་པའི་ཕོ་ཉ་མཐུ་རྩལ་ཅན། །རྒྱ་བོད་ཡོངས་ཀྱི་ནོར་བདག་རྫུ་འཕྲུལ་ཅན། །མཐུ་ཆེན་དྲེགས་པའི་གཙོ་བོ་འདིར་བྱོན་ལ། །བདག་ནི་རྒྱལ་དབང་པདྨ་རྒྱལ་པོ་སོགས། །རིག་འཛིན་བརྒྱུད་པའི་བརྒྱུད་འཛིན་རྣལ་འབྱོར་པ། །ཁྱོད་ནི་དམ་ཚིག་ཅན་ལ་སྙིང་ཉེ་བས། །དམ་ཅན་ཞེས་པའི་མཚན་གྱི་ཅོད་པན་འཛིན། །གང་འདིར་བཞེད་དགུར་འཆར་བའི་བསང་མཆོད་ཀྱིས། །དགྱེས་པ་སྤེལ་སླད་མགྲོན་དུ་ཁྱོད་འབོད་ན། །ནུབ་ཕྱོགས་རིན་ཆེན་འབར་བའི་གཞལ་ཡས་ཁང་། །བླ་མཁར་སྨུག་པོ་འཇའ་ཚོན་འོད་ཟེར་ཅན། །དངོས་གྲུབ་འདོད་དགུ་ཆར་དུ་འབེབས་པ་ན། །རིན་ཆེན་གཏེར་གྱི་ཁྲི་ལ་བཞུགས་པ་ཡི། །ནོར་བདག་དགེ་བསྙེན་ཆེན་པོ་སྤྱན་འདྲེན་ནོ། །སྐུ་མདོག་དཀར་དམར་ཞག་གཅིག་ཕྱག་གཉིས་པ། །ས་གསུམ་ཡིད་འཕྲོག་མཛེས་སྡུག་འཛུམ་པའི་ཞལ། །འགུགས་བྱེད་ལྕགས་ཀྱུ་འདོད་འབྱུང་ནོར་བུ་གཡས། །གཏེར་གྱི་ལྡེའུ་མིག་དགོས་འདོད་ནེའུ་ལེ་གཡོན། །བེར་དཀར་མེ་ཏྲི་དམར་པོའི་ན་བཟའ་ལ། །རིན་ཆེན་གསེར་གྱི་སྐུ་རགས་མཛེས་པར་བཅིང་། །དབུ་ལ་སྟག་ཞུ་དར་དམར་འཕུར་ལྕེ་ཅན། །ཞབས་ལ་སག་ཏིའི་ལྷམ་ཆེན་མཛེས་པར་གསོལ། །སྣ་ཚོགས་རིན་ཆེན་རྒྱན་དང་ལྡན་པའི་སྐུར། །ཀོང་བཙུན་དམར་མོ་མཛེས་སྡུག་མཚུངས་མེད་མ། །དར་དཀར་གསེར་ཐིག་གཡུ་ཐོད་མུ་ཏིག་སྤྲས། །གཡས་པས་མེ་ལོང་གཡོན་པས་མདའ་དར་དཀར། །ཡབ་ཡུམ་མཉམ་སྦྱོར་སེང་གེའི་གདན་ལ་རོལ། །འཁོར་དུ་ནོར་བདག་ཛམ་ལྷ་མཆེད་བརྒྱད་དང་། །དགེ་བསྙེན་ཉེར་གཅིག་བརྟན་མ་བཅུ་གཉིས་དང་། །མཆེད་འཁོར་སུམ་བརྒྱ་དྲུག་ཅུས་ཡོངས་བསྐོར་བའི། །སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་ལ། །དད་དང་དམ་ཚིག་གདུང་བའི་སེམས་ཀྱིས་ནི། །དྲི་ཞིམ་བསང་དུད་ལྷ་ལམ་ཡོངས་ཁྱབ་སྤྲིན། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །ཡིད་འོང་བདེ་བའི་དཔལ་སྟེར་ལྷ་མོའི་ཚོགས། །ནོར་བུ་བུམ་བཟང་སྐྱེད་ཚལ་དཔག་བསམ་ཤིང་། །གཏེར་དང་རིན་ཆེན་འདོད་འཇོའི་བ་མོ་སོགས། །རྣམ་མང་སྲིད་ཞིའི་འབྱོར་བ་རྨད་བྱུང་དང་། །དམ་ཚིག་དབང་གིས་ཉིད་དང་མཐུན་པའི་རྫས། །གང་བཞེད་ཡིད་བཞིན་འདོད་དགུའི་གཏེར་ཆེན་པོ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་སྤྲུལ་ཏེ་འབུལ། །བསང་ངོ་མཆོད་དོ་ཐུགས་དམ་སྐོང་གྱུར་ཅིག །དགྱེས་པའི་ཐུགས་ཀྱིས་བདག་ལ་སྡོང་གྲོགས་མཛོད། །ས་འོག་ས་སྟེང་ས་བླའི་འཇིག་རྟེན་གྱི། །དཔལ་དང་འབྱོར་བ་སྟོབས་དང་ནུས་པའི་ཤུགས། །ཁབ་ལེན་རྡོ་ཡིས་ལྕགས་བཞིན་དབང་བསྡུས་ནས། །སྒྲུབ་པ་པོ་ལ་དངོས་གྲུབ་ཆར་འབེབས་མཛོད། །མཆོག་སྤྲུལ་དམ་པས་བཀའ་བསྐུལ་ལྟར་མི་ཕམ་པས་སོ། །

གནོད་སྦྱིན་ཤན་པ་དམར་ནག་བསང་མཆོད།

བྷྱོཿ རབ་འཇིགས་དུར་ཁྲོད་ཧེ་ཆེན་བརྡལ་བ་ནས། །མེ་རླུང་དམར་ནག་འབར་བའི་ཀློང་དཀྱིལ་དུ། །གནོད་སྦྱིན་རྒྱལ་པོ་ཤན་པ་དམར་ནག་ནི། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །རང་མདུན་རཀྟའི་རྒྱ་མཚོ་འཁྲུགས་པའི་ཀློང། །ཟངས་ཀྱི་སྐུ་མཁར་འཇའ་ཚོན་འོད་ཟེར་འཕྲོ། །དབུས་སུ་བཻཌཱུརྱ་ཡི་བྲག་སྟེང་དུ། །ཤན་པ་དམར་ནག་ཞལ་གཅིག་ཕྱག་བཞི་པ། །གཡས་གཉིས་འབར་བའི་རལ་གྲི་གྲི་གུག་དང་། །གཡོན་གཉིས་ཐོད་པ་ཁྲག་བཀང་སྙིང་ཞགས་འཛིན། །དར་དམར་བེར་དང་དུར་ཁྲོད་ཆས་ཀྱིས་བརྒྱན། །ཟངས་ཀྱི་ཁྱུང་དམར་སྤུ་གྲིའི་སྒྲོ་གཤོག་ཅན། །ཆིབས་ནས་རྡོ་རྗེའི་གཡར་དམ་རྗེས་དགོངས་ལ། །འཁོར་དུ་རྒྱལ་པོ་སྲིན་མོ་གཤིན་རྗེ་བདུད། །མ་མོ་གཟའ་བཙན་ཀླུ་དང་བདུད་ཀྱི་ཚོགས། །འཁོར་བཅས་བསང་གི་མགྲོན་ལ་གཤེགས་སུ་གསོལ། །དགྱེས་པར་བཞུགས་ལ་གུས་པས་ཕྱག་འཚལ་ལོ། །དར་དམར་གཡབ་མོ་འོམ་མདའ་རྒྱན་ལྡན་དང་། །བཤོས་བུ་དམར་ནག་པཉྩ་ཨ་མྲྀ་ཏ། །ཉམས་པ་བསྒྲལ་བའི་དམར་ཆེན་ཁྱི་དམར་སྙིང་། །ཚིལ་ཆེན་གསུར་དུད་འབྲུ་ལྔ་རིན་ཆེན་ལྔ། །ཁྱུང་ཆེན་རྨ་བྱ་དེ་ཕོ་སེངྒེ་གླང་། །བྷནྡྷ་རུས་པ་གྷ་ན་ཙཀྲ་དང་། །ཞལ་ཟས་ཚིལ་ཆེན་ཤ་སྣ་སྙིང་སྣ་སྟོང་། །དར་ཟབ་སྟོང་དང་དམར་ཆེན་ཁྲག་སྣ་འབུམ། །དྲི་ཞིམ་སྤོས་དང་བཟང་དྲུག་སྨན་གྱི་རིགས། །དར་ཟབ་གསེར་གཡུ་ཕྱེ་མར་འོ་སྐོལ་སོགས། །རྔ་མོང་ཁྱི་དམར་ལུག་དམར་ར་དམར་སོགས། །ཕྱི་ལྟར་ལྷ་སྲིན་སྡེ་བརྒྱད་གཙོ་བོ་བསང་། །འབར་བའི་མེ་ལ་བསྲེགས་པའི་དུད་པའི་སྤྲིན། །རབ་འབྱམས་ནམ་མཁའི་ཁམས་ཀུན་གང་བ་འདིས། །མཐུ་ཆེན་གནོད་སྦྱིན་ཤན་པ་དམར་ནག་བསང་། །ནང་ལྟར་རྒྱལ་ཆེན་རྣམ་སྲས་མདུང་དམར་བསང་། །གསང་བ་གཟའ་བདུད་མིག་དམར་རྒྱལ་པོ་བསང་། །ཤར་ཕྱོགས་དྲི་ཟའི་རྒྱལ་པོ་སྟག་མགོ་བསང་། །ལྷོ་ཕྱོགས་གཤིན་རྗེའི་རྒྱལ་པོ་གཟིག་མགོ་བསང་། །ནུབ་ཕྱོགས་ཀླུ་ཡི་རྒྱལ་པོ་དོམ་མགོ་བསང་། །བྱང་ཕྱོགས་གནོད་སྦྱིན་རྒྱལ་པོ་འབྲོང་མགོ་བསང་། །ཤར་ལྷོ་སྲིན་པོ་ནེ་ཙོའི་མགོ་ཅན་བསང་། །ལྷོ་ནུབ་ལྷ་མོ་རྨ་བྱའི་མགོ་ཅན་བསང་། །ནུབ་བྱང་གཟའ་བདུད་ཤང་ཤང་མགོ་ཅན་བསང་། །བྱང་ཤར་ཀླུ་བདུད་ཉ་ཡི་མགོ་ཅན་བསང་། །དེ་ལྟར་བསང་མཆོད་ཕུལ་བའི་བྱིན་རླབས་ཀྱིས། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ཀྱི་ཚོགས། །སངས་རྒྱས་བསྟན་བཤིག་དཀོན་མཆོག་དབུ་འཕང་སྨད། །བདག་ལ་སྡང་ཞིང་འཚེ་བར་བྱེད་པ་ཡི། །ཁ་དཀར་སྙིང་ནག་བསམ་ངན་སྦྱོར་རྩུབ་ཅན། །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །དགྲ་བོ་མི་ནོར་འཁོར་དང་བཅས་པ་རྣམས། །ད་ལྟ་ཉིད་དུ་བསྒྲལ་བའི་དུས་ལ་བབ། །སྙིང་ཕྱུང་སྲོག་འཕྲོག་ཀླད་ཁྲག་དྲོན་མོ་གསོལ། །ད་ལྟ་ཉིད་དུ་སྒྲོལ་བའི་ཕྲིན་ལས་མཛོད། །བར་ཆད་རྐྱེན་ངན་ཐམས་ཅད་བཟློག་ཏུ་གསོལ། །མི་ནོར་ཟས་གསུམ་ལོངས་སྤྱོད་རྒྱས་པ་དང་། །ཚེ་དཔལ་སྟོབས་འབྱོར་འཕེལ་ཞིང་རྒྱས་པ་དང་། །སྙན་གྲགས་རླུང་རྟ་དབུ་འཕང་དགུང་དུ་བསྟོད། །ཁམས་གསུམ་དབང་འདུས་བྱད་ཕུར་རྦོད་གཏོང་བཟློག །ཇི་ལྟར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པའོ། །

བླ་མ་དགོངས་འདུས་བཀའ་སྲུང་རིག་འཛིན་མའི་བསང་མཆོད་ནི།

བྷྱོཿ འགྱུར་མེད་བདེ་བ་ཆེན་པོའི་ངང་ཉིད་ལས། །སྐྱེ་མེད་ཀློང་ནས་སྐྱེ་བའི་ཆོ་འཕྲུལ་དུ། །ཤར་བའི་རྒྱལ་བ་ཀུན་གྱི་ཡུམ་ཆེན་མོ། །གནས་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ་མོའི་ཚུལ། །ཨ་མ་རིག་འཛིན་ལྷ་མོ་རལ་གཅིག་མ། །འཁོར་བཅས་སྐད་ཅིག་གནས་འདིར་གཤེགས་སུ་གསོལ། །རང་མདུན་པདྨ་ཟླ་བའི་གདན་སྟེང་དུ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གཅིག་ཞི་མ་ཁྲོ་ཡི་ཉམས་དང་ལྡན། །ཕྱག་གཡས་དཔའ་བོ་མཁའ་འགྲོ་དབང་སྡུད་པའི། །ཐོད་པའི་ཅང་ཏེའུ་སྙན་གྱི་ཐད་ཀར་འཁྲོལ། །གཡོན་པས་སྣང་སྲིད་གསལ་བར་བྱས་པ་ཡི། །འཕྲུལ་གྱི་དངུལ་དཀར་མེ་ལོང་དྭངས་པ་འཛིན། །དབུ་སྐྲ་གནག་སྣུམ་རལ་བའི་ཐོར་ཚུགས་ཅན། །རིན་ཆེན་སོག་ཞུ་སྙན་ཆ་མགུལ་རྒྱན་སྤྲས། །ཟ་འོག་ཁ་དོག་ལྔ་ལྡན་ཤ་གོས་ལ། །རིན་ཆེན་སྣ་ཚོགས་ཕྲ་ཚོམས་ཀུན་ནས་མཛེས། །རིན་ཆེན་གསེར་གྱི་སྐེ་རགས་བཅིང་པ་ལ། །དེ་སྟེང་དར་དཀར་རྩེ་གོས་ཕུ་དུང་ཅན། །ལྷབ་ལྷུབ་གཡོ་བ་ཟ་འོག་མཐའ་འཇག་ཅན། །རིན་ཆེན་དོ་ཤལ་ཕྱག་ཞབས་གདུ་གུ་ཅན། །ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ་ལ། །འཁོར་དུ་མ་མོ་འབུམ་དང་ཤ་ཟ་སྟོང་། །སྣང་སྲིད་དྲེགས་པའི་དམག་ཚོགས་སྤྲིན་ལྟར་གཏིབས། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །ཕྱི་ནང་ཉེར་སྤྱོད་འདོད་ཡོན་སྤྲིན་ལྟར་གཏིབས། །བདེ་ཆེན་དགའ་བཞིའི་ཡེ་ཤེས་མཆོད་པའི་ཚོགས། །ཟུང་འཇུག་མཉམ་པར་སྦྱོར་བའི་མཆོད་པའི་སྤྲིན། །ང་བདག་གཟུང་འཛིན་བསྒྲལ་བའི་མཆོད་པ་དང་། །གྷ་ཎ་ཙཀྲའི་ལོངས་སྤྱོད་སྐར་ལྟར་བཀྲམ། །དྲི་ཞིམ་བསང་གི་མཆོད་པ་ཕུལ་བ་ཡིས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས། །ལོག་པར་བལྟ་བའི་དགྲ་བགེགས་ཐམས་ཅད་དང་། །བྱད་ཕུར་རྦོད་པ་གཏོང་བའི་མཁན་པོ་རྣམས། །རང་གཤེད་རང་ལ་དབབ་པར་མཛད་དུ་གསོལ། །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར། །ལྷ་མཆོག་ཁྱོད་ཀྱི་སྡོང་གྲོགས་མ་གཡེལ་ཞིག །རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ །

བཙན་རྒོད་བསང་གསུར་འདོད་ཡོན་སྤྲིན་ཕུང་བཞུགས་སོ།།

ཧྲཱིཿ འདོད་དགུའི་སྤྲིན་གཏིབས་མཆོད་རྫས་དཔག་མེད་དང་། །ཞིང་ཀུན་ཡོངས་བཀང་སྤྱན་གཟིགས་དཀོར་ཆའི་ནོར། །དྲི་བསུང་ངད་ལྡན་བསང་མཆོད་ནམ་མཁའི་ཁམས། །ཡོངས་བཀང་རྨད་བྱུང་མཐའ་ཀླས་འདི་དག་ཀུན། །གཏེར་བདག་སྲུང་མ་རྒྱ་མཚོ་ཐམས་ཅད་ལ། །སྔར་མཛད་ལེགས་པ་ལས་ཀྱི་གཏང་རག་དང་། །སླད་ནས་གཡེལ་མེད་ཕྲིན་ལས་འདོད་སྩོལ་ཕྱིར། །དགྱེས་གསོལ་དམ་པར་དགོངས་ཤིག་ས་མ་ཡ། །བྲག་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་བསང་། །གཡུ་ལུང་གངས་བཙན་རྡོ་རྗེ་དབང་བཙན་བསང་། །སྤ་རི་སྦ་བཙན་རྡོ་རྗེ་ཡེ་ཤེས་བསང་། །ཀོང་མ་གྲིབ་བཙན་རྡོ་རྗེ་མཆོག་རྒོད་བསང་། །སྤུ་རི་ཕུག་བཙན་རྡོ་རྗེ་སྲུང་མ་བསང་། །བྲག་དམར་རྫོང་བཙན་རྡོ་རྗེ་དགྲ་འཇོམས་བསང་། །སྟག་མ་རོང་བཙན་རྡོ་རྗེ་ལེགས་པ་བསང་། །འཛམ་གླིང་སྤྱིར་རྒྱུད་ཡུལ་རིས་ས་ཕྱོགས་ལ། །གནས་དང་ལྷག་པའི་ཕོ་ཉ་བཙན་གྱི་རིགས། །འཁོར་ཚོགས་བཀའ་སྲུང་སུམ་བརྒྱ་དྲུག་ཅུ་བསང་། །སྔོན་ནས་འབྲེལ་དང་ཤུགས་ཀྱིས་རྗེས་འབྲང་བ། །ཁ་འཛིན་སྡོང་གྲོགས་སྐྱོབ་དང་སྤར་སྨེའི་བདག །ལུང་པ་ཕུ་མདའ་ཉིན་སྲིབ་གཡའ་བྲག་ཤིང་། །ཆུ་ཀླུང་གངས་རིར་གནས་དང་རྒྱུ་བ་ཡི། །བཙན་འཁོར་སྤྲུལ་པ་རྒྱ་མཚོ་འཁོར་བཅས་བསང་། །ནང་ལྟར་སྤྲུལ་པ་དགེ་བསྙེན་མཆེད་བདུན་སོགས། །དཀོར་གྱི་བདག་པོ་སྐྱེས་བུ་སྟོང་སྡེ་བསང་། །བསང་བ་ནོར་བདག་གནོད་སྦྱིན་རྒྱལ་པོ་བདུན། །གཏེར་གྱི་བདག་པོ་ས་ཡ་འབུམ་སྡེ་བསང་། །འཁོར་བཅས་བསང་མཆོད་བཞེས་ལ་རྒྱལ་བསྟན་དང་། །དེ་འཛིན་སྒྲུབ་པའི་རྣལ་འབྱོར་འཁོར་བཅས་ཀྱི། །མི་མཐུན་རྐྱེན་སོལ་མཐུན་རྐྱེན་འདོད་དགུ་སྒྲུབས། །སྡང་དགྲ་གདོན་བགེགས་གདུག་པའི་སྲོག་སྙིང་བཞེས། །མཐུ་དཔུང་རྒྱབ་རྟེན་སྡོང་གྲོགས་མི་གཡེལ་བར། །བྱང་ཆུབ་བར་མཛོད་དགེ་ལེགས་ཡོན་ཏན་དང་། །སྙན་གྲགས་ལོངས་སྤྱོད་དཔལ་འབྱོར་ཕུན་ཚོགས་ཀུན། །རེ་འབྲས་ཡིད་བཞིན་ལྷུན་གྱིས་འགྲུབ་པར་མཛོད། །ཧཱུྃ། འགྱུར་མེད་ཀ་དག་རིག་པའི་རྩལ། །ལྷུན་གྲུབ་ཡེ་ཤེས་འཆར་སྒོའི་མདངས། །སྤྲུལ་པའི་སྒྱུ་འཕྲུལ་དམ་ཚིག་ཅན། །རིག་འཛིན་བཀའ་སྡོད་ཁྱོད་ལ་བསྟོད། །ཁྲག་མདོག་བཟོད་པར་དཀའ་བའི་གཟུགས། །སྲིད་གསུམ་འཇིགས་པའི་ཤུགས་འཆང་བ། །དཔའ་བོ་བསེ་ཡི་ཡ་ལད་ཅན། །དྲག་ཤུལ་སྟོབས་ལྡན་ཁྱོད་ལ་བསྟོད། །ཕྱག་གཡས་མདུང་དམར་བསྒྲེངས་བའི་དབལ། །ཉམས་པའི་སྙིང་ལ་བཏབ་ནས་གསོད། །གློག་ལྟར་འཁྱུགས་པའི་ཞགས་པ་ཡིས། །དགྲ་བགེགས་འཆིང་ཞིང་སྡོམ་ལ་བསྟོད། །གཞན་ཡང་སྤྲུལ་པའི་ཆོ་འཕྲུལ་ནི། །གཅིག་ཏུ་ངེས་པར་མ་མཆིས་ཏེ། །རེས་འགའ་བཙན་རྒོད་དྲག་པོའི་ཆས། །བསྟན་དགྲའི་དཔུང་ཚོགས་འཇོམས་ལ་བསྟོད། །སྐབས་འགར་དགེ་བསྙེན་གཞོན་ནུའི་ཚུལ། །སྒྲུབ་པ་པོ་ཡི་སྡོང་གྲོགས་བྱེད། །གནོད་སྦྱིན་བརྗིད་པའི་ཆ་ལུགས་ཀྱིས། །འདོད་དགུའི་ཆར་ཆེན་འབེབས་ལ་བསྟོད། །དམ་ཅན་བཙན་རྒོད་མཐུ་བོ་ཆེ། །བཀའ་སྡོད་ཕོ་ཉར་བཅས་པ་རྣམས། །མཆོད་དོ་བསྟོད་དོ་དགྱེས་དགོངས་ལ། །ཅི་བསམ་ཡིད་བཞིན་འགྲུབ་པར་མཛོད། །རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱིས་སྦྱར་བ་བཀྲ་ཤིས་བསམ་པའི་དོན་འགྲུབ་ལ་བསྟན་པ་དར་རྒྱས་ཤོག །དགེའོ། །

ཕུར་སྲུང་དམ་ཅན་མ་མོ་བཅུ་གཉིས་ཀྱི་བསང་བཞུགས་སོ།།

ཧཱུྃ། འཇིག་རྟེན་འདི་ན་མཐུ་དང་དབང་ཆེ་ཞིང་། །དཔལ་ཆེན་རྡོ་རྗེ་གཞོན་ནུའི་བཀའ་ཉན་པ། །དམ་ཅན་མ་མོ་ཆེན་མོ་བཅུ་གཉིས་རྣམས། །དམ་ཚིག་དབང་གིས་ད་ལྟར་འདིར་གཤེགས་ཤིག །གཙང་སྦྱར་བསང་གི་དུད་སྤྲིན་མཁའ་དབྱིངས་འགེངས། །དར་སྣ་བ་དན་རོལ་མོའི་སྒྲ་དང་བཅས། །སྣ་ཚོགས་མཐུན་པའི་དམ་རྫས་བཤམས་ནས་སུ། །རྣལ་འབྱོར་གདུང་བའི་དབྱངས་ཀྱིས་སྤྱན་འདྲེན་ནོ། །སྒྲིབ་བྲལ་ནམ་མཁའ་དྭངས་བའི་ལམ་ཡངས་པོར། །སྣ་ཚོགས་རྫུ་འཕྲུལ་འདོད་དགུར་རོལ་བས་རྒྱུ། །རེས་འགའ་རཀྟའི་རྒྱ་མཚོར་རྐྱལ་ཞིང་འཐུང་། །རེས་འགའ་ཀེང་རུས་རི་རབ་རྩེ་ན་འཕྱོ། །རེས་འགའ་ཤ་ཆེན་ས་གཞིའི་གཏོས་ལ་རྒྱུག །རྡོ་རྗེ་དམ་ཚིག་གཉན་པོས་སྲོག་སྦྲེལ་བའི། །རྣལ་འབྱོར་མིང་པོ་རྡོ་རྗེ་དེང་འབོད་ན། །དབང་མེད་ཤུགས་ཀྱིས་བསྐྱོད་ཅིང་གཤེགས་སུ་གསོལ། །འདི་ལྟར་མཆོད་པའི་རྫས་སུ་ལེགས་གཤམས་པ། །མཁའ་ལས་ཆར་བབ་འཛིན་མའི་ལྟོར་འཁྲུངས་བའི། །བདུད་རྩི་ཅན་ཤིང་ལོ་འདབ་མེ་འབྲས་སོགས། །འབར་བའི་མེས་སྦར་རླུང་གིས་བསྐྱེད་བྱས་པས། །དུད་པའི་སྤྲིན་ཕུང་ལྷ་ལམ་གྱ་གྱུར་རྩེ། །དྭངས་གསལ་རྙོགས་པ་མེད་པའི་ཡིད་འོང་གཟུགས། །ཉེས་ཚོགས་ཀུན་སེལ་གཙང་མའི་དྲི་བསུང་འཕྲོ། །འདོད་ཡོན་ལྷ་མོའི་ཟེར་ཕྲེང་ཕྱོགས་བཅུར་འགྱེད། །ངོ་མཚར་ཡོན་ཏན་འབུམ་གྱི་དཔལ་ལྡན་པ། །བདུད་རྩིའི་སྤྲིན་ཕུང་བསང་གི་མཆོད་པ་འདིས། །རྒྱལ་བ་རིག་འཛིན་བརྒྱུད་པའི་དམ་ཚིག་ཅན། །ཤྭ་ན་ཆེན་མོ་མཆེད་བཞི་བསང་ཞིང་མཆོད། །བདག་ཉིད་ཆེན་མོ་མཆེད་བཞི་བསང་ཞིང་མཆོད། །ས་བདག་ཆེན་མོ་མཆེད་བཞི་བསང་ཞིང་མཆོད། །མིང་པོ་བསེ་ལྕགས་དུང་གི་སྐྱེས་བུ་གསུམ། །སོ་སོའི་འཁོར་ཚོགས་བསམ་མི་ཁྱབ་བཅས་བསང་། །མདོར་ན་ཕུར་སྲུང་དམ་ཅན་བཅུ་གཉིས་པོ། །གཙོ་དང་འཁོར་དང་སྤྲུལ་པ་ཡང་སྤྲུལ་བཅས། །བདུད་རྩི་བསང་གི་མཆོད་པ་རྨད་བྱུང་འདིས། །སྐུ་གསུང་ཐུགས་རྒྱུད་ཡོངས་སུ་ཚིམ་གྱུར་ཅིག །རྡོ་རྗེ་གཞོན་ནུ་པདྨ་ཐོད་ཕྲེང་གི །བཀའ་བཞིན་སྒྲུབ་པའི་རྣལ་འབྱོར་བདག་ཅག་དང་། །འཁོར་དང་བུ་སློབ་དཀོར་ནོར་སྦྱིན་བདག་བཅས། །དམ་ཅན་ཁྱེད་ཀྱིས་རྟག་ཏུ་སྲུང་མཛོད་ཅིག །བདག་ལ་འཚེ་ཞིང་གནོད་པར་བྱེད་པ་ཡི། །མི་དང་མི་མིན་དམ་སྲི་མཐའ་འདྲེ་རྣམས། །དུས་མཐའི་མེ་ཡིས་རྩ་སྦུར་བསྲེགས་པ་བཞིན། །མིང་ཙམ་མེད་པ་ཐལ་བ་རྡུལ་དུ་རློག །མི་མཐུན་རྒུད་པའི་གཡུལ་ངོ་རབ་བཅོམ་ནས། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཕྱོར། །ས་གསུམ་གནས་ན་འགྲན་ཟླ་ཀུན་བྲལ་བའི། །ཆོས་སྲིད་དབུ་འཕང་སྲིད་རྩེར་བསྒྲེང་བར་མཛོད། །ཞེས་པའང་མཆོག་སྤྲུལ་དམ་པའི་བཀའ་བཞིན་མི་ཕམ་རྣམ་པར་རྒྱལ་བས་བཀོད་པ་ལགས་སོ། །

གཏེར་སྲུང་ལྡང་ལྷའི་བསང་མཆོད།

ཧཱུྃ་བྷྱོཿ ཀི་ལ་ཡ་ཡི་བཀའ་སྡོད་དཔའ་བོ་ཆེ། །ཁུ་བྱུག་སྙན་པའི་དབྱངས་ཀྱིས་འབོད་པའི་ཚེ། །གེ་སར་ལས་བྱུང་པདྨ་ཀ་ར་ཡི། །ངོ་མཚར་རྡོ་རྗེའི་ཐ་ཚིག་རྗེས་དགོངས་ལ། །ཅི་ནས་བདག་ལ་སྡང་བའི་དགྲ་བོ་རྣམས། །ཆུ་འཁྱག་སེར་བ་ནད་མཚོན་འཇིགས་པ་ཡིས། །ཇི་ཞིག་མ་ཡིན་མངོན་སྤྱོད་དྲག་པོ་མཛོད། །ཉོ་ཚོང་ལེགས་པའི་འཛུམ་དཀར་ངོམ་བཞིན་དུ། །ཏི་ར་བམ་གྱི་གདན་ལ་བཞུགས་ནས་ཀྱང་། །ཐུ་མང་རལ་གྱི་མ་རུང་སེམས་འཆང་བ། །དེ་བཞིན་གཤེགས་པའི་བསྟན་ལ་སྡང་བ་དང་། །ནོ་པ་ཀ་ཡི་དགྲ་རྣམས་ཚར་གཅོད་ཅིག །པི་ཝཾ་དུང་སོགས་རོལ་མོའི་རིགས་བྱེད་དང་། །ཕུ་ཆུ་ལྟར་འབབ་བཏུང་བའི་རིགས་བྱེད་ཚོགས། །བེའུ་ལུག་མ་ཧེ་འདོད་འཇོའི་བ་མོ་སོགས། །མོ་ཧ་བྱེད་པའི་མཐུན་པའི་དམ་རྫས་ནི། །ཙི་ནའི་ཡུལ་གྱི་ཐ་གྲུ་མཐའ་ཡས་པ། །ཚུ་རོལ་བོད་ཁམས་མཐའ་དབུས་ཐམས་ཅད་དང་། །ཛེ་ཏའི་ཚལ་སོགས་རྒྱ་གར་ཡུལ་སོགས་ན། །ཝོ་ཛི་ཧས་ཀྱང་བསྔགས་པར་དཀར་བའི་གནས། །ཞི་དང་སྲིད་པའི་དཔལ་འབྱོར་ཁྱོད་ལ་འབུལ། །ཟུ་ལེ་སྨིན་སོགས་དྲེགས་པ་ཡོངས་ཀྱི་གཙོ། །འེ་ཞེས་ཁྱོད་ཉིད་བསྟོད་ཅིང་བསྐུར་བའི་ཚེ། །ཡོ་གའི་ཚོགས་ལ་བར་དུ་གཅོད་པའི་བགེགས། །རི་ཀླུང་བར་སྣང་ནམ་མཁའ་གནས་པའི་རིགས། །ལུ་གུ་རྒྱུད་ཀྱི་ཚོགས་རྣམས་མེད་པར་མཛོད། །ཤེ་མུན་ཉམས་ངའི་གཡང་ལས་སྲུང་བ་དང་། །སོ་སོར་ལས་བཞིའི་དངོས་གྲུབ་ཇི་སྙེད་ཀུན། །ཧི་ཧི་བཞད་སྒྲས་སྲིད་གསུམ་གཡོ་བར་བྱེད། །ཨུ་རྒྱན་བླ་མའི་ཐ་ཚིག་རྗེས་དགོངས་ལ། །བདག་ཅག་ནད་མེད་ཚེ་རིང་ཕུན་སུམ་ཚོགས། །ལོངས་སྤྱོད་འཕེལ་ཞིང་མི་ནོར་དབང་དུ་བསྡུས། །གནོད་བྱེད་བྱད་མ་དགྲ་བགེགས་ཚར་གཅོད་ནས། །དོན་འགྲུབ་དགེ་ལེགས་དཔལ་ལ་སྤྱོད་པར་ཤོག །ཅེས་པའང་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ །

གནོད་སྦྱིན་དམར་པོ་བསང་གི་མཉེས་པའི་རྫས།

ལྷ་ཤིང་སྨན་སྤོས་རྩི་ཤིང་བཟང་པོའི་ཕྱེ་མར་ཕུད་རྣམས་བསང་རྫས་སྣ་ཚོགས་བཤམས། རང་ཉིད་སྐུ་གསུམ་རྒྱལ་དབང་པདྨ་འབྱུང་། །སྒྱུ་འཕྲུལ་རོལ་གར་སྡེ་བརྒྱད་བྲན་དུ་ཁོལ། །དེ་མདུན་རླུང་སེམས་དག་པའི་རྟེན་འབྲེལ་ལས། །ཡོངས་ཤར་སྡེ་བརྒྱད་འདུ་བའི་འཇིགས་རུང་གནས། །དུད་ཁྲོད་ཕོ་བྲང་གཞལ་ཡས་ལྷུན་གྱིས་གྲུབ། །ཀེང་རུས་ཐོད་མཁར་སྲིན་པོའི་གྲོང་ལྟ་བུར། །དྲེགས་བདུད་ཕོ་མོ་བསྒྱེལ་བའི་གདན་སྟེང་ན། །སྟོབས་ལྡན་གནོད་སྦྱིན་ཙིའུ་དམར་པོ་ཞེས། །དབང་གི་ལྷ་བཙུན་པདྨ་ར་ག་ལ། །ཉི་ཟེར་འཁྱུད་འདྲ་སྤྱན་བསྒྲད་ཤངས་གཉེར་ཞིང་། །ཞལ་གྱི་མཆེ་བའི་མྱུ་གུས་ཨམ་གཙིགས་བསྡམས། །དཔའ་བའི་མངོན་རྟོགས་ངོམ་པའི་གཟི་བྱིན་ཅན། །དུད་ཁྲོད་ཆས་དང་ན་བཟའ་རྒྱན་རྣམས་རྫོགས། །ཕྱག་གཡས་མདུང་དར་རུ་མཚོན་དམར་པོ་དང་། །གཡོན་པས་བཙན་གྱི་ཞགས་པས་ཉམས་པ་ཁྲིད། །ཞིང་བཅུ་དམ་ཉམས་འབྱུང་པོ་བསྒྲལ་འདྲེན་མཛད། །ཀུན་རྫོབ་སྒྱུ་མའི་སྣང་ངོར་དྲེགས་པའི་ཚུལ། །དོན་དམ་དབྱིངས་སུ་འོད་མཚན་སྟོང་འབར་གར། །སྔོན་ཚེ་ཆོས་རྒྱལ་མཁན་ཆེན་པད་འབྱུང་གིས། །ཟན་ཡང་ཆོས་འཁོར་དཔལ་གྱི་བསམ་ཡས་སོགས། །གཙུག་ལག་ཁང་སྲུང་དམ་ཉམས་གཤེད་མར་བསྐོས། །བསྟན་དང་དེ་འཛིན་སྡེ་དང་ཁྱད་པར་དུ། །འོད་གསལ་རྡོ་རྗེ་སྙིང་པོའི་རྣལ་འབྱོར་ལ། །འགོ་བའི་སྲུང་མ་གནོད་སྦྱིན་ཡང་ལེ་བེར། །རོལ་བ་རྐྱ་བདུན་སྡེ་བརྒྱད་འཁོར་ཚོགས་ལ། །འདོད་ཡོན་ལྔ་ལྡན་བདུད་རྩི་བསང་མཆོད་འབུལ། །བསང་ངོ་མཆོད་དོ་བརྔན་ནོ་དགྱེས་པར་མཛོད། །གཞན་ཡང་མཆོག་གསུམ་རྩ་གསུམ་ཆོས་སྐྱོང་དང་། །ནོར་ལྷ་གཏེར་བདག་གཙང་རིས་ལྷ་ཡི་ཚོགས། །འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་རྣམས་དང་། །ཡུལ་ལྷ་གཞི་བདག་གནས་ཡུལ་སྐྱོང་བའི་ལྷ། །བསང་ངོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །དུག་ལྔའི་དབང་གིས་སོ་བྱང་སྔགས་གསུམ་གྱི། །དམ་ལས་འགལ་དང་མཁན་སློབ་མཆེད་རྣམས་ལ། །ནོངས་གང་དག་ཆེན་ཆོས་དབྱིངས་ཀློང་དུ་བཤགས། །འཁུ་ལྡོག་རང་རིག་གཤིས་སུ་ཞི་གྱུར་ཅིག །དེ་ལྟར་བདུད་རྩིའི་བསང་མཆོད་འདི་བཞེས་ལ། །རྒྱལ་བསྟན་སྤྱི་དང་རྡོ་རྗེ་ཐེག་པ་ཡི། །བསྟན་དང་བསྟན་འཛིན་སྡེ་དང་བཅས་པ་སྐྱོངས། །གངས་ཅན་སྐྱེ་དགུར་ཕན་བདེའི་དགེ་མཚན་སྤེལ། །དགྲ་གདོན་བྱད་ཕུར་དམ་སྲིའི་འཚེ་བ་བཟློག །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་འཕེལ་བ་དང་། །མི་དང་མི་མིན་སྣང་སྲིད་དབང་དུ་བསྡུས། །དགྲ་བོ་ལྷ་དང་བཅས་པ་རྡུལ་དུ་རློགས། །མི་ཕྱུགས་དཀོར་ནོར་བུ་སློབ་འཁོར་བཅས་སྲུངས། །བརྟན་གཡོ་སྣང་སྲིད་ཕྱྭ་གཡང་དངོས་གྲུབ་སྩོལ། །སྲིད་ཞིའི་ཕུན་ཚོགས་བཀྲ་ཤིས་རྒྱས་པར་མཛོད། །ག་ག་དྷརྨ་དྷརྟུའི་བསྐུར་བའི་ངོར། ཨོ་རྒྱན་ཆེ་མཆོག་དཔལ་གྱི་རྡོ་རྗེས་སྨྲས་སོ། །མངྒལཾ། །

རྒྱལ་ཆེན་སྐུ་ལྔའི་བསང་མཆོད་དགྲ་ལས་རྣམ་རྒྱལ་ཞེས་བྱ་བ་བཞུགས་སོ།།

ཧཱུྃ། རང་བཞིན་ལྷུན་གྱིས་གྲུབ་པའི་གཞལ་ཡས་ནས། །བཅོམ་ལྡན་རྒྱལ་བ་རིགས་ལྔ་ཡབ་ཡུམ་སྐུ། །དོན་དམ་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཡེ་ཤེས་ལྔ་ཡི་རང་གདངས་ཤར་བ་ལས། །ཤིན་ཏུ་གདུལ་དཀའ་དམ་སྲི་འབྱུང་པོའི་ཚོགས། །ལོག་རྟོག་གདུག་པའི་ཚོགས་རྣམས་བསྒྲལ་བའི་ཕྱིར། །དུག་ལྔ་མ་སྤངས་སྐུ་ལྔ་ལྷུན་གྱིས་གྲུབ། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྐུ་ལྔར་ཤར། །གསང་བའི་ཡུམ་ཆེན་བདུད་མོ་རྣམ་པ་ལྔ། །དམ་ཚིག་སྲུང་བའི་བཀའ་ཡི་བློན་པོ་ལྔ། །འཁོར་གྱི་ལས་བྱེད་རུ་འདྲེན་སྡེ་བཞིའི་ཚོགས། །ཅི་བགྱིའི་བཀའ་ཉན་ལས་རྣམས་སྒྲུབ་པའི་ཕྱིར། །སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བསམ་མི་ཁྱབ། །ཕོ་ཉ་སྟག་གཟིག་དོམ་དྲེད་འདུར་ཞིང་རྒྱུག །སྤྲ་སྤྲེའུ་བྱི་བ་སྣ་ཚོགས་ཟློས་གར་བསྒྱུར། །ལྕགས་ཀྱི་བྱ་ཁྲ་མང་པོ་སྤྲིན་ལྟར་གཏིབ། །བདུད་བྱ་ལྕུང་ཀའི་ཚོགས་ནི་ཐིབས་སེ་ཐིབ། །གནམ་ལྕགས་ཐོག་གི་སེར་ཆེན་ཤ་ར་ར། །རྔམས་པའི་གད་རྒྱངས་མི་བཟད་ཧ་ཧར་བཞད། །དགྱེས་པའི་གླུ་ལེན་བཤུག་པའི་སྒྲ་དང་བཅས། །རྣལ་འབྱོར་བདག་གིས་བསང་མཆོད་འབུལ་བའི་ཕྱིར། །དད་དང་དམ་ཚིག་དབང་གིས་སྤྱན་འདྲེན་ན། །སྐད་ཅིག་ཡུད་ཙམ་གནས་འདིར་གཤེགས་སུ་གསོལ། །མ་ཆགས་པདྨ་ཐབས་ཤེས་ཉི་ཟླ་དང་། །དགྲ་བགེགས་ལོག་འདྲེན་བསྣོལ་བའི་གདན་ལ་བཞུགས། །མེ་ཐབ་སངས་རྒྱས་སྤྱན་མའི་ཀློང་ཡངས་སུ། །ན་བཟའ་དཀར་མོའི་ངོ་བོ་མེ་འབར་བ། །དམ་ཚིག་སྒྲོལ་མའི་རླུང་གིས་རབ་བསྐྱོད་དེ། །རིན་ཆེན་མཱ་མ་ཀི་ཡི་ཆབ་ཀྱིས་བྲན། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་ཀུན་ཏུ་ཁྱབ། །དོན་ལ་བསྲེག་བྱ་སྲེག་བྱེད་མི་དམིགས་ཀྱང་། །ཀུན་རྫོབ་སྒྱུ་མ་ལྟ་བུའི་ཚུལ་གྱིས་ནི། །རིན་ཆེན་སྣ་ལྔ་དར་ཟབ་སྣ་ཚོགས་དང་། །ཕྱེ་མར་སྨན་སྤོས་འབྲུ་བཅུད་སྤོས་ཀྱི་རིགས། །དཀར་དམར་ཇ་ཆང་བཏུང་བ་རྒྱ་མཚོར་བསྐྱིལ། །ཤ་ཆེན་སྤོས་དཀར་ཚུལ་ཆེན་སྦྱར་བའི་རྫས། །དྲི་མེད་ཤིང་སྣའི་ཚོགས་དང་ལྷན་ཅིག་ཏུ། །བསྲེགས་པའི་དུད་སྤྲིན་ནམ་མཁའི་མཐའ་དང་མཉམ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །མཆོད་པའི་ལྷ་མོའི་ཟེར་ཕྲེང་ཕྱོགས་བཅུར་འཕྲོ། །འདོད་རྒུའི་སྤྲིན་ཕུང་བསང་གི་མཆོད་པ་འདིས། །འགྱུར་མེད་དབྱིངས་ལས་ཁྲོས་པའི་སྐུར་བཞེངས་པ། །ཆོས་སྐྱོང་རྒྱལ་པོ་སྐུ་ལྔ་བསང་ཞིང་མཆོད། །རྒྱལ་པོ་སྡེ་ལྔའི་ཐུགས་དམ་དགྱེས་བྱེད་མ། །གསང་བའི་ཡུམ་ཆེན་སྡེ་ལྔ་བསང་ཞིང་མཆོད། །ཕྲིན་ལས་རྣམ་བཞིའི་ལས་རྣམས་སྒྲུབ་པའི་ཕྱིར། །བཀའ་ཡི་བློན་པོ་རྣམ་ལྔ་བསང་ཞིང་མཆོད། །དམ་ཉམས་དགྲ་བོ་ཕུང་དུ་གཞུག་པའི་ཕྱིར། །འཁོར་གྱི་རུ་འདྲེན་ཚོགས་རྣམས་བསང་ཞིང་མཆོད། །ཅི་བགྱིས་བཀའ་ཉན་ལས་རྣམས་སྒྲུབ་པའི་ཕྱིར། །ཕོ་ཉ་སྤྲུལ་དང་ཡང་སྤྲུལ་བསང་ཞིང་མཆོད། །ཁྱད་པར་ཁྱེད་དང་མཐུན་པའི་དམ་རྫས་ནི། །དམ་ཤིང་དགྲ་སྟ་རུ་མཚོན་ཤེལ་དཀར་ཕྲེང་། །དར་གྱི་ལྡ་ལྡི་རྒྱལ་མཚན་འཕན་འཕུར་དང་། །གོ་ཁྲབ་སྤྱན་གཟིགས་སྣ་ཚོགས་སྤྲིན་ལྟར་གཏིབ། །དུད་འགྲོ་རྐང་བཞིའི་ཚོགས་ནི་ཀྱི་ལི་ལི། །བྱ་རིགས་འདབ་ཆགས་ཚོགས་ནི་ཐིབས་སེ་ཐེབ། །ཟ་འོག་མཛེས་པའི་གུར་ཕུབ་ཤ་ར་ར། །རཀྟ་ཁྲག་གི་རྒྱ་མཚོ་ཁྱིལ་ལི་ལི། །གསེར་སྐྱེམས་ཕུད་རྒོད་བཏུང་བ་མེ་རེ་རེ། །བཤོས་གཙང་ཞལ་ཟས་གཏོར་ཆེན་སྤུངས་སེ་སྤུང་། །མི་རྐང་མཆོག་གི་གླིང་བུ་དི་རི་རི། །སྒྲ་སྙན་གླུ་གར་ཕེབ་རྡོབ་ཅང་ཏེའུ། །པི་ཝཾ་རྒྱུད་མང་ཆ་ལང་ལ་སོགས་པ། །སྤྱན་གཟིགས་སྣ་ཚོགས་རྫ་ལྟར་སྤུངས་པ་འདིས། །དགྲ་ལྷ་ཆེན་པོ་འཁོར་དང་བཅས་པ་མཆོད། །དེ་ལྟར་བསང་མཆོད་ཕུལ་བའི་བྱིན་རླབས་ཀྱིས། །ཁྱོད་ནི་སྔོན་ཚེ་མ་ལ་ཡ་རྩེ་དང་། །བམ་རི་ཐོད་མཁར་འབར་བའི་གཞལ་ཡས་ནས། །རྟ་མཆོག་རོལ་བ་ལག་ན་རྡོ་རྗེ་ཡིས། །དབང་བསྐུར་དམ་བཏགས་གསང་བའི་གཉན་དུ་བསྐོས། །བར་དུ་སློབ་དཔོན་པདྨ་འབྱུང་གནས་ལ། །རང་རྟགས་སྲོག་གི་སྙིང་པོ་མངོན་དུ་ཕུལ། །བསྟན་པ་སྲུང་ཞིང་བསྟན་འཛིན་སྐྱོང་བ་དང་། །ཅི་བགྱིའི་བཀའ་ཉན་སྒྲུབ་པར་ཁས་བླངས་ཤིང་། །དེ་འོག་སོ་ཟུར་ཉང་དང་གནུབ་ཆེན་སོགས། །རིག་འཛིན་ཆེན་པོ་ཉི་མ་གྲགས་པ་ཡིས། །དམ་ཚིག་བསྒྲགས་ནས་དམ་ལ་བཞག་པའི་ཚེ། །སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པའི། །དགྲ་ལྷ་སྐུ་ལྔ་ཡབ་ཡུམ་མཐུ་ཆེན་རྣམས། །ད་ལྟ་སྙིགས་མ་ལྔ་བདོའི་ཡང་མཐའ་འདིར། །སྔོན་གྱི་ཐུགས་དམ་གཉན་པོ་མ་གཡེལ་བར། །བདག་ཅག་བསང་མཆོད་ཕུལ་བའི་བྱིན་རླབས་ཀྱིས། །དམ་ཆོས་སྒྲུབ་ལ་བར་དུ་གཅོད་པའི་བགེགས། །ནད་དང་གནོད་པ་མ་ལུས་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་སྙན་གྲགས་ལོངས་སྤྱོད་རྒྱས། །ཆབ་སྲིད་འཁོར་འབངས་ཡོན་ཏན་ལེགས་པའི་ཚོགས། །གོང་ནས་གོང་དུ་འཕེལ་བའི་ཕྲིན་ལས་མཛོད། །ཁྱད་པར་རྒྱལ་དབང་པདྨ་ཀ་ར་ཡི། །བཤད་དང་སྒྲུབ་པའི་བསྟན་པ་རིན་པོ་ཆེ། །ཡངས་པའི་ཐ་གྲུ་ཀུན་ཏུ་རྒྱས་པར་མཛོད། །རྣལ་འབྱོར་བདག་ལ་འཚེ་བའི་དམ་སྲིའི་དཔུང་། །མི་དང་མི་མིན་རྒྱ་འདྲེ་འབྱུང་པོའི་རིགས། །ཕ་རོལ་བྱད་མ་རྦད་འདྲེ་རྦོད་གཏོང་དང་། །ངན་སྨྲས་དུག་སྦྱོར་བསམ་ངན་དུག་གཡོས་མཁན། །ནག་ཕྱོགས་ཀླ་ཀློའི་སྡེ་རིས་དཔུང་ཚོགས་རྣམས། །དུས་མཐའི་མེ་ཡིས་རྩ་སྦུར་བསྲེགས་པ་བཞིན། །ད་ལྟ་ཉིད་དུ་སྒྲོལ་བའི་ཕྲིན་ལས་མཛོད། །ཅེས་རྒྱལ་ཆེན་སྐུ་ལྔའི་བསང་མཆོད་འདི་ཉིད། རྫོགས་སྤྲུལ་ལྔ་བར་འབོད་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེའོ། །

