cover

གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

གླེགས་བམདྲུག་པ།

༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།

སྔ་འགྱུར་རྫོགས་ཆེན་དཔེ་ཚོགས་བསྡུ་སྒྲིག་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔེ་སྐྲུན་སྔོན་འགྲོའི་གཏམ་ཐུང་།

གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་པདྨ་རིན་འཛིན་ནི། དུས་རབས་བཅུ་གཅིག་པའི་ནང་སྔ་འགྱུར་རྙིང་མའི་ཟབ་ཆོས་རྫོགས་པ་ཆེན་པོའི་ཆོས་མིང་གང་ཟག་ལ་ཐོག་པའི་འཚབ་བྱེད་སྐྱེས་ཆེན་ཡོངས་གྲགས་ཤིག་སྟེ། རྗེ་འདི་ཉིད་ཀྱི་སྐུ་ཚེ་གང་བོར་བྱ་གཏང་སྦས་པའི་རྣལ་འབྱོར་བའི་ཚུལ་གྱིས་འོད་གསལ་རྫོགས་པ་ཆེན་པོའི་ཉམས་བཞེས་ལ་གནད་དུ་སྣུན་པས་རིག་པ་ཚད་ཕེབས་ཀྱི་སར་ཕྱིན་ཏེ་གྲུབ་ཐོབ་པདྨ་རིག་འཛིན་ཞེས་མཚན་དུ་གྲགས་པ་བྱུང་། རྗེ་གང་ཉིད་དང་རྒྱལ་མཆོག་ལྔ་པ་ཆེན་པོ་བཀའ་བགྲོས་ནས་ཁམས་ཕྱོགས་སུ་རྫོགས་ཆེན་དགོན་པ་ཕྱག་བཏབ་པ་ནི་དབུས་གཙང་དུ་ཉམས་རྒུད་ཐེབ་པའི་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་གནས་དུས་འདིར་དམིགས་ཀྱིས་སླར་གསོ་མཛད་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མངོན་ཞིང་། སྐུ་དངོས་ཀྱིས་སྡེ་དགེའི་མངའ་ཁུལ་གཙོ་བོར་བྱས་པའི་ཁམས་ཕྱོགས་ཀྱི་ཀཿདཔལ་སོགས་རྙིང་དགོན་མང་པོར་ཕེབས་ཏེ་རྫོགས་པ་ཆེན་པོའི་ལྟ་སྒོམ་ལ་དག་ཐེར་མཛད་ཅིང་ཐུགས་བཞེད་བཞིན་ཨ་མདོ་དང་ཁམས་ཕྱོགས་སུ་ཆོས་བརྒྱུད་དགོན་སྡེ་བརྒྱ་ཕྲག་མང་པོ་འཕེལ། ཕྱི་དུས་འདིར་གངས་རིའི་ལྗོངས་སུ་རྫོགས་པ་ཆེན་པོའི་བསྟན་པ་མཐར་རྒྱས་སུ་འཕེལ་བའི་ཆུ་འགོའམ་ཤིང་རྟའི་སྲོལ་འབྱེད་མཆོག་གཅིག་ཏུ་ཡོངས་སུ་གྲགས། རྗེ་གང་གི་སྤྲུལ་རབས་སྐུ་ཕྲེང་རིམ་བྱོན་ནི་ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་སྟེ་ཚུལ་དགུའི་ཡོན་ཏན་གྱི་མངའ་བདག་ཤ་སྟག་བྱོན་པས་སྔ་འགྱུར་རྙིང་མའི་བསྟན་པའི་གཙུག་རྒྱན་ལྟ་བུར་ཆགས་ཤིང་། གཞུང་ས་དགའ་ལྡན་ཕོ་བྲང་ནས་མ་ཧཱ་པཎ་ཏྲི་ཏ་ཨེར་ཏི་ཎི་ཧོ་ཐོག་ཐུའི་ཆོ་ལོ་ཐེངས་མང་བསྩལ་བའི་མཚན་ཐོབ་ལྡན། སློབ་བུ་ཉི་ཟླ་སྐར་གསུམ་དང་འཇིགས་མེད་རྣམ་བཞི་སོགས་སྐུ་རབས་རིམ་བྱོན་གྱི་ཐུགས་སྲས་མཁས་བཙུན་གྲུབ་པའི་སྐྱེས་བུ་བཟང་ལ་མང་བ་བྱོན་པས་ཆོས་རྒྱུན་ཕྲིན་ལས་ཕྱོགས་བརྒྱར་འཕེལ། གྲུབ་དབང་སྐུ་རབས་རིམ་བྱོན་གྱི་ཞལ་གསུང་བསྟན་བཅོས་མང་རབ་བཞུགས་ཚུལ་ཆོས་འབྱུང་རྣམ་ཐར་དག་ན་གསལ་ཡང་སྔར་དུས་བཀའ་རྒྱ་དམ་པོར་མཛད་དེ་ཤིང་པར་དུ་མ་བཀོད་པ་དང་། སྔ་ཕྱིར་བླ་བྲང་ལ་མེ་སྐྱོན་དང་ས་འགུལ་གྱི་གནོད་འཚེ་ཐེབ་པས་སྐབས་དེ་དག་ཏུ་རྩ་འཐོར་སོང་ཕྱིར་དེང་དུས་མཇལ་དུ་བཞུགས་པ་ཤིན་ཏུ་ཉུང་། སྔར་ལམ་གྲུབ་དབང་པདྨ་རིག་འཛིན་གྱི་གསུང་ཚན་ཐོར་བུ་བསྡུ་སྒྲིག་དཔེ་སྐྲུན་ཐེངས་གཅིག་བྱས་པ་དང་། ད་ལམ་གྲུབ་དབང་སྐུ་རབས་རིམ་བྱོན་གྱི་ཆོས་སྲིད་མཛད་ཕྲིན་བསྐྱངས་པའི་ལྟེ་གནས་ཕོ་བྲང་ཆེན་མོ་ཁམས་གསུམ་ཟིལ་གནོན་བསྐྱར་བཞེངས་ལེགས་གྲུབ་ཀྱི་ལས་སྨོན་མངོན་དུ་གྱུར་བ་མ་ཟད། ནང་བཞུགས་སྐུ་ཐུགས་ཀྱི་རྟེན་མཆོག་སྐུ་རབས་རིམ་བྱོན་གྱི་སྐུ་བརྙན་བྱོན་ལེགས་དང་གསེར་གདུང་ཁྱད་འཕགས་བྱིན་རླབས་ཀྱི་གཟི་འོད་འབར་བ་བཞུགས་སུ་གསོལ་བ་དང་། གསུང་གི་ཕྲིན་ལས་རྒྱུན་མི་ཆད་པའི་སྲི་ཞུ་སྒྲུབ་པ་ན། རྟེན་འབྱུང་ཆུད་མི་ཟ་བའི་བདེན་མཐུས་གནའ་དུས་ནས་ལག་བྲིས་དཔེ་རྙིང་གཅིག་ཁོ་ན་ལས་མི་བཞུགས་པའི་ཕྱི་མོ་དག་ཀྱང་ངོ་མཚར་ཆེན་པོས་ལག་འབྱོར་བྱུང་བ་དད་སྤྲོ་རབ་ཏུ་འཕེལ་བ་དང་བཅས་འགྲེམ་སྤེལ་བགྱིས་པ་སྟེ། འདིས་མཚོན་རྣམ་པར་དཀར་བའི་དགེ་རྩ་གང་མཆིས་མཁའ་མཐས་ཁྱབ་པའི་འགྲོ་བ་ཀུན་ལ་རྡུལ་བྲལ་ཆོས་རབ་རྣམ་འབྱེད་ཀྱི་ཡེ་ཤེས་ཐོབ་པའི་རྒྱུར་ཡོངས་སུ་བསྔོ་བ་དང་། ཐོག་མཐའི་བྱ་བར་དངོས་སུ་ཞུགས་པ་དང་བསམ་སྦྱོར་གང་ཐད་ནས་རྒྱབ་སྐྱོར་རོགས་དན་མཛད་པོ་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུ་བ་དང་བཅས། མཁྱེན་གཟིགས་དམ་པའི་ཞལ་སྔ་ནས་གྲུབ་དབང་རྫོགས་ཆེན་པའི་མཚན་གྱི་ཅོད་པཎ་གྱིས་མངོན་པར་བསྟོད་པ་བསྟན་འཛིན་ལུང་རྟོགས་ཉི་མས་མེ་སྤྲེལ་ས་ཟླའི་ཡར་ཚེས་ལ་སྦྱར་བ་དགེ།
དཔེ་སྒྲིག་ལས་ཁང་། སྔ་འགྱུར་རྫོགས་ཆེན་དཔེ་ཚོགས་བསྡུ་སྒྲིག་ཁང་།
སྤྱི་ཁྱབ་བསྡུ་སྒྲིག་དག་ཞུས་པ། གྲུབ་དབང་རྫོགས་ཆེན་བདུན་པ་བསྟན་འཛིན་ལུང་རྟོགས་ཉི་མ།
ཆེད་འགན་དག་ཞུས་པ། སྨྱོ་ཤུལ་མཁན་པོ་འཆི་མེད་བཟོད་པ། རྫོགས་ཆེན་སློབ་དཔོན་བསོད་སྦྱིན། རྫོགས་ཆེན་སློབ་དཔོན་པདྨ་སྣང་བ།
བསྐྱར་ཞུས་པ། སྤྲུལ་སྐུ་གྲགས་པ་རྒྱལ་མཚན། ར་ཐིས་སྤྲུལ་སྐུ་ཐུབ་འོད། བྲག་མཁར་སྤྲུལ་སྐུ་ཚུལ་ཁྲིམས་རྒྱལ་མཚན།
ཡིག་གཏག་པ། བསྟན་འཛིན་ཚེ་དབང་། བསྟན་འཛིན་ཤེས་རབ། པདྨ་གྲགས་པ།
དཔེ་སྒྲིག་པ། དབྱིན་ཇི་བ་པདྨ་མཐུ་སྟོབས།
མདུན་ཤོག་མཛེས་རིས་པ། ཕུར་བཟང་། ཡུས་ཁུ་ཡུས།

བསྟན་སྲུང་དམ་ཅན་རྒྱ་མཚོ་སྤྱི་ལ་གཏོར་མ་འབུལ་བའི་ཆོ་ག་དོན་གཉིས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།།