སྐུ་ཡི་རྒྱལ་པོའི་བསང་མཆོད་ནི།

ཧཱུྃ། རིན་ཆེན་ཤེལ་གྱི་སྐུ་མཁར་རྩེ་དགུ་ནས། །མཐུ་སྟོབས་དབང་ཕྱུག་དགྲ་ལྷའི་རྒྱལ་པོ་ནི། །རྣམ་པར་སྣང་མཛད་ཡེ་ཤེས་རོལ་བ་ལས། །སྐུ་ཡི་རྒྱལ་པོ་དགྲ་བཅོམ་གཞོན་ནུའི་ཚུལ། །སྐུ་མདོག་དཀར་གསལ་འོད་ཟེར་ཕྱོགས་བཅུར་འཕྲོ། །ཤིན་ཏུ་མཛེས་པ་ཞི་འཛུམ་སྒེག་པའི་ཉམས། །ཞལ་གཅིག་ཕྱག་གཉིས་ལྷུང་བཟེད་མཁར་གསིལ་བསྣམས། །རབ་མཛེས་ལེ་བརྒན་མདོག་ཅན་སྣམ་སྦྱར་ལ། །རིན་ཆེན་གསེར་གྱི་པ་ཊའི་ཀུན་ནས་མཛེས། །བེེཌཱུརྱ་ཡི་མདོག་ཅན་མཐང་གོས་ལ། །གསེར་མདོག་སྐེད་ཆིངས་སག་ལྷམ་ཡུ་རིང་གསོལ། །ཆིབས་སུ་མི་བཟད་གླང་ཆེན་སྨྱོན་པ་ཆིབས། །གཡོན་དུ་ཡུམ་ཆེན་བདུད་མོ་རོ་ལངས་མ། །དར་དཀར་གོས་གསོལ་དམ་ཤིང་བྷནྡྷ་བསྣམས། །གཡས་སུ་བློན་པོ་བྱ་ཁྲི་མིག་གཅིག་པ། །ཕྱག་གཉིས་རྡོ་རྗེ་འཕེན་ཤིང་རྟ་སྔོན་ཆིབས། །མདུན་དུ་སྤྲུལ་པ་དགྲ་བཅོམ་གཞོན་ནུའི་ཚུལ། །སྐུ་ལ་ཆོས་གོས་ངུག་སྨྲིག་མདོག་ཅན་གསོལ། །ཕྱག་གཡས་གསེག་ཤང་གསེར་གྱི་སྤུ་གྲི་བསྣམས། །ཕྱོགས་བཞིར་རྒྱལ་མཚན་བཞི་དང་ཡུམ་མཆོག་བཞི། །བློན་པོ་རྣམ་བཞི་སྤྲུལ་པ་རྣམ་བཞི་སོགས། །ཕྱི་རོལ་ལྷ་སྲིན་སྡེ་བརྒྱད་འཁོར་ཚོགས་ནི། །ཉི་མའི་ཟེར་གྱི་རྡུལ་ལྟར་བསམ་མི་ཁྱབ། །འཁོར་བཅས་བསང་གི་མགྲོན་ལ་སྤྱན་འདྲེན་གཤེགས། །རབ་ཏུ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །རི་རབ་གླིང་བཞི་གླིང་ཕྲན་གསེར་གྱི་རི། །རོལ་བའི་མཚོ་བདུན་མཐའ་ཡི་རྒྱ་མཚོ་དང་། །ལྕགས་རི་མུ་ཁྱུད་ཉི་ཟླ་གཟའ་སྐར་བཀྲ། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །དཔག་བསམ་ཤིང་ཆེན་ཡན་ལག་བརྒྱད་ལྡན་མཚོ། །འདོད་འབྱུང་གཏེར་བུམ་མ་རྨོས་ལོ་ཏོག་དང་། །ནོར་བུ་བསམ་འཕེལ་ནོར་འཛིན་ནེའུ་ལེ་རྣམས། །རིན་ཆེན་སྣ་ཚོགས་ལས་གྲུབ་གཞལ་ཡས་ཁང་། །སྨྱུག་རྒོད་ལོ་རྒྱས་རྒྱལ་མཚན་རྣམ་དགུ་སོགས། །དམ་ཤིང་དགྲ་སྟ་ཤེལ་དཀར་ཕྲེང་བ་དང་། །མཁར་གསིལ་ལྷུང་བཟེད་བེ་ཅོན་ཀཱ་པ་ལ། །ཁྱད་པར་ཕྱེ་མར་འོ་སྐོལ་དར་ཟབ་དང་། །རིན་ཆེན་སྣ་ལྔ་འབྲུ་དང་སྨན་སྣ་སོགས། །ཤུག་པ་འོམ་བུ་མཁན་དཀར་བ་ལུ་དང་། །སྟག་པ་ལ་སོགས་བདུད་རྩི་ཅན་གྱི་ཤིང་། །དྲི་ཞིམ་ཤིང་སྣའི་ཚོགས་དང་ལྷན་ཅིག་ཏུ། །བསྲེགས་པའི་དུད་སྤྲིན་ལྷ་ལམ་ཁྱབ་པ་འདིས། །སྐུ་ཡི་རྒྱལ་ཆེན་འཁོར་བཅས་བསང་ཞིང་མཆོད། །ཐུགས་ཀྱི་རྒྱལ་ཆེན་འཁོར་བཅས་བསང་ཞིང་མཆོད། །ཡོན་ཏན་རྒྱལ་ཆེན་འཁོར་བཅས་བསང་ཞིང་མཆོད། །གསུང་གི་རྒྱལ་ཆེན་འཁོར་བཅས་བསང་ཞིང་མཆོད། །ཕྲིན་ལས་རྒྱལ་ཆེན་འཁོར་བཅས་བསང་ཞིང་མཆོད། །རང་རང་སྤྲུལ་པའི་ཚོགས་རྣམས་བསང་ཞིང་མཆོད། །འཁོར་གྱི་རུ་འདྲེན་སྡེ་བཞི་བསང་ཞིང་མཆོད། །དེ་ལྟར་བསང་ཞིང་མཆོད་པའི་བྱིན་རླབས་ཀྱིས། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བསྟན་པ་རིན་ཆེན་ཕྱོགས་བཅུར་དར་ཞིང་རྒྱས། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རབ་བརྟན་ཞིང་། །འཁོར་འབངས་བུ་སློབ་མངའ་ཐང་རྒྱས་པ་དང་། །ཆོས་འཁོར་འདི་ལ་རྟག་ཏུ་སྲུང་སྐྱོབ་མཛོད། །རྒྱལ་ཁམས་ཀུན་ཏུ་བདེ་ཞིང་སྐྱིད་པ་དང་། །བདག་ཅག་མི་ནོར་འཁོར་དང་བཅས་པ་ལ། །གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་རྣམས། །ད་ལྟ་ཉིད་དུ་སྒྲོལ་བའི་ཕྲིན་ལས་མཛོད། །གཞི་བྱེས་ལམ་གསུམ་གང་ན་སྡད་ཀྱང་རུང་། །ཆོས་མཐུན་བསམ་པ་ཡིད་བཞིན་སྒྲུབ་པ་དང་། །བྱང་ཆུབ་ལམ་ལ་བར་དུ་གཅོད་པའི་གེགས། །ཐམས་ཅད་མིང་ཙམ་མེད་པར་ཞི་ནས་ཀྱང་། །མཐུན་རྐྱེན་ལེགས་ཚོགས་གོང་ནས་གོང་འཕེལ་ཤོག །མདོར་ན་བསམ་དོན་ཡིད་བཞིན་འགྲུབ་ནས་ཀྱང་། །རྣམ་བཞིའི་ཕྲིན་ལས་མཐའ་དག་བསྒྲུབ་ཏུ་གསོལ། །ཅེས་པ་འདིའང་རྫོགས་སྤྲུལ་ལྔ་བས་སོ། །

གསུང་གི་བློན་པོ་དགྲ་ལྷའི་རྒྱལ་པོ་རྡོ་རྗེ་གྲགས་ལྡན་གྱི་བསང་མཆོད་འདོད་ཡོན་ལྷུན་གྲུབ་ཅེས་བྱ་བ་བཞུགས།།

ཧྲཱིཿ སྲིད་གསུམ་འདི་ན་མཐུ་དང་དབང་ཆེ་བ། །དབང་ཆེན་རྟ་མཆོག་པདྨ་ཧེ་རུ་ཀའི། །བཀའ་ཉན་ཐ་ཚིག་རྡོ་རྗེའི་ཡལ་གམ་ཅན། །དོན་དམ་སྟོང་ཉིད་ནམ་མཁའི་ངོ་བོ་ལ། །སྣང་བ་མཐའ་ཡས་པདྨ་རཱ་གའི་མདོག །ཐུགས་ཉིད་སྙིང་རྗེ་ཆེན་པོའི་ངང་ཉིད་ལས། །ཡེ་ཤེས་དབྱིངས་ལ་འཕོ་འགྱུར་མི་མངའ་ཡང་། །ལོག་རྟོག་མཚན་མའི་རྟོག་པ་བསལ་བའི་ཕྱིར། །གསུང་གི་བློན་པོ་རྡོ་རྗེ་གྲགས་ལྡན་ནི། །མ་རུང་ཁྲག་དྲོན་བཏུང་བས་མ་ཚིམས་པར། །ལུས་ཀུན་ཞུགས་འདྲའི་ལང་ཚོ་གསར་བའི་གཟི། །ཞལ་གཅིག་ཕྱག་གཉིས་རུ་མཚོན་བཙན་ཞགས་བསྣམས། །ཞལ་གདངས་ལྗགས་འདྲིལ་མཆེ་བ་རབ་ཏུ་གཙིགས། །ཁྲོས་པའི་དབང་ཕྱུག་ཅུང་ཟད་འཛུམ་ཆགས་ཉམས། །སྨ་ར་སྨིན་མ་གློག་སྟོང་འགྱུ་བ་བཞིན། །བསེ་ཁྲབ་བསེ་རྨོག་རིན་ཆེན་རུས་པས་བརྒྱན། །ཞབས་ལ་སག་ལྷམ་འཇའ་རིས་ཡུ་རིང་གསོལ། །མི་བཟད་གར་དགུའི་ཉམས་ལྡན་བརྗིད་པའི་སྐུ། །གཡས་བསྐུམ་གཡོན་བརྐྱངས་མེ་དཔུང་ཀློང་ན་བཞུགས། །རོལ་དུ་འཕར་སྤྱང་བྱ་རོག་འུག་པ་འགྱེད། །ཕོ་ཉ་ཐོག་དང་རླུང་ནག་འཚུབ་མ་ཁྲིད། །གསང་བའི་ཡུམ་ཆེན་གཟི་བརྗིད་ཆེན་མོ་ནི། །དཀར་དམར་མདངས་ལྡན་ཡིད་འོང་ལྷ་མོའི་ཚུལ། །སྤྲུལ་པ་རབ་བྱུང་ཕག་ནག་སྟེང་ན་འགྱིང་། །བློན་པོ་བདུད་ནག་མདུང་དར་རྒྱུ་ཞགས་བསྣམས། །རུ་འདྲེན་སྡེ་བཞི་འཁོར་དང་བཅས་པ་རྣམས། །གནམ་ས་རི་ཀླུང་བར་སྣང་ཁམས་ཀུན་གང་། །དད་དང་དམ་ཚིག་དབང་གིས་སྤྱན་འདྲེན་ན། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་བའི། །སྣ་ཚོགས་དར་གྱི་གཡབ་མོས་སྤྱན་འདྲེན་ཞིང་། །སྣ་ཚོགས་རོལ་མོའི་སྒྲ་ཡིས་བསྐུལ་བའི་ཚེ། །སྣ་ཚོགས་མཐུན་པའི་དམ་རྫས་བཤམས་ནས་སུ། །རྣམ་དག་ནམ་མཁའ་གང་བའི་ལྷ་ལམ་ནས། །རྣམ་འཕྲུལ་ཆ་ལུགས་སྣ་ཚོགས་སྐུར་སྟོན་ཞིང་། །རྣམ་པ་འཇིག་རྟེན་དྲེགས་པའི་སྐུར་བཞེངས་པ། །རྣམ་རྒྱལ་ཕོ་བྲང་ལྟ་བུའི་གཞལ་ཡས་འདིར། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །དད་ཅིང་གདུང་བ་ཅན་གྱི་ཚོགས་རྣམས་ལ། །བརྟེན་ན་སྙིང་ཉེ་སྒྲུབ་ན་བུ་བཞིན་སྐྱོང་། །དམ་ལྡན་སྒྲུབ་པའི་སྙིང་གྲོགས་ཁྱོད་གཅིག་པུ། །ཁྱོས་ལས་གཞན་པའི་སྲུང་མ་མ་མཆིས་ན། །སྲུང་མའི་དབང་པོ་ཁྱོད་ཀྱིས་རྗེས་དགོངས་ཤིག །དར་ཟབ་རིན་ཆེན་སྣ་ཚོགས་འབྲུ་སྣའི་རིགས། །ཇ་ཆང་འོ་སྐོལ་བཏུང་བའི་རིགས་བྱེད་དང་། །ཕྱེ་མར་རི་རབ་ལྟ་བུ་བརྗིད་ལྡན་ཚོགས། །དྲི་ཞིམ་བདུད་རྩི་ཤིང་སྣའི་ཚོགས་རྣམས་དང་། །སྣ་ཚོགས་མཐུན་པའི་མཆོད་པའི་རྫས་རྣམས་ཀུན། །རཾ་ལས་སྐྱེས་པའི་འབར་བའི་མེ་ནང་དུ། །བསྲེགས་པའི་དུད་སྤྲིན་ནམ་མཁའ་གང་བའི་རྩེར། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་བདུན་དང་ཉེ་བའི་རིན་ཆེན་བདུན། །རྡོ་རྗེ་སྒེག་མོ་ལ་སོགས་ཕྱི་སྒེག་བཞི། །བཛྲ་དྷཱུ་པེ་ལ་སོགས་ནང་སྒེག་བཞི། །རྔ་ཟླུམ་ལ་སོགས་གསང་བའི་རིག་མ་ལྔ། །རེག་བྱ་ལ་སོགས་འདོད་ཡོན་ལྷ་མོ་གསུམ། །གཞན་ཡང་རྡོ་རྗེའི་ལྷ་མོའི་ཚོགས་རྣམས་ནི། །གཟུགས་མཛེས་ཡིད་འོང་ནམ་མཁའི་སྐར་ལྟར་བཀྲ། །ཡིད་འོང་དགའ་བདེའི་དཔལ་སྟེར་སྩོལ་མཛད་པ། །ངོ་མཚར་ཡོན་ཏན་བྱེ་བའི་རོལ་གར་ཚོགས། །རྣམ་མང་སྲིད་ཞིའི་འབྱོར་བ་བསམ་ལས་འདས། །བདུད་རྩིའི་སྤྲིན་ཕུང་བསང་གི་མཆོད་པ་འདིས། །རྡོ་རྗེ་གྲགས་ལྡན་འཁོར་བཅས་བསང་ཞིང་མཆོད། །དེ་ལྟར་བསང་མཆོད་ཕུལ་བའི་བྱིན་རླབས་ཀྱིས། །བདག་ཅག་མི་ནོར་འཁོར་དང་བཅས་རྣམས་ལ། །དྲག་ཤུལ་གདུག་པའི་སེམས་འཆང་མི་བསྲུན་པ། །བྱད་ཕུར་རྦོད་གཏོང་གཤོམ་པའི་བྱད་མ་མཁན། །ད་ལྟ་ཉིད་དུ་སྒྲོལ་བའི་ཕྲིན་ལས་མཛོད། །མི་ཁ་ངན་སྨྲས་དབྱེན་ཤགས་དུག་སྦྱོར་མཁན། །སྦྱོར་ངན་བྱེད་པའི་མི་དང་མི་མིན་ཚོགས། །ཚེ་དཔལ་དབང་ཐང་འཚེ་བར་བྱེད་པ་རྣམས། །མ་བསྐུལ་པར་ཡང་ཁྱོད་ཀྱི་ཟ་སྐལ་གྱིས། །མི་དང་མི་མིན་ཤེས་རྒྱུད་རློམ་བྱེད་པའི། །དམ་སྲི་ཤི་འདྲེ་རྒྱལ་འགོང་འབྱུང་པོའི་ཚོགས། །སྲུང་མ་ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས། །མིང་ཙམ་མེད་པར་བརླག་པའི་ཕྲིན་ལས་མཛོད། །རྩོད་ལྡན་སྙིགས་མ་ལྔ་བརྒྱའི་ཡང་མཐའ་འདིར། །བསྟན་པའི་ཉི་མ་ནུབ་རིར་ཆས་པའི་ཚེ། །སྲུང་མ་གཞན་གྱིས་གདུལ་བར་མི་ནུས་པས། །མཐུ་ཆེན་ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་གི །ལུང་རྟོགས་བསྟན་པའི་རྒྱལ་མཚན་འཛིན་མཛད་པ། །གྲུབ་དབང་རྫོགས་ཆེན་སྐུ་ཕྲེང་རིམ་བྱོན་གྱི། །སྐུ་ཚེ་མཛད་ཕྲིན་ཡར་ངོའི་ཟླ་བ་ལྟར། །གོང་ནས་གོང་འཕེལ་དགོན་གནས་ཆོས་འཁོར་གྱི། །བརྒྱུད་འཛིན་སློབ་མའི་ཚོགས་རྣམས་དབྱར་མཚོ་ལྟར། །ནམ་ཡང་ནུབ་མེད་འཕེལ་ཞིང་རྒྱས་པར་མཛོད། །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་པར། །སྲུང་མའི་དབང་པོ་ཁྱོད་དང་མི་འབྲལ་ཞིང་། །བར་ཆད་རྐྱེན་གྱི་རྣམ་སྨིན་ཅི་བྱུང་ཡང་། །ལྷ་མཆོག་ཁྱོད་ཉིད་དྲན་པ་ཙམ་གྱིས་ཀྱང་། །སྐུ་ཡི་དཔལ་འབར་འོད་ཟེར་ཕྱོགས་བཅུར་འཕྲོ། །གསུང་གི་ང་རོས་སྟོང་གསུམ་གང་བར་བྱེད། །ཐུགས་ནི་སྙིང་རྗེའི་དབྱིངས་ལས་མ་གཡོས་ཀྱང་། །མངོན་སྤྱོད་དྲག་པོའི་རོལ་པས་ཚར་ཆོད་ཅིག །མདོར་ན་གཞན་ཕན་བྱང་ཆུབ་སེམས་ཀྱི་བློས། །བསྟན་དང་འགྲོ་བའི་དོན་ཆེན་སྒྲུབ་པ་ལ། །མཐུ་ལྡན་སྲུང་མའི་དབང་པོ་ཁྱོད་ཉིད་ཀྱིས། །ཞལ་བཞེས་ཐ་ཚིག་གཉན་པོ་རྗེས་དགོངས་ལ། །མགོན་སྐྱབས་སྡོང་གྲོགས་རྟག་ཏུ་མ་གཡེལ་ཞིག །དེ་ལྟར་རྡོ་རྗེ་གྲགས་ལྡན་བསང་མཆོད་འདི། །བཀྲ་ཤིས་ཕུན་སུམ་ཚོགས་པའི་ལུང་བའི་ནང་། །སྤང་ལྗོངས་ནེའུ་སེང་མེ་ཏོག་བཀྲ་བའི་ཡུལ། །རིན་ཆེན་བྲག་རི་ལྗོན་ཤིང་བརྒྱན་པའི་ཞིང་། །ལྷ་བྱ་སྐད་སྙན་སྣ་ཚོགས་ཕྱོགས་བཅུར་བསྒྲགས། །ཡན་ལག་བརྒྱད་ལྡན་འབབས་པའི་གཡོན་ཕྱོགས་སུ། །ཐུབ་བསྟན་ནོར་བུས་ཡང་ཡང་བསྐུལ་བའི་ངོར། །དྲིན་ཆེན་བླ་མ་མཁྱེན་བརྩེའི་དབང་པོ་ཡི། །སློབ་མའི་ཡང་ཐ་འབངས་ཀྱི་ཐ་ཤལ་པ། །རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་མིང་ཅན་གྱིས། །ས་ཕོ་རྟ་ལོའི་རབ་ཚེས་བཅོ་ལྔ་ལ། །གཟའ་སྐར་ལེགས་ཚོགས་རྟེན་འབྲེལ་རྐྱེན་དབང་གིས། །རྟག་ཏུ་ལྷག་པའི་ལྷ་མཆོག་འདི་ཉིད་ལ། །སྲུང་མའི་གཙོ་བོ་བསྟེན་པའི་གང་ཟག་དེས། །རང་སྣང་གང་ཤར་བློ་ལ་བྲིས་པ་འདི། །ཉེས་འགལ་མཆིས་ན་སྲུང་མའི་ཚོགས་ལ་བཤགས། །དོན་འབྲས་མཆིས་ན་བསྟན་དང་སེམས་ཅན་ལ། །རྟག་ཏུ་ཕན་པ་རྒྱ་ཆེན་རྒྱུར་གྱུར་ཅིག །སརྦ་མངྒལཾ། །

རྟ་མགྲིན་དྲེགས་པ་ཟིན་གནོན་ལས༔ གཏེར་སྲུང་བསང་གསུར་གྱི་མཆོད་ཐབས་བཞུགས་སོ།།

བཟརནདྦ།༔ ཁྲོ་བོའི་ཆེ་བཙན་ཧེ་རུ་ཀ་ལ་འདུད༔ གཏེར་སྲུང་ཆེན་པོ་བསང་ངམ་གསུར་མཆོད་ཀྱིས༔ བརྔན་ཞིང་སྒྲུབ་པོའི་བར་ཆད་སེལ་བའི་ཐབས༔ རང་ཉིད་ཡི་དམ་ལྷ་ཡི་བསྐྱེད་རིམ་ངང༔ ཧཱུྃ༔ བསང་གསུར་འདོད་ཡོན་ལྔ་ལྡན་མཆོད་པའི་སྤྲིན༔ རྩ་གསུམ་དཔལ་མགོན་སྣང་སྲིད་ལྷ་སྲིན་ཚོགས༔ ཁྱད་པར་ཡ་མཚན་ལྡན་པའི་གནས་ཆེན་པོ༔ འབར་བ་དབང་གི་སྒྲུབ་གནས་མེ་འབར་ཕུག༔ གནམ་གྱི་གོང་བ་ཤར་ནས་ཉི་ཟླས་བརྒྱན༔ ཆབ་ཀྱི་གོང་བ་ནུབ་ནས་ཆུ་བོ་འབབས༔ རི་ཡི་རྒྱལ་པོ་བྲག་དམར་མདའ་སྒྲོའི་དབྱིབས༔ གྲིབ་སོ་གཉིས་ཀྱིས་ཉིན་མཚན་ཆུ་ཚོད་འཛིན༔ རིན་ཆེན་ཐང་བརྡལ་ལྷོ་ནས་འབྲས་དྲུག་སྨིན༔ སྨན་སྤོས་དྲི་བསུང་ལྡན་པའི་ལྗོངས་ཆེན་པོར༔ ཇོ་བོ་ཆེན་པོ་གྲི་བཙན་དགྲ་འཇོམས་རྩལ༔ མཆེད་ཟླ་ལྷ་སྲིན་དགྱེས་སྡེ་ཡུམ་དང་སྲས༔ ལྷ་ཤིང་ཤུག་པའི་དུད་པས་བསང་ངོ་མཆོད༔ དཀར་དམར་གསུར་གྱི་དུད་པས་བརྔན་ནོ་འབུལ༔ ཕུ་ཡི་མཚོ་སྨན་ནག་མོ་འཁོར་བཅས་བསང༔ དགྱེས་སྡེ་ཡུམ་ཆེན་ཡིན་པས་མངའ་གསོལ་ལོ༔ ཤར་གྱི་རྫོང་བཙན་དམར་པོ་འཁོར་བཅས་བསང༔ གཡར་དམ་གཅིག་པའི་གྲོགས་པོ་མངའ་གསོལ་ལོ༔ ལྷོ་ཕྱོགས་རི་ཡི་ལྷ་བཙན་འཁོར་བཅས་བསང༔ སྐུ་ཡི་སྲས་མཆོག་ཡིན་པས་མངའ་གསོལ་ལོ༔ ནུབ་ཀྱི་རྒྱལ་བ་ཐོད་དཀར་འཁོར་བཅས་བསང༔ ཡིད་ལུས་བསྐྱེད་པའི་ཕ་གཅིག་མངའ་གསོལ་ལོ༔ བྱང་གི་སྨན་མོ་རང་འཚོགས་བཙན་རྒོད་བསང༔ མཆེད་ཀྱི་སྤུན་ཟླ་ཡིན་པས་མངའ་གསོལ་ལོ༔ ཆུ་དྲོན་གཡུ་ཡི་ཕུག་པའི་ཀླུ་སྨན་བསང༔ ལྕམ་དྲལ་སྲིང་དུ་གྱུར་པས་མངའ་གསོལ་ལོ༔ མདོ་གསུམ་ཀླུ་བྲན་བཙན་རྒོད་འཁོར་བཅས་བསང༔ གཉེར་གྱི་ཕྱག་ཚང་ཡིན་པས་མངའ་གསོལ་ལོ༔ ཡོབ་ཀྱི་ཀྱང་རིའི་བཙན་དམར་འཁོར་བཅས་བསང༔ བཀའ་ཡི་བློན་པོ་ཡིན་པས་མངའ་གསོལ་ལོ༔ ཟླ་ཡི་དམར་པོ་བློན་སྲས་འཁོར་བཅས་བསང༔ ཕྱུགས་ཀྱི་རྫི་བོ་ཡིན་པས་མངའ་གསོལ་ལོ༔ ནགས་སོགས་ཆུ་ཡི་དགེ་བསྙེན་ཆེན་པོ་བསང༔ ལས་ཀྱི་ཕོ་ཉ་ཡིན་པས་མངའ་གསོལ་ལོ༔ གཞན་ཡང་བསང་འོས་བརྔན་དང་མཆོད་པར་འོས༔ མ་ལུས་ཐམས་ཅད་བསང་ཤིང་གསུར་གྱིས་བརྔན༔ ཁྱེད་རྣམས་བསང་ཞིང་མཆོད་དེ་བརྔན་པའི་མཐུས༔ བསྟན་པ་དར་ཞིང་སེམས་ཅན་སྐྱིད་པ་དང༔ བདག་ཅག་མི་ནོར་འཁོར་དང་བཅས་པ་ལ༔ བསྲུང་སྐྱོབ་མགོན་དང་སྡོང་གྲོགས་ཕྲིན་ལས་མཛོད༔ གཞི་བྱེས་ཀུན་ཏུ་མེལ་རྩེ་བྱ་ར་གྱིས༔ ཕུ་ཡི་གནག་སྐྱོང་མདའ་ཡི་འབྲུ་དྲུག་སྲུངས༔ ཉིན་གྱི་ལྷ་མཛོད་མཚན་གྱི་ཟོ་དོར་གྱིས༔ ཡུལ་ལྷ་གཞི་བདག་མཆོད་དོ་ངོ་མ་ཆུང༔ རྣལ་འབྱོར་འདོད་པའི་འབྲས་བུ་མཆིས་པར་མཛོད༔ ཅེས་བརྗོད་ཕུད་དང་གཏོར་མ་ཅི་འབྱོར་འབུལ༔ བར་ཆད་སེལ་ཞིང་སྡོང་གྲོགས་བྱེད་པར་འགྱུར༔ དེ་ཕྱིར་མ་འོང་རྣམས་ཀྱིས་སྤྱོད་མཁས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱལ་ཁམས་པ་ཉི་མ་གྲགས་པས་ནག་ཤོད་མེ་འབར་ཕུག་ནས་ཆུ་ཁྱི་ལ་གདན་དྲངས་ཞིང་ས་འབྲུག་ལ་ཤོག་སེར་ལས་བསྒྱུར་བའོ། །མངྒལཾ། །

ནོར་བདག་ཡིད་བཞིན་ནོར་བུའི་བསང་མཆོད་འདོད་རྒུའི་འབྱུང་གནས་ཞེས་བྱ་བ་བཞུགས་སོ།།

བེེ། རི་རབ་ལྷུན་པོའི་བྱང་ཕྱོགས་ལྕང་ལོ་ཅན། །རིན་ཆེན་སྣ་ཚོགས་གཏེར་གྱི་མཛོད་ཆེན་པོ། །གསེར་ལས་གྲུབ་པའི་རིན་ཆེན་ཕོ་བྲང་ནི། །འདོད་འབྱུང་རིན་ཆེན་ནོར་བུའི་གཞལ་ཡས་ནས། །ཡིད་བཞིན་ནོར་བུའི་རྒྱལ་པོ་རྣམ་ཐོས་སྲས། །གསང་ཡུམ་རིགས་བཞི་རྣམ་སྲས་སྡེ་བཞི་དང་། །ཛམ་ལྷ་རིགས་བཞི་གནོད་སྦྱིན་རྟ་བདག་བརྒྱད། །ཀླུ་ཆེན་བརྒྱད་དང་སྒོ་བཞི་སྐྱོང་བ་བཞི། །ནོར་ལྷ་གནོད་སྦྱིན་བྱེ་བ་འབུམ་གྱི་ཚོགས། །དད་དང་དམ་ཚིག་དབང་གིས་སྤྱན་འདྲེན་ན། །བསང་མཆོད་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རིན་ཆེན་སྣ་ཚོགས་མཛེས་པའི་གདན་ལ་བཞུགས། །ནོར་བདག་ཡིད་བཞིན་ནོར་བུའི་ལྷ་ཚོགས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད་པར་བགྱི། །ཤུག་པ་འོམ་བུ་མཁན་དཀར་བ་ལུ་དང་། །སྟག་པ་ལ་སོགས་ཤིང་སྣ་གཙང་མའི་རིགས། །འབར་བའི་མེར་བསྲེགས་དུད་པའི་སྤྲིན་ཕུང་འཁྲིགས། །བཟང་དྲུག་སྨན་ཕྱེ་ལྷུན་པོའི་སྤོ་དང་མཉམ། །དཀར་མངར་ཇ་ཆང་རྒྱ་མཚོ་ལྟ་བུ་བསྐྱིལ། །འབྲུ་རིགས་སྣ་ཚོགས་རྫ་ལྟར་བཀྲམ་པ་རྣམས། །མེ་འབར་བསྲེགས་པའི་བསང་མཆོད་དུད་པའི་སྤྲིན། །མཁའ་དབྱིངས་ཁྱབ་པར་གང་བར་འབུལ་ལགས་ན། །འགྲོ་བའི་དབུལ་ཕོངས་འཇིགས་པ་སྐྱོབ་པའི་ཕྱིར། །རྣམ་མང་ཐོས་སྲས་རྒྱལ་པོ་ཆེན་པོ་བསང་། །རྒྱལ་པོའི་ཐུགས་དམ་དགྱེས་པ་བསྐང་བའི་ཕྱིར། །ནོར་རྒྱུན་ལ་སོགས་ཡུམ་ཆེན་སྡེ་བཞི་བསང་། །རྣམ་བཞིའི་ཕྲིན་ལས་མ་ལུས་སྒྲུབ་མཛད་པའི། །ནོར་བདག་རྒྱལ་པོ་ཆེན་པོ་རིགས་བཞི་བསང་། །ནོར་བདག་ཡིད་བཞིན་ནོར་བུའི་ཐུགས་ཀྱི་སྲས། །སྲས་མཆོག་ཛམ་ལྷ་རིགས་བཞི་འཁོར་བཅས་བསང་། །ཅི་བགྱིས་བཀའ་ཉན་འཁོར་དུ་གཏོགས་པ་ཡི། །བྲོ་གནས་ལ་སོགས་རྟ་བདག་བརྒྱད་པོ་བསང་། །འོག་ཕྱོགས་ཀླུ་ཡི་ཚོགས་རྣམས་སྐྱོང་མཛད་པ། །དུང་སྐྱོང་ལ་སོགས་ཀླུ་ཆེན་བརྒྱད་པོ་བསང་། །ནོར་བདག་རིན་ཆེན་ཕོ་བྲང་ཆེན་པོ་ཡི། །སྒོ་བཞི་སྲུང་བའི་མགོན་པོ་སྡེ་བཞི་བསང་། །གཞན་ཡང་འཁོར་གྱི་ལྷ་ཀླུ་གནོད་སྦྱིན་ཚོགས། །བྱེ་བ་འབུམ་ཕྲག་བྲན་གཡོག་བཅས་པ་བསང་། །དེ་ལྟར་བསང་མཆོད་དམ་པ་ཕུལ་བའི་མཐུས། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །དགེ་འདུན་སྡེ་ཚོགས་དབྱར་གྱི་མཚོ་ལྟར་རྒྱས། །འགྲོ་རྣམས་དབུལ་ཕོངས་སྡུག་བསྔལ་མུན་སེལ་ཞིང་། །ཉམས་དང་རྟོགས་པའི་ཡེ་ཤེས་འཕེལ་བ་སོགས། །མདོར་ན་ཡིད་ལ་ཇི་ལྟར་བསམ་པ་ཀུན། །འབད་མེད་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་ནོར་བདག་ཡིད་བཞིན་ནོར་བུའི་བསང་མཆོད་འདོད་རྒུའི་འབྱུང་གནས་ཞེས་བྱ་བ། འདི་ཉིད་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའམ་མིང་གཞན་པདྨ་ཐེག་མཆོག་བསྟན་འཛིན་གྱིས་བྲིས་པའོ། །

ཛམ་དམར་ཞལ་ལྔ་ཕྱག་བཅུའི་བསང་མཆོད་བཞུགས་སོ།།

ཛཾ་བྷ་ལྷ་ལ་ཕྱག་འཚལ་ལོ། །རྣམ་འབྱོར་བའི་རྒྱུན་བསང་དུ་བྱ་བ་ལ། གནས་ཤིན་ཏུ་གཙང་བའི་སར། སྔ་དྲོ་ཉི་མ་རྩེ་ཤར་ལ། ཐབ་ཁུང་ཟླུམ་པོའི་དབུས་སུ། ཤིང་རྩི་སྣ་དགུ་རི་བོ་སྤུངས། ཕྱེ་མར་ཇ་ཆང་འོ་ཞོའི་ཕུད། མཆོད་པ་ཅི་འབྱོར་འབུལ་བ་དང་། སྐྱབས་སེམས་སྔོན་དུ་སོང་ནས་ནི། བདག་བསྐྱེད་ཁ་སར་པ་ཎི་བསྐྱེད། ཧཱུྃ། ནོར་ལྷ་ཤན་པ་སྐུ་མདོག་དམར། །ཞལ་ལྔ་ཕྱག་བཅུ་གཡས་ཞལ་དཀར། །གཡོན་ཞལ་མཐིང་སྟེ་དབུས་ཞལ་དམར། །དེ་སྟེང་སྔོན་ཏེ་རྒྱབ་ཞལ་ནག །དེ་ནི་ནོར་ལྷའི་ཞལ་ལྔའོ། །བསང་མཆོད་འབུལ་གྱིས་བཞེས་སུ་གསོལ། །རྡོ་རྗེ་ལྕགས་ཀྱུ་གྲི་གུག་གཡས། །ལྕགས་ཐོ་གཡས་དང་ཌཱ་རུ་གཡས། །དེ་ནི་ནོར་ལྷའི་གཡས་ལྔའོ། །དཀར་གསུམ་མངར་གསུམ་མཆོད་པ་འབུལ། །དྲིལ་བུ་ནེའུ་ལེ་ཏྲི་ཤུལ་གཡོན། །པི་ཝཾ་མེ་ལོང་དགུ་བ་སྟེ། །དེ་ཡི་འོག་མས་ཐོད་ཁྲག་འཛིན། །འཁོར་དང་བཅས་ལ་བསང་མཆོད་འབུལ། །རིན་ཆེན་སྣ་ཚོགས་རྒྱན་ཆ་ཅན། །ཁྱུང་དམར་ལ་ཆིབས་མེ་འོད་འཕྲོ། །དེ་ཡི་ངང་ནས་སྔགས་འདི་བཟླས། །ཨོཾ་ཛམ་བྷ་ལ་སྨ་ཏུ་རྩེ་ཡེ་སྭཱ་ཧཱ། ཏདྱ་ཐཱ་ན་ཀྵ་ཏེ་སརྦ་ཏི་ཐི་མུ་ར་ཏེ། ན་ཏྲན་ཤ་ཏྲ་ནི། མེས་མི་ཏ་དྷ་ནི་བ་བྷནྟུ་སྭཱ་ཧཱ། སྔགས་འདི་བསང་གི་སྐབས་སུ་ལན་བདུན་བཏང་ན། ཅི་བསམ་འགྲུབ་པར་འགྱུར། ཅེས་ཛམ་ལྷ་དམར་པོའི་བསང་མཆོད་འདི། ནང་བསང་སྐབས་སུ་བཏང་ན་དོན་འགྲུབ། དགེ་སློང་ར་གའི་མིང་གིས་སྨྲས་སོ། །

ཛམ་ལྷ་རིགས་ལྔའི་བསང་མཆོད་ནི།

ཀྱེེ། རི་རབ་ལྷུན་པོའི་བྱང་ཕྱོགས་ལྕང་ལོ་ཅན། །རིན་ཆེན་སྣ་བདུན་བརྩེགས་པའི་གཞལ་ཡས་ནས། །ཛམ་ལྷ་རིགས་ལྔ་ལྷ་མོ་ནོར་རྒྱུན་མ། །འཁོར་བཅས་འདིར་གཤེགས་བསང་གི་མཆོད་པ་བཞེས། །སྐུ་ཡི་ཛམ་ལྷ་དཀར་པོ་འབྲུག་ལ་ཆིབས། །མཁའ་འགྲོ་སྡེ་ལྔ་འཁོར་དང་བཅས་པ་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང་། །གསུང་གི་ཛམ་དམར་ཞལ་གསུམ་ཕྱག་དྲུག་པ། །ཀུ་རུ་ཀུ་ལེ་ཡུམ་དང་བཅས་པ་ལ། །འབྲུ་སྣ་ཟས་ཕུད་དྲི་བཟང་དུད་པས་བསང་། །ཐུགས་ཀྱི་ཛམ་ནག་ཁྲོ་ཞིང་སྒེག་ཉམས་གཟུགས། །ནོར་ལྷ་མཆེད་བརྒྱད་འཁོར་དང་བཅས་པ་ལ། །དཀར་གསུམ་མངར་གསུམ་བསང་གི་མཆོད་པ་འབུལ། །ཡོན་ཏན་ཛམ་སེར་བི་ཛ་ནེའུ་ལེ་འཛིན། །ནོར་ལྷ་ཕོ་དགུ་མོ་དགུ་འཁོར་བཅས་ལ། །འབྲུ་སྣ་ཕྱེ་མར་བསང་གི་དུད་པས་བསང་། །ཕྲིན་ལས་ཛམ་ཁྲ་ཕྱག་ན་ནེའུ་ལེ་འཛིན། །གནོད་སྦྱིན་བྱེ་བ་བདུན་འབུམ་འཁོར་བཅས་བསང་། །འབྲུ་སྣ་དར་ཟབ་དྲི་བཟང་དུད་པས་བསང་། །ནོར་གྱི་བདག་པོ་ལྷ་མོ་ནོར་རྒྱུན་མ། །གསེར་མདོག་མཆོག་སྦྱིན་ཕྱག་ན་འབྲས་སྙེ་འཛིན། །མཆེད་ལྔ་འཁོར་དང་བཅས་ལ་བསང་མཆོད་འབུལ། །ནོར་ལྷ་ཁྱེད་རྣམས་མཆོད་པའི་བྱིན་རླབས་ཀྱིས། །ལོ་ལེགས་ཕྱུགས་རྣམས་འཕེལ་བའི་ཕྲིན་ལས་མཛོད། །གོད་འདྲེ་གནོད་བྱེད་བཟློག་པའི་ཕྲིན་ལས་མཛོད། །ཅེས་ར་ག་ཨ་སྱེས་སྦྱར་བའོ། །གཏེར་སྲུང་དགེ་བསྙེན་སྙོན་ཁའི་བསང་མཆོད་བཞུགས་སོ། །བྷྱོཿ ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །ལོག་འདྲེན་འདུལ་བའི་གཤེད་དུ་ཁྲོས་པའི་སྐུ། །གསང་བའི་བདག་པོའི་བཀའ་སྡོད་དྲེགས་པའི་རྗེ། །གཏེར་སྲུང་དགེ་བསྙེན་སྙོན་ཁ་འཁོར་དང་བཅས། །ནམ་མཁའི་གློག་ལས་མྱུར་བའི་སྟབས་ཀྱིས་གཤེགས། །རང་མདུན་རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་དབུས། །དམ་ཉམས་སྐྱེ་འགྲོའི་སྲོག་གི་ཤན་པ་ཆེ། །ལྟས་ངན་དལ་ཡམས་ནད་ཀྱི་མངའ་བདག་པོ། །སྙོན་ཁ་ནག་པོ་མཐིང་ནག་ཤིན་ཏུ་ཁྲོས། །རོ་སྟོད་མི་ལ་རོ་སྨད་སྦྲུལ་དུ་འཁྱིལ། །མགོ་ལུས་མེད་པར་མིག་གིས་གང་བ་དང་། །ཞལ་གཅིག་ཕྱག་གཉིས་གཡས་པས་གསེར་འཁོར་བསྣམས། །དམ་ཉམས་དགྲ་བོ་བཅད་ཅིང་གཏུབས་པར་བྱེད། །གཡོན་པས་སྦྲུལ་གྱི་ཞགས་པ་བསྣམས་པ་ཡིས། །ཉམས་པའི་རྐེ་ནས་བཅིངས་ཤིང་སྡོམ་པར་བྱེད། །ཆིབས་བཞིའི་མངའ་བདག་སྐྱ་རེངས་ཉི་ཟེར་དང་། །ཟླ་ཟེར་བྲ་ནག་ཆིབས་ནས་གླིང་བཞིར་ཉུལ། །བདག་ཅག་བསང་གི་མགྲོན་ལ་སྤྱན་འདྲེན་ན། །ཐུགས་རྗེ་བརྩེ་བའི་གནས་འདིར་གཤེགས་སུ་གསོལ། །རང་སྣང་དུར་ཁྲོད་རོལ་བའི་དཀྱིལ་འཁོར་འདིར། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །དང་བའི་ཡིད་ཀྱིས་གུས་པས་ཕྱག་འཚལ་ལོ། །སྨན་དང་རཀྟ་དཔལ་གྱི་གཏོར་མ་དང་། །ཕྱི་ནང་གསང་བ་རྟེན་རྫས་བསྐང་རྫས་སོགས། །ཕུལ་བས་ཐུགས་དམ་གཉེན་པོ་བསྐང་དུ་གསོལ། །མཐིང་ནག་མི་སྲིན་ཤིན་ཏུ་ཁྲོས་པའི་སྐུ། །རོ་སྟོད་མི་ལ་སྐུ་སྨད་སྦྲུལ་དུ་འཁྱིལ། །སྤྱན་སྟོང་སྡང་མིག་དགྲ་ལ་འབྲུ་ཚུགས་བལྟ། །དྲག་པོའི་རྩལ་འཆང་ཁྱོད་ལ་ཕྱག་འཚལ་བསྟོད། །གང་གསུང་རྔམས་པའི་ང་རོ་འབྲུག་ལྟར་ལྡིར། །ཨ་ར་ལི་དང་ཛཿབྷྱོ་རུ་ལུའི་སྒྲ། །དྲག་ཤུལ་རྡོ་རྗེའི་གད་མོས་ས་གསུམ་གཡོ། །གཞོམས་མེད་རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད། །ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྙིང་རྗེ་ཁྲོས་པའི་དགྲ་བགེགས་གཤེད་མ་ཆེ། །མངོན་སྤྱོད་དྲག་པོས་རོལ་བའི་ཤུགས་ཀྱིས་སྒྲོལ། །ཆིབས་བཞིའི་མངའ་བདག་ཁྱོད་ལ་ཕྱག་འཚལ་བསྟོད། །ཁྱད་པར་བདུད་རྩི་ཅན་གྱི་ཤིང་སྣ་དང་། །གསེར་དངུལ་གཡུ་སོགས་རིན་ཆེན་རྣམ་པ་ལྔ། །ཟ་འོག་གོས་དང་དར་ཟབ་རིག་བྱེད་དང་། །སྟག་རས་གཟིག་རས་ཕྱེ་མར་འོ་སྐོལ་སོགས། །བསྲེགས་པའི་དུད་སྤྲིན་ལྷ་ལམ་ཡོངས་ཁྱབ་འདིས། །ལྷོ་བྲག་ཕྱོགས་སུ་ཆེ་བའི་སྐུར་སྟོན་པ། །གཏེར་སྲུང་དགེ་བསྙེན་སྙོན་ཁ་འཁོར་བཅས་བསང་། །བྱང་ཕྱོགས་རྒྱུད་ནས་གཉན་ཆེན་ཐང་ལྷ་བསང་། །སྐྱི་ཤོད་ཀློང་ནས་གཉན་ཆེན་མཁར་ནག་བསང་། །ཕོ་མོ་རྫོང་ནས་ཀླུ་བདུད་མགོ་དགུ་བསང་། །ལྷོ་སྟོད་དབུ་རའི་སྐུ་ལྷ་མཁའ་རི་བསང་། །སྒོས་ཆོས་ལྷ་རྒྱབ་ཟླ་བའི་གདང་ཅན་བསང་། །མོན་ཁ་རིང་མོ་བདུད་ཕོ་བཀྲ་མེད་བསང་། །སེང་གེ་རྫོང་གསུམ་ཟུ་ར་ར་སྐྱེས་བསང་། །དེ་ལྟར་བསང་མཆོད་ཕུལ་བའི་བྱིན་རླབས་ཀྱིས། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པ་དང་། །སྐལ་ལྡན་སློབ་མའི་འདུ་བ་རྒྱས་པར་མཛོད། །ཕྱི་ནང་ཉེར་འཚེའི་བར་ཆད་ཞི་བ་དང་། །ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ། །དར་ཞིང་རྒྱས་ལ་ཡུན་རིང་གནས་གྱུར་ཅིག །སྡང་ཞིང་གདུག་པའི་དགྲ་བགེགས་མཐའ་དག་ཀུན། །རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད། །ཆོས་འཁོར་འདི་ཡིས་འདུས་པ་རྒྱ་མཚོ་དང་། །དཀོར་ཆ་ལོངས་སྤྱོད་ཇི་སྙེད་ཡོད་པ་ཀུན། །རྟག་ཏུ་སྐྱོང་ཞིང་མེལ་ཚེ་བྱ་ར་མཛོད། །ཆོས་སྲིད་ལེགས་ཚོགས་འཕེལ་ཞིང་རྒྱས་པ་དང་། །ལས་བཞིའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །ཅེས་པ་འདིའང་རྫོགས་སྤྲུལ་ལྔ་བས་སོ། །

དྲེགས་པའི་སྡེ་དཔོན་སུམ་ཅུའི་བསང་མཆོད།

ཧཱུྃ་བྷྱོཿ འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་ལ་གནས་པའི། །འཇིགས་བྱེད་ཧེ་རུ་ཀ་དཔལ་བཀའ་སྡོད་ཆེ། །འཇིགས་རུང་བཟོད་པར་དཀའ་བའི་ལང་ཚོ་ཅན། །འཇིག་རྟེན་དབང་ཕྱུག་མ་ཧཱ་དེ་ཝ་སོགས། །འཁོར་བཅས་བསང་གི་མགྲོན་ལ་གཤེགས་སུ་གསོལ། །མ་ཧཱ་དེ་ཝ་མཐིང་ནག་སེང་གེ་ཆིབས། །ཨུ་མ་དེ་ཝ་མཐིང་ནག་གླང་ཆེན་ཆིབས། །ཡ་མ་ར་ཛ་མདོག་ནག་ཆུ་གླང་ཆིབས། །གཤིན་རྗེ་ཟ་བྱེད་ནག་མོ་ཆུ་གླང་ཆིབས། །སྐོས་རྗེ་བྲང་དཀར་ནག་པོ་རྟ་ནག་ཆིབས། །རེ་ཏི་ནག་མོ་བོང་བུ་དམར་གྭ་ཆིབས། །སྲིན་པོ་ནག་པོ་གཡུ་འབྲུག་སྔོན་མོ་ཆིབས། །སྦལ་མགོ་ཁྲག་མིག་དམར་མོ་རྔ་མོ་ཆིབས། །ཡཀྴ་མེ་དབལ་མཐིང་ནག་སྟག་མོ་ཆིབས། །གནོད་སྦྱིན་མོན་མོ་ནག་མོ་ཕག་རྒོད་ཆིབས། །གཟའ་བདུད་དུད་ཁ་གཡུ་འབྲུག་སྔོན་མོ་ཆིབས། །ཐོག་གི་བུ་ཡུག་དམར་མོ་གཡུ་འབྲུག་ཆིབས། །ཀླུ་བདུད་ནག་པོ་མགོ་དགུ་ཆུ་སྲིན་ཆིབས། །ཡཀྴ་ནག་མོ་རུས་སྦལ་ནག་པོ་ཆིབས། །ཡར་ལྷ་ཤམ་པོ་ལྷ་གཡག་དཀར་པོ་ཆིབས། །གནམ་ཐེལ་དཀར་པོ་ཅང་ཤེས་རྟ་དཀར་ཆིབས། །སྤྱི་བདུད་གུ་རུམ་རྩེ་ནི་རྟ་དཀར་ཆིབས། །སྲིད་པའི་རྒྱལ་མོ་ནག་མོ་གཡུ་འབྲུག་ཆིབས། །ཨེ་ཀ་ཛ་ཏི་ནག་མོ་དྲེལ་རྟ་ཆིབས། །དཔལ་ལྡན་ནག་པོ་མགྱོགས་བྱེད་གསོ་བྱ་ཆིབས། །རྡོ་རྗེ་བདུད་འདུལ་དམར་ནག་དྲེལ་རྟ་ཆིབས། །བྲག་བཙན་སྲོག་ཟན་དམར་པོ་རྟ་དམར་ཆིབས། །བཙན་འགོང་ཡམ་ཤུད་དམར་པོ་རྟ་དམར་ཆིབས། །བི་ན་ཡ་ཀ་ནག་པོ་རྟ་ནག་ཆིབས། །མུ་སྟེགས་ཀ་ལ་ནག་པོ་སེང་གེ་ཆིབས། །དམུ་བདུད་ནག་པོ་བཀྲག་མེད་རྟ་ནག་ཆིབས། །ལྷ་ཆེན་ཚངས་པ་དཀར་པོ་སེང་གེ་ཆིབས། །རྒྱལ་པོ་བེ་ཧར་དཀར་པོ་གླང་ཆེན་ཆིབས། །སྐུ་ལྷ་གསང་བ་དཀར་གསལ་ར་སྐྱེས་ཆིབས། །མ་ཧཱ་ཀ་ལ་མཐིང་ནག་རྟ་ནག་ཆིབས། །རང་རང་འཁོར་དང་སྤྲུལ་པ་ཡང་སྤྲུལ་བཅས། །ཉི་མའི་ཟེར་གྱི་རྡུལ་ལྟར་བསམ་མི་ཁྱབ། །ཁྱེད་རྣམས་མཆོད་པར་འོས་པའི་དམ་རྫས་ནི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །འདོད་ཡོན་ལྔ་ལྡན་ལོངས་སྤྱོད་བསམ་མི་ཁྱབ། །མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོ་ཅན། །ཡེ་ཤེས་བདུད་རྩིའི་བསང་གི་མཆོད་པ་འདིས། །དྲེགས་པའི་སྡེ་དཔོན་ཆེན་པོ་འཁོར་བཅས་བསང་། །དེ་ལྟར་བསང་མཆོད་ཕུལ་བའི་བྱིན་རླབས་ཀྱིས། །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་པར། །ལྷ་མཆོག་རྣམས་དང་མི་འབྲལ་འགྲོགས་ནས་ཀྱང་། །སྲུང་སྐྱོབ་བྱིན་རླབས་རྟག་ཏུ་མ་གཡེལ་ཞིག །ཁྱད་པར་རྒྱལ་དབང་པདྨ་ཀ་ར་ཡི། །བཤད་དང་སྒྲུབ་པའི་བསྟན་པ་རིན་པོ་ཆེ། །མི་ནུབ་སྲིད་མཐའི་བར་དུ་འཕེལ་བ་དང་། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རབ་བརྟན་ཅིང་། །མཛད་ཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བར་མཛོད། །མདོར་ན་མཐུན་རྐྱེན་དབང་པོ་ཁྱེད་རྣམས་ཀྱིས། །བདག་ཅག་ལེགས་པ་སྤྲོད་ལ་ཉེས་པ་བསྣོལ། །འདོད་་པའི་འབྲས་བུ་གང་དང་གང་བཅོལ་བ། །བསམ་དོན་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་བ་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ །

དུར་ཁྲོད་ལྷ་མོའི་བསང་མཆོད།

བྷྱོཿ ཆོས་དབྱིངས་ངང་ལས་སྙིང་རྗེ་ཁྲོས་པའི་སྐུ། །དུས་གསུམ་རྒྱལ་བའི་བསྟན་པ་སྲུང་མཛད་ཅིང་། །དུར་ཁྲོད་བརྒྱད་དང་ཉེར་བཞིའི་ཡུལ་སྐྱོང་བའི། །སྲིན་མོའི་གཟུགས་འཆང་དགྲ་བོའི་གཤེད་མ་སྟེ། །དུར་ཁྲོད་གནས་ཉུལ་ཞིང་སྐྱོང་མ་མོ་ཆེ། །སྐུ་མདོག་སྨུག་ནག་རྔམ་ཞིང་ཁྲོས་པའི་སྐུ། །ཞལ་གསུམ་ཕྱག་གཉིས་གཡས་པས་དགྲ་སྙིང་བཟུང་། །གཡོན་པས་སྲིད་གསུམ་གསལ་བའི་མེ་ལོང་འཛིན། །དར་དཀར་སྟོད་གཡོག་སྟག་ལྤགས་ཤམ་ཐབས་ཅན། །མི་ལྤགས་གཡང་གཞི་རློན་པ་ལྡིང་སྟབས་གྱོན། །རལ་བ་ཁམ་ནག་རྣ་བ་དུང་ལུང་འཁྲོལ། །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་ཅན། །རུས་པའི་ཕྲེང་བ་སེ་རལ་ཁ་འཕྱང་ཞིང་། །གཡས་བསྐུམ་གཡོན་བརྐྱང་རོ་ཡི་གདན་ལ་འགྱིང་། །འཁོར་དུ་མ་མོ་དཀར་སེར་དམར་ལྗང་བཞི། །སྙིང་དང་མེ་ལོང་འཛིན་པ་གར་མཛད་ཅིང་། །གནས་གསུམ་མཁའ་འགྲོ་ཡོངས་ཀྱི་ཚོགས་དང་བཅས། །སྤྲུལ་པའི་ཤྭ་ན་ཝ་སྤྱང་དྲེད་དང་བཅས། །དམ་ཚིག་དབང་གིས་གནས་འདིར་བྱོན་ནས་ཀྱང་། །རྟོག་མེད་བམ་གྱི་གདན་ལ་བཞུགས་སུ་གསོལ། །དང་བའི་ཡིད་ཀྱི་སྒོ་ནས་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་པ་བླ་ན་མེད། །ཐུགས་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས། །ཁྱད་པར་ཁྱེད་དང་མཐུན་པའི་དམ་རྫས་ནི། །བདུད་རྩི་ཤིང་ལྔའི་ཚོགས་རྣམས་ལྷན་ཅིག་ཏུ། །ཕྱེ་མར་འོ་སྐོལ་ཇ་ཆང་བཏུང་བའི་རིགས། །སྨན་དང་རཀྟ་བྷ་ལིང་གཏོར་མའི་ཚོགས། །དཀར་གསུམ་མངར་གསུམ་དར་སྣ་རིན་ཆེན་ལྔ། །ག་བུར་ཙན་དན་དཀར་དམར་ཨ་ཀ་རུ། །བསྲེགས་པའི་དུད་སྤྲིན་མཁའ་དབྱིངས་ཁྱབ་པ་འདིས། །དཔལ་ལྡན་དུར་ཁྲོད་ལྷ་མོ་ཆེན་མོ་བསང་། །འཁོར་གྱི་མ་མོ་ཆེན་མོ་རྣམ་བཞི་བསང་། །གནས་གསུམ་མཁའ་འགྲོ་ཡོངས་ཀྱི་ཚོགས་རྣམས་བསང་། །དུར་ཁྲོད་ཞིང་སྐྱོང་ཕོ་མོ་ལས་བྱེད་བསང་། །སྤྲུལ་པའི་ཤྭ་ན་ཝ་སྐྱེས་དྲེད་སོགས་བསང་། །བསང་ངོ་མཆོད་དོ་ཐུགས་དམ་ཉེར་དགོངས་ལ། །སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་འདི། །ཕྱོགས་བཅུའི་མཐའ་དབུས་ཀུན་ཏུ་རྒྱས་པ་དང་། །བསྟན་པ་འཛིན་པའི་སྐྱེས་བུའི་ཚོགས་རྣམས་ཀྱང་། །སྐུ་ཚེ་མཛད་ཕྲིན་ཡར་ངོའི་ཟླ་བ་ལྟར། །གོང་ནས་གོང་དུ་འཕེལ་ཤིང་རྒྱས་པར་མཛོད། །བཤད་དང་སྒྲུབ་པའི་བསྟན་པ་རིན་པོ་ཆེ། །མི་ནུབ་སྲིད་མཐའི་བར་དུ་འཕེལ་བ་དང་། །བདག་ལ་སྡང་བའི་བྱད་ཕུར་རྦོད་གཏོང་ནི། །ཐལ་བར་བརླག་པའི་ཕྲིན་ལས་འགྲུབ་པར་མཛོད། །རྟག་ཏུ་སྡང་ཞིང་གདུག་པའི་སེམས་འཆང་བ། །ངན་སྨྲས་དུག་མཚོན་བསམ་སྦྱོར་བྱེད་པ་དང་། །བྱད་ཕུར་རྦད་གཏོང་བཏང་བའི་ཕྲ་མ་མཁན། །ལྷ་མཆོག་ཁྲོ་རྒྱལ་ཁྱོད་ཀྱིས་ཟ་སྐལ་གྱིས། །ཚེ་སྲོག་བླ་རྐུས་མདངས་འཕྲོག་བྱེད་པ་དང་། །ནད་རིམ་ཕུང་ཁྲོལ་སློང་བའི་ཚོགས་རྣམས་ཀུན། །གདུལ་དཀའ་འདུལ་བའི་གཤེད་པོ་ཁྱོད་ཉིད་ཀྱིས། །མིང་ཙམ་མེད་པར་བརླག་པའི་ཕྲིན་ལས་མཛོད། །མདོར་ན་བྱང་ཆུབ་སྒྲུབ་པའི་གང་ཟག་ལ། །བར་དུ་གཅོད་པའི་དགྲ་བགེགས་མཐའ་དག་ཀུན། །སྔོན་གྱི་ཐ་ཚིག་གཉན་པོ་རྗེས་དགོངས་ལ། །སྐད་ཅིག་ཙམ་གྱིས་ཞི་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པའོ། །

ལས་གཤིན་བསང་མཆོད་ནི།

ཨེེཿ ལྷོ་ཕྱོགས་འཇིགས་རུང་མུན་པའི་ཀློང་དཀྱིལ་ན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ཆེན་པོ་རུ། །བསྐལ་བ་མེ་རླུང་འཚུབས་མའི་ཀློང་དཀྱིལ་ན། །སྲིན་གྱི་མ་ཧེ་སེར་ནག་ཁྲི་སྟེང་དུ། །ཡཿལས་འཆི་བདག་ལས་ཀྱི་གཤིན་རྗེ་གཤེད། །སྐུ་མདོག་སྨུག་ནག་ཤིན་ཏུ་ཁྲོས་པའི་སྐུ། །བཟོད་པར་དཀའ་བའི་ལང་ཚོ་གཏུམ་ལ་རྔམས། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་སྡང་མིག་བསྒྲད། །མཆེ་བ་གཙིགས་ཤིང་ཞལ་གདངས་ལྗགས་འདྲིལ་བར། །ང་རོའི་གད་མོས་ས་གསུམ་གཡོ་བར་བྱེད། །སྨིན་མ་ཨོག་ཚོམ་མེ་འབར་ཡ་ལ་ལ། །རལ་བའི་གསེབ་ནས་གཤིན་རྗེའི་ཕོ་ཉར་འགྱེད། །ཕྱག་གཡས་ཐོད་པའི་དབྱུག་པ་མཁའ་ལ་ཕྱར། །གཡོན་པས་ཐོད་པ་དམར་གྱིས་བཀང་བ་འཛིན། །མི་ལྤགས་སྟོད་གཡོག་སྟག་ལྤགས་ཤམ་ཐབས་ཅན། །རུས་པའི་ཕྲེང་བར་ཐོད་རློན་དོ་ཤལ་ཅན། །དཔལ་དང་དུར་ཁྲོད་རོལ་བའི་ཆས་ཀྱིས་སྤྲས། །སྲིན་གྱི་མ་ཧེ་སེར་ནག་ཁྲོས་པའི་སྟེང་། །ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་རོལ་བའི་སྟབས། །གཡོན་དུ་ཡུམ་ཆེན་མ་མོ་དུག་ཧྲུལ་མ། །ནག་མོ་མི་ལྤགས་རློན་པའི་གོས་གྱོན་ཞིང་། །གཡས་པས་འཁོར་ལོ་གཡོན་པས་ཐོད་ཁྲག་འཛིན། །འཁོར་དུ་གཤིན་རྗེ་སྡེ་དཔོན་ཆེན་པོ་བརྒྱད། །རང་རང་ཡུམ་བཅས་ཡབ་རྣམས་ཐོད་དབྱུག་ཞགས། །ཡུམ་རྣམས་སྤུ་གྲི་ཐོག་ནས་གཅེར་བུའི་ཚུལ། །ལོ་ཟླ་ཞག་གཤེད་གཤིན་རྗེའི་དམག་ཚོགས་རྣམས། །ཉི་ཟེར་རྡུལ་ལྟར་བསམ་གྱིས་མི་ཁྱབ་པར། །འཁོར་བཅས་སྐད་ཅིག་གནས་འདིར་གཤེགས་སུ་གསོལ། །དགྱེས་པར་བཞུགས་ལ་གུས་པས་ཕྱག་འཚལ་ལོ། །རྩ་བརྒྱད་སྟོང་སྦྱར་པཉྩ་ཨ་མྲྀ་ཏ། །ཉམས་པ་བསྒྲལ་བའི་རཀྟ་དམར་གྱི་མཚོ། །དཔལ་གྱི་གཏོར་མ་བརྗིད་ལྡན་བཤོས་བུ་དང་། །ཨརྒྷཾ་ལ་སོགས་ཕྱི་ཡི་མཆོད་པའི་སྤྲིན། །དམར་ཆེན་མཆོད་ཡོན་ལ་སོགས་ནང་མཆོད་དང་། །གྷ་ཎ་ཙཀྲ་གསང་བའི་མཆོད་པ་དང་། །ཁྱད་པར་ཡེ་ཤེས་བདུད་རྩི་བསང་གི་སྤྲིན། །འདོད་དགུའི་གཏེར་མཛོད་དངོས་གྲུབ་ཀུན་ལྡན་འདིས། །འཆི་བདག་ལས་ཀྱི་གཤིན་རྗེ་ཡབ་ཡུམ་བསང་། །གཤིན་རྗེའི་སྡེ་དཔོན་མིག་དམར་ཡབ་ཡུམ་བསང་། །སྡེ་དཔོན་ཆེན་པོ་ཕྱ་སང་ཡབ་ཡུམ་བསང་། །སྡེ་དཔོན་ཡ་བ་ཏི་ནི་ཡབ་ཡུམ་བསང་། །སྡེ་དཔོན་ཆེན་པོ་ཏེལ་བ་ཡབ་ཡུམ་བསང་། །སྡེ་དཔོན་ཆེན་པོ་ཆོས་རྒྱལ་ཡབ་ཡུམ་བསང་། །སྡེ་དཔོན་ཆེན་པོ་རལ་བ་ཚར་དགུ་བསང་། །སྡེ་དཔོན་ཆེན་པོ་རྨིག་པ་ཡབ་ཡུམ་བསང་། །སྡེ་དཔོན་ཨ་ཝ་གླ་མགོ་ཡབ་ཡུམ་བསང་། །གཤིན་རྗེ་གཤེད་པོའི་དམག་ཚོགས་ཡབ་ཡུམ་བསང་། །བསང་ངོ་མཆོད་དོ་ཐུགས་དམ་རྗེས་དགོངས་ལ། །འཇམ་དཔལ་བཤེས་གཉེན་སངས་རྒྱས་ཡེ་ཤེས་དང་། །རྒྱལ་བ་གཉིས་པ་པདྨ་ཀ་ར་ཡིས། །སྤྱན་སྔར་ཞལ་བཞེས་ཐ་ཚིག་རྗེས་དགོངས་ལ། །གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་གྱི། །སྐུ་ཕྲེང་གསེར་རིའི་ཕྲེང་བ་རིམ་བྱོན་གྱི། །ཆོས་སྲིད་མི་ནུབ་འཕེལ་ཞིང་རྒྱས་པ་དང་། །བརྒྱུད་འཛིན་བུ་སློབ་འདུས་པའི་ཚོགས་རྣམས་ཀུན། །ཁྱོད་ཀྱིས་སྲུང་སྐྱོབ་སྡོང་གྲོགས་མ་གཡེལ་བར། །དམ་སྲི་བསྟན་དགྲ་བར་ཆད་རྡུལ་དུ་རློག །དབུ་འཕང་གཉན་པོ་དགུང་དུ་བསྟོད་པ་དང་། །སྲིད་གསུམ་བརྟན་གཡོའི་དྭངས་བཅུད་ཀུན་བསྡུས་ནས། །ངོ་མཚར་སྙན་པའི་འབྲུག་སྒྲ་ཁྱོད་ཀྱིས་སྒྲོགས། །ཏིང་འཛིན་ཟབ་མོའི་ཉམས་རྟོགས་འཕེལ་བ་དང་། །ཚེ་དཔལ་བསོད་ནམས་དབང་ཐང་རྒྱས་པ་དང་། །གང་ཞིག་བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །ལྷ་མཆོག་ཁྱོད་ཀྱི་མགོན་དང་སྐྱབས་ཡིན་པས། །བསྐལ་ངན་སྙིགས་མ་ལྔ་ཡི་ཡང་མཐའ་འདིར། །བསྟན་འཛིན་སྐྱེས་བུའི་གང་ཟག་ཚོགས་རྣམས་ལ། །ཁྱོད་ཀྱིས་གཡར་དམ་གཉན་པོ་གཡེལ་གྱུར་ན། །བདག་ཅག་རྣམས་ཀྱི་རེ་ལྟོས་སུ་ལ་འཆང་། །ནག་ཕྱོགས་བསམ་སྦྱོར་ངན་པའི་སྡེ་ཚོགས་རྣམས། །ནམ་ཡང་རྒྱུ་བའི་གོ་སྐབས་མེད་པར་མཛོད། །བདག་གི་རེ་འབྲས་ཡིད་ལ་གང་ཡོད་པ། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ །

མཁའ་འགྲོ་སྤྱང་ཞོན་མཆེད་གསུམ་བསང་མཆོད།

བྷྱོཿ སྲིད་གསུམ་འདི་ན་མཐུ་དང་དབང་ཆེ་བ། །མ་གཅིག་ཁྲོས་མ་ནག་མོའི་བཀའ་ཉན་པ། །མཁའ་འགྲོ་སྤྱང་ཞོན་མཆེད་གསུམ་འཁོར་དང་བཅས། །རྡོ་རྗེའི་ཐ་ཚིག་དགོངས་ལ་གཤེགས་སུ་གསོལ། །རང་མདུན་ཐོད་མཁར་མེ་རླུང་འཚུབས་མའི་ཀློང་། །མི་རོ་འབུམ་གྱི་ཁྲི་སྟེང་ཉི་མའི་སྟེང་། །མ་ལས་བུད་མེད་གཅེར་བུ་ནག་མོ་ནི། །ཞལ་གཅིག་ཕྱག་གཉིས་སྤུ་གྲི་ཐོད་ཁྲག་སྙིང་། །རལ་བ་ཁམ་ནག་གྱེན་འཁྱིལ་ཐུར་དུ་འཕྱངས། །གདུག་པ་སྦྲུལ་དང་ཐོད་པས་དབུ་ལ་བརྒྱན། །སྐུ་སྟོད་མི་ལྤགས་རློན་པའི་གཡང་གཞི་གསོལ། །སྟག་ལྤགས་ཤམ་ཐབས་ལྕགས་སྤྱང་མགོ་དགུ་ཆིབས། །གཡས་སུ་བཙན་མོ་དམར་མོ་སྟག་ཤམ་ཅན། །ཞལ་གཅིག་ཕྱག་གཉིས་གྲི་གུག་བཙན་ཞགས་བསྣམས། །འཇིགས་རུང་མི་བཟད་མཚལ་སྟག་མགོ་དགུ་ཆིབས། །གཡོན་དུ་བདུད་མོ་སྔོན་མོ་གཟིག་ཤམ་ཅན། །ཞལ་གཅིག་ཕྱག་གཉིས་གྲི་གུག་བདུད་ཞགས་བསྣམས། །ཤིན་ཏུ་རྔམ་པའི་ཟངས་འཕར་མགོ་དགུ་ཆིབས། །གཡས་སུ་མི་ནག་བྲོ་བརྡུངས་ཁྲབས་སེ་ཁྲབ། །གཡན་དུ་གླུ་ལེན་མདུན་དུ་ཨ་ཙ་ར། །ལས་བྱེད་སྤྲུལ་པ་བྱེ་བའི་ཚོགས་དང་བཅས། །འཁོར་བཅས་བསང་གི་མགྲོན་ལ་གཤེགས་སུ་གསོལ། །ཁྱེད་ལ་དད་ཅིང་གུས་པས་ཕྱག་འཚལ་ལོ། །འདོད་ཡོན་ལྔ་ལྡན་ལོངས་སྤྱོད་སྤྲིན་ལྟར་གཏིབས། །དུག་གསུམ་བསྒྲལ་བའི་དགྲ་བགེགས་ཤ་ཁྲག་རུས། །གཅན་གཟན་རི་དྭགས་གཡུང་དྭགས་རིག་བྱེད་ཚོགས། །རི་རབ་གླིང་བཞི་གླིང་ཕྲན་ལྕགས་རི་དང་། །གསེར་རི་རོལ་མཚོ་ཉི་ཟླ་རྒྱུ་སྐར་ཚོགས། །མདོར་ན་རབ་འབྱམས་རྒྱ་མཚོའི་ཞིང་ཁམས་ན། །མཆོད་པར་འོས་པའི་རྒྱན་རྣམས་ཇི་སྙེད་དང་། །ཁྱད་པར་དྲི་ཞིམ་བསང་གི་མཆོད་པ་འདིས། །མི་བཟད་མཁའ་འགྲོ་སྤྱང་ཞོན་མཆེད་གསུམ་བསང་། །གཡས་སུ་མི་ནག་བྲོ་བརྡུངས་ཚོགས་རྣམས་བསང་། །གཡོན་དུ་གླུ་ལེན་མ་མོ་འབུམ་སྡེ་བསང་། །ལས་བྱེད་ཨ་ཙ་ར་ཡི་ཚོགས་རྣམས་བསང་། །འཁོར་དུ་ཤ་ཟ་འབུམ་ཕྲག་ཚོགས་རྣམས་བསང་། །བསང་ངོ་མཆོད་དོ་བསྟོད་དོ་མངའ་གསོལ་ལོ། །གསང་ཆེན་འོད་གསལ་རྡོ་རྗེ་ཐེག་པ་ཡི། །བསྟན་པའི་ཉི་མ་ནམ་ཡང་མི་ནུབ་ཅིང་། །བསྟན་འཛིན་ཚོགས་རྣམས་སྐུ་ཚེ་བརྟན་པ་དང་། །ཆོས་འཁོར་འདི་ཡི་དགོན་གནས་འདི་ཉིད་ལ། །བར་ཆད་རྩོམ་པའི་དམ་སྲི་འབྱུང་པོའི་ཚོགས། །མི་དང་མི་མིན་ཤེས་རྒྱུད་ཀུན་རློམས་ནས། །མི་འདོད་ཕུང་ཁྲོལ་སློང་བའི་སྡེ་རིས་རྣམས། །ཁྲག་འཐུང་ལས་ཀྱི་ལྷ་མོ་ཁྱོད་ཉིད་ཀྱིས། །གཡར་དམ་ཐ་ཚིག་གཉན་པོ་རྗེས་དགོངས་ལ། །དྲག་པོ་མངོན་སྤྱོད་འབར་བའི་ཕྲིན་ལས་མཛོད། །ཆོས་དབྱིངས་ངང་དུ་ཞི་བར་མཛད་དུ་གསོལ། །རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ །

ཟངས་རི་བཙན་རྒོད་བསང་མཆོད།

ཧྲཱིཿ དབང་གི་ལྷ་མཆོག་རྟ་མཆོག་ཧེ་རུ་ཀཿ དབང་ཆེན་བཀའ་སྡོད་མ་རུང་གཤེད་པོ་ཆེ། །དབང་མདོག་བཟོད་པར་དཀའ་བའི་ལང་ཚོ་ཅན། །དབང་ཆེན་བཙན་རྒོད་འབར་བ་མ་རུང་པ། །སྐུ་མདོག་དམར་པོ་བསྐལ་བའི་མེ་ལྟར་འབར། །ཞལ་གཅིག་ཕྱག་གཉིས་ཕྱག་གཡས་མདུང་དར་བསྣམས། །གཡོན་པས་བཙན་ཞགས་ནག་པོ་དགྲ་ལ་འཕེན། །བཙན་རྟ་དམར་པོ་གློག་དམར་འཁྱག་འདྲ་ཆིབས། །འཁོར་དུ་བཙན་རྒོད་སུམ་བརྒྱ་དྲུག་བཅུས་བསྐོར། །འབྲུག་སྟོང་ལྡིར་ཞིང་བསྐལ་བའི་གློག་དམར་འཁྱུག །གནམ་ལྕགས་ཐོག་དང་སེར་ཆེན་ཤ་ར་ར། །མི་སྡུག་རྟགས་དང་ཆོ་འཕྲུལ་སྣ་ཚོགས་སྟོན། །ཇི་སྟར་མཁའ་ལས་གློག་ཕྲེང་འཁྱུག་པ་བཞིན། །བདག་གི་བསང་གི་འགྲོན་ལ་གཤེགས་སུ་གསོལ། །དགྱེས་པར་བཞུགས་ལ་གུས་པས་ཕྱག་འཚལ་ལོ། །མེ་ཐབ་སངས་རྒྱས་སྤྱན་མའི་རང་བཞིན་ལ། །གོས་དཀར་མོ་ཡི་ངོ་བོ་མེ་འབར་ནང་། །རྒྱ་ཤུག་ཙནྡན་དཀར་དམར་ཨ་ཀ་རུ། །ཤུག་པ་བ་ལུ་འོམ་བུ་མཁན་དཀར་དང་། །སྟག་པ་ལ་སོགས་དྲི་ཞིམ་ཤིང་སྣའི་ཚོགས། །བཟང་དྲུག་ག་བུར་སྨན་གྱི་རིག་བྱེད་དང་། །དར་ཟབ་གསེར་གཡུ་རིན་ཆེན་སྣ་ལྔ་སོགས། །ཡེ་ཤེས་གསལ་བྱེད་འབར་བའི་མེ་ནང་བསྲེགས། །སྒྲོལ་མའི་ངོ་བོ་རླུང་གི་རབ་བསྐྱོད་ནས། །མ་མཱ་ཀི་ཡི་ཆབ་ཀྱིས་བྲན་པ་ཡིས། །ནམ་མཁའ་དབྱིངས་ཕྱུག་མ་ཡིས་ཀུན་ནས་ཁྱབ། །དྲི་ཞིམ་བདུག་སྤོས་བསང་གི་མཆོད་པ་འདིས། །ཟངས་རི་བཙན་རྒོད་འབར་བ་སྤུན་བདུན་བསང་། །འཁོར་གྱི་བཙན་རྒོད་སུམ་བརྒྱ་དྲུག་ཅུ་བསང་། །དེ་ལྟར་བསང་མཆོད་ཕུལ་བའི་བྱིན་རླབས་ཀྱིས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས། །དབུ་འཕང་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྟོད། །དྲེགས་པ་ཡོངས་ཀྱི་ཆེ་བཙན་བསང་ཞིང་མཆོད། །སྣང་སྲིད་དྲེགས་པ་ཡོངས་ཀྱི་མངའ་བདག་པོ། །བར་སྣང་ཁམས་ལ་དབང་བསྒྱུར་མཐུ་བོ་ཆེ། །བདག་ཅག་གདུང་བའི་ང་རོས་འབོད་པའི་ཚེ། །ཁྱོད་ཀྱི་ཐུགས་རྗེས་རྟག་ཏུ་མ་གཡེལ་ཞིག །ལུས་དང་གྲིབ་བཞིན་མི་འབྲལ་འགྲོགས་ནས་ཀྱང་། །ནད་རིམས་འཁྲུགས་རྩོད་རྒྱལ་པོའི་ཆད་པ་དང། །འབྱུང་བཞིའི་དགྲ་དང་ཐོག་སེར་བྱད་སྟེམས་སོགས། །མི་མཐུན་ཀུན་ཞི་ཚེ་དཔལ་རྒྱས་པ་དང་། །སྲིད་གསུམ་དབང་བསྡུས་དགྲ་བགེགས་ཚར་ཆོད་ཅིག །བསྟན་དང་དེར་འཛིན་སྐྱོང་བའི་གང་ཟག་རྣམས། །སྲུང་སྐྱོབས་སྡོང་གྲོགས་ཕྲིན་ལས་མ་གཡེལ་ཞིག །ཅེས་པའང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ །

གཏེར་སྲུང་ཀླུ་མོ་གཟི་འབར་མའི་བསང་མཆོད།

ཕཻཾ། འགྲོ་བའི་དབུལ་ཕོངས་སྡུག་བསྔལ་སེལ་བར་བྱེད། །དངོས་གྲུབ་འདོད་རྒུའི་ཆར་བ་འབེབས་མཛད་པའི། །ཀླུ་རྒྱལ་དུང་སྐྱོང་སྲས་མོ་གཟི་འབར་མ། །སྐུ་མདོག་དཀར་ལ་དམར་བའི་མདངས་ལྡན་པ། །ཞི་འཛུམ་ཡིད་འོང་ལྷ་ཡི་བུ་མོའི་ཚུལ། །ཞལ་གཅིག་ཕྱག་གཉིས་གཡས་པས་ནོར་བུ་འཛིན། །གཡོན་པས་རིན་ཆེན་གཏེར་གྱི་སྒྲོམ་བུ་འཛིན། །དར་དཀར་ན་བཟའ་རིན་ཆེན་རྒྱན་གྱིས་བརྒྱན། །དབུ་སྐྲ་གནག་སྣུམ་ཕྱེད་བཅིང་ཐུར་དུ་འཕྱང་། །ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོས་བརྒྱན། །ཁ་དོག་སྣ་ཚོགས་དར་གྱི་ཅོད་པཎ་འཕུར། །འཁོར་དུ་ཀླུ་སྨན་འབུམ་ཕྲག་ཚོགས་ཀྱིས་བསྐོར། །འཁོར་བཅས་འདིར་གཤེགས་དགྱེས་པར་བཞུགས་སུ་གསོལ། །དང་བའི་ཡིད་གྱི་སྒོ་ནས་ཕྱག་འཚལ་ལོ། །ཕྱི་ཡི་མཆོད་པ་རིན་ཆེན་སྣ་ལྔ་དང་། །ནང་གི་མཆོད་པ་དཀར་གསུམ་མངར་གསུམ་དང་། །གསང་བའི་མཆོད་པ་བྷ་ལིང་རྒྱན་ལྡན་དང་། །འདབ་ཆགས་རི་དྭགས་གཡུང་དྭགས་ཚོགས་རྣམས་དང་། །ཀླུ་ལ་དབང་བའི་ཀླུ་ནོར་ཉེར་གཅིག་སོགས། །ཁྱད་པར་རཾ་ལས་སྐྱེས་པའི་མེ་ནང་དུ། །གསེར་གཡུ་མུ་ཏིག་བྱེ་རུ་མུ་མེན་དང་། །སྤོས་ཤེལ་མར་གད་ཨིནྡྲ་ནི་ལ་སོགས། །དྲི་ཞིམ་སྨན་སྣ་བསྲེགས་པའི་དུད་པའི་སྤྲིན། །གུས་པས་འབུལ་ལོ་དགྱེས་པར་བཞེས་ལགས་ན། །གཏེར་སྲུང་ཀླུ་མོ་ཆེན་མོ་འཁོར་བཅས་བསང་། །དེ་ལྟར་བསང་ཤིང་མཆོད་པའི་བྱིན་རླབས་ཀྱིས། །རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུ། །གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་དང་། །ཐེག་པའི་ཡང་རྩེ་ཨ་ཏི་རྫོགས་ཆེན་གྱི། །བསྟན་པ་མཐའ་དབུས་ཀུན་ཏུ་ཁྱབ་པ་དང་། །མཛད་ཕྲིན་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་། །དམ་སྲི་ཤི་འདྲེ་རྒྱ་འདྲེ་འབྱུང་པོའི་ཚོགས། །བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་རྣམས། །མིང་ཙམ་མེད་པར་བརླག་པའི་ཕྲིན་ལས་མཛོད། །མདོར་ན་བདག་གི་ཡིད་ལ་གང་འདོད་རྣམས། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །ཅེས་པ་འདིའང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པའོ། །

ལྷ་སྨན་མཆེད་གསུམ་བསང་མཆོད།

ཧཱུྃ། བཅོམ་ལྡན་བདེ་གཤེགས་སྨན་པའི་རྒྱལ་པོ་ཡིས། །སྤྱན་སྔར་སྨན་གྱི་སྲུང་མར་ཞལ་བཞེས་པའི། །དབུས་སུ་དུང་གི་ཁྱེའུ་ཆུང་དཀར་པོ་ནི། །གཡུ་ཡི་སྨིན་མ་གཡུ་ཡི་ཟུར་ཕུད་ཅན། །དར་དཀར་གོ་ཟུ་གསེར་ཐིག་སྐུ་ལ་གསོལ། །ཕྱག་གཡས་མདའ་དར་སྣ་ལྔ་མེ་ལོང་བསྣམས། །གཡོན་པས་རྦ་གླིང་འཁྲོལ་ཞིང་དགྱེས་ཉམས་ཅན། །ཤར་ནས་ཡེ་ཤེས་ལྷ་མོ་སྐུ་མདོག་དཀར། །ལྷོ་རུ་སྨྲ་བྱེད་ལྷ་མོ་སྐུ་མདོག་སེར། །ནུབ་ཏུ་མཐོང་བྱེད་ལྷ་མོ་སྐུ་མདོག་དམར། །བྱང་དུ་སྨྲ་པྲ་སྟེར་བའི་དྲང་སྲོང་སྔོ། །ལྷ་མོ་གསུམ་ནི་གཞོན་ཚུལ་ཡིད་དུ་འོང་། །མུ་ཏིག་ལན་ཚར་མེ་ཏོག་ཕྲེང་བ་དང་། །ཨུཏྤལ་བསྒྲིགས་པའི་སྐེད་འཆིང་མཛེས་པ་ལ། །སྣ་ཚོགས་རིན་ཆེན་དུ་མའི་རྒྱན་གྱིས་སྤྲས། །དར་དཀར་གོ་ཟུ་མཚལ་གྱི་ཐིག་ཕྲན་ཅན། །རབ་མཛེས་མཐིང་ཤུན་སྔོན་པོའི་ཆ་ག་མཛེས། །གསེར་གྱི་གོང་ཐག་གཡུ་ཡི་ཐིག་ཕྲན་མཛེས། །ཕྱག་གཡས་རྦ་གླིང་གཡོན་པས་མེ་ལོང་བསྣམས། །སེམས་ཅན་རྣམས་ཀྱི་ནད་རྣམས་སེལ་བར་བྱེད། །སྲིད་གསུམ་གསལ་བའི་དངུལ་དཀར་མེ་ལོང་དང་། །སྨན་བཤོས་རྩེ་རྒྱལ་རྦ་དཀར་གླིང་བུའི་སྒྲ། །ཕྱེ་མར་ཕུད་དང་མདའ་དར་སྣ་ལྔ་དང་། །ཟས་ཕུད་ཞལ་ཟས་སྣ་ཚོགས་རི་ལྟར་སྤུངས། །ཇ་ཆང་འོ་སྐོལ་དཀར་གསུམ་མངར་གསུམ་དང་། །ཨ་བར་སྐྱུར་གསུམ་བཟང་དྲུག་སྨན་གྱི་ཚོགས། །འབྲས་དང་གྲོ་སྲན་འབྲུ་སྣ་སྣ་ཚོགས་དང་། །དར་ཕྲུག་ཡོལ་བ་བླ་བྲེ་ལྡ་ལྡི་གཡོ། །རིན་ཆེན་གདུགས་མཛེས་བ་དན་སྙན་པའི་སྒྲ། །མི་ནུབ་རྒྱལ་མཚན་གཏེར་གྱི་བུམ་པ་བཟང་། །ཡན་ལག་བརྒྱད་ལྡན་ཁྲུས་རྫིང་དཔག་བསམ་ཤིང་། །མ་རྨོས་ལོ་ཏོག་འདོད་འབྱུང་ནེའུ་ལེ། །ཁྱད་པར་གཡུ་ཤུག་སྔོན་མོའི་དུད་སྤྲིན་འདིས། །ཡེ་ཤེས་དུང་གི་ཁྱེའུ་ཆུང་དཀར་པོ་བསང་། །ཤར་ནས་ཡེ་ཤེས་ལྷ་མོ་དཀར་མོ་བསང་། །ལྷོ་ནས་སྨྲ་བྱེད་ལྷ་མོ་སེར་མོ་བསང་། །ནུབ་ནས་མཐོང་བྱེད་ལྷ་མོ་དམར་མོ་བསང་། །བྱང་ནས་སྨན་པྲ་སྟེར་བའི་དྲང་སྲོང་བསང་། །བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་བསང་། །གངས་དཀར་རྩེ་ཡི་ལྷ་སྨན་ཚོགས་རྣམས་བསང་། །བྲག་ལ་གནས་པའི་ལྷ་སྨན་ཚོགས་རྣམས་བསང་། །སྤང་ལ་གནས་པའི་ལྷ་སྨན་ཚོགས་རྣམས་བསང་། །གངས་ལ་གནས་པའི་ལྷ་སྨན་ཚོགས་རྣམས་བསང་། །མཚོ་ལ་གནས་པའི་ལྷ་སྨན་ཚོགས་རྣམས་བསང་། །བར་སྣང་གནས་པའི་ལྷ་སྨན་ཚོགས་རྣམས་བསང་། །སྨན་ཕྲན་ཉི་ཁྲི་སུམ་འབུམ་ཚོགས་རྣམས་བསང་། །དེ་ལྟར་བསང་མཆོད་ཕུལ་བའི་བྱིན་རླབས་ཀྱིས། །བདག་ཅག་དཔོན་སློབ་ནད་མེད་ཚེ་རིང་དང་། །ལོངས་སྤྱོད་འཕེལ་ཞིང་སྙན་དང་གྲགས་པ་རྒྱས། །ཁམས་གསུམ་སྲིད་གསུམ་དབང་དུ་འདུ་བ་དང་། །མངོན་ཤེས་པྲ་ཡི་དངོས་གྲུབ་ཀུན་སྩོལ་ཅིང་། །བྱད་མ་རྦོད་གཏོང་དགྲ་བགེགས་ཚར་བཅད་ནས། །རྣམ་བཞིའི་ཕྲིན་ལས་ཡིད་བཞིན་རྒྱ་མཚོའི་ཚོགས། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པའོ། །

གཏེར་སྲུང་ཁོལ་བོ་ཁའི་བསང་མཆོད་ནི།

ཧཱུྃ། རྒྱལ་ཀུན་མཐུ་སྟོབས་ནུས་པ་གཅིག་བསྡུས་པ། །བསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡི། །བཀའ་སྡོད་གནོད་སྦྱིན་ཡོངས་ཀྱི་དེད་དཔོན་ཆེ། །ཟབ་གཏེར་སྐྱོང་བའི་རྒྱལ་ཆེན་ཁོལ་བོ་ཁ། །སྐུ་མདོག་མཐིང་ནག་འོད་ཟེར་ཕྱོགས་བཅུར་འཕྲོ། །ཞལ་གཅིག་ཕྱག་གཉིས་གཏེར་གྱི་སྒྲོམ་བུ་བསྣམས། །ཁྲོ་གཏུམ་ཨོག་ཚོམ་སྨིན་མ་མེ་ལྟར་འབར། །སྐུ་ལ་ཟ་འོག་སྔོ་ཁྲའི་བེར་ཤམ་གསོལ། །རིན་ཆེན་སྣ་ཚོགས་རྒྱན་དང་ཕྲེང་བས་བརྒྱན། །གཡུ་རལ་གྱེན་བརྫེས་ལྷག་མ་ཐུར་དུ་འཕྱང་། །ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོས་བརྒྱན། །ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས། །དགྱེས་སྡེ་ཡུམ་སྲས་གནོད་སྦྱིན་བདུན་འབུམ་བཅས། །འཁོར་བཅས་འདིར་གཤེགས་དགྱེས་པར་བཞུགས་སུ་གསོལ། །དང་བའི་ཡིད་ཀྱིས་གུས་པས་ཕྱག་འཚལ་ལོ། །དབྱིངས་ཀྱི་ངང་ནས་རྣམ་རོལ་འཆར་སྒོའི་དཔྱིད། །ཡེ་ཤེས་བདུད་རྩི་བསང་གི་མཆོད་པའི་སྤྲིན། །ངོ་མཚར་བཀོད་པ་བསམ་ཡས་ལྷུན་འགྲུབ་པ། །རབ་འབྱམས་རྒྱ་མཚོའི་ཞིང་ཀུན་བཀང་སྟེ་འབུལ། །སྨན་སྣ་དར་ཟབ་རིན་ཆེན་རྣམ་པ་ལྔ། །འབྲུ་བཅུད་གཙང་སྦྱར་དཔལ་གྱི་བཤོས་བུ་དང་། །བདུད་རྩི་སྨན་དང་རཀྟ་དམར་གྱི་མཚོ། །གནོད་སྦྱིན་དབང་པོ་འཁོར་དང་བཅས་པ་ལ། །དྲི་ཞིམ་ཤིང་སྣའི་ཚོགས་དང་ལྷན་ཅིག་ཏུ། །མེ་ལ་བསྲེགས་པའི་དུད་པའི་སྤྲིན་ཕུང་ནི། །རྣམ་དག་མཁའ་དབྱིངས་ཁྱབ་པའི་ལྡིང་ཁང་ནས། །ཟེར་ལས་རྡོ་རྗེའི་ལྷ་མོའི་ཚོགས་རྣམས་དང་། །བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་རིན་ཆེན་བདུན། །གནོད་སྦྱིན་དབང་པོ་འཁོར་དང་བཅས་པ་བསང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྡོ་རྗེ། །སྣ་ཚོགས་རྒྱན་དང་རིན་ཆེན་སེ་རལ་ཁ། །མཁོ་དགུའི་འབྱོར་བ་རྒྱ་མཚོའི་མཆོད་པའི་སྤྲིན། །གནོད་སྦྱིན་དབང་པོ་འཁོར་དང་བཅས་པ་བསང་། །འདབ་ཆགས་མཁའ་ལྡིང་རྐང་བཞིའི་ཚོགས་རྣམས་དང་། །ལང་ཐང་ཕྲེང་བ་མི་ནུབ་རྒྱལ་མཚན་སོགས། །ནོར་བུ་སྣ་ཚོགས་གྲམ་ལྟར་བརྡལ་བ་འདིས། །གནོད་སྦྱིན་དབང་པོ་འཁོར་དང་བཅས་པ་བསང་། །ཡེ་ཤེས་བདུད་རྩི་བསང་གི་དུད་པ་ལས། །རྣམ་མང་ནམ་མཁའ་མཛོད་ཀྱི་འཁོར་ལོ་འདིས། །མཉམ་ཉིད་བདེ་བ་ཆེན་པོའི་མཆོད་སྤྲིན་གྱིས། །གནོད་སྦྱིན་དབང་པོ་འཁོར་དང་བཅས་པ་བསང་། །ཅི་བགྱིས་བཀའ་ཉན་སྒྲུབ་ཅིང་ཁས་བླངས་པ། །འཁོར་བཅས་གནོད་སྦྱིན་བདུན་འབུམ་འཁོར་བཅས་བསང་། །དེ་ལྟར་བསང་ཞིང་མཆོད་པའི་བྱིན་རླབས་ཀྱིས། །ནད་གདོན་ཀུན་ཞི་ཚེ་དཔལ་བསོད་ནམས་རྒྱས། །ལུང་རྟོགས་བསྟན་པ་གོང་ནས་གོང་འཕེལ་ཞིང་། །འཁོར་དང་གདུལ་བྱ་དབང་དུ་འདུ་བ་དང་། །གནོད་པར་བྱེད་པའི་དགྲ་བགེགས་མཐའ་དག་ཀུན། །མངོན་སྤྱོད་དྲག་པོའི་སྟོབས་ཀྱིས་སྒྲོལ་བར་མཛོད། །རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ །

གཏེར་སྲུང་བྱ་རོག་གདོང་གི་བསང་མཆོད།

ཧཱུྃ། སྔོན་ཚེ་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའི། །བཀའ་སྡོད་རབ་འཇིགས་གཏེར་སྲུང་བྱ་རོག་གདོང་། །མཐིང་ནག་མི་སྲིན་བཟོད་པར་དཀའ་བའི་སྐུ། །ཁྲོ་བོའི་ཞལ་ལ་གནམ་ལྕགས་རྡོ་རྗེའི་མཆུ། །ཞག་གཅིག་ཕྱག་གཉིས་གཡས་པས་གྲི་གུག་དང་། །གཡོན་པས་ཐོད་པ་དམར་གྱིས་བཀང་བ་བསྣམས། །ཞིང་ཆེན་གཡང་གཞི་སྟག་ལྤགས་ཤམ་ཐབས་ཅན། །རྡོ་རྗེའི་གཤོག་པ་བར་སྣང་ཁམས་སུ་ལྡིང་། །འཁོར་བཅས་བསང་གི་མགྲོན་ལ་སྤྱན་འདྲེན་གཤེགས། །པད་ཉི་དགྲ་བགེགས་བསྣོལ་བའི་གདན་ལ་བཞུགས། །གུས་པའི་ཡིད་ཀྱིས་དང་བས་ཕྱག་འཚལ་ལོ། །མཆོད་ཡོན་ཞལ་བསིལ་མེ་ཏོག་དྲི་ཞིམ་སྤོས། །མར་མེ་དྲི་ཆབ་ཞལ་ཟས་སྙན་པའི་སྒྲ། །དུག་ལྔ་རྣམ་དག་པཉྩ་ཨ་མྲྀ་ཏ། །རྒྱུད་དྲུག་བསྒྲལ་བའི་རཀྟ་དམར་གྱི་མཚོ། །བརྗིད་ལྡན་དཔལ་གྱི་གཏོར་མ་རི་ལྟར་སྤུངས། །རུ་མཚོན་ནག་པོ་ཕྱར་དར་གཡབ་མོ་དང་། །དར་ནག་གྲི་སྙིང་ཐུན་དང་ཟོར་གྱི་ཚོགས། །ཐོད་ཕྲེང་མི་མགོ་རློན་པའི་ཕྲེང་བས་མཛེས། །གྷ་ན་ཙཀྲ་དམ་རྫས་རི་ལྟར་སྤུངས་། །ཁྲག་ཆང་བདུད་རྩིའི་བཏུང་བ་མེ་རེ་རེ། །ཙ་ར་རྟ་ནག་རྟིང་དཀར་གཡག་རོག་ཞོལ། །ཤ་སྣ་སྙིང་སྣ་ཁྲག་སྣ་བསམ་མི་ཁྱབ། །ཁྱད་པར་དྲི་ཞིམ་བསང་གི་མཆོད་པ་འདིས། །བསྟན་སྲུང་བྱ་རོག་གདོང་ཅན་འཁོར་བཅས་བསང་། །བཀའ་ཉན་དྲེགས་པའི་ཚོགས་རྣམས་བསང་ཞིང་མཆོད། །ལས་བྱེད་དྲེགས་པའི་ཚོགས་རྣམས་བསང་ཞིང་མཆོད། །དེ་ལྟར་བསང་ཞིང་མཆོད་པའི་བྱིན་རླབས་ཀྱིས། །ཁྱེད་རྣམས་ཐུགས་དང་འགལ་བའི་ཉམས་ཆགས་ཀུན། །མཐོལ་ཞིང་བཤགས་སོ་བྱང་ཞིང་དག་གྱུར་ཅིག །བདག་ཅག་བྱང་ཆུབ་སྒྲུབ་པའི་ཚོགས་རྣམས་ལ། །ཁྱེད་ཀྱིས་རྟག་ཏུ་སྲུང་སྐྱོབ་མགོན་མཛད་ཅིང་། །སྒྲུབ་ལ་འཚེ་བའི་བར་ཆད་བདུད་སྡེའི་དཔུང་། །དམིགས་མེད་ཆོས་དབྱིངས་ངང་དུ་ཞི་བར་མཛོད། །རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུ། །སྤྲུལ་པའི་གཏེར་ཆེན་ཉི་མ་གྲགས་པ་ཡི། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་བ་དང་། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །བདག་ཅག་དཔོན་སློབ་དགོན་གནས་བཅས་པ་ལ། །སྡང་བར་བྱེད་པའི་མི་བསྲུན་སྡེ་རིགས་རྣམས། །ནད་རིམས་ཡམས་ནད་གཏོང་བའི་གདོན་བགེགས་དང་། །དྲག་པོའི་ཤུགས་ཀྱིས་སྒྲོལ་བའི་ཕྲིན་ལས་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པའོ། །

གཉན་ཆེན་རྒྱལ་བ་ཐོད་དཀར་བསང་མཆོད།

ཧཱུྃ། སྔོན་ཚེ་པདྨའི་བཀའ་ཉན་མཐུ་བོ་ཆེ། །སྲིད་གསུམ་དྲེགས་པ་ཡོངས་ཀྱི་མངའ་བདག་པོ། །དམ་ཉམས་གདུལ་དཀའ་འདུལ་བའི་གཤེད་པོ་ཆེ། །བར་སྣང་གཉན་གྱི་རྒྱལ་པོའི་སྐུར་བཞེངས་པ། །རྒྱལ་བ་ཐོད་དཀར་སྐུ་མདོག་དཀར་ལ་དམར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཨམ་གཙིགས་བསྡམས། །གཡས་པས་མདུང་དར་གཡོན་པས་ཞགས་པ་བསྣམས། །སྐུ་ལ་བེར་ཆེན་དབང་གི་མདོག་ཅན་གསོལ། །འཁོར་གསུམ་སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །དར་དཀར་ལ་ཐོད་རྒོད་ཀྱི་ལྡེམ་འཕྲུ་ཅན། །ཅང་ཤེས་རྐྱང་ཞུར་རླུང་གི་རྩལ་ལྡན་ཆིབས། །ཇི་ལྟར་མཁའ་ལས་ཆར་སྤྲིན་གཏིབ་པ་བཞིན། །སྐད་ཅིག་འདིར་གཤེགས་བཞུགས་ལ་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་གང་བའི་ཞིང་ཁམས་ན། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་སྤྲིན་ཕུང་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟར་འཕྲོ་བ་འདི། །བློ་ཡིས་བླངས་ནས་གུས་པས་འབུལ་གྱིས་བཞེས། །ཁྱེད་ལ་དགྱེས་པར་བྱེད་པའི་མཐུན་རྫས་ནི། །ཨ་ག་རུ་དང་ཙནྡན་དཀར་དམར་དང་། །གཡུ་ཤུག་གསེར་ཤིང་དུང་ཤིང་བ་ལུ་དང་། །མཆོད་ཤིང་ལ་སོགས་དྲི་ཞིམ་ཤིང་སྣ་དང་། །དཀར་གསུམ་མངར་གསུམ་ཤ་སྣ་ཁྲག་སྣའི་ཚོགས། །ཕྱེ་མར་འོ་སྐོལ་རིན་ཆེན་སྣ་ཚོགས་དང་། །བཟང་དྲུག་སྨན་སྣ་བསྲེགས་པའི་དུད་པའི་སྤྲིན། །གཉན་ཆེན་རྒྱལ་བ་ཐོད་དཀར་བསང་ཞིང་མཆོད། །དགྱེས་སྡེ་ཡུམ་ཆེན་ཚོགས་རྣམས་བསང་ཞིང་མཆོད། །ཡབ་ཡུམ་སྲས་དང་བཙུན་མོ་བསང་ཞིང་མཆོད། །འཁོར་བཅས་ལྷ་སྲིན་སྡེ་བརྒྱད་བསང་ཞིང་མཆོད། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་པར་བསྐང་། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །འཁོར་ཚོགས་བུ་སློབ་མངའ་ཐང་དར་རྒྱས་ཤིང་། །ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ནས། །དམ་ཉམས་དགྲ་བོ་མ་ལུས་ཆམ་ལ་ཕོབས། །གང་འདོད་ཕྲིན་ལས་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་པའང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པའོ། །

འབར་མ་བྱ་ཞོན་མའི་བསང་མཆོད།

བྷྱོཿ རབ་འཇིགས་དུར་ཁྲོད་ཆེན་པོ་བསིལ་བ་ཚལ། །རྡོ་རྗེ་གདན་དང་དཔལ་ལྡན་ན་ལེནྡྲ། །མེ་རླུང་དམར་ནག་འབར་བའི་ཀློང་དཀྱིལ་ན། །དཔལ་ལྡན་ནག་པོ་ཆེན་པོ་བཀའ་སྡོད་ཆེ། །རབ་འཇིགས་འབར་མ་ཆེན་མོ་བྱ་ཞོན་མ། །ཁྲོ་མོ་མི་བཟད་འབར་བའི་སྐུར་སྟོན་པ། །མ་རུང་ཆར་སྤྲིན་གཏིབས་པ་ལྟ་བའི་མདོག །ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས། །ཞིང་ལྤགས་སྟོད་གཡོག་གཟིག་གི་ཤམ་ཐབས་ཅན། །ཐོད་པའི་ཕྲེང་བ་གདུག་པ་སྦྲུལ་གྱིས་བརྒྱན། །ཆིབས་སུ་མགྱོགས་བྱེད་བྱ་རོག་ནག་པོ་ཆིབས། །སྐད་ཅིག་ཡུད་ཙམ་གནས་འདིར་གཤེགས་སུ་གསོལ། །གདོད་ནས་རྣམ་དག་སྤྲོས་དང་བྲལ་བ་ལ། །རྣམ་རོལ་མ་འགགས་ཆུ་ཟླའི་གར་བཞིན་དུ། །ཟབ་གཏེར་བསྟན་པ་སྲུང་བའི་ཚུལ་འཛིན་པ། །འབར་མ་བྱ་ཞོན་མ་ལ་ཕྱག་འཚལ་ལོ། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །ཕྱི་ནང་གསང་བ་བླ་མེད་མཆོད་པའི་སྤྲིན། །ཁྱད་པར་དྲི་ཞིམ་བསང་གི་མཆོད་པའི་སྤྲིན། །གང་བཞེད་ཅིར་ཡང་འཆར་བའི་བསང་མཆོད་འདིས། །འབར་མ་བྱ་ཞོན་འཁོར་བཅས་བསང་ཞིང་མཆོད། །བསང་ངོ་མཆོད་དོ་འབར་མ་བྱ་ཞོན་མ། །གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་དང་། །རིག་འཛིན་ཆེན་པོ་ཉི་མ་གྲགས་པ་ཡིས། །བསྟན་པའི་ཉི་མ་ཕྱོགས་བཅུར་འཆར་བ་དང་། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རབ་བསྲིང་ནས། །འཁོར་འབངས་བུ་སློབ་མཐའ་དག་ཁྱོད་ཀྱིས་སྲུང་། །དམ་ཉམས་བྱད་མ་དགྲ་བགེགས་ཚར་ཆོད་ཅིག །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་མཐའ་དག་ཀུན། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །སྙན་གྲགས་དགེ་བའི་བ་དན་སྲིད་རྩེར་སྒྲེང་། །ཉམས་རྟོགས་ཡོན་ཏན་གོང་ནས་གོང་འཕེལ་ཞིང་། །ཚེ་བསོད་དཔལ་འབྱོར་དབང་ཐང་ལེགས་ཚོགས་ཀུན། །ཡར་ངོའི་ཟླ་ལྟར་གོང་ནས་གོང་འཕེལ་ཞིང་། །གང་འདོད་ཕྲིན་ལས་འགྲུབ་པའི་སྡོང་གྲོགས་མཛོད། །དུས་བཞིའི་དབང་བསྒྱུར་མ་མོ་ཡོངས་ཀྱི་རྗེ། །སྲིད་གསུམ་སྲོག་དབུགས་ཅིག་ཆར་རྔུབ་མཛད་ཅིང་། །ཉིན་མཚན་དུས་དྲུག་མེལ་ཚེ་བྱ་ར་མཛོད། །མ་གཡེལ་མ་གཡེལ་འབར་མ་བྱ་ཞོན་མ། །ཁྱོད་ཀྱི་སྡོང་གྲོགས་དམ་བཅའ་གཡེལ་གྱུར་ན། །བདག་ཅག་རེ་ཞིང་ལྟོས་པ་སུ་ལ་འཆའ། །དེ་ཕྱིར་ཁྱོད་ཀྱི་ཐ་ཚིག་རྗེས་དགོངས་ལ། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་སོ། །

བཀའ་སྲུང་འབར་མ་ལྕམ་དྲལ་གྱི་བསང་མཆོད་ནི།

ཧཱུྃ། ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །ལོངས་སྐུ་མ་འགགས་ཁྲོས་པའི་སྐུར་བཞེངས་པ། །འབར་བའི་རྒྱལ་པོ་རྒྱལ་འགོང་ཡོངས་ཀྱི་གཤེད། །ཁྲོ་རྒྱལ་བཀའ་སྡོད་བདུད་ཀྱི་རྒྱལ་པོ་ནི། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་མདུང་དར་གཡོན་པས་ཞགས་པ་འཛིན། །བེར་ནག་གསོལ་ཞིང་བདུད་རྟ་ནག་པོ་ཆིབས། །བཙན་རྒོད་དམར་པོ་ཞལ་གཅིག་ཕྱག་གཉིས་པ། །བསེ་མདའ་བསེ་གཞུ་དགྲ་བོའི་སྙིང་ལ་བསྡེག །བེར་དམར་གསོལ་ཞིང་བཙན་རྟ་དམར་པོ་ཆིབས། །ཀླུ་ཡི་རྒྱལ་པོ་མདོག་དཀར་ཞི་འཛུམ་ཅན། །ཞལ་གཅིག་ཕྱག་གཉིས་མདའ་དར་ནོར་བུ་བསྣམས། །དར་དཀར་གསོལ་ཞིང་རུས་སྦལ་རྔམས་པ་ཆིབས། །མཐུ་ཆེན་བདུད་བཙན་ཀླུ་གསུམ་འཁོར་དང་བཅས། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །རང་རང་དགྱེས་པའི་གདན་ལ་བཞུགས་སུ་གསོལ། །ཁྱེད་ལ་དད་ཅིང་དང་བའི་བློ་ཡིས་ནི། །ཡེ་ཤེས་བདུད་རྩིའི་བསང་གི་མཆོད་པ་ཡི། །དུད་པའི་སྤྲིན་ཕུང་ཕྱོགས་བཅུར་འཁྲིགས་པ་ལས། །འདོད་པའི་ཡོན་ཏན་ལྔ་ཡི་ཆར་འབེབས་ཤིང་། །བདུད་རྩི་སྨན་དང་རཀྟ་དམར་གྱི་མཚོ། །བྷ་ལིང་གཏོར་མ་ཕྱི་ནང་ཉེར་སྤྱོད་དང་། །གཅན་གཟན་རི་དྭགས་གཡུང་དྭགས་འདབ་ཆགས་ཚོགས། །གསེར་དངུལ་ཟངས་ལྕགས་རིན་ཆེན་སྣ་ཚོགས་དང་། །དར་ཟབ་སྣ་ཚོགས་སྟག་རལ་གཟིག་ཤུབས་བཀྲ། །གོ་ཁྲབ་རལ་གྲི་དགྲ་སྟ་ཆུ་གྲི་དང་། །བདུད་ཀྱི་ཞགས་པ་བཙན་མདུང་དམར་པོ་དང་། །ཡིད་བཞིན་ནོར་བུ་འབྲང་རྒྱས་ཞལ་དཀར་སོགས། །ཡེ་ཤེས་བདུད་རྩི་བསང་གི་མཆོད་སྤྲིན་འདི། །བདུད་ཀྱི་རྒྱལ་པོ་འཁོར་བཅས་བསང་ཞིང་མཆོད། །བཙན་གྱི་རྒྱལ་པོ་འཁོར་བཅས་བསང་ཞིང་མཆོད། །ཀླུ་ཡི་རྒྱལ་པོ་འཁོར་བཅས་བསང་ཞིང་མཆོད། །དེ་ལྟར་བསང་ཞིང་མཆོད་པའི་བྱིན་རླབས་ཀྱིས། །བདག་ཅག་འཁོར་བཅས་ནད་གདོན་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་རྒྱས། །མི་ནོར་ཟས་གསུམ་དབང་དུ་འདུལ་བ་དང་། །གནོད་པར་བྱེད་པའི་དགྲ་བགེགས་ཚར་ཆོད་ཅིག །ཅེས་པ་འདི་ནི་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ་ཞིང་ཤིས་པར་གྱུར་ཅིག །