ན་མཿ་ཤྲཱི་བཛྲ་དྷརྨཱ་པ་ལ་ཡ། །གང་ཞིག་དྲན་པ་ཙམ་གྱིས་ཀྱང་། །ངན་འགྲོའི་འཇིགས་པ་ཀུན་སྐྱོབ་ཅིང་། །ཐར་གླིང་གནས་སུ་འདྲེན་མཛད་པའི། །ཀུན་འདུས་དཔལ་ལྡན་བླ་མར་འདུད། །གདོད་ནས་མངོན་པར་བྱང་ཆུབ་ཀྱང་། །མ་རུང་གདུལ་དཀའ་འདུལ་བ་པོ། །བསྟན་པ་གཉན་པོ་སྲུང་བ་དང་། །སྒྲུབ་ལ་དངོས་གྲུབ་སྩོལ་བའི་ལྷ། །སྙིང་རྗེའི་དབྱིངས་ལས་མ་གཡོས་ཀྱང་། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་གཙོ་བོའི་སྐུར་བཞེངས་པ། །ཞི་དང་ཞི་མ་ཁྲོ་ཡི་སྐུ། །གཏུམ་དྲག་ཉམས་བརྒྱ་འབར་བའི་ཚུལ། །དམ་ཅན་རྒྱ་མཚོའི་ཚོགས་རྣམས་དང་། །བྱང་ཆུབ་མ་ཐོབ་བར་དུ་ནི། །ནམ་ཡང་མི་འབྲལ་འགྲོགས་པར་མཛོད། །དེ་ལ་འདིར་རྫོགས་སྤྲུལ་བཞི་པ་ཨོ་རྒྱན་ཆེ་མཆོག་དཔལ་གྱི་རྡོ་རྗེས་མཛད་པའི་དམ་ཅན་སྤྱི་ལ་གཏོར་མ་འབུལ་ཐབས་འདོད་པའི་རེ་སྐོང་ལ་གཞིར་བྱས། ལས་དང་པོ་པ་སྤྲོས་པ་ལ་དགའ་བ་རྣམས་ཀྱི་ཆེད་དུ་ཅུང་ཟད་རྒྱས་པར་སྤྲོ་ན། མདུན་དུ་སྟེགས་བུ་འཇམ་པོའི་སྟེང་དུ་སྤྲོ་ན་དམ་ཅན་སོ་སོའི་སྐུ་རྟེན། གཏོར་མ་སྤྱན་གཟིགས་བསྐང་རྫས་རྣམས་བཤམས། ཡང་ན་ཐེབ་གཅིག་གི་ནང་དུ་དམར་གཏོར་གཅིག་ལ་འཁོར་བཞི་བཅུ་དང་། མཐེབ་སྐྱུ་ཅི་མང་དང་ལྡན་པས་བསྐོར། གང་ལྟར་ཡང་གཡས་སུ་སྨན་དང་། གཡོན་དུ་རཀྟ། མདུན་ངོས་སུ་ཞི་དྲག་གི་མཆོད་པ་ཕྲེང་ཚར་དུ་བཤམས། རང་གི་མདུན་དུ་རྡོར་དྲིལ་ཌ་མ་རུ་ནང་མཆོད་མེ་ཏོག་སོགས་མཁོ་བའི་ཡོ་བྱད་རྣམས་འདུ་བྱས། རང་ཉིད་ཡི་དམ་གང་རུང་གི་ང་རྒྱལ་ལྡན་པར་བྱའོ། །དེ་ནས་མཆོད་པ་དང་གཏོར་མ་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ། ཨོཾ་ཨཱཿ་ཧཱུྃ། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་རྃ་ཡྃ་ཁྃ་གསུམ་གྱི་ཡི་གེ་གསུམ་འཕྲོས་པ་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཐོད་པ་དུམ་བུ་གཅིག་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དམ་ཚིག་གི་རྫས་ཤ་ལྔ་དང་བདུད་རྩི་ལྔར་གྱུར། འོག་གི་རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཞིང་ཁོལ་ནས་དམ་ཚིག་གི་བདུད་རྩི་དེ་ཉིད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། སླར་ཡང་རང་གི་ཐུགས་ཀ་ནས་ཨོཾ་ཨཱཿ་ཧཱུྃ་གསུམ་གྱི་ཡི་གེ་གསུམ་འཕྲོས་པ་ལས་ཨོཾ་གྱིས་མ་དག་པའི་དངོས་པོའི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། ཨཱཿ་ཡིས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཧཱུྃ་གིས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་ལོངས་སྤྱོད་ཟད་མི་ཤེས་པ་རྒྱ་ཆེར་སྤེལ་བར་གྱུར། ཨོཾ་ཨཱཿ་ཧཱུྃ་ཧོས། ལན་གསུམ་གྱི་བྱིན་གྱིས་བརླབས་ནས། མགྲོན་རྣམས་བསྐུལ་བ་ནི། ཧཱུྃ། རིག་པ་སྟོང་གསལ་སྐུ་གསུམ་ལྷུན་གྱིས་གྲུབ། །རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་བཀྲ་ལམ་མེ། །ཧྱ་གྷྲཱི་ཝ་ལ་སོགས་བསྟན་སྲུང་རྣམས། །རང་སེམས་རིག་པའི་རྩལ་ལས་སྤྱན་འདྲེན་གཤེགས། །དེ་ནས་སྤྱན་འདྲེན་པ་ནི། གསུར་ཆེན་སོགས་དྲི་བཟང་པོས་བདུག་ཅིང་། དར་ནག་གཡབ་ཅིང་རྐང་གླིང་འབུད། རོལ་མོ་སྣ་ཚོགས་པའི་སྒྲ་བསྒྲགས་ཤིང་གདུང་བའི་དབྱངས་སྙན་པོས་འདི་སྐད་དོ། །ཧཱུྃ་ཧྲཱིཿ སྤྱན་རས་གཟིགས་དབང་གཏུམ་རྔམས་ཆེར་འབར་བ། །ཧྱ་གྷྲཱི་ཝའི་སྒྲ་དབྱངས་སྲིད་གསུམ་ཁྱབ། །འཁོར་འདས་རང་སར་གྲོལ་བའི་གཞི་དབྱིངས་དང་། །ལྷ་ཁྱོད་རང་བྱུང་རིག་པའི་ངང་ནས་སྒྲུབ། །འགགས་མེད་འདོད་ཡོན་རྒྱན་ཤར་མཆོད་པ་འབུལ། །བརྩེ་བརྩེའི་ཆས་ལྡན་ཕྱག་ན་པདྨོ་བསྣམས། །འཇིགས་འཇིགས་རྔམས་བརྫུས་རྡོ་རྗེ་ནག་པོ་ཆེ། །ཁམས་གསུམ་འཁོར་བའི་འཁྲུལ་སྣང་ཞལ་དུ་སྟོབས། །ཡེ་ཤེས་རིག་པའི་ཀློང་དུ་ཞི་གྱུར་ཅིག །ཞིང་བཅུའི་འཁོར་བ་སྟོང་པའི་ཕྲིན་ལས་མཛོད། །དྲེགས་པ་སྡེ་བརྒྱད་དེ་ཡི་མཐའ་ལ་གནས། །དོན་ལ་ཡེ་ཤེས་ངང་དེར་དགོངས་ཀློང་གཅིག །བདུད་དྲེགས་བགེགས་འདུལ་ཕྱིར་དུ་རྔམས་པའི་ལྷ། །ཡེ་ཤེས་མགོན་པོ་མ་ཧཱ་ཀ་ལ་ཡ། །ལེགས་ལྡན་མ་ནིང་ནག་པོ་ཕྱག་བཞི་པ། །ཚོགས་བདག་དགྲ་ལྷ་ཞིང་སྐྱོང་སེང་གེའི་གདོང་། །སྔགས་སྲུང་སྔགས་བདག་གཤོག་རྒོད་སྲོག་སྒྲུབ་མ། །ཚེ་རིང་མཆེད་ལྔ་གཡུ་སྒྲོན་བརྟན་མའི་ཚོགས། །དབང་ཕྱུག་ཆེན་པོ་གཟའ་བདུད་རཱ་ཧུ་ལ། །དམ་ཅན་རྡོ་རྗེ་ལེགས་པ་མགར་དམར་ནག །ལྷ་བཙན་ནོར་སྒྲུབ་ཤན་དམར་སྲོག་གི་བདག །རིག་འཛིན་ལྷ་མོ་མཆིམས་ཕུ་བྲག་བཙན་དང་། །ཕུར་སྲུང་བཅུ་གཉིས་ལྡང་ལྷ་ཙི་མ་ར། །རབ་བྱུང་མཛེས་པའི་ཚུལ་ཅན་རཱ་ཛ་རྒྱལ། །རྡོ་རྗེ་གྲགས་ལྡན་དགྲ་ལྷ་ཀུན་གྱི་གཙོ། །གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ། །རྒྱལ་བ་རིན་ཆེན་འབྱུང་དང་དབྱེ་བ་མེད། །རྣམ་ཐོས་སྲས་པོ་ལས་བཞིའི་ལྷ་ཆེན་དང་། །ཛམ་ལྷ་དམར་པོ་ཨཱརྱ་རེ་མནྟ། །ཟིལ་ཁྲོམ་ཡབ་ཡུམ་གཉན་ཆེན་ཐང་ལྷ་དང་། །ནོར་བུ་གཡུལ་རྒྱལ་སྙོན་ཁ་དྲེགས་སྡེའི་ཚོགས། །དུར་ཁྲོད་ལྷ་མོ་ལས་གཤིན་སྤྱང་ཞོན་ཚོགས། །ཟངས་རི་བཙན་རྒོད་ཀླུ་མོ་གཟི་འབར་མ། །སྨན་སྲུང་ལྷ་སྨན་གཏེར་སྲུང་ཁོལ་པོ་ཁ། །དགྲ་བླ་གེ་སར་རླུང་རྟའི་ལྷ་རྣམས་སོགས། །བསྟན་སྲུང་དམ་ཅན་རྒྱ་མཚོ་འཁོར་དང་བཅས། །རིག་པ་རང་གསལ་ངང་ནས་སྤྱན་འདྲེན་གཤེགས། །བཛྲ་ས་མ་ཡ་ཛཿ སྤྱན་དྲངས་ལ་བཞུགས་སུ་གསོལ་བ་ནི། ཧཱུྃ། བསོད་ནམས་ཡེ་ཤེས་ཚོགས་གཉིས་ལས་གྲུབ་པའི། །རྡོ་རྗེའི་བྲག་ཆེན་པདྨ་ཉི་ཟླའི་སྟེང་། །བདུད་དྲེགས་ཕོ་མོ་བསྣོལ་བའི་གདན་ཁྲི་ལ། །དགྱེས་ཤིང་བརྟན་པར་བཞུགས་མཛོད་ཆོས་སྐྱོང་ཚོགས། །ས་མ་ཡ་ཏིཥྠ་ལྷན། ཞེས་བཞུགས་སུ་གསོལ། དེ་ནས་དམ་ཅན་རྣམས་ཀྱི་སྤྱི་བོར་རྡོ་རྗེ་བཞག་ཅིང་། ངག་ཏུ་བདུད་རྩི་བླུད་པར་མོས་ལ། ཨོཾ་ཤྲཱི་བཛྲ་དྷརྨཱ་པ་ལ་ས་མ་ཡ་བཛྲ་རཀྵ་ཏིཥྛ་ཨེ་དན་ཏེ་ན་ར་ཀན། ཞེས་དམ་ལ་བཞག དེ་ནས་ཕྱག་འཚལ་བ་ནི། ཧཱུྃ། རབ་འཇིགས་གཏུམ་རྔམས་སྙིང་རྗེ་ཁྲོས་པའི་དཔལ། །བདུད་དྲེགས་རྒྱལ་བསེན་འདྲེ་གདོན་བརླག་མཛད་པ། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་བཅས་ལ། །མོས་གུས་འགག་མེད་འཆར་བས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ། པྲ་ཏི་ཛ་ཧོས་ཕྱག་འཚལ། །དེ་ནས་མཆོད་པ་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་སྤྱིའི་མཆོད་པ་ནི། ཧཱུྃ། ཚོགས་དྲུག་ཡུལ་དུ་སྣང་བའི་མཆོད་པ་ནི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྡོ་རྗེ། །མེ་ཏོག་ཡིད་འོང་ཨུཏྤལ་པདྨ་སོགས། །བདུག་སྤོས་ཙནྡན་དཀར་དམར་ཨ་ཀ་རུ། །སྣང་གསལ་ཉི་ཟླ་ནོར་བུ་མེ་ཤེལ་དང་། །དྲི་ཆབ་ཙནྡན་ག་བུར་གཙང་མའི་ཆབ། །ལྷ་ཡི་ཞལ་ཟས་རོ་བརྒྱ་དཔག་མེད་ལྡན། །ཚངས་དབྱངས་ཡན་ལག་དྲུག་ཅུ་ལྡན་པའི་སྒྲ། །དམར་ཆེན་མཆོད་ཡོན་ལྦུ་ཕྲེང་རབ་ཏུ་གཡོ། །དུག་ཆུས་ཞབས་བསིལ་ནག་པོ་མཚོ་ལྟར་བསྐྱིལ། །དབང་པོ་ལྔ་ཡི་མེ་ཏོག་མཆོག་ཏུ་མཛེས། །ཚིལ་ཆེན་གསུར་གྱི་དུད་པ་སྤྲིན་ལྟར་གཏིབ། །ཞུན་ཆེན་མར་མེ་དུས་མཐའི་མེ་ལྟར་འབར། །སྣ་ཚོགས་མཁྲིས་པའི་དྲི་ཆབ་རབ་ཏུ་འཁྲུག །ཤ་ཁྲག་རུས་པའི་ཞལ་ཟས་རོ་བཅུད་ལྡན། །རྐང་གླིང་ཐོད་རྔ་སིལ་སྙན་ལ་སོགས་པ། །བསྟན་སྲུང་ཡིད་བཞིན་ནོར་བུ་རྣམས་ལ་འབུལ། །བཞེས་ནས་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་ཨཱརྒྷཾ་པཱ་ཏྱཾ་པུཥྤེ་དྷུཔྤེ་ཨ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྟ་ཨཱཿཧཱུྃ། མ་ཧཱ་ཤ་མ་ཤ་ན་པུཥྤེ། དྷུ་པེ། དྷི་པེ། གྷནྡྷེ། ནཻ་ཝིདྱ། ཤབྟ་པུ་ཛ་ཧོཿ རུ་པ་ཤབྟ་གྷནྡྷེ་ར་ས་སྤཪྴེ་པུཙྪ་ཨཱཿཧཱུྃ། གཉིས་པ་བྱེ་བྲག་གི་མཆོད་པ་ནི། ཧཱུྃ། ཁྱད་པར་མཆོག་གི་མཆོད་པའི་དམ་རྫས་ནི། །ཟག་མེད་གཏོར་མ་བརྗིད་ལྡན་མཛེས་པ་འདི། །སྲིད་པ་གསུམ་གྱི་ཟས་བཅུད་ཐམས་ཅད་བསྡུས། །བསྟན་སྲུང་ཡིད་བཞིན་ནོར་བུ་རྣམས་ལ་འབུལ། །ལྕང་ལོ་བཅས་པའི་བྷནྡྷའི་སྣོད་ཡངས་སུ། །བདུད་དགྲ་བསྒྲལ་བའི་རཀྟ་དམར་ལ་དྭངས། །འདོད་ཆགས་ལ་སོགས་ཉོན་མོངས་འཇོམས་ཕྱིར་དུ། །བསྟན་སྲུང་ཡིད་བཞིན་ནོར་བུ་རྣམས་ལ་འབུལ། །དུག་ལྔ་སེལ་བའི་པཉྩ་ཨ་མྲྀ་ཏ། །འཆི་མེད་ལྷ་ཡི་བདུད་རྩི་རོ་བརྒྱ་ལྡན། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སེལ་ཕྱིར་དུ། །བསྟན་སྲུང་ཡིད་བཞིན་ནོར་བུ་རྣམས་ལ་འབུལ། །རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི། །དངོས་དང་དངོས་མེད་བློ་ལ་སྣང་བ་ཀུན། །ཐམས་ཅད་སྟོང་གསལ་དོན་དམ་རྩིས་ཟིན་པའི། །རང་ཤར་རང་གྲོལ་དག་པའི་མཆོད་པ་རྣམས། །བསྟན་སྲུང་ཡིད་བཞིན་ནོར་བུ་རྣམས་ལ་འབུལ། །ཡེ་ཤེས་རང་སྣང་འཁྲུལ་མེད་ལྷ་ཁྱེད་རྣམས། །རིམ་གཉིས་འཁྲུལ་པ་མེད་པའི་ངང་ནས་བསྒྲུབ། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཚེ་ཆོས་སྲིད་ནོར་ཁ་རྗེ་དབང་ཐང་དཔལ། །ཟང་ཟིང་འདོད་ཡོན་ཡིད་ལ་གང་འདོད་རྣམས། །ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བསྡུས་པ་ལྟར། །ཕྱྭ་གཡང་དངོས་གྲུབ་སིདྡྷི་ཕ་ལ་ཧོ། །གེགས་ཞི་བསམ་དོན་ལྷུན་གྱིས་འགྲུབ་པར་ཤོག །ཁྱད་པར་སྤྱན་རས་གཟིགས་སྤྲུལ་རྟ་གདོང་ཞལ། །དཔལ་མགོན་གཏེར་མགོན་རྒྱུད་མགོན་བདུད་མགོན་དང་། །སྔགས་སྲུང་སྔགས་བདག་གཤོག་རྒོད་སྲོག་སྒྲུབ་མ། །རིགས་ལྔའི་ལྷ་མོ་སྨན་བཙུན་བུ་མོའི་ཚུལ། །ལས་བཞིའི་ཁ་དོག་ཡ་མཚན་ངོམས་པ་དང་། །སྲིད་ཞིའི་དངོས་གྲུབ་སྡུད་བྱེད་མཁའ་འགྲོ་ལྔ། །གཡུ་སྒྲོན་མཆེད་ལྔ་བརྟན་སྐྱོང་ཚོགས་དང་བཅས། །དབང་གི་གཟི་འོད་པདྨ་རཱ་ག་འདྲ། །མ་ཧཱ་དེ་ཝ་ཡབ་ཡུམ་སྲས་འཁོར་བཅས། །བསོད་ནམས་ཕུན་སུམ་ཚོགས་པའི་མཆོད་འདི་འབུལ། །འདོད་ཆགས་བདེ་སྟོང་སྦྱོར་བའི་སྲིད་འཛིན་དག །རྣལ་འབྱོར་ནུས་བྱིན་གྲུབ་པའི་དངོས་གྲུབ་སྩོལ། །གཟའ་བདུད་ནག་པོ་རྡོར་ལེགས་ཞི་དྲག་གསུམ། །ལྷ་བཙན་ཤན་པ་དམར་ནག་རིག་འཛིན་མ། །བྲག་བཙན་ཕུར་སྲུང་ལྡང་ལྷ་མཆེད་གསུམ་དང་། །གནོད་སྦྱིན་ཙིའུ་དམར་རཱ་ཛ་སྐུ་ལྔ་རྒྱལ། །མཐུ་ཆེན་རྡོ་རྗེ་གྲགས་ལྡན་མཐུ་རྩལ་ཅན། །གྲི་བཙན་ནོར་བདག་ཛམ་དམར་རེ་མནྟ། །བསོད་ནམས་ཕུན་སུམ་ཚོགས་པའི་མཆོད་འདི་འབུལ། །ཞེ་སྡང་མཚན་མའི་རྟོག་པ་རང་དག་ནས། །རྣལ་འབྱོར་ནུས་བྱིན་གྲུབ་པའི་དངོས་གྲུབ་སྩོལ། །ཟིལ་ཁྲོམ་ཡབ་ཡུམ་ཡར་ཞུར་གཉན་གྱི་ལྷ། །ནོར་བུ་གཡུལ་རྒྱལ་དགེ་བསྙེན་སྙོན་ཁ་དང་། །དྲེགས་པའི་སྡེ་དཔོན་སུམ་ཅུ་རྩ་གཉིས་པོ། །རྡོ་རྗེ་ཁྲོས་མ་སྟོབས་ཆེན་ཝ་ར་ཧི། །ལས་ཀྱི་གཤིན་རྗེ་སྤྱང་ཞོན་མཆེད་གསུམ་དང་། །དུར་ཁྲོད་ལྷ་མོའི་ཚུལ་གྱི་གཟི་བྱིན་མས། །ཞིང་བཅུའི་འདྲེ་གདོན་ཚེར་མ་བཞིན་དུ་བསྲེགས། །ཟངས་རི་བཙན་རྒོད་ཀླུ་མོ་གཟི་འབར་མ། །རྨ་རྒྱལ་ལྷ་སྨན་གནོད་སྦྱིན་ཁོལ་པོ་ཁ། །དགྲ་བླ་གེ་སར་རླུང་རྟ་སྡེ་ལྔའི་ཚོགས། །སྣང་ཞིང་སྲིད་པའི་ལྷ་སྲིན་སྡེ་བརྒྱད་ལ། །བསོད་ནམས་ཕུན་སུམ་ཚོགས་པའི་མཆོད་འདི་འབུལ། །མ་རིག་གཏི་མུག་རྟོག་པ་རང་དག་ནས། །རྣལ་འབྱོར་ནུས་བྱིན་གྲུབ་པའི་དངོས་གྲུབ་སྩོལ། །ཅེས་མཆོད་ཅིང་སྨན་དང་རཀྟ་འབུལ་བ་ནི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། དེ་ནས་གཏོར་མ་འབུལ་བ་ནི། ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་གསུམ་པའི་སྦུ་གུས་གཏོར་མ་བདུད་རྩིའི་རང་བཞིན་ཅན་གྱི་བཅུད་དྲངས་ཤིང་གསོལ་བས་ཚིམས་ཤིང་མཉེས་པར་བསམས་ལ། སོ་སོའི་རྩ་སྔགས་ལ་གཏོར་སྔགས་ཁཱ་ཧི་བཏགས་པ་བདུན་ནམ་གསུམ་རེའི་འབུལ་བ་ནི། ཐོག་མར་ཉང་གཏེར་རྟ་ནག་ལྕགས་རལ་ཅན་ནི། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ་ཕཊཿ ཡཀྵ་ནག་པོ་དགྲ་བགེགས་མ་ར་ཡ་མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀེཾ་ནི་རི་ཏི་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ རྒྱུད་མགོན་ལེགས་ལྡན་ནི། ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྷི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊཿ ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧི། རཏ་གླིང་མགོན་པོ་མ་ནིང་ནི། ཨོཾ་ཤྲཱི་མ་ཧཱ་ཀ་ལ་གྷ་ན་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཛཿ ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ དཔལ་མགོན་ཚོགས་ཀྱི་བདག་པོ་ནི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གུ་ཎ་གུ་ཏི་ཀ་མ་ལ་ཤྲཱི་ནག་མོ་ཏི་ལ་བྷྱོཿ ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧི། ཉང་གཏེར་མགོན་པོ་ཕྱག་བཞི་ནི། ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛ་ཏི་གུ་ཎ་ཧྲི་དཱ་ཧཱུྃ་ཕཊཿ ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧི། བདུད་མགོན་ཞིང་སྐྱོང་སེང་གེའི་གདོང་ཅན་ནི། ཨོཾ་མ་ཧཱ་ཀཱ་ལ་སིངྷ་མུ་ཁ་ཧཱུྃ་ཕཊཿ ཏྲི་ཏྲི་ར་ཛཱཿ་ཡ་མ་ར་ཛཿ དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊཿ ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ ལྷ་མོ་ཨེ་ཀ་ཙ་ཏི་ནི། ཨོཾ་རོ་རུ་ཨེ་ཀ་ཙ་ཏི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛ་ཛཿ ཏྲག་རཀྴ་ཁ་མུ་ཏྲ་མུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿ རཀྨོ་ཏེ་ཀོ་ཙ་ཚ་ཁཱ་ལ་བྷྱོ་རུ་ལུ་རུ་ལུ་རེ་མ་ཏི་བྷྱོཿ ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ ཉི་གྲགས་ལྷ་མོ་སྔགས་བདག་འབར་མ་ནི། ཨོཾ་བཛྲ་དྷཱ་ཀི་མ་ཧཱ་ཀཱ་ལི་རེ་མ་ཏི་ཧཱུྃ་བྷྱོ་ཧཱུྃ་ཕཊཿ ཞེས་རྩ་སྔགས་དང་། མ་མ་དེ་ཝི་ཀ་ལི་རེ་མ་ཏི་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ པུ་ཙ་བི་ཕེ་ཏི་ཧོ་ས་མ་ཡ་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ གཤོག་རྒོད་མ་ནི། བྷྱོ་རཀྨོ་དུ་ར་དུནྟིཾ་བྷྱོཿ ཁ་ཁ་དུ་ར་དུནྟིཾ་བྷྱོཿ ཧེ་ར་དུ་ར་དུནྟིཾ་བྷྱོཿ ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ མཁའ་འགྲོ་སྙིང་ཐིག་བཀའ་སྲུང་ཤན་པ་སྲོག་སྒྲུབ་མ་ནི། ཨོཾ་ཁྱི་ཁ་ལེ་ནག་མོ་སོདཿ སྲོག་མ་ཏྲི་སོདཿ སྙིང་ཁ་ཁ་བཾཿ ཡ་ཡ་སོདཿ ཙ་བ་བི་རི་མི་སོདཿ བྷ་ཡ་སོདཿ ནྲི་ཡ་སོདཿ རཀྨོ་ཙིཏྟ་དགྲ་བོའི་སྲོག་ལ་རྦུདཿ རཀྨོ་དགྲ་བོའི་ཙིཏྟ་རྦུདཿ ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ བརྟན་མ་བཅུ་གཉིས་ནི། དྭ་ད་ཤནྟ་བ་རི་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ ཀློང་ཆེན་སྙིང་ཐིག་ཚེ་རིང་མ་ནི། བཾ་ཧ་རི་ནི་ས་བཛྲ་པྲ་མོ་ཧ་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ རྡོ་རྗེ་གཡུ་སྒྲོན་མ་ནི། ཨོཾ་བཛྲ་པྲ་མོ་ཧ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ སྨིན་གླིང་བདེ་གཤེགས་ཀུན་འདུས་བཀའ་སྲུང་ལྷ་ཆེན་ནི། ཨོཾ་མ་ཧཱ་དེ་ཝ་ཛཿ ཨུ་མ་དེ་ཝི་ཧྲིཾ་ཧ་རི་ནི་ས་པ་ཤཾ་ཀུ་རུ་ཧོཿ ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ རཏ་གླིང་ཀློང་གསལ་བཀའ་སྲུང་དྲང་སྲོང་ནི། ཧྲཱིཿ་ཤག་རུ་རཾ་ནཱ་ག་ཙིཏྟ་ཏྲཾཿ མ་མ་ཡོ་ཟ་འགྲམ་ཧ་ཧི་ཡོ་གི་ཤ་ལ་ཛ་ཛཿ ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ རཏ་གླིང་དམ་ཅན་སེང་ཞོན་ནི། ཨོཾ་བཛྲ་ས་དྷུ་ས་མ་ཡ་བྷག་ཏྲ་མ་ཤེ་ནི་ཀྲ་མ་ནི་ས་མ་ཡ་ས་དྷུ་ཏྲི་ཛ་ཛཿ་ཧཱུྃ་བྃ་ཧོཿ ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ ཉི་གྲགས་བདེ་མཆོག་བཀའ་སྲུང་དམ་ཅན་ར་ཞོན་ནི། ཨོཾ་བཛྲ་ས་དྷུ་ས་མ་ཡ་ཏྲི་ཤུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛཿ ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ ཉི་གྲགས་བདེ་མཆོག་གཏེར་སྲུང་ལྷ་བཙན་ནི། ཨོཾ་བྷི་ཧུ་ཙ་ན་ལྷ་བཙན་འབར་བ་ཆེན་པོ་སྐུ་འཁོར་དང་བཅས་པའི་ཞལ་དུ་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ མ་ཏིའི་སེང་དམར་དམ་ཅན་ནོར་སྒྲུབ་ནི། ཨོཾ་བཛྲ་ས་དྷུ་ས་མ་ཡ་ཀིང་ཀ་ར་ཧཱུྃཿ བཛྲ་ལི་ལ་མ་ཧཱུྃ་ཛཿ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱཿ ཏྲི་ཀར་ཤ་ལིང་ཏྲི་པྲ་མ་ནི་ཀིང་ཀ་ར་བྷྱོཿ རཏྣ་སིདྡྷི་ཀུ་རུ་ཧཱུྃ་ཛ་ཛཿ ཏྲིའུ་ཏྲིའུ་པྲ་མ་དུ་ན་ཀར་བ་སྐྱེས་པ་བུད་མེད་སརྦ་པ་ཤམ་ཏྲི་ཡ་རཏྣ་སིདྡྷི་ཕ་ལ་ཁུག་སྐྱོལཿ ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ གནོད་སྦྱིན་ཤན་པ་དམར་ནག་ནི། ཨེ་ཧེ་མ་རུ་ཙེ། གུ་ཎ་ཧྲི་ཏྲི་གྷྲཾ་བྷྱོཿ ཤ་རམ་བྷྱོ་པུར་ཛཿ གྷྲིག་ཧ་ལ་གྷྲན་ཏ་ཡ་ཛ་ཛཿ ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ སངས་རྒྱས་གླིང་པའི་དགོངས་འདུས་བཀའ་སྲུང་ལྷ་མོ་རིག་འཛིན་མ་ནི། ཨོཾ་དེ་ཝི་ཀ་ལ་དྷ་རི་ཌཱ་ཀི་ནི་ཨེ་ཀ་ཛ་ཊིཿ ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ སངས་རྒྱས་གླིང་པའི་དགོངས་འདུས་གཏེར་སྲུང་བཙན་རྒོད་ནི། ཨོཾ་ན་ག་ཙན་ཏྲི་ཙར་ར་ཏྲིཿ ཀིང་ཀ་ར་ཡཀྴ་ཡཀྴ་ས་མ་ཡཱ་ཧཱུྃ་ཕཊཿ ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ རཏ་གླིང་ཕུར་པའི་བཀའ་སྲུང་བཅུ་གཉིས་ནི། ཨོཾ་བཛྲ་ཀི་ལི་ཀཱ་ལ་ཡ་དྷརྨ་པ་ལ་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ རཏ་གླིང་ཕུར་པའི་གཏེར་སྲུང་ལྡང་ལྷ་ནི། ཨོཾ་བ་རི་བ་ར་ཀིང་ཀ་ར་ཛཿ ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ གནོད་སྦྱིན་ཙིའུ་དམར་པོ་ནི། ཨོཾ་རཀྴ་རཀྴ་སྙིང་ལ་ཧཱུྃ་ཧཱུྃ་ཤུ་ལ་གྷྲི་ཝ་ཏྲི་ཤུ་ལ་ཧྲཱིཾ་ཧྲཱིཾ་ཛ་ཛཿ ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ ཉི་གྲགས་དྲེགས་ཟིལ་བཀའ་སྲུང་རྒྱལ་པོ་སྐུ་ལྔ་ནི། ཨོཾ་རཱ་ཛ་ཨ་ཧོ་ཤྲཱི་པུཥྚིཾ་ཀཱ་ར་ལ་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ གནོད་སྦྱིན་དགྲ་ལྷའི་གཙོ་བོ་གསུང་གི་བློན་པོ་རྡོ་རྗེ་གྲགས་ལྡན་ནི། རཀྴ་ར་ཛཿ་དུམ་བུ་ཤིག་ཙིཏྟ་ཟུང་སོདཿ མ་ལེ་ཐུནཿ མ་ལེ་རཱ་ཛ་བྷྱོཿ ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ ཉི་གྲགས་དྲེགས་ཟིལ་གཏེར་སྲུང་གྲི་བཙན་ནི། གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ་སྐུ་འཁོར་དང་བཅས་པའི་ཞལ་དུ་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ ཉི་གྲགས་ནོར་བདག་ནི། ཨོཾ་བཻ་ཤྲཱ་མ་ན་ཡཀྴ་སརྦ་གྷྲི་ཧ་ན་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ གྲྭ་པའི་ཛམ་དམར་ནི། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ། དྷ་ན་མེ་དྷི་ཧྲི་སྭཱ་ཧཱཿ ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ རྟ་ལྷ་ནི། ཨོཾ་ཨཱརྱ་རེ་མནྟ་སྭཱ་ཧཱ། གྷོ་ར་སིདྡྷི་ཕ་ལ་ཧཱུྃ། ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་ནི། ཨོཾ་བཛྲ་གཡུང་དྲུང་རྩལ་སྐུ་འཁོར་དང་བཅས་པའི་ཞལ་དུ་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ ཟིལ་ཁྲོམ་གསང་ཡུམ་རྒོད་ལྕགས་ཁ་རག་ནི། ཧཱུྃ་ཛཿ་མུ་ཏིག་ཤེལ་རུ་སྨན་བཙུན་ཆེན་མོ་དམ་ལ་ཤོག །བཛྲ་ས་མཱ་ཛཿས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ བྱང་གཏེར་གཉན་ཆེན་ཐང་ལྷ་ནི། ཨོཾ་བཛྲ་ཐང་ཀ་ར་མུད་ཉིད་ཁུ་ཤ་ལི་ཨ་མྲྀ་ཏ་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ གནས་བདག་ནོར་བུ་གཡུལ་རྒྱལ་ནི། ཨོཾ་ཨཱ་ཤ་ཡ་པ་ཏི་མ་ཎི་མྲྀ་དྷཾཉྫནྱཾཿས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ བླ་མ་གསང་འདུས་གཏེར་སྲུང་དགེ་བསྙེན་བསྙོན་ཁ་ནི། ཨོཾ་ནག་པོ་ཏི་པ་རཱ་ཛ་ན་ག་རཀྴ་ཀྲོ་ཏ་པ་ཙ་ལ་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ བཀའ་བརྒྱད་དྲེགས་སྡེ་སུམ་ཅུ་ནི། ཨོཾ་བཛྲ་སརྦ་དུཥྚ་ན་ཨེ་ཛ་བྷྱོ་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ བཀའ་སྲུང་དུར་ཁྲོད་ལྷ་མོ་ནི། ཨོཾ་མ་མ་ར་ལི་པྲ་མ་ཡ་ཀ་ལི་ཡེ་ཛཿ་ཛཿ་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ སྨིན་གླིང་གཤིན་རྗེ་དྲེགས་འཇོམས་བཀའ་སྲུང་ལས་གཤིན་ནི། ཨོཾ་ཡ་མ་རཱ་ཛ་ས་མ་ཡ་ཧཱུྃ་ཕཊཿས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ ཉང་གཏེར་ཁྲོས་ནག་སྤྱང་ཞོན་མ་ནི། ཨོཾ་ནག་མོཾ་རུ་ཏཱ་ས་མ་ཛཿནག་མོ་ནག་མོ་ཡཾ་མ་ཏྲི་ཛཿ་མ་མ་སྲོག་ལ་ཛཿ་ས་མ་ཡ་ཙིཏྟ་སི་ཛ་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ གཅོད་སྲུང་ཟངས་རི་བཙན་རྒོད་ནི། ཨོཾ་ཙི་ཏྲི་ཧུར་ཐུཾ་བྷྲཱུྃ་འདུས་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ ཉི་གྲགས་ཚེ་སྒྲུབ་ཀླུ་མོ་གཟི་འབར་མ་ནི། ཨོཾ་ནཱ་གཱ་གྷོ་བྷི་ཏེ་སརྦ་ཨ་ཧེ་ར་མུ་ཡ་ཛཿ་ཧཱུྃ་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ རྨ་རྒྱལ་ནི། རྨ་རཱ་ཛས་ཐུ་ལི་ཀ་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ སྨན་སྲུང་ནི། སྨན་སྲུང་ལྷ་སྨན་མཆེད་གསུམ་ཞལ་དུ་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ ཉི་གྲགས་སྨན་ལྷའི་གཏེར་སྲུང་ཁོལ་པོ་ཁ་ནི། གཏེར་སྲུང་ཁོལ་པོ་ཁའི་ཞལ་དུ་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ དགྲ་ལྷའི་རྒྱལ་པོ་གེ་སར་ནི། གེ་སར་དགྲ་ལྷའི་རྒྱལ་པོ་འཁོར་དང་བཅས་པའི་ཞལ་དུ་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ རླུང་རྟ་སྡེ་ལྔ་ནི། རླུང་རྟ་སྐྱེད་པའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་རཾ་ཁཱ་ཧིཿ ཞེས་གསུམ་མམ་བདུན་གྱིས་ཕུལ་ལ། ཕྲིན་ལས་བཅོལ་བ་ནི། དཔལ་ཁྲག་འཐུང་གི་རྒྱལ་པོ་དུག་གསུམ་ནད་ཀྱི་སྨན་པ་བདུད་དཔུང་སྒྲོལ་བའི་དཔའ་བོ། དཔལ་ཆེན་ཁྲོ་མཆོག་རྟ་མགྲིན་ནག་པོ། ལེགས་ལྡན་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག་པོ། དཔལ་མགོན་མ་ནིང་ནག་པོ། ཚོགས་བདག་དགྲ་ལྷ་བཅུ་གསུམ། ནག་པོ་ཆེན་པོ་ཕྱག་བཞི་པ། ཞིང་སྐྱོང་སེང་གདོང་ཡབ་ཡུམ། སྔགས་སྲུང་ཨེ་ཀ་ཙ་ཏི། མ་མོ་སྔགས་ཀྱི་བདག་མོ། དཔལ་ལྡན་རྡོ་རྗེ་གཤོག་རྒོད་མ། ཤན་པ་སྲོག་སྒྲུབ་ནག་མོ། མ་སྲིང་བརྟན་མ་བཅུ་གཉིས། སྨན་བཙུན་ཚེ་རིང་མཆེད་ལྔ། གཡུ་སྒྲོན་བརྟན་མ་བཅུ་གཉིས། ལྷ་ཆེན་དབང་ཕྱུག་ཆེན་པོ། གཟའ་བདུད་དུག་གི་སྤུ་གྲི། དམ་ཅན་སྐྱེས་བུ་སེང་ཞོན། གནོད་སྦྱིན་མགར་ནག་ར་ཞོན། ཇོ་བོ་ལྷ་བཙན་རྡོ་རྗེ་འབར་བ། གསང་བ་ནོར་བདག་ཡབ་ཡུམ། གནོད་སྦྱིན་ཤན་པ་དམར་ནག །བཀའ་སྲུང་རིག་འཛིན་ལྷ་མོ། ཀླུ་བཙན་འབར་བ་སྤུན་བདུན། རྡོ་རྗེ་ཕྲ་མེན་ཤྭ་ན་ཆེན་མོ། གཏེར་སྲུང་ལྡང་ལྷ་མཆེད་གསུམ། གནོད་སྦྱིན་ཙིའུ་དམར་པོ། རྒྱལ་པོ་ཆེན་པོ་པེ་ཧར་སྐུ་ལྔ། དགྲ་ལྷའི་རྒྱལ་པོ་རྡོ་རྗེ་གྲགས་ལྡན། གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ། རྒྱལ་ཆེན་རྣམ་མང་ཐོས་སྲས། གནོད་སྦྱིན་ཛམ་ལྷ་དམར་པོ། རྟ་ལྷ་ཨཱརྱ་རེ་མནྟ། ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་རྩལ། དཀོར་བདག་ཆེན་མོ་རྒོད་ལྕམ་ཁ་རག །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ། གནས་བདག་ནོར་བུ་གཡུལ་རྒྱལ། གཏེར་སྲུང་དགེ་བསྙེན་སྙོན་ཁ། དྲེགས་པའི་སྡེ་དཔོན་སུམ་ཅུ། ཞིང་སྐྱོང་དུར་ཁྲོད་ཀྱི་མ་མོ། ལས་གཤིན་འཆི་བདག་ནག་པོ། མཁའ་འགྲོ་སྤྱང་ཞོན་མཆེད་གསུམ། སྲོག་ཟན་ཤན་པ་མཆེད་གཉིས། གཏེར་སྲུང་ཀླུ་མོ་གཟི་འབར་མ། མཐུ་ཆེན་རྨ་རྒྱལ་སྤོམ་ར། སྨན་སྲུང་ལྷ་སྨན་མཆེད་གསུམ། གཏེར་སྲུང་ཁོལ་པོ་ཁ། གེ་སར་དགྲ་ལྷའི་རྒྱལ་པོ། མཐུ་ཆེན་རླུང་རྟ་སྡེ་ལྔ་ལ་སོགས་པའི་དམ་པ་ཆོས་སྐྱོང་བའི་སྲུང་མ་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྡོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམ། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག དེ་ནས་བསྟོད་པ་བྱ་བ་ནི། ཧཱུྃ། ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །ལོངས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་ཅིང་། །འབར་བའི་རྒྱལ་པོ་དབང་གི་སྐུར་སྤྲུལ་པ། །འཇིག་རྟེན་དྲེགས་པ་འདུལ་ལ་ཕྱག་འཚལ་བསྟོད། །འཇིགས་བྱེད་ཁྲག་འཐུང་དཔལ་ལྡན་ནག་པོ་ཆེ། །བདུད་དཔུང་མཐར་བྱེད་དུར་ཁྲོད་སྒྲོལ་བའི་གིང་། །སྒྲུབ་པའི་རེ་སྐོང་ལེགས་ལྡན་ཚོགས་ཀྱི་བདག །རྒྱལ་བའི་བཀའ་སྡོད་མཐུ་ཆེན་ཁྱོད་ལ་བསྟོད། །འཇིག་རྟེན་འདས་པའི་དུས་ན་སྔོན་བྱུང་བ། །ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས། །སྲིད་རྩེའི་བདག་འཛིན་རཱུ་ཏྲ་སྡེ་གསུམ་བཏུལ། །རྩལ་ཆེན་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད། །དུས་གསུམ་རྒྱལ་བའི་བསྟན་པ་སྲུང་མཛད་ཅིང་། །སྐུ་གསུམ་ཞིང་ཁམས་ཡོངས་ལ་མངའ་དབང་བསྒྱུར། །ས་གསུམ་གནས་ན་ཆེ་བཙན་འགྲན་ཟླ་བྲལ། །ཚོགས་བདག་དགྲ་ལྷ་སྤྲུལ་འཁོར་བཅས་ལ་བསྟོད། །ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །ཐབས་དང་ཤེས་རབ་གདུག་པ་མ་ལུས་འདུལ། །དྲག་པོ་འཇིགས་བྱེད་ཆེན་པོའི་སྐུར་སྟོན་པ། །དཔལ་ལྡན་མགོན་པོ་ཡབ་ཡུམ་ཕྱག་འཚལ་བསྟོད། །སངས་རྒྱས་བསྟན་སྐྱོང་དྲེགས་པ་ཡོངས་ཀྱི་རྗེ། །མི་སྡུག་མི་སྲུན་རྣལ་འབྱོར་དགྲ་ལྷ་ཆེ། །དམ་ཉམས་འཇོམས་ཕྱིར་སྣ་ཚོགས་སྤྲུལ་པ་འགྱེད། །ཞིང་སྐྱོང་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད། །ཆོས་དབྱིངས་བདེ་བ་ཆེན་པོའི་མཁའ་ཀློང་ནས། །སྐུར་བཞེངས་ཡེ་ཤེས་ལས་དང་མཁའ་འགྲོའི་གཙོ། །སྔགས་སྲུང་ཆེན་མོ་མ་མོ་རལ་གཅིག་མ། །འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་བསྟོད། །སྔོན་དུས་གུ་རུ་རྡོ་རྗེ་ཐོད་ཕྲེང་གིས། །དམ་ཚིག་བསྒྲགས་ནས་དམ་ལ་བཏགས་པའི་ཚེ། །སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པའི། །འདོད་ཁམས་དབང་ཕྱུག་དཔལ་ལྡན་ལྷ་མོར་བསྟོད། །སྲིད་གསུམ་དབང་སྡུད་ནག་མོ་རེ་མ་ཏི། །མཐིང་ནག་ཆར་སྤྲིན་གཏིབ་པ་ལྟ་བུའི་སྐུ། །མ་བས་བྱམས་ཤིང་སྲིང་ལྟར་བརྩེ་བ་ཅན། །རྡོ་རྗེ་གཤོག་རྒོད་མ་ལ་ཕྱག་འཚལ་བསྟོད། །མཁའ་འགྲོ་ནག་མོ་ཤིན་ཏུ་མི་སྲུན་མ། །འཇིགས་པའི་གཟུགས་ཅན་མཁའ་འགྲོ་ཀུན་གྱི་གཙོ། །དུས་བཞི་ཉུལ་ཞིང་བསྟན་པ་སྲུང་མཛད་ཅིང་། །ཤན་པ་སྲོག་སྒྲུབ་ནག་མོར་ཕྱག་འཚལ་བསྟོད། །སྒྲུབ་གནས་ཨ་སུ་ར་ཡི་བྲག་ཕུག་ཏུ། །པད་འབྱུང་རླུང་ཆེན་དཔལ་གྱི་སེང་གེ་ཡིས། །དམ་ལ་བཏགས་ཤིང་སྲུང་མར་གཉེར་གཏད་པ། །བརྟན་མ་བཅུ་གཉིས་འཁོར་དང་བཅས་ལ་བསྟོད། །ཡེ་ཤེས་བསྐྱེད་མཛད་ཆོས་སྐུ་ཡུམ་ཆེན་མོ། །རྒྱལ་ཀུན་རྡོ་རྗེ་བཙུན་མོའི་རྣལ་འབྱོར་མ། །གངས་ཅན་སངས་རྒྱས་བསྟན་སྲུང་འཁོར་ལོའི་སྒྱུར། །བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ་ལ་བསྟོད། །རྡོ་རྗེ་གཡུ་སྒྲོན་ཤིན་ཏུ་མཛེས་པའི་སྐུ། །དཀར་གསལ་གངས་རིའི་ངོས་ལ་ཉི་ཤར་འདྲ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བའི། །མཆེད་ལྔ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །སྤྱན་རས་གཟིགས་སྤྲུལ་དབང་ཕྱུག་ལྷ་ཆེན་པོ། །འཇིག་རྟེན་མེས་པོ་ཁམས་གསུམ་ཀུན་གྱི་བདག །དངོས་གྲུབ་མཆོག་སྩོལ་ཡོན་ཏན་རྫོགས་པའི་ལྷ། །རྒྱལ་བའི་བཀའ་སྡོད་མཐུ་ཆེན་ཁྱོད་ལ་བསྟོད། །ངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །འགྲོ་བའི་དོན་དུ་འབར་བའི་སྐུར་བཞེངས་པ། །དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །མཐུ་ཆེན་དྲག་པོ་འདོད་རྒུར་སྒྱུར་ལ་བསྟོད། །སྤྱིར་ན་ཉིད་ཀྱི་རྫུ་འཕྲུལ་སྟོབས་ཀྱིས་ནི། །སྐུ་མདོག་ཕྱག་མཚན་གཅིག་ཏུ་མ་ངེས་ཀྱང་། །སྔགས་ཀྱི་ཕྱག་མཚན་རྡོ་རྗེ་རྩེ་དགུ་བསྣམས། །རྡོ་རྗེ་ལེགས་པ་ཁྱོད་ལ་ཕྱག་འཚལ་བསྟོད། །ཆོས་དབྱིངས་ལྷུན་གྲུབ་ངང་ལས་མ་གཡོས་ཀྱང་། །རང་མདངས་དྲག་པོའི་ཆ་ལུགས་ཅིར་ཡང་སྟོན། །བསྟན་པ་བསྲུངས་བའི་ཕྲིན་ལས་སྣ་ཚོགས་མཛད། །དམ་ཅན་སྐྱེས་བུ་ཁྱོད་ལ་ཕྱག་འཚལ་བསྟོད། །འགྱུར་མེད་བདེ་ཆེན་ཆོས་དབྱིངས་རང་རྩལ་ལས། །སྟོན་ཟླའི་མདོག་འདྲ་ཁྲོ་ཆགས་ཉམས་འབར་ཞིང་། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བའི་ལྷ། །ཇོ་བོ་ལྷ་ཡི་བཙན་རྒོད་ཆེན་པོར་བསྟོད། །སངས་རྒྱས་བསྟན་སྲུང་ཆོས་སྐྱོང་མངོན་རྒྱུགས་ཅན། །མ་འོངས་དུས་ན་ནག་ཕྱོགས་འཇོམས་པའི་དཔལ། །སྐྱེས་མཆོག་རིག་འཛིན་སྒྲུབ་པའི་དགྲ་བླ་ཡིན། །བསྟན་སྲུང་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། །སྲིད་པ་གསུམ་གཡོ་ཁམས་གསུམ་རབ་ཏུ་འཁྲུགས། །གར་རྦད་ས་རུ་དམ་ཉམས་ཐལ་བར་རློག །གར་ཕེབས་ས་རུ་མི་རོ་རགས་སུ་འཆེར། །གནོད་སྦྱིན་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བདེ་ཆེན་ཆོས་དབྱིངས་འདུ་འབྲལ་མེད་པའི་ཀློང་། །དུས་གསུམ་རྒྱལ་བའི་ཡུམ་དང་དབྱེར་མེད་ཅིང་། །མཁའ་སྤྱོད་རིག་པ་འཛིན་པའི་རྣལ་འབྱོར་མ། །གནས་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ་ལ་བསྟོད། །དཀྱིལ་འཁོར་སློབ་དཔོན་པདྨ་སམྦྷ་བའི། །བཀའ་ཉན་དམ་ཚིག་རྗེས་དགོངས་གཏེར་གྱི་བདག །མཐུ་རྩལ་ཐོགས་མེད་རྣམ་བཞིའི་ཕྲིན་ལས་ཀྱིས། །དམ་ལྡན་རེ་སྐོང་བཙན་རྒོད་ཁྱོད་ལ་བསྟོད། །རྡོ་རྗེ་གཞོན་ནུ་ཡབ་ཡུམ་མཁའ་ཀློང་ནས། །ཐུགས་རྗེ་དྲག་གཏུམ་ཁྲོས་པའི་ཆོ་འཕྲུལ་ལས། །མི་སྲུན་མ་ཧཱ་ཀ་ལ་ཤྭ་ན་ཆེ། །ཕྲ་མེན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །མཐུ་རྩལ་ཐོགས་མེད་དུས་མཐའི་མེ་བཞིན་དུ། །གདུག་ཅན་དགྲ་བགེགས་ཐལ་བར་བརླག་མཛད་པའི། །རྡོ་རྗེ་ཕུར་པའི་ཟབ་གཏེར་སྐྱོང་བའི་བདག །ལྡང་ལྷ་ཆེན་པོ་འཁོར་དང་བཅས་ལ་བསྟོད། །གཏུམ་རྔམས་རབ་འཇིགས་ཤིན་ཏུ་མི་བཟད་པ། །པདྨའི་ཟབ་ཆོས་སྤྱོད་པའི་རྣལ་འབྱོར་ལ། །མ་ལྟར་བརྩེ་བའི་བསྟན་སྲུང་མཐུ་བོ་ཆེ། །གནོད་སྦྱིན་ཙིའུ་དམར་པོ་འཁོར་བཅས་བསྟོད། །རྒྱལ་ཀུན་གསུང་གི་རྡོ་རྗེ་རྟ་མཆོག་དཔལ། །མ་དག་སྣང་བའི་འཇིག་རྟེན་དྲེགས་པའི་ཚུལ། །སངས་རྒྱས་བསྟན་པ་གཉན་པོ་སྲུང་མཛད་པའི། །སྐུ་ལྔ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཁམས་གསུམ་ཀུན་ལས་རྒྱལ་བའི་སྟོབས་ལྡན་སྐུ། །དྲག་སྔགས་ཚ་ཟེར་ཐོག་འབེབས་དབྱར་རྔའི་གསུང་། །ཆོས་དབྱིངས་ལྷན་སྐྱེས་བདེ་ཆེན་རོ་གཅིག་ཐུགས། །བསྟན་སྲུང་དགྲ་ལྷའི་གཙོ་ལ་ཕྱག་འཚལ་བསྟོད། །རིག་འཛིན་སྒྲུབ་པའི་རྣལ་འབྱོར་བདག་ཅག་གི །ཕྲིན་ལས་རྣམ་བཞིའི་ལས་རྣམས་སྒྲུབ་པ་དང་། །པདྨའི་ཟབ་གཏེར་སྐྱོང་བའི་མཐུ་བོ་ཆེ། །གྲི་བཙན་ཆེན་པོ་འཁོར་དང་བཅས་ལ་བསྟོད། །ས་བརྒྱད་དབང་ཕྱུག་སེམས་དཔའ་རིན་ཆེན་མང་། །ནམ་མཁའི་མཛོད་མངའ་དབུལ་བའི་གདུང་བ་འཕྲོག །ཡིད་བཞིན་འདོད་དགུའི་ཆར་འབེབས་དཔག་བསམ་ཤིང་། །རྣམ་མང་ཐོས་སྲས་ངལ་བསོའི་བུ་ལ་བསྟོད། །བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་། །ཐུགས་རྗེས་ཆགས་པའི་སྐུ་མདོག་དམར་པོར་བཞུགས། །དབང་གི་ཕྲིན་ལས་རྫོགས་མཛད་ཛམྦྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ཁྱོད་ལ་བསྟོད། །རབ་ཁྲོས་གནོད་སྦྱིན་བྱ་གཅན་སྤྲུལ་པ་འགྱེད། །རྔོག་ཆགས་ལ་གནོད་དགྲ་བགེགས་བརླག་མཛད་པའི། །ཆོས་སྐྱོང་སྲུང་མ་རྡོ་རྗེ་རེ་མནྟ། །རྟ་ལྷའི་རྒྱལ་པོ་འཁོར་དང་བཅས་ལ་བསྟོད། །རྟ་མཆོག་ངང་པ་སྤྲིན་དཀར་ཆད་འདྲའི་སྟེང་། །ལྷ་གཉན་དཀར་པོ་ཟླ་བ་རྒྱས་འདྲའི་ཞལ། །དར་དང་རིན་ཆེན་རྒྱན་སྤྲས་འཛུམ་མཛེས་ལྡན། །དཀར་ཕྱོགས་སྐྱོང་བ་ཁྱོད་ལ་ཕྱག་འཚལ་བསྟོད། །པདྨ་ཐོད་ཕྲེང་བཀའ་ཉན་ཐ་ཚིག་ཅན། །ཡུལ་ལྷ་སྨན་མོ་ཀླུ་གཉན་ཀུན་གྱི་གཙོ། །སྨན་བཙུན་ཆེན་མོ་ཟིལ་ཁྲོམ་གསང་བའི་ཡུམ། །དཀོར་བདག་ཆེན་པོ་འཁོར་དང་བཅས་ལ་བསྟོད། །ཧས་པོ་རི་དང་རི་རྒྱལ་བཀྲ་བཟང་སོགས། །ཕྱག་རྡོར་རྟ་མགྲིན་རྡོ་རྗེ་གཞོན་ནུ་ཡིས། །དམ་ལ་བཞག་པའི་བསྟན་སྲུང་མཐུ་བོ་ཆེ། །དྲི་ཟའི་རྒྱལ་པོ་འཁོར་དང་བཅས་ལ་བསྟོད། །སྔོན་ཚེ་པདྨ་འབྱུང་གནས་སྤྱན་སྔ་རུ། །སྒྲུབ་ལ་དངོས་གྲུབ་སྩོལ་བར་ཞལ་བཞེས་པའི། །དཀར་ཕྱོགས་སྐྱོང་བ་ཡོངས་ཀྱི་ཟོ་དོར་གཙོ། །གནས་བདག་ནོར་བུ་གཡུལ་རྒྱལ་འཁོར་བཅས་བསྟོད། །འབར་བའི་ཕོ་བྲང་བླ་མཚོ་ནག་པོ་རུ། །ཀླུ་སྲིན་བཤོས་པའི་བསྟན་སྲུང་དྲག་རྩལ་ཅན། །སྐུ་གཅིག་སྤྲུལ་བསྒྱུར་སྣ་ཚོགས་འགྱེད་མཛད་པ། །གཏེར་སྲུང་དགེ་བསྙེན་སྙོན་ཁ་འཁོར་བཅས་བསྟོད། །བདེ་གཤེགས་བཀའ་ཡི་བསྟན་པ་སྲུང་བའི་ཕྱིར། །ངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །གཟུགས་སྐུ་དྲེགས་པའི་ཚུལ་དུ་སྐུར་སྟོན་པ། །མཐུ་ཆེན་སྡེ་དཔོན་སུམ་ཅུའི་ཚོགས་ལ་བསྟོད། །མི་འགྱུར་བདེ་ཆེན་ཆོས་དབྱིངས་ངང་ཉིད་ལས། །མ་རུང་འདུལ་ཕྱིར་དྲག་པོའི་སྐུར་སྟོན་པ། །སྒྱུ་འཕྲུལ་རྡོ་རྗེའི་གར་མཛད་མ་མོའི་གཙོ། །རྒྱལ་བའི་བསྟན་སྲུང་གཙོ་ལ་ཕྱག་འཚལ་བསྟོད། །འཇམ་དཔལ་ཁྲག་འཐུང་གཤིན་རྗེ་གཤེད་པོ་ཡི། །བཀའ་ཉན་ལས་བྱེད་མི་སྲུན་དྲེགས་པའི་སྡེ། །བསྟན་པའི་བཀའ་སྲུང་མཐུ་སྟོབས་རྫུ་འཕྲུལ་ཅན། །ལས་ཀྱི་གཤིན་རྗེ་འཁོར་དང་བཅས་ལ་བསྟོད། །ཆོས་སྐུ་འགྱུར་མེད་རྡོ་རྗེ་ཁྲོས་མ་ནག །གདུལ་དཀའི་གཤེད་གྱུར་རྒྱལ་བའི་བསྟན་སྲུང་གཙོ། །མཐུ་རྩལ་ཐོགས་མེད་དགྲ་བོའི་སྲོག་གཅོད་པའི། །མཁའ་འགྲོ་སྤྱང་ཞོན་མཆེད་གསུམ་ཕྱག་འཚལ་བསྟོད། །རབ་འཇིགས་གནས་མཆོག་ཟངས་རི་མཁར་དམར་དུ། །རྗེ་བཙུན་མ་གཅིག་ལབ་ཀྱི་སྒྲོན་མ་ཡིས། །བཀའ་བསྒོས་གཅོད་ཡུལ་བསྟན་སྲུང་ཞལ་བཞེས་པའི། །བཙན་རྒོད་སྲོག་ཟན་ཤན་པ་མཆེད་གཉིས་བསྟོད། །ཀླུ་རྒྱལ་དུང་སྐྱོང་སྲས་མོ་གཟི་འབར་མ། །འཛད་མེད་རིན་ཆེན་དངོས་གྲུབ་ཀུན་ཀྱི་བདག །རྒྱལ་བའི་ཟབ་གཏེར་སྐྱོང་བར་ཞལ་བཞེས་པའི། །གཏེར་སྲུང་ཀླུ་སྨན་འཁོར་དང་བཅས་ལ་བསྟོད། །ཤར་ཕྱོགས་རྨ་གཡང་ཀུན་གྱི་གཏེར་བདག་པོ། །པད་འབྱུང་བཀའ་ཉན་ཡུལ་ལྷ་ཀུན་ཀྱི་གཙོ། །རྨ་གཡང་འདོད་རྒུའི་དངོས་གྲུབ་སྩོལ་མཛད་པའི། །རྨ་རྒྱལ་སྤོམ་ར་འཁོར་དང་བཅས་ལ་བསྟོད། །རྒྱལ་བ་རྣམས་ཀྱི་བཀའ་ལས་མི་འདའ་ཞིང་། །སྒྲུབ་ལ་དངོས་གྲུབ་སྩོལ་བའི་དམ་ཚིག་ཅན། །རྣོ་མཐོང་མངོན་ཤེས་སྟོན་པའི་ལྷ་རྣམས་དང་། །ཡེ་ཤེས་ཁྱེའུ་ཆུང་སྨན་སྲུང་ཚོགས་ལ་བསྟོད། །བྱང་ཕྱོགས་གནོད་སྦྱིན་རྫོང་གི་ཕོ་བྲང་ནས། །གནོད་སྦྱིན་ཡོངས་ཀྱི་དེད་དཔོན་མཐུ་རྩལ་ཅན། །གསང་བདག་བཀའ་ཉན་གཏེར་སྲུང་ཁོལ་པོ་ཁ། །འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་བསྟོད། །སྡང་དགྲ་བཅོམ་ཞིང་བགེགས་དཔུང་ཐལ་བར་རློག །གཞན་སྡེ་ཕམ་ཞིང་རང་ཉིད་རྒྱལ་བ་དང་། །ཆབ་སྲིད་སྙན་གྲགས་ཕྱོགས་བཅུར་རྒྱས་མཛད་པའི། །འཛམ་གླིང་དབང་སྒྱུར་གེ་སར་རྒྱལ་པོར་བསྟོད། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མྱུར་མགྱོགས་ཡོན་ཏན་གཟི་བརྗིད་ཆེ་བ་དང་། །སྙན་གྲགས་རྒྱས་དང་དཔའ་སྙིང་ཆེ་བ་ཡི། །རླུང་རྟ་བསྐྱེད་པའི་མྱུར་མཛད་ལྷ་རྣམས་བསྟོད། །ཅེས་བརྗོད་ཅིང་འདི་བར་སྤྲོ་ན་དམ་ཅན་སོ་སོའི་གཏོར་ཆོག་ཀྱང་བཏང་། མ་བཏང་ནའང་རུང་ངོ་། །སྐབས་འདིར་སྤྲོ་ཞིང་ནུས་ན་ནི་དམ་ཅན་སྤྱིའི་བསྐང་བ་ཡིད་བཞིན་རེ་སྐོང་ཀྱང་འདིར་བཏང་ན་ལེགས། མ་བཏང་ན་ཡང་འགལ་བ་མེད་དོ། །གང་ལྟར་ཡང་དམ་ཅན་གྱི་གཏོར་མ་ལ་དགྲ་བགེགས་དགུགས་བསྟིམ་བྱ་བ་ནི། དམ་ཅན་སྤྱི་གཏོར་ལྟར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་དག་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི། གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་པའི་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་། སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷནྡྷེ་ཧོཿ བཛྲ་ཨ་ཝེ་ཤ་ཡ་ཨ་ཨཿ དེ་ནས། རྃ་ཡྃ་ཁྃ། ཨོཾ་ཨཱཿ་ཧཱུྃ་གིས་བྱིན་གྱིས་བརླབས་ནས། སྤྲོ་ན་དམ་ཅན་སོ་སོའི་རྩ་སྔགས་མཐར་ཁཱ་ཧི་བཏག་པ་དང་། ཡང་ན། ཨོཾ་གུ་རུ་དྷེ་ཝཱ་ཌཱ་ཀཱི་ནི་དྷརྨ་པཱ་ལ་ཀྵེ་ཊ་པ་ལ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་ནམ་གསུམ་གྱིས་ཕུལ་ལ། དེ་ནས་དམ་ཅན་རྣམས་ལས་ལ་བསྐུལ་བ་ནི། ཧཱུྃ། སྐྱེ་མེད་ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་། །འགགས་མེད་རྩལ་ལས་སྣ་ཚོགས་ཤར་བའི་ལྷ། །བཅོམ་ལྡན་དཔལ་ཆེན་རྟ་མགྲིན་ཁྲོ་བོའི་རྒྱལ། །ལེགས་ལྡན་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག །ལྷ་ཆེན་དཔལ་འབར་བདུད་མགོན་མ་ནིང་ནག །བདུད་འདུལ་ལས་ཀྱི་དབང་ཕྱུག་ཚོགས་ཀྱི་བདག །དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ཞིང་སྐྱོང་སེང་གེའི་གདོང་ཅན་ཡབ་དང་ཡུམ། །མ་མོ་ཆེན་མོ་ཨེ་ཀ་ཙ་ཏི་མ། །འདོད་ཁམས་དབང་ཕྱུག་དཔལ་ལྡན་རེ་མ་ཏི། །རྡོ་རྗེ་གཤོག་རྒོད་མ་མོ་ཡོངས་ཀྱི་རྗེ། །དུས་བཞི་དབང་སྒྱུར་ཤན་པ་སྲོག་སྒྲུབ་མ། །བོད་ཁམས་སྐྱོང་བའི་མ་ཡམས་བརྟན་མའི་ཚོགས། །རྒྱལ་བའི་ཡུམ་ཆེན་རྡོ་རྗེ་ཀུན་བཟང་མོ། །སྨན་བཙུན་ལྷ་མོ་རྡོ་རྗེ་གཡུ་སྒྲོན་མ། །དབང་ཕྱུག་ཆེན་པོ་ཤྲཱི་རལ་བ་ཅན། །དྲག་རྩལ་ཐོགས་མེད་གཟའ་བདུད་རཱ་ཧུ་ལ། །འཛམ་གླིང་སྐྱེས་མཆོག་བཛྲ་ས་དྷུ་རྩལ། །སྐྱེས་བུ་ཆེན་པོ་མགར་ནག་ར་ཞོན་དང་། །ཇོ་བོ་ལྷ་ཡི་བཙན་རྒོད་རྡོ་རྗེ་འབར། །དགེ་བསྙེན་ཆེན་པོ་གསང་བ་ནོར་གྱི་བདག །གནོད་སྦྱིན་ཤན་པ་དམར་ནག་འཇིགས་པའི་སྐུ། །སྣང་སྲིད་མཁའ་འགྲོའི་གཙོ་མོ་རིག་འཛིན་མ། །ཕྱི་ནང་གསང་བའི་བཙན་རྒོད་རབ་ཏུ་གཏུམ། །ཕུར་པའི་ལས་མཁན་སྲུང་མ་བཅུ་གཉིས་ཚོགས། །མཐུ་སྟོབས་ཐོགས་མེད་ལྡང་ལྷ་མཆེད་གསུམ་དང་། །དམ་ཉམས་དགྲ་སྲོག་རྔམས་པའི་ཙིའུ་དམར། །རྒྱལ་པོ་ཆེན་པོ་ལི་བྱིན་སྐུ་ལྔ་དང་། །རྡོ་རྗེ་གྲགས་ལྡན་དགྲ་ལྷ་ཀུན་གྱི་གཙོ། །གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ། །ཡིད་བཞིན་ནོར་བུ་རྒྱལ་པོ་རྣམ་ཐོས་སྲས། །དབང་གི་ཕྲིན་ལས་རྫོགས་མཛད་ཛམ་ལྷ་དམར། །རྡོ་རྗེ་ཁྲོ་རྒྱལ་ཨཱརྱ་རེ་མནྟ། །ཁྲོ་རི་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་རྩལ། །དཀོར་བདག་ཆེན་མོ་རྒོད་ལྕམ་ཤེལ་རུ་སྨན། །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང་། །གནས་བདག་ནོར་བུ་གཡུལ་རྒྱལ་མཐུ་རྩལ་ཅན། །གཏེར་སྲུང་དགེ་བསྙེན་ཆེན་པོ་སྙོན་ཁ་དང་། །དྲེགས་པའི་སྡེ་དཔོན་སུམ་ཅུ་རྩ་གཉིས་པོ། །རྒྱལ་བའི་བསྟན་སྲུང་དུར་ཁྲོད་ལྷ་མོ་མཆོག །ལས་གཤིན་ནག་པོ་དྲེགས་པ་ཡོངས་ཀྱི་གཙོ། །གཏེར་སྲུང་མཁའ་འགྲོ་ཆེན་མོ་སྤྱང་ཞོན་མ། །གཅོད་ཡུལ་བཀའ་སྲུང་ཟངས་རི་མཆེད་གཉིས་དང་། །གཏེར་སྲུང་ཀླུ་མོ་ཆེན་མོ་གཟི་འབར་མ། །མཐུ་ཆེན་རྨ་རྒྱལ་སྤོམ་ར་ལྷ་ཡི་སྲས། །སྨན་སྲུང་ལྷ་སྨན་རིག་འཛིན་དྲང་སྲོང་ཚོགས། །ཟབ་གཏེར་བསྟན་སྲུང་གནོད་སྦྱིན་ཁོལ་པོ་ཁ། །གེ་སར་དགྲ་ལྷའི་རྒྱལ་པོར་འཁོར་དང་བཅས། །སྲིད་གསུམ་དབང་མཛད་རླུང་རྟ་བསྐྱེད་པའི་ལྷ། །རང་རང་གཡོག་འཁོར་ལྷ་སྲིན་དྲེགས་པའི་ཚོགས། །སྔོན་ཚེ་ཐུགས་དམ་དབང་གིས་གནས་འདིར་གཤེགས། །སྣང་བ་བདེ་ཡངས་སྣོད་ལ་རིག་པ་ཡི། །འཁྲུལ་སྣང་སྲིད་ཞིའི་གཏོར་ལ་དངོས་གྲུབ་དཔལ། །འབྱུང་བའི་མ་བཞིན་སྣང་སྩལ་འགགས་མེད་རྣམས། །ལེགས་འབུལ་དངོས་འབྱོར་ཤ་ཁྲག་གཟུགས་རབ་མཆོག །བཟའ་བཏུང་བཅུད་ལྡན་རབ་མཛེས་བྷ་ལིངྟ། །སྨན་དང་རཀྟ་ཕྱི་ནང་གསང་བ་ཡི། །རྨད་དུ་བྱུང་བའི་མཆོད་རྫས་ཅི་སྙེད་ཀུན། །སོ་སོའི་ཐུགས་ལ་ཅི་ལྟར་འདོད་པ་བཞིན། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡིས། །དཔག་མེད་ནམ་མཁའི་ཁྱོན་རྣམས་ཡོངས་བཀང་སྟེ། །གུས་པའི་སེམས་ཀྱིས་རབ་ཏུ་འབུལ་བ་འདིས། །སྔར་མཛད་ལས་ཀྱི་གཏང་རག་གཉན་པོ་དང་། །ད་བཅོལ་ལེགས་པའི་ལས་ཀྱི་གསོལ་འདེབས་སུ། །འབུལ་ཕྱིར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད། །ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནད་གདོན་གནོད་པ་མ་ལུས་ཞི་བ་དང་། །ཚེ་བསོད་རྒྱས་ཤིང་དོན་གཉིས་ལྷུན་གྱིས་འགྲུབ། །སྲིད་གསུམ་དབང་དུ་འདུ་བའི་ཕྲིན་ལས་མཛོད། །སྤྱིར་ན་སངས་རྒྱས་བསྟན་པའི་སྤྱི་དགྲ་དང་། །དཀོན་མཆོག་སྐུ་དགྲ་རྣལ་འབྱོར་སྒོས་དགྲ་རྣམས། །ད་ལྟ་ཉིད་དུ་སྒྲོལ་བའི་ཕྲིན་ལས་མཛོད། །གཞན་ཡང་ཡུལ་རིས་རྒྱལ་ཁམས་ཐམས་ཅད་དུ། །ནད་མཚོན་མུ་གེའི་བསྐལ་བ་རབ་ཞི་ནས། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ལོ་ཕྱུགས་ལེགས་ཤིང་དཔལ་དང་འབྱོར་བས་ཕྱུག །ཅི་བསམ་དོན་རྣམས་རབ་ཏུ་འགྲུབ་ནས་ཀྱང་། །ཕུན་ཚོགས་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །ཅེས་ཕུད་དང་གཏོར་མ་གཙང་སར་མཆོད། དེ་ནས་གཏང་རག་མཆོད་བསྟོད་ནི། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པཱ་རི་ཝཱ་ར་ཨཱརྒྷཾ་སོགས་ནས་ཤབྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ཁཱ་ཧིཿ ཞེས་མཆོད་ཅིང་བསྟོད་པ་ནི། སྔོན་ཚེ་ཨོ་རྒྱན་ཆེན་པོའི་སྤྱན་སྔ་རུ། །ཚུལ་བཞིན་སྒྲུབ་པར་བྱེད་པའི་གང་ཟག་ལ། །མ་ཡིས་བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ཅིང་། ནོངས་པ་བཤགས་པ་ནི།མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱིས་པ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་བརྗོད་ཅིང་ནོངས་པ་བཤགས། རྟེན་ཡོད་ན་བརྟེན་བཞུགས་སྤྱི་ལྟར་བྱ་བ་ནི། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྟན་བཞུགས་དང་། རྟེན་མེད་ན་ནི། བཛྲ་མུས་གཤེགས་གསོལ་བྱ། དེ་ནས་དགེ་བ་བསྔོ་བ་ནི། དགེ་བ་འདི་ཡིས་བདག་དང་སེམས་ཅན་ཀུན། །ཕྱི་ནང་ཉེར་འཚེའི་བར་ཆད་ཀུན་ཞི་ཞིང་། །ཚེ་བསོད་རྒྱས་ཤིང་ཉམས་རྟོགས་ཡེ་ཤེས་འབར། །མཐར་ཐུག་བླ་མེད་བྱང་ཆུབ་མཆོག་ཐོབ་ཤོག །བཀྲ་ཤིས་ནི། ཧཱུྃ། མི་ཤིགས་གཉུག་མའི་དོན་གྱི་གཞལ་ཡས་ནས། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །བདེ་ཆེན་འགྱུར་མེད་ཆོས་དབྱིངས་ཕོ་བྲང་ནས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །གནས་ཡུལ་ཉེར་བཞིའི་དུར་ཁྲོད་ཆེན་པོ་ནས། །མ་སྲིང་མཁའ་འགྲོའི་ཚོགས་ཀྱི་བཀྲ་ཤིས་ཤོག །དམ་ཉམས་དགྲ་བགེགས་འདུལ་བའི་ཕོ་བྲང་ནས། །དམ་ཅན་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར་ཞིང་རོལ་མོའི་སྒྲ་སྒྲོག་གོ །ཞེས་པ་འདི་ནི་རྫོགས་ཆེན་བཞི་པ་ཨོ་རྒྱན་ཆེ་མཆོག་དཔལ་གྱི་རྡོ་རྗེས་མཛད་པའི་དམ་ཅན་སྤྱི་ལ་གཏོར་མ་འབུལ་ཐབས་འདོད་པའི་རེ་སྐོང་ནི་བདག་འདྲ་བླུན་རྨོངས་ལས་དང་པོ་པ་རྣམས་ལ་ཚིག་ཅུང་ཟད་བསྡུ་ཆེ་བ་ལྟ་བུའི་དབང་གིས་དོན་གསལ་ཐེབས་པར་དཀའ་བས་རྡོ་རྗེའི་ཚིག་དེ་ཉིད་ལ་གཞི་བྱས་ཏེ། སྨིན་གླིང་དམ་ཅན་སྤྱི་གཏོར་གྱི་འགྲོས་ལྟར་ཅུང་ཟད་རྒྱས་ཤིང་སྤྲོས་པ་དོན་གཉིས་མྱུར་འགྲུབ་ཅེས་བྱ་བ་འདི་ནི། རང་ལོ་བཅོ་བརྒྱད་ཀྱི་སྟེང་དུ་པདྨ་ཐེག་མཆོག་བསྟན་འཛིན་གྱིས་རྫོང་གསར་བཀྲ་ཤིས་ལྷ་རྩེ་ནས་བྲིས་པ་འདིས་ཀྱང་། རྣལ་འབྱོར་རིག་པ་འཛིན་པ་རྣམས་ཀྱིས་གནས་སྐབས་སུ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང་། རིམ་གཉིས་ཀྱི་ལམ་ལ་བརྟེན་ནས། མཐར་ཐུགས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་རིང་པོར་མི་ཐོགས་པར་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག

བསྟན་སྲུང་དམ་ཅན་རྒྱ་མཚོ་སྤྱི་ཡི་བསྐང་བ་ཡིད་བཞིན་རེ་སྐོང་ཞེས་བྱ་བ་བཞུགས་སོ།།

ཨོཾ་སྭ་སྟི། བདེ་ཆེན་ཡེ་ཤེས་ལྔ་ཡི་བདག །དཀྱིལ་འཁོར་ཀུན་གྱི་འབྱུང་གནས་མཆོག །དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ། །སྙིང་ནས་གུས་པས་ཕྱག་འཚལ་འདུད། །དེ་ལ་འདིར་བསྟན་སྲུང་དམ་ཅན་རྒྱ་མཚོ་སྤྱི་ལ་བསྐང་བཤགས་བྱེད་པར་སྤྲོ་ན་དམ་ཅན་སོ་སོའི་རྟེན་དང་སྤྱན་གཟིགས་སྐོང་རྫས་སྨན་གཏོར་རཀྟ་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་སྤྲོས་བཅས་སྤྲོས་མེད་དུས་སྐབས་དང་བསྟུན་པར་བཤམས་ལ། རང་ཉིད་ཡི་དམ་གྱི་ང་རྒྱལ་བརྟན་པོ་དང་མ་བྲལ་བའི་ངང་ནས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཨོཾ་སྭཱ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿ་སྭཱ་བྷཱ་ཝ་ཤུདྡྷོ྅་ཧཾཿ སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་བཀོད་པ་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱིས་རྣམ་པ་མཁོ་དགུ་ཚང་བ། བཟང་དགུའི་འབྱོར་པ། མཛེས་དགུས་བརྒྱན་པ། ངོ་བོ་ཡེ་ཤེས་ཀྱི་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་འཆར་བའི་ནམ་མཁའི་ཁམས་གང་བར་གྱུར། ན་མཿ་སརྦ་ཏ་ཐཱ་ག་ཏ་སོགས། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ལ། གདུང་བའི་དབྱངས་ཀྱིས་འདི་སྐད་དོ། །ཧཱུྃ་ཧྲཱིཿ དུར་ཁྲོད་རབ་འཇིགས་རྔམས་པའི་གཞལ་ཡས་ཁང་། །ཐོད་མཁར་མེ་རླུང་འཚུབ་མ་འུ་རུ་རུ། །དམར་ཆེན་ཁྲག་གི་རྒྱ་མཚོ་རྦ་རླབས་འཁྲུགས། །ཞིང་ཆེན་ཞིང་ཆུང་ཕོ་མོ་གཅལ་དུ་བཀྲམ། །མི་རོའི་རྒྱལ་མཚན་ཙིཏྟའི་ཏོག་གིས་མཛེས། །རྒྱུ་རློན་ནང་རོལ་དྲྭ་ཕྱེད་བསམ་མི་ཁྱབ། །ཞིང་ཆེན་བླ་བྲེ་ཞིང་ཆུང་འཕན་གྱིས་མཛེས། །གཏུམ་དྲག་བཟོད་པར་དཀའ་བའི་ཕོ་བྲང་ཆེ། །ཕྱི་རོལ་འཁོར་ཡུག་དུར་ཁྲོད་ཆེན་པོ་ན། །ཀང་ཀ་ལ་སོགས་དུར་བྱ་སྣ་ཚོགས་དང་། །ཤ་ཟ་སྲིན་པོ་རོ་ལངས་འཇིགས་པའི་ཚོགས། །མི་བཟད་གཅན་གཟན་མང་པོ་རྒྱུག་འདྲལ་བྱེད། །དུར་ཁྲོད་ཆས་རྣམས་མ་ལུས་ཡོངས་སུ་རྫོགས། །ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་གནས་མཆོག་དམ་པ་ནས། །རྩ་བརྒྱུད་བླ་མ་རྒྱལ་བ་སྲས་དང་བཅས། །ཡི་དམ་ཞི་ཁྲོ་རྒྱུད་སྡེ་སྒྲུབ་སྡེའི་ལྷ། །གནས་གསུམ་དཔའ་བོ་མཁའ་འགྲོ་རྒྱ་མཚོའི་ཚོགས། །མི་མངོན་དབྱིངས་ཀྱི་གནས་མཆོག་དམ་པ་ནས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །ཧཱུྃ་ཧྲཱིཿ དབང་ཆེན་རོལ་བའི་ཞིང་ཁམས་ཆེན་པོ་ནས། །གར་གྱི་དབང་ཕྱུག་ཐུགས་རྗེའི་རྣམ་རོལ་ལས། །ཡོངས་ཤར་རྟ་མགྲིན་ནག་པོ་ལྕགས་རལ་ཅན། །དྲེགས་པ་སྡེ་བརྒྱད་འཁོར་ཚོགས་བཅས་པ་རྣམས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །རི་རྒྱལ་མ་ལ་ཡ་ཡི་རྩེ་མོ་ནས། །ལེགས་ལྡན་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག །གསང་བའི་ཡུམ་ཆེན་ཀྲོ་ཏི་ཤྭ་རི་མ། །སྤྲུལ་པ་ཡང་སྤྲུལ་འཁོར་གཡོག་བཅས་པ་རྣམས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །གསང་ཆེན་རོལ་བའི་དུར་ཁྲོད་ཆེན་པོ་ནས། །གདུལ་དཀའི་གཤེད་གྱུར་དཔལ་མགོན་མ་ནིང་ནག །སྲོག་བདུད་དཔལ་འབར་དྲེགས་པ་སྡེ་བརྒྱད་ཚོགས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །བདུད་འདུལ་ལས་ཀྱི་དབང་ཕྱུག་ཚོགས་ཀྱི་བདག །སྦྱོར་བའི་ཡུམ་ཆེན་ཡཀྴ་བཻ་ཏ་ལི། །སྐུ་གསུང་ཐུགས་མགོན་ཕྱོགས་བཅུའི་མགོན་པོ་བཅུ། །སྡེ་བརྒྱད་དྲེགས་པའི་གཙོ་བོ་ཆེ་རྣམས་དང་། །བཀའ་སྡོད་ལྷ་དམག་བྱེ་བ་དུང་ཕྱུར་སོགས། །ཁྱད་པར་དགྲ་ལྷ་བཅུ་གསུམ་དམག་དཔུང་བཅས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །བསིལ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་ནས། །དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ཡུམ་ཆེན་ལྷ་མོ་མ་མོ་ཙནྟི་ནག །བཀའ་ཉན་འཁོར་ཚོགས་སྐྱོང་བའི་ཚོགས་རྣམས་ཀྱང་། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །འཇིགས་རུང་མཁའ་སྤྱོད་ཕོ་བྲང་ཙ་རི་ནས། །མི་སྡུག་མི་བསྲུན་ཞིང་སྐྱོང་སེང་གེའི་གདོང་། །ཡུམ་མཆོག་བདུད་མོ་ནག་མོ་ཁྲག་རལ་ཅན། །ལས་བྱེད་དུས་མཚན་པོ་གྲོ་དགྲ་བོའི་གཤེད། །བཀའ་ཉན་ལས་བྱེད་དྲེགས་པའི་ཚོགས་རྣམས་བཅས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །མི་མངོན་དབྱིངས་ཀྱི་གནས་མཆོག་དམ་པ་ནས། །དྲག་པོའི་ཤུགས་འཆང་ཨེ་ཀ་ཙ་ཏྲི་མ། །ཡེ་ཤེས་ལས་དང་འཇིག་རྟེན་མཁའ་འགྲོའི་ཚོགས། །བྱེ་བ་འབུམ་གྱི་འཁོར་ཚོགས་བཅས་པ་རྣམས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །རི་རབ་བྱང་ཤར་ཡོངས་འདུའི་ཤིང་གི་དྲུང་། །མུ་ལེ་མཐིང་གི་རྒྱ་མཚོའི་ཀློང་དཀྱིལ་ནས། །སྲིད་པ་གསུམ་ལ་དབང་སྒྱུར་མཐུ་མོ་ཆེ། །དཔལ་ལྡན་ལྷ་མོ་ཆེན་མོ་སྔགས་བདག་མ། །དྲེགས་པ་བདུན་དང་མ་མོ་བྱེ་བ་བཅས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །རང་བཞིན་ཆོས་ཀྱི་དབྱིངས་ཀྱི་གནས་མཆོག་ནས། །དཔལ་ལྡན་ལྷ་མོ་རྡོ་རྗེ་གཤོག་རྒོད་མ། །དབྱར་གྱི་ཆར་སྤྲིན་གཏིབ་པ་ལྟ་བུའི་སྐུ། །ཏི་རིའི་གནས་ནས་བྱིས་པའི་དུར་བྱེད་མ། །མི་དུར་གཅོད་བྱེད་ནག་མོ་མཐུ་མོ་ཆེ། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །བསྐལ་བ་རླུང་ནག་འཚུབ་མའི་དཀྱིལ་འཁོར་ནས། །མ་ཅིག་ཤན་པ་སྲོག་སྒྲུབ་ནག་མོ་ནི། །ལས་དང་ཡེ་ཤེས་ཚོགས་ཀྱི་རྗེ་མོ་རྣམས། །ཤ་ཟ་མ་མོ་འབུམ་སྡེའི་ཚོགས་དང་བཅས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །བལ་ཡུལ་ཁ་ལ་རོང་སྒོའི་དབེན་གནས་སུ། །བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཚོགས། །བདུད་མོ་བཞི་དང་གནོད་སྦྱིན་སྨན་མོ་བཞི། །རང་རང་བྲན་གཡོག་མང་པོའི་འཁོར་དང་བཅས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །གནས་མཆོག་གངས་ཅན་ཤེལ་གྱི་ཟུར་ཕུད་ནས། །རྒྱལ་བའི་ཡུམ་ཆེན་རྡོ་རྗེ་ཀུན་བཟང་མོ། །མཐིང་གི་ཞལ་བཟང་ལ་སོགས་མཁའ་འགྲོ་བཞི། །སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བསམ་མི་ཁྱབ། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །ལྷོ་ཕྱོགས་རིན་ཆེན་བྲག་རིས་གཏམས་པའི་ཞིང་། །ཡིད་འོང་སྨན་ལྗོངས་ནགས་ཚལ་རྒྱས་པའི་དབུས། །དྲི་མེད་དྭངས་གསལ་ཤེལ་གྱི་སྐུ་མཁར་ནས། །བོད་སྐྱོང་བརྟན་མའི་གཙོ་བོ་གཡུ་ཡི་སྒྲོན། །འཁོར་དུ་ཡེ་ཤེས་ཌཱཀྐི་སྡེ་ལྔ་དང་། །བརྟན་མ་བཅུ་གཉིས་སྨན་བཙུན་འབུམ་དང་བཅས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །ཚངས་པའི་གནས་དང་ཙནྡན་ནགས་གླིང་ནས། །པདྨ་གར་དབང་ཐུགས་རྗེའི་རྣམ་རོལ་ལས། །འཇིག་རྟེན་མེས་པོ་ཁམས་གསུམ་ཀུན་ཀྱི་བདག །དབང་ཕྱུག་ཆེན་པོ་ཤྲཱི་རལ་བ་ཅན། །གསང་བའི་ཡུམ་ཆེན་ལྷ་མོ་དཀའ་ཟློག་མ། །འཁོར་གྱི་ལྷ་མོ་ཆེན་མོ་མཆེད་བཞི་བཅས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །སྟོང་གསུམ་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །བསྟན་སྲུང་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །སྤྲུལ་པའི་གཟའ་བརྒྱད་གདོང་མོ་ཆེན་མོ་བཞི། །སྤྲུལ་འཁོར་ལྷ་སྲིན་སྡེ་བརྒྱད་ཚོགས་དང་བཅས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །ཤང་དང་འུ་ཡུག་གནས་མཆོག་དམ་པ་ནས། །འཛམ་གླིང་གནམ་ས་ཕྱེད་ཀྱི་བདག་པོ་ནི། །སྐྱེས་མཆོག་བཛྲ་ས་དྷུ་ཐིག་ལེ་རྩལ། །མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །གཏུམ་དྲག་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །ཁམས་གསུམ་སྐྱེ་འགྲོའི་སྲོག་གི་བདག་པོ་སྟེ། །ར་ཞོན་དམ་ཅན་རྡོ་རྗེ་དགྲ་འཇོམས་རྩལ། །སྡེ་བརྒྱད་དྲེགས་པའི་དམག་དཔུང་བཅས་པ་རྣམས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །ཏི་སེ་དབང་གི་ཕོ་བྲང་ཆེན་པོ་ནས། །ཇོ་བོ་ལྷ་ཡི་བཙན་རྒོད་རྡོ་རྗེ་འབར། །འཁོར་གྱི་བཙན་རྒོད་ཆེན་པོ་མཆེད་བདུན་བཅས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །ནུབ་ཕྱོགས་བླ་མཁར་སྨུག་པོའི་ཕོ་བྲང་ནས། །དམ་ཅན་ནོར་བདག་ཀོང་བཙུན་ཡུམ་དང་བཅས། །འཁོར་གྱི་ནོར་བདག་ཛམ་ལྷ་ཆེན་པོ་བརྒྱད། །དགེ་བསྙེན་ཉེར་གཅིག་བརྟན་མ་བཅུ་གཉིས་དང་། །སུམ་བརྒྱ་དྲུག་ཅུའི་སྤྲུལ་འཁོར་རྒྱ་མཚོའི་ཚོགས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །ཧེ་ཆེན་བརྡལ་བའི་དུར་ཁྲོད་ཆེན་པོ་ནས། །རབ་ཁྲོས་གནོད་སྦྱིན་ཤན་པ་དམར་ནག་ནི། །དུར་ཁྲོད་བདག་པོ་ཤ་ཟ་སྲིན་པོའི་གཟུགས། །ཤིན་ཏུ་འཇིགས་པའི་མེ་འོད་ལུས་ལ་འཕྲོ། །དམ་ཉམས་དགྲ་ཡི་བླ་སྲོག་ཧུབ་ཀྱིས་འདེབས། །ཕོ་ཉ་སྡེ་བརྒྱད་ཤ་ཟ་ཤན་པའི་ཚོགས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །དུར་ཁྲོད་བརྒྱད་དང་གནས་ཡུལ་ཉེར་བཞི་ནས། །ཧཱུྃ་དཀར་སྲས་མོ་དཔལ་མོ་འཛོམ་པ་སྐྱིད། །ཌཱཀྐི་དབང་མོའི་ཚུལ་འཆང་རིག་འཛིན་མ། །རེས་འགའ་རབ་ཁྲོས་ཤ་ཟ་ཁ་མོ་ཆེ། །མ་མོ་མཁའ་འགྲོའི་འཁོར་ཚོགས་བཅས་པ་རྣམས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །ལྗོན་ཤིང་བྲག་རིས་གཏམས་པའི་ཕོ་བྲང་ནས། །ཕྱི་ལྟར་ཀླུ་བཙན་ཤིན་ཏུ་ཁྲོས་པའི་གཟུགས། །ནང་ལྟར་ར་ཙ་དགེ་བསྙེན་ཆེན་པོ་སྟེ། །གསང་བ་གནོད་སྦྱིན་ནོར་བདག་རྒྱལ་པོའི་ཚུལ། །སྤྲུལ་པ་ཉི་ཤུ་རྩ་གཅིག་འཁོར་བཅས་རྣམས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ནས། །དཔལ་ཆེན་ཕུར་བའི་སྲུང་མ་ཆེན་མོ་ནི། །དཔལ་གྱི་བཀའ་ཉན་ཤྭ་ན་མཆེད་བཞི་དང་། །སྲོག་གཅོད་ནག་མོ་བསེ་ཡི་བུ་མོ་བཞི། །དགྲ་བོའི་སྲོག་གཅོད་རེ་ཏི་མཆེད་སྡེ་བཞི། །མ་མོ་རྣམས་ཀྱི་མིང་པོ་གིང་བཞིའི་ཚོགས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །གནས་མཆོག་ལྡང་ལྷ་གསང་བའི་བྲག་ཕུག་ནས། །རྡོ་རྗེ་ཕུར་བའི་ཟབ་གཏེར་སྐྱོང་མཛད་པའི། །ལྷ་ཡི་དགེ་བསྙེན་རྡོ་རྗེ་དྲག་པོ་རྩལ། །བཙན་རྒོད་ཆེན་པོ་སྟོང་གི་ཚོགས་དང་བཅས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །བྱང་ཕྱོགས་ལི་ཡུལ་ལྕང་ར་སྨུག་པོ་ནས། །སྣང་སྲིད་དྲེགས་པ་ཡོངས་ཀྱི་ཆེ་བཙན་མཆོག །གནོད་སྦྱིན་རྒྱལ་པོ་ཆེན་པོ་ཙིའུ་དམར། །རང་གི་ལུས་ལས་བྱུང་བའི་བཙན་དྲུག་དང་། །སྤྲུལ་པ་ཡང་སྤྲུལ་སྡེ་བརྒྱད་ཚོགས་དང་བཅས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །བྷེ་ཏ་ཧོར་གྱི་སྒོམ་གྲྭའི་གནས་མཆོག་ནས། །བཅོམ་ལྡན་རྒྱལ་བ་རིགས་ལྔའི་རྣམ་རོལ་ལས། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྐུ་ལྔ་ཤར། །སྐུ་ཡི་རྒྱལ་པོ་མོན་བུ་པ་ཏྲ་སྟེ། །གསང་བའི་ཡུམ་ཆེན་བདུད་མོ་རོ་ལངས་མ། །བཀའ་བློན་ཤན་པ་བྱ་ཁྲི་མིག་གཅིག་པུ། །གསུང་གི་རྒྱལ་པོ་དགྲ་ལྷ་སྐྱེས་གཅིག་པུ། །གསང་བའི་ཡུམ་ཆེན་མཛེས་བྱེད་པདྨ་སྐྱེས། །བཀའ་ཡི་བློན་པོ་རྡོ་རྗེ་གྲགས་ལྡན་ཏེ། །ཐུགས་ཀྱི་རྒྱལ་པོ་བརྒྱ་བྱིན་མཐིང་ནག་དང་། །ཡུམ་གཅིག་ཤནྟི་རོ་ཟན་མཐུ་མོ་ཆེ། །བློན་པོ་སྲོག་བདག་བཀའ་ཡི་བྱ་ར་བ། །ཡོན་ཏན་རྒྱལ་པོ་གནོད་སྦྱིན་ཤིང་བྱ་ཅན། །གསང་བའི་ཡུམ་ཆེན་གསེར་གྱི་སྤུ་གྲི་མ། །བཀའ་ཡི་བློན་པོ་བྱ་རྒོད་ཐང་ནག་སྟེ། །ཕྲིན་ལས་རྒྱལ་པོ་ཞལ་གསུམ་མི་བོ་ཆེ། །གསང་བའི་ཡུམ་ཆེན་བདུད་བཟའ་སྨིན་དཀར་མ། །བཀའ་ཡི་བློན་པོ་པུ་ཏྲ་ནག་པོ་སྟེ། །གཞན་ཡང་སྤྲུལ་པ་ཡང་སྤྲུལ་སྣ་ཚོགས་དང་། །རུ་འདྲེན་སྡེ་བཞིའི་འཁོར་ཚོགས་བཅས་པ་རྣམས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །དཀོར་མཛོད་གླིང་གི་གནས་མཆོག་དམ་པ་ནས། །དགྲ་བླའི་རྒྱལ་པོ་རྡོ་རྗེ་གྲགས་ལྡན་རྒྱལ། །གསང་བའི་ཡུམ་གཅིག་གཟི་བརྗིད་ཆེན་མོ་དང་། །སྤྲུལ་པ་བློན་པོ་རུ་འདྲེན་ཕོ་ཉའི་ཚོགས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །ཨཱརྱ་པ་ལོའི་གནས་མཆོག་དམ་པ་ནས། །གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ། །མཆེད་ཟླ་ལྷ་སྲིན་སྡེ་བརྒྱད་ཡུམ་དང་བཅས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །རིན་ཆེན་རི་རབ་ལྷུན་པོའི་བྱང་གི་ཕྱོགས། །ནོར་མང་རྣམ་ཐོས་རྒྱལ་པོའི་ཕོ་བྲང་ནས། །ཡིད་བཞིན་ནོར་བུ་རྒྱལ་པོ་རྣམ་ཐོས་སྲས། །ཡུམ་ཆེན་བཞི་དང་ལྷ་མོ་རྣམ་པ་བཞི། །རྣམ་སྲས་སྡེ་བཞི་ཛམ་ལྷ་རིགས་བཞི་དང་། །རྟ་བདག་བརྒྱད་དང་ཀླུ་ཆེན་རྣམ་པ་བརྒྱད། །སྒོ་སྐྱོང་བཞི་དང་ལྷ་ཀླུ་གནོད་སྦྱིན་ཚོགས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །འགྲོ་བའི་དབུལ་ཕོངས་སྡུག་བསྔལ་སེལ་མཛད་ཅིང་། །རྒྱལ་ཀུན་ཡབ་གྱུར་མགོན་པོ་ཛམ་ལྷ་དམར། །སྦས་པའི་ཡུམ་གྱུར་ལྷ་མོ་རིག་བྱེད་མ། །ནོར་ལྷ་རྒྱ་མཚོའི་འཁོར་ཚོགས་བསམ་མི་ཁྱབ། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །སུམ་བརྩེགས་ལྕང་ལོ་ཅན་དང་དགུང་སྔོན་དབུས། །རང་བཞིན་གར་བཞུགས་གནས་མཆོག་དམ་པ་ནས། །རྟ་ལྷའི་རྒྱལ་པོ་ཨཱརྱ་རེ་མནྟ། །རང་འདྲ་ལྔ་བརྒྱའི་འཁོར་ཚོགས་རྒྱ་མཚོ་དང་། །མདོར་ན་རྔོག་ཆགས་སྐྱོབ་པའི་ལྷ་སྲུང་ཚོགས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །གཞན་ཡང་གར་བཞུགས་གནས་མཆོག་དམ་པ་ནས། །རྡོ་རྗེ་གཡུང་དྲུང་རྒོད་ལྕམ་ཤེལ་རུ་སྨན། །ནོར་བུ་གཡུལ་རྒྱལ་ཐང་ལྷ་ཡར་ཞུར་དང་། །དགེ་བསྙེན་སྙོན་ཁ་སྡེ་དཔོན་སུམ་ཅུ་པོ། །དུར་ཁྲོད་ལྷ་མོ་ལས་གཤིན་སྤྱང་ཞོན་ཚོགས། །ཟངས་རི་བཙན་རྒོད་ཀླུ་མོ་གཟི་འབར་མ། །རྨ་རྒྱལ་ལྷ་སྨན་གཏེར་སྲུང་ཁོལ་པོ་ཁ། །དགྲ་ལྷ་རླུང་རྟ་བསྐྱེད་པའི་ལྷ་རྣམས་སོགས། །རང་རང་བྲན་སྡེ་མ་ལུས་འཁོར་དང་བཅས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །གྲངས་བསོགས་ཚེ་ཆོས་སྐྱོང་སོ་སོའི་ཚིག་ཟིན་མང་དོགས་ན་གོང་གི ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་ཞེས་སོགས་ཚིག་རྐང་དྲུག་བཏང་ལ། ཧཱུྃ་ཧྲཱིཿ དབང་ཆེན་རོལ་བའི་སོགས་དོར་ནས་འདི་མན་བཏོན་པས་ཆོག ། ཧཱུྃ་ཧྲཱིཿ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཐུགས་རྗེའི་དབང་གི་རྣམ་རོལ་ལས་བྱུང་བ། །རྒྱལ་བའི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །སྐུ་ནི་ཞི་བ་ཁྲོ་དང་ཞི་མ་ཁྲོ། །གསུང་ནི་ཚངས་དབྱངས་དྲག་སྔགས་འབྲུག་ལྟར་སྒྲོག །ཐུགས་ནི་སྙིང་རྗེ་ཆེན་པོའི་ཉམས་དང་ལྡན། །རང་རང་འཁོར་དང་སྤྲུལ་པ་ཡང་སྤྲུལ་དང་། །ཉིང་སྤྲུལ་བྲན་སྡེ་མ་ལུས་འཁོར་དང་བཅས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །རབ་འཇིགས་ཕོ་བྲང་ཆེན་པོའི་ལྟེ་བ་ལ། །རྡོ་རྗེའི་བྲག་ཆེན་པདྨ་ཉི་ཟླ་དང་། །རིན་ཆེན་ཁྲི་རྐང་དར་ཟབ་བམ་ཆེན་སོགས། །རང་རང་དགྱེས་པའི་གདན་ཁྲི་ཡངས་པའི་སྟེང་། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་གིས། །བསྟན་སྲུང་དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱི། །སོ་སོའི་རྟེན་རྫས་མཐུན་རྫས་སྐོང་བའི་རྫས། །མཆོད་རྫས་སྒྲུབ་རྫས་མ་ཚང་མེད་པ་ཀུན། །ཀུན་བཟང་མཆོད་པའི་སྤྲིན་ལྟར་བཤམས་ལགས་ན། །བསྟན་པ་སྲུང་ཞིང་བསྟན་འཛིན་སྐྱོང་བ་དང་། །ཕྲིན་ལས་རྣམ་བཞིའི་ལས་རྣམས་སྒྲུབ་པའི་ཕྱིར། །མི་ཟད་ནམ་མཁའ་མཛོད་དུ་འབུལ་བ་ཡིས། །དགྱེས་པའི་ཚུལ་གྱི་ཐུགས་དམ་བསྐང་གྱུར་ཅིག །ཧཱུྃ་ཧྲཱིཿ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །སྟོང་གསུམ་རབ་འབྱམས་རྒྱ་མཚོའི་ཞིང་ཁམས་ན། །ཡན་ལག་བརྒྱད་ལྡན་མཆོད་ཡོན་མཚོ་ལྟར་བསྐྱིལ། །དག་བྱེད་ཞབས་བསིལ་ཆུ་བོ་གངྒཱའི་རྒྱུན། །རིན་ཆེན་མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ། །དྲི་ཞིམ་བདུག་པའི་སྤྲིན་ཚོགས་ཕྱོགས་བཅུར་འཕྲོ། །མར་མེ་ཉིན་མོར་བྱེད་པའི་འོད་གསལ་བ། །ཙནྡན་ག་བུར་དྲི་བཟང་གཙང་མིའི་ཆབ། །ལྷ་ཡི་ཞལ་ཟས་རོ་བརྒྱ་དཔག་མེད་ལྡན། །གླུ་གར་རོལ་མོའི་བྱེ་བྲག་བསམ་ཡས་ཀྱིས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །དམར་ཆེན་མཆོད་ཡོན་དབང་པོའི་མེ་ཏོག་དང་། །ཚིལ་ཆེན་དུད་པ་ཞུན་མར་མཁྲིས་པའི་ཆབ། །ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔའི་སྒྲ། །དམར་ཆེན་བཟའ་བཅའི་གཏོར་མ་རི་ལྟར་སྤུངས། །དམ་རྫས་སྨན་དང་རཀྟའི་རྒྱ་མཚོར་བསྐྱིལ། །ཤ་ཆེན་ལྔ་ནི་ལྷུན་པོའི་སྤོ་དང་མཉམ། །བདུད་རྩི་རྣམ་ལྔ་རྒྱ་མཚོ་ལྟ་བུར་བསྐྱིལ། །གཞན་ཡང་བཙོས་དང་རྗེན་ཤ་དཀར་དམར་བཅུད། །ཤ་སྣ་སྙིང་སྣ་ཁྲག་སྣ་བསམ་མི་ཁྱབ། །རྟག་ཏུ་འགྲོགས་པའི་རྟག་གཏོར་ཆེན་པོ་དང་། །རྒྱུན་དུ་འགྲོགས་པའི་རྒྱུན་གཏོར་ནར་མ་ཡིས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །དར་ནག་གཡབ་མོ་ཕྱར་དར་ནག་པོ་དང་། །ཙནྡན་བེང་ཆེན་རུ་མཚོན་གསང་བའི་རྫས། །ཐོད་ཕྲེང་མི་མགོ་ཞིང་ཆེན་གཡང་གཞི་དང་། །གཡག་རོག་བྱ་ཁྱི་ལུག་ནག་རྒྱལ་མཚན་བསྒྲེངས། །སྐུ་གཟུགས་གླེགས་བམ་བརྗིད་པའི་བེར་ནག་གོས། །དོམ་ནག་ཙིཏྟ་སྲོག་འཁོར་ས་བོན་ལྡན། །དྲག་པོའི་བམ་རྫས་ཐུན་ཟོར་རི་ལྟར་སྤུངས། །སྦ་ལྕག་ཚིག་གསུམ་ཁ་ཊྭཱཾ་རྩེ་གསུམ་མདུང་། །རྨ་བྱ་བྱ་རོག་ནལ་བུའི་རྒྱལ་མཚན་བསྒྲེངས། །དཔལ་གྱི་ཆས་གོས་རྒྱན་ཕྲེང་བསམ་མི་ཁྱབ། །ནལ་བུའི་ཤ་ཁྲག་གྲི་སྙིང་མི་དབང་ཤ །སྐྱེད་ཚལ་ཟས་གོས་ལོངས་སྤྱོད་སྣ་ཚོགས་ཀྱིས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །འཇའ་ཚོན་ལྟར་བཀྲ་ལེ་བརྒན་ཟ་འོག་གུར། །ཅང་ཤེས་རྟ་མཆོག་རླུང་གི་ཤུགས་ཅན་དང་། །ཤེལ་སྒོང་ནག་པོ་སྤྱི་དཀར་ལྕགས་རྭ་ཅན། །གཡག་རོག་ཞོལ་ཆེན་ཁྱི་ནག་སྙིང་དཀར་འཕྱོ། །མཚམས་སྤྲིན་མདངས་འཛིན་ར་སྐྱེས་རྒྱན་ལྡན་དང་། །ཟ་ལེ་འབྲི་དང་བྱ་ནག་འཕུར་ལྡིང་གཡོ། །ཤ་རྐྱང་མ་ཧེ་དྲེལ་དང་འདོད་འཇོའི་བ། །སེང་གེ་གླང་ཆེན་སྟག་གཟིག་དོམ་དྲེད་དང་། །འཕར་སྤྱང་སྤྲ་སྤྲེལ་གཅན་གཟན་རྔམས་པའི་ཚོགས། །གཞན་ཡང་རྐང་བཞི་དུད་འགྲོ་སྣ་ཚོགས་དང་། །འདབ་ཆགས་བྱ་རིགས་སྣ་ཚོགས་ཟློས་གར་བསྒྱུར། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །ལ་དུ་རང་བྱུང་མེ་ཏོག་ཏིལ་མར་སྒྲོན། །འབྲས་ཆང་རྒུན་ཆང་ཙནྡན་དམར་པོའི་ཆབ། །སྨྱུག་རྒོད་ལོ་རྒྱས་ཁྲབ་བྱང་རྔ་ཁྲབ་དང་། །ར་ཡི་དབང་པོ་རྣམ་ལྔའི་ཕྲེང་བ་སྦྲེལ། །བྷནྡྷ་རུས་པ་ཤ་རུས་ཚིལ་ཆེན་འབུམ། །ཛ་གད་གོ་རོ་ཙ་ན་བ་སུ་ཏ། །སིལ་སྙན་རྫ་རྔ་དུང་ཆེན་བཤུག་པའི་སྒྲ། །དྲི་ཞིམ་སྤོས་འཐུལ་དར་ཚོན་སྣ་ལྔའི་གཡབ། །ཤྭ་ན་ཝ་སྤྱང་འཕར་བའི་ཐོད་པ་རུ། །ཤ་ཁྲག་སྙིང་སྣ་རྐང་སྣ་འབུམ་གྱིས་གཏམ། །མར་ཁུ་ཞག་དང་འོ་མ་ཁྲག་གི་མཚོ། །བསེ་མཁར་བསེ་ཕོར་བསེ་མདའ་བསེ་ཕུར་དང་། །དྲེལ་ནག་ཐོད་པར་དཀར་ནག་ལུག་གི་སྙིང་། །བཤོས་བུ་དཀར་ནག་དར་ནག་སྙུག་རྒོད་བརྒྱན། །ཁྱི་དམར་ཙིཏྟ་དམ་ཤིང་ཕུར་བུ་སོགས། །བསད་ཁྲག་དྲོན་མོའི་ཨརྒྷཾ་དྲི་ངད་བཅས། །གསེར་གྱི་མདོག་ལྡན་གཡུ་རྔོག་ཤུགས་ལྡན་རྟ། །སྟག་གཟིག་རྒྱལ་མཚན་མདུང་དམར་བ་དན་བསྒྲེངས། །བཙན་གྱི་ཁྱི་དམར་མི་བཟད་དཔའ་གཏུམ་རྒོད། །ཅང་ཤེས་རྟ་མཆོག་དམར་པོ་གློག་ལྟར་འཁྱུག །བྱེ་རུའི་མདངས་འདྲའི་འདབ་ཆགས་སྤྲིན་ལྟར་གཏིབས། །དམ་ཤིང་དགྲ་སྟ་ཤེལ་དཀར་ཕྲེང་བ་སོགས། །གོ་ཁྲབ་མཚོན་ཆ་སྣ་ཚོགས་བསམ་མི་ཁྱབ། །ཕྱེ་མར་གཡུ་ཤུགས་བསང་གསུར་སྤྲིན་ཕུང་འཕྲོ། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །རིན་ཆེན་གདུགས་མཛེས་རྒྱལ་མཚན་འཕན་འཕུར་དང་། །ལྷབ་ལྷུབ་བ་དན་བླ་བྲེ་ལྡ་ལྡི་གཡོ། །འདོད་ཡོན་ལྔ་དང་རིན་ཆེན་སྣ་བདུན་དང་། །བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་རིན་ཆེན་བདུན། །རྡོ་རྗེ་ལྷ་མོའི་རྣམ་འཕྲུལ་མཐའ་ཡས་པ། །ཡིད་འཕྲོག་རིན་ཆེན་ལས་གྲུབ་གཞལ་མེད་ཁང་། །རིན་ཆེན་རི་རབ་གླིང་བཞི་གླིང་ཕྲན་དང་། །གསེར་རི་རོལ་མཚོ་ཉི་ཟླ་རྒྱུ་སྐར་བཀྲ། །འཛད་མེད་ནོར་གྱི་བང་མཛོད་ནེའུ་ལེ། །འདོད་འབྱུང་གཏེར་བུམ་མ་རྨོས་ལོ་ཏོག་དང་། །མཁོ་དགུའི་དཔལ་འབྱོར་མ་ཚང་མེད་པ་ཡིས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །རིན་ཆེན་སྣོད་དུ་བྱིན་གྱིས་བརླབས་པའི་ཆུས། །སྐོམ་པའི་གདུང་སེལ་བདེ་བ་འཚོ་བྱེད་པ། །བྱུ་རུ་ཙནྡན་ལ་སོགས་བགྲང་ཕྲེང་དང་། །ག་འུ་དང་ནི་མཚན་ལྡན་ཐོད་པ་རུ། །སྲོག་འཁོར་སྲིད་པའི་གཡང་རྟེན་སྣ་ཚོགས་བཅས། །བསིལ་ལྡན་གཡའ་ཆུ་གངས་ཆུ་གཙང་མའི་ཆབ། །བསང་ལུག་འབྲས་དཀར་མན་ཤེལ་འོད་འཕྲོ་དང་། །དར་ཟབ་གསེར་དངུལ་རིན་ཆེན་འབྲུ་སྣ་ལྔ། །གཡག་རོག་ཞིང་བཀལ་བྱ་ནག་འཕུར་ལྡིང་གཡོ། །དྲེལ་ནག་བོང་བུ་རྟ་ནག་འཕར་སྤྱང་དྲེད། །རླུང་རས་དཔྱངས་པ་ནལ་བུའི་རྒྱལ་མཚན་བསྒྲེངས། །ཤེལ་ཚིག་ཁྲི་དཀར་ཀླུ་རྟ་རྒྱན་ལྡན་དང་། །རྩི་ཤིང་བལ་མཚོན་སྦ་སྨྱུག་ལྡེམས་སེ་ལྡེམ། །དཀར་གསུམ་མངར་གསུམ་ཕྱེ་མར་འོ་སྐོལ་ཕུད། །དངུལ་དཀར་མེ་ལོང་སྦ་གླིང་སྙན་པའི་སྒྲ། །མདའ་དར་བཟང་པོ་སྨན་བཤོས་རྩེ་རྒྱལ་བཅས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །འབྲུ་བཅུད་རྩི་བཅུད་རྒྱ་ཇ་ངད་ལྡན་དང་། །རོ་མཆོག་བརྒྱ་ལྡན་སྐུ་གསུང་ཐུགས་བདེ་བའི། །ནུས་བཅུད་ཕུན་སུམ་ཚོགས་པའི་གཏེར་ཆེན་པོ། །རླུང་རྟ་བསྐྱེད་ཅིང་དགྲ་བླ་གསོ་བའི་རྟེན། །རིན་ཆེན་སྣ་ལྔའི་སྐུ་མཁར་འབར་བའི་ཏོག །སྦ་ལྕག་ཁྲབ་དཀར་ལོ་རྒྱས་ཚིགས་དགུའི་སྙུག །མདའ་མོ་བྱ་རྒོད་སྒྲོ་ལྡན་དར་སྣས་བརྒྱན། །རིན་ཆེན་སྣ་ལྔའི་གསེར་འཕང་གཡུ་ལོ་ཅན། །ནམ་མཁའ་རྒྱང་བུ་གཏེར་བུམ་འཕན་གདུགས་སྒྲེང་། །སྲིད་པའི་འདོད་དགུ་ཕུན་སུམ་ཚོགས་པ་འདི། །མཆོད་པ་ཡིན་ནོ་ཁ་རྗེ་བསོད་ནམས་སྤེལ། །བརྔན་དུ་འབུལ་ལོ་འདོད་དགུའི་དངོས་གྲུབ་སྩོལ། །གཞན་ཡང་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །མི་འབྲལ་འགྲོགས་པའི་ཡིད་གཟུགས་ཆགས་པའི་རྟེན། །སྐུ་གཟུགས་སྔགས་བྱང་རང་རང་བླ་རྡོ་དང་། །མཐུན་པའི་དམ་རྫས་མ་ཚང་མེད་པ་ཀུན། །སོ་སོའི་ཐུགས་ལ་ཇི་ལྟར་འདོད་པ་བཞིན། །དངོས་སུ་བཤམས་དང་ཡིད་ལས་བྱུང་བ་ཡི། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ལྟ་བུ། །བློ་ཡིས་བླངས་ནས་གུས་པར་འབུལ་ལགས་ན། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །གྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་གི །རྩ་བ་ཡན་ལག་དམ་ཚིག་ཉམས་པ་དང་། །ཁྱེད་རྣམས་ཐུགས་དང་འགལ་བའི་ཉེས་པ་ཀུན། །མི་འཆབ་མི་སྦེད་སྙིང་ནས་བཤགས་པར་བགྱི། །དེ་ལྟར་བསྐང་ཞིང་བཤགས་པའི་བྱིན་རླབས་ཀྱིས། །རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུ། །སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་མཆོག །སྲིད་མཐའི་བར་དུ་མི་ནུབ་དར་རྒྱས་མཛོད། །འདུས་པའི་སྡེ་ཚོགས་དབྱར་གྱི་མཚོ་ལྟར་རྒྱས། །རྣམ་དག་ཚུལ་ཁྲིམས་བསླབ་པས་རྒྱུད་དུལ་ཞིང་། །ཐོས་བསམ་སྒོམ་པའི་ཤེས་རབ་རྩལ་རྫོགས་ནས། །ཏིང་འཛིན་མི་གཡོའི་ངང་ལ་གནས་པར་མཛོད། །སྣང་ཚད་སྐུ་དང་ཡེ་ཤེས་ཕྱག་རྒྱར་ཤར། །སྒྲ་གྲགས་བདེ་ཆེན་ཚངས་དབྱངས་སྔགས་ཀྱི་སྒྲ། །དྲན་རྟོག་རང་གྲོལ་འོད་གསལ་ཆོས་སྐུའི་ཞལ། །མངོན་སུམ་མྱུར་དུ་མཇལ་བའི་ཕྲིན་ལས་མཛོད། །འཇིག་རྟེན་རྒྱལ་ཁམས་ཡུལ་རིས་མཐའ་དག་ཏུ། །ནད་མཚོན་མུ་གེའི་བསྐལ་བ་རབ་ཞི་ནས། །ཟས་ནོར་ལོངས་སྤྱོད་ཡིད་ལ་གང་འདོད་པ། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །མདོར་ན་རིག་འཛིན་རྣལ་འབྱོར་བདག་ཅག་གི །དཀོར་ཆ་ལོངས་སྤྱོད་ཇི་སྙེད་ཡོད་པ་ཀུན། །བསྟན་སྲུང་དམ་ཅན་རྒྱ་མཚོ་ཁྱེད་རྣམས་ལ། །གཉེར་དུ་གཏད་པས་མེལ་ཚེ་བྱ་ར་མཛོད། །ཁྱད་པར་ཚེ་བསོད་སྙན་གྲགས་རྒྱས་པ་དང་། །ནད་གདོན་ཉེར་འཚེའི་རིགས་རྣམས་ཀུན་ཞི་ནས། །ཁམས་གསུམ་མ་ལུས་དབང་དུ་འདུ་བ་དང་། །གནོད་པར་བྱེད་པའི་དགྲ་བགེགས་མཐའ་དག་ཀུན། །མིང་ཙམ་མེད་པར་རབ་ཏུ་ཞི་ནས་ཀྱང་། །རྣམ་བཞིའི་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པ་འདི་ནི་མཆོད་ཀུན་བཟང་བསྟན་འཕེལ་ནས་ནན་གྱིས་བསྐུལ་ངོར་ཡང་དག་ཐུགས་མཆོག་ལྷོ་བྲག་མཁར་ཆུའི་ཡང་རྩེ་ནས་ལྕགས་ཕོ་བྱི་བའི་ལོར་ཆོ་འཕྲུལ་ཟླ་བ་མཁའ་འགྲོ་འདུ་བའི་དུས་ཚེས་བཟང་པོའི་ཉིན་ཐུན་མཚམས་ཤིག་ཏུ་འཇམ་མགོན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་འབངས་ཐ་ཤལ་བ་རྫོགས་སྤྲུལ་ལྔ་པའི་མིང་འཛིན་པདྨ་ཐེག་མཆོག་བསྟན་འཛིན་ནམ་མིང་གཞན་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པའོ། །འདིར་སྨྲས་པ། དམ་ཅན་སྤྱི་ཡི་བསྐང་བསྡུས་ཉུང་བསྡུས་འདི། །སྤྲོས་པ་ཆུང་ལ་དགའ་བ་རྣམས་ཀྱི་དོན། །ཚིག་ཉུང་དོན་གསལ་འཇག་བདེ་བྲིས་པ་འདི། །ཉེས་འགལ་གྱུར་ན་སྲུང་མའི་ཚོགས་ལ་བཤགས། །དགེ་འབྲས་མཆིས་ན་བསྟན་འཛིན་སྐྱེས་བུའི་ཚོགས། །ཕྲིན་ལས་རྣམ་བཞིའི་ལས་རྣམས་མཐར་ཕྱིན་ནས། །དཀའ་བ་མེད་པར་བྱང་ཆུབ་གོ་འཕང་མཆོག །མི་རིང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།

རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་རྒྱུན་ཁྱེར་བྱིན་རླབས་དཔལ་འབར་བསྡུས་པ་བཞུགས་སོ།།

བླ་མ་དང་ནི་ཁྲོ་མཆོག་རྟ་མགྲིན་དཔལ། །དབྱེར་མེད་གུས་པ་ཆེན་པོས་སྤྱི་བོར་མཆོད། །བྱིན་གྱིས་རློབས་ལ་བཀའ་གནང་ཤིས་པ་སྩོལ། །དེ་ཡང་རྒྱུན་གྱི་རྣལ་འབྱོར་ཉམས་ལེན་ཁྱེར་བདེ་ནི། ཧཱུཾ། ཨོ་རྒྱན་ཡུལ་གྱི་སོགས། སྣང་མཐའ་སྤྱན་རས་གཟིགས་དང་པདྨ་འབྱུང༔ མཚོ་རྒྱལ་གྲུབ་དབང་ཉི་གྲགས་ཡབ་སྲས་དང༔ རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ་ཧྲཱིཿ དབང་ཆེན་པདྨ་དབང་གི་ལྷ་ཚོགས་ལ༔ རྣམ་པ་ཀུན་ཏུ་གུས་པས་སྐྱབས་སུ་མཆི༔ དབང་དང་དྲག་པོ་ལས་ཀྱི་བྱང་ཆུབ་སེམས༔ བསྟན་དང་འགྲོ་བའི་དོན་དུ་བསྐྱེད་པར་བགྱི༔ ཧཱུྃ་ཧྲཱིཿ བགེགས་ཚོགས་རྣམས་སྦྱོང་སྲུང་བའི་འཁོར་ལོས་གཏམས༔ ཨོཾ་ཨཱཿཧཱུྃ་གིས་མཆོད་སྤྲིན་འོད་གུར་འཁྲིགས༔ སྐུ་གསུམ་བླ་མ་ཡི་དམ་སྲུང་མར་བཅས༔ བྱིན་ཆེན་བྱིན་ཕོབ་དབང་མཆོག་བསྐུར་དུ་གསོལ༔ ཧཱུྃ་ཧྲཱིཿ རྣམ་དག་ཏིང་འཛིན་གསུམ་གྱི་ངང་ཉིད་ལས༔ འབྱུང་བ་རིམ་བརྩེགས་རི་རབ་བསྐལ་མེ་འཁྲུགས༔ དབང་དྲག་ཕོ་བྲང་དུར་ཁྲོད་རྩིབས་བརྒྱད་དབུས༔ ཆོས་འབྱུང་ཟླ་གམ་ཏི་ར་པདྨའི་སྟེང༔ ཐབས་ཤེས་ཉི་ཟླ་འབར་བའི་གདན་སྟེང་དུ༔ རྡོ་རྗེ་ཧཱུྃ་ཡིག་སྦྱོར་གསུམ་དབང་བཞི་རྫོགས༔ སྐད་ཅིག་གནས་འགྱུར་རང་རིག་ཁྲོ་བོའི་རྒྱལ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ༔ སྐུ་མདོག་དམར་པོ་བསྐལ་བའི་མེ་ལྟར་འབར༔ ཞལ་གཅིག་ཕྱག་བཞི་གྲི་ཐོད་ཡུམ་ལ་འཁྱུད༔ འོག་གཉིས་ལྕགས་ཀྱུ་ཞགས་པ་འདོར་ཐབས་འགྱིང༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་སྤྱན་གསུམ་བསྒྲད༔ རལ་བ་ཁམ་ནག་གྱེན་བརྫེས་ཐོད་པས་བཅིང༔ རྟ་དབུ་དཀར་དམར་ལྗང་གསུམ་གཙུག་ནས་འཚེར༔ དེ་ཡི་གསང་ཡུམ་རྡོ་རྗེ་རྣལ་འབྱོར་མ༔ དམར་མོ་གྲི་ཐོད་བརྐྱང་བསྐུམ་གར་སྟབས་འཁྲིལ༔ རལ་བ་ཐུར་འཕྱང་ཕག་ཞལ་སྒྲ་ཆེན་འབྱིན༔ ཡབ་ཡུམ་སྐུ་ལ་དུར་ཁྲོད་ཆས་བརྒྱད་དང༔ དབང་ཆེན་འབར་བའི་ཆས་བཅུ་དག་གིས་བརྒྱན༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཆེ་བཙན་དཔལ༔ དྲག་རྩལ་མཐུ་སྟོབས་ཉི་མ་འབུམ་ལྟར་འབར༔ དབུ་སྟོང་སྣང་མཐའ་ཡེ་ཤེས་ཁྱུང་དམར་བཅས༔ གནས་ལྔར་སྤྲུལ་པའི་རྟ་ཕག་རིགས་ལྔ་འབུམ༔ བརླ་གཡས་ལྷ་ཆེན་བརླ་གཡོན་ཨུ་མ་དང༔ མདུན་དུ་སྲས་མཆོག་རྒྱབ་ཏུ་རྡོ་རྗེ་འཛིན༔ ཕྱི་རོལ་སྤྲུལ་བའི་རང་མདངས་སྡེ་བརྒྱད་དང༔ སྒོ་བཞིར་རྒྱལ་ཆེན་བཞི་སོགས་ཡོངས་རྫོགས་གསལ༔ ཧཱུྃ་ཧྲཱིཿ འོག་མིན་དབང་དྲག་རོལ་བའི་དུར་ཁྲོད་ནས༔ དབང་ཆེན་ཁྲོ་བོའི་རྒྱལ་པོ་ཡབ་དང་ཡུམ༔ རིགས་ཀྱི་བདག་པོ་དཔའ་བོ་དཔའ་མོ་འབུམ༔ མ་ལུས་འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ས་པ་རི་ཝ་ར་ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛཿཛཿ ཧཱུྃ་ཧྲཱིཿ དྲེགས་པ་ཟིལ་གནོན་རྟ་མཆོག་དབང་གི་ལྷ༔ མ་ལུས་འདུ་འབྲལ་མེད་པར་བཞུགས་སུ་གསོལ༔ གདུལ་དཀའ་འདུལ་མཛད་དྲེགས་པ་ཡོངས་ཀྱི་གཤེད༔ དཔལ་ཆེན་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་མཆོད་པའི་ཚོགས༔ དྲག་པོའི་མཆོད་ཚོགས་སྨན་རཀ་གཏོར་མར་བཅས༔ དབང་ཆེན་འབར་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷྲི་ཝ་སརྦ་དྷེ་ཝ་པུ་རུ་ཤ་ཡ་པུཙྪ་ཧོ༔ཧཱུྃ་ཧྲཱིཿ རྟ་མཆོག་རོལ་བ་ཁྲོ་རྒྱལ་ཡོངས་ཀྱི་རྗེ༔ འཁོར་འདས་ཆེ་བཙན་དྲེགས་པ་འདུལ་བའི་གཤེད༔ དབང་གི་ལྷ་སྟེ་དྲག་པོའི་སྟོབས་རྩལ་ལྡན༔ རྟ་མཆོག་རྒྱལ་པོ་ཡབ་ཡུམ་སྐུ་ལ་འདུད༔ གཙོ་འཁོར་སྤྲུལ་པ་བཅས་ལ་ཕྱག་འཚལ་བསྟོད༔ བསྐྱེད་རྫོགས་ཟུང་འཇུག་མཉམ་ཉིད་ཏིང་འཛིན་གྱིས༔ མ་ཡེངས་དགོངས་པའི་གཟེར་གདབ་སྔགས་འདི་བགྲང༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷྲི་ཝ་དྷ་ཀི་ནི་བྷ་ར་ཧི་སརྦ་སིདྡྷི་ཧཱུྃ་ཕཊཿ ཨོཾ་མ་ཧཱ་དྷེ་ཝ་ཧཱུྃ༔ ཨུ་མ་དེ་ཝི་ཧྲཱི༔ ཧྲཱི་ཧྲཱི་ཛ་ཛ་སརྦ་ལོ་ཀ་བསྡུས་བསྡུས་ཝ་ཤཾ་ཀུ་རུ་ས་མ་ཡ་རཀྵ་ཀརྨ་ཧཱུྃ་ཕཊ་སྭཱ་ཧཱ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷྲི་ཝ་མཱ་ཧཱ་དྷེ་ཝ་ཧྲཱི་ཛ༔ཨ་ཡ་མ་དུ་རུ་ཙ་ཤ་ན་བཛྲ་ས་མ་ཡ་ཛ་ཛ༔སརྦ་ཧཱུྃ་ཧཱུྃ་ཕཊཿ མཆོད་བསྟོད་མཐར་རྩ་སྔགས་ལ༔ ཀ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གིས་དངོས་གྲུབ་བླངས༔ ཚོགས་མཆོད་ལ༔ཐོག་མར་ཚོགས་བྱིན་རླབས་ནི༔ ཧཱུྃ༔སྟོང་གསལ་ཆོས་སྐུའི་ངང་ཉིད་ལས༔ཡི་གེ་འབྲུ་གསུམ་འཕྲོས་པ་ལས༔ ཚོགས་ཀྱི་བག་ཆགས་གཉིས་འཛིན་སྦྱངས༔ འདོད་ཡོན་ནམ་མཁའ་མཉམ་པར་སྤེལ༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ དབང་དྲག་རོལ་བའི་ཞིང་ཁམས་ཆེན་པོ་ནས༔ རྟ་མཆོག་རྒྱལ་པོ་པདྨ་ཧེ་རུ་ཀ༔ ཡབ་ཡུམ་སྲས་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཚོགས་མཆོད་ནི༔ ཧཱུྃ་ཧྲཱིཿ ཞལ་ཟས་ཚོགས་ཀྱི་མཆོད་པ་དམ་པ་འདི༔ ཤ་ལྔ་བདུད་རྩི་ལྔ་ཡི་རང་བཞིན་ཅན༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ མཉམ་ཉིད་བླང་དོར་མེད་པར་བཞེས་སུ་གསོལ༔ བཤགས་པ་ནི། ཧཱུྃཿ ཡེ་ནས་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ༔ བཤགས་དང་བཤག་བྱའི་མཚན་མ་མི་དམིགས་ཀྱང༔ འོན་ཀྱང་ཀུན་རྫོབ་སྒྱུ་མའི་ཚུལ་གྱིས་ནི༔ ཉམས་ཆགས་འགལ་འཁྲུལ་གྱུར་པ་མཐོལ་ལོ་བཤགས༔ ཡིག་བརྒྱ་བརྗོད༔ བསྒྲལ་སྟབས་ནི། ཧཱུྃ་ཧྲཱིཿ རྟ་མཆོག་རྒྱལ་པོ་པདྨ་ཧེ་རུ་ཀའི༔ ལས་བྱེད་ཕོ་ཉ་གྲངས་མེད་འཕྲོས་པ་ལས༔ སྡང་དགྲ་གནོད་བྱེད་བྱད་མ་རྡུལ་དུ་རློག༔ བསྒྲལ་བའི་ཤ་ཁྲག་རུས་གསུམ་ཞལ་དུ་སྟོབ༔ མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལྷག་མ་ནི། ཧྲཱིཿ དབང་ཆེན་རྟ་མཆོག་པདྨ་ཧེ་རུ་ཀའི༔ བཀའ་ཡི་འཁོར་ཚོགས་སྐྱོང་བའི་དྲེགས་པ་རྣམས༔ ལྷག་གཏོར་ཡེ་ཤེས་བདུད་རྩིར་བྱིན་བརླབས་པས༔ དགྱེས་པར་བཞེས་ནས་བཅོལ་བའི་ཕྲིན་ལས་མཛོད༔ ཨོཾ་ཨུ་ཙིཥྚ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཁི༔ ཆད་ཐོ་ནི། ཧཱུྃ་ཧྲཱིཿ སྔོན་ཚེ་འདས་དུས་བསྐལ་བའི་ཐོག་མ་ལ༔ རྟ་མཆོག་རྒྱལ་པོ་ཤན་ཏིང་གརྦྷ་དང༔ བདག་ཉིད་སྔགས་འཆང་པདྨ་ཐོད་ཕྲེང་གིས༔ དམ་ལ་བཞག་པའི་ལྷ་སྲིན་སྡེ་བརྒྱད་ཚོགས༔ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔དམ་བཅས་བཞིན་དུ་བཅོལ་བའི་ཕྲིན་ལས་མཛོད༔བརྟན་མ་ནི །ཧཱུྃ༔དུས་སྦྱོར་བཅུ་གཉིས་གནས་དག་བརྟན་མའི་ཚོགས༔ བདུད་དང་གནོད་སྦྱིན་ཡོངས་ཀྱི་རྗེ་མོ་རྣམས༔ དཔོན་གཡོག་མང་པོ་སྨན་ཕྲན་འབུམ་དང་བཅས༔ སྔོན་ཚེ་པདྨ་ཐོད་ཕྲེང་བཀའ་བཞིན་དུ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ རྟ་བྲོ་ནི། ཧཱུྃ་ཧྲཱིཿ ཞིང་བཅུ་གདུག་པ་བསྒྲལ་བའི་ཕུང་པོའི་སྟེང༔ རྟ་མཆོག་རོལ་བའི་ལྷ་ཚོགས་བྲོ་བརྡུངས་པས༔ ཉོན་མོངས་དུག་ལྔའི་རྟོག་པ་རྡུལ་དུ་རློག༔ ཡེ་ཤེས་ལྔ་ཡི་དབྱིངས་སུ་རྒྱས་གདབ་བོ༔ ཨོཾ་ཨཱཿཧཱུྃ་སྟྭཾ་བྷ་ཡ་ལཾ་ནན༔ གཏང་རག་མཆོད་བསྟོད༔ ནོངས་བཤགས༔ ཡིག་བརྒྱ༔ བརྟན་བཞུགས༔ བསྡུ་རིམ་ནི། ཧཱུྃ་ཧྲཱིཿ རྟོག་མེད་དབྱིངས་ལས་ཤར་བའི་གཙོ་དང་འཁོར༔ བརྗོད་མེད་ཀློང་གཤེགས་སླར་ཡང་འབྱོན་འཚལ་ལོ༔ བསྐྱེད་རིམ་རིམ་བསྡུ་ཧཱུྃ་ཐིམ་མཁའ་ལ་ཡལ༔ ཡེ་གྲོལ་མངོན་རྫོགས་ཟང་ཐལ་སྤྲོས་དང་བྲལ༔ རྡོ་རྗེ་སུམ་ལྡན་རིམ་གཉིས་ཏིང་འཛིན་མཐུས༔ མཐའ་ཡས་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ཚེ་རབས་ཡི་དམ་དེང་འདིར་གསལ་གསུམ་བསྒོམས༔ ནམ་ཞིག་ངོ་ཤེས་རྩལ་རྫོགས་བརྟན་ཐོབ་ཤོག༔ ཀུན་ཁྱབ་ཡེ་ཤེས་ལྔ་ལྡན་དབང་ཆེན་ལྷ༔ སྐུ་གསུམ་མཛད་པ་མཐར་ཕྱིན་བཀྲ་ཤིས་ཤོག༔ བདག་སོགས་དགེ་ལེགས་དཔལ་དང་མཆོག་ཐུན་དང༔ དབང་བཅུའི་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག༔ ཅེས་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་རྒྱུན་ཁྱེར་བྱིན་རླབས་དཔལ་འབར་སྙིང་གི་བཅུད་བསྡུས་འདི་ཉིད་ཆེ་བས་མ་ལྕོགས་དུས། ལྷ་རུ་དཔོན་རྟ་མགྲིན་དབང་རྒྱལ་གྱིས་གསུང་གིས་བསྐུལ་བ་ལ་བརྟེན་ནས་ལྷག་པའི་ལྷ་འདི་ཉིད་ཀྱིས་རྣལ་འབྱོར་ལ་ཞལ་གཟིགས་པའི་དུས་སུ་དཔལ་བོ་ལས་རབ་རྩལ་གྱིས་སྦྱར་བ་དང༔ ཚོགས་མན་ཆད་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དུས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔ དགེའོ། །

རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་གསེར་སྐྱེམས་ཁྲག་འཐུང་དགྱེས་པའི་མཆོད་སྤྲིན་བཞུགས་སོ།།

ཧྲཱིཿ སྐྱེ་མེད་རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །འགགས་མེད་སྙིང་རྗེ་ཆེན་པོའི་རང་མདངས་ལས། །ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཕྲིན་ལས་དྲག་པོའི་སྐུ། །ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱི་གནོན། །བྱད་མ་དགྲ་བགེགས་ཀུན་གྱི་གཤེད་མ་ཆེ། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ན། །བསྐལ་བའི་མེ་དཔུང་རབ་ཏུ་འབར་བའི་ཀློང་། །རྒྱལ་བསེན་གཟའ་ཀླུ་དགྲ་བགེགས་བསྣོལ་བའི་སྟེང་། །སྣ་ཚོགས་པདྨ་ཉི་ཟླའི་གདན་སྟེང་དུ། །དབང་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །མཐིང་ནག་རྔམ་པ་ཤིན་ཏུ་ཁྲོས་པའི་སྐུ། །ཕྱག་གཡས་རལ་གྲིས་དྲེགས་པའི་སྲོག་རྩ་གཅོད། །གཡོན་པས་ལྕགས་ཀྱུས་མ་རུང་སྙིང་ནས་འདྲེན། །གནམ་ལྕགས་རལ་བས་སྟོང་ཁམས་མུན་ལྟར་གཏིབ། །ལྕགས་རལ་བསིགས་པའི་གསེབ་ནས་ཁྲོ་ཆུང་གི།སྤྲུལ་པ་འཕྲོ་བས་ལོག་འདྲེན་རྡུལ་དུ་བརླག །སྤྱི་བོར་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར། །གར་གྱི་ཉམས་དགུ་རྣམ་པར་རོལ་བའི་སྐུ། །དར་ནག་བེར་དང་དུར་ཁྲོད་ཆས་ཀྱིས་བརྒྱན། །ཞབས་གཉིས་གཡས་བརྐྱངས་གཡོན་བསྐུམ་དོར་སྟབས་བསྒྲད། །ཧཱུྃ་ཕཊ་སྒྲ་ཡིས་ལོག་ལྟ་མ་ལུས་འཇོམས། །བ་སྤུའི་གསེབ་ནས་མེ་ཡི་ཚྭ་ཚྭ་འཕྲོ། །དྲེགས་པའི་ཡོངས་རྗེ་རྟ་མགྲིན་ནག་པོའི་སྐུ། །དཔའ་རྩལ་ཆེ་བས་རི་རབ་ཀླད་ལ་བསྐོར། །རྔམ་པའི་སྒྲ་ཡིས་སྟོང་གསུམ་འདར་ཞིང་སྔངས། །མྱུར་མགྱོགས་ཆེ་བའི་བར་སྣང་གློག་དང་མཚུངས། །དཔལ་ཆེན་ཁྱོད་ཀྱི་སྤྲུལ་པའི་ཕོ་ཉ་ནི། །གླིང་བཞི་འཇིག་རྟེན་མཐའ་དག་གང་བར་བྱེད། །འབྲུ་བཅུད་སྟོང་སྦྱར་རྒྱ་ཇ་ངད་ལྡན་འདི། །འཆི་མེད་ཡེ་ཤེས་བདུད་རྩིར་བྱིན་བརླབས་པ། །རྨད་བྱུང་ངོ་མཚར་རོ་བརྒྱ་ལྡན་པའི་བཅུད། །ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བྱིན་བརླབས་པ། །ལྷ་མཆོག་ཁྱེད་ལ་ཕུལ་བའི་བྱིན་བརླབས་ཀྱིས། །ཁྲོ་རྒྱལ་མཆོག་ལ་རྟོག་པ་མི་མངའ་ཡང་། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ། །གདུལ་བྱ་སོ་སོའི་གང་ལ་གང་འཚམས་ཀྱི། །ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞི་ཡིས། །བུམ་བཟང་དཔག་བསམ་ཤིང་དང་ཡིད་བཞིན་ཚུལ། །ཇི་ལྟར་འདོད་པའི་དོན་རྣམས་མ་ལུས་ཀུན། །ད་ལྟ་ཉིད་དུ་བདག་ལ་སྩལ་ནས་ཀྱང་། །ཚེ་འདིར་བར་ཆད་དགྲ་ལས་རྣམ་རྒྱལ་ཞིང་། །ཁྱད་པར་ཀླུ་གཉན་ས་བདག་གདུག་པ་ཡི། །ནད་གདོན་བགེགས་ཀྱི་འཚེ་བ་མ་ལུས་པ། །སྐྱེ་མེད་ཆོས་དབྱིངས་ནམ་མཁའ་སྟོང་པ་ལ། །རེ་དང་དོགས་པའི་མཚན་མ་མི་མངའ་ཡང་། །འོན་ཀྱང་རྣམ་རྟོག་སྤྲིན་ཚོགས་རང་དག་ནས། །ཟག་མེད་བདེ་བས་ནམ་ཡང་ངོམས་པར་མཛོད། །རྟག་ཏུ་ཁྱེད་ལ་གསོལ་དང་མཆོད་པའི་མཐུས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །ཅེས་པ་འདི་ཡང་བསྟན་ལ་ཕན་པའི་ལྷག་བསམ་རྣམ་པར་དག་པས་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་མགོན་ཁང་དབང་དྲག་རོལ་བ་ནས་ས་ཕོ་རྟ་ལོའི་ཟླ་ཚེས་ལ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །

རྒྱུད་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་གསེར་སྐྱེམས་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།