ཉི་གྲགས་གཏེར་སྲུང་ལྷ་མོ་ཆེན་མོའི་བསང་མཆོད།

བྷྱོཿ ནམ་མཁའ་ཡངས་པའི་ཁམས་ལ་དབང་བསྒྱུར་ཞིང་། །སྲིད་པ་གསུམ་གྱི་སྲོག་གི་མངའ་བདག་པོ། །ཁྲག་འཐུང་ལས་ཀྱི་མ་མོ་མཐུ་མོ་ཆེ། །ཟབ་གཏེར་སྐྱོང་བའི་ལྷ་མོ་ཆེན་མོ་ནི། །དམར་ནག་ཁྲག་མདོག་བཟོད་པར་དཀའ་བའི་སྐུ། །ཞལ་གཅིག་ཕྱག་གཉིས་གཡས་པས་ཙིཏྟ་བསྣམས། །གཡོན་པས་རྟོག་མེད་བམ་རོ་ཟ་བར་བྱེད། །གཅེར་མོ་སྐུ་སྟོད་མི་ལྤགས་གཡང་གཞི་གསོལ། །སྐུ་སྨད་གཟིག་གི་ལྤགས་པའི་ཤམ་ཐབས་ཅན། །སྟོང་གསུམ་ཉུལ་ཞིང་བསྟན་པའི་བྱ་ར་མཛད། །འཁོར་བཅས་བསང་གི་མགྲོན་ལ་གཤེགས་སུ་གསོལ། །དྲི་ཞིམ་བདུད་རྩི་ཅན་གྱི་ཤིང་སྣའི་ཚོགས། །མཐུན་པའི་དམ་རྫས་སྣ་ཚོགས་བསྲེགས་པ་ཡིས། །དུད་པའི་སྤྲིན་ཚོགས་མཁའ་དབྱིངས་ཁྱབ་པ་ལས། །འདོད་ཡོན་ལྔ་ཡི་ལོངས་སྤྱོད་བསམ་མི་ཁྱབ། །སྨན་དང་རཀྟ་བཅུད་ལྡན་གཏོར་མའི་ཚོགས། །ཤ་སྣ་སྙིང་སྣ་ཁྲག་ཞག་རྒྱ་མཚོ་བསྐྱིལ། །རྐང་གླིང་ཐོད་རྔ་སྙན་འཇེབས་རོལ་མོའི་སྒྲ། །གདུགས་དང་རྒྱལ་མཚན་བ་དན་རུ་མཚོན་སོགས། །རྨ་བྱ་ཤང་ཤང་ལ་སོགས་འདབ་ཆགས་དང་། །སྟག་གཟིག་དོམ་དྲེད་འཕར་སྤྱང་གཅན་གཟན་སོགས། །ཤྭ་རྐྱང་འབྲོང་བུ་ལ་སོགས་རི་དྭགས་རིགས། །རྟ་དྲེལ་མ་ཧེ་ལ་སོགས་གཡུང་དྭགས་ཚོགས། །མཐུན་རྫས་སྣ་ཚོགས་སྐར་ལྟར་བཀྲམ་པ་འདི། །གཏེར་སྲུང་ལྷ་མོ་ཆེན་མོ་བསང་ཞིང་མཆོད། །གསོལ་ཞིང་མཆོད་པའི་རྣལ་འབྱོར་བདག་ཅག་ལ། །ལུས་དང་གྲིབ་བཞིན་མི་འབྲལ་འགྲོགས་ནས་ཀྱང་། །རྟག་ཏུ་སྲུང་སྐྱོབ་ཕྲིན་ལས་མ་གཡེལ་བར། །ལེགས་པར་སྤྲོད་ལ་ཉེས་པ་ཀུན་དང་བསྣོལ། །གང་བཅོལ་ཐོགས་མེད་འགྲུབ་པའི་སྡོང་གྲོགས་མཛོད། །རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ །

མ་མོ་ཁྲག་རལ་མའི་བསང་མཆོད།

བྷྱོཿ རྣམ་དག་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་ལས། །རྣམ་འཕྲུལ་ལྷ་མོ་ཆེན་མོའི་སྐུར་སྟོན་པ། །རྣམ་པ་སྲིད་གསུམ་སྲོག་གི་བདག་མོ་ནི། །རྣམ་རོལ་མ་འགག་དྲག་མོའི་ཚུལ་འཆང་བ། །དམ་ལྡན་རྣལ་འབྱོར་བདག་གིས་འབོད་པའི་ཚེ། །དམ་ཚིག་དབང་གིས་སྤྱན་འདྲེན་གཤེགས་སུ་གསོལ། །དམ་རྫས་རྫ་ལྟར་སྤུངས་པའི་གཞལ་ཡས་འདིར། །དམ་ཉམས་དགྲ་བགེགས་འདུལ་བའི་གཤེད་མ་ཆེ། །མ་ཡིས་བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །མ་མོ་འབུམ་གྱི་གཙོ་མོར་མངའ་གསོལ་བ། །མ་ཡིག་ལས་བྱུང་མ་མོ་ཁྲག་རལ་མ། །མ་གཅིག་སྐུ་མདོག་བསྐལ་བའི་མེ་ལྟར་འབར། །ཞལ་གཅིག་ཕྱག་གཉིས་ཤིན་ཏུ་རྔམས་པའི་སྐུ། །གཡས་པས་ཟངས་གྲི་གཡོན་པས་བྷན་དམར་བསྣམས། །གཅེར་མོའི་སྐུ་སྟོད་ཞིང་ལྤགས་གཡང་གཞི་དང་། །མི་ལྤགས་སྟོད་གཡོག་རུས་པའི་རྒྱན་ཆ་ཅན། །སྙིང་གི་མི་མགོ་རློན་པའི་དོ་ཤལ་འཕྱང་། །ཁྲག་གི་རལ་བས་གནམ་ས་བར་སྣང་ཁྱབ། །དགྱེས་པར་བཞུགས་ལ་གུས་པས་ཕྱག་འཚལ་ལོ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པ་ཡིས། །ཕྱི་མཆོད་འདོད་ཡོན་སྣ་ལྔ་སྤྲིན་ལྟར་གཏིབ། །ནང་མཆོད་སྨན་རཀ་གཏོར་གསུམ་དང་རེ་སྤྲོ། །གསང་མཆོད་དག་པ་བཞི་ཡི་མཆོད་པའི་སྤྲིན། །གྷ་ན་ཙཀྲ་ཚོགས་ཀྱི་འཁོར་ལོ་དང་། །ཁྱད་པར་ཡེ་ཤེས་བདུད་རྩིའི་བསང་མཆོད་འདིས། །མ་མོ་ཆེན་མོ་ཁྲག་གི་རལ་ཅན་བསང་། །འཁོར་བཅས་ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་བསང་། །ཡང་སྤྲུལ་མ་མོ་འབུམ་གྱི་ཚོགས་རྣམས་བསང་། །བསང་ངོ་མཆོད་དོ་ཐུགས་དམ་གཉན་སྐོང་ལ། །མ་གཡེལ་མ་གཡེལ་ལྷ་མོ་ཁྱོད་ཉིད་ཀྱིས། །བདག་ཅག་བྱང་ཆུབ་སྙིང་པོ་མ་ཐོབ་བར། །མི་འབྲལ་འགྲོགས་ནས་གཏན་གྱི་གྲོགས་མཛོད་ཅིག །རྒྱལ་བའི་དབང་པོ་མཚོ་སྐྱེས་རྡོ་རྗེ་ཡི། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་འཛིན་མཛད་པའི། །གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་གྱི། །སྐུ་ཕྲེང་ནོར་བུའི་ཕྲེང་བ་རིམ་བྱོན་དང་། །རིག་འཛིན་ཆེན་པོ་ཉི་མ་གྲགས་པ་ཡི། །མཛད་འཕྲིན་ནམ་མཁའི་ཕ་མཐར་རབ་སོན་ནས། །ཕྲིན་ལས་ཆེན་པོས་ས་སྟེང་ཁྱབ་པར་མཛོད། །ཆོས་འཁོར་འདི་ཡི་འདུས་པའི་སྡེ་ཚོགས་ཀུན། །དབྱར་གྱི་མཚོ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །བདག་ལ་བརྣག་པའི་དགྲ་སྡེ་མཐའ་དག་ཀུན། །མངོན་སྤྱོད་དྲག་པོའི་རོལ་བའི་བརྟུལ་ཞུགས་ཀྱིས། །ལོ་ཟླ་ཙམ་ཡང་མ་བཞག་མྱུར་དུ་སྒྲོལ། །གང་བཅོལ་ལས་རྣམས་སྒྲུབ་པའི་སྡོང་གྲོགས་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སོ། །

སྨན་སྲུང་རྡོ་རྗེ་བདུད་འདུལ་བསང་མཆོད་ནི།

ཧཱུྃ། བཅོམ་ལྡན་བདེ་གཤེགས་སྨན་པའི་རྒྱལ་པོ་ཡི། །སྔོན་ཚེ་གནས་མཆོག་སྨན་གྱི་ནགས་ཚལ་ནས། །གསོ་རིག་སྨན་གྱི་རྒྱུད་རྣམས་བཤད་པའི་ཚེ། །སྨན་གྱི་སྲུང་མར་ཞལ་བཞེས་དམ་ཚིག་ཅན། །མཐུ་སྟོབས་དབང་ཕྱུག་རྡོ་རྗེ་བདུད་འདུལ་ནི། །འཁོར་བཅས་བསང་གི་མགྲོན་ལ་གཤེགས་སུ་གསོལ། །མདུན་གྱི་ནམ་མཁའ་རིན་ཆེན་ཁང་བཟང་དབུས། །སྣ་ཚོགས་རིན་པོ་ཆེ་ཡི་ཁྲི་སྟེང་ན། །པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་དབུས། །ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་ནི། །སྐུ་མདོག་མཐིང་ནག་འོད་ཟེར་ཕྱོགས་བཅུར་འཕྲོ། །ཁྲོ་འཛུམ་སྨ་ར་དམར་སེར་མེ་ལྟར་འབར། །ཞལ་གཅིག་ཕྱག་གཉིས་གཡས་པས་ནོར་བུ་འཛིན། །གཡོན་པས་རིན་ཆེན་གཏེར་གྱི་སྒྲོམ་བུ་བསྣམས། །སྐུ་ལ་ཟ་འོག་བེར་ཆེན་དགུ་བརྩེགས་གསོལ། །ཐོད་སྐམ་དབུ་རྒྱན་རལ་བ་ཐོར་ཚུགས་ཅན། །ཞབས་གཉིས་རྒྱལ་པོ་རོལ་བའི་སྟབས་ཀྱིས་བཞུགས། །གནོད་སྦྱིན་དབང་པོ་འཁོར་དང་བཅས་པ་ལ། །དྲི་ཞིམ་བསང་དུད་ལྷ་ལམ་ཡོངས་ཁྱབ་པ། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །གཏེར་གྱི་བུམ་བཟང་མ་རྨོས་ལོ་ཏོག་དང་། །འདོད་འཇོའི་བ་མོ་དཔག་བསམ་ལྗོན་པའི་ཤིང་། །སྐྱེད་མོས་ཚལ་དང་རྫིང་བུ་སྣ་ཚོགས་པར། །ཀ་ལ་པིང་ཀ་ཁྲུང་ཁྲུང་མཐིང་རིལ་དང་། །གསེར་གྱི་རྡོ་རྗེའི་གཟུགས་ཅན་རི་སྐེགས་དང་། །ནེ་ཙོ་ཁུ་བྱུག་དྲིལ་བུའི་སྒྲ་ཅན་སོགས། །སྙན་པའི་དབྱངས་ཀྱིས་ཕྱོགས་བཅུར་ཀུན་ཏུ་མཛེས། །མདོར་ན་རྣམ་མང་སྲིད་ཞིའི་འབྱོར་བ་ཡི། །མཐུན་པའི་དམ་རྫས་རྫ་ལྟར་བཀྲམ་ལགས་ན། །གང་བཞེད་འདོད་རྒུར་འཆར་བའི་མཆོད་པའི་སྤྲིན། །སྔགས་དང་ཕྱག་རྒྱའི་བྱིན་གྱིས་བརླབས་པ་འདི། །བསང་ངོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་། །དགྱེས་ཤིང་ཚིམ་ནས་བདག་ལ་སྡོང་གྲོགས་མཛོད། །སྟོང་གསུམ་རབ་འབྱམས་རྒྱ་མཚོའི་ཞིང་ཁམས་ན། །ཚེ་དང་བསོད་ནམས་དཔལ་འབྱོར་སྟོབས་ཤུགས་དང་། །ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བསྡུས་པ་བཞིན། །སྒྲུབ་ལ་དངོས་གྲུབ་ཆར་ལྟར་འབེབས་པར་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སོ། །

གནོད་སྦྱིན་བཅུ་གཉིས་བསང་མཆོད་ནི།

ཧཱུྃ། ཁྲོ་རྒྱལ་ཡོངས་ཀྱི་མཐུ་སྟོབས་གཅིག་བསྡུས་པ། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིས། །བཀའ་སྡོད་རྡོ་རྗེའི་ཐ་ཚིག་ལ་གནས་པ། །སྨན་གྱི་བཀའ་སྲུང་གནོད་སྦྱིན་བཅུ་གཉིས་ནི། །མཁའ་ལ་ཆར་སྤྲིན་གཏིབས་པ་ལྟ་བུ་བཞི། །སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་སུ་གསོལ། །མདུན་གྱི་ནམ་མཁའ་གནོད་སྦྱིན་རྒྱལ་པོ་ནི། །གནོད་སྦྱིན་རྒྱལ་པོ་རྫོགས་བྱེད་ནག་པོ་འཛིན། །རྒྱན་འཛིན་གཟའ་འཛིན་གནས་བཅས་དབང་འཛིན་རླུང་། །གཏོང་འཛིན་སྨྲ་འཛིན་བསམ་འཛིན་མཐུ་ཆེན་ཚོགས། །རང་རང་བྲན་དང་འཁོར་གཡོག་བསམ་མི་ཁྱབ། །བདུན་འབུམ་བདུན་འབུམ་ཉི་ཁྲི་ས་ཡ་བཅས། །མཐུ་ཆེན་གནོད་སྦྱིན་དབང་པོ་འཁོར་བཅས་ལ། །དགྱེས་པའི་དམ་རྫས་སྣ་ཚོགས་རི་ལྟར་སྤུང་། །གསེར་ཤིང་སྟག་པ་དུང་ཤིང་མཁན་པ་དང་། །མཆོང་ཤིང་བ་ལུ་གཡུ་ཤིང་ཤུག་པ་སོགས། །དར་ཟབ་རིན་ཆེན་སྣ་ལྔ་ཕྱེ་མར་ཚོགས། །བསྲེགས་པའི་དུད་པ་མཁའ་དབྱིངས་ཁྱབ་པར་སྤེལ། །ཕྱི་ནང་ཉེར་སྤྱོད་ཇ་ཆང་འོ་སྐོལ་ཕུད། །རོ་བརྒྱའི་ཁ་ཟས་ཕྱེ་མར་གངས་ལྟར་སྤུངས། །མེ་ཏོག་སྣ་ཚོགས་ལྗོན་ཤིང་འབྲས་བུ་བཅས། །ལྷ་ཀླུ་མི་ཡི་ནོར་བུ་རིན་ཆེན་བདུན། །རྟ་གླང་བ་དང་མ་རྨོས་ལོ་ཏོག་སོགས། །མདོར་ན་དངོས་སུ་འབྱོར་དང་ཡིད་ཀྱི་སྤྲུལ། །རབ་འབྱམས་ནམ་མཁའ་གང་བར་འབུལ་ལགས་ན། །ཉམས་གྲིབ་མི་གཙང་བ་ཀུན་དག་ནས་ཀྱང་། །ཐུགས་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྐང་། །རྒྱལ་བའི་དབང་པོ་པདྨ་ཀ་ར་དང་། །ཆོས་རྒྱལ་མེས་དབོན་གསུམ་སོགས་མདོ་སྔགས་ཀྱི། །བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་པ་དང་། །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །ཆོས་སྲིད་མི་ནུབ་གོང་ནས་གོང་འཕེལ་ཞིང་། །རྒྱལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། །བདག་ཅག་སྒྲུབ་ལ་བར་དུ་གཅོད་པ་ཡིས། །བསམ་སྦྱོར་ལོག་པའི་དགྲ་བགེགས་མཐའ་དག་ཀུན། །མིང་ཙམ་མེད་པར་བསྒྲལ་བའི་ཕྲིན་ལས་མཛོད། །དེང་ནས་བདག་ཅག་འཁོར་དང་བཅས་པ་རྣམས། །རྣམ་བཞིའི་ཕྲིན་ལས་ཡིད་བཞིན་སྩོལ་བ་དང་། །རེ་བ་མཐའ་དག་གེགས་མེད་མྱུར་འགྲུབ་ནས། །ས་ལམ་ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ། །འབྲེལ་ཚད་རིག་འཛིན་ཞིང་དུ་ཁྲིད་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ཐོབ་པར་མཛོད། །རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ །

ན་ག་རཀྴའི་བསང་མཆོད་ནི།

ཕཻཾ། རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །རང་སྣང་མ་འགགས་རོལ་བའི་ལྷ་གཅིག་པུ། །རང་བྱུང་རང་ཤར་ཆུ་ཟླའི་རོལ་གར་ཅན། །རང་བཞིན་དབྱིངས་ནས་བསང་གི་མགྲོན་ལ་གཤེགས། །རང་གི་མདུན་དུ་རི་རབ་ངོས་ཡངས་ལ། །དུག་གི་རྒྱ་མཚོ་འཁྱིལ་བའི་ཀློང་དཀྱིལ་ན། །དཔལ་ལྡན་ཁྲོ་རྒྱལ་ན་ག་རཀྴ་ནི། །སྨུག་ནག་དབུ་དགུ་ཕྱག་ནི་བཅོ་བརྒྱད་དེ། །གཡས་དགུ་གྲི་གུག་གཡོན་དགུ་སྦྲུལ་ཞགས་བསྣམས། །སྐུ་སྨད་སྦྲུལ་མཇུག་རྒྱ་མཚོའི་ནང་དུ་འཁྱིལ། །ཀླུ་གཉན་ས་བདག་ཕོ་མོ་འབུམ་ཁྲིའི་ཚོགས། །བཀའ་ཉན་ལས་བྱེད་གུས་པའི་ཚུལ་གྱིས་འདུད། །དམ་ཚིག་དབང་གི་སྤྱན་འདྲེན་གཤེགས་སུ་གསོལ། །རིན་ཆེན་ལྔ་དང་དར་ཟབ་སྨན་སྣ་ཚོགས། །ཕྱེ་མར་འོ་སྐོལ་དཀར་གསུམ་མངར་གསུམ་དང་། །དྲི་ཞིམ་སྤོས་སྣ་བསྲེག་པའི་དུད་པའི་སྤྲིན། །འདོད་ཡོན་ལྔ་ལྡན་མཆོད་པའི་སྤྲིན་འཕྲོ་དང་། །དུག་གསུམ་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི། །ཤ་ཁྲག་རུས་པ་དོན་སྙིང་ནང་རོལ་ཚོགས། །དབང་ལྔའི་མེ་ཏོག་དུག་གི་གཏོར་མ་བཅས། །རཏྣ་བརྡར་བའི་གཡུ་སྐྱེམས་ཕུད་རྒོད་དང། །མཐུན་པའི་དམ་རྫས་མ་ཚང་མེད་པ་ཀུན། །དངོས་སུ་འབྱོར་དང་ཡིད་ཀྱི་རྣམ་འཕྲུལ་པའི། །ནམ་མཁའི་ཁམས་ཀུན་ཡོངས་སུ་འབུལ་ལགས་ན། །ཐུགས་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྐང་། །མདོ་སྔགས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པ་ཡི། །མི་མཐུན་རྐྱེན་ཞི་ཚེ་བསོད་དཔལ་འབྱོར་རྒྱས། །ཁམས་གསུམ་ཆེ་བཙན་སྐྱེ་འགྲོ་ཕོ་མོ་ཀུན། །དབང་དུ་བསྡུས་ཤིག་མི་ནོར་ཕྱུགས་འཕེལ་བ། །བདག་ལ་བརྡོ་བའི་དགྲ་བགེགས་མཐའ་དག་དང་། །ཁྱད་པར་བྱད་མ་རྦོད་གཏོང་ཕྲ་མ་མཁན། །ཕྲིན་ལས་དྲག་པོས་ལས་ཀྱི་མཐའ་བསྡུས་ལ། །ལོ་ཟླ་ཙམ་ཡང་མ་བཞག་ད་ལྟ་སྒྲོལ། །ཉེར་འཚེའི་རྒུད་པ་མཐའ་དག་ཞི་བ་དང་། །དལ་ཡམས་ཚ་གྲང་འཐབ་པའི་ནད་རྣམས་ཀུན། །དམིགས་མེད་ཆོས་དབྱིངས་ངང་དུ་ཞི་བར་མཛོད། །བདག་ཅག་རེ་བ་ཡིད་བཞིན་བསྐང་བ་དང་། །བསམ་དོན་ཆོས་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །རྡོ་རྗེ་ཆོས་སྐྱོང་རྣམས་ཀྱི་བསང་རྒྱས་པ་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་བཀོད་པ་འདི་ནི་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

བསང་མཆོད་འབྲིང་པོ་འདོད་དགུའི་གཏེར་མཛོད་ལས། རྡོ་རྗེ་ཆོས་སྐྱོང་རྣམས་ཀྱི་བསང་འབྲིང་པོ་བདུད་ལས་རྣམ་རྒྱལ་ཞེས་བྱ་བ་བཞུགས་སོ།།

རྟ་ནག་ལྕགས་རལ་ཅན་གྱི་བསང་མཆོད་ནི། ཨོཾ་སྭ་བྷ་ཝ༴ སོགས་ཀྱིས་སྦྱངས། བསང་རྫས་མཆོད་པའི་ཡོ་བྱད་འདོད་ཡོན་སྤྱན་གཟིགས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། རྃ་ཡྃ་ཁྃ་གིས་བསང་། ཨོཾ་ཨཱཿཧཱུྃ་གིས་བརླབས་ནས། ཧྲཱིཿ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །མདུན་གྱི་ནམ་མཁར་ཁྲོ་བོ་རྟ་མགྲིན་སྐུ། །སྐུ་མདོག་མཐིང་ནག་དར་ནག་བེར་ཆེན་གསོལ། །ཕྱག་གཡས་རལ་གྲི་གཡོན་པས་ལྕགས་ཀྱུ་བསྣམས། །དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར། །ཐོད་སྐམ་དབུ་བརྒྱན་སྟག་ཤམ་ཐོད་རློན་འཕྱངས། །མེ་དཔུང་ཀླུང་བཞུགས་པད་ཉི་བམ་རོའི་སྟེང་། །རང་འདྲའི་ཁྲོ་ཆུང་དཔག་ཏུ་མེད་འཕྲོས་པས། །གནོད་བྱེད་དགྲ་བགེགས་ཚར་བཅད་ལས་གྲུབ་བསམ། །རིན་ཆེན་སྣོད་དུ་འབྲུ་གསུམ་ཞུ་བ་ལས། །བསང་རྫས་མཆོད་པའི་འདོད་ཡོན་རྣམ་ལྔར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། འདི་འདྲའི་ངོ་མཚར་བསང་གི་མཆོད་པ་འདིས། །ཁྲོ་རྒྱལ་དབང་ཆེན་རྟ་མགྲིན་ནག་པོ་དང་། །འཁོར་གྱི་དྲེགས་པ་སྡེ་བརྒྱད་དམག་ཚོགས་དང་། །ཡེ་ཤེས་འཇིག་རྟེན་ཕོ་ཉ་བྲན་དང་བཅས། །མ་ལུས་འཁོར་དང་བཅས་ལ་བསང་མཆོད་འབུལ། །ཐུགས་དང་འགལ་བ་ཐམས་ཅད་བཟོད་པར་བཞེས། །ནད་གདོན་ཀུན་ཞི་མཆོག་ཐུན་དངོས་གྲུབ་སྩོལ། །ཚེ་རབས་ཀུན་ཏུ་ཁྱེད་ཀྱིས་སྐྱབས་མཛོད་ཅིག །བདག་ཅག་བྱང་ཆུབ་སྒྲུབ་པའི་མཐུ་དཔུང་དང་། །བཅོལ་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛོད། །ཅེས་རྟ་མགྲིན་ཡང་ཕྱུང་ནག་པོ་ལྕགས་རལ་ཅན་གྱི་བསང་མཆོད་འདི་ཉིད་ར་ག་ཨ་སྱེས་སྦྱར་བའོ། ། དགེའོ། །

ལེགས་ལྡན་བསང་མཆོད་འབྲིང་པོ་བདུད་ལས་རྣམ་རྒྱལ་བཞུགས་སོ།།

ཧཱུྃ། སྔོན་ཚེ་དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་སྡེ་དཔོན་རུ་ཏྲ་བསྒྲལ་བའི་ཚེ། །དབང་བསྐུར་དམ་ལ་བཞག་པའི་མཐུ་བོ་ཆེ། །ལེགས་ལྡན་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག །ཀུན་ཏུ་དགྱེས་བྱེད་ཀྲོ་ཏི་ཤྭ་རི་མ། །བཀའ་ཉན་ལས་བྱེད་དམ་ཅན་རྒྱ་མཚོའི་ཚོགས། །འཁོར་བཅས་ཐུགས་དམ་དབང་གིས་གནས་འདིར་གཤེགས། །རྡོ་རྗེ་བྲག་ཆེན་པད་མ་ཉི་ཟླ་དང་། །རྟོག་མེད་བམ་གྱི་ཁྲི་ལ་བཞུགས་སུ་གསོལ། །འབྲུ་སྣ་བྱེ་མར་རིན་ཆེན་སྣ་ལྔ་དང་། །དར་ཟབ་ཇ་ཆང་ཕུད་རྒོད་བཏུང་བའི་རིགས། །དྲི་ཞིམ་ཤིང་ལྔའི་ཚོགས་དང་ལྷན་ཅིག་ཏུ། །བསྲེགས་པའི་དུད་སྤྲིན་ནམ་མཁའི་ཁྱོན་བཀང་བ། །དཔལ་མགོན་ལེགས་ལྡན་ལྕམ་དྲལ་འཁོར་བཅས་བསང་། །ཁྱོད་ལ་བསང་མཆོད་ཕུལ་བའི་བྱིན་རླབས་ཀྱིས། །སྔོན་ཚེ་ཁྲག་འཐུང་སྤྱན་སྔར་ཁས་བླང་བཞིན། །བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་པ་དང་། །བརྒྱུད་འཛིན་བུ་སློབ་ཡར་ངོའི་ཟླ་ལྟར་རྒྱས། །དུས་འཁྲུགས་ཀླ་ཀློའི་འཚེ་བ་བདུད་ཀྱི་རིགས། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །བཅོལ་བའི་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པའང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་སྨྲས་པའོ། །

དཔལ་མགོན་མ་ནིང་བསང་མཆོད་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།

ཧཱུྃ། ཧེ་རུ་ཀ་དཔལ་སྙིང་རྗེའི་རོལ་གར་ནི། །ཆོས་སྐྱོང་ཡོངས་ཀྱི་དགྲ་ལྷ་མཐུ་བོ་ཆེ། །ཆེ་བའི་ཆེ་མཆོག་དཔལ་མགོན་མ་ནིང་ནག །སྲོག་བདུད་དཔལ་འབར་དྲེགས་པ་སྡེ་བརྒྱད་ཚོགས། །སྐད་ཅིག་ཡུད་ཙམ་གནས་འདིར་གཤེགས་སུ་གསོལ། །དཔལ་མགོན་མ་ནིང་ནག་པོ་འཁོར་བཅས་ལ། །སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །རྒྱ་ཤུག་ཙནྡན་དཀར་པོ་ཨ་ག་རུ། །གླ་རྩི་ག་བུར་དར་ཟབ་རིན་ཆེན་ལྔ། །ཤིང་རྩི་དྲི་ཞིམ་བཟའ་བཅའ་བཏུང་བའི་རིགས། །གོས་དཀར་ཡུམ་གྱི་ངོ་བོ་མེར་བསྲེགས་པས། །མཁའ་དབྱིངས་ཁྱབ་པའི་བསང་གི་མཆོད་པ་འདིས། །དཔལ་མགོན་མ་ནིང་ནག་པོ་བསང་ཞིང་མཆོད། །ཕྱི་རོལ་ཡང་འཁོར་སྡེ་བརྒྱད་བསང་ཞིང་མཆོད། །དཀའ་ཉན་ལས་བྱེད་དྲེགས་པ་བསང་ཞིང་མཆོད། །དཔལ་མགོན་འཁོར་བཅས་བསང་ཞིང་མཆོད་པའི་མཐུས། །བདག་ལ་སྡང་ཞིང་གདུག་པའི་སེམས་འཆང་བ། །ངན་སྨྲས་དུག་སྦྱོར་ཕུང་ཁྲོལ་བྱེད་པའི་རིགས། །བྱད་ཕུར་རྦོད་གཏོང་སེམས་པའི་བྱད་མ་མཁན། །ཁྱད་པར་འགོང་པོ་སྤུན་དགུའི་སྡེ་རིས་རྣམས། །མ་བསྐུལ་བར་ཡང་ལྷ་མཆོག་ཁྱེད་ཀྱིས་སྒྲོལ། །བདག་ཅག་བྱང་ཆུབ་སྒྲུབ་པའི་གང་ཟག་ལ། །མཐུ་དཔུང་སྡོང་གྲོགས་མ་གཡེལ་ཕྲིན་ལས་མཛོད། །ཅེས་དཔལ་མགོན་མ་ནིང་ནག་པོའི་བསང་མཆོད་འདི་ཉིད་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་སྨྲས་པའོ། །དགེའོ། །

མགོན་པོ་ཚོགས་བདག་བསང་མཆོད།

ཧཱུྃ། དཔལ་ཆེན་ཧེ་རུ་ཀ་དཔལ་ཐུགས་ལས་སྤྲུལ། །ནག་ཕྱོགས་བདུད་དཔུང་འདུལ་བའི་གཤེད་པོ་ཆེ། །ཁྲོ་རྒྱལ་ཡོངས་ཀྱི་ཆེ་བཙན་ཧེ་རུ་ཀ །ཆེ་བའི་ཆེ་མཆོག་དཔལ་མགོན་ཚོགས་ཀྱི་བདག །སྦྱོར་བའི་ཡུམ་ཆེན་ཡཀྴ་བཻ་ཏ་ལི། །སྐུ་གསུང་ཐུགས་མགོན་ཕྱོགས་བཅུའི་མགོན་པོ་དང་། །ཕྱོགས་མཚམས་སྐྱོང་བའི་མགོན་པོ་འཁོར་བཅས་ལ། །སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །ཤིང་རྩི་དྲི་ཞིམ་དར་ཟབ་སྨན་སྣ་སོགས། །རཾ་ལས་སྐྱེས་པའི་མེ་ནང་བསྲེགས་པ་ལས། །ནམ་མཁའ་གང་བར་འབུལ་བས་དགྱེས་པར་བཞེས། །འཁོར་བཅས་བསང་ཞིང་མཆོད་ཅིང་བརྔན་པའི་མཐུས། །སྡང་ཞིང་གདུག་པའི་སེམས་འཆང་མི་བསྲུན་པ། །མ་བསྐུལ་པར་ཡང་མངོན་སྤྱོད་ཤུགས་ཀྱིས་སྒྲོལ། །རིག་འཛིན་སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ། །སྡོང་གྲོགས་ཕྲིན་ལས་མ་གཡེལ་ས་མ་ཡཱ། རྫོགས་སྤྲུལ་ལྔ་པས་སོ། །

དཔལ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་བསང་མཆོད་ཉུང་བསྡུས་བཞུགས་སོ།།

ཀྱཻ། གསང་ཆེན་ལྷུན་གྲུབ་གནས་མཆོག་དང་། །རྡོ་རྗེ་གདན་དང་ནཱ་ལེནྡྲ། བསིལ་བ་ཚལ་སོགས་དུར་ཁྲོད་བརྒྱད། །གནས་ཡུལ་བྱིན་ཅན་ཐམས་ཅད་ནས། །ཡེ་ཤེས་མགོན་པོ་ཕྱག་བཞི་པ། །མ་ནིང་མགོན་པོ་འཁོར་དང་བཅས། །གཞན་ཡང་ཡེ་ཤེས་འཇིག་རྟེན་གྱི། །དཔལ་མགོན་དྲེགས་ཚོགས་གནས་འདིར་གཤེགས། ཀྱཻ། དྲི་ཞིམ་ཤིང་སྣའི་དུད་པ་དང་། །གཙང་སྦྱར་དམ་རྫས་བཏུང་བའི་རིགས། །ཕྱེ་མར་འབྲུ་སྣ་དར་ཟབ་སོགས། །བསང་མཆོད་མཐུན་པའི་དམ་རྫས་ཀྱིས། །ས་བཅུའི་དབང་ཕྱུག་སེམས་དཔའ་ཆེ། །སྤྱས་རས་གཟིགས་ཉིད་འདུལ་དཀའི་ངོར། །ཁྲོས་པའི་གར་མཛད་བསྟན་སྲུང་གཙོ། །རྡོ་རྗེ་ནག་པོ་ཡབ་ཡུམ་བསང་། །གཅིག་ལས་དུ་མར་འཆར་བ་ནི། །ཆུ་ཟླའི་གཟུགས་བརྙན་ཇི་བཞིན་ལས། །མ་ནིང་ནག་པོ་འཁོར་བཅས་དང་། །གདོང་བཞི་གསང་བའི་མགོན་པོ་བསང་། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །མགོན་པོ་སྡེ་ལྔའི་ལྷ་ཚོགས་དང་། །བྱ་རོག་གདོང་ཅན་ཡབ་ཡུམ་ལྔ། །གིང་ཆེན་སྡེ་བཞི་ལ་སོགས་བསང་། །གཞན་ཡང་ཕྱག་བརྙན་སྤྲུལ་འཁོར་བཅས། །ཡེ་ཤེས་དང་ནི་འཇིག་རྟེན་གྱི། །དྲེགས་ཚོགས་སྤྲུལ་འཁོར་མི་ཟད་པ། །དམ་ཅན་རྒྱ་མཚོའི་ཚོགས་རྣམས་བསང་། །ཀྱཻ། དེ་ལྟར་བསང་མཆོད་འདི་འབུལ་བས། །ཐུགས་དམ་བསྐང་ཞིང་འགལ་རྐྱེན་སོལ། །བསམ་དོན་ཆོས་བཞིན་འགྲུབ་པ་དང་། །ཕྲིན་ལས་གཉན་པོ་མ་གཡེལ་མཛོད། །ཅེས་པ་འདི་ནི་བླ་མ་ཡེ་ཤེས་རྡོ་རྗེས་བསྐུལ་ངོར་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྦྱར་བ་དགེའོ། །

བདུད་མགོན་ཞིང་སྐྱོང་བསང་མཆོད།

ཧཱུྃ། བདུད་དཔུང་འཇོམས་མཛད་དྲེགས་པ་ཡོངས་ཀྱི་རྗེ། །བདུད་ལས་རྣམ་རྒྱལ་མ་རུང་འདུལ་མཛད་པ། །བདུད་འདུལ་ལས་ཀྱིདབང་ཕྱུག་ཧེ་རུ་ཀ །བདུད་མགོན་ཞིང་སྐྱོང་སེངྒེའི་གདོང་པ་ཅན། །ཡུམ་མཆོག་བདུད་མོ་དམར་ནག་ཁྲག་རལ་ཅན། །ལས་བྱེད་དུས་མཚན་ཕོ་མོ་རྣམ་གཉིས་དང་། །བཀའ་ཉན་ལས་བྱེད་དྲེགས་པའི་ཚོགས་རྣམས་ཀྱང་། །དམ་ཚིག་དབང་གི་གནས་འདིར་གཤེགས་སུ་གསོལ། །དྲི་ཞིམ་བསང་མཆོད་ལྷ་ལམ་ཡངས་པ་འདིས། །བདུད་མགོན་འཁོར་བཅས་བསང་ཞིང་མཆོད་པའི་མཐུས། །འཁོར་བཅས་དགྱེས་ཤིང་ཐུགས་དམ་བསྐང་གྱུར་ཅིག །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རབ་བརྟན་ཅིང་། །ཕྲིན་ལས་ཆེན་པོས་ས་སྟེང་ཡོངས་ཁྱབ་ནས། །དགེ་ལེགས་སྣང་བས་ས་སྟེང་ཁྱབ་གྱུར་ཅིག །རྫོགས་སྤྲུལ་ལྔ་པས་སོ། །

ཡང་མ་སྐྱིན་གདོང་མའི་བསང་མཆོད་ནི།

བྷྱོཿ བདེ་ཆེན་ཀུན་ཏུ་བཟང་མོའི་མཁའ་ཀློང་ནས། །དབྱིངས་ཀྱི་རྒྱལ་མོ་མཁའ་འགྲོ་ཀུན་གྱི་གཙོ། །དུས་བཞིའི་དབང་བསྒྱུར་ཐོགས་མེད་མཁའ་ལ་འགྲོ། །གཏེར་གྱི་སྲུང་མ་ཡང་མ་སྐྱིན་གདོང་མ། །འཁོར་བཅས་དམ་ཚིག་དབང་གི་གནས་འདིར་གཤེགས། །རིན་ཆེན་སྣ་ལྔ་ཟ་འོག་དར་ཟབ་དང་། །དྲི་ཞིམ་ཤིང་སྣའི་ཚོགས་དང་ལྷན་ཅིག་ཏུ། །བསྲེགས་པའི་དུད་སྤྲིན་ཕྱོགས་བཅུར་འཁྲིགས་པ་འདིས། །གཏེར་སྲུང་ཡང་མ་སྐྱིན་གདོང་འཁོར་བཅས་བསང་། །དེ་ལྟར་བསང་མཆོད་ཕུལ་བའི་བྱིན་རླབས་ཀྱིས། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་དར་ཞིང་རྒྱས། །ཡུལ་ཁམས་ཀུན་ཏུ་དགེ་ཞིང་འཁྲུགས་རྩོད་ཞི། །བདེ་སྐྱིད་དཔལ་ལ་སྤྱོད་པའི་དངོས་གྲུབ་ཀུན། །འབད་མེད་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

མ་མོ་སྔགས་ཀྱི་སྲུང་མའི་བསང་མཆོད་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་བཞུགས་སོ།།

བྷྱོཿ ཆོས་དབྱིངས་ཀུན་ཏུ་བཟང་མོའི་ཀློང་། །མཁའ་འགྲོའི་ཚོགས་ལ་དབང་བསྒྱུར་མ། །སྣང་སྲིད་མཁའ་འགྲོ་ཡོངས་ཀྱི་གཙོ། །དཔལ་ལྡན་དབྱིངས་ཀྱི་རྒྱལ་མོ་ནི། །སྔགས་ཀྱི་སྲུང་མ་རལ་གཅིག་མ། །འཇིགས་རུང་ཆར་སྤྲིན་ལྟ་བུའི་མདོག །མཐིང་གི་རལ་བ་གྱེན་དུ་བསྒྲེངས། །སྤྱན་གཅིག་སྐྱེ་འགྲོ་ཀུན་ལ་གཟིགས། །ཚེམས་གཅིག་ཉམས་པའི་སྲོག་ལ་རྔམས། །ཕྱག་གཡས་ཞིང་དབྱུག་ཀླད་ལ་བསྐོར། །གཡོན་པས་དགྲ་སྙིང་ཞལ་དུ་གསོལ། །གནས་དང་ཡུལ་གྱི་མཁའ་འགྲོ་མ། །ཞིང་སྔགས་ལྷན་ཅིག་སྐྱེས་པ་ཡི། །མཚོ་རྒྱལ་མཁའ་འགྲོའི་ཚོགས་དང་བཅས། །བླ་མེད་བསྟན་པ་སྲུང་བ་དང་། །གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱིར། །ཕཊ་དང་ཕཻཾ་གྱི་སྒྲ་དང་བཅས། །སྐད་ཅིག་ཙམ་གྱིས་འདིར་གཤེགས་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཆོས་རྣམས་མ་ལུས་བསྐྱེད་པའི་ཡུམ། །བདེ་ཆེན་ཀུན་ཏུ་བཟང་མོ་དང་། །དོན་དམ་སྐྱེ་མེད་ངོ་བོ་རུ། །དབྱེར་མེད་རོ་གཅིག་མཇལ་བས་འདུད། །རང་སེམས་ཡེ་ནས་ལྷ་སྐུ་དང་། །གཅིག་ལས་ཐ་དད་མ་གྲུབ་ཀྱང་། །སྣང་ཆའི་རྟེན་འབྲེལ་སྒྱུ་མའི་ངོར། །སོ་སོར་འཛིན་པ་བཤགས་པར་བགྱི། །ཡེ་ནས་ཡེ་ཤེས་ངོ་བོ་རུ། །མཆོད་བྱ་མཆོད་བྱེད་མ་དམིགས་ཀྱང་། །འཁྲུལ་བཅས་ཀུན་རྫོབ་བདེན་པའི་ངོར། །ཆུ་ཟླ་ལྟ་བུའི་ཚུལ་གྱིས་ནི། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །སྤྱི་དང་ཁྱད་པར་མཆོད་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་འདིས། །སྔགས་ཀྱི་སྲུང་མ་འཁོར་བཅས་མཆོད། །ཁྱད་པར་དྲི་ཞིམ་ཤིང་སྣའི་ཚོགས། །དམ་རྫས་བཟའ་བཅའ་བཏུང་བའི་རིགས། །འབར་བའི་མེ་ལ་བསྲེགས་པ་ཡི། །དུད་སྤྲིན་ལྷ་ལམ་ཡོངས་ཁྱབ་པ། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །འདོད་ཡོན་ལྷ་མོའི་ཟེར་ཐག་ཕྲེང་། །མཚར་སྡུག་ཡིད་འོང་མཆོད་པའི་ཚོགས། །སྔགས་ཀྱི་སྲུང་མ་རལ་ཅིག་མ། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །བདུན་འབུམ་མཁའ་འགྲོའི་ཚོགས་བཅས་ལ། །དག་བྱེད་བསང་གི་མཆོད་པ་འབུལ། །དེ་ལྟར་བསང་མཆོད་ཕུལ་བའི་མཐུས། །གསང་སྔགས་བསྟན་པ་གཉན་པོ་འདི། །རྒྱལ་ཁམས་ཀུན་ཏུ་རྒྱས་པ་དང་། །དགོན་གནས་ཆོས་འཁོར་ཆེན་པོ་འདི། །རྟག་ཏུ་སྲུང་ཞིང་སྐྱོང་བར་མཛོད། །བརྒྱུད་འཛིན་དཔོན་སློབ་བདག་ཅག་རྣམས། །ཀ་དག་གདོད་མའི་གཞི་དབྱིངས་ལ། །ཉེར་འཚེའི་དྲི་མས་མ་གོས་ཀྱང་། །ཀུན་རྫོབ་སྒྱུ་མ་འཁྲུལ་བའི་ངོར། །རང་རྩལ་ཆོ་འཕྲུལ་ཤར་བ་ལས། །སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན། །མི་མཐུན་གནོད་པ་ཞི་བར་མཛོད། །འགོང་པོ་སྤུན་དགུའི་སྡེ་རིས་དང་། །ཁྱད་པར་རྒྱ་འདྲེ་འབྱུང་པོའི་ཚོགས། །བྱད་ཕུར་རྦོད་གཏོང་རིག་སྔགས་མཁན། །མི་མཐུན་ཕྱོགས་རྣམས་ཀུན་བཅོམ་ཞིང་། །ཕྲིན་ལས་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་མ་མོ་སྔགས་ཀྱི་སྲུང་མའི་བསང་མཆོད་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་རྫོགས་སྤྲུལ་ལྔ་པར་འབོད་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་སྨྲས་པའོ། །དགེའོ། །

དཔལ་ལྡན་སྔགས་ཀྱི་བདག་མོའི་བསང་མཆོད་ཉུང་བསྡུས་བཞུགས་སོ།།

ཀྱཻ། ཉི་མ་བྱང་ཤར་མཚམས་ཤེད་ནས། །རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ། །གནས་རབ་ཡོངས་འདུས་ཤིང་གི་དྲུང་། །མུ་ལེ་མཐིང་མཚོའི་གཏིང་རུམ་ན། །ཐོད་མཁར་མེ་རླུང་འཚུབ་མའི་ཀློང་། །ཤ་ཆེན་ཚོགས་ནི་རི་ལྟར་སྤུང་། །ཁྲག་ཞག་རྒྱ་མཚོའི་རྦ་ཀློང་འཁྲུགས། །ཤིན་ཏུ་འཇིགས་པའི་གནས་མཆོག་ནས། །རྒྱལ་བའི་བསྟན་སྲུང་རྒྱ་མཚོའི་གཙོ། །དཔལ་ལྡན་གཉེན་གྱི་རེ་མ་ཏི། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །འཁོར་དང་བཅས་པ་གནས་འདིར་གཤེགས། །ཀྱཻ། གཡུ་ཤུག་མཁན་དཀར་བ་ལུ་སོགས། །དྲི་ཞིམ་དུད་པའི་སྤྲིན་ཕུང་དང་། །ཕྱེ་མར་འོ་སྐོལ་ལ་སོགས་པས། །མ་ཅིག་འཁོར་དང་བཅས་པ་བསང་། །བཟའ་བཅའ་བཏུང་བའི་བྱེ་བྲག་དང་། །རིན་ཆེན་སྣ་ཚོགས་ཟ་འོག་གོས། །འབྲུ་སྨན་སྤོས་ཀྱི་རིགས་རྣམས་དང་། །མཁོ་དགུའི་དཔལ་འབྱོར་རྒྱ་མཚོས་བསང་། །མཆོག་གསུམ་རྩ་བརྒྱུད་རིན་པོ་ཆེ། །ཡི་དམ་ལྷ་ཚོགས་ཐམས་ཅད་དང་། །ངོ་བོ་རྣམ་དབྱེར་མེད་པ་ཡི། །བདག་ཉིད་ཆེན་པོ་འཁོར་བཅས་བསང་། །ཕྱི་ལྟར་གནས་གསུམ་མཁའ་འགྲོ་དང་། །ནང་དུ་རྡོ་རྗེ་ལུས་ཀྱི་གཞིར། །གསང་བ་རང་སེམས་ཀུན་བཟང་མོ། །གཅིག་བསྡུས་དཔལ་ལྡན་ལྷ་མོ་བསང་། །ཡེ་ཤེས་འཇིག་རྟེན་དྲེགས་པ་ཡི། །ཚོགས་རྗེ་ཚོགས་བདག་ཆེན་མོ་སྟེ། །རྒྱལ་བསྟན་སྲུང་ཞིང་སྐྱོང་བ་ལ། །འདྲན་གྱི་ཟླ་མེད་མཆོག་དེ་བསང་། །སྲིད་པ་གསུམ་གྱི་ཞིང་རྣམས་སུ། །མཚན་དང་སྐུ་ཡི་རྣམ་འགྱུར་ནི། །བསམ་མི་ཁྱབ་པའི་རོལ་གར་ཅན། །ཁམས་གསུམ་དབང་བསྒྱུར་ཆེན་མོ་བསང་། །མི་བསྲུན་ལོག་འདྲེན་འདུལ་བ་ལ། །ཐོགས་མེད་རྣོ་མྱུར་དྲག་རྩལ་ཅན། །ལས་བྱེད་འཁོར་ཚོགས་དྲེགས་པའི་དམག །བྱེ་བ་འབུམ་གྱི་ཚོགས་བཅས་བསང་། །ཀྱཻ། དེ་ལྟར་བསང་མཆོད་འདི་ཕུལ་བས། །ཐུགས་དམ་གཉན་པོ་བསྐང་ནས་ཀྱང་། །ཕྲིན་ལས་རྣམ་པ་བཞི་ལ་སོགས། །ཐོགས་མེད་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་པ་འདི་ནི་བསམ་གཏན་ལ་སྦྱོར་བའི་རྒྱལ་པོ་ཨོ་རྒྱན་གྱིས་བསྐུལ་ངོར་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྦྱར་བའོ། །དགེའོ། །

གཤོག་རྒོད་མའི་བསང་མཆོད།

བྷྱོཿ ཨ་ཏིའི་བསྟན་སྲུང་མ་མོ་ཡོངས་ཀྱི་རྗེ། །དམ་ཉམས་སྲོག་ལ་རྔམས་པའི་མཐུ་བོ་ཆེ། །སྲིད་པ་གསུམ་གྱི་སྲོག་གི་བདག་མོ་ནི། །མཁའ་འགྲོའི་ཚོགས་རྗེ་རྡོ་རྗེ་གཤོག་རྒོད་མ། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ་། །གཡུ་ཤུག་མཁན་དཀར་བ་ལུ་སྟག་པ་སོགས། །ཕྱེ་མར་འོ་སྐོལ་བཟའ་བཅའ་བཏུང་བའི་རིགས། །རིན་ཆེན་སྣ་ཚོགས་འབྲུ་སྨན་སྤོས་ཀྱི་རིགས། །བསྲེགས་པའི་དུད་སྤྲིན་ཕྱོགས་བཅུར་འཁྲིགས་པ་འདིས། །མ་ཅིག་འཁོར་དང་བཅས་པ་བསང་ཞིང་མཆོད། །རྒྱལ་བའི་བསྟན་པ་སྲུང་ཞིང་སྐྱོང་བ་དང་། །ཁམས་གསུམ་དབང་སྡུད་བྱད་ཕུར་རྦོད་གཏོང་དང་། །རྒྱལ་འགོང་ཤི་འདྲེའི་ཚོགས་རྣམས་རྡུལ་དུ་རློགས། །ལས་བཞིའི་ཕྲིན་ལས་ལྷུན་གྱིས་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

སྲོག་སྒྲུབ་མའི་བསང་མཆོད།

བྷྱོཿ གསང་སྔགས་གཉན་གྱི་སྲུང་མ་མཐུ་མོ་ཆེ། །ཉམས་པའི་སྲོག་ལ་རྔམས་པའི་དྲག་མོའི་སྐུ། །གནས་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་ནི། །སྲིད་གསུམ་དབང་བསྒྱུར་ཤན་པ་སྲོག་སྒྲུབ་མ། །དུར་ཁྲོད་རོལ་བའི་ཕོ་བྲང་ཆེན་པོ་འདིར། །པད་ཉི་དགྲ་བགེགས་བསྣོལ་བའི་གདན་ལ་བཞུགས། །སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །ཕྱེ་མར་བཟའ་བཏུང་བསྲེགས་པའི་སྤྲིན་ཕུང་དང་། །དར་ནག་གཡབ་མོ་ཉམས་པ་བསྒྲལ་བའི་ཁྲག །ཞིང་གི་རྒྱལ་མཚན་དབང་པོའི་མེ་ཏོག་དང་། །དོན་སྙིང་ནང་རོལ་མགོ་ཕྲེང་དོ་ཤལ་དཔྱངས། །ཤ་ཁྲག་སྙིང་སྣ་རྨ་བྱའི་རྒྱལ་མཚན་དང་། །ཤ་སྣ་སྙིང་སྣ་ཀླད་ཁྲག་རུས་པ་སོགས། །མཐུན་པའི་དམ་རྫས་མ་ཚང་མེད་པ་ཉིད། །གང་བཞེད་ངོ་མཚར་མཆོད་པའི་སྤྲིན་ཕུང་འདིས། །ཤན་པ་སྲོག་སྒྲུབ་ནག་མོ་བསང་ཞིང་མཆོད། །འཁོར་གྱི་མ་མོ་འབུམ་སྡེ་བསང་ཞིང་མཆོད། །ལས་བྱེད་དྲེགས་པའི་དམགས་ཚོགས་བསང་ཞིང་མཆོད། །དེ་ལྟར་མཆོད་པས་ཐུགས་དམ་དགྱེས་བསྐང་ལ། །རྒྱལ་བསྟན་སྲུང་ཞིང་བསྟན་འཛིན་སྐྱོང་བ་དང་། །མ་རུང་ལོག་འདྲེན་ཚོགས་རྣམས་རྡུལ་དུ་རློགས། །རྒྱལ་ཁམས་ཀུན་ཏུ་བདེ་སྐྱིད་དཔལ་འབྱོར་རྒྱས། །དུས་འཁྲུགས་ནད་ཡམས་མཐའ་དག་ཞི་བ་དང་། །ལོ་ཕྱུགས་ལེགས་ཤིང་རྟག་ཏུ་སྐྱིད་པར་ཤོག །རྫོགས་སྤྲུལ་ལྔ་པས་སོ། །

ཚེ་རིང་མཆེད་ལྔའི་བསང་མཆོད་བདུད་རྩིའི་སྤྲིན་ཕུང་བཞུགས་སོ།།

རྃ་ཡྃ་ཁྃ། བསང་རྫས་འདོད་དགུའི་ལོངས་སྤྱོད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར། ཨོཾ་ཨཱཿཧཱུྃ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །འབྱུང་ལྔ་དག་པའི་དབྱིངས་ཆེན་པོར། །ཕུང་ལྔ་རྣམ་དག་བསང་གི་རྫས། །ངོ་བོ་སྟོང་ཡང་རང་བཞིན་གསལ། །མཚན་ཉིད་ཕུན་ཚོགས་དཔལ་ཡོན་ལྡན། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །འཁོར་འདས་གནས་ཀུན་ཡོངས་ཁྱབ་གྱུར། །སྥ་ར་ཎ་ཁཾ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། ཀྱཻ། སྣང་སྲིད་འཁོར་འདས་ཆོས་སོ་ཅོག །ཡོད་མེད་རྟག་ཆད་ལས་འདས་དབྱིངས། །གཟུང་འཛིན་སྤྲོས་པ་ཀུན་བྲལ་ཡང་། །དེ་ལྟར་མ་རྟོགས་སེམས་ཅན་ལ། །ལྷ་འདྲེ་གཉིས་སུ་སྣང་བའི་གཟུགས། །མཁའ་ཟླ་ཆུ་སྣོད་ཇི་སྙེད་དུ། །ཤར་བའི་བསང་མགྲོན་མཆོག་དམན་ཀུན། །སྟོན་མོའི་ཁྲོམ་ཚོགས་འདུས་བཞིན་གྱུར། །ཀྱཻ། གསེར་འཛིན་དགའ་མའི་ལྟོར་འཁྲུངས་པའི། །རྩི་ཤིང་དྲི་ཞིམ་བཅུད་ལྡན་རིགས། །ཕྱེ་མར་ཟས་ཕུད་སྐྱེམས་དང་བཅས། །དམ་ཚིག་མེ་དབྱིངས་གོས་དཀར་མོས། །སྦྱངས་པའི་དྭངས་མ་འཁོར་འདས་ཀྱི། །མཆོད་རྫས་དཔག་མེད་དུད་སྤྲིན་འདིས། །མཆོག་གསུམ་རྩ་གསུམ་རྒྱ་མཚོ་བསང་། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་བསང་། །གནས་ཡུལ་དུར་ཁྲོད་སྐྱོང་རྣམས་བསང་། །ཁྱད་པར་བྷོ་ཊའི་ཟོ་དོར་བསང་། །ཇོ་མོ་བཀྲ་ཤིས་ཚེ་རིང་བསང་། །ལྷ་མོ་མཐིང་གི་ཞལ་བཟང་བསང་། །ལྷ་མོ་ཅོད་པཎ་མགྲིན་བཟང་བསང་། །ལྷ་མོ་མི་གཡོ་གླང་བཟང་བསང་། །ལྷ་མོ་གཏལ་དཀར་འགྲོ་བཟང་བསང་། །སྤྲུལ་འཁོར་ཕོ་ཉའི་ཚོགས་ཀུན་བསང་། །ཕྱི་ནང་གསང་བའི་མཆོད་ཚོགས་འབུལ། །འགལ་འཁྲུལ་ཉེས་ཚོགས་མཐོལ་ལོ་བཤགས། །གཞི་ལ་སྡོད་ན་ཁ་མགོན་མཛོད། །བྱེས་བགྲོད་ཚེ་ན་ལམ་ལྷ་མཛོད། །ཅི་བསམ་དོན་འགྲུབ་དངོས་གྲུབ་སྩོལ། །དུས་གསུམ་དགེ་བའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་བླ་མ་བསྟན་སྐྱོང་གིས་བསྐུལ་ངོར་རྡོ་བླས་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག །

གཡུ་སྒྲོན་མའི་བསང་མཆོད་བཞུགས།

བྷྱོཿ དབྱིངས་ཀྱི་ཡུམ་ཆེན་མ་མོ་ཡོངས་ཀྱི་རྗེ། །འབྱུང་ལྔ་རྣམ་དག་ཡུམ་ལྔའི་རང་བཞིན་ཏེ། །རིག་འཛིན་དཔའ་བོ་ཡོངས་ཀྱི་སྲིང་གཅིག་མ། །སྨན་བཙུན་ཆེན་མོ་རྡོ་རྗེ་གཡུ་སྒྲོན་མ། །འཁོར་བཅས་བསང་གི་མགྲོན་ལ་གཤེགས་སུ་གསོལ། །དྲི་ཞིམ་ཤིང་སྣ་སྨན་སྤོས་དར་ཟབ་སོགས། །བསྲེགས་པའི་དུད་སྤྲིན་བར་སྣང་ཁྱབ་པ་འདི། །སྨན་བཙུན་རྡོ་རྗེ་གཡུ་སྒྲོན་བསང་ཞིང་མཆོད། །འཁོར་གྱི་ལྷ་མོ་མཆེད་བཞི་བསང་ཞིང་མཆོད། །ཡང་གཡོག་འབུམ་ཁྲི་འབུམ་སྟོང་བསང་ཞིང་མཆོད། །དེ་ལྟར་བསང་ཞིང་མཆོད་པའི་མཐུ་ནུས་ཀྱིས། །མི་གཙང་ཉམས་གྲིབ་མཐའ་དག་ཞི་བ་དང་། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས། །ཚེ་བསོད་འཕེལ་ཞིང་ནད་གདོན་ཞི་བ་དང་། །དམིགས་བྱ་དབང་བསྡུས་དགྲ་བགེགས་ཚར་གཅོད་ནས། །གསང་ཆེན་བསྟན་པ་ཕྱོགས་བཅུར་རྒྱས་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

ལེགས་ལྡན་ལྷ་ཆེན་ལྕམ་དྲལ་བསང་མཆོད་བཞུགས་སོ།།

ཨོཾ་ཨཱཿཧཱུྃ། སྣོད་བཅུད་སྲིད་པའི་དཔལ་ལྡན་ཕུན་སུམ་ཚོགས། །སྟོད་སྨད་བར་གསུམ་རྒྱ་བོད་གནས་བཟང་རྣམས། །འབྱུང་ལྔ་ལྷུན་གྲུབ་ཡུམ་ལྔས་བྱིན་གྱིས་རློབས། །དཔའ་བོ་མཁའ་འགྲོའི་ཚོགས་ཁང་ཉམས་དགའ་བར། །བྱིན་རླབས་ཐབས་ཤེས་ཉི་ཟླའི་གཟི་བྱིན་འབར། །གངས་ཅན་བོད་སྟོད་ཏི་སེའི་ཡུལ་གླིང་དང་། །སྟེང་ཕྱོགས་ལྷ་ཡུལ་བདེ་དཔལ་ལེགས་རྒྱས་སྤྲོ། །མཐའ་ཡི་རྒྱ་མཚོའི་འགྲམ་དེར་རིན་ཆེན་བརྡལ། །ལེགས་བཞུགས་ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས། །རྫུ་འཕྲུལ་ཐོགས་མེད་གར་བསྒྱུར་འདིར་གཤེགས་ཤིག །ཧོ། ས་ཁམས་སངས་རྒྱས་སྤྱན་མས་བྱིན་གྱིས་རློབས། །ཆུ་ནི་མ་མ་ཀི་དང་མེ་དྲོད་ཆེན། །རླུང་ཁམས་དམ་ཚིག་སྒྲོལ་མས་བྱིན་གྱིས་རློབས། །ན་བཟའ་དཀར་མོའི་རཾ་དམར་ནུས་སྟོབས་ཚ། །དེར་བསྲེགས་ཤིང་སྣ་སྨན་བཟང་རྩི་བཅུད་ལྡན། །དུད་པ་སྔོན་པོའི་སྤྲིན་ཕུང་བར་སྣང་གཡོ། །འདོད་དགུའི་རྡུལ་འཚུབ་བཛྲ་དྷུ་པེ་ཧོ། །ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས་པ་བསང་། །གསེར་སྐྱེམས་ཟག་མེད་བདུད་རྩིའི་རོལ་མཚོ་འདི། །ཐ་མལ་བཟའ་བཏུང་མ་ཡིན་རོ་བཅུད་བརྒྱ། །ཕྱེ་མར་སྤུང་བ་གོས་དཀར་གནས་མེར་བསྲེགས། །མཆོད་ཡུལ་དམ་པ་ལྷ་ཆེན་དབང་ཕྱུག་ཆེ། །རིན་ཆེན་པདྨ་རཱ་ག་ཕྱིས་པ་ལ། །ཉི་ཟེར་འཁྱུད་བཞིན་བཀྲག་སྣུམ་ལམ་མེ་བ། །ཐབས་ཤེས་གཟི་འོད་འབར་བས་ཐམས་ཅད་འགུགས། །བསང་མཆོད་འདི་ཡིས་མཉེས་པའི་རྟེན་འབྲེལ་གྱིས། །བསམ་གཏན་ཆོས་གླིང་སྣོད་བཅུད་འདི་སྲུང་ལ། །དྲེག་པའི་སྡེ་དཔོན་ཡབ་ཆེན་ཁྱོད་བསྟོད་བསང་། །འཁོར་དུ་ལྷ་མིའི་སྟོབས་ཆེན་ཐབས་ཅད་བསང་། །གེགས་ཞི་དགེ་ལེགས་སྤེལ་བའི་སྡོང་གྲོགས་མཛོད། །ཞེས་ཉེ་གནས་པདྨ་བསམ་གཏན་གྱིས་བསྐུལ་ངོར་ཨོ་རྒྱན་ཆེ་མཆོག་པས་བྲིས་པ་དགེ །མངྒ་ལཾ། །

གཟའ་བདུད་དུག་གི་སྤུ་གྲིའི་བསང་མཆོད་བཞུགས་སོ།།

ཧཱུྃ་ཛཿ གསང་བདག་ཐུགས་སྤྲུལ་བཀའ་སྡོད་ཆེ། །རྫོགས་ཆེན་བསྟན་པའི་སྲུང་མ་མཆོག །ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །འཁོར་དང་བཅས་པ་གནས་འདིར་བྱོན། །དགྱེས་པའི་གདན་ལ་བཞུགས་སུ་གསོལ། །མཐུན་པའི་དམ་རྫས་བསང་མཆོད་བཞེས། །ཀྱཻ། བཟང་ཤིང་སྨན་སྤོས་རིན་ཆེན་འབྲུ། །ཕྱེ་མར་འོ་སྐོལ་ཇ་ཆང་ཕུད། །དཀར་དམར་ཤ་ཁྲག་སྙིང་སྣ་སོགས། །མཉེས་པའི་མཐུན་རྫས་བསྲེགས་པ་ཡི། །དུད་སྤྲིན་ལྷ་ལམ་ངོས་ཡོངས་ཁྱབ། །སྔགས་དམིགས་ཕྱག་རྒྱས་བསྒྱུར་ཞིང་སྤེལ། །ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་འདིས། །སྲིད་གསུམ་དྲེགས་ཚོགས་ཡོངས་ཀྱི་རྗེ། །སྟོང་ཁམས་བརླགས་མཛད་མཐུ་རྩལ་བདག །དྲང་སྲོང་ཁྱབ་འཇུག་སྒྲ་གཅན་འཛིན། །བསྟན་དགྲའི་སྲོག་གི་སྤུ་གྲི་བསང་། །ཡབ་གཅིག་རཀྵ་ཛྭ་ལ་དང་། །ཡུམ་མཆོག་རྡོ་རྗེ་གློག་འགྱུ་བསང་། །སྲིན་མོ་གདོང་མོ་མཆེད་བཞི་དང་། །བཀའ་སྡོད་གཟའ་ཆེན་བརྒྱད་པོ་བསང་། །ཡང་འཁོར་ལྷ་སྲིན་སྡེ་བརྒྱད་དང་། །ཕོ་ཉ་རྒྱུ་སྐར་ཉེར་བརྒྱད་བསང་། །གཞན་ཡང་སྤྲུལ་དང་ཡང་སྤྲུལ་གྱི། །བསྟན་སྲུང་དམ་ཅན་རྒྱ་མཚོ་བསང་། །ཀྱཻ། དེ་ལྟར་བསང་གི་མཆོད་པའི་མཐུས། །བདག་ཅག་མ་རིག་བག་མེད་པས། །མི་གཙང་ཉམས་གྲིབ་དག་གྱུར་ཅིག །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལས་བཞི་ཕྲིན་ལས་ཐོགས་མེད་སྒྲུབས། །གསང་ཆེན་བསྟན་འགྲོའི་སྲོག་དབུགས་བསྡུས། །བསྟན་པ་ཕྱོགས་བཅུར་རྒྱས་པར་མཛོད། །རྣལ་འབྱོར་པ་ཚོགས་དྲུག་རང་གྲོལ་གྱིས་བྲིས་པ་དགེ་ལེགས་འཕེལ། །དགེའོ། །མངྒ་ལཾ། བཀྲ་ཤིས།

དམ་ཅན་བསང་མཆོད་ཉུང་བསྡུས་བཞུགས་སོ། །

བསང་རྫས་རྣམས་རྃ་ཡྃ་ཁྃ་གིས་བསྲེགས་གཏོར་སྦྱངས། ཨོཾ་ཨཱཿཧཱྃ་གིས་བདུད་རྩིར་སྤེལ། ཧཱུྃ། རྟོག་མེད་དབྱིངས་ལས་སྒྱུ་མའི་སྐུར། །བཞེངས་མཛད་གསང་བདག་རྡོ་རྗེ་འཛིན། །གང་གི་རྣམ་འཕྲུལ་བསྟན་སྲུང་ཆེ། །རྡོ་རྗེ་འབར་བ་འཁོར་བཅས་གཤེགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་སྤྲིན། །མཁའ་ཁྱབ་འཁོར་ལོའི་དྲྭ་བ་ཅན། །བློ་ཡི་བཀོད་པ་རྒྱ་མཚོ་འདིས། །བསྟན་སྲུང་ཆེན་པོ་འཁོར་བཅས་མཆོད། །བདུད་རྩི་ཅན་གྱི་ལྗོན་པའི་ཤིང་། །སྣ་ཚོགས་འབྲུ་དང་ཟ་འོག་རིགས། །བཟའ་བཅའ་བཏུང་བའི་རིགས་བྱེད་རྣམས། །འབར་བའི་མེར་བསྲེགས་དུད་པས་བསང་། །སྟོབས་ལྡན་དགེ་བསྙེན་འཁོར་བཅས་ཀྱིས། །བདག་ཅག་རྣལ་འབྱོར་འཁོར་བཅས་རྣམས། །དུས་རྣམས་ཀུན་ཏུ་བསྲུང་བ་དང་། །ཕྲིན་ལས་རབ་འབྱམས་ལྷུན་གྲུབ་འཛོད། །དུང་དུང་མཆོད་དང་བསྟོད་པའི་ཚོགས། །ཡང་ཡང་འབུལ་གྱིས་དགྱེས་པར་བཞེས། །འཛུམ་འཛུམ་ཅིར་ཡང་བསྒྱུར་བའི་ཞལ། །ལྷག་ལྷག་སྟོན་ལ་སྡོང་གྲོགས་མཛོད། །དེ་ལྟར་དམ་ཅན་སྐྱེས་བུ་ཡི། །རྒྱུན་གྱི་བསང་མཆོད་ཁྱེར་བདེ་ཞིག །དགོས་ཞེས་ནོར་བུ་རྒྱ་མཚོ་ཡིས། །བསྐུལ་ངོར་ལྷ་ལྡན་ཞིང་ནས་སྤེལ། །ཞལ་དྲོ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དྲུག་ཤོག །དགེའོ། །བཀྲ་ཤིས།

དམ་ཅན་རྡོ་རྗེ་ལེགས་པའི་བསང་མཆོད་བཀྲ་ཤིས་འབྱུང་གཏེར་བཞུགས་སོ།།

ཀྱཻ། རྡོ་རྗེ་འཛིན་ཆེན་ཐུགས་ལས་སྤྲུལ། །རྡོ་རྗེ་འཛིན་པའི་དམ་ཚིག་ཅན། །རྡོ་རྗེ་ལེགས་པ་གཤེགས་སུ་གསོལ། །རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། །འདིར་གཤེགས་བསང་གི་མཆོད་པ་བཞེས། །དམ་ཅན་འཁོར་བཅས་དགྱེས་པའི་རྫས། །ར་ཤ་ར་ཚིལ་གསུར་དུད་དང་། །འབྲུ་སྣ་དར་ཟབ་སྨན་སྤོས་རིགས། །ཟས་སྣ་ཆང་ཕུད་གསེར་སྐྱེམས་བསྐྱིལ། །གཡུ་ཤུག་སྤོས་དཀར་ཕྱེ་མར་ཕུད། །འདོད་ཡོན་སྤྱན་གཟིགས་དཀོར་ནོར་དང་། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འདིས། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །རྡོ་རྗེ་ལེགས་པ་འཁོར་བཅས་བསང་། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་བསང་། །སྲིང་ལྕམ་བསྟན་པའི་ཚོགས་བཅས་བསང་། །ཆོས་དང་གཙུག་ལག་གཏེར་གྱི་བདག །བཀའ་སྲུང་རྡོ་རྗེ་ལེགས་པ་བསང་། །འཇིག་རྟེན་ཁམས་ཀྱི་ནོར་ལ་སྤྱོད། །ནོར་ལྷ་རྡོ་རྗེ་ལེགས་པ་བསང་། །རྒྱ་བོད་གཉིས་ཀྱི་སྣ་འདྲེན་མཛད། །ཚོང་དཔོན་རྡོ་རྗེ་ལེགས་པ་བསང་། །དམག་ཇག་མཐུ་ཡི་དཔོན་པོ་མཛད། །མཐུ་ཆེན་རྡོ་རྗེ་ལེགས་པ་བསང་། །ངོ་བོ་གཅིག་ལ་སྐུ་མཆེད་ཚུལ། །སྤྲུལ་པ་སུམ་བརྒྱ་དྲུག་ཅུ་བསང་། །ནམ་མཁའི་ཁམས་ནས་འབྲུག་སྒྲ་སྒྲོག །བྱ་ཞོན་དམ་ཅན་འཁོར་བཅས་བསང་། །བར་སྣང་ཁམས་ནས་གློག་དམར་འཁྱུགས། །སེང་ཞོན་དམ་ཅན་འཁོར་བཅས་བསང་། །ས་གཞིའི་སྟེང་ན་ཐོག་སེར་འབེབས། །ར་ཞོན་དམ་ཅན་འཁོར་བཅས་བསང་། །རྫུ་འཕྲུལ་སྟོང་གསུམ་སྐད་ཅིག་བསྐོར། །སྐྱེས་མཆོག་བཛྲ་ས་དྷུ་བསང་། །རྣལ་འབྱོར་ཡོངས་ཀྱི་སྲུང་མ་སྟེ། །དགྲ་བླ་རྡོ་རྗེ་ལེགས་པ་བསང་། །གསོལ་ལོ་མཆོད་དོ་དམ་ཅན་ཚོགས། །འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །ཆོས་འཁོར་རིགས་རྒྱུད་ཁྱོད་ལ་གཏད། །རྒྱབ་རྟེན་ཁ་འཛིན་དཔུང་རོགས་མཛོད། །སྐྱེ་འགྲོ་ཕོ་མོ་དབང་བསྡུས་ལ། །གདུལ་བྱ་ལོངས་སྤྱོད་ཆར་ལྟར་ཕོབ། །ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །བདེ་དགའ་ཕུན་ཚོགས་བཀྲ་ཤིས་སྩོལ། །ལེགས་ཆོས་ཉེས་ཟློག་འགལ་རྐྱེན་རིགས། །གློ་བུར་ནད་གདོན་རྐྱེན་ངན་སོལ། །ཇག་རྐུན་གཅན་གཟན་གནོད་པ་སྲུངས། །དོན་གཉིས་མ་གཡེལ་འགྲུབ་པར་མཛོད། །ཅེས་པའང་སྔགས་ཀྱི་རྣལ་འབྱོར་པ་པདྨ་གསང་སྔགས་བསྟན་འཛིན་གྱིས་སྦྱར་བའོ། །

ཉི་གྲགས་ལྷ་བཙན་བསང་མཆོད།

ཧྲཱིཿ རང་རིག་སྟོང་གསལ་རིག་པའི་རང་གདངས་ལས། །རང་རྩལ་ལྷུན་གྲུབ་རོལ་མོ་འབར་བ་ལས། །རང་མདངས་མ་འགགས་ཆུ་ཟླའི་གར་བཞིན་དུ། །རང་བཞིན་གར་བཞུགས་གནས་ནས་གཤེགས་སུ་གསོལ། །རྣམ་པ་མཆོད་པའི་ཡོ་བྱད་སྣ་ཚོགས་པ། །རྣམ་འཕྲུལ་བཀོད་པའི་བྱེ་བྲག་མཐའ་ཡས་སུ། །རྣམ་མང་ནམ་མཁའ་མཛོད་ཀྱི་འཁོར་ལོ་འདི། །རྣམ་དག་དང་བའི་ཡིད་ཀྱིས་ཁྱོད་ལ་འབུལ། །ལྷ་ལམ་ཡངས་པར་ཁྱབ་པའི་དུད་པའི་སྤྲིན། །ལྷ་ཆེན་འཕྲུལ་དགའི་ལོངས་སྤྱོད་ཇི་བཞིན་དུ། །ལྷ་གཉན་སྲིད་གསུམ་དྲེགས་པ་ཡོངས་ཀྱི་གཙོ། །ལྷ་མཆོག་འཁོར་བཅས་བསང་མཆོད་ཕུལ་བའི་མཐུས། །རྒྱལ་བའི་དབང་པོ་པདྨ་སཾ་བྷ་ཝའི། །རྒྱལ་བསྟན་རིན་ཆེན་ཕྱོགས་བཅུར་དར་བ་དང་། །རྒྱལ་བའི་རྗེས་འཇུག་བདག་ཅག་སྲུང་བ་དང་། །རྒྱལ་ཁམས་བདེ་ཞིང་སྐྱིད་པའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

དམ་ཅན་ནོར་སྒྲུབ་བསང་མཆོད་འདོད་འཇོའི་བ་མོ་ཞེས་བྱ་བ་བཞུགས་སོ།།

ཧཱུྃ་ཧྲཱིཿ ཀ་མ་ལ་དང་རཏྣ་བརྡལ་བའི་དབུས། །ཁ་བ་ལྟར་དཀར་བརྗིད་ཆེན་གདོང་ལྔའི་སྟེང་། །ག་བུར་འཛིན་མདོག་སྐྱེས་ཆེན་ཡབ་ཡུམ་སྐུ། །ང་ཡིས་འབོད་ཚེ་བསང་མཆོད་མགྲོན་ལ་གཤེགས། །ཅ་ཅོ་མ་ཡིན་དོན་ལ་བསྐུལ་སྒྲུབ་ཚེ། །ཆ་བྱད་ཡིད་འོང་བཀོད་ལེགས་གཞལ་ཡས་འདིར། །ཇ་ཆང་བཟའ་བཏུང་བསྲེགས་པའི་དུད་པའི་སྤྲིན། །ཉ་རྒྱས་སྟོན་ཟླ་དུང་ལྟར་ཉེས་བྲལ་འབུལ། །ཏ་ནའི་རྫས་མཆོག་མཚན་ལྡན་སྣོད་དུ་བསྐྱིལ། །ཐ་མལ་ཕ་རོལ་བསྒྲལ་བའི་ཁྲག་མཚོ་འཕྱོ། །དེ་ལྟར་བརྗིད་བཤམས་དཔལ་གཏོར་ནོར་འབར་གྱིས། །ན་ཟླ་འགྲན་བྲལ་སྐྱེས་བུ་འཁོར་བཅས་མཆོད། །པ་ཏྲའི་འཁྱུད་ཀློང་རྒྱལ་སྲིད་རྟགས་རྫས་བཀྲ། །ཕ་རོལ་གཏེར་ལུད་སྲོག་འཁོར་སྟག་སྒྲོ་ནང་། །བ་ལང་སྤྱོད་སོགས་གླིང་བཞིའི་ནོར་སྣ་སོགས། །མ་ཚང་མེད་པའི་ཕྱུག་གཡང་རྫས་ཀྱིས་བསྐང་། །ཙ་ར་གདོང་ལྔ་རྐང་འགྲོ་དགྱེས་པའི་ནོར། །ཚ་མེད་རླུང་སྤྱོད་ཅི་བཞིན་མྱུར་ལྡན་མ། །ཛ་ཧུ་འཁྱིལ་ལས་བྱུང་བའི་ནོར་བུས་སྤྲས། །ཝ་ལེར་སྒྲིབ་མེད་སྐྱོང་མཛད་འཁོར་བཅས་མཆོད། །ཞ་ཉེ་མི་མཐུན་རྒྱུ་བྲལ་མེ་ལོང་དང་། །ཟ་འོག་ལེ་བརྒན་དར་སྣ་སྟག་གཟིག་རས། །འོས་མཐུན་དགྱེས་རྫས་ར་ཡི་རྣམ་ལྔ་དང་། །ཡ་ལད་བྱང་བུ་མདའ་དར་བརྒྱན་པས་བསྐངས། །ར་ཛ་ནོར་དག་ཡུམ་མཆོག་ཀོང་བཙུན་སྨན། །ལ་ལར་མ་ངེས་སྤྲུལ་ཚོགས་སྒྲུབ་མཆོད་ཅིང་། །ཤ་ཁྲག་གཏོར་མས་གསོལ་ཞིང་བསྐངས་བའི་མཐུས། །ས་ག་ར་ལྟར་བདག་ཅག་དཔལ་འབྱོར་སྤེལ། །ཧ་ཡ་གྷྲྀ་ཝ་པདྨ་ཀཱ་ར་ཡིས། །ཨ་མྲྀར་ལྕེར་བཞག་དམ་ཕོག་གཉེར་གཏད་བཞིན། །ཧ་ལའི་དུག་ལྟར་དགྲ་དཔུང་གཞོམ་མཛོད་ལ། །ཨ་ཏིའི་བསྟན་པ་མཁའ་ལྟར་ཁྱབ་པར་མཛོད། །དེ་ལྟར་བསང་མཆོད་ཕུལ་བའི་བྱིན་རླབས་ཀྱིས། །ཨ་ཏིའི་ཆོས་སྲིད་སྒྲུབ་མཆོག་སྡེ་དང་བཅས། །རྒྱ་མཚོའི་གོས་ཅན་ལྟ་བུར་ཀུན་ཁྱབ་ཅིང་། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛད་དུ་གསོལ། །གསང་བདག་བཀའ་བཞིན་བདག་ཅག་དམ་གནས་པས། །སྲིད་པའི་གླིང་གི་མི་རིགས་མི་མིན་གྱི། །དཔུང་ཀུན་འདུལ་དུ་ཀླུ་བདུད་བུ་རུ་བརྫུས། །དགེ་ལེགས་སྟེར་བྱེད་དགེ་བསྙེན་ལེགས་ཉེས་མཁྱེན། །ཁྱེད་བསྟོད་གསོལ་ལོ་མཆོད་ཚོགས་སོ་སོར་སྟོབ། །ཕྱོགས་འཁོད་འགྲོ་ནོར་འདོད་དོན་སོར་སྩོལ་མཛོད། །

གནོད་སྦྱིན་ཤན་པ་དམར་ནག་བསང་མཆོད་བཞུགས་སོ།།

བྷྱོཿ སྟེང་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །མ་རུང་ལོག་འདྲེན་འདུལ་བའི་མཐུ་བོ་ཆེ། །བདུད་སྡེའི་གཤེད་མ་ཁྲོ་རྒྱལ་ཡོངས་ཀྱི་གཙོ། །གནོད་སྦྱིན་ཤན་པ་དམར་ནག་འཁོར་བཅས་རྣམས། །དམ་ཚིག་དགོངས་ལ་འདིར་གཤེགས་བསང་མཆོད་བཞེས། །ཟ་འོག་དར་ཟབ་སྨན་སྣ་སྤོས་ཀྱི་རིགས། །དཀར་གསུམ་མངའ་གསུམ་ཤ་སྣ་ཁྲག་སྣ་ཚོགས། །དཀོར་ཆ་ཡོ་བྱད་སྣ་ཚོགས་བཀྲམ་པ་འདི། །གནོད་སྦྱིན་རྒྱལ་པོ་ཤན་པ་དམར་ནག་བསང་། །འཁོར་གྱི་དྲེགས་པ་སྡེ་བརྒྱད་ཚོགས་རྣམས་བསང་། །བཀའ་ཉན་ལས་བྱེད་དྲེགས་པའི་ཚོགས་རྣམས་བསང་། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་བྱེ་བྲག་འདིས། །འཁོར་བཅས་ཐུགས་དམ་བསྐང་ཞིང་དགྱེས་ཚིམ་ནས། །ཆོས་འཁོར་འདི་ཡི་དཀོར་ཆ་ཡོ་བྱད་རྣམས། །ཁྱེད་ལ་གཉེར་དུ་གཏད་པས་མེལ་ཚེ་མཛོད། །ལོངས་སྤྱོད་དངོས་གྲུབ་མ་ལུས་ཆར་ལྟར་ཕོབ། །ཚེ་དཔལ་བསོད་ནམས་རླུང་རྟ་དར་བ་དང་། །སྔོན་ལས་འཕྲལ་རྐྱེན་ངན་པ་བཟློག་ནས་ཀྱང་། །ཕུན་ཚོགས་བདེ་དགའི་དཔལ་གྱི་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

རིག་འཛིན་མའི་བསང་མཆོད།

བྷྱོཿ ཆོས་དབྱིངས་བདེ་བ་ཆེན་པོའི་ངང་ཉིད་ལས། །དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གཅིག་མ། །རིག་འཛིན་རྣལ་འབྱོར་ཡོངས་ཀྱི་དགྱེས་སྡེ་མོ། །ཨ་མ་རིག་འཛིན་ལྷ་མོ་རལ་གཅིག་མ། །འཁོར་དུ་མ་མོ་འབུམ་དང་ཤ་ཟ་སྟོང་། །སྣང་སྲིད་དྲེགས་པའི་དམག་ཚོགས་གནས་འདིར་གཤེགས། །ཡེ་ཤེས་བདུད་རྩི་བསང་གི་མཆོད་པའི་སྤྲིན། །སྤྱི་དང་ཁྱབ་པར་མཐུན་པའི་དམ་རྫས་ནི། །རྣམ་མང་ནམ་མཁའ་མཛོད་ཀྱི་འཁོར་ལོ་འདིས། །རིག་འཛིན་ལྷ་མོ་འཁོར་བཅས་བསང་ཞིང་མཆོད། །འཁོར་གྱི་མ་མོ་འབུམ་སྡེ་བསང་ཞིང་མཆོད། །བཀའ་ཉན་ལས་བྱེད་ཚོགས་རྣམས་བསང་གིས་མཆོད། །དེ་ལྟར་བསང་མཆོད་ཕུལ་བའི་བྱིན་རླབས་ཀྱིས། །ཚེ་འདིར་མི་མཐུན་རྐྱེན་ངན་ཞི་བ་དང་། །འཁོར་སློབ་རྒྱས་ཤིང་སྲིད་གསུམ་དབང་དུ་སྡུད། །དགྲ་བགེགས་ཚར་གཅོད་བཅོལ་བའི་ཕྲིན་ལས་སྒྲུབས། །རྫོགས་སྤྲུལ་ལྔ་པས་སོ། །

བཙན་གྱི་བསང་མཆོད་ཉུང་ངུར་བསྡུས་པ་བཞུགས་སོ།།

རྃ་ཡྃ་ཁྃ་གིས་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་སྤེལ། ཧྲཱིཿ ལྗོན་ཤིང་བྲག་རི་པདྨའི་ཚལ། །ཁམས་གསུམ་སྐྱེ་འགྲོའི་ཚེ་སྲོག་བདག །འབར་བ་སྤུན་བདུན་འཁོར་བཅས་རྣམས། །སྐུ་མདོག་དམར་པོ་འོད་དུ་འབར། །ཁྲོ་འཛུམ་འགྱིང་བག་ཨམ་གཙིགས་བསྡམས། །གོ་ཁྲབ་བེར་སོགས་དཔའ་བོའི་ཆས། །ཕྱག་ན་ཞིང་བཅུ་བསྒྲལ་བའི་མཚོན། །མདུང་དམར་དང་ནི་ཙིཏྟ་བསྣམས། །མྱུར་མགྱོགས་རླུང་གི་རྟ་ལ་ཞོན། །སྟོང་གསུམ་སྐད་ཅིག་ཡུད་ཀྱིས་བསྐོར། །སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅས། །པདྨ་ཐོད་ཕྲེང་བཀའ་བཞིན་དུ། །མ་གཡེལ་གནས་འདིར་སྤྱན་འདྲེན་གཤེགས། །བཛྲ་ས་མ་ཡཱ་ཛཿ ཁྱོད་ལ་མཆོད་པ་འབུལ་བ་ནི། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས། །མི་ཟད་ནམ་མཁའི་མཛོད་སྤྲུལ་འབུལ། །ཁྱད་པར་བཟང་ཤིང་སྨན་སྤོས་ཕུད། །ཕྱེ་མར་འབྲུ་སྣ་མཐུན་པའི་རྫས། །འབར་བའི་མེར་བསྲེགས་དུད་པའི་སྤྲིན། །ལྷ་ལམ་ཡོངས་ཁྱབ་བདུད་རྩིའི་ཆར། །དབང་པོའི་སྤྱོད་ཡུལ་ཚིམ་གྱུར་ཅིག །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་བསྒྲུབ། །གསང་སྔགས་རྡོ་རྗེ་ཐེག་པ་འདི། །རྒྱ་མཚོའི་ཕ་མཐའ་ཚུན་ཆད་དུ། །ཁྱབ་པའི་ཕྲིན་ལས་ཁྱེད་ཀྱིས་མཛོད། །སྣོད་བཅུད་ཕྱུག་གཡང་བཀྲ་ཤིས་སྩོལ། །ཅེས་སྐལ་བྷ་བྷ་རས་བསྐུལ་ངོར་གཟའ་པ་སངས་དང་སྐར་མ་ཆུ་སྨད་འཛོམས་པའི་དུས་ཚེས་དགེ་བར་བྷ་བྷ་བཛྲས་སྨྲས་སོ། །དགེའོ། །བཀྲ་ཤིས།

ཕུར་སྲུང་བཅུ་གཉིས་བསང་མཆོད།

བྷྱོཿ དཔལ་ཆེན་རྡོ་རྗེ་གཞོན་ནུའི་བཀའ་སྲུང་ཆེ། །དཀྱིལ་འཁོར་ཆེན་པོའི་བར་ཁྱམ་སྐྱོང་མཛད་པའི། །ཤྭ་ན་མཆེད་བཞི་བདག་ཉིད་ཆེན་མོ་བཞི། །ས་བདག་མ་བཞི་སྐྱེས་བུ་གིང་བཞིའི་ཚོགས། །རྡོ་རྗེ་ཕུར་བའི་སྲུང་མའི་ཚོགས་རྣམས་ཀྱང་། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །མཆོད་པའི་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་འཕྲུལ་པའི། །ངོ་མཚར་བཀོད་པའི་རྣམ་འཕྲུལ་མཐའ་ཡས་པ། །ཁྱད་པར་དྲི་ཞིམ་ཤིང་སྣ་བསྲེགས་པ་ཡི། །ལྷ་ལམ་ཡོངས་ཁྱབ་བསང་གི་མཆོད་པ་འདིས། །རྒྱལ་བསྟན་འཇིག་རྟེན་ཁམས་སུ་དར་བ་དང་། །དགོན་གནས་ཆོས་འཁོར་སྲུང་ཞིང་སྐྱོང་བ་དང་། །མ་རུང་དམ་སྲི་རྒྱ་འདྲེ་འབྱུང་པོའི་ཚོགས། །མངོན་སྤྱོད་ཤུགས་ཀྱིས་སྒྲོལ་བའི་དུས་ལ་བབས། །སྔོན་ལས་འཕྲལ་རྐྱེན་ངན་པ་བཟློག་ཏུ་གསོལ། །ལས་ཀྱི་འབྲས་བུ་མཐའ་དག་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

གཏེར་སྲུང་ལྡང་ལྷའི་བསང་མཆོད།

ཧཱུྃ། སྔོན་ཚེ་པདྨ་འབྱུང་གནས་སྤྱན་སྔ་རུ། །ཟབ་གཏེར་སྐྱོང་བར་ཞལ་བཞེས་ཐ་ཚིག་ཅན། །ལྷ་ཡི་དགེ་བསྙེན་རྡོ་རྗེ་དྲག་པོ་རྩལ། །འཁོར་བཅས་འདིར་གཤེགས་གུས་པས་ཕྱག་འཚལ་ལོ། །རྃ་ལས་སྐྱེས་པའི་འབར་བའི་མེ་ནང་དུ། །ཤིང་སྣ་སྨན་སྣ་དར་ཟབ་རིན་ཆེན་ལྔ། །བསྲེགས་པའི་དུད་སྤྲིན་བར་སྣང་གང་བ་འདིས། །དགེ་བསྙེན་འཁོར་བཅས་བསང་ཞིང་མཆོད་པའི་མཐུས། །སྔོན་ཚེ་དཔལ་ཆེན་སྤྱན་སྔར་ཁས་བླང་བཞིན། །པདྨའི་ཟབ་གཏེར་གཉན་པོ་བསྲུང་བ་དང་། །བསྟན་པའི་ཉི་མ་ཕྱོགས་བཅུར་དར་ཞིང་རྒྱས། །གང་ལ་བར་དུ་གཅོད་པའི་དགྲ་དང་བགེགས། །མཐའ་དམག་དུས་ཀྱི་འཁྲུགས་པ་ཞི་བ་དང་། །ལོ་ཕྱུགས་ལེགས་ཤིང་འབྲུ་རྣམས་འཕེལ་ཞིང་རྒྱས། །བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད་པར་ཤོག །རྫོགས་སྤྲུལ་ལྔ་པས་སོ། །

གནོད་སྦྱིན་ཙིའུ་དམར་པོའི་བསང་མཆོད་ཉུང་བསྡུས་བཞུགས་སོ།།

རྃ་ཡྃ་ཁྃ། ཀྱཻ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །བཙན་ཡུལ་ཟངས་ཐང་དམར་པོ་ན། །དྲེགས་པ་ཀུན་གྱི་མངའ་བདག་པོ། །གནོད་སྦྱིན་ཆེན་པོ་ཡང་ལེ་བེར། །ཆེ་བཙན་རོལ་བ་རྐྱ་བདུན་ཚོགས། །མདོག་དམར་ཁྲོ་ཞིང་གཏུམ་པའི་ཆས། །ཕྱག་ན་བ་དན་ཞགས་པ་བསྣམས། །མྱུར་མགྱོགས་རླུང་གི་རྟ་ལ་ཞོན། །སྟོང་གསུམ་སྐད་ཅིག་ཉུལ་བར་བྱེད། །སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅས། །པདྨ་དབང་གི་བཀའ་བཞིན་དུ། །མ་ཐོགས་མྱུར་དུ་ཚུར་བྱོན་ལ། །ཕྲིན་ལས་སྒྲུབ་ཕྱིར་བཞུགས་སུ་གསོལ། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །དངོས་སུ་བཤམས་དང་ཡིད་ལས་སྤྲུལ། །མཆོད་སྤྲིན་བསམ་ཡས་ལྷུན་གྲུབ་པ། །ཡུམ་ཆེན་ན་བཟའ་དཀར་མོ་ཉིད། །གདོད་ནས་རྣམ་དག་འབྱུང་བའི་མེས། །དངོས་འཛིན་དྲི་མ་ཀུན་སྦྱངས་ནས། །དྭངས་མའི་མཆོད་སྤྲིན་རྒྱ་མཚོ་ཡིས། །སྟོང་གསུམ་ནམ་མཁའི་ཁམས་བཀང་ནས། །གནོད་སྦྱིན་ཆེན་པོ་འཁོར་བཅས་བསང་། །ཁྱད་པར་དམར་ཆེན་རྒྱ་མཚོར་བསྐྱིལ། །དབང་པོ་ལྔ་ཡི་མེ་ཏོག་དང་། །གསུར་ཆེན་སྤོས་ཀྱི་དུད་པའི་སྤྲིན། །ཞུན་ཆེན་མར་མེ་ཉི་ལྟར་འབར། །མཁྲིས་པའི་དྲི་ཆབ་མེ་རེ་རེ། །ཤ་ཁྲག་དམར་གཏོར་རི་ལྟར་སྤུང་། །བཙན་བྱ་དམར་པོ་གློག་ལྟར་འཁྱུགས། །བཙན་གྱི་ཁྱི་དམར་དཔའ་གཏུམ་རྒོད། །ཅང་ཤེས་རྟ་མཆོག་ལ་སོགས་པས། །གནོད་སྦྱིན་ཆེན་པོ་འཁོར་བཅས་བསང་། །ཐུགས་དམ་གཉན་པོ་བསྐང་ནས་ཀྱང་། །ཕོག་ཐུག་འགྲས་འགལ་མཐོལ་ལོ་བཤགས། །དེ་ལྟར་བསང་བའི་ཡོན་ཏན་གྱིས། །སྔ་འགྱུར་རྡོ་རྗེ་ཐེག་པ་ཡི། །བསྟན་དང་བསྟན་འཛིན་དར་རྒྱས་མཛོད། །རྒྱལ་ཁམས་མཐའ་དབུས་ཐམས་ཅད་དུ། །དུས་ཀྱི་རྒུད་པ་ཀུན་ཞི་ཞིང་། །དགེ་བཅུའི་ལེགས་ཚོགས་འཕེལ་བར་མཛོད། །དགྲ་འདྲེ་གདོན་གསུམ་བརླག་པ་དང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདིའང་ཆུ་འབྲུག་ཟླ་བ་གསུམ་པའི་ཚེས་བཅུ་གཉིས་ཉིན་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་ཉེ་ཆར་ལྷ་ཀླུའི་མཚོ་ཁར་ཆར་འབེབས་སྐབས་རྫོགས་སྤྲུལ་བཞི་བའི་སྐྱེ་སྲིད་ལྔ་པར་སྒྲོ་བཏགས་པ་པདྨ་ཐེག་མཆོག་བསྟན་འཛིན་གྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །དགེའོ། །བཀྲ་ཤིས།

རྟ་མགྲིན་དྲེགས་པ་ཟིལ་གནོན་ལས་བཀའ་སྲུང་ཆོས་རྒྱལ་སྐུ་ལྔའི་བསང་མཆོད་མདོར་བསྡུས་བཞུགས་སོ།།

ཕུད་དང་གཏོར་མ་གང་འབྱོར་བཤམས་ནས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཧཱུྃ། སྐད་ཅིག་བདག་ཉིད་དཔའ་བོ་རྟ་མགྲིན་དཔལ། །སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། །གྲི་ཐོད་ལྕགས་ཀྱུ་ཞགས་འཛིན་འདོར་ཐབས་འགྱིང་། །དུར་ཁྲོད་ཆས་རྫོགས་ཡུམ་བཅས་ལམ་གྱིས་གསལ། །གདོད་ནས་རྣམ་དག་ཆོས་སྐུའི་རོལ་བ་ལས། །ཕན་དང་གནོད་བྱེད་བྲལ་ཡང་གཉིས་འཛིན་རོལ། །འཇིག་རྟེན་དྲེགས་པའི་སྐུར་སྟོན་ཆོས་ཀྱི་རྒྱལ། །སྐུ་ལྔ་འཁོར་བཅས་བཛྲ་ས་མ་ཛཿ། །ཕྱི་ནང་མཆོད་སྤྲིན་ཀུན་བཟང་རོལ་བ་ལས། །ཡོངས་ཤར་མ་ཚང་མེད་དང་ཁྱད་པར་དུ། །ཉམས་པའི་དབང་ལྔ་ཤ་ཁྲག་རུས་པ་བཅས། །བསྟན་པ་བསྲུང་ཕྱིར་འབུལ་གྱིས་བཞེས་སུ་གསོལ། །སྣ་ཚོགས་ཤིང་སྣའི་དུད་སྤྲིན་བར་སྣང་གང་། །དྲི་ཞིམ་ཕུད་ཀྱི་དུད་པ་རྒྱ་ཆེན་པོས། །བཤད་སྒྲུབ་བསྟན་པའི་སྲུང་མ་མཐུ་རྩལ་ཅན། །བྲན་གཡོག་སྡེ་དཔོན་བཅས་པ་བསང་ངོ་མཆོད། །རབ་འབྱམས་ཆོས་སྐུའི་ངང་ལས་མཛད་པའི་འཕྲུལ། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །བཅོམ་ལྡན་རྒྱལ་བ་རིགས་ལྔའི་རྣམ་རོལ་ལ། །དབྱེར་མེད་གུས་པ་ཆེན་པོས་བསྟོད་པར་བགྱི། །དེ་ལྟར་མཆོད་བསྟོད་ཕུལ་བའི་མཐུ་སྟོབས་ཀྱིས། །རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་ཐེག །མི་ཉམས་གོང་དུ་འཕེལ་ཞིང་དེར་འཛིན་གྱི། །འདུས་པའི་སྡེ་ཚོགས་དབྱར་མཚོ་དང་འགྲན་མཛོད། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་འབྱོར་ཚོགས་འཕེལ། །ཉིན་མཚན་དུས་དྲུག་མེལ་ཚེ་མི་གཡེལ་ཞིང་། །བསམ་དོན་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །ཞེས་ཕུལ་བས་བསང་མཆོད་སོགས་བྱའོ། །དེ་ལྟ་བུའི་བསང་མཆོད་ཅིག་བླ་མ་ནོར་བུ་རྒྱ་མཚོས་བསྐུལ་བ་ལ་བརྟེན་ནས། པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྦྱར་བའོ། །དགེའོ། ། ཤུབྷཾ། བཀྲ་ཤིས་ཤོག

ཉི་གྲགས་རྒྱལ་པོའི་བསང་མཆོད།

ཧཱུྃ། གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ལས། །རང་རྩལ་མ་འགག་ཆུ་ཟླའི་རོལ་གར་བཞིན། །སྐུ་ཡི་རྒྱལ་ཆེན་དགྲ་བཅོམ་གཞོན་ནུའི་ཚུལ། །གསང་བའི་ཡུམ་ཆེན་བདུད་མོ་རོ་ལངས་མ། །བཀའ་ཡི་བློན་པོ་རུ་ཏྲ་ནག་པོ་ཆེ། །རུ་འདྲེན་སྡེ་བཞི་འཁོར་དང་བཅས་པ་དང་། །ཕྱི་རོལ་ལྷ་སྲིན་སྡེ་བརྒྱད་ཚོགས་དང་བཅས། །འཁོར་བཅས་སྤྲིན་ཕུང་གཏིབ་པ་ལྟ་བུར་གཤེགས། །པད་ཉི་དགྲ་བགེགས་བསྣོལ་བའི་གདན་ལ་བཞུགས། །ཁྱེད་ལ་རབ་ཏུ་དང་བས་ཕྱག་འཚལ་ལོ། །སྨན་སྣ་དར་ཟབ་རིན་ཆེན་རྣམ་པ་ལྔ། །བདུད་རྩི་ཅན་གྱི་ཤིང་སྣའི་ཚོགས་དང་བཅས། །འབར་བའི་མེར་བསྲེགས་དུད་པའི་སྤྲིན་ཕུང་གིས། །སྐུ་ཡི་རྒྱལ་ཆེན་འཁོར་བཅས་བསང་ཞིང་མཆོད། །སྐུ་ཡི་ཡུམ་ཆེན་བདུད་མོ་རོ་ལངས་བསང་། །སྐུ་ཡི་བློན་པོ་བྱ་ཁྲི་མིག་གཅིག་བསང་། །སྐུ་ཡི་སྤྲུལ་པ་དགྲ་བཅོམ་གཞོན་ནུ་བསང་། །ཕྱོགས་བཞིའི་རྒྱལ་ཆེན་སྡེ་བཞི་ཡབ་ཡུམ་བསང་། །བློན་པོ་རུ་འདྲེན་དྲེགས་པའི་ཚོགས་རྣམས་བསང་། །དེ་ལྟར་བསང་མཆོད་ཕུལ་བའི་བྱིན་རླབས་ཀྱིས། །བདག་ཅག་འཁོར་བཅས་ནད་མེད་ཚེ་བསོད་རྒྱས། །ཁམས་གསུམ་དབང་སྡུད་དགྲ་བགེགས་སྒྲོལ་བ་དང་། །རྒྱལ་བསྟན་དར་རྒྱས་བསྟན་འཛིན་སྐྱེས་བུ་རྣམས། །མཛད་འཕྲིན་རྒྱས་ཤིང་རྒྱལ་ཁམས་མཐའ་དག་ཏུ། །བདེ་སྐྱིད་དཔལ་ལ་སྤྱོད་པའི་དངོས་གྲུབ་སྩོལ། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སོ། །

གསུང་གི་བློན་པོ་རྡོ་རྗེ་གྲགས་ལྡན་གྱི་བསང་མཆོད།

ཧྲཱིཿ ཀ་དག་དབྱིངས་ལས་ཤར་བའི་ཆོས་སྐྱོང་ཆེ། །ཁ་དོག་དུས་མཐའི་མེ་ཡི་ཕུང་པོ་ལྟར། །ག་རུ་བཞུགས་ཀྱང་རྣལ་འབྱོར་བདག་གི་མགོན། །ང་ཡིས་འབོད་ཚེ་གནས་འདིར་གཤེགས་སུ་གསོལ། །ཅ་ཅོའི་དབྱངས་དང་རོལ་མོ་སྙན་པའི་སྒྲ། །ཆ་སྒྲ་ཀི་དང་བསྭོ་ལ་དགྱེས་པར་མཛོད། །ཇ་ཆང་བཟའ་བཏུང་བསྲེགས་པའི་དུད་པའི་སྤྲིན། །ཉ་ཤ་ཁྲག་ཞག་རྒྱ་མཚོའི་རྦ་རླབས་འཁྲིགས། །ཏ་ན་གྷ་ཎའི་མཆོད་པའི་ཚོགས་རྣམས་འབུལ། །ཐ་དད་སོ་སོར་མཐུན་པའི་དམ་ཚིག་རྫས། །ད་ལྟ་ཉིད་དུ་དགྱེས་པར་བཞེས་ནས་ཀྱང་། །ན་མར་ཁྱོད་ཀྱིས་བདག་ལ་སྡོང་གྲོགས་མཛོད། །པ་ར་མི་ཏ་རིགས་བདག་ཚུལ་དུ་བཞུགས། །ཕ་མས་བུ་ལ་བརྩེ་བ་ཇི་བཞིན་དུ། །བ་མཆོག་བུམ་བཟང་དཔག་བསམ་ལྗོན་ཤིང་ལྟར། །མ་ལུས་ལྷག་མེད་དངོས་གྲུབ་སྩལ་དུ་གསོལ། །ཙ་ར་རོག་པོ་ཤེལ་སྒོང་ནག་པོའི་མདངས། །ཚ་བའི་གདུང་སེལ་རིན་ཆེན་གདུགས་མཛེས་དང་། །ཛ་ཧུའི་རྒྱུན་བཞིན་བདུད་རྩི་དམར་གྱི་མཚོ། །ཝ་སྤྱང་སྟག་གཟིག་སེང་གེ་དོམ་དྲེད་ཁྱི། །ཞྭ་ལྷམ་བེར་དང་རིན་ཆེན་རུས་པའི་རྒྱན། །ཟ་འཐུང་དཔལ་ལ་འཚེ་བའི་དགྲ་བགེགས་རྣམས། །འ་འུར་མངོན་སྤྱོད་དྲག་པོས་སྒྲོལ་བར་མཛོད། །ཡ་མཚན་ལྡན་པའི་ལྷ་མཆོག་ཁྱོད་ཉིད་ཀྱིས། །ར་ཛ་རྒྱལ་འགོང་ཤི་འདྲེའི་འཚེ་བ་དང་། །ལ་ལ་དམ་སྲིའི་ཤེས་རྒྱུད་བརླམས་པ་རྣམས། །ཤ་ཁྲག་དོན་སྙིང་ནང་རོལ་ཞལ་དུ་སྟོབས། །ས་འདི་བདེ་སྐྱིད་དཔལ་ལ་སྤྱོད་པར་མཛོད། །ཧྱ་གྷྲི་བའི་བཀའ་སྡོད་མཐུ་བོ་ཆེ། །ཨ་ལ་ཧ་ལའི་དགྱེས་པའི་གད་མོ་ཡིས། །བདག་གི་ཡིད་ལ་ཇི་ལྟར་འདོད་པ་ཀུན། །དངོས་གྲུབ་མ་ལུས་ཡིད་བཞིན་སྩལ་དུ་གསོལ། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སོ། །

ཉི་གྲགས་གྲི་བཙན་བསང་མཆོད།

ཧྲཱིཿ དབང་གི་ལྷ་མཆོག་པདྨ་ཧེ་རུ་ཀའི། །དབང་ཆེན་ཁྲོ་བོའི་རྒྱལ་པོའི་བཀའ་ཉན་པ། །དབང་དྲག་ཁྲོས་པའི་མི་བཟད་འབར་བའི་སྐུ། །དབང་མདོག་གཏུམ་ཆེན་ཁྲོས་པ་ཤྭ་བའི་དབུ། །རབ་འབྱམས་རྒྱ་མཚོའི་ཞིང་ཁམས་གར་བཞུགས་ནས། །རབ་གཉན་ནམ་མཁའ་གློག་གི་ཟློས་གར་བཞིན། །རབ་མཛེས་དུར་ཁྲོད་རོལ་བའི་གཞལ་ཡས་འདིར། །རབ་ཏུ་དགྱེས་པ་ཆེན་པོས་བཞུགས་སུ་གསོལ། །ངོ་བོ་གདོད་ནས་རྣམ་པ་དག་པ་ལ། །ངོ་མཚར་ཡོན་ཏན་བྱེ་བའི་དཔལ་མངའ་བ། །ངོ་མཚར་མཆོད་སྤྲིན་དམ་པ་འབུལ་ལགས་ན། །ངོ་བོ་ཀ་ནས་དག་པར་མཛད་དུ་གསོལ། །དབང་པོའི་གཞུ་ལྟར་བཀྲ་བའི་མཆོད་པའི་སྤྲིན། །དབང་ཕྱུག་དྲེགས་པ་ཡོངས་ཀྱི་གཙུག་གི་རྒྱན། །དབང་གི་ལྷ་མཆོག་རྡོ་རྗེ་དགྲ་འཇོམས་ལ། །དབང་སོགས་ལས་བཞིའི་དངོས་གྲུབ་སྩོལ་ཕྱིར་འབུལ། །རྣམ་མཛེས་དྲི་ཞིམ་ཤིང་སྣའི་དུད་པའི་སྤྲིན། །རྣམ་པ་ལྷ་ལམ་ཡོངས་ལ་ཁྱབ་པ་ཡིས། །རྣམ་མང་འདོད་དགུ་རྡུལ་ལྟར་འཚུབས་པ་འདི། །རྣམ་དག་དང་བའི་བློ་ཡིས་ཁྱོད་ལ་འབུལ། །བཀྲ་ཤིས་སྙན་པའི་བ་དན་སྲིད་རྩེར་བསྒྲེངས། །བཀྲ་ཤིས་ལེགས་ཚོགས་བཀོད་པ་བྱེ་བའི་མཛོད། །བཀྲ་ཤིས་ཕུན་ཚོགས་ཕྱྭ་གཡང་དངོས་གྲུབ་སྩོལ། །བཀྲ་ཤིས་སྣང་བས་ས་སྟེང་ཁྱབ་གྱུར་ཅིག །རྫོགས་སྤྲུལ་ལྔ་པས་སོ། །