ཧཱུྃ། སྔོན་ཚེ་ལང་ཀའི་ཡུལ་གྱི་གྲོང་རྡལ་གྱི། །རི་བོ་མ་ལ་ཡ་ཡི་རྩེ་མོ་ན། །གནམ་ལྕགས་འབར་བའི་ཕོ་བྲང་ཆེན་པོ་རུ། །དཔལ་ཆེན་ཆེ་མཆོག་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་སྡེ་དཔོན་རུ་ཏྲ་བསྒྲལ་བའི་ཚེ། །དབང་བསྐུར་དམ་བཞག་གསང་བའི་མཚན་ཡང་གསོལ། །ཅི་བགྱིའི་བཀའ་ཉན་སྒྲུབ་པར་ཁས་བླངས་པ། །ལེགས་ལྡན་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག །མཐིང་ནག་རབ་ཁྲོས་སྲིན་པོ་ཁྲོས་པའི་ཉམས། །སྤྱན་གསུམ་སྡང་མིག་གློག་སྟོང་གཡོ་བ་བཞིན། །རྣོ་དབལ་མཆེ་བ་གངས་རི་ལྟ་བུར་གཙིག །འབར་བའི་ལྗགས་འདྲིལ་ཧཱུྃ་ཕཊ་འབྲུག་སྟོང་སྒྲོག །ཟ་འོག་སྔོ་བཀྲའི་བེར་ཆེན་སྐུ་ལ་གསོལ། །སྦྲུལ་ཆུན་ཐོད་ཕྲེང་དུར་ཁྲོད་ཆས་ཀྱིས་སྤྲས། །སྐུ་གསུང་ཐུགས་ཀྱི་གར་དགུའི་ཉམས་དང་ལྡན། །ཕྱག་གཡས་བདུད་དཔུང་འདུལ་བྱེད་གྲི་གུག་དང་། །བདུད་བཞིའི་ཁྲག་བཀང་ཐོད་ཁྲག་གཡོན་ན་བསྣམས། །གྲུ་མོ་གཡས་སུ་ཙནྡན་བིང་འཆང་བ། །ཞབས་ལ་རྒྱ་སྟག་མང་པོ་ཕྱོགས་བཅུར་རྒྱུག །སྐུ་ཡི་རྩིབ་ལོགས་འཕར་དྲེད་རྒྱུག་ཅིང་འཕྱོ། །ལྟག་ཟུར་དུང་གི་སེངྒེ་རྔམ་པར་རྒྱུག །དབུ་ལ་ཡེ་ཤེས་སྤྲུལ་པའི་ཁྱུང་གིས་བརྒྱན། །ལྷ་མཆོག་ཁྱོད་ཀྱི་སྐུ་ཡི་གཡོན་ཟུར་ན། །ཀུན་ཏུ་དགྱེས་བསྐྱེད་ཀྲོ་ཏི་ཤྭ་རི་མ། །སྐུ་མདོག་སྔོ་སྐྱ་གཅེར་མོ་གཟིག་ཤམ་ཅན། །ཕྱག་གཉིས་སྦྲུལ་ཞགས་དུང་དམར་ཡབ་ལ་སྟོབ། །ཤར་ཕྱོགས་ཁྲོ་བོའི་རྒྱལ་པོ་ཀིང་ཀ་ར། །མཐིང་ནག་རབ་འཇིགས་འཁོར་ལོ་ཐོད་ཁྲག་བསྣམས། །ལྷོ་ཕྱོགས་གནོད་སྦྱིན་ཟངས་མདོག་དམར་ནག་ནི། །གསེར་གྱི་རལ་གྲི་བསེ་མདུང་དམར་པོ་བསྣམས། །ནུབ་ཕྱོགས་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །དུད་ཁ་དབུ་དགུ་གྲི་གུག་ཞགས་པ་བསྣམས། །བྱང་ཤར་མ་གཅིག་གཉན་གྱི་རེ་མ་ཏི། །མཐིང་ནག་ནད་རྐྱལ་བཙན་གྱི་ཞགས་པ་བསྣམས། །ཕྱོགས་བཞིར་བཞུགས་པའི་མཐུ་ཆེན་བཞི་པོ་ཡིས། །རང་རང་ལས་བྱེད་བཀའ་ཉན་ཚོགས་དང་བཅས། །གཞན་ཡང་མགོན་པོ་ཆེན་པོའི་བཀའ་འཁོར་ན། །བློན་པོ་དམག་དཔོན་སྡེ་དཔོན་རུ་དཔོན་དང་། །ཕོ་ཉ་མངགས་གཞུགས་སྤྲུལ་དང་ཡང་སྤྲུལ་བཅས། །འཁོར་དུ་གཏོགས་པའི་ལྷ་སྲིན་སྤྲིན་ལྟར་གཏིབ། །རང་བཞིན་གར་བཞུགས་གནས་མཆོག་དམ་པ་ནས། །སྔོན་གྱི་དམ་ཚིག་གཉན་པོ་རྗེས་དགོངས་ལ། །དགྱེས་པ་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །པདྨ་ཉི་ཟླ་དགྲ་བགེགས་གདན་ལ་བཞུགས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཇ་ཆང་འོ་སྐོལ་བཏུང་བའི་གསེར་སྐྱེམས་ལ། །ག་བུར་ལ་སོགས་སྨན་གྱི་ཕྱེ་མ་དང་། །གསེར་དངུལ་ལ་སོགས་རིན་ཆེན་རྣམ་པ་ལྔ། །རབ་བརྒྱན་བདུད་རྩིའི་རླབས་ཀྱི་ཟེར་མ་ལས། །འདོད་པའི་ཡོན་ཏན་ལྔ་ཡི་ཆར་འབེབས་ཤིང་། །བླ་མེད་དམ་རྫས་རྨད་བྱུང་མཆོད་པ་འདིས། །དཔལ་ཆེན་ལེགས་ལྡན་ཚོགས་ཀྱི་བདག་པོ་མཆོད། །དགྱེས་སྡེ་ཡུམ་ཆེན་ཁྲོ་མོ་དབང་ཕྱུག་མཆོད། །ཡབ་གཅིག་ལྷ་ཆེན་དྲང་སྲོང་བདེ་བྱེད་མཆོད། །ཡུམ་གཅིག་ལྷ་མོ་ཨུ་མ་དེ་ཝ་མཆོད། །ཀིང་ཀ་ར་དང་གནོད་སྦྱིན་ཟངས་མདོག་མཆོད། །ཁྱབ་འཇུག་ཆེན་པོ་དཔལ་ལྡན་ལྷ་མོ་མཆོད། །བཀའ་འཁོར་སྐྱོང་བའི་ལྷ་སྲིན་སྡེ་བརྒྱད་མཆོད། །དེ་ལྟར་གསེར་སྐྱེམས་ཕུལ་བའི་བྱིན་རླབས་ཀྱིས། །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །བསྟན་འཛིན་ཚོགས་རྣམས་དར་ཞིང་རྒྱས་པ་དང་། །བདག་ཅག་བྱང་ཆུབ་སྒྲུབ་པའི་གང་ཟག་རྣམས། །ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང་། །མི་དང་མི་མིན་བར་ཆད་བརྩམ་པ་རྣམས། །མིང་ཙམ་མེད་པར་བརླག་པའི་ཕྲིན་ལས་མཛོད། །བསྟན་པའི་ཉི་མ་ཕྱོགས་བཅུར་རྒྱས་པ་དང་། །ཕྲིན་ལས་ཆེན་པོས་ས་སྟེང་ཡོངས་ལ་ཁྱབ། །བདག་གི་རེ་བ་ཡིད་བཞིན་འགྲུབ་ཏུ་གསོལ། །ཅེས་རྒྱུད་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་གསེར་སྐྱེམས་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་འདི་ཡང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་འཆི་མེད་གྲུབ་པའི་དགའ་ཚལ་ནས་ས་ཕོ་རྟ་ལོའི་ཟླ་ཚེས་ལ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །

དཔལ་མགོན་མ་ནིང་ནག་པོའི་ཞལ་སྐྱེམས་ཕུད་རྒོད་ཁྲག་ཞག་རྦ་ཀློང་འཁྲུགས་པ་བཞུགས་སོ།།

ཧཱུྃ། ཀ་དག་ངང་ལས་སྙིང་རྗེ་ཁྲོས་པའི་སྐུ། །ཁ་དོག་དུས་མཐའི་ཆར་སྤྲིན་འཁྲིགས་པ་འདྲ། །ག་ཤལ་མགོ་ཕྲེང་དྲག་པོའི་རྒྱན་གྱིས་སྤྲས། །ང་ཡིས་འབོད་ཚེ་གནས་འདིར་གཤེགས་སུ་གསོལ། །ཅ་ག་རྣམ་མང་མཆོད་པའི་སྤྲིན་ཕུང་ནི། །ཆ་ཤས་མ་ཡིན་ནམ་མཁའ་མཛོད་ཀྱི་སྤྲིན། །ཇ་ཆང་གསེར་སྐྱེམས་བདུད་རྩིའི་རྒྱ་མཚོ་འདི། །ཉ་རྒྱས་ཇི་བཞིན་དགྱེས་པར་བཞེས་སུ་གསོལ། །ཏ་ཐཱ་ག་ཏའི་བསྟན་པ་རིན་པོ་ཆེ། །ཐ་གྲུ་ཡངས་པའི་ཞིང་ཁམས་མཐའ་ཡས་སུ། །ད་ལྟ་ཙམ་མིན་དུས་རྣམས་ཐམས་ཅད་དུ། །ན་མར་རྟག་པར་ཕྱོགས་བཅུར་རྒྱས་པར་མཛོད། །པ་ཏྲའི་འཁྱིལ་ཀློང་ལྟ་བུའི་འཁོར་བ་ན། །ཕ་མ་འགྲོ་དྲུག་སེམས་ཅན་ཐམས་ཅད་རྣམས། །བ་ལང་བཞིན་དུ་རྨོངས་པ་མཐའ་དག་ཀུན། །མ་ལུས་རྟག་ཏུ་མགོན་མཛད་ཁྱོད་ལ་བསྟོད། །ཙ་མ་ར་ལྟར་ཁེངས་པའི་བདུད་སྡེའི་ཚོགས། །ཚ་གྲང་གདུག་པའི་མངོན་སྤྱོད་ཕྲིན་ལས་ཀྱིས། །ཛ་ལང་བསམ་སྦྱོར་ངན་པའི་ཚོགས་རྣམས་ཀུན། །ཝ་སྐྱེས་ལྟ་བུར་ཞུམ་པའི་ཕྲིན་ལས་མཛོད། །ཞ་རེང་སྨྱོ་འབོག་འདུལ་བའི་གཉེན་པོ་ཆེ། །ཟ་བྱེད་འཁོར་དུ་སྲོག་བདག་འབུམ་གྱིས་བསྐོར། །འ་འུར་དྲག་པོའི་གད་མོ་འབྲུག་ལྟར་སྒྲོག །ཡ་མཚན་ལྡན་པའི་དཔལ་མགོན་ཁྱོད་ཉིད་ཀྱིས། །ར་ཛ་རྒྱལ་འགོང་དམ་སྲི་འབྱུང་པོའི་ཚོགས། །ལ་ལ་རྣལ་འབྱོར་སྙིང་ལ་ཞུགས་ནས་སུ། །ཤ་སྟག་བསྟན་སེལ་སྡེ་འཁྲུགས་སློང་བྱེད་ཚོགས། །ས་ཕྱོགས་གང་དུ་གནས་ཀྱང་གཞོམ་པར་མཛོད། །ཧ་ཧི་གད་མོ་རྡོ་རྗེའི་སྒྲ་དབྱངས་ཀྱིས། །ཨ་ལ་ལ་ཞེས་དགའ་བའི་གར་མཛོད་ཅིག །ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་པར། །དཔལ་ལྡན་ཡེ་ཤེས་མགོན་པོ་ཁྱོད་ཉིད་དང་། །ལུས་དང་གྲིབ་བཞིན་མི་འབྲལ་འགྲོགས་ནས་ཀྱང་། །ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པ་འདི་ནི་རང་དགོན་གྱི་གྲྭ་དགེ་པདྨ་གྲགས་པ་ནས་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཕོ་བྲང་ཆེན་པོའི་ཡང་རྩེ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ནས་བྲིས་པ་དགེའོ། །

ཉང་གཏེར་མགོན་པོ་ཕྱག་བཞིའི་གསེར་སྐྱེམས་ཁྲོ་རྒྱལ་དགྱེས་པའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ།།

ཧཱུྃ། སྔོན་ཚེ་འདས་དུས་བསྐལ་བའི་དང་པོ་ལ། །མ་རུང་དམ་ཉམས་གདུལ་དཀའ་འདུལ་བའི་ཕྱིར། །ཆོས་ཉིད་ཞི་བས་འདུལ་བར་མི་ནུས་པ། །ཁྲོ་རྒྱལ་འབར་བའི་གར་གྱིས་གདུལ་བར་བྱ། །ཤིན་ཏུ་འབར་བ་ཁྲོ་བོའི་ཚུལ་འཆང་བ། །ཆོས་སྐུ་འགྱུར་མེད་དཔལ་ལྡན་ནག་པོ་ཆེ། །དངོས་གྲུབ་འབྱུང་གནས་དཔལ་མགོན་ཕྱག་བཞི་པ། །མཐིང་ནག་མི་བཟད་གར་དགུའི་ཉམས་དང་ལྡན། །མི་བསྲུན་བཟོད་དཀའི་གཏུམ་ཆེན་ཞལ་གཅིག་པ། །ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་བའི་ཕྱིར། །ནག་པོ་ཆེན་པོ་ཕྱག་བཞིའི་ཚུལ་བསྟན་པ། །ཞལ་ནས་ཧ་ཧའི་གད་མོ་ཕྱོགས་བཅུར་སྒྲོག །ཉོན་མོངས་བདུད་བཞི་འདུལ་མཛད་དགྲ་སྙིང་དང་། །ལྷ་མིན་གཡུལ་ལས་བཟློག་བྱེད་རལ་གྲི་གཡས། །ཁམས་གསུམ་དབང་དུ་སྡུད་བྱེད་ཐོད་ཁྲག་དང་། །བགེགས་རྣམས་འདུལ་བྱེད་ཁ་ཊཱྃ་གཡོན་ན་བསྣམས། །ཐབས་དང་ཤེས་རབ་དབྱིངས་ལས་བྱུང་བ་ཡི། །ཁྲོས་པའི་ཞབས་གཉིས་ཕྱེད་སྐྱིལ་བཞུགས་པ་ནི། །ཁམས་གསུམ་འཁོར་བའི་སྡུག་བསྔལ་འཇོམས་པར་བྱེད། །མི་མགོ་རློན་པའི་ཕྲེང་བས་སྐུ་ལ་བརྒྱན། །སྦྲུལ་ཆུན་རིགས་ལྔ་སྟག་ཤམ་རྒྱན་གྱིས་སྤྲས། །མཐུ་སྟོབས་ནུས་པས་རི་རབ་ཐལ་བར་བརླག །བསྐལ་བའི་མེ་དཔུང་འབར་བའི་ཀློང་ན་བཞུགས། །སྦྱོར་བའི་ཡུམ་ཆེན་ལྷ་མོ་ཙནྟི་ཀ །ནག་མོ་དུར་ཁྲོད་རུས་པའི་རྒྱན་གྱིས་སྤྲས། །གཅེར་མོ་གྲི་གུག་ཐོད་པ་ཁྲག་བཀང་བསྣམས། །བདེ་བ་ཆེན་པོའི་ཡབ་ཡུམ་མཉམ་པར་སྦྱོར། །ཕྱི་རོལ་འཁོར་ལོ་རྩིབས་བཞི་ལ་གནས་པའི། །སྐུ་ཡི་ལས་མཁན་དཔལ་མགོན་བྱ་རོག་གདོང་། །གསུང་གི་ལས་མཁན་འབར་མ་བྱ་ཞོན་མ། །ཐུགས་ཀྱི་ལས་མཁན་གཟའ་བདུད་ར་ཧུ་ལ། །དྲག་པོའི་ལས་བྱེད་འཇིགས་བྱེད་སེངྒེའི་གདོང་། །དེ་ཡི་ཕྱི་རོལ་འཁོར་ལོ་རྩིབས་བཞི་ལ། །རྒྱལ་པོ་གཤིན་རྗེ་བཙན་དང་གནོད་སྦྱིན་སོགས། །ཕྱི་རོལ་ཁྱམས་དང་དུར་ཁྲོད་ལ་གནས་པའི། །ནག་པོ་སྟོང་དང་ཤ་ཟ་འབུམ་གྱི་ཚོགས། །མ་མོ་བྱེ་བའི་འཁོར་ཚོགས་བསམ་མི་ཁྱབ། །ནཱ་ལནྡྲ་དང་རྒྱ་གར་རྡོ་རྗེའི་གདན། །རབ་འཇིགས་དུར་ཁྲོད་བསིལ་བ་ཚལ་སོགས་ནས། །རྣལ་འབྱོར་གདུང་བ་དྲག་པོས་འབོད་པའི་ཚེ། །སྔོན་གྱི་དམ་ཚིག་གཉན་པོ་རྗེས་དགོངས་ལ། །སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་སུ་གསོལ། །གསང་ཆེན་རོལ་བའི་དུར་ཁྲོད་གཞལ་ཡས་འདིར། །བརྟན་པར་བཞུགས་ལ་དངོས་གྲུབ་སྩལ་དུ་གསོལ། །སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད་པར་བགྱིད། །ཀ་དག་དབྱིངས་སུ་གཙང་རྨེ་མི་མངའ་ཡང་། །ཁ་དོག་དྲི་རོ་ཕུན་སུམ་ཚོགས་པའི་དཔལ། །ག་ལེར་འདོད་ཡོན་བཀྲ་བའི་གསེར་སྐྱེམས་འདི། །ང་བདག་གཟུང་འཛིན་བྲལ་ཕྱིར་བཞེས་སུ་གསོལ། །ཅ་ག་སྤྱན་གཟིགས་སྣ་ཚོགས་བསམ་མི་ཁྱབ། །ཆ་ཤས་མ་ཡིན་ནམ་མཁའི་སྐར་ལྟར་བཀྲ། །ཇ་ཆང་གསེར་སྐྱེམས་གཡུ་སྐྱེམས་མཆོད་པ་འདི། །ཉ་རྒྱས་བཞིན་ཏུ་དགྱེས་པར་བཞེས་སུ་གསོལ། །ཏ་ཐཱ་ག་ཏ་མཚོ་སྐྱེས་རྡོ་རྗེ་ཡིས། །ཐ་ཚིག་དམ་ལ་བཞག་པའི་བསྟན་སྲུང་ཆེ། །ད་ལྟ་རིག་འཛིན་རྣལ་འབྱོར་བདག་ཅག་གིས། །ན་མར་ཇི་བཞིན་གསེར་སྐྱེམས་མཆོད་པ་འབུལ། །པ་ཏྲའི་འཁྱུད་ཀློང་ལྟ་བུའི་འཁོར་བ་ན། །ཕ་མཐའ་ཡས་པའི་འགྲོ་བ་འཁྱམས་པ་རྣམས། །བ་མཆོག་གཏེར་བུམ་ལྟ་བུའི་དངོས་གྲུབ་ནི། །མ་ལུས་སྩོལ་ཕྱིར་གསེར་སྐྱེམས་མཆོད་པ་འབུལ། །ཙ་མ་ར་ལྟར་ཁེངས་པའི་དམ་ཉམས་ཚོགས། །ཚ་བའི་མེ་ཡི་དབལ་གྱིས་བསྲེགས་པའི་ཕྱིར། །ཛ་ཧུའི་བུ་མོའི་རྒྱུན་བཞིན་གསེར་སྐྱེམས་ལ། །ཝ་ལེར་འདོད་ཡོན་བརྒྱན་པའི་མཆོད་པ་འབུལ། །ཞྭ་མོ་ལྟ་བུར་གཙུག་གི་རྒྱན་གཅིག་པུ། །ཟ་བྱེད་སྣང་སྲིད་དྲེགས་པ་ཡོངས་ཀྱི་གཙོ། །འ་ཅག་སྒྲུབ་ལ་དངོས་གྲུབ་སྩོལ་པའི་ཕྱིར། །ཡ་མཚན་ལྡན་པའི་གསེར་སྐྱེམས་མཆོད་པ་འབུལ། །རཱ་ཛ་རྒྱལ་འགོང་དམ་སྲིའི་བརླམས་པ་རྣམས། །ལ་ལ་ཙམ་མིན་ཐམས་ཅད་བསྒྲལ་ནས་ནི། །ཤ་དང་ཁྲག་གི་མཆོད་པ་ཕུལ་བ་འདི། །ས་ལམ་ཡོན་ཏན་རྒྱས་ཕྱིར་བཞེས་སུ་གསོལ། །ཧ་ལའི་ཉོན་མོངས་དུག་ལྔས་མནར་བ་རྣམས། །ཨ་ལ་ལ་ཡི་ངོ་མཚར་རྡོ་རྗེའི་གླུ། །དུག་ལྔ་ཡེ་ཤེས་ལྔ་ཡི་སྐུར་གྱུར་ནས། །རྣམ་མཁྱེན་སངས་རྒྱས་གོ་འཕང་ཐོབ་པར་ཤོག །ཅེས་ཉང་གཏེར་མགོན་པོ་ཕྱག་བཞིའི་གསེར་སྐྱེམས་འདི་ཉིད་མགོན་ཁང་དབང་དྲག་རོལ་བ་ནས་ས་ཕོ་རྟ་ལོའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བསྟན་ལ་ཕན་པའི་ལྷག་བསམ་དག་པས་བྲིས་བ་དགེའོ། །

རྡོ་རྗེ་གཤོག་རྒོད་མའི་བསྐང་བ་ཕྲིན་ལས་ལྷུན་འགྲུབ་ཅེས་བྱ་བ་བཞུགས་སོ།།

བྷྱོ། འདོད་པ་ཁམས་ཀྱི་དབང་ཕྱུག་མ། །དཔལ་ལྡན་རྡོ་རྗེ་གཤོག་རྒོད་རྩལ། །ཕྱི་ནང་གསུང་བའི་མཆོད་རྫས་ཚོགས། །སྤྱི་དང་ཁྱད་པར་མཐུན་པའི་རྫས། །རབ་འབྱམས་ནམ་མཁའ་གང་བའི་སྤྲིན། །ལྷ་མོ་ཁྱོད་ལ་འབུལ་ལགས་ན། །འཁོར་བཅས་ཐུགས་དམ་བསྐང་གྱུར་ཅིག །དམ་ཚིག་ཉམས་ཆགས་བསྐང་བ་དང་། །ཞི་རྒྱས་དབང་དྲག་ཕྲིན་ལས་བཞིའི། །ལས་རྣམས་མྱུར་དུ་འགྲུབ་པར་མཛོད། །ཅེས་པའང་རྫོགས་སྤྲུལ་པས་སོ། །

ཉི་གྲགས་ལྷ་མོ་སྔགས་བདག་མའི་ཕུད་ཕྱར་ཕྲིན་ལས་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།