ནོར་བདག་བསང་མཆོད་ཉུང་བསྡུས་བཞུགས་སོ།།

གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ། །གུས་པས་ཕྱག་འཚལ་བྱིན་གྱིས་བརླབ་ཏུ་གསོལ། །རི་རབ་ལྷུན་པོའི་བྱང་གི་ཕྱོགས་རོལ་ནས། །གནོད་སྦྱིན་རིན་ཆེན་ལྗོང་གི་ཕོ་བྲང་ནས། །འཇིག་རྟེན་ཁམས་ཀྱི་དབུལ་བ་སེལ་བའི་མགོན། །དངོས་གྲུབ་ཟད་མི་ཤེས་པའི་གཏེར་ཆེན་པོ། །རྣམ་མང་ཐོས་སྲས་ནོར་བདག་གནོད་སྦྱིན་རྒྱལ། །ནོར་ལྷ་རྒྱ་མཚོའི་ལྷ་ཚོགས་མ་ལུས་ལ། །འདོད་ཡོན་ཕུན་ཚོགས་བསང་གི་མཆོད་པ་འབུལ། །ཡིད་ལ་ཅི་བསམ་འདོད་དགུའི་དངོས་གྲུབ་སྩོལ། །མི་ནོར་དཔལ་འབྱོར་ལོངས་སྤྱོད་རྒྱས་པ་དང་། །མི་མཐུན་འཚེ་བའི་རྐྱེན་རྣམས་ཞི་བར་མཛོད། །ནོར་བདག་བཀའ་སྲུང་སྔགས་སྲུང་ཆེན་མོ་དང་། །གནས་ཀྱི་སྲུང་མ་ཡང་མ་བྱང་ཆུབ་སྒྲོན། །བསང་གི་མཆོད་པ་འབུལ་ལོ་འགལ་རྐྱེན་བཟློག །ཡུལ་ཕྱོགས་འདི་ལ་གནས་པའི་གཞི་བདག་རིགས། །ས་ལ་གནས་དང་མཁའ་ལ་རྒྱུ་བ་ཀུན། །ཏིང་འཛིན་ཆེན་པོས་བྱིན་གྱིས་བརླབས་པའི་ཟས། །འདོད་ཡོན་བསང་གསུར་མཆོད་པ་འབུལ་ལོ་བཞེས། །ཚིམ་ཞིང་དགྱེས་པར་མཛོད་ལ་བདག་ཅག་གི །མི་ནོར་འཚེ་བ་སྤོང་ལ་མཐུན་རྐྱེན་སྤེལ། །བསམ་པའི་དོན་ཀུན་འགྲུབ་པར་མཛད་དུ་གསོལ། །ཅེས་ནོར་ལྷ་ལ་བརྟེན་པའི་བསང་མཆོད་ཉུང་བསྡུས་གསང་སྔགས་ཀྱི་རྣལ་འབྱོར་པ་ཉི་སྤྲུལ་གཉིས་པས་སོ། །དགེའོ། །མངྒ་ལཾ།

དབང་ལྷ་འབུམ་གྱི་བསང་མཆོད་བསྡུས་པ་བཞུགས་སོ།།

ཀྱཻ། གར་དབང་ཐུགས་རྗེའི་རྣམ་རོལ་ལས། །ཡོངས་ཤར་འཇིག་རྟེན་མེས་པོ་སྟེ། །དབང་ཕྱུག་ཆེན་པོ་ཡུམ་དང་བཅས། །དགྱེས་དགུར་སྤྱོད་པའི་གནས་འདིར་གཤེགས། །ཀྱཻ། རིན་ཆེན་མང་སྤྲུལ་གནོད་སྦྱིན་རྒྱལ། །ས་བརྒྱད་ངལ་བསོའི་རྣམ་ཐོས་སྲས། །བཙུན་མོ་སྲས་འཁོར་འབུམ་སྡེའི་ཚོགས། །ལྕང་ལོ་ཅན་ནས་གནས་འདིར་གཤེགས། །ཀྱཻ། གནོད་སྦྱིན་ནོར་མང་རྒྱལ་པོའི་སྲས། །དཔལ་འབྱོར་འདོད་དགུའི་ཆར་ཆེན་པོ། །ནམ་མཁའ་མཛོད་ལ་མངའ་བརྙེས་པ། །ཛམ་ལྷ་འཁོར་བཅས་གནས་འདིར་བྱོན། །ཀྱཻ། དབང་མཛད་ལྷ་གསུམ་འཁོར་བཅས་ལ། །ལྷ་ཤིང་ཤུག་པ་འོམ་བུ་དང་། །བ་ལུ་སྟག་པ་མཁན་དཀར་སོགས། །དྲི་ཞིམ་ཤིང་སྣའི་དུད་སྤྲིན་དང་། །ཕྱེ་མར་འོ་མ་ཇ་ཆང་ཕུད། །རིན་ཆེན་འབྲུ་སྨན་ཟས་སྣའི་རིགས། །ཟ་འོག་སྟག་གཟིག་རས་མོ་སོགས། །དགྱེས་པའི་མཐུན་རྫས་བསམ་མི་ཁྱབ། །དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་ཀྱིས། །གུ་ལང་ཆེན་པོ་ཨུ་མ་དང་། །རྣམ་མང་ཐོས་བུ་རྨུགས་འཛིན་དབང། །ཡུམ་སྲས་འཁོར་དང་བཅས་པ་བསང་། །ཐུགས་དམ་བསྐང་ཞིང་ཉམས་ཆགས་བཤགས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །འདོད་དགུའི་དངོས་གྲུབ་ཆར་ལྟར་ཕོབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཁྱད་པར་ཟབ་གསང་སྙིང་པོ་ཡི། །བཤད་སྒྲུབ་བསྟན་དང་བསྟན་འཛིན་སྡེ། །ཕྱོགས་དུས་ཀུན་ཏུ་རྒྱ་ཆེར་སྤེལ། །སྲིད་མཐའི་བར་དུ་རྒྱས་པར་མཛོད། །ཁམས་གསུམ་སྐྱེ་འགྲོ་དཔལ་འབྱོར་དབང་། །རིན་ཆེན་འབྲུ་སྣ་དར་ཟབ་དབྱིག །རྐང་འགྲོ་གནས་ཞིང་ལོངས་སྤྱོད་སོགས། །དབང་གི་ཕྲིན་ལས་དངོས་གྲུབ་སྩོལ། །ཅེས་བསང་མཆོད་ཉུང་བསྡུས་བཀྲ་དཔལ་མཆོག་ལྡན་གྱིས་བསྐུལ་ངོར་ཀུན་བཟང་ཐེག་མཆོག་རྒྱ་མཚོས་སྦྱར་བའོ། །དགེའོ། །

གྲྭ་པ་ཛམ་དམར་བསང་མཆོད།

བཻ། བདེ་གཤེགས་ཀུན་གྱི་གསུང་གི་དབང་ཕྱུག་ཆེ། །གཅིག་ཏུ་བསྡུས་པའི་དངོས་གྲུབ་ཀུན་གྱི་བདག །འདོད་རྒུའི་འབྱུང་གནས་དབུལ་བ་སེལ་བའི་ལྷ། །ཡིད་བཞིན་ནོར་བུ་མགོན་པོ་ཛམ་བྷ་ལྷ། །འགྲོ་ལ་རྗེས་སུ་ཆགས་པའི་སྐུ་མདོག་དམར། །སྦས་པའི་ཚུལ་དུ་ཡུམ་མཆོག་རིག་བྱེད་མ། །ཛམ་ལྷ་བྱེ་བ་འབུམ་གྱི་ཚོགས་དང་བཅས། །སྐད་ཅིག་འདིར་གཤེགས་དགྱེས་པར་བཞུགས་སུ་གསོལ། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །བྱུ་རུའི་ཙནྡན་དམར་པོའི་ཕྲེང་བ་དང་། །སྲོག་འཁོར་བླ་རྡོ་ལྷ་ཀླུ་མི་ཡི་ནོར། །རིན་ཆེན་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །སྲིད་ན་མཆོད་པར་འོས་པའི་དཀོར་ཆ་སོགས། །དངོས་སུ་འབྱོར་དང་ཡིད་ཀྱི་སྤྲུལ་པ་ཡིས། །དཔག་མེད་ནམ་མཁའ་གང་བར་འབུལ་ལགས་ན། །བཞེས་ནས་བདག་ཅག་འཁོར་དང་བཅས་པ་ལ། །ཟས་ནོར་ལོངས་སྤྱོད་འབྲུ་སྨན་སྣ་ཚོགས་དང་། །རིན་ཆེན་སྣ་ལྔ་ལ་སོགས་རིན་ཆེན་རིགས། །རྟ་གླང་དུད་འགྲོ་རྐང་བཞི་ཕྱུགས་ཀྱི་གཡང་། །མདོར་ན་སྲིད་པ་གསུམ་གྱི་ཕྱྭ་དང་གཡང་། །མ་ལུས་ཐམས་ཅད་བདག་ལ་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

གཏེར་སྲུང་དགེ་བསྙེན་སྙོན་ཁའི་བསང་མཆོད།

ཧཱུྃ། ཕོ་བྲང་བླ་མཚོ་ནག་པོའི་ཀློང་དཀྱིལ་ན། །འཇིགས་བྱེད་མི་བསྲུན་དྲེགས་པ་ཀུན་གྱི་གཙོ། །ཀླུ་སྲིན་བཤོས་པའི་བསྟན་སྲུང་ཚུལ་འཛིན་པ། །མཐུ་ཆེན་དགེ་བསྙེན་སྙོན་ཁ་འདིར་གཤེགས་ཤིག །དཔལ་གཏོར་བརྗིད་ལྡན་ཤ་ཁྲག་དམར་གྱིས་བརྒྱན། །ཉམས་པའི་ཙིཏྟ་སྙིང་གི་རྒྱལ་མཚན་དང་། །གཡག་རོག་ཞིང་བཀལ་ཤེལ་སྒོང་ནག་པོ་དང་། །ཁྱི་ནག་སྙིང་དཀར་ར་སྐྱེས་ཟ་ལེ་འབྲི། །ཁྱད་པར་བདུད་རྩི་ཅན་གྱི་ཤིང་སྣའི་ཚོགས། །ཕྱེ་མར་འོ་སྐོལ་བསྲེགས་པའི་དུད་པའི་སྤྲིན། །དག་བྱེད་བདུད་རྩི་བསང་གི་མཆོད་པ་འདིས། །གཏེར་སྲུང་དགེ་བསྙེན་སྙོན་ཁ་འཁོར་བཅས་བསང་། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་འཛིན་སྐྱེས་བུ་འཁོར་འབངས་བུ་སློབ་ཀུན། །མངའ་ཐང་རྒྱས་ཤིང་དབུ་འཕང་གཉན་པོ་བསྟོད། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །བཤད་སྒྲུབ་བསྟན་པ་རབ་ཏུ་རྒྱས་ནས་ཀྱང་། །མ་རུང་དགྲ་བགེགས་ཚོགས་རྣམས་ཚར་ཆོད་ཅིག །རྫོགས་སྤྲུལ་ལྔ་པས་སོ། །

སྡེ་དཔོན་སུམ་ཅུའི་བསང་མཆོད།

ཧཱུྃ། སྔོན་ཚེ་སློབ་དཔོན་ཤནྟིཾ་གརྦྷ་དང་། །པད་འབྱུང་གླང་ཆེན་དཔལ་གྱི་སེང་གེ་ཡི། །སྤྱན་སྔར་ཞལ་བཞེས་རྡོ་རྗེའི་ཐ་ཚིག་ཅན། །དྲེགས་པའི་སྡེ་དཔོན་ཆེན་པོ་སུམ་ཅུ་པོ། །རང་རང་འཁོར་གཡོག་སྤྲུལ་དང་ཡང་སྤྲུལ་བཅས། །འཁོར་བཅས་གློག་ལས་མྱུར་བའི་སྟོབས་ཀྱིས་གཤེགས། །དགྱེས་པའི་མཆོད་སྤྲིན་དམ་པ་འབུལ་བ་ནི། །ཕྱི་ནང་གསང་བ་བླ་མེད་མཆོད་པ་དང་། །ཁྱད་པར་དྲི་ཞིམ་བསང་གི་མཆོད་པའི་སྤྲིན། །དངོས་གྲུབ་ཀུན་འབྱུང་འདོད་དགུའི་གཏེར་དུ་འབུལ། །ཤ་སྣ་སྙིང་སྣ་དར་ནག་རུ་མཚོན་དང་། །བསམ་ཆོད་རལ་གྲི་ཕུབ་དང་འབིགས་བྱེད་མདུང་། །སྟག་རལ་གཟིག་ཤུབ་ཁྲབ་རྨོག་མེ་ལོང་སོགས། །ངོ་མཚར་རྨད་བྱུང་མཆོད་པའི་སྤྲིན་ཕུང་འདིས། །དྲེགས་པའི་སྡེ་དཔོན་སུམ་ཅུ་བསང་ཞིང་མཆོད། །རང་རང་བཙུན་མོ་སྲས་བཅས་བསང་ཞིང་མཆོད། །ལས་བྱེད་ཕོ་ཉའི་དམག་ཚོགས་བསང་ཞིང་མཆོད། །མཐུ་ཆེན་ཚོགས་རྣམས་བསང་ཞིང་མཆོད་པའི་མཐུས། །འཁོར་བཅས་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ཐུགས་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས། །བདག་ཅག་རྟག་ཏུ་ཁྱོད་ཀྱི་གྲོགས་མཛོད་ཅིག །བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པའི་བགེགས། །མིང་གི་ལྷག་མ་ཙམ་ཡང་མ་བཞག་ཅིག །ཆོས་འཁོར་འདི་ཡི་འདུས་པའི་ཚོགས་རྣམས་ལ། །ངན་སྨྲས་ཕྲ་མ་མཁན་གྱི་ཚོགས་རྣམས་དང་། །བྱད་ཕུར་རྦོད་གཏོང་གཤོམ་པའི་ཕྲ་མ་མཁན། །ད་ལྟ་ཉིད་དུ་སྒྲོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

དུར་ཁྲོད་ལྷ་མོའི་བསང་མཆོད།

བྷྱོཿ སྣང་སྲིད་མཁའ་འགྲོ་ཡོངས་ཀྱི་མངའ་བདག་མོ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པ། །དུར་ཁྲོད་གནས་ཉུལ་ཞིང་སྐྱོང་མཁའ་འགྲོའི་གཙོ། །མཁའ་འགྲོའི་ཚོགས་རྗེ་དུར་ཁྲོད་ལྷ་མོ་ནི། །འཁོར་བཅས་ཐོགས་པ་མེད་པ་འདིར་གཤེགས་ཤིག །མ་རུང་གདུག་པ་བསྒྲལ་བའི་སྲོག་གི་ཁྲག །དབང་པོ་ལྔ་དང་ཚིལ་ཆེན་གསུར་དུད་དང་། །ཞུན་ཆེན་མར་མེ་ཁྲག་ཞག་མཁྲིས་པའི་ཆབ། །དོན་སྙིང་ལྔ་དང་རྐང་གླིང་རོལ་མོ་བཅས། །མིག་སྨན་མདོག་ཅན་ཤུགས་ལྡན་དྲེའུ་དང་། །སྟོང་གསུམ་སྐད་ཅིག་བགྲོད་པའི་ཅང་ཤེས་རྟ། །མི་བཟད་འཕར་སྤྱང་རྔམས་བྱེད་དྲེད་མོང་སོགས། །ནོར་བུའི་རྒྱལ་མཚན་མདའ་དར་སྣ་ལྔ་དང་། །བླ་རྡོ་སྲོག་གི་འཁོར་ལོ་ནལ་བུའི་སྙིང་། །གོ་མཚོན་དཀོར་ཆ་ཡོ་བྱད་སྣ་ཚོགས་དང་། །དྲི་ཞིམ་བསང་གི་མཆོད་པ་དམ་པ་འདིས། །དུར་ཁྲོད་ལྷ་མོ་འཁོར་བཅས་བསང་ཞིང་མཆོད། །འཁོར་གྱི་ལྷ་མོ་རྣམ་བཞི་བསང་ཞིང་མཆོད། །ལས་བྱེད་དྲེགས་པའི་ཚོགས་རྣམས་བསང་ཞིང་མཆོད། །བསང་ངོ་མཆོད་དོ་མ་མོ་ཐུགས་དམ་ཅན། །རྣལ་འབྱོར་བདག་ལ་སྡང་བའི་དགྲ་བོ་རྣམས། །མ་རུང་གདུལ་དཀའ་འདུལ་བ་ཁྱོད་ཉིད་ཀྱིས། །ལོ་ཟླ་ཞག་དང་ཟ་མར་མ་བཞག་ལ། །ད་ལྟ་ཉིད་དུ་སྒྲོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

ལས་གཤིན་བསང་མཆོད།

ཨཻ། འཇམ་དཔལ་གཤིན་རྗེའི་བཀའ་སྡོད་དཔའ་བོ་ཆེ། །འཆི་བདག་བདུད་ལས་རྣམ་རྒྱལ་ཧེ་རུ་ཀ །ཚེ་དང་སྲོག་ལ་རྔམས་པའི་རྫུ་འཕྲུལ་ཅན། །དྲེགས་པའི་ཡོངས་རྗེ་ལས་ཀྱི་གཤིན་རྗེ་གཤེད། །སྦྱོར་བའི་ཡུམ་ཆེན་གཏུམ་མོ་དུག་ཧྲུལ་མ། །འཁོར་དུ་གཤིན་རྗེའི་སྡེ་དཔོན་ཆེན་པོ་བརྒྱད། །འཁོར་བཅས་དམ་ཚིག་དབང་གིས་གཤེགས་སུ་གསོལ། །མིག་སྨན་མདོག་ཅན་སྤྲིན་གྱི་ཤུགས་ལྡན་རྟ། །ཟ་བྱེད་དཔའ་བར་རྔམས་པའི་ཁྱི་ནག་དང་། །གནམ་ལྕགས་རྭ་ཅན་བརྗིད་པའི་གཡག་རོག་ཞོལ། །ཤེལ་སྒོང་ནག་པོ་ལྕགས་རྭ་འཁྲིལ་བ་ཅན། །མཚམས་སྤྲིན་མདངས་འཛིན་ར་སྐྱེས་བརྗིད་ལྡན་དང་། །འབོད་པའི་གཡབ་དར་དུར་ཁྲོད་དྲག་པོའི་ཆས། །འཆི་བདག་ལས་ཀྱི་གཤིན་རྗེ་བསང་ཞིང་མཆོད། །གཤིན་རྗེའི་སྡེ་དཔོན་ཚོགས་རྣམས་བསང་ཞིང་མཆོད། །ཕྱི་རོལ་ལྷ་སྲིན་སྡེ་བརྒྱད་བསང་ཞིང་མཆོད། །དེ་ལྟར་བསང་ཞིང་མཆོད་པའི་བྱིན་རླབས་ཀྱིས། །དུས་མིན་འཆི་བའི་འཇིགས་པ་ཞི་བ་དང་། །ཚེ་དཔལ་བསོད་ནམས་ཉམས་རྟོགས་གོང་འཕེལ་ཞིང་། །མི་བསྲུན་གདུག་སེམས་འཆང་བའི་དགྲ་བོ་རྣམས། །ཁྲམ་ལ་བཏབ་ཅིང་ཚེ་སྲོག་མཐར་བསྡུས་ལ། །ལོ་ཟླ་མ་བཞག་མྱུར་དུ་སྒྲོལ་བར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

མཁའ་འགྲོ་སྤྱང་ཞོན་མཆེད་གསུམ་བསང་མཆོད།

བྷྱོཿ ཐོད་པའི་སྐུ་མཁར་མེ་རླུང་འཚུབ་མའི་ནང་། །མི་རོ་འབུམ་ཁྲི་བརྡལ་བའི་ཁྲི་སྟེང་ནས། །མཁའ་འགྲོ་སྤྱང་ཞོན་ཆེན་མོ་མཆེད་གསུམ་དང་། །མ་རུང་བཀའ་ཉན་ལས་བྱེད་རུ་འདྲེན་ཚོགས། །མི་ནག་མོན་མོ་གླུ་ལེན་ཨ་ཙ་ར། །མ་མོ་བྱེ་བ་ཤ་ཟ་ཕོ་མོའི་ཚོགས། །སྤྲིན་ཕུང་གཏིབ་པ་ལྟ་བུར་གཤེགས་སུ་གསོལ། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །སྣ་ཚོགས་ཤ་སྣ་ཁྲག་སྣ་སྙིང་སྣ་སྟོང་། །དཀར་གསུམ་མངར་གསུམ་བྷ་ལིང་གཏོར་མ་དང་། །བདུད་རྩིའི་མཚོ་དང་ཉམས་པ་བསྒྲལ་བའི་ཁྲག །མྱོས་བྱེད་ཛ་གད་རྒྱ་ཇ་ངད་ལྡན་དང་། །འབྲུ་སྣ་སྨན་སྣ་དར་ཟབ་སྤོས་ཀྱི་རིགས། །མིག་སྨན་ལྟར་གནག་ཅང་ཤེས་རླུང་ལྟར་འཁྱུག །བྱ་ནག་གནམ་ལྕགས་མཆུ་སྡེར་གསེར་མིག་ཅན། །ཁྱི་ནག་སྙིང་དཀར་དོམ་ལྟར་རྔམས་ཤིང་བརྗིད། །ཆར་སྤྲིན་ལྟར་གནག་ཞོལ་གཡག་ཞོལ་ཕྲན་དང་། །ཡིད་བཞིན་འདོད་འབྱུང་བཅུད་ལྡན་ཟ་ལེ་འབྲི། །ཙ་ར་རོག་པོ་ཤེལ་སྒོང་མདངས་ཀྱིས་བསྐང་། །སྐུ་གཟུགས་སྔགས་དང་སྲོག་འཁོར་བླ་རྡོ་སོགས། །མུ་ཏིག་ལྟར་དཀར་བྱང་སེམས་བདུད་རྩིའི་རྒྱུན། །ཐོད་པའི་སྐུ་མཁར་དུར་ཁྲོད་ཆས་ཀྱིས་སྤྲས། །བདུད་རྩི་ཅན་གྱི་ཤིང་སྣ་བསྲེགས་པ་ཡི། །ཡེ་ཤེས་བདུད་རྩི་བསང་གི་མཆོད་པ་འདིས། །མཁའ་འགྲོ་སྤྱང་ཞོན་མཆེད་གསུམ་བསང་ཞིང་མཆོད། །དེ་ལྟར་བསང་མཆོད་དམ་པ་ཕུལ་བའི་མཐུས། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་དར་ཞིང་རྒྱས། །དགེ་འདུན་སྡེ་རྒྱས་ཉམས་རྟོགས་འཕེལ་བ་དང་། །འཇིག་རྟེན་ཁམས་སུ་ལོ་ལེགས་ཕྱུགས་འཕེལ་ཞིང་། །འབྲུ་རྣམས་འཕེལ་ཞིང་ཕྲིན་ལས་ལྷུན་འགྲུབ་ཤོག །རྫོགས་སྤྲུལ་ལྔ་པས་སོ། །

ཟངས་རི་བཙན་རྒོད་བསང་མཆོད།

ཧྲཱིཿ སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན། །དམ་ལྡན་རྣལ་འབྱོར་ཡོངས་ཀྱི་སྲུང་མ་ཆེ། །དམ་ཉམས་དགྲ་བགེགས་རྣམས་ཀྱི་སྲོག་གཅོད་ཅིང་། །བཙན་རྒོད་འབར་བ་མ་རུང་མཆེད་སྡེ་བདུན། །བཙན་འཁོར་སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས། །ཀི་དང་བསྭོ་ཡི་སྒྲ་དང་བཅས་པ་ཡི། །འདིར་གཤེགས་བཞུགས་ནས་དངོས་གྲུབ་སྩལ་དུ་གསོལ། །ཀུན་ནས་གུས་པའི་ཡིད་ཀྱིས་ཕྱག་འཚལ་འདུད། །ལེ་བརྒན་མདོག་ཅན་དར་གྱི་གཡབ་མོ་དང་། །བ་དན་དམར་པོ་མདུང་དམར་རྒྱལ་མཚན་དང་། །དཔལ་གྱི་དུར་ཁྲོད་རོལ་བ་དྲག་པོའི་རྒྱན། །སྟག་གཟིག་པགས་པ་གོ་ཁྲབ་མཚོན་ཆའི་རིགས། །གླུ་གར་རོལ་མོ་སྨན་སྣ་གསེར་སྐྱེམས་ཕུད། །མི་རྟ་ཁྱི་གསུམ་ཤ་ཁྲག་རུས་པ་དང་། །དགྲ་བོ་བསྒྲལ་བའི་དམར་ཆེན་རཀྟའི་མཚོ། །གློག་དམར་འཁྱུགས་འདྲའི་ཤུགས་ལྡན་ཅང་ཤེས་རྟ། །བརྗིད་པའི་གཡག་རྒོད་ཞོལ་ཆེན་མཚམས་སྤྲིན་མདོག །ར་སྐྱེས་ཁམས་པ་རླུང་གི་གཤོག་པ་ཅན། །བཙན་གྱི་ཁྱི་དམར་གྲོ་དམར་གཡང་མོ་ལུག །བྱེ་རུའི་མདོག་འདྲ་འདབ་ཆགས་སྤྲིན་ལྟར་གཏིབས། །དྲི་ཞིམ་ཤིང་སྣ་ཕྱེ་མར་ར་ཡི་གསུར། །དཀར་དམར་འོ་སྐོལ་བསྲེགས་པའི་དུད་སྤྲིན་ཚོགས། །འདོད་ཡོན་ལྔ་ལྡན་བསང་གི་མཆོད་པ་འདིས། །ཟངས་རི་བཙན་རྒོད་འབར་བ་སྤུན་བདུན་པོ། །བཙན་འཁོར་སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས། །བསང་ངོ་མཆོད་དོ་བརྔན་ནོ་དགྱེས་པར་མཛོད། །དུག་ལྔའི་དབང་གྱུར་སྡོམ་གསུམ་དམ་ཚིག་ཀུན། །དམ་ལས་འགལ་དང་ཉམས་ཆགས་གྱུར་པ་ཀུན། །དམིགས་མེད་ཆོས་དབྱིངས་ཀློང་དུ་མཐོལ་ཞིང་བཤགས། །དགྲ་གདོན་བྱད་ཕུར་འཚེ་བ་ཚར་གཅོད་ཅིག །ཚེ་བསོད་ཉམས་རྟོགས་ཡར་ངོའི་ཟླ་ལྟར་འཕེལ། །མི་དང་མི་མིན་སྣང་སྲིད་དབང་དུ་བསྡུས། །ལེགས་ཚོགས་འཕེལ་རྒྱས་བསམ་དོན་འགྲུབ་པར་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སོ། །

ཉི་གྲགས་ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ་གཏེར་སྲུང་ཀླུ་མོ་གཟི་འབར་བསང་མཆོད།

ཕཻཾ། འདོད་རྒུའི་འབྱུང་གནས་དངོས་གྲུབ་ཀུན་གྱི་བདག །འགྲོ་བའི་དབུ་ཕོངས་སྡུག་བསྔལ་སེལ་མཛད་པ། །རྒྱལ་བའི་ཞལ་མཐོང་ཟབ་གཏེར་སྐྱོང་བའི་བདག །ཀླུ་རྒྱལ་དུང་སྐྱོང་སྲས་མོ་གཟི་འབར་མ། །མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ། །ཁྱེད་ལ་མཐུན་པའི་མཆོད་པ་འབུལ་བ་ནི། །ཕྱི་ཡི་མཆོད་པ་རིན་ཆེན་རྣམ་པ་ལྔ། །ནང་གི་མཆོད་པ་དཀར་གསུམ་མངར་གསུམ་དང་། །བསང་མཆོད་བྷ་ལིང་གཏོར་མ་རྒྱན་ལྡན་བཅས། །ཤེལ་ཚིགས་ཁྲི་དཀར་ཀླུ་རྟ་རྒྱན་ལྡན་སོགས། །གཡུ་ཤུག་མཁན་དཀར་བ་ལུ་ལ་སོགས་པའི། །དྲི་ཞིམ་དུད་པའི་སྤྲིན་ཕུང་འཁྲིགས་པ་འདིས། །ཀླུ་མོ་གཟི་འབར་འཁོར་བཅས་བསང་ཞིང་མཆོད། །ལྷ་མོ་ཆེན་མོ་དཔལ་འབར་བསང་ཞིང་མཆོད། །གཉན་མོ་ཆེན་མོ་གངས་དཀར་བསང་ཞིང་མཆོད། །ས་ཡི་ལྷ་མོ་བརྟན་མ་བསང་ཞིང་མཆོད། །ལྷ་མོ་ཆེན་མོ་དུད་སོལ་བསང་ཞིང་མཆོད། །བསྟན་སྲུང་གཟི་བརྗིད་ཆེན་མོ་བསང་ཞིང་མཆོད། །བདུད་མོ་ཆེན་མོ་རེ་ཏི་བསང་ཞིང་མཆོད། །ནག་མོ་ཆེན་མོ་རལ་གཅིག་བསང་ཞིང་མཆོད། །དེ་ལྟར་བསང་མཆོད་དམ་པ་འདི་ཕུལ་བས། །ཐུགས་དམ་བསྐང་ལ་ཉམས་ཆགས་བཤགས་པ་དང་། །ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞི་ཡིས། །ལས་ཀྱི་འབྲས་བུ་མྱུར་དུ་མཆིས་པར་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སོ། །

སྨན་སྲུང་ལྷ་སྨན་བསང་མཆོད།

ཧཱུྃ། སྔོན་ཚེ་བདེ་གཤེགས་སྨན་པའི་རྒྱལ་པོ་ཡིས། །གསོ་རིག་སྨན་གྱི་སྲུང་མར་ཞལ་བཞེས་པའི། །དབུས་ནས་དུང་གི་ཁྱེའུ་ཆུང་དཀར་པོ་དང་། །ཤར་ནས་ཡེ་ཤེས་ལྷ་མོ་སྐུ་མདོག་དཀར། །ལྷོ་ནས་སྨྲ་བྱེད་ལྷ་མོ་གསེར་གྱི་མདོག །ནུབ་ནས་མཐོང་བྱེད་ལྷ་མོ་པད་རཱག་མདོག །བྱང་ནས་སྨན་གྱི་དྲང་སྲོང་བཻཌཱུར་མདོག །མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ། །དགྱེས་པའི་མཐུན་རྫས་སྨན་བཤོས་རྩེ་རྒྱས་དང་། །མདའ་དར་བཟང་པོ་འབྲུ་སྣ་རྣམ་པ་ལྔ། །རིན་ཆེན་སྣ་བདུན་རྣམ་བཀྲའི་མེ་ཏོག་ཚལ། །དངུལ་དཀར་མེ་ལོང་བྷ་ལིང་སྙན་པའི་སྒྲ། །གཡུ་ཤུག་སྤོས་དཀར་བསྲེགས་པའི་དུད་པའི་སྤྲིན། །ལྷ་ལམ་ཡོངས་ཁྱབ་བསང་གི་མཆོད་པ་འདིས། །དུང་གི་ཁྱེའུ་དཀར་པོ་བསང་ཞིང་མཆོད། །ཡེ་ཤེས་ལྷ་མོ་དཀར་མོ་བསང་ཞིང་མཆོད། །སྨྲ་བྱེད་ལྷ་མོ་སེར་མོ་བསང་ཞིང་མཆོད། །མཐོང་བྱེད་ལྷ་མོ་དམར་མོ་བསང་ཞིང་མཆོད། །སྨན་གྱི་དྲང་སྲོང་ཆེན་མོ་བསང་ཞིང་མཆོད། །དབང་པོའི་སྤྱོད་ཡུལ་ཐམས་ཅད་ཚིམ་ནས་ཀྱང་། །གསོ་རིག་སྨན་གྱི་བསྟན་པ་སྲུང་བ་དང་། །འགྲོ་བའི་ནད་རྣམས་མ་ལུས་ཞི་བར་མཛོད། །བདག་ཅག་དཔོན་སློབ་འཁོར་དང་བཅས་རྣམས་ཀྱིས། །འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ལེགས་ཚོགས་སྒྲུབ། །གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་འདི། །ཡངས་བའི་རྒྱལ་ཁམས་ཀུན་ཏུ་རྒྱས་པར་མཛོད། །ཕྱྭ་གཡང་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སོ། །

གཏེར་སྲུང་ཁོལ་པོ་ཀའི་བསང་མཆོད་ནི།

ཧཱུྃ། སྟོན་པ་བདེ་གཤེགས་སྨན་པའི་རྒྱལ་པོ་ཡི། །སྤྱན་སྔར་ཁས་བླངས་གནོད་སྦྱིན་རྒྱལ་པོ་ཆེ། །རྣམ་མང་ནོར་གྱི་ཆར་བ་འབེབས་མཛད་པའི། །བྱང་ཕྱོགས་གནོད་སྦྱིན་རྫོང་གི་ཕོ་བྲང་ནས། །ཟབ་གཏེར་སྐྱོང་བའི་གནོད་སྦྱིན་ཁོལ་པོ་ཀ །སྐད་ཅིག་དབང་གི་གནས་འདིར་གཤེགས་སུ་གསོལ། །མ་ཆགས་སྐྱོན་བྲལ་པདྨའི་གདན་སྟེང་དུ། །དགྱེས་པར་བཞུགས་ལ་གུས་པས་ཕྱག་འཚལ་ལོ། །མཆོད་པའི་དམ་རྫས་དཔག་ཡས་བསམ་མི་ཁྱབ། །ཞིང་ཀུན་ཡོངས་སུ་གང་བའི་དཀོར་ནོར་སོགས། །དྲི་བསུང་ལྡན་པའི་བསང་གི་མཆོད་པ་འདིས། །རབ་འབྱམས་ནམ་མཁའི་ཁམས་ཀུན་ཡོངས་བཀང་སྟེ། །ངོ་མཚར་རྨད་བྱུང་མཐའ་ཡས་མཆོད་པ་འདིས། །གཏེར་གྱི་སྲུང་མ་གནོད་སྦྱིན་ཁོལ་པོ་ཀ །འཁོར་དུ་གཏོགས་པའི་གནོད་སྦྱིན་བདུན་འབུམ་བཅས། །བསང་ངོ་མཆོད་དོ་བརྔན་ནོ་ཐུགས་དམ་བསྐང་། །རྨད་བྱུང་བསང་གི་མཆོད་པས་ཚིམ་གྱུར་ནས། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་རྣམས་ཀྱིས། །ཁྱེད་ལ་རྟག་ཏུ་སྲུང་ཞིང་སྐྱོང་བ་དང་། །ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ། །མི་དང་མི་མིན་དམ་སྲིའི་འཚེ་བ་སོགས། །མིང་ཙམ་མེད་པར་ཐལ་བའི་རྡུལ་དུ་རློག །ཕས་ཀྱི་རྒོལ་བ་ཐམས་ཅད་ཞི་བ་དང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སོ། །

གཏེར་སྲུང་བྱ་རོག་གདོང་གི་བསང་མཆོད།

ཧཱུྃ། སྔོན་ཚེ་ཁྲོ་རྒྱལ་རྡོ་རྗེ་སྲིན་པོ་ཡི། །བཀའ་གཉན་སྐྱོང་བའི་དྲེགས་པ་ཡོངས་ཀྱི་རྗེ། །ཆེ་བའི་ཆེ་མཆོག་ཧེ་རུ་ཀ་དཔལ་ཆེ། །མཐུ་སྟོབས་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །ནག་པོ་ཆེན་པོ་བྱ་རོག་གདོང་པ་ཅན། །འཁོར་བཅས་ཐོགས་མེད་གནས་འདིར་གཤེགས་སུ་གསོལ། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །ཤ་སྣ་སྙིང་སྣ་ཁྲག་སྣ་བསམ་མི་ཁྱབ། །གྲི་སྙིང་དར་ནག་གཡབ་མོ་གསུར་ཆེན་དུད། །གཡག་རོག་ཞོལ་ཆེན་ཤེལ་སྒོང་ནག་པོ་དང་། །མི་ལྤགས་གཡང་གཞི་ཐོད་ཕྲེང་དྲག་པོའི་ཆས། །དཔལ་གྱི་གཏོར་མ་མྱོས་བྱེད་ཛ་གད་ཆང་། །ཉམས་པ་བསྒྲལ་བའི་རཀྟ་དམར་གྱི་མཚོ། །ཕྱི་ནང་གསང་བའི་དམ་རྫས་མ་ལུས་པ། །ཡེ་ཤེས་བདུད་རྩི་བསང་གི་སྤྲིན་ཕུང་འདི། །གང་བཞེད་ཅིར་ཡང་འཆར་བའི་མཆོད་པ་འདི། །མཐུ་སྟོབས་དབང་ཕྱུག་གཏེར་སྲུང་བྱ་རོག་གདོང་། །འཁོར་བཅས་དགྱེས་པར་ཚིམ་ལ་ཐུགས་དམ་བསྐང་། །ཉམས་ཆགས་འགལ་འཁྲུལ་ཐམས་ཅད་བཤགས་པར་བགྱི། །མི་གཙང་ཉམས་གྲིབ་ཐམས་ཅད་དག་ནས་ཀྱང་། །དཔལ་མགོན་ཁྱེད་ཀྱིས་རྟག་ཏུ་མགོན་མཛད་ནས། །བྱང་ཆུབ་ལམ་ལ་བར་དུ་གཅོད་པའི་བགེགས། །དུས་མཐའི་མེ་ཡིས་རྩྭ་སྦུར་བསྲེགས་པ་བཞིན། །སྐད་ཅིག་ཉིད་ལ་ཞི་བའི་ཕྲིན་ལས་མཛོད། །རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུ། །ཨ་ཏི་རྫོགས་པ་ཆེན་པོའི་བསྟན་པ་ནི། །ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་རྒྱས་པ་དང་། །མི་ནུབ་སྲིད་རྩེར་འཕེལ་བའི་ཕྲིན་ལས་མཛོད། །སྔོན་ཚེ་དཔལ་ཆེན་སྤྱན་སྔར་ཁས་བླང་བཞིན། །རིག་འཛིན་སྒྲུབ་པའི་རྣལ་འབྱོར་བདག་ཅག་རྣམས། །དེང་ནས་བྱང་ཆུབ་སྙིང་པོར་མ་ཐོབ་བར། །སྡོང་གྲོགས་ཕྲིན་ལས་མ་གཡེལ་ས་མ་ཡཱ། །ཞེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སོ། །

གཉན་ཆེན་རྒྱལ་བ་ཐོད་དཀར་བསང་མཆོད།

ཧཱུྃ། མི་འགྱུར་རྣམ་དག་ཆོས་སྐུའི་རང་རྩལ་ལས། །གདུག་པ་འདུལ་ཕྱིར་ཁྲོ་བོའི་ཚུལ་འཆང་བ། །ཟབ་གཏེར་སྐྱོང་བའི་ཞལ་བཞེས་ཐ་ཚིག་ཅན། །ཁ་བ་ཅན་གྱི་ཡུལ་ལྷ་ཀུན་གྱི་གཙོ། །སྲིད་གསུམ་དྲེགས་པ་ཀུན་གྱི་སྤྱི་མེས་ནི། །གཉན་ཆེན་རྒྱལ་བ་ཐོད་དཀར་འཁོར་དང་བཅས། །བརྩེ་བའི་ཚུལ་གྱིས་གནས་འདིར་གཤེགས་སུ་གསོལ། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །དྲི་ཞིམ་བསང་གི་དུད་པའི་སྤྲིན་ཕུང་ལས། །རྒྱལ་སྲིད་སྣ་བདུད་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་སྣ་བདུན་གཟུགས་སྒྲ་དྲི་རོ་རེག །ངོ་མཚར་འདོད་ཡོན་སྣ་ཚོགས་ཆར་ལྟར་འབེབས། །སྨན་གཏོར་རཀྟ་ཕྱི་ནང་ཉེར་སྤྱོད་སོགས། །ཀུན་བཟང་མཆོད་པའི་སྤྲིན་ལྟར་འཕྲོ་བ་འདིས། །གཉན་ཆེན་རྒྱལ་བ་ཐོད་དཀར་འཁོར་བཅས་བསང་། །ཡབ་ཡུམ་སྲས་གསུམ་དགྱེས་སྡེ་ཡུམ་ཆེན་བསང་། །འཁོར་གྱི་དྲེགས་པའི་དམག་ཚོགས་ཐམས་ཅད་བསང་། །བསང་ངོ་མཆོད་དོ་ཐུགས་དམ་བསྐང་གྱུར་ནས། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །ཐུགས་རྗེ་ཐུགས་དམ་མ་གཡེལ་སྲུང་སྐྱོབ་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་རྒྱས། །མི་ནོར་ཟས་གསུམ་དབང་དུ་འདུ་བ་དང་། །རྒྱལ་འགོང་ཤི་འདྲེའི་ཚོགས་རྣམས་རྡུལ་དུ་རློག །ནད་ཡམས་དམར་བཤལ་དྲག་པོ་དགྲ་ལ་ཐོང་། །དགྲ་བོའི་བདུན་རྒྱུད་རྩད་ནས་ཆོད་ལ་ཤོག །མི་མཐུན་ཀུན་ཞི་མཐུན་རྐྱེན་ལེགས་ཚོགས་ཀུན། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པ་དང་། །འདོད་པའི་རེ་བ་ཡིད་བཞིན་བསྐང་ནས་ཀྱང་། །ལས་བཞིའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

འབར་མ་བྱ་ཞོན་མའི་བསང་མཆོད།

བྷྱོཿ ནག་པོ་ཆེན་པོའི་བཀའ་སྡོད་ཡོངས་ཀྱི་རྗེ། །སྲིད་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་ནི། །སྲིན་མོའི་གཟུགས་འཆང་མི་བསྲུན་ཁྲོས་པའི་སྐུ། །ཤ་ཟ་ཁྲག་འཐུང་གཏུམ་མོའི་ཚུལ་འཆང་བ། །འབར་མ་བྱ་ཞོན་འཁོར་བཅས་གཤེགས་སུ་གསོལ། །དགྱེས་པར་བཞུགས་ལ་གུས་པས་ཕྱག་འཚལ་ལོ། །དམར་ཆེན་ཁྲག་ཞག་འཁྲུགས་པའི་ཨརྒྷཾ་དང་། །ཉམས་པ་བསྒྲལ་བའི་དབང་ལྔའི་མེ་ཏོག་བཀྲ། །ཚིལ་ཆེན་གསུར་གྱི་དུད་པ་སྤྲིན་ལྟར་གཏིབ། །ཞུན་ཆེན་མར་མེ་དུས་མཐའི་ཤུགས་བཞིན་སྦར། །ཁྲག་ཆང་མཁྲིས་ཆེན་སྦྱར་བའི་དྲི་ཆབ་དང་། །ཤ་ཁྲག་རུས་པའི་ཞལ་ཟས་རི་ལྟར་སྤུང་། །ཐོད་རྔ་རྐང་གླིང་སྙན་འཇེབས་རོལ་མོའི་སྒྲ། །དཔལ་གྱི་ཆས་གོས་རྨ་བྱའི་རྒྱལ་མཚན་དང་། །རྟ་ནག་བྱ་ནག་གཡག་རོག་ཤེལ་སྒོང་ནག །བམ་གྱི་རྒྱལ་མཚན་ལ་སོགས་མཐུན་པའི་རྫས། །ཁྱད་པར་དྲི་ཞིམ་བསང་གི་མཆོད་པ་འདིས། །འབར་མ་བྱ་ཞོན་འཁོར་བཅས་བསང་ཞིང་མཆོད། །འཁོར་གྱི་མ་མོ་འབུམ་སྡེ་བསང་ཞིང་མཆོད། །རིག་འཛིན་བརྒྱུད་པའི་སྤྱན་སྔར་དམ་བཅས་བཞིན། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །འཁོར་འབངས་བུ་སློབ་ཁྱེད་ཀྱིས་རྟག་ཏུ་སྲུང་། །བསྟན་པའི་ཉི་མ་ཕྱོགས་བཅུར་འབར་བ་དང། །བདག་ལ་སྡང་ཞིང་གདུག་པའི་སེམས་འཆང་བ། །ངན་སྦྱོར་གཤོམ་པའི་ཕྲ་མ་མཁན་གྱི་ཚོགས། །སྙིང་ཕྱུང་སྲོག་ཆོད་ད་ལྟ་ཉིད་དུ་སྒྲོལ། །ཆེ་བཙན་ཆོས་སྲིད་ནོར་གྱི་དངོས་གྲུབ་སྩོལ། །སྙན་གྲགས་བ་དན་སྲིད་པའི་རྩེ་མོར་བསྒྲེངས། །དབང་ཐང་ཆོས་སྲིད་ལེགས་པའི་ཚོགས་རྣམས་ཀུན། །ནམ་ཡང་མི་ནུབ་འཕེལ་ཞིང་རྒྱས་པར་མཛོད། །ཡངས་པའི་རྒྱལ་ཁམས་ཀུན་ཏུ་བདེ་ཞིང་སྐྱིད། །དུས་འཁྲུགས་ནད་རིམས་མཐའ་དག་ཞི་ནས་ཀྱང་། །ལོ་ཕྱུགས་ལེགས་ཤིང་འབྲུ་རྣམས་འཕེལ་བ་དང་། །མདོར་ན་ཡིད་ལ་ཇི་ལྟར་འདོད་པ་བཞིན། །བདག་ཅག་རེ་བའི་འབྲས་བུ་མཆིས་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

འབར་མ་ལྕམ་དྲལ་བསང་མཆོད།

ཧཱུྃ། གཏུམ་དྲག་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །བསྐལ་བ་མེ་ལྟར་འབར་བའི་ཀློང་ཡངས་དབུས། །ཁྲག་འཐུང་ཁྲོ་བོའི་རྒྱལ་བོ་དྲེགས་པའི་གཤེད། །དབང་དྲག་ཁྲོས་པའི་པདྨ་ཧེ་རུ་ཀའི། །བཀའ་ཉན་དྲེགས་པ་ལྷ་སྲིན་སྡེ་བརྒྱད་གཙོ། །བདག་ཅག་བསྟན་པ་སྲུང་བར་ཞལ་བཞེས་པ། །འབར་བ་ལྕམ་དྲལ་འཁོར་དང་བཅས་པ་རྣམས། །སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་སུ་གསོལ། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ། །ཕྱི་ནང་གསང་བ་བླ་མེད་མཆོད་པའི་སྤྲིན། །བདུད་ཀྱི་བཤོས་བུ་ནག་པོ་སྙིང་གིས་མཚན། །དར་ནག་རུ་མཚོན་དུར་ཁྲོད་རོལ་བའི་ཆས། །བཙན་གྱི་ཁྱི་དམར་བཙན་བཤོས་དམར་པོ་དང་། །འབྲང་རྒྱས་དཀར་པོ་སྨན་ལེབ་ཆུ་རྟ་སོགས། །དྲི་ཞིམ་བསང་དུད་ལྷ་ལམ་ཡོངས་ཁྱབ་སྤྲིན། །འདོད་རྒུའི་ལོངས་སྤྱོད་དངོས་གྲུབ་ཆར་ལྟར་འབེབས། །གང་བཞེད་འཆར་བའི་མཆོད་པའི་སྤྲིན་ཕུང་འདིས། །བདུད་ཀྱི་རྒྱལ་པོ་འཁོར་བཅས་བསང་ཞིང་མཆོད། །བཙན་གྱི་རྒྱལ་པོ་འཁོར་བཅས་བསང་ཞིང་མཆོད། །ཀླུ་ཡི་རྒྱལ་པོ་འཁོར་བཅས་བསང་ཞིང་མཆོད། །དགྱེས་པར་བཞེས་ལ་བདག་གི་སྡོང་གྲོགས་མཛོད། །ས་གསུམ་གནས་ནས་ཚེ་དང་དཔལ་འབྱོར་དང་། །བསོད་ནམས་དབང་ཐང་སྟོབས་དང་ནུས་པའི་ཤུགས། །ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བསྡུས་པ་ལྟར། །ཅི་འདོད་དངོས་གྲུབ་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སོ། །

གཏེར་སྲུང་ལྷ་མོ་ཆེན་མོའི་བསང་མཆོད་བཞུགས་སོ།།

ཀ་དག་གདོད་ནས་སྤྲོས་དང་བྲལ་བ་ལས། །ཁ་དོག་དམར་ནག་ཁྲག་མདོག་བཟོད་པར་དཀའ། །ག་རུ་བཞུགས་ཀྱང་གཏེར་སྲུང་ཚུལ་འཛིན་པ། །ང་ཡིས་སྒྲུབ་ཅིང་མཆོད་ཅིང་བསྟོད་པའི་ཚེ། །ཅ་ཅོའི་ཁ་ཙམ་མ་ཡིན་སྙན་པའི་སྒྲའི། །ཆ་ཆེ་རབ་འབར་མེ་དཔུང་འབར་བའི་ནང་། །ཇ་ཆང་ཕྱེ་མར་བསྲེགས་པ་དུད་པའི་སྤྲིན། །ཉ་རྒྱས་ཇི་བཞིན་དགྱེས་པར་བཞེས་སུ་གསོལ། །ཏ་ཐཱ་ག་ཏ་པདྨ་སཾ་བྷ་ཝའི། །ཐ་ཚིག་གཡར་དམ་གཉན་པོ་རྗེས་དགོངས་ལ། །ད་ལྟ་སྒྲུབ་པའི་རིག་འཛིན་བདག་ཅག་ལ། །ན་ཚ་འཆི་བའི་འཇིགས་པ་བཟློག་ཏུ་གསོལ། །པ་ལ་ཆོས་བཞིན་སྐྱོང་བའི་གང་ཟག་ལ། །ཕ་རོལ་རྒོལ་བ་ངན་པའི་ཚོགས་རྣམས་ཀུན། །བ་མོ་ཚ་ཟེར་བརྒྱ་བས་བཞུས་པ་བཞིན། །མ་ལུས་ལྷག་མ་མེད་པར་མཇོམས་པར་མཛོད། །ཙ་སད་སེར་བ་དྲག་པོ་དགྲ་ལ་ཐོང་། །ཚ་ཟེར་བརྒྱ་བའི་འོད་ཀྱིས་ཁྱབ་པ་བཞིན། །ཛ་ཡའི་བསྟན་པ་ཕྱོགས་བཅུར་རྒྱས་པར་མཛོད། །ཝ་ལེར་སྲིད་གསུམ་ལེགས་ཉེས་གཟིགས་མཛད་པས། །ཞྭ་ལྟར་པད་འབྱུང་གཙུག་གི་རྒྱན་གྱུར་པ། །ཟ་བྱེད་དྲག་པོ་ཡོངས་ཀྱི་མངའ་བདག་པོ། །འ་འུར་འཐོར་རླུང་དྲག་པོ་རྟག་ཏུ་འགྲོགས། །ཡ་མཚན་ཆེ་བའི་ཤ་ཟ་མཁའ་འགྲོ་མ། །ར་ཛ་རྒྱལ་འགོང་རྒྱ་འདྲེ་འབྱུང་པོའི་ཚོགས། །ལ་ལ་ཙམ་མིན་མ་ལུས་ལྷག་མེད་ཀྱི། །ཤ་ཁྲག་དོན་སྙིང་ཁྱོད་ཀྱིས་བཞེས་ནས་ཀྱང་། །ས་འདི་བདེ་སྐྱིད་དཔལ་ལ་སྤྱོད་པར་མཛོད། །ཧ་ཧི་དགྱེས་པའི་གད་མོའི་སྒྲ་དང་བཅས། །ཨ་ཏིའི་བསྟན་པ་ཕྱོགས་བཅུར་རྒྱས་ནས་ཀྱང་། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

མ་མོ་ཁྲག་རལ་མའི་བསང་མཆོད་བཞུགས་སོ།།

བྷྱོཿ ཁམས་གསུམ་དབང་བསྒྱུར་སྲིད་གསུམ་སྲོག་གི་བདག །སྐྱེ་འགྲོའི་ཚེ་དང་སྲོག་ལ་མངའ་མཛད་མ། །དབྱིངས་ཀྱི་རྒྱལ་མོ་མཁའ་འགྲོ་ཀུན་གྱི་གཙོ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་། །ཕྱི་ནང་གནས་ཡུལ་དུར་ཁྲོད་གནས་ཉུལ་ཞིང་། །མཐུ་སྟོབས་དབང་ཕྱུག་མ་མོ་ཁྲག་རལ་མ། །འཁོར་བཅས་བསང་གི་མགྲོན་ལ་གཤེགས་སུ་གསོལ། །ཤུག་པ་འོམ་བུ་མཁན་དཀར་བ་ལུ་སོགས། །ཙནྡན་དཀར་དམར་ཨ་ག་རུ་ལ་སོགས། །དྲི་ཞིམ་བསང་གི་དུད་པའི་སྤྲིན་ཕུང་དང་། །ཕྱེ་མར་འོ་སྐོལ་བཟའ་བཅའ་བཏུང་བའི་རིགས། །དར་ཟབ་རིན་ཆེན་སྣ་ཚོགས་ཟ་འོག་གོས། །མཁོ་དགུའི་དཔལ་འབྱོར་མ་ཚང་མེད་པ་འདིས། །མ་མོ་ཆེན་མོ་ཁྲག་གི་རལ་ཅན་བསང་། །སྲིད་པ་གསུམ་གྱི་སྲོག་གི་བདག་མོ་བསང་། །གནས་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་བསང་། །དེ་ལྟར་བསང་མཆོད་ཕུལ་བའི་མཐུ་ནུས་ཀྱིས། །རྒྱལ་བའི་བསྟན་པ་སྲུང་ཞིང་སྐྱོང་བ་དང་། །བདག་ཅག་སྒྲུབ་ལ་བར་དུ་གཅོད་པའི་བགེགས། །མི་བསྲུན་ལོག་པར་འདྲེན་པའི་ཚོགས་རྣམས་ཀུན། །ཕྲིན་ལས་དྲག་པོའི་སྟོབས་ཀྱིས་སྒྲོལ་བར་མཛོད། །མདོར་ན་ཡིད་ལ་གང་བཞེད་འཆར་བ་ཀུན། །ཐོགས་མེད་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

སྨན་སྲུང་རྡོ་རྗེ་བདུད་འདུལ་བསང་མཆོད་བཞུགས།

ཧཱུྃ། ངོ་བོ་གདོད་ནས་ཆོས་སྐུའི་རོལ་བ་ལས། །མ་འགགས་མཁའ་ལ་འཇའ་ཚོན་ཤར་བ་ལྟར། །གསོ་རིག་རྒྱུད་ཀྱི་བསྟན་པ་སྲུང་མཛད་པའི་། །གནོད་སྦྱིན་དབང་པོའི་ཚུལ་དུ་སྐུར་ཤར་བ། །སྨན་སྲུང་རྡོ་རྗེ་བདུད་འདུལ་འཁོར་བཅས་རྣམས། །མཁའ་ལ་ཆར་སྤྲིན་གཏིབས་པ་ལྟ་བུ་བཞིན། །སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་སུ་གསོལ། །ཁྱེད་ལ་རབ་ཏུ་གུས་པས་ཕྱག་འཚལ་ལོ། །རྃ་ལས་སྐྱེས་པའི་འབར་བའི་མེ་ནང་དུ། །དྲི་ཞིམ་ཤིང་སྣའི་ཚོགས་དང་ལྷན་ཅིག་ཏུ། །ཕྱེ་མར་འོ་སྐོལ་བསྲེགས་པ་དུད་པའི་སྤྲིན། །མ་རྨོས་ལོ་ཏོག་རིན་ཆེན་འབྲུ་སྨན་སྤོས། །གཏེར་གྱི་བུམ་པ་འདོད་འབྱུང་ནེའུ་ལེ། །ཡན་ལག་བརྒྱད་ལྡན་ཁྲུས་ཀྱི་རྫིང་བུ་དང་། །འདོད་འཇོའི་བ་མོ་དཔག་བསམ་ལྗོན་པའི་ཤིང་། །རྣམ་མང་སྲིད་ཞིའི་འབྱོར་བ་ཇི་སྙེད་པ། །ཕུལ་བས་བདག་ཅག་མི་ནོར་འཁོར་བཅས་རྣམས། །ཁྱེད་ཀྱིས་རྟག་ཏུ་སྲུང་ཞིང་སྐྱོང་བ་དང་། །གསོ་རིག་སྨན་གྱི་བསྟན་པ་སྲུང་མཛད་པ། །འཇིག་རྟེན་ཁམས་སུ་བདེ་ཞིང་སྐྱིད་པ་དང་། །མི་ནོར་ཕྱུག་གསུམ་འཕེལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

བཀའ་ཡི་སྲུང་མ་གནོད་སྦྱིན་བཅུ་གཉིས་བསང་མཆོད་བཞུགས།

ཧཱུྃ། སྟོན་པ་བདེ་གཤེགས་སྨན་གྱི་བླ་མ་ཡིས། །ཉིད་ལས་མི་གཞན་འཁོར་ཚོགས་མཐའ་དག་ལ། །གསོ་རིག་རྒྱུད་ཀྱི་བསྟན་པ་བཤད་པའི་ཚེ། །སྤྱན་སྔར་ཁས་བླངས་ཞལ་བཞེས་གཡར་དམ་ཅན། །བཀའ་ཡི་སྲུང་མ་གནོད་སྦྱིན་བཅུ་གཉིས་ནི། །རང་རང་བྲན་སྡེ་མ་ལུས་ཚོགས་དང་བཅས། །དད་དང་དམ་ཚིག་དབང་གིས་སྤྱན་འདྲེན་ན། །སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་སུ་གསོལ། །གུས་པས་འདུད་དོ་ཕྱག་འཚལ་བསྟོད་པར་བགྱི། །ལྷ་ཤིང་ཤུག་པ་དུང་ཤིང་མཁན་དཀར་དང་། །མཆོང་ཤིང་བ་ལུ་ལ་སོགས་ཤིང་སྣའི་ཚོགས། །བསྲེགས་པའི་དུད་སྤྲིན་ནམ་མཁའ་གང་བ་དང་། །ཀ་ར་བུ་རམ་སྦྲང་རྩི་ལ་སོགས་པ། །རྒྱ་ཇ་ངད་ལྡན་མྱོས་བྱེད་ཛ་གད་ཆང་། །ཕྱེ་མར་འོ་སྐོལ་འབྲུ་སྨན་ཟན་སྣའི་རིགས། །ཟ་འོག་སྣ་ཚོགས་སྟག་གཟིག་རས་མོ་སོགས། །དགྱེས་པའི་མཐུན་རྫས་བསམ་གྱིས་མི་ཁྱབ་པ། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས་རྣམས་ཀྱི། །སྨན་སྲུང་རྡོ་རྗེ་བདུད་འདུལ་ཆེན་པོ་བསང་། །འཁོར་གྱི་གནོད་སྦྱིན་ཆེན་པོ་འབུམ་སྡེ་བསང་། །ནོར་སྐྱོང་བྱེ་བ་འབུམ་གྱི་ཚོགས་བཅས་བསང་། །ཐུགས་དམ་བསྐང་ལ་ཉམས་ཆགས་འགལ་འཁྲུལ་བཤགས། །འགྲོ་བ་ནད་ཀྱི་སྡུག་བསྔལ་ལས་སྐྱོབ་ཅིང་། །འདོད་དགུའི་དངོས་གྲུབ་མ་ལུས་ཆར་ལྟར་ཕོབ། །ཁམས་གསུམ་སྐྱེ་འགྲོ་མ་ལུས་དབང་དུ་བསྡུས། །ཁྱད་པར་ཟབ་གསང་རྡོ་རྗེ་སྙིང་པོ་ཡི། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །དངོས་གྲུབ་མ་ལུས་ཡིད་བཞིན་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

ཁྱབ་བདག་ནཱ་ག་རཀྴའི་བསང་བསྡུས་བཞུགས་སོ།།

ཧཱུྃ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡི། །མཐུ་སྟོབས་ནུས་པ་གཅིག་ཏུ་བསྡུས་པ་ཡི། །ཀླུ་དང་ས་བདག་འདུལ་བའི་གཤེད་པོ་ཆེ། །འཇམ་དཔལ་ཁྲོས་པ་ནཱ་ག་རཀྴ་ནི། །བདག་ཅག་གདུང་བའི་དབྱངས་ཀྱིས་འབོད་པའི་ཚེ། །ཐོགས་མེད་ཤུགས་ཀྱིས་གནས་འདིར་གཤེགས་སུ་གསོལ། །ཁྱེད་ལ་རབ་ཏུ་གུས་པས་ཕྱག་འཚལ་ལོ། །དར་ཟབ་འབྲུ་སྣ་དྲི་ཞིམ་སྤོས་ཀྱི་རིགས། །ཕྱེ་མར་ཟས་སྣ་རྒྱ་ཇ་ངད་ལྡན་དང་། །མ་དཱ་ན་ཡི་གསེར་སྐྱེམས་རྒྱ་མཚོར་བསྐྱིལ། །གཡུ་ཤུག་སྤོས་དཀར་ཤ་སྣ་སྙིང་སྣ་དང་། །དཀར་གསུམ་མངར་གསུམ་རིན་ཆེན་སྣ་ཚོགས་སོགས། །དགྱེས་པའི་མཐུན་རྫས་དཔག་ཡས་བསྲེགས་པ་ཡི། །དུད་སྤྲིན་ལྷ་ལམ་ཡོངས་སུ་ཁྱབ་པ་ལ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ནས་ཀྱང་། །ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་རྒྱ་ཆེན་འདི། །སྲིད་གསུམ་དྲེགས་ཚོགས་ཡོངས་ཀྱི་མངའ་བདག་པོ། །སྟོང་གསུམ་སྐད་ཅིག་ཉིད་ལ་བརླག་མཛད་པའི། །ཁྱབ་བདག་ནཱ་ག་རཀྴ་འཁོར་བཅས་བསང་། །དེ་ལྟར་མཆོད་ཅིང་བསང་ཞིང་བརྔན་པའི་མཐུས། །བདག་ཅག་བག་མེད་མ་རིག་དབང་གིས་ནི། །ཉམས་གྲིབ་སྐྱོན་དུ་གྱུར་པ་གང་མཆིས་པ། །དམིགས་མེད་ཆོས་དབྱིངས་ཀློང་དུ་ཞི་གྱུར་ཅིག །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས། །ཀླུ་གཉན་ས་བདག་གནོད་པ་ཀུན་ཞི་ནས། །དཔལ་འབྱོར་བསོད་ནམས་དབྱར་གྱི་གཱངྒ་ལྟར། །མི་ནུབ་རྒྱས་ཤིང་འཕེལ་བར་མཛད་དུ་གསོལ། །གཞན་འཕྲུལ་དབང་བྱེད་ལྷ་ཡི་ལོངས་སྤྱོད་བཞིན། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །བདག་ལ་སྡང་ཞིང་གདུག་པའི་དགྲ་དང་བགེགས། །མཐུ་སྟོབས་དབང་ཕྱུག་ཁྱོད་ཀྱི་ཟ་སྐལ་གྱིས། །ལོ་དང་ཟླ་བ་ཙམ་ཡང་མ་བཞག་པར། །མིང་ཙམ་མེད་པར་བརླག་པའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

བསང་མཆོད་བསྡུས་བ་བྱིན་རླབས་སྤྲིན་ཕུང་ལས། རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་བསང་བསྡུས་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།།

ཐོག་མར་རྟ་མགྲིན་ནག་པོའི་བསང་མཆོད་བསྡུས་པ་ནི། ཧྲཱིཿ དབང་ཆེན་ཁྲོ་རྒྱལ་རྟ་མགྲིན་ནག་པོ་ཆེ། །འཁོར་གྱི་དྲེགས་པ་སྡེ་བརྒྱད་དམག་ཚོགས་དང༌། །ཡེ་ཤེས་འཇིག་རྟེན་ཕོ་ཉར་བཅས་པ་ལ། །འདོད་ཡོན་ལྔ་ལྡན་བསང་མཆོད་འདི་ཕུལ་བས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད། །
ལེགས་ལྡན་བསང་མཆོད་བསྡུས་པ་བཞུགས་སོ།།ཧཱུྃ། དུས་གསུམ་རྒྱལ་བའི་བསྟན་སྲུང་མཐུ་བོ་ཆེ། །ལེགས་ལྡན་ནག་པོ་ཆེན་པོ་ཡབ་དང་ཡུམ། །བཀའ་འཁོར་བྲན་གཡོག་ནག་པོའི་ཚོགས་དང་བཅས། །བསང་ངོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་མི་ཕམ་པས་སོ། །
མ་ནིང་བསང་བསྡུས། ཀྱཻ། ལྷ་ཆེན་དཔལ་འབར་མ་ནིང་གཙོ་དང་འཁོར། །ཆོས་ཀྱི་དབྱིངས་ནས་འདིར་གཤེགས་དགྱེས་པར་བཞུགས། །བཟང་ཞིང་ཕྱེ་མར་ཕུད་ཀྱིས་བསང་ངོ་མཆོད། །ཀུན་བཟང་པདྨ་འབྱུང་གནས་བཀའ་བསྒོས་བཞིན། །པདྨའི་རིང་ལུགས་སྒྲུབ་པའི་སྡེ་འདི་སྐྱོངས། །བར་ཆད་ཀུན་ཞི་བསམ་དོན་ཀུན་འགྲུབ་མཛོད། །
མགོན་པོ་ཚོགས་བདག་བསང་བསྡུས། ཧཱུྃ། དཔལ་ལྡན་ཡེ་ཤེས་མགོན་པོ་ཚོགས་ཀྱི་བདག །སྐུ་གསུང་ཐུགས་མགོན་ཕྱོགས་བཅུའི་མགོན་པོ་བཅུ། །དཔལ་མགོན་བདུན་ཅུ་འཁོར་དང་བཅས་པ་རྣམས། །བསང་མཆོད་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
བདུད་མགོན་ཞིང་སྐྱོང་བསང་བསྡུས། ཧཱུྃ། བདུད་མགོན་ཞིང་སྐྱོང་སེང་གེའི་གདོང་བ་ཅན། །ཡུལ་ཆེན་བདུད་མོ་དམར་ནག་ཁྲག་རལ་ཅན། །བཀའ་ཉན་ལས་བྱེད་དྲེགས་པའི་ཚོགས་རྣམས་བཅས། །བསང་ངོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
གཏེར་སྲུང་ཡང་མ་སྐྱིན་གདོང་མའི་བསང་བསྡུས་ནི། བྷྱོཿ པདྨའི་བཀའ་ཉན་མཁའ་འགྲོ་ཀུན་ཀྱི་གཙོ། །ཟབ་གཏེར་སྐྱོང་བའི་ཚུལ་འཛིན་མཐུ་མོ་ཆེ། །ཡང་མ་སྐྱིན་གདོང་འཁོར་དང་བཅས་པ་ཡིས། །བསང་མཆོད་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
ལྷ་མོ་སྔགས་བདག་མའི་བསང་མཆོད་བསྡུས་པ་ནི། བྷྱོཿ སྟོང་ཉིད་རྣམ་དག་ཤེས་རབ་དབྱིངས་ཀྱི་ཡུམ། །དཔལ་ལྡན་ལྷ་མོ་བཀའ་གཏེར་སྲུང་མ་མཆོག །གུས་པས་བསང་འབུལ་སྔ་འགྱུར་རྡོ་རྗེའི་ཐེག །དར་ཞིང་རྒྱས་པའི་ཕྲིན་ལས་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
གཤོག་རྒོད་མའི་བསང་བསྡུས། བྷྱོཿ ཡོངས་ལ་དབང་བསྒྱུར་ཐོགས་མེད་རྫུ་འཕྲུལ་ཅན། །སྲིད་གསུམ་སྲོག་ལ་མངའ་མཛད་མཐུ་མོ་ཆེ། །རྡོ་རྗེ་གཤོག་རྒོད་འཁོར་དང་བཅས་པ་རྣམས། །བསང་ངོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
སྲོག་སྒྲུབ་མའི་བསང་བསྡུས། བྷྱོཿ ཨ་ཏིའི་བསྟན་སྲུང་སྲིད་གསུམ་སྲོག་གི་བདག །དུས་བཞིའི་དབང་བསྒྱུར་མཁའ་འགྲོ་ཀུན་གྱི་གཙོ། །ཤན་པ་སྲོག་སྒྲུབ་ནག་མོ་འཁོར་བཅས་ལ། །བསང་ངོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
བརྟན་མ་བཅུ་གཉིས་བསང་བསྡུས། བྷྱོཿ པད་འབྱུང་རླང་ཆེན་དཔལ་གྱི་སེང་གེ་ཡིས། །བཀའ་བསྒོས་ཐ་ཚིག་གཉན་པོ་རྗེས་དགོངས་ལ། །བདུད་དང་གནོད་སྦྱིན་སྨན་མོའི་ཚུལ་འཛིན་པ། །འཁོར་བཅས་བསང་མཆོད་བཞེས་ལ་ཕྲིན་ལས་སྒྲུབས། །རྫོགས་སྤྲུལ་ལྔ་པས་སོ། །
རྡོ་རྗེ་གཡུ་སྒྲོན་མའི་བསང་བསྡུས། བྷྱོཿ རིག་འཛིན་པདྨ་ཐོད་ཕྲེང་སྤྱན་སྔ་རུ། །བཀའ་ཉན་བསྟན་པ་སྲུང་བར་ཞལ་བཞེས་པའི། །སྨན་བཙུན་རྡོ་རྗེ་གཡུ་སྒྲོན་འཁོར་བཅས་ལ། །བསང་ངོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
ཉི་གྲགས་ལྷ་བཙན་བསང་མཆོད་ནི། ཧཱུྃཿ སྲིད་གསུམ་དབང་མཛད་དྲེགས་པ་ཀུན་གྱི་གཙོ། །པདྨའི་ཟབ་གཏེར་སྐྱོང་བའི་མཐུ་བོ་ཆེ། །ལྷ་བཙན་ཆེན་པོ་འཁོར་དང་བཅས་པ་ཡིས། །བསང་མཆོད་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
གནོད་སྦྱིན་ཤན་པ་དམར་ནག་བསང་བསྡུས། ཧཱུྃཿ རྒྱལ་བའི་བསྟན་པ་གཉན་པོ་བསྲུང་བ་དང་། །སྒྲུབ་ལ་བར་དུ་གཅོད་པའི་གཤེད་མ་ཆེ། །གནོད་སྦྱིན་ཤན་པ་དམར་ནག་འཁོར་བཅས་ལ། །བསང་ངོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
རིག་འཛིན་མའི་བསང་བསྡུས། བྷྱོཿ གནས་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་ཆེ། །རིག་འཛིན་དཔའ་བོ་ཡོངས་ཀྱི་སྲིང་གཅིག་མ། །ཨ་མ་རིག་འཛིན་ལྷ་མོ་འཁོར་བཅས་ལ། །བསང་ངོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
གཏེར་སྲུང་ལྡང་ལྷའི་བསང་བསྡུས། ཧཱུྃ། རྒྱལ་བའི་དབང་པོ་པདྨ་སཾ་བྷ་ཝའི། །ཟབ་གཏེར་བསྟན་པ་སྲུང་བར་ཞལ་བཞེས་པའི། །ལྷ་ཡི་དགེ་བསྙེན་རྡོ་རྗེ་དྲག་པོ་རྩལ། །འཁོར་བཅས་བསང་མཆོད་བཞེས་ལ་ཕྲིན་ལས་སྒྲུབས། །རྫོགས་སྤྲུལ་ལྔ་པས་སོ། །
ཉི་གྲགས་རྒྱལ་པོའི་བསང་བསྡུས། ཧཱུྃ། ཆོས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་། །ལོག་འདྲེན་འདུལ་ཕྱིར་དྲག་པོའི་སྐུར་བཞེངས་པ། །སྐུ་ཡི་རྒྱལ་ཆེན་ཡབ་ཡུམ་འཁོར་བཅས་ལ། །བསང་ངོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
རྡོ་རྗེ་གྲགས་ལྡན་བསང་བསྡུས། ཧྲཱིཿ ཁམས་གསུམ་ཀུན་ལས་རྒྱལ་བའི་སྟོབས་ལྡན་སྐུ། །གསུང་བློན་རྡོ་རྗེ་གྲགས་ལྡན་སྤྲུལ་འཁོར་བཅས། །ཡེ་ཤེས་བདུད་རྩིའི་བསང་མཆོད་ཕུལ་བའི་མཐུས། །ཡིད་ལ་བསམ་པ་ལྷུན་གྱིས་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
གཏེར་སྲུང་སྙོན་ཁའི་བསང་བསྡུས། ཧཱུྃ། མ་རུང་གདུལ་དཀའ་འདུལ་བའི་གཤེད་པོ་ཆེ། །ཆེ་བའི་ཆེ་མཆོག་ཁྲོ་རྒྱལ་ཡོངས་ཀྱི་གཙོ། །སྙོན་ཁ་ནག་པོ་འཁོར་དང་བཅས་པ་ལ། །བསང་མཆོད་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
དྲེགས་པའི་སྡེ་དཔོན་སུམ་ཅུའི་བསང་བསྡུས། ཧཱུྃཿ ཆོས་དབྱིངས་ངང་ལས་སྙིང་རྗེའི་སྐུར་བཞེངས་པ། །དྲེགས་པའི་ཡང་རྗེ་དྲེགས་པ་ཀུན་གྱི་གཙོ། །སྔགས་བདག་སྡེ་དཔོན་སུམ་ཅུ་འཁོར་བཅས་ལ། །བསང་ངོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
དུར་ཁྲོད་ལྷ་མོའི་བསང་བསྡུས། བྷྱོཿ མི་འགྱུར་བདེ་བ་ཆེན་པོའི་ངང་ཉིད་ལས། །དུར་ཁྲོད་གནས་ཉུལ་ཞིང་སྐྱོང་ཀུན་ཀྱི་གཙོ། །དུར་ཁྲོད་ལྷ་མོ་འཁོར་དང་བཅས་པ་ཡིས། །བསང་མཆོད་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
ལས་གཤིན་བསང་བསྡུས། ཨཻ། འཇམ་དཔལ་གཤིན་རྗེའི་བཀའ་སྡོད་དཔའ་བོ་ཆེ། །འཆི་བདག་བདུད་ལས་རྣམ་རྒྱལ་ཧེ་རུ་ཀ །ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་ལ། །བསང་ངོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
མཁའ་འགྲོ་སྤྱང་ཞོན་མཆེད་གསུམ་བསང་བསྡུས། བྷྱོཿ སྐྱེ་མེད་རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །རྫུ་འཕྲུལ་སྟོབས་ཀྱིས་མཁའ་ལ་ཐོགས་མེད་འགྲོ། །མཁའ་འགྲོ་ཆེན་མོ་སྤྱང་ཞོན་མཆེད་གསུམ་གྱིས། །བསང་མཆོད་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
ངས་རི་བཙན་རྒོད་བསང་བསྡུས། ཧཱུྃ། ཟངས་རི་བཙན་རྒོད་འབར་བ་སྤུན་བདུན་པོ། །བཙན་འཁོར་སུམ་བརྒྱ་དྲུག་ཅུ་འཁོར་བཅས་ལ། །ངོ་མཚར་བསང་མཆོད་དམ་པ་ཕུལ་བ་ཡིས། །ཞི་བྱེད་གཅོད་ཡུལ་བསྟན་པ་དར་བར་མཛོད། །རྫོགས་སྤུལ་ལྔ་པས་སོ། །
ཀླུ་མོ་གཟི་འབར་མའི་བསང་བསྡུས། ཕེེཾཿ ཀླུ་རྒྱལ་དུང་སྐྱོང་སྲས་མོ་གཟི་འབར་མ། །ཀླུ་སྨན་འབུམ་གྱི་འཁོར་ཚོགས་བཅས་པ་རྣམས། །དཀར་གསུམ་མངར་གསུམ་བསྲེགས་པའི་དུད་པའི་སྤྲིན། །བཞེས་ལ་ཀླུ་ནོར་དངོས་གྲུབ་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །
སྨན་སྲུང་ལྷ་སྨན་མཆེད་གསུམ་བསང་བསྡུས། ཧཱུྃ། སྨན་པའི་རྒྱལ་པོའི་བསྟན་པ་སྲུང་མཛད་པའི། །ཡེ་ཤེས་ཁྱེའུ་ཆུང་ལྷ་མོ་མཆེད་གསུམ་ལ། །བསང་གི་མཆོད་པ་དམ་པ་ཕུལ་བ་ཡིས། །ནད་མེད་ཚེ་རིང་ལོངས་སྤྱོད་རྒྱས་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
གཏེར་སྲུང་ཁོལ་བོ་ཁའི་བསང་བསྡུས། ཧཱུྃ། གནོད་སྦྱིན་ཡོངས་ཀྱི་རྒྱལ་པོ་མཐུ་བོ་ཆེ། །མཐུ་ཆེན་གཏེར་གྱི་སྲུང་མ་ཁོལ་བོ་ཁ། །འཁོར་གྱི་གནོད་སྦྱིན་བྱེ་བ་འབུམ་དང་བཅས། །བསང་མཆོད་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
གཉན་ཆེན་རྒྱལ་བ་ཐོད་དཀར་བསང་བསྡུས། ཧཱུྃ། རྒྱལ་བ་ཐོད་དཀར་གཉན་རྣམས་ཡོངས་ཀྱི་གཙོ། །མཆེད་ཟླ་བརྒྱད་དང་གཉན་འཁོར་འབུམ་གྱི་ཚོགས། །བསང་གི་མཆོད་པ་དམ་པ་འདི་བཞེས་ལ། །མ་རུང་དགྲ་ལས་རྒྱལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
འབར་མ་བྱ་ཞོན་མའི་བསང་བསྡུས། བྷྱོཿ སྲིད་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་ནི། །ནག་མོ་ཆེན་མོ་འབར་མ་བྱ་ཞོན་མ། །བསང་གི་མཆོད་པ་དམ་པ་ཕུལ་བ་ཡིས། །མ་མོའི་དལ་ཡམས་བཟློག་པའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
འབར་བ་ལྕམ་དྲལ་གྱི་བསང་བསྡུས། ཧཱུྃ། པདྨ་དྲག་པོའི་བཀའ་ཡི་འཁོར་ཡུག་ན། །འབར་བ་ལྕམ་དྲལ་འཁོར་དང་བཅས་པ་ལ། །དག་བྱེད་ཁྲུས་ཆབ་བསང་གི་མཆོད་པ་ཡིས། །ལས་རྣམས་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
གཏེར་སྲུང་ལྷ་མོ་ཆེན་མོའི་བསང་བསྡུས། བྷྱོཿ ཟབ་གཏེར་བསྟན་པ་བསྲུང་བར་ཞལ་བཞེས་པའི། །དུས་བཞིར་དབང་བསྒྱུར་དཔལ་ལྡན་ལྷ་མོ་ལ། །དག་བྱེད་བསང་གི་མཆོད་པ་ཕུལ་བ་ཡིས། །མ་མོའི་དལ་ཡམས་དྲག་པོ་དགྲ་ལ་ཐོངས། །རྫོགས་སྤྲུལ་ལྔ་པས་སོ། །
མ་མོ་ཁྲག་རལ་མའི་བསང་བསྡུས། བྷྱོཿ སྲིད་པ་གསུམ་གྱི་སྲོག་གི་བདག་མོ་ནི། །ཤ་ཟ་ཁྲག་འཐུང་ཀུན་གྱི་གཙོ་མོ་སྟེ། །མ་མོ་ཆེན་མོ་ཁྲག་གི་རལ་ཅན་མས། །བསང་མཆོད་བཞེས་ལ་བཅོལ་བའི་འཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
བཀའ་ཡི་སྲུང་མ་གནོད་སྦྱིན་བཅུ་གཉིས་བསང་བསྡུས། ཧཱུྃ། བཀའ་ཡི་སྲུང་མ་གནོད་སྦྱིན་བཅུ་གཉིས་དང་། །བྲན་གཡོག་བདུན་འབུམ་འཁོར་དང་བཅས་པ་ལ། །བསང་མཆོད་ནམ་མཁའ་མཛོད་ཀྱི་འཁོར་ལོ་འདི། །ཕུལ་བས་མི་མཐུན་ཕྱོགས་རྣམས་ཞི་བར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
ཁྱབ་བདག་ནཱ་ག་རཀྴའི་བསང་བསྡུས་ནི། ཕེེཾཿ གསང་བདག་བཀའ་ཉན་ཀླུ་སྲིན་ཁྲོས་པའི་སྐུ། །ཤིན་ཏུ་ཁྲོས་པ་ནཱ་ག་རཀྴ་ལ། །དམ་རྫས་བསང་གི་མཆོད་པ་ཕུལ་བ་ཡིས། །ས་བདག་ཀླུ་ཡི་གནོད་པ་ཞི་བར་མཛོད། །ཅེས་པ་འདི་ཡང་རྫོགས་ཆེན་སྐྱེ་སྲིད་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བསང་མཆོད་བསྡུས་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་དགེ་ལེགས་འཕེལ། །
བསང་ལ་བཟང་ངན་བརྟག་ཐབས་ནི། དུད་པ་འབར་བ་ཐལ་བ་གསུམ། །བརྟག་པ་དང་པོ་དུད་པ་ནི། །དཀར་བོ་མདུང་བཙུག་འདྲ་བ་བཟང་། །བཀྲ་ཤིས་ནད་མེད་གོད་ཁ་ཆད། །དུད་པ་ཁམ་ནག་ཐུར་སོང་ན། །ནད་པ་མི་ཤི་ཕན་པར་དཀའ། །དུ་བ་ཁམ་ནག་འོག་དང་ནུབ། །སོང་ན་གོད་འོང་ནད་པ་འཆི། །སད་སེར་འོང་བས་ངན་པར་བཤད། །དུད་པ་ནག་ན་ནད་པ་འཆི། །སྔོ་ན་ཡམས་ནད་ལོ་མི་ལེགས། །འབར་ལྟས་སྟེང་འབར་ཚངས་རིས་ལྷའི། ལྟས་ཡིན་བཟང་ལ་ལྷ་ངོ་མཐོ། །ཤར་འབར་ལྷའི་ལྟས་བཟང་བར་བཤད། །ལྷོ་འབར་མི་གཡང་འཕེལ་བས་བཟང་། །ནུབ་ནས་དུར་ཁ་ཕྱེ་བས་ངན། །བྱང་ནས་དགྲ་སྒོ་འབྱེད་པས་ངན། །འོག་འབར་འཁོར་གཡོག་ནོར་ལ་ངན། །ཐལ་བ་དཀར་པོ་བཟང་བ་དང་། །དམར་ན་གོད་འོང་གཞོན་མར་ངན། །ནོར་ལྷ་བཏོན་ན་བཟང་བ་ཡིན། །ཉི་ནག་ཆེ་ཆུང་བསང་སོལ་དང་། །མེ་དུད་ཆེན་པོ་བཏང་བས་ན། །ལྷ་ཕྲན་མེ་མཆེད་སྣང་བས་སྦལ། །ཉེས་པ་འབྱུང་ཞེས་བཤད་པར་འདུག །ཚེས་གཅིག་སྟག་གི་ཉི་མ་ལ། །རྨ་ངོ་གྲིབ་ངོ་གཉན་རིགས་འཁྲུགས། །ཚེས་དྲུག་བཅུ་དྲུག་ཉེར་དྲུག་ལ། །རི་འགོ་བསང་བྱས་ཞིང་གི་ལྷ། །མི་དགའ་ལོ་མི་ལེགས་པར་བཤད། །དེ་མིན་བསང་གིས་བཀྲ་ཤིས་ཤིང་། །ཆར་ཆུ་དུས་འབེབས་ལོ་ལེགས་ལ། །མི་ཕྱུགས་ནད་ཞི་གོད་ཁ་ཆད། །ཅི་བསམ་ཐོགས་མེད་འགྲུབ་པའོ། །རྒྱུན་བསང་དགག་བྱའི་དོགས་པ་མེད། །དེ་ལྟར་བསང་མཆོད་བཀླགས་ཆོག་ཕྱོགས་གཅིག་ཏུ་བཀོད་པ་འདི་ཡང་སྔོན་ཆད་བསང་ཡིག་ཕྱོགས་གཅིག་ཏུ་མ་བསྒྲིགས་པའི་དབང་གིས་ཡིག་ཆ་འདྲ་མིན་སྣ་ཚོགས་པ་ཞིག་འབྱུང་འདུག་པས། འཚོགས་སྒྲིག་ལྟ་བུའི་སྐབས་སུ་ཅུང་ཟད་འདོན་སྟབས་མི་བདེ་བ་ཞིག་འདྲ་བས། མཁན་བསོད་ཆོས་སོགས་དོན་གཉེར་ཅན་འགའ་ཞིག་གིས་ཡང་ཡང་བསྐུལ་བ་དང་། རང་གིས་ཀྱང་དེ་ལྟར་བགྱིད་པའི་མོས་འདུན་ཡོད་བཞིན། སྔོན་གྱི་ཡིག་ཆ་ཡོད་པ་རྣམས་གཞིར་བཞག་ལ། ཁ་སྐོང་རིགས་འཇམ་མགོན་མི་ཕམ་རིན་པོ་ཆེས་མཛད་པ་དང་། ཆ་ཤས་རྨོངས་པ་རང་ནས་ཀྱང་གསར་བརྩམས་བྱས་ཏེ་ཁ་བསྐངས་ནས། བསང་མཆོད་རྒྱས་འབྲིང་བསྡུས་གསུམ་བཀླགས་པས་གྲུབ་པ་འདི་བསྟན་འགྲོ་ལ་ལྷག་བསམ་ཅན་དུས་མཐའི་བཙུན་གཟུགས་འཆང་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའམ་པདྨ་ཐེག་མཆོག་བསྟན་འཛིན་གྱིས། མཛེས་བྱེད་ཆུ་ཡོས་སྨིན་ཟླའི་དུས་ཚེས་བཟང་པོར་བཀོད་པའི་ཡི་གེ་པ་ནི་དགེ་སློང་དགེ་འདུན་སོགས་ཀྱིས་བྲིས་པའོ། །སརྦ་མངྒ་ལཾ། །

བསང་མཆོད་བསྡུས་པ་བྱིན་རླབས་སྤྲིན་ཕུང་ལས།

གཞི་བདག་སྤྱི་དང་བྱེ་བྲག་ཀླུ་བསང་བསྡུས་པ་རྣམས་ཕྱོགས་གཅིག་ཏུ་བཀོད་པ་དངོས་གྲུབ་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།

དེ་ལ་འདིར་གཞི་བདག་སྤྱི་དང་བྱེ་བྲག་གི་བསང་མཆོད་ལ་གཉིས་ལས། དང་པོ་ཡུལ་གར་འདུག་གི་གཞི་བདག་སྤྱི་བསང་ནི། རང་ཉིད་པད་འབྱུང་སྐུ་རུ་གསལ། །བསང་རྫས་འདོད་ཡོན་སྣ་ཚོགས་ཀྱི། །ཕུང་པོ་ཟད་མེད་གཏེར་ཆེན་དུ། །བསང་སྦྱངས་སྔགས་ཀྱི་བྱིན་གྱིས་བརླབས། །རོལ་མོ་དང་བཅས་སྤྱན་འདྲེན་ནི། ཧཱུྃ། གླིང་མཆོག་འཛམ་གླིང་སོག་ཁའི་གླིང་། །རྡོ་རྗེ་གདན་གྱི་བྱང་ཕྱོགས་ངོས། །འཕགས་པའི་ཞིང་ཁམས་ཁ་བ་ཅན། །རི་མཐོ་ས་གཙང་བསིལ་བའི་གནས། །སྐུ་རྒྱལ་བོད་ཀྱི་རྒྱལ་ཁམས་ཆེ། །སྐྱོང་མཛད་དཔལ་མགོན་འགོ་བའི་ལྷ། །མགུར་ལྷ་དགེ་བསྙེན་བརྟན་མ་སོགས། །མཆོད་ཅིང་བསྟོད་འོས་ཐམས་ཅད་དང་། །ཡུལ་འདིའི་གཞི་བདག་གཉན་པོ་ནི། །སྤྲུལ་པ་མཆེད་བཙུན་སྲས་ལྕམ་བློན། །སྡོང་ཟླ་ཕོ་ཉ་འབངས་འཁོར་བཅས། །མ་ལུས་གནས་འདིར་གཤེགས་སུ་གསོལ། །རང་རང་དགྱེས་པའི་གདན་ལ་བཞུགས། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །བཛྲ་ས་མ་ཡ་ཛ་ཛ། ཅེས་འགུགས། ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རྃ་ཧོ་ཤདྡྷེ་ཤུདྡྷེ། ལྃ་ཧོ་ཤུདྡྷེ་ཤུདྡྷེ། བྃ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡྃ་རྃ་ལྃ་བྃ་ཤུདྡྷེ་ཤུདྡྷེ། ཨ་ཨཱ་སྭཱ་ཧཱ། ཞེས་པས་ཁྲུས་ཆབ་གསོལ། ཧཱུྃ། ཁྱེད་ལ་མཆོད་པ་འབུལ་བ་ནི། །གཟུགས་མཛེས་ཡིད་འོང་དུ་མས་མཆོད། །སྒྲ་སྙན་རོལ་མོ་གླུ་ཡིས་མཆོད། །དྲི་ཞིམ་སྤོས་ཀྱི་དུད་པས་མཆོད། །རོ་མཆོག་བརྒྱ་ལྡན་བཅུད་ཀྱིས་མཆོད། །འཇམ་འཁྲིལ་དར་གྱི་ན་བཟའ་དང་། །རང་རང་དགྱེས་པའི་གོས་ཀྱིས་མཆོད། །དངོས་འབྱོར་ཡིད་ལས་བྱུང་བ་ཡི། །ལྷ་དང་མི་ཡི་ཡོ་བྱད་ཚོགས། །ཚང་ཞིང་ཡིད་དུ་འོང་བས་མཆོད། །ཤིང་བདུད་རྩི་ཅན་གྱི་དུད་པས་བསང་། །གསེར་ལོ་འབར་བའི་སྟག་པས་བསང་། །གཡུ་ལོ་འབར་བའི་ཤུག་པས་བསང་། །དུང་ལོ་འབར་བའི་མཁན་པས་བསང་། །འཆོང་ལོ་འབར་བའི་བ་ལུས་བསང་། །དྲི་བཟང་སྤོས་དཀར་དུད་པས་བསང་། །ཕུར་མོང་ལྷ་ཤིང་ཚེར་ཤིང་དང་། །ཤིང་སྣ་གཙང་མའི་དུད་པས་བསང་། །སྨན་སྣ་གཙང་མའི་དུད་པས་བསང་། །མ་བསང་བ་རྣམས་བསང་གྱུར་ཅིག །མ་དག་པ་རྣམས་དག་གྱུར་ཅིག །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བར་དུ་གཅོད་པའི་དགྲ་བགེགས་ཐུལ། །རང་གནས་དགེ་བར་བཞུགས་ནས་ཀྱང་། །མི་ཕྱུགས་ཕྱྭ་གཡང་ཟས་གོས་ནོར། །བཀྲ་ཤིས་བདེ་ལེགས་འཕེལ་བར་མཛོད། །དེ་ནས་བསྟོད་བཤགས་ཕྲིན་ལས་བཅོལ་བ་ནི། ཧཱུྃ། སྔོན་དུས་གུ་རུ་པདྨ་འབྱུང་གནས་ཀྱིས། །བཀའ་བསྒོས་དམ་ལ་བཏགས་པའི་མཐུ་བོ་ཆེ། །བསྟན་སྐྱོང་ཆེན་པོ་གནས་གཏེར་ཡུལ་གྱི་བདག །གཞི་བདག་སྲུང་མ་འཁོར་དང་བཅས་ལ་བསྟོད། །གཙང་རིས་དཔལ་མགོན་སྲུང་མ་རྒྱ་མཚོ་དང་། །རྒྱལ་ཆེན་ཕྱོགས་སྐྱོང་ལྷ་ཀླུ་གཟའ་སྐར་སོགས། །མགུར་ལྷ་དགེ་བསྙེན་བརྟན་མ་འགོ་བའི་ལྷ། །ཕ་ལྷ་མ་ལྷ་ཞང་ལྷ་སྲོག་ལྷ་དང་། །ཡུལ་ལྷ་གཉན་པོ་ལ་སོགས་དགོངས་སུ་གསོལ། །དང་པོའི་དུས་ནས་དེ་རིང་ཡན་ཆད་དུ། །མ་ཤེས་མ་མཁས་དུག་ལྔ་ཟང་ཟིང་སྤྱད། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །ཟས་གོས་རྒྱན་ཆ་མི་སྲིད་མི་འོས་སྤྱད། །དེ་དག་དབང་གིས་མགོན་སྐྱབས་ལྷ་དང་བྲལ། །ཚེ་ཐུང་ནད་མང་བཀྲེས་ཕོངས་སྡུག་བསྔལ་མང་། །སྐྱབས་དང་མགོན་བྲལ་ཡིད་ཆད་བདག་ཅག་ལ། །བརྩེ་བས་དགོངས་ཤིག་མཐོལ་བཤགས་བཟོད་པར་གསོལ། །བསང་གི་མཆོད་པ་དམ་པ་འདི་བཞེས་ལ། །རྒྱང་ངེ་གཡེལ་ལེ་མ་མཛད་གདུང་སེམས་བསྐྱེད། །ཉིན་མཚན་དུས་དྲུག་རེ་བའི་ལྷ་ཁྱོད་སྐྱོངས། །ཁ་འཛིན་མགོན་སྐྱབས་དཔའ་ཡ་དཔུང་རོགས་མཛོད། །སྔོན་གྱི་དམ་ཚིག་གཉན་པོ་རྗེས་དགོངས་ལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི། །རྗེས་སུ་འཇུག་པའི་སྔགས་འཆང་རིག་འཛིན་དང་། །བསྟན་པ་མཆོད་པའི་སྦྱིན་བདག་རྗེ་འབངས་རྣམས། །མཐོ་མཐོའི་ཚོགས་རྣམས་དགུང་ལ་རེག་པ་དང་། །དམའ་དམའ་མ་ལུས་བུ་བཞིན་སྐྱོང་བར་མཛོད། །འཛམ་གླིང་བོད་ཀྱི་རྒྱལ་ཁམས་འདི་ཉིད་དུ། །ནད་མཚོན་མུ་གེ་བཙའ་སད་སེར་བ་སོགས། །མི་མཐུན་རིགས་རྣམས་ནམ་ཡང་མ་གཏོང་བར། །དུས་ཀུན་ཏུ་ནི་སྲུངས་ཤིང་སྐྱོབས་པར་མཛོད། །ཅེས་བརྗོད་ཕུད་སོགས་ཡོད་ན་མཆོད། བཛྲ་ས་མ་ཡ་གཙྪ། ཞེས་གཤེགས་སུ་གསོལ། བསླུ་མེད་སྐྱབས་མཆོག་གུ་རུ་པདྨ་ཡི། །གསུང་ཆོས་རྣམས་ལ་འོས་བསྒྱུར་བྱས་པ་འདི། །གཞི་བདག་དགྱེས་ཕྱིར་པདྨའི་མིང་ཅན་གྱིས། །ཟླ་རྒྱལ་འཕེན་པོའི་ཞོལ་དུ་བྲིས་པ་དགེ །

གནས་བདག་ནོར་བུ་གཡུལ་རྒྱལ་གྱི་བསང་མཆོད་ལྷ་ཡི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ།།

ཧཱུྃ་ཧྲཱིཿ སྔོན་དུས་གཡུང་དྲུང་བོན་གྱི་ལྷ་གཅིག་པུ། །རྒྱལ་བའི་དབང་པོ་པདྨ་ཀཱ་ར་ཡིས། །ཡུལ་ཕྱོགས་འདི་ཡི་གནས་ཀྱི་སྲུང་མར་བསྐོས། །དཀར་ཕྱོགས་དགེ་བའི་རྒྱལ་མཚན་སྲིད་རྩེར་བསྒྲེངས། །རྡོ་རྗེ་མགོར་བཞག་ལྕེ་ལ་བདུད་རྩི་བྱིན། །དམ་བཅའ་ཐ་ཚིག་རྡོ་རྗེའི་བྲོ་བོར་ཏེ། །རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང་། །ཇི་ལྟར་ཞལ་བཞེས་དམ་བཅའ་དྲན་མཛོད་ལ། །སྒྲུབ་པོ་རྣལ་འབྱོར་བདག་ལ་རྗེས་དགོངས་ཤིག །ཁྱེད་དང་མཐུན་པའི་དམ་རྫས་ཆེན་པོ་ནི། །རཾ་ལས་སྐྱེས་པའི་འབར་བའི་མེ་ནང་དུ། །ཤུག་པ་འོམ་བུ་བ་ལུ་སྤེན་མ་དང་། །ཉ་སྦྲིད་མཁན་པ་སྟག་པ་ལ་སོགས་པ། །བདུད་རྩིའི་ཤིང་ལྔ་རིན་ཆེན་རྣམ་པ་ལྔ། །དར་ཟབ་སྣ་ཚོགས་ཟ་འོག་རིགས་བྱེད་དང་། །ཕྱེ་མར་བསྲེགས་པས་དུད་པའི་སྤྲིན་གྱི་ཚོགས། །རབ་དཀར་ཆུ་འཛིན་དཀར་པོའི་དབྱིབས་ལྟ་བུ། །ཡིད་འོང་ལྷ་ལམ་ཡངས་པའི་ཞིང་ཀུན་ཁྱབ། །རིན་ཆེན་གཏེར་གྱི་བུམ་པ་བཟང་པོ་དང་། །དྲི་ཞིམ་སྨན་གྱིས་གཏམས་པའི་རིན་ཆེན་སྒྲོམ། །རྟ་དང་དྲེའུ་བ་ལང་མ་ཧེ་དང་། །མཛོ་གཡག་འབྲི་དང་འབྲོང་བུ་ཙ་ར་ལུག །ཤ་རྐྱང་ལ་སོགས་རྐང་བཞིའི་ཚོགས་རྣམས་དང་། །སྟག་གཟིག་དོམ་དྲེད་འཕར་སྤྱང་གཅན་གཟན་རིགས། །རྨ་བྱ་ཤང་ཤང་ནེ་ཙོ་རྒོད་དང་བཞད། །མཐིང་རིལ་ངུར་པ་ལ་སོགས་འདབ་ཆགས་ཚོགས། །ཆུ་སྲིན་རྒྱལ་པོ་དུང་སོགས་ཆུ་གནས་རིགས། །རྡོ་རྗེའི་ལྷ་མོ་རྒྱལ་སྲིད་རིན་ཆེན་བདུན། །བཀྲ་ཤིས་རྫས་རྟགས་ཉེ་བའི་རིན་ཆེན་བདུན། །གོ་ཁྲབ་གྲི་དང་རྨོག་རལ་མདའ་གཞུ་མདུང་། །ཞྭ་ལྷམ་གོས་དང་ཕོ་ཐང་མོ་ཐང་སོགས། །མདོར་ན་དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡིས། །མི་ཟད་ནམ་མཁའ་འཛོད་ཀྱི་འཁོར་ལོ་འདི། །ཕུལ་བས་བདག་ཅག་རིག་འཛིན་སྒྲུབ་པ་པོས། །མ་ཤེས་བག་མེད་སྤྱོད་པ་རྩིང་བ་ཡིས། །ཁྱད་པར་ས་གཉན་བརྐོས་དང་ཆུ་གཉན་དཀྲུགས། །རྡོ་གཉན་སློག་དང་ཤིང་གཉན་བཅད་པ་སོགས། །གནས་བདག་ཆེན་པོ་ཡབ་ཡུམ་སྲས་འཁོར་དང་། །བློན་པོ་རུ་འདྲེན་འཁོར་ཚོགས་དཔུང་དང་བཅས། །གཞན་ཡང་ཀླུ་གཉན་ས་བདག་ལ་སོགས་པ། །འགྲམ་འཁྲུགས་ཐུགས་དང་འགལ་བའི་ལས་གྱུར་རྣམས། །མི་གསང་མི་སྦེད་སྙིང་ནས་བཤགས་ལགས་ན། །སྒྲིབ་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །དེ་ལྟར་བསང་མཆོད་ཕུལ་བའི་བྱིན་རླབས་ཀྱིས། །ཡུལ་འདིར་ནད་མུག་མཚོན་འཁྲུགས་ཞི་བ་དང་། །འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སོགས། །རྣམ་པ་ཀུན་ཏུ་མིང་ཡང་མེད་པར་མཛོད། །བདག་ཅག་ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། །དབང་ཐང་རླུང་རྟ་སྙན་གྲགས་ཕྱོགས་བཅུར་སྒྲོགས། །ཟས་ནོར་ལོངས་སྤྱོད་ཡིད་ལ་གང་འདོད་པ། །མི་ཟད་ནམ་མཁའ་མཛོད་བཞིན་འཕེལ་བ་དང་། །འདུས་པའི་ཚོགས་རྣམས་དབྱར་གྱི་མཚོ་ལྟར་རྒྱས། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །མི་ནོར་ཟས་གསུམ་དབང་དུ་འདུ་བར་མཛོད། །ཁྱད་པར་བདག་ལ་བསམ་ངན་སྦྱོར་རྩུབ་མཁན། །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་ཕོད་དུ་བཙུག་པའི་དགྲ་བོ་རྣམས། །ལོ་ཟླ་ཞག་དང་ཟ་མར་མ་བཞག་ལ། །མཐུ་སྟོབས་མངོན་སྤྱོད་དྲག་པོས་ཚར་ཆོད་ཅིག །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །ལྷ་མཆོག་ཁྱེད་ཀྱིས་སྡོང་གྲོགས་མ་གཡེལ་ཞིག །ཅེས་ནོར་བུ་གཡུལ་རྒྱལ་བསང་མཆོད་འདི་ནི་ལྕགས་མོ་བྱ་ལོར་འདུ་ཁང་གསར་རྙིང་དང་། །དུང་འཁོར་བཞེངས་སྐབས་ཆེད་དུ་དམིགས་ཏེ། ཟླ་༧ཚེས་༧བཟང་པོར་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།

དཔྱལ་བྲག་བསང་མཆོད་རྐྱེན་ངན་ཀུན་སེལ་བཞུགས།།

ཧཱུྃ་ཧྲཱིཿ སྔོན་ཚེ་ཤྲཱི་སེང་པདྨ་ཐོད་ཕྲེང་དང་། །བཱི་མ་མི་ཏྲ་ཡེ་ཤེས་མཚོ་རྒྱལ་སོགས། །ལས་ཅན་དག་པའི་རྗེ་འབངས་ཚོགས་རྣམས་ཀྱིས། །སྣང་སྲིད་ར་ས་ཡ་ནར་བྱིན་བརླབས་པའི། །རུ་དམ་དཔལ་གྱི་ཆོས་འཁོར་ཆེན་པོ་ཡི། །བྱང་ཕྱོགས་སྐྱོང་བའི་གནས་ཀྱི་སྒོ་སྲུང་བ། །བྲག་དཀར་ལྷུན་སྡུག་རིན་ཆེན་སྤུངས་འདྲ་བའི། །རིན་ཆེན་གཞལ་ཡས་ཕོ་བྲང་ཆེན་པོའི་དབུས། །ལྕམ་མོ་ཆེན་མོ་སྨན་བཙུན་གཞོན་ནུ་མ། །བཅུ་དྲུག་ཡིད་འོང་ལྷ་ཡི་བུ་མོའི་ཚུལ། །མིང་པོ་ལྷ་ཡི་དགེ་བསྙེན་དྲག་པོ་རྩལ། །སྐུ་མདོག་སྨུག་པོ་དུང་གི་རྣ་ཆ་ཅན། །བེར་སྨུག་གསོལ་ཞིང་རྟ་དཀར་དུང་གཤོག་ཆིབས། །ལྕམ་བྲལ་རྣམ་གཉིས་འཁོར་དང་ཡང་འཁོར་བཅས། །སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ། །གློག་ལྟར་མྱུར་བའི་སྟོབས་ཀྱིས་འདིར་གཤེགས་ལ། །འབྱུང་ལྔ་རྣམ་དག་ཡུམ་ལྔའི་རང་བཞིན་ལས། །སྨན་མཆོག་འབྲས་བཟང་ཤིང་རྩི་སྣ་ཚོགས་པ། །བསྲེགས་པའི་དུད་སྤྲིན་ཕྱོགས་བཅུར་ཀུན་ཏུ་ཁྱབ། །པཉྩ་ཨ་མྲྀ་ཏ་དང་རཀྟ་བསྐྱིལ། །བྷ་ལིང་དཀར་དམར་ལོངས་སྤྱོད་མཐུན་པའི་རྫས། །དངོས་བཤམས་ཡིད་སྤྲུལ་དཔག་མེད་མཆོད་རྫས་ཀུན། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ནས་ཀྱང་། །ངོ་འཚར་འདོད་ཡོན་སྤྲིན་ཕུང་བསམ་མི་ཁྱབ། །གང་ལ་གང་བཞེད་དེ་དང་དེར་སྣང་བ། །ཁྱོད་ཐུགས་རྟག་ཏུ་དགྱེས་ཤིང་ཚིམ་གྱུར་ཅིག །སྔོན་ཚེ་རིག་འཛིན་བླ་མའི་ཚོགས་རྣམས་ཀྱི། །རྡོ་རྗེའི་གཡར་དམ་གཉན་པོ་རྗེས་དགོངས་ཏེ། །ཡུལ་ཕྱོགས་འདི་དང་དགོན་གནས་འདི་ཉིད་དང་། །ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །བར་ཆད་རྐྱེན་གྱིས་འཚེ་བ་ཅི་བྱུང་ཡང་། །ལྕམ་དྲལ་རྣམ་གཉིས་ཐུགས་དམ་མ་གཡེལ་བར། །དམིགས་མེད་ཀ་ནས་དག་པའི་ཕྲིན་ལས་མཛོད། །ནད་མུག་མཚོན་འཁྲུགས་གནོད་པ་ཀུན་ཞི་ཞིང་། །མངོན་མཐོའི་ཚེ་གཡང་དཔལ་འབྱོར་རྒྱས་པ་དང་། །སྐྱེ་འགྲོ་ཕོ་མོ་ཐམས་ཅད་དབང་འདུས་ནས། །ལོག་འདྲེན་དགྲ་བགེགས་མ་ལུས་རྡུལ་དུ་རློག །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །དགེ་ལེགས་སྣང་བས་ས་སྟེང་ཁྱབ་གྱུར་ཅིག །ཅེས་པ་འདིའང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེའོ། །བཀྲ་ཤིས། མངྒ་ལམ།