ཧོཿ རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་རྣམ་རོལ་མ་འགགས་ཅིར་ཡང་ཤར་བ། ཁམས་གསུམ་སྲིད་གསུམ་ཀུན་གྱི་མངའ་བདག ལོག་རྟོག་བདུད་སྡེ་ཡོངས་ཀྱི་གཤེད་དུ་ཁྲོས་པ། སྣང་སྲིད་མཁའ་འགྲོ་ཀུན་གྱི་གཙོ་མོ། དམ་ལྡན་དངོས་གྲུབ་ཀུན་གྱི་རྗེ་མོ། དུས་བཞིའི་རྒྱལ་མོ་དཔལ་སྔགས་ཀྱི་བདག་མོ། སྐུ་མདོག་མཐིང་ནག་ཆར་སྤྲིན་ལྟར་གནག་པ། སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་པ། རྣོ་དབལ་མཆེ་བ་རྣམ་བཞི་གངས་རི་ལྟར་གཙིགས་པ། རྟོག་མེད་རྣམ་པར་དག་པ་བམ་ཆེན་ཞལ་དུ་བསྒྲིལ་བ། སྤྱི་བོར་རྨ་བྱའི་སྒྲོ་ཕུད་བཙུགས་པ། སྒྲུབ་ལ་བུ་བཞིན་སྐྱོང་བ། ཟླ་བ་ཚེས་པས་བརྒྱན་པ། ཐོད་པ་སྐམ་པོ་ལྔ་ཡི་སྲོག་ཞུས་དབུ་ལ་བརྒྱན་པ། རློན་པ་ཁྲག་འཛག་པ་ལྔ་བཅུས་དོ་ཤལ་བྱས་པ། རལ་བ་ཁམས་ནག་སྲིད་པའི་རྩེ་མོར་འཁྱིལ་བ། སྙན་གོང་གཡས་ན་དུང་གི་སེངྒེ་རྔམས་ཤིང་འཕྱོ་བ། སྙན་གཡོན་དུ་སྦྲུལ་ནག་གདེངས་ཤིང་འཁྱུག་པ། གསེར་གཡུ་མུ་ཏིག་གི་ཆུན་པོས་བརྒྱན་པ། སྐུ་སྟོད་ལ་ཞིང་ལྤགས་དང་དར་ནག་གི་བེར་གསོལ་བ། སྐུ་སྨད་ལ་རེ་ལྡེ་དང་སྟག་གི་ཤམ་ཐབས་གསོལ་བ། སྦྲུལ་དང་དུར་ཁྲོད་རོལ་བའི་ཆས་ཀྱིས་བརྒྱན་པ། ལྟེ་བའི་དཀྱིལ་ན་གསེར་གྱི་ཉི་མ་འཆར་བ། ཕྱག་གཡས་རྩེ་གསུམ་དར་ནག་རུ་མཚོན་ཕྱར་བ། ཕྱག་གཡོན་ནད་ཀྱི་རྐྱལ་བ་བསྣམས་པ། ཆིབས་སུ་ཤུགས་ལྡན་དྲེའུ་དམར་གྭ་ལ་ཆིབས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །བདག་ཅག་རྣལ་འབྱོར་པ་འཁོར་དང་བཅས་པའི་ཡིད་ལ་ཅི་བསམ་དངོས་གྲུབ་སྩོལ་ཅིག བར་དུ་གཅོད་པའི་དགྲ་བགེགས་ཐུལ་ཅིག མི་ནད་དང་ཕྱུགས་ནད་ཀྱི་རྒྱུན་ཆོད་ཅིག མི་མཐུན་པའི་རྐྱེན་ངན་པ་མཐའ་དག་སོལ་ཅིག ཧོཿ མ་ཅིག་དཔལ་ལྡན་ལྷ་མོའི་སྐུ་ཡི་དཀྱིལ་འཁོར་ལས་ཤར་བ་སྐུ་ཡི་སྤྲུལ་པ་མ་མོ་འབུམ་གྱི་གཙོ་མོ། མ་མོ་ཆེན་མོ་བ་ལམ་དྲེལ་སྣ་མ། འཁོར་དུ་མུན་པའི་མདོག་ཅན་མཁའ་འགྲོ་འབུམ་འབུམ་གྱིས་བསྐོར་བ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །བདག་ཅག་རྣལ་འབྱོར་པ་འཁོར་དང་བཅས་པའི་ཡིད་ལ་ཅི་བསམ་དངོས་གྲུབ་སྩོལ་ཅིག བར་དུ་གཅོད་པའི་དགྲ་བགེགས་ཐུལ་ཅིག མི་ནད་དང་ཕྱུགས་ནད་ཀྱི་རྒྱུན་ཆོད་ཅིག མི་མཐུན་པའི་རྐྱེན་ངན་པ་མཐའ་དག་སོལ་ཅིགཧོཿ མ་གཅིག་གསུང་གི་དཀྱིལ་འཁོར་ལས་ཤར་བ། གསུང་གི་སྤྲུལ་པའི་མ་མོ་འབུམ་གྱི་གཙོ་མོ་སྟག་སྨན་གཟེར་འདེབས་མ། འཁོར་དུ་མཁའ་འགྲོ་ནག་མོ་འབུམ་འབུམ་གྱིས་བསྐོར་བ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །བདག་ཅག་རྣལ་འབྱོར་པ་འཁོར་དང་བཅས་པའི་ཡིད་ལ་ཅི་བསམ་དངོས་གྲུབ་སྩོལ་ཅིག བར་དུ་གཅོད་པའི་དགྲ་བགེགས་ཐུལ་ཅིག མི་ནད་དང་ཕྱུགས་ནད་ཀྱི་རྒྱུན་ཆོད་ཅིག མི་མཐུན་པའི་རྐྱེན་ངན་པ་མཐའ་དག་སོལ་ཅིག ཧོཿ མ་ཅིག་ཐུགས་ཀྱི་དཀྱིལ་འཁོར་ལས་ཤར་བ། ཐུགས་ལས་སྤྲུལ་པའི་ཌཱཀྐི་འབུམ་གྱི་གཙོ་མོ་མ་མོ་ཆེན་མོ་ཁྲི་སྨན་སི་ལི་མ་འཁོར་དུ་ཆར་སྤྲིན་མདོག་འདྲ་འབུམ་འབུམ་གྱིས་བསྐོར་བ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །བདག་ཅག་རྣལ་འབྱོར་པ་འཁོར་དང་བཅས་པའི་ཡིད་ལ་ཅི་བསམ་དངོས་གྲུབ་སྩོལ་ཅིག བར་དུ་གཅོད་པའི་དགྲ་བགེགས་ཐུལ་ཅིག མི་ནད་དང་ཕྱུགས་ནད་ཀྱི་རྒྱུན་ཆོད་ཅིག མི་མཐུན་པའི་རྐྱེན་ངན་པ་མཐའ་དག་སོལ་ཅིག ཧོཿ མ་ཅིག་ཡོན་ཏན་གྱི་དཀྱིལ་འཁོར་ལས་ཤར་བ་ཡོན་ཏན་རིགས་ལས་སྤྲུལ་པའི་ཌཱཀྐི་འབུམ་འབུམ་གྱིས་གཙོ་མོ་རྡོ་རྗེ་ཕ་ལམ་མ་འཁོར་དུ་རབ་ཁྲོས་ནག་མོ་འབུམ་འབུམ་གྱིས་བསྐོར་བ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །བདག་ཅག་རྣལ་འབྱོར་པ་འཁོར་དང་བཅས་པའི་ཡིད་ལ་ཅི་བསམ་དངོས་གྲུབ་སྩོལ་ཅིག བར་དུ་གཅོད་པའི་དགྲ་བགེགས་ཐུལ་ཅིག མི་ནད་དང་ཕྱུགས་ནད་ཀྱི་རྒྱུན་ཆོད་ཅིག མི་མཐུན་པའི་རྐྱེན་ངན་པ་མཐའ་དག་སོལ་ཅིག ཧོཿ མ་ཅིག་ཕྲིན་ལས་ཀྱི་དཀྱིལ་འཁོར་ལས་ཤར་བ་རྒྱལ་པོ་འབུམ་གྱི་མངའ་བདག་ཚངས་པ་དུང་གི་ཐོར་ཚུགས་ཅན་འཁོར་དུ་རབ་ཏུ་ཁྲོས་པའི་རྒྱལ་པོ་འབུམ་གྱིས་བསྐོར་བ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །བདག་ཅག་རྣལ་འབྱོར་པ་འཁོར་དང་བཅས་པའི་ཡིད་ལ་ཅི་བསམ་དངོས་གྲུབ་སྩོལ་ཅིག བར་དུ་གཅོད་པའི་དགྲ་བགེགས་ཐུལ་ཅིག མི་ནད་དང་ཕྱུགས་ནད་ཀྱི་རྒྱུན་ཆོད་ཅིག མི་མཐུན་པའི་རྐྱེན་ངན་པ་མཐའ་དག་སོལ་ཅིག ཧོཿ མ་ཅིག་གཉིས་སུ་མེད་པའི་དཀྱིལ་འཁོར་ལས་ཤར་བ་གཤིན་རྗེ་འབུམ་གྱི་མངའ་བདག་གཤིན་རྗེ་བྷེ་ཝ་ས་ཏྭ་འཁོར་དུ་གཤིན་རྗེ་ནག་པོ་འབུམ་འབུམ་གྱིས་བསྐོར་བ་ལ་གསོལ་ལོ། །འབུམ་ལོ། །མཆོད་དོ། །བདག་ཅག་རྣལ་འབྱོར་པ་འཁོར་དང་བཅས་པའི་ཡིད་ལ་ཅི་བསམ་དངོས་གྲུབ་སྩོལ་ཅིག བར་དུ་གཅོད་པའི་དགྲ་བགེགས་ཐུལ་ཅིག མི་ནད་དང་ཕྱུགས་ནད་ཀྱི་རྒྱུན་ཆོད་ཅིག མི་མཐུན་པའི་རྐྱེན་ངན་པ་མཐའ་དག་སོལ་ཅིག ཧོཿ མ་ཅིག་ཡོངས་སུ་འདུས་པའི་དཀྱིལ་འཁོར་ལས་ཤར་བ་བདུད་པོ་བྱེ་བ་འབུམ་ཀྱི་མངའ་བདག་བདུད་ཀྱི་རྒྱལ་པོ་བྱེ་བ་དགུ་རིང་ལ་འཁོར་དུ་བདུད་དམག་ནག་པོ་བྱེ་བ་འབུམ་འབུམ་གྱིས་བསྐོར་བ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །བདག་ཅག་རྣལ་འབྱོར་པ་འཁོར་དང་བཅས་པའི་ཡིད་ལ་ཅི་བསམ་དངོས་གྲུབ་སྩོལ་ཅིག བར་དུ་གཅོད་པའི་དགྲ་བགེགས་ཐུལ་ཅིག མི་ནད་དང་ཕྱུགས་ནད་ཀྱི་རྒྱུན་ཆོད་ཅིག མི་མཐུན་པའི་རྐྱེན་ངན་པ་མཐའ་དག་སོལ་ཅིག ཧོཿ མ་མོ་ཆེན་མོའི་བཀའི་འཁོར་དུ་གཏོགས་པ་ཚངས་པ་བརྒྱ་བྱིན། རྒྱལ་ཆེན་སྡེ་བཞི་སོགས་ལྷ་ཕྲན་འབུམ་དང་བཅས་པ། ནཱ་ག་རཀྴ་ཀླུ་ཡི་ལྕམ་གཅིག་ཀླུ་ཕྲན་འབུམ་དང་བཅས་པ། ནཱ་ག་རཀྴ་རྡོ་རྗེའི་ལྕམ་གཅིག་སྲིན་ཕྲན་མང་པོ་འབུམ་དང་བཅས་པ་གཞན་ཡང་སྡེ་བརྒྱད་ཀྱི་འཁོར་ཚོགས་ཉི་མའི་ཟེར་གྱི་རྡུལ་ལྟར་འཁྲིགས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །བདག་ཅག་རྣལ་འབྱོར་པ་འཁོར་དང་བཅས་པའི་ཡིད་ལ་ཅི་བསམ་དངོས་གྲུབ་སྩོལ་ཅིགབར་དུ་གཅོད་པའི་དགྲ་བགེགས་ཐུལ་ཅིག མི་ནད་དང་ཕྱུགས་ནད་ཀྱི་རྒྱུན་ཆོད་ཅིག མི་མཐུན་པའི་རྐྱེན་ངན་པ་མཐའ་དག་སོལ་ཅིག ཧོཿ དེ་ལྟར་སྲིད་གསུམ་ཡོངས་ཀྱི་མངའ་བདག་དཔལ་ལྡན་སྔགས་ཀྱི་བདག་མོ་སྐུ་མ་གཅིག་མཚན་གྱི་རྣམ་གྲངས་དུས་བཞིའི་རྒྱལ་མོ། ལྷ་མོ་དུད་སོལ་མ། དམག་གི་རྒྱལ་མོ། རེ་མ་ཏི་སོགས་ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་ནད་གདོན་བར་ཆད་རྐྱེན་ངན་ཐམས་ཅད་ཞི་བར་མཛོད་ཅིག ཚེ་དང་བསོད་ནམས་སྙན་གྲགས་ཐམས་ཅད་རྒྱས་པར་མཛོད་ཅིག ཁམས་གསུམ་སྲིད་གསུམ་ཐམས་ཅད་ཀྱི་མི་ནོར་ཟས་གསུམ་དབང་དུ་བསྡུས་ཤིག དགྲ་བགེགས་བྱད་མ་རྦོད་གཏོང་ཐམས་ཅད་མངོན་སྤྱོད་དྲག་པོའི་རོལ་བས་ཚར་ཆོད་ཅིག ཅེས་པ་འདི་ཡང་དབུ་བྱང་ཆུབ་བཟང་པོ་ནས་ཡང་ཡང་བསྐུལ་བའི་ངོར་མགོན་ཁང་དབང་དྲག་རོལ་བའི་ཕོ་བྲང་ཆེན་པོ་ནས་ས་འབྲུག་ཟླ་བཅུ་པའི་ཚེས་ལ་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བགྲང་བྱ་ང་བདུན་སྐབས་གང་ཤར་སྨྲས་པའོ། །དགེའོ། །

དཔལ་ལྡན་ལྷ་མོ་སྔགས་བདག་མའི་རྟགས་བསྟོད་ཡོངས་འདུས་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ།།

ཧཱུྃ་བྷྱོ། བྱང་ཤར་རྒྱ་མཚོ་ཆེན་པོའི་ཕ་རོལ་ན། །ཡོངས་འདུས་ཤིང་ཆེན་ལོ་འདབ་རྒྱས་པའི་དྲུང་། །མུ་ལེ་མཐིང་གི་རྒྱ་མཚོའི་ཀློང་ཡངས་ནས། །མཐིང་ཤུན་འོད་བཅས་ཐོད་པའི་སྐུ་མཁར་ནས། །མེ་རླུང་འཚུབ་མ་དམར་ནག་འབར་བའི་ཀློང་། མི་ཁྲག་རྟ་ཁྲག་རྒྱ་མཚོ་ཆེན་པོ་བསྐྱིལ། །མི་རོ་རྟ་རོ་འབུམ་ཁྲི་རྐྱལ་དུ་བཀྲམ། །འཇིགས་ཤིང་སྐྱི་གཡའི་གནས་མཆོག་དམ་པ་ནས། །མ་བདུད་ཀུན་གྱི་རྒྱལ་མོ་སྔགས་བདག་མ། །སྔོན་ཚེ་རྒྱལ་བ་རྣམས་ཀྱི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་ཐུགས་དམ་དྲན་མཛོད་ལ། །རྣལ་འབྱོར་བདག་ཅག་ཐུགས་རྗེས་ཉེར་དགོངས་ཏེ། །སྐད་ཅིག་ཙམ་གྱི་གནས་འདིར་གཤེགས་སུ་གསོལ། །མ་ཅིག་དཔལ་གྱི་རྒྱལ་མོ་སྐུ་བསྐྱོད་ཚེ། །གཡུ་ཡི་ན་བུན་མང་པོ་ཐུ་ལུ་ལུ། །གཡུ་འབྲུག་མང་པོའི་སྒྲ་སྐད་དི་རི་རི། །གློག་ལྕེ་དམར་པོ་མེ་འོད་ཁྱུགས་སེ་ཁྱུག །ཆིབས་སུ་རྒྱ་བོང་དེ་ནི་དམར་གྭ་ཆིབས། །དྲེགས་པ་བདུན་དང་མ་མོ་བྱེ་བ་འབུམ། །ཁོལ་མོ་ཡང་ཁོལ་ཡང་བྲན་ཚོགས་དང་བཅས། །སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་ནས་ཀྱང་། །གསང་ཆེན་རོལ་པའི་དུར་ཁྲོད་ཆེན་པོ་འདིར། །མ་ལུས་འཁོར་བཅས་གནས་འདིར་བཞུགས་སུ་གསོལ། །བླ་མེད་བསྟན་པ་གཉན་པོ་བསྲུང་བའི་ཕྱིར། །དང་བའི་ཡིད་ཀྱི་གུས་པས་ཕྱག་འཚལ་ལོ། །རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་དཔག་མེད་ན། །དངོས་འབྱོར་ཡིད་སྤྲུལ་མཆོད་རྫས་ཇི་སྙེད་ཀུན། །ཀུན་བཟང་མཆོད་པའི་སྤྲིན་ལྟར་བཤམས་ནས་ཀྱང་། །མ་ཅིག་ལྷ་མོ་འཁོར་དང་བཅས་ལ་འབུལ། །མ་ཅིག་སྐུ་མདོག་མཐིང་ནག་བཞུགས་པ་ནི། །དོན་དམ་ཐིག་ལེ་ཉག་གཅིག་མཚོན་པའི་བརྡ། །མ་ཡི་སྤྱན་གསུམ་ཕྱོགས་བཅུར་གཟིགས་པ་ནི། །འཁོར་འདས་ཐམས་ཅད་དབང་དུ་སྡུད་པའི་རྟགས། །མ་ཡི་ཤངས་ནས་འཐོར་རླུང་འཚུབ་པ་ནི། །དྲག་པོ་མངོན་སྤྱོད་ལས་ལ་མྱུར་བའི་རྟགས། །མ་ཡི་རྣོ་དབལ་མཆེ་བ་གཙིགས་པ་ནི། །གནོད་བྱེད་འབྱུང་པོ་མ་ལུས་འདུལ་བའི་རྟགས། །མ་ཡི་ལྗགས་འདྲིལ་གློག་ལྟར་འཁྱུགས་པ་ནི། དགྲ་ལ་ལྟས་ངན་སྣ་ཚོགས་གཏོང་བའི་རྟགས། །མ་ཡི་ཞལ་དུ་བམ་ཆེན་སྒྲིལ་བ་ནི། །ཟ་བྱེད་ཚོགས་རྣམས་དབང་དུ་སྡུད་པའི་རྟགས། །མ་ཡི་དབུ་སྐྲ་གྱེན་ཐུར་གཏིབ་པ་ནི། །སྤྲུལ་པ་མང་པོ་ལས་ལ་འགྱེད་པའི་རྟགས། །མ་ཡིས་ཐོད་སྐམ་དབུ་བརྒྱན་བྱས་པ་ནི། །ཁྲག་འཐུང་རིགས་ལྔ་དབུ་ལ་བཞུགས་པའི་རྟགས། །མ་ཡི་སྤྱི་གཙུག་རྨ་བྱས་བརྒྱན་པ་ནི། །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་དབང་བསྐུར་རྟགས། །མ་ཡི་སྤྱི་བོར་ཟླ་བས་བརྒྱན་པ་ནི། །ཆོས་ཀུན་མ་འདྲེས་ས་ལེར་མཁྱེན་པའི་རྟགས། །མ་ཡི་ལྟེ་བར་ཉི་མ་འཆར་བ་ནི། །ཁམས་གསུམ་སྐྱེ་འགྲོ་ཟིལ་གྱི་གནོན་པའི་རྟགས། །མ་ཡི་སྙན་གཡས་སེངྒེ་འཕྲོ་བ་ནི། །ཕྱོགས་བཅུའི་རྒྱལ་བའི་ཞིང་ཁམས་སྐྱོང་པའི་རྟགས། །མ་ཡི་སྙན་གཡོན་སྦྲུལ་གྱིས་བརྒྱན་པ་ནི། །དགྲ་ལ་ཆོ་འཕྲུལ་སྣ་ཚོགས་འགྱེད་པའི་རྟགས། །མ་ཡིས་མི་རྩིབ་རེ་ལྡེ་གསོལ་བ་ནི། །རྒྱལ་བསེན་ས་བདག་དབང་དུ་སྡུད་པའི་རྟགས། །མ་ཡི་སྐུ་སྟོད་གཡང་གཞི་གསོལ་བ་ནི། །ཤ་ཟའི་ཚོགས་རྣམས་དབང་དུ་སྡུད་པའི་རྟགས། །མ་ཡི་སྐུ་སྨད་སྟག་ཤམ་གསོལ་བ་ནི། །ཆེ་བའི་དཔའ་རྟགས་གཡུལ་ལས་རྒྱལ་བའི་རྟགས། །མ་ཡིས་མགོ་ཕྲེང་དོ་ཤལ་བྱས་པ་ནི། །ཁམས་གསུམ་འཁོར་བ་གནས་ནས་འདྲེན་པའི་རྟགས། །མ་ཡིས་བོང་བུ་དམར་གྭ་ཆིབས་པ་ནི། །འགོང་པོའི་སྡེ་ཚོགས་ཟིལ་གྱིས་གནོན་པའི་རྟགས། །དེ་ལ་མི་ལྤགས་གཡང་གཞིའི་བརྒྱན་པ་ནི། །དུར་ཁྲོད་ཀུན་གྱི་གཙོ་མོ་མཛད་པའི་རྟགས། །སྲིན་པོའི་ཡ་ཐོད་སྔ་རུ་བྱས་པ་ནི། །སྲིན་པོའི་སྡེ་ཚོགས་དབང་དུ་སྡུད་པའི་རྟགས། །སྲིན་པོའི་མ་ཐོད་ཕྱི་རུ་བྱས་པ་ནི། །སྡུག་བསྔལ་ཁྲག་གི་རྒྱ་མཚོ་སྐེམ་པའི་རྟགས། །སྦྲུལ་དང་རྒྱུ་མས་གོང་སྨེད་བྱས་པ་ནི། །ཀླུ་སྲིན་ཚོགས་རྣམས་དབང་དུ་སྡུད་པའི་རྟགས། །སྔ་ཤ་གཡས་ན་ཁྲམ་ཤིང་ཡ་ལ་ལ། །གཤིན་རྗེའི་དམག་ཚོགས་དབང་དུ་སྡུད་པའི་རྟགས། །སྔ་ཤ་གཡོན་དུ་ཚོན་གྲུ་ཀྱི་ལི་ལི། །མ་བདུད་སྨན་མོའི་ཚོགས་ལ་དབང་བསྐུར་རྟགས། །ཕྱི་ཤ་གཡས་སུ་ཤྭ་རྡེའུ་ཁྲ་ལ་ལ། །དམ་ཅན་ཐེའུ་རང་དབང་དུ་སྡུད་པའི་རྟགས། །ཕྱི་ཤ་གཡོན་དུ་ནད་རྐྱལ་ཕྱུ་རུ་རུ། །ནད་གཏོང་མ་མོའི་ཚོགས་ལ་དབང་བསྒྱུར་རྟགས། །རྣ་བར་དར་གྱི་ཅོད་པན་འཕུར་བ་ནི། །རྣལ་འབྱོར་སྙན་པ་ཕྱོགས་བཅུར་རྒྱས་པའི་རྟགས། །རིན་ཆེན་གཡུ་མཐུར་སྔོན་པོས་བརྒྱན་པ་ནི། །སྒྲུབ་ལ་དངོས་གྲུབ་ཅི་འདོད་སྩོལ་བའི་རྟགས། །རིན་ཆེན་གསེར་སྲབ་སེར་པོ་ཁྲོ་ལོ་ལོ། །ཕ་རོལ་བྱད་མ་ཕམ་པར་མཛད་པའི་རྟགས། །མདོ་མཚམས་ཀུན་ཏུ་མིག་གིས་བརྒྱན་པ་ནི། །འགྲོ་བའི་ལེགས་ཉེས་མ་ལུས་ཤན་འབྱེད་རྟགས། །སྙིང་དང་མགོ་བོས་ཐོང་སྡོམ་བྱས་པ་ནི། །ཉམས་པའི་གཟུགས་ཕུང་མྱུར་དུ་བཤིགས་པའི་རྟགས། །གནམ་ལྕགས་འབར་བའི་ཡོབ་ཆེན་བྱས་པ་ནི། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་རྟགས། །མེ་དཔུང་འབར་བའི་ཀློང་དུ་བཞུགས་པ་ནི། །མ་རིག་བག་ཆགས་གཞོབ་ཏུ་བསྲེགས་པའི་རྟགས། །ཧཱུྃ་བྷྱོ། མ་ཅིག་སྐུ་ལས་ཤཤསྤྲུལ་པ་རྡ་ཀི་མ། །ཆིབས་སུ་ཤུགས་ལྡན་བོང་བུ་ཁ་དཀར་ཆིབས། །ཁྲོ་གཏུམ་ལྡན་པའི་ནག་མོ་འབུམ་གྱིས་བསྐོར། །མ་མོ་བ་ལམ་དྲེལ་སྣ་མ་ལ་བསྟོད། །མ་ཅིག་གསུང་ལས་སྤྲུལ་པའི་རྡ་ཀི་མ། །ཆིབས་སུ་མི་བཟད་སྟག་མོ་རི་བཀྲ་ཆིབས། །དྲག་ཏུ་འཁྲོས་པའི་ནག་མོ་འབུམ་སྡེས་བསྐོར། །མ་མོ་སྟག་སྨན་གཟེར་འདེབས་མ་ལ་བསྟོད། །མ་ཅིག་ཐུགས་ལས་སྤྲུལ་པའི་རྡ་ཀི་མ། །ཆིབས་སུ་མགྱོགས་བྱེད་བྱ་རོག་ནག་མོ་ཆིབས། །ཤིན་ཏུ་ཁྲོས་པའི་ནག་མོ་འབུམ་གྱིས་བསྐོར། །མ་མོ་ཁྲི་སྨན་སི་ལི་མ་ལ་བསྟོད། །མ་ཅིག་ཡོན་ཏན་སྤྲུལ་བའི་རྡ་ཀི་མ། །ཆིབས་སུ་ཤུགས་ལྡན་དྲེལ་ནག་རྐང་གསུམ་ཆིབས། །དབྱིངས་ནས་ཁྲོས་པའི་ནག་མོ་འབུམ་གྱིས་བསྐོར། །མ་མོ་རྡོ་རྗེ་བ་ལམ་མ་ལ་བསྟོད། །མ་ཅིག་ཕྲིན་ལས་སྤྲུལ་པའི་ཆོས་སྐྱོང་ནི། །ཆིབས་སུ་རྔམ་བརྗིད་རྒྱ་སྟག་དར་མ་ཆིབས། །རྒྱལ་པོ་འབུམ་སྡེའི་ཚོགས་ཀྱི་འཁོར་གྱིས་བསྐོར། །ཚངས་པ་དུང་གི་ཐོར་ཚུགས་ཁྱོད་ལ་བསྟོད། །མ་ཅིག་གཉིས་མེད་སྤྲུལ་པའི་དྲེགས་པ་ནི། །ཆིབས་སུ་ཆུ་གླང་ནམ་མཁའི་མདོག་ཅན་ཆིབས། །སྙིང་རྗེ་མེད་པའི་གཤིན་རྗེ་འབུམ་གྱིས་བསྐོར། །ལས་གྱི་གཤིན་རྗེ་བྷེ་ཝ་ས་ཏྭར་བསྟོད། །མ་ཅིག་ཡོངས་སུ་འདུས་པའི་དཀྱིལ་འཁོར་ནས། །ཡོངས་འདུས་བདུད་པོ་བྱེ་བ་དགུ་རིང་ནི། །ཆིབས་སུ་བདུད་རྟ་མིག་སྨན་མདོག་ཅན་ཆིབས། །བདུད་པོ་མི་ཟན་འབུམ་གྱི་འཁོར་གྱིས་བསྐོར། །བདུད་གྱི་རྒྱལ་པོ་བྱེ་བ་དགུ་རིང་བསྟོད། །མ་མོ་མཁའ་འགྲོ་ཀུན་གྱི་དབང་ཕྱུག་མ། །ལྷ་མོ་ཀུན་གྱི་སྒྱུ་འཕྲུལ་ཆེན་མོ་ནི། །དུས་བཞིར་དབང་བསྒྱུར་དཔལ་ལྡན་སྔགས་བདག་མ། །ཆོས་ཀྱི་དབྱིངས་ལས་འབར་བའི་སྐུར་བཞེངས་ཚེ། །ཆ་ལུགས་མ་ངེས་ཅིར་ཡང་སྟོན་མཛད་ཅིང་། །ཆིབས་སུ་ཆུ་སྲིན་གཡུ་འབྲུག་གློག་ལ་ཆིབས། །རེ་འགའ་དོམ་དང་འཕར་བ་གཟིགས་ལ་ཆིབས། །རེ་འགའ་སྤྱང་ཀི་རླུང་ནག་འཚུབ་མ་ཆིབས། །རེ་འགའ་འོད་དང་སེང་གེ་དཀར་མོ་ཆིབས། །རེ་འགའ་རྒྱ་བོང་དམར་གྭ་ཆིབས་སུ་ཆིབས། །ཕྱག་ན་རལ་གྲི་མེ་ལོང་ཁྲམ་ཤིང་བསྣམས། །མདུང་དར་བེ་ཅོན་ཏྲི་ཤུལ་ནད་རྐྱལ་དང་། །རེ་འགའ་ལྕགས་ཀྱུ་ཞགས་པ་ནག་པོ་བསྣམས། །སྣ་ཚོགས་སྤྲུལ་བསྒྱུར་འགྱེད་པའི་དཔལ་ལྡན་མ། །འཁོར་དུ་དྲེགས་ཚོགས་བདུད་པོ་འབུམ་གྱིས་བསྐོར