ལྕམ་མོ་དྲལ་པོ་གཉིས་ཀྱི་བསང་བསྡུས་བཞུགས་སོ།།

ཀྱཻ། ཡུལ་ཕྱོགས་འདི་ཡི་ཟོ་དོར་ཚུལ་འཛིན་པ། །ལྕམ་མོ་ཆེན་མོ་སྨན་བཙུན་གཞོན་ནུའི་ཚུལ། །མིང་པོ་ལྷ་ཡི་དགེ་བསྙེན་དྲག་པོ་རྩལ། །བཀའ་ཉན་འཁོར་གཡོག་འབུམ་ཕྲག་ཡངས་པའི་ཚོགས། །བསང་མཆོད་ནམ་མཁའ་མཛོད་ཀྱི་འཁོར་ལོ་འདིས། །ལྕམ་དྲལ་འཁོར་བཅས་མཉེས་ཤིང་ཚིམ་གྱིས་ལ། །ཡུལ་འདིའི་ནད་མུག་འཁྲུགས་རྩོད་ཀུན་ཞི་ཞིང་། །རྟག་ཏུ་བདེ་དགའི་དཔལ་ལ་སྤྱོད་པ་དང་། །བདག་གི་འདོད་དོན་ཡིད་བཞིན་འགྲུབ་པ་ལ། །ལྷ་མཆོག་ཁྱོད་ཀྱིས་སྡོང་གྲོགས་མ་གཡེལ་ཞིག །ཅེས་པའང་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་སྨྲས་པའོ། །སརྦ་མངྒ་ལཾ། །

བསང་མཆོད་བསྡུས་པ་བྱིན་རླབས་སྤྲིན་ཕུང་ལས།

འགོ་བའི་ལྷ་ལྔ་རླུང་རྟ་སྤར་སྨེ་རྟ་ནོར་ལུག་བསང་གཅན་གཟན་ཁ་ཆིངས་བཅས་ཀྱི་བསང་བསྡུས་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

བཻ། ནོར་ལྷའི་རྒྱལ་པོ་གནོད་སྦྱིན་ཛམ་བྷ་ལ། །ནོར་ལྷ་ཕོ་དགུ་མོ་དགུ་འཁོར་དང་བཅས། །རྣམ་སྲས་རིགས་ལྔ་ལྷ་མོ་ནོར་རྒྱུན་མ། །གཞན་ཡང་ནོར་ལ་འགོ་ཞིང་སྐྱོབ་མཛད་པའི། །ནོར་སྐྱོང་བྱེ་བ་འབུམ་གྱི་ཚོགས་བཅས་ལ། །གཙང་སྦྱར་བསང་མཆོད་དམ་པ་ཕུལ་བ་ཡིས། །རྟག་ཏུ་ནོར་ཕྱུགས་འཕེལ་ཞིང་རྒྱས་པ་དང་། །ནོར་ལ་འཚེ་བའི་ནད་ཡམས་མཐའ་དག་ཀུན། །ཀུན་ནས་ཞི་ཞིང་བཀྲ་ཤིས་བདེ་ལེགས་སྩོལ། །ཅེས་པ་ཡང་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་སོ། །

ཞབས་ཆེན་བསང་བཞུགས།

དྷཱིཿ གནས་བཟང་ཞབས་ཆེན་ཞབས་ཆུང་རྩ་བ་གསུམ། །དཔའ་བོ་མཁའ་འགྲོ་བྱེ་བ་ས་ཡ་བཞུགས། །དམ་རྫས་བསང་གི་མཆོད་པས་དགྱེས་ཚིམ་མཛོད། །གངས་ལྗོངས་སྤྱི་ལ་ནད་མུག་འཁྲུགས་རྩོད་སོགས། །ཞི་ཞིང་དགེ་བཅུ་གོང་འཕེལ་ཚོགས་གཉིས་རྫོགས། །མཐར་ཐུག་རྣམ་མཁྱེན་བྱང་ཆུབ་ཐོབ་པར་ཤོག །རྫོགས་སྤྲུལ་ལྔ་བས་སོ། །

རྡོ་རྗེ་ཆོས་སྐྱོང་རྣམས་ཀྱི་གསེར་སྐྱེམས་རྒྱས་པ་དམ་ཅན་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ།།

ཧཱུྃ གདོད་ནས་སྤྲོས་བྲལ་ནམ་མཁའ་ལྟ་བུ་སྟེ། །ངོ་བོ་སྟོང་པ་ཆོས་སྐུའི་རང་བཞིན་ལ། །འགགས་མེད་སྣང་སྟོང་ཆུ་ཟླ་ལྟ་བུའི་ཚུལ། །མཐུ་སྟོབས་དབང་ཕྱུག་དམ་ཅན་རྒྱ་མཚོའི་ཚོགས། །ཕྲིན་ལས་རྣམ་བཞིའི་རོལ་གར་ཅིར་ཡང་སྟོན། །ལ་ལ་ཞི་དང་ལ་ལ་ཁྲོ་བོའི་ཚུལ། །ལ་ལ་སྒེག་ཅིང་ལ་ལ་ཆགས་པའི་ཉམས། །ལ་ལ་གཏུམ་ཞིང་ལ་ལ་གཤེ་བའི་ཚུལ། །དམ་རྫས་གསེར་སྐྱེམས་མཆོད་པ་བཞེས་སླད་དུ། །དམ་ལྡན་རིག་འཛིན་བདག་ཅག་ཚོགས་རྣམས་ཀྱིས། །དད་དང་དམ་ཚིག་དབང་གིས་འབོད་པའི་ཚེ། །ནམ་མཁའི་དབྱིངས་ནས་གློག་ཕྲེང་གཡོ་བ་བཞིན། །སྐུ་ཡི་གར་གྱིས་སྲིད་གསུམ་གཡོ་ཞིང་འདར། །གསུང་གི་ང་རོས་བགེགས་དཔུང་ཐལ་བར་བརླག །ཐུགས་ནི་སྙིང་རྗེའི་དབྱིངས་ལས་མ་གཡོས་ཀྱང་། །སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་ནས་ཀྱང། །སོ་སོར་དགྱེས་པའི་གདན་ལ་བཞུགས་ནས་ནི། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ། གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །རྟ་མཆོག་རྒྱལ་པོ་གནམ་ལྕགས་རལ་བ་ཅན། །རལ་བའི་གསེབ་ནས་ཁྲོ་ཆུང་སྤྲུལ་པ་འགྱེད། །དྲེགས་པ་སྡེ་བརྒྱད་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་འཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །རྒྱལ་བའི་བཀའ་སྡོད་ལེགས་ལྡན་ཚོགས་ཀྱི་བདག །གསང་བའི་ཡུམ་ཆེན་ཀྲོ་ཏི་ཤྭ་རི་མ། །འཁོར་ཚོགས་དྲེགས་པའི་དམག་དཔུང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །བདུད་དཔུང་འདུལ་མཛད་མ་ཧཱ་ཀཱ་ལའི་གཙོ། །དྲག་པོའི་ཤུགས་འཆང་དཔལ་མགོན་མ་ནིང་ནག །དཔལ་འབར་ཡུམ་དང་དྲེགས་པ་སྡེ་བརྒྱད་ཚོགས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །དགྲ་བླའི་རྒྱལ་པོ་དཔལ་མགོན་ཚོགས་ཀྱི་བདག །གསང་བའི་ཡུམ་ཆེན་ཡཀྴ་བེེ་ཏ་ལི། །སྐུ་གསུང་ཐུགས་མགོན་སྤྲུལ་འཁོར་ལྷ་དམག་ཚོགས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ཡུམ་ཆེན་ལྷ་མོ་མ་མོ་ཙནྟ་ཀ།ལས་མགོན་བྱ་ཞོན་ལ་སོགས་འཁོར་དང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །དྲེགས་པའི་ཡོངས་རྗེ་བདུད་འདུལ་སེང་གེའི་གདོང་། །ཡུམ་ཆེན་བདུད་མོ་དམར་ནག་ཁྲག་རལ་ཅན། །ལས་བྱེད་དུས་མཚན་ཕོ་མོ་རྣམ་གཉིས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །འབུམ་ཕྲག་མཁའ་འགྲོ་ཡོངས་ལ་དབང་བསྒྱུར་ཞིང་། །ཤིན་ཏུ་མཛེས་པ་ལྷ་ཡི་བུ་མོའི་ཚུལ། །གཏེར་སྲུང་ཡང་མ་ཆེན་མོ་སྐྱིན་གདོང་མ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །དབྱིངས་ཀྱི་རྒྱལ་མོ་ཨེ་ཀ་ཙ་ཏི་མ། །ཡེ་ཤེས་ལས་དང་འཇིག་རྟེན་མཁའ་འགྲོའི་གཙོ། །བདུན་འབུམ་འཁོར་གྱི་ཚོགས་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །འདོད་པ་ཁམས་ལ་དབང་བསྒྱུར་མཐུ་མོ་ཆེ། །དམ་ཉམས་དགྲ་བོའི་སྲོག་ལ་ རྔམས་མཛད་པའི། །སྔགས་ཀྱི་བདག་མོ་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །སྣང་སྲིད་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་ནི། །དཔལ་ལྡན་ལྷ་མོ་རྡོ་རྗེ་གཤོག་རྒོད་མ། །འཁོར་གཡོག་སྤྲུལ་དང་ཡང་སྤྲུལ་ཚོགས་རྣམས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །དུས་བཞི་ཡོངས་ལ་དབང་བསྒྱུར་མཐུ་མོ་ཆེ། །མ་གཅིག་ཤན་པ་སྲོག་སྒྲུབ་ནག་མོ་ནི། །ཡེ་ཤེས་འཇིག་རྟེན་མཁའ་འགྲོའི་ཚོགས་རྣམས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །བོད་ཁམས་སྐྱོང་བའི་མ་ཡམ་བརྟན་མའི་ཚོགས། །བདུད་དང་གནོད་སྦྱིན་སྨན་མོའི་ཚོགས་དང་བཅས། །རང་རང་བྲན་དང་གཡོག་འཁོར་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །རིག་འཛིན་དཔའ་བོ་ཡོངས་ཀྱི་སྲིང་གཅིག་མ། །སྨན་བཙུན་ཆེན་མོ་བཀྲ་ཤིས་ཚེ་རིང་མ། །འཁོར་གྱི་ལྷ་མོ་ཆེན་མོ་བཞི་རྣམས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །རིག་འཛིན་དཔའ་བོ་ཡོངས་ཀྱི་སྲིང་གཅིག་མ། །རྒྱལ་བའི་ཡུམ་ཆེན་བོད་སྐྱོང་བརྟན་མའི་གཙོ། །རྡོ་རྗེ་གཡུ་སྒྲོན་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ཁམས་གསུམ་སྲིད་པ་ཡོངས་ཀྱི་མངའ་བདག་པོ། །དབང་ཕྱུག་ཆེན་པོ་མ་ཧཱ་དེ་ཝ་དང་། །ཨུ་མ་དེ་ཝ་ལྷ་མོ་བཞི་རྣམས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །རྒྱལ་བའི་བཀའ་སྡོད་ཁྱབ་འཇུག་ར་ཧུ་ལ། །གསང་བའི་ཡུམ་ཆེན་རྡོ་རྗེ་གློག་འགྱུ་མ། །སྤྲུལ་པའི་གཟའ་བརྒྱད་གདོང་མོ་རྣམ་བཞི་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །འཛམ་གླིང་གནམ་ས་ཕྱེད་ཀྱི་བདག་པོ་ནི། །སྐྱེས་མཆོག་དགྲ་ལྷའི་རྒྱལ་པོ་རྡོ་རྗེ་ལེགས། །མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་ཚོགས་བཅས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ར་ཞོན་དམ་ཅན་རྡོ་རྗེ་དགྲ་འཇོམས་རྩལ། །ཐུགས་ཀྱི་དགྱེས་སྡེ་ཤ་མེད་གངས་དཀར་མ། །ཁ་རག་ཁྱུང་བཙན་སྤྲུལ་པ་སུམ་བརྒྱའི་ཚོགས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ཟབ་གཏེར་བསྟན་པ་སྲུང་བའི་མཐུ་རྩལ་ཅན། །ལྷ་བཙན་ཆེན་པོ་ཇོ་བོ་རྡོ་རྗེ་འབར། །འཁོར་གྱི་བཙན་རྒོད་སྟོང་སྡེའི་ཚོགས་དང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །རྣམ་མང་ནོར་བདག་དགེ་བསྙེན་ཚུལ་འཛིན་པ། །གསང་བའི་ཡུམ་ཆེན་ལྷ་མོ་ཀོང་བཙུན་མ། །འཛམ་ལྷ་མཆེད་བརྒྱད་དགེ་བསྙེན་ཉེར་གཅིག་སོགས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །གནས་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་རྗེ། ཕྱི་ལྟར་རིག་འཛིན་ལྷ་མོ་རལ་གཅིག་མ། །ནང་ལྟར་ཌཱ་ཀི་ཤ་ཟ་ཁ་མོ་ཆེ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ཕྱི་ལྟར་རྒྱལ་ཆེན་རྣམ་སྲས་མདུང་དམར་ཅན། །ནང་ལྟར་རབ་ཁྲོས་ཤན་པ་དམར་ནག་སྐུ། གསང་བ་གཟའ་རྒོད་དྲག་པོ་མིག་དམར་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ཕྱི་ལྟར་ཀླུ་བཙན་འབར་བ་སྤུན་བདུན་དང་། །ནང་ལྟར་དགེ་བསྙེན་ཆེན་པོ་མཆེད་བདུན་དང་། །གསང་བ་གནོད་སྦྱིན་རྒྱལ་པོ་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །དཔལ་ཆེན་རྡོ་རྗེ་ཕུར་བའི་སྲུང་མ་ནི། །ཤྭ་ན་བཞི་དང་རེ་ཏི་མཆེད་བཞི་དང་། །བསེ་མོ་བཞི་དང་གིང་བཞི་དབང་ཕྱུག་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །སྲིད་གསུམ་དྲེགས་པའི་གཙོ་བོ་མཐུ་ཆེན་པོ། །ཀི་ལ་ཡ་ཡི་ཟབ་གཏེར་སྐྱོང་མཛད་པའི། །དགེ་བསྙེན་ཆེན་པོ་རྡོ་རྗེ་དྲག་པོ་རྩལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །སྲིད་གསུམ་སྐྱེ་འགྲོའི་སྲོག་ལ་ རྔམས་མཛད་པའི། །དྲེགས་པའི་གཙུག་རྒྱན་གནོད་སྦྱིན་ཙིའུ་དམར། །རོལ་བ་རྐྱ་བདུན་རུ་འདྲེན་སྡེ་བཞིའི་ཚོགས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །རིགས་ལྔའི་རྣམ་འཕྲུལ་རྒྱལ་ཆེན་སྐུ་ལྔ་དང་། །སྤྲུལ་པ་ལྔ་དང་ཡུམ་ལྔ་བློན་པོ་ལྔ། །རུ་འདྲེན་སྡེ་བཞི་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །སྐུ་ཡི་རྒྱལ་པོ་དགྲ་བཅོམ་གཞོན་ནུ་དང་། །གསང་བའི་ཡུམ་ཆེན་བདུད་མོ་རོ་ལངས་མ། །བཀའ་ཡི་བློན་པོ་བྱ་ཁྲི་མིག་གཅིག་པོ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །གསུང་གི་བློན་པོ་རྡོ་རྗེ་གྲགས་ལྡན་རྒྱལ། །གསང་བའི་ཡུམ་ཆེན་གཟི་བརྗིད་ཆེན་མོ་དང་། །སྤྲུལ་པའི་བློན་པོ་རུ་འདྲེན་སྡེ་ཚོགས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀའི། །བཀའ་སྡོད་ནག་ཕྱོགས་ཡོངས་ཀྱི་གཤེད་མ་ཆེ། །གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །རྣམ་མང་ཐོས་སྲས་གསང་ཡུམ་རིགས་བཞི་དང་། །རྣམ་སྲས་རིགས་བཞི་ཛམ་ལྷ་རྟ་བདག་བརྒྱད། །ཀླུ་ཆེན་བརྒྱད་དང་སྒོ་སྐྱོང་རྣམ་པ་བཞི། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །རྒྱལ་ཀུན་གསུང་གི་དབང་ཕྱུག་ནོར་བདག་ཚུལ། །དབང་གི་ཕྲིན་ལས་མ་ལུས་མངོན་གྱུར་པ། །དབུལ་བའི་གདུང་སེལ་ཛམ་ལྷ་དམར་པོ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །རྟ་ལྷའི་རྒྱལ་པོ་ཨརྱ་རེ་མནྟ། །རང་འདྲ་ལྔ་བརྒྱའི་འཁོར་དང་དཔའ་རབ་འཆང་། །མ་ཧཱ་ཀ་ལ་གང་བ་བཟང་པོ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ཕྱི་ལྟར་སྐུ་ལྷ་རྡོ་རྗེ་འབར་བ་རྩལ། །ནང་ལྟར་དྲི་ཟའི་རྒྱལ་པོ་ཞེས་སུ་གྲགས། །གསང་བ་ཡར་ཞུར་གཉན་གྱི་རྒྱལ་པོ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །བོད་ཁམས་སྐྱོང་བའི་ཡུལ་ལྷ་ཟོ་དོར་གཙོ། །ལྷ་ཡི་སྡེ་དཔོན་རྡོ་རྗེ་གཡུང་དྲུང་རྩལ། །ང་འདྲ་མོ་ནམ་གཙང་དཀར་ལ་སོགས་པ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །སྔོན་ཚེ་པདྨའི་མཚན་ཅན་སྤྱན་སྔ་རུ། །རྫོགས་ཆེན་གསེར་རིའི་ཕྲེང་བ་རིམ་བྱོན་གྱི། །དཀོར་བདག་ཚུལ་འཛིན་ཞལ་བཞེས་ཐ་ཚིག་ཅན། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ཨོ་རྒྱན་བསམ་བསྟན་ཆོས་གླིང་ཆོས་གྲྭ་འདིར། །བསྟན་པའི་ཉི་མ་ཕྱོགས་བཅུར་རྒྱས་མཛད་པའི། །གནས་བདག་ནོར་བུ་གཡུལ་རྒྱལ་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ཆིབས་བཞིའི་མངའ་བདག་གནས་བརྒྱད་ཡུལ་ལྷའི་གཙོ། །གཏེར་སྲུང་ཆེན་པོ་མཐུ་ཆེན་དྲག་རྩལ་ཅན། །སྙོན་ཁ་ནག་པོ་ཏི་པ་ར་ཛ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །འཇིག་རྟེན་མཆོད་བསྟོད་བཀའ་ཡི་འཁོར་ཡུག་ན། །གནས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་དང་། །འཁོར་ཚོགས་ལྷ་སྲིན་སྡེ་བརྒྱད་ཚོགས་བཅས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །དུར་ཁྲོད་གནས་ཉུལ་མ་མོ་ཀུན་གྱི་གཙོ། །དཀོར་ནོར་ཀུན་བདག་རྣལ་འབྱོར་མེལ་ཚེས་སྐྱོང་། །ཞིང་སྐྱོང་དུར་ཁྲོད་ལྷ་མོ་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ཁམས་གསུམ་སྲིད་གསུམ་ཁྲམ་ལ་འདེབས་མཛད་ཅིང་། །སྐྱེ་འགྲོའི་སྲོག་ལ་མངའ་མཛད་དྲག་རྩལ་ཅན། །ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་འདིས། །མ་རུང་གདོན་བགེགས་འབྱུང་པོའི་ཚོགས་རྣམས་ལ། །སྲིད་པ་མ་མོའི་དལ་ཡམས་འབེབས་མཛད་པ། །མཁའ་འགྲོའི་གཙོ་མོ་སྤྱང་ཞོན་མཆེད་གསུམ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ཞི་བྱེད་གཅོད་ཡུལ་བསྟན་པ་སྲུང་མཛད་པ། །ལོག་འདྲེན་གདུག་པའི་དགྲ་བགེགས་ཀུན་གྱི་གཤེད། །ཟངས་རི་བཙན་རྒོད་འཁོར་དང་བཅས་པ་ལ། གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །རྣམ་མང་ནོར་འཛིན་དངོས་གྲུབ་ཀུན་གྱི་བདག །སྒྲུབ་ལ་ལོངས་སྤྱོད་དངོས་གྲུབ་སྩོལ་མཛད་པའི། །ནོར་བདག་ཀླུ་མོ་ཆེན་མོ་གཟི་འབར་མ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །སྔོན་ཚེ་བྱང་ཆུབ་སེམས་དཔའི་སར་གནས་ཀྱང་། །འགྲོ་བའི་དོན་དུ་ཡུལ་ལྷའི་ཚུལ་བཟུང་བ། །རྨ་རྒྱལ་སྤོམ་ར་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །སྔོན་ཚེ་བདེ་གཤེགས་སྨན་པའི་རྒྱལ་པོ་ཡིས། །འཚོ་བྱེད་སྨན་གྱི་སྲུང་མར་བཀའ་བསྒོས་པའི། །སྨན་བཙུན་ལྷ་སྨན་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ཕྱི་ལྟར་ཞང་བློན་རྡོ་རྗེ་བདུད་འདུལ་དང་། །ནང་ལྟར་གནོད་སྦྱིན་ཡོངས་ཀྱི་དེད་དཔོན་མཆོག །གསང་བ་གཏེར་གྱི་སྲུང་མ་ཁོལ་པོ་ཁ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ཕ་རོལ་བྱད་ཁ་རྦོད་གཏོང་ཕྲ་མ་མཁན། །འདུལ་བའི་ཁྲོ་རྒྱལ་མཆོག་ཏུ་མངའ་གསོལ་བ། །དཔལ་གྱི་བཀའ་སྡོད་བྱ་རོག་གདོང་ཅན་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ཨོ་རྒྱན་སློབ་དཔོན་པདྨ་སཾ་བྷ་ཝའི། །བསྟན་པ་སྲུང་ཞིང་བསྟན་འཛིན་སྐྱོང་མཛད་པའི། །གཉན་ཆེན་རྒྱལ་བ་ཐོད་དཀར་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ཁམས་གསུམ་སྐྱེ་འགྲོའི་སྲོག་ལ་རྔམས་མཛད་པའི། །མཁའ་འགྲོ་ཀུན་གྱི་གཙོ་མོའི་གཟུགས་འཆང་བ། །འབར་མ་བྱ་ཞོན་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །མཐུ་ཆེན་བདུད་ཀྱི་རྒྱལ་པོའི་འཁོར་ཚོགས་དང་། །བཙན་རྒྱལ་ཡམ་ཤུད་དམར་པོ་འཁོར་དང་བཅས། །ནོར་འཛིན་ཀླུ་ཡི་རྒྱལ་པོ་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །སྲིད་པ་གསུམ་གྱི་སྲོག་གི་བདག་མོ་ནི། །མཁའ་ལ་འགྲོ་ཞིང་སྣ་ཚོགས་རྫུ་འཕྲུལ་སྟོན། །གཏེར་སྲུང་ལྷ་མོ་ཆེན་མོ་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །འཇིག་རྟེན་ལས་ཀྱི་མ་མོ་ཆེན་མོ་ནི། །ཁྲག་གི་རལ་བ་དམར་པོས་ས་སྟེང་ཁྱབ། །མ་མོ་ཆེན་མོ་ཁྲག་རལ་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །གསོ་རིག་སྨན་གྱི་བསྟན་པ་སྲུང་བ་དང་། །རྣལ་འབྱོར་ཡོངས་ཀྱི་དཔལ་མགོན་དགྲ་ལྷ་ཆེ། །ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ཀླུ་གཉན་ས་བདག་འདུལ་བའི་ལྷ་གཅིག་པུ། །ཁྲོ་རྒྱལ་ཡོངས་ཀྱི་ཆེ་བཙན་ཧེ་རུ་ཀ །དཔལ་ཆེན་ཁྲོ་རྒྱལ་ནཱ་ག་རཀྴ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །འཇམ་དཔལ་དབྱངས་དངོས་ཁྲི་སྲོང་ལྡེའུ་བཙན་གྱི། །སྐུ་ལྷ་གེ་སར་ནོར་བུ་དགྲ་འདུལ་རྩལ། །དུང་སྨན་ཡུམ་སོགས་དཔའ་ཐུལ་སུམ་ཅུ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་རིན་པོ་ཆེ། །སྟག་སེང་ཁྱུང་འབྲུག་རླུང་རྟ་བསྐྱེད་པའི་ལྷ། །ཕྱག་བརྙན་སྤྲུལ་པ་ཡང་སྤྲུལ་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ཁྱད་པར་བདག་ལ་འགོ་ཞིང་སྐྱོབ་པའི་ལྷ། །ཆོས་སྐྱོང་སྲུང་མ་དགྲ་བླ་ཝེར་མའི་ཚོགས། །གནས་ཡུལ་གཞི་བདག་དཀར་ཕྱོགས་སྐྱོང་རྣམས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །དྲི་ཞིམ་རྒྱ་ཇ་ངད་ལྡན་བཏུང་བའི་རྒྱུན། །ཡིད་འོང་མཚམས་སྤྲིན་ཞུན་མའི་མདངས་འཛིན་པ། །འཆི་མེད་ལྷ་ཡི་བདུད་རྩི་རོ་བརྒྱ་ལྡན། །ཆུ་གཏེར་འཁྲུགས་པའི་རྦ་རླབས་གཡོ་བ་ཡི། །འདོད་པའི་ཡོན་ཏན་ལྔ་ཡི་འོད་ཟེར་ནི། །སྟེང་འོག་ཕྱོགས་བཅུར་ཀུན་ཏུ་འཁྲིགས་པ་འདིས། །མཐུ་ཆེན་བསྲུང་མའི་དབང་པོ་འཁོར་བཅས་མཆོད། །རོ་བརྒྱའི་དཔལ་འཛིན་འབྲུ་རིགས་སྣ་ཚོགས་ཀྱི། །བཅུད་ལྡན་བཏུང་བ་ཟླ་བའི་མདངས་ལྡན་པ། །དམ་ཚིག་རྫས་མཆོག་རྨད་དུ་བྱུང་བའི་རྫས། །འཆི་མེད་ཡེ་ཤེས་བདུད་རྩིར་བྱིན་རླབས་པ། །ལྷ་ཚོགས་དགྱེས་ཤིང་ནུས་སྟོབས་བསྐྱེད་པའི་རྫས། །མ་དཱ་ན་ཡི་ཕུད་ཀྱི་མཆོད་པ་འདི། །སྲུང་མའི་དབང་པོ་འཁོར་དང་བཅས་ལ་འབུལ། །ཉམས་པ་བསྒྲལ་བའི་སྙིང་གི་ཁྲག་ཆེན་པོ། །དམར་ཆེན་ཁྲག་གི་རྦ་ཀློང་འཁྲུགས་པ་ལས། །རྔམས་བརྗིད་དྲག་པོའི་མཆོད་པའི་སྤྲིན་ཕུང་ནི། །གདུག་པའི་མེ་ཡི་ཚྭ་ཚྭ་ཐོ་རོ་རོ། །གཏུམ་དྲག་འཁྲུགས་པའི་འོད་ཟེར་ཕྱོགས་བཅུར་འཕྲོ། །ནམ་མཁའ་བར་སྣང་ས་གཞི་ཀུན་ཏུ་ཁྱབ། །མཐུ་ཆེན་སྲུང་མའི་དབང་པོ་འཁོར་བཅས་མཆོད། །བདུད་རྩི་གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །སྔར་བཅོལ་ལས་ཀྱི་གཏང་རག་གཉན་པོ་དང་། །སླད་ནས་སྔོན་གྱི་ཐ་ཚིག་རྗེས་དགོངས་ལ། །གཡེལ་བ་མེད་པར་ཉིན་མཚན་དུས་དྲུག་ཏུ། རྣམ་བཞིའི་ཕྲིན་ལས་དངོས་གྲུབ་སྩོལ་མཛད་པ། །བདག་ཅག་ནད་རིགས་བཞི་བརྒྱ་རྩ་བཞི་དང་། །གདོན་དང་བགེགས་རིགས་སྟོང་ཕྲག་བརྒྱད་བཅུའི་ཚོགས། །རྨིས་ལྟས་མཚན་མ་ངན་པ་ཀུན་ཞི་ཞིང་། །ལོ་སྐག་ཟླ་སྐག་ཐན་ལྟས་ངན་པའི་རིགས། །དུས་མིན་འཆི་བའི་འཇིགས་པ་ཞི་བ་དང་། །བར་ཆད་རྐྱེན་གེགས་སྣ་ཚོགས་ཅི་བྱུང་ཡང་། །ཐུགས་རྗེའི་སྟོབས་ཀྱིས་ཞི་བའི་ཕྲིན་ལས་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་ཕུན་སུམ་ཚོགས། །ལོངས་སྤྱོད་ནམ་མཁའ་མཛོད་ལ་དབང་འབྱོར་ཞིང་། །སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དང་། །ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོ་ཡི། །རིང་ལུགས་ཕྱོགས་བཅུ་ཀུན་ཏུ་རྒྱས་པ་དང་། །རྣམ་དག་ཚུལ་ཁྲིམས་བསླབ་པས་རྒྱུད་གྲོལ་ཞིང་། །རིག་གྲོལ་གཉིས་ལྡན་འཕགས་པའི་དགེ་འདུན་ཚོགས། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །སྲིད་གསུམ་འདི་ན་ཆེ་བཙན་འགྲན་ཟླ་བྲལ། །ལྷ་དང་ལྷ་མིན་སྡེ་བརྒྱད་དྲེགས་པའི་ཚོགས། །རྒྱལ་བློན་རྗེ་འབངས་བྲན་དང་གཡོག་འཁོར་བཅས། །ལྷ་དང་མི་ཡི་ནོར་དང་ལོངས་སྤྱོད་ཚོགས། །བློ་གྲོས་རབ་འཕེལ་དཔའ་བོའི་སྟོབས་རྩལ་དང་། །རྒྱལ་དང་རྒྱལ་སྲས་ཐུགས་རྗེའི་བྱིན་རླབས་རྣམས། །མདོར་ན་སྲིད་གསུམ་དབང་དུ་འདུ་བར་མཛོད། །སྔ་འགྱུར་བསྟན་དང་བསྟན་འཛིན་སྐྱེས་བུ་ལ། །གནོད་ཅིང་འཚེ་བར་བྱེད་པའི་དགྲ་བོའི་དཔུང་། །ནང་འཁྲུགས་ནང་དམེ་བྱེད་པའི་གང་ཟག་རིགས། །དབྱེན་བཅུག་ཕྲ་མ་མཁན་གྱི་ཚོགས་རྣམས་དང་། །སྨྲ་ལྕེ་མི་ཁ་གླེང་བར་བྱེད་པ་ཡི། །ངན་སྔགས་དུག་སྦྱོར་ཤོམས་པའི་གང་ཟག་རྣམས། །སྙིང་རྗེ་ཆེན་པོའི་ཤུགས་དང་མ་བྲལ་བའི། །མངོན་སྤྱོད་དྲག་པོས་སྒྲོལ་བའི་ཕྲིན་ལས་མཛོད། །མདོར་ན་བདག་ཅག་དཔོན་སློབ་འཁོར་དང་བཅས། །གཞི་བྱེས་ལམ་གསུམ་གང་དུ་སྡོད་གྱུར་ཀྱང་། །མཐུ་སྟོབས་དབང་ཕྱུག་སྲུང་མའི་ཚོགས་རྣམས་ཀྱིས། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་ཡིས། །དུས་རྣམས་ཀུན་ཏུ་སྲུང་ཞིང་སྐྱོང་བ་དང་། །གང་འདོད་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་པར། །མཐུ་སྟོབས་དབང་ཕྱུག་དམ་ཅན་ལྕམ་དྲལ་སོགས། །བདག་ཅག་ཚེ་རབས་འཁོར་བ་གར་སྐྱེས་ཀྱང་། །མི་འབྲལ་རྩེ་གཅིག་འགྲོགས་པའི་བྱིན་རླབས་ཀྱིས། །བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པའི་ཚོགས། །མིང་ཙམ་མེད་པར་རྡུལ་དུ་བརླག་ནས་ཀྱང་། །ས་ལམ་ཡོན་ཏན་གོང་ནས་གོང་འཕེལ་ཞིང་། །ཡིད་ལ་ཅི་བསམ་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་པ་འདི་ནི་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་མཐུ་སྟོབས་དབང་ཕྱུག་འཁོར་དང་བཅས་པ་འདི་རྣམས་བདག་གི་ཚེ་རབས་སྔོན་ནས་བསྟེན་པའི་སྲུང་མ་ཡིན་པ་དང་། བདག་ལ་ཆུང་ངུའི་དུས་ནས་བཟུང་ཚེ་འདིར་ཡང་ཕྲིན་ལས་རྣམ་བཞིའི་ལས་ཅི་ཡོད་ཀྱང་ཡིད་ལ་བསམ་པ་ཙམ་གྱིས་ཐོགས་མེད་འགྲུབ་པའི་སྡོང་གྲོགས་དུས་ཀུན་ཏུ་མཛད་པའི་སྔར་མཛད་ལས་ཀྱི་གཏང་རག་གཉན་པོ་དང་། སླད་ནས་ཀྱང་གཡེལ་བ་མེད་པར་སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་ས་དང་ལམ་གྱི་བར་ཆད་མཐའ་དག་སེལ་བར་མཛད་ཅིང་། མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་འཕེལ་བའི་སྡོང་གྲོགས་མཛད་པའི་གཏང་རག་ཏུ། བསྟན་བསྲུང་སྤྱིའི་གསེར་སྐྱེམས་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་འདི་ཉིད་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་འམ་མིང་གཞན་པདྨ་ཐེག་མཆོག་བསྟན་འཛིན་གྱིས་ས་ཕོ་རྟ་ལོའི་ས་ག་ཟླ་བའི་ཚེས་བཟང་པོར་རང་སྤྱིལ་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག

རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་གསེར་སྐྱེམས་འབྲིང་པོ་འདོད་ཡོན་བདུད་རྩིའི་རོལ་མོ་ཞེས་བྱ་བ་བཞུགས་སོ།།

ཧཱུྃ་ཧྲཱིཿ རིག་འཛིན་བླ་མ་བྱེ་བ་ས་ཡའི་ཚོགས། །ཡི་དམ་ཞི་ཁྲོ་རབ་འབྱམས་བསམ་མི་ཁྱབ། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་བཅས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །སྣང་སྲིད་དྲེགས་པ་ཡོངས་ཀྱི་གཙུག་གི་རྒྱན། །རྟ་མཆོག་རྒྱལ་པོ་ལྕགས་ཀྱི་རལ་བ་ཅན། །སྡེ་བརྒྱད་དྲེགས་པའི་འཁོར་ཚོགས་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །བཟློག་པས་མི་བཟློག་སྔགས་བཟློག་མཁན་གྱི་གཤེད། །མཐུ་ཆེན་དྲེགས་པའི་ཚོགས་རྣམས་དབང་དུ་སྡུད། །འཆོལ་བའི་ཁྲོ་རྒྱལ་མ་ནིང་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །དགྲ་ལྷ་ཡོངས་ཀྱི་གཙོ་བོར་མངའ་གསོལ་ལོ། །དགྲ་ཁམས་མ་ལུས་ཐལ་བར་བརླག་མཛད་པའི། །ཚོགས་ཀྱི་བདག་པོ་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ཀུན་ཏུ་བཟང་མོ་དབྱིངས་ཀྱི་ཡུམ་ཆེན་མོ། །ཉི་ཤུ་རྩ་བཞི་གནས་ཡུལ་ཀུན་གྱི་བདག །སྔགས་ཀྱི་སྲུང་མ་འཁོར་དང་བཅས་པ་ལ། །དཔལ་ལྡན་ལྷ་མོ་ཆེན་མོ་སྔགས་བདག་མར། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ཐེག་མཆོག་འོད་གསལ་རྫོགས་པ་ཆེན་པོ་ཡི། །བསྟན་དང་བསྟན་འཛིན་སྐྱོང་བར་ཞལ་བཞེས་པའི། །བཀྲ་ཤིས་ཚེ་ཡི་དབང་ཕྱུག་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །བྱང་གི་གནམ་མཚོ་ཕྱུག་མོ་ལ་གནས་པའི། །བོད་ཁམས་སྐྱོང་བར་ཞལ་བཞེས་ཐ་ཚིག་ཅན། །རྡོ་རྗེ་གཡུ་སྒྲོན་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །སྣང་སྲིད་བརྟན་གཡོ་མ་ལུས་མཐའ་དག་ཀུན། །རང་དབང་མེད་པར་དབང་དུ་འགུགས་མཛད་པའི། །མ་ཧཱ་དེ་ཝ་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ནམ་མཁའ་ཡོངས་ལ་དབང་བསྒྱུར་དྲག་རྩལ་ཅན། །སྲིད་གསུམ་སྲོག་དབུགས་གཅིག་ཆར་རྔུབས་མཛད་པ། །གཟའ་རྒོད་ཁྱབ་འཇུག་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །འཛམ་གླིང་སྐྱེས་མཆོག་པདྨའི་ཞལ་མཐོང་ཞིང་། །རིག་འཛིན་ཡོངས་ཀྱི་སྲུང་མར་ཞལ་བཞེས་བའི། །མགར་ནག་ར་ཞོན་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ཟབ་གཏེར་བསྟན་པ་སྲུང་བའི་ཚུལ་འཛིན་པ། །སྤྲུལ་པ་ཆོ་འཕྲུལ་སྣ་ཚོགས་སྟོན་མཛད་ཅིང་། །བཙན་རྒོད་འཁོར་བཅས་ཕྱི་ནང་གསང་གསུམ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །དབྱིངས་ནས་ཁྲོས་པའི་བཛྲ་ཀི་ལ་ཡང་། །ཅི་བགྱིས་བཀའ་ཉན་བསྒྲུབ་པར་ཁས་བླང་པའི། །ཕུར་བསྲུང་དམ་ཅན་ལྕམ་དྲལ་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །དུས་གསུམ་རྒྱལ་བའི་ཕྲིན་ལས་སྒྲུབ་མཛད་ཅིང་། །ཟབ་གཏེར་མངའ་བདག་མཐུ་ཆེན་དྲག་རྩལ་ཅན། །ལྡང་ལྷ་མཆེད་གསུམ་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །དབང་ཆེན་རྟ་མཆོག་པདྨ་ཧེ་རུ་ཀའི། །བཀའ་ཉན་སྲུང་མ་དྲེགས་པ་ཀུན་གྱི་རྗེ། །ཙིའུ་དམར་པོ་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །རྣམ་པར་སྣང་མཛད་ཡེ་ཤེས་སྒྱུ་མའི་འཕྲུལ། །རྒྱལ་ཆེན་ཡོངས་ཀྱི་སྲུང་མའི་ཚུལ་འཛིན་པ། །སྐུ་ཡི་རྒྱལ་ཆེན་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །སྣང་བ་མཐའ་ཡས་ཡེ་ཤེས་སྒྱུ་མའི་འཕྲུལ། །གསུང་གི་རྒྱལ་ཆེན་དགྲ་ལྷ་སྐྱེས་གཅིག་པོའི། །བློན་པོ་རྡོ་རྗེ་གྲགས་ལྡན་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །པདྨ་ཧེ་རུ་ཀ་ཡི་བཀའ་སྡོད་མཆོག །དྲག་པོའི་ཤུགས་འཆང་ཕྲིན་ལས་ཀུན་གྱི་བདག །གྲི་བཙན་ཆེན་པོ་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །སྔར་ནས་བྱང་ཆུབ་སེམས་དཔའི་སར་གནས་ཀྱང་། །འགྲོ་བའི་དབུལ་ཕོངས་སྡུག་བསྔལ་སེལ་མཛད་པའི། །རྣམ་མང་ཐོས་སྲས་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོའི་མདུན། །ཅང་ཤེས་རྔོག་ཆགས་བསྲུང་བར་ཞལ་བཞེས་པའི། །རྟ་ལྷའི་རྒྱལ་པོ་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཡི། །རྣམ་རོལ་འགགས་མེད་དྲེགས་པའི་ཚུལ་སྟོན་པ། །གཉན་ཆེན་ཐང་ལྷ་ཡར་ཞུར་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །མདོ་ཁམས་སྒང་གི་ཟོ་དོར་ཀུན་གྱི་གཙོ། །རྒྱལ་ཆེན་སྡེ་བཞིའི་རིགས་ལ་མངའ་མཛད་པ། །ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་གྱི། །སྐུ་ཡི་སྐྱེ་སྲིད་ནོར་བུའི་ཕྲེང་བ་ཡི། །དཀོར་བདག་ཚུལ་འཛིན་རྒོད་ལྕམ་ཁ་རག་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །རྒྱལ་ཆེན་འཕགས་སྐྱེས་པོ་ཡི་རྣམ་འཕྲུལ་ཆེ། །ལྷ་ཀླུ་གཉན་བཙན་ཀུན་ལ་དབང་བསྒྱུར་བའི། །ནོར་བུ་གཡུལ་རྒྱལ་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ཡིད་འོང་ལྷ་ཡི་བུ་མོའི་ཚུལ་འཛིན་པ། །ལྕམ་མོ་ཆེན་མོ་སྨན་བཙུན་གཞོན་ནུ་མ། །ལྕམ་དྲལ་རྣམ་གཉིས་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི། །བཀའ་ཉན་སྐྱེ་འགྲོའི་སྲོག་གི་བདག་པོ་ནི། །ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །སྨན་པའི་རྒྱལ་པོའི་ཞལ་མཐོང་ཐ་ཚིག་ཅན། །ཡེ་ཤེས་ཆེ་ཆུང་ལྷ་སྨན་མཆེད་གསུམ་དང་། །སྨན་གྱི་དྲང་སྲོང་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །གནོད་སྦྱིན་དེད་དཔོན་ཁྲོ་རྒྱལ་ཀུན་གྱི་གཙོ། །གསོ་རིགས་སྨན་གྱི་བསྟན་པ་སྲུང་མཛད་པའི། །ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །འཛམ་གླིང་དབང་བསྒྱུར་ནོར་བུ་དགྲ་འདུལ་རྩལ། །ལྷ་ཀླུ་གཉན་གསུམ་ཚོགས་ལ་དབང་བསྒྱུར་བ། །དུང་སྨན་ཡུམ་དང་དཔའ་ཐུལ་སུམ་ཅུ་སོགས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །ཤུགས་ལྡན་རྟ་མཆོག་དུང་སེང་གཡུ་རལ་ཅན། །གཡུ་འབྲུག་སྔོན་མོ་རྒྱ་སྟག་མཚལ་རིས་ཅན། །གཞན་ཡང་བདག་ཅག་དཔོན་སློབ་འཁོར་བཅས་ལ། །འགོ་ཞིང་སྡོང་གྲོགས་སྲུང་སྐྱོབས་བྱེད་པའི་ཚོགས། །མཐུ་ཆེན་སྲུང་མའི་དབང་པོ་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །རྒྱ་ཇ་ངད་ལྡན་མ་དཱ་ན་ཡི་རྒྱུན། །ཉམས་པའི་སྙིང་ཁྲག་རྦ་རླབས་འཁྲུགས་པ་ལ། །རྔམས་བརྗིད་དྲག་པོའི་མཆོད་པ་སྣ་ཚོགས་དང་། །འདོད་ཡོན་ལྔ་ཡི་འོད་ཟེར་ཕྱོགས་བཅུར་འཕྲོ། །རིན་ཆེན་སྣ་ལྔ་བརྡལ་བའི་ཞལ་སྐྱེམས་འདི། །མཐུ་ཆེན་སྲུང་མའི་དབང་པོ་འཁོར་བཅས་མཆོད། །དེ་ལྟར་གསེར་སྐྱེམས་ཕུལ་བའི་བྱིན་རླབས་ཀྱིས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། །ནད་གདོན་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས། །མ་ཉེས་མི་ཁ་ངན་པའི་རྐྱེན་དབང་གིས། །དགྲ་གྱོད་ཆོམ་རྐུན་འཇིགས་པ་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་སྙན་གྲགས་རབ་རྒྱས་ཤིང་། །འཁོར་དང་ལོངས་སྤྱོད་བུ་སློབ་མངའ་ཐང་རྒྱས། །མི་དང་མི་མིན་ཆེ་བཙན་དྲེགས་པའི་ཚོགས། །བློ་གྲོས་རྒྱས་ཤིང་དཔའ་བའི་སྟོབས་རྩལ་སོགས། །རང་དབང་མེད་པར་དབང་དུ་འདུ་བར་མཛོད། །བྱད་ཕུར་རྦོད་གཏོང་གཏོང་བའི་ཕྲ་མ་མཁན། །ཁ་དཀར་སྙིང་ནག་བསམ་སྦྱོར་ངན་པ་ཡི། །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་ཐད་དུ་འཛུག་པའི་དགྲ་བོ་རྣམས། །ད་ལྟ་ཉིད་དུ་སྒྲོལ་བའི་ཕྲིན་ལས་མཛོད། །བདག་ཅག་གཞི་བྱེས་ལམ་གསུམ་གར་འདུག་ཀྱང་། །ཡེ་ཤེས་སྤྱན་དང་ལྡན་པའི་ཚོགས་རྣམས་ཀྱིས། །ཉིན་མཚན་དུས་དྲུག་དུས་རྣམས་ཐམས་ཅད་དུ། །ཐུགས་རྗེ་ཆེན་པོས་ཡལ་བར་མ་དོར་བར། །རྣམ་ཀུན་རྟག་ཏུ་སྲུང་ཞིང་སྐྱོང་བ་དང་། །ཡིད་ལ་ཅི་འདོད་ལྷུན་གྱིས་གྲུབ་པར་མཛོད། །ཚེ་རབས་སྔོན་ནས་ད་ལྟ་ཡན་ཆད་དུ། །མཐུ་སྟོབས་དབང་ཕྱུག་དམ་ཅན་ཚོགས་རྣམས་ཀྱིས། །ཐུགས་རྗེ་ཆེན་པོས་ཡལ་བར་མ་དོར་བར། །སྲུང་སྐྱོབ་སྡོང་གྲོགས་མཛད་པའི་གཏང་རག་དང་། །སླད་ནས་གཡེལ་མེད་ལས་རྣམས་བསྒྲུབ་སླད་དུ། །བདག་དང་མི་འབྲལ་རྟག་ཏུ་འགྲོགས་ནས་ཀྱང་། །ཉིན་མཚན་དུས་དྲུག་མེལ་ཚེ་བྱ་ར་མཛོད། །ས་དང་ལམ་ལ་བར་དུ་གཅོད་པའི་གེགས། །བདག་ཅག་བྱང་ཆུབ་སྒྲུབ་པའི་གང་ཟག་ལ། །འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ནས་ཀྱང་། །རིགས་བཟང་བློ་གསལ་ཚེ་རིང་ནད་མེད་ཞིང་། །བཀྲེས་ཕོངས་དབུལ་བའི་སྡུག་བསྔལ་ཀུན་ཞི་ནས། །ཕན་བདེའི་དཔལ་ལ་སྤྱོད་པའི་ཕྲིན་ལས་མཛོད། །ཅེས་པ་འདི་ནི་ཤར་མགོན་ཁང་མགོན་བླ་ཐུབ་བསྟན་ནོར་བུ་ནས་ཡང་ཡང་བསྐུལ་ངོར་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ཤར་མགོན་ཁང་དུ་རྒྱུན་འདོན་བྱ་རྒྱུ་ས་ཕོ་རྟ་ལོའི་ས་ག་ཟླ་བའི་ཚེས་ལ་བྲིས་པ་དགེ །

རྡོ་རྗེ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་གསེར་སྐྱེམས་བསྡུས་པ་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ།།

ཧཱུྃ། ཕྱོགས་བཅུ་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །བདེ་གཤེགས་སངས་རྒྱས་སེམས་དཔའ་སེམས་མའི་ཚོགས། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །དཔའ་ཆེན་རྟ་མགྲིན་དཔའ་མགོན་མ་ནིང་ནག །ཚོགས་བདག་སྔགས་སྲུང་ལྷ་མོ་སྔགས་ཀྱི་བདག །ཚེ་རིང་མཆེད་ལྔ་རྡོ་རྗེ་གཡུ་སྒྲོན་ཚོགས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །མ་ཧཱ་དེ་ཝ་གཟའ་བདུད་ར་ཞོན་དང་། །མཆིམས་ཕུ་བྲག་བཙན་ཕུར་སྲུང་བཅུ་གཉིས་ཚོགས། །ལྡང་ལྷ་མཆེད་གསུམ་གནོད་སྦྱིན་ཙིའུ་དམར། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །སྐུ་ཡི་རྒྱལ་ཆེན་རྡོ་རྗེ་དྲག་ལྡན་དང་། །གྲི་བཙན་ཆེན་པོ་རྣམ་མང་ནོར་གྱི་བདག །རྟ་ལྷའི་རྒྱལ་པོ་ཐང་ལྷ་ཡར་ཞུར་ཚོགས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །རྡོ་རྗེ་གཡུང་དྲུང་རྒོད་ལྕམ་ཤེལ་རུ་སྨན། །ནོར་བུ་གཡུལ་རྒྱལ་ལྕམ་མོ་ཆེན་མོ་དང་། །ལས་གཤིན་ལྷ་སྨན་རྡོ་རྗེ་བདུད་འདུལ་ཚོགས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །དགྲ་ལྷ་གེ་སར་རླུང་རྟའི་ལྷ་ཚོགས་དང་། །གཞན་ཡང་བདག་ལ་འགོ་ཞིང་སྐྱོབ་མཛད་པའི། །མཐུ་ཆེན་སྲུང་མའི་དབང་པོའི་ཚོགས་བཅས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདིས། །དེ་ལྟར་གསོལ་ཞིང་མཆོད་པའི་བྱིན་རླབས་ཀྱིས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས། །ནད་གདོན་བགེགས་རིགས་རྨི་ལམ་ཐན་ལྟས་ངན། །ལོ་ཟླ་ཞག་དུས་ཟ་མའི་སྲི་ངན་སོགས། །དུས་མིན་འཆི་བའི་འཇིགས་པ་ཞི་བར་མཛོད། །བསྟན་དང་བསྟན་འཛིན་དར་ཞིང་རྒྱས་པ་དང་། །ཚེ་བསོད་དཔལ་འབྱོར་སྙན་གྲགས་ཕྱོགས་བཅུར་དར། །འཁོར་འབངས་བུ་སློབ་མངའ་ཐང་རྒྱས་པ་དང་། །རྟ་ནོར་ཕྱུགས་ཀྱིས་ར་བ་ཁེངས་པར་མཛོད། །མཐུ་སྟོབས་ནམ་མཁའི་ཁམས་ལ་འགྲན་ནུས་པ། །ལྷ་དང་ལྷ་མིན་ཆེ་བཙན་དྲག་ཤུལ་ཅན། །རྒྱལ་བློན་རྗེ་འབངས་འཁོར་གཡོག་མཐའ་དག་དང་། །མི་ནོར་ཟས་གསུམ་དབང་དུ་འདུ་བར་མཛོད། །གནོད་སེམས་འཆང་བའི་སྡང་བར་བྱེད་པའི་དགྲ། །ཁ་དཀར་སྙིང་ནག་ཕྲ་མ་མཁན་གྱི་ཚོགས། །མི་ཁ་གཏམ་གླེང་བྱད་ཕུར་རྦོད་གཏོང་ཚོགས། །མངོན་སྤྱོད་དྲག་པོས་སྒྲོལ་བའི་ཕྲིན་ལས་མཛོད། །དེང་ནས་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །སྲུང་མའི་དབང་པོའི་ཚོགས་དང་མི་འབྲལ་ཞིང་། །ས་དང་ལམ་གྱི་བར་ཆད་ཀུན་ཞི་ནས། །བསམ་པ་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པ་འདི་ཤར་མགོན་ཁང་དུ་རྒྱུན་དུ་འདོན་རྒྱུ་མགོན་བླ་ཐུབ་བསྟན་ནོར་བུ་ནས་ཡང་ཡང་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ས་ཕོ་རྟ་ལོའི་ས་ག་ཟླ་བའི་ཡར་ཚེས་བཟང་པོར་བྲིས་པ་དགེ་ལེགས་སུ་གྱུར་ཅིག །

སྡེ་བརྒྱད་གསེར་སྐྱེམས་བཞུགས་སོ།།

ཧཱུྃ། ཤཱཀ་ཐུབ་པད་འབྱུང་རྡོ་རྗེ་འཛིན་པ་ཡི། །སྤྱན་སྔར་ཁས་བླང་དམ་ཚིག་ལ་གནས་པའི། །འཛམ་གླིང་སྐྱོང་བའི་དྲེགས་པ་ཀུན་གྱི་རྗེ། །ཕྱི་ནང་གསང་བ་མཆོག་དང་སྤྲུལ་བ་ཡི། །སྣང་སྲིད་སྡེ་བརྒྱད་དྲེགས་པའི་ཚོགས་རྣམས་ཀུན། །འདི་གཤེགས་མཆོད་པ་དམ་པ་འདི་བཞེས་ལ། །གསེར་སྐྱེམས་གཙང་མ་ཕུད་ཀྱིས་མཆོད་པ་ཡིས། །བདག་གི་འདོད་དོན་མ་ལུས་འགྲུབ་པར་མཛོད། །ཅེས་པ་འདི་ཡང་མགོན་བླ་ཐུབ་བསྟན་ནོར་བུ་ནས་བསྐུལ་ངོར་རྫོགས་སྤྲུལ་ལྔ་པས་སོ། །

སྡེ་བརྒྱད་གསེར་སྐྱེམས་བསྡུས་པ་བཞུགས་སོ།།

ཧཱུྃ། འཛམ་གླིང་སྐྱོང་བའི་དྲེགས་པའི་རྗེ། །ཕྱི་ནང་གསང་བ་མཆོག་དང་ནི། །སྤྲུལ་བ་སྣང་སྲིད་སྡེ་བརྒྱད་ཚོགས། །འདི་གཤེགས་མཆོད་པ་འདི་བཞེས་ལ། །གསེར་སྐྱེམས་གཙང་མའི་ཕུད་ཀྱི་མཆོད། །བདག་གི་འདོད་དོན་སྒྲུབ་ཏུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། ། དགེའོ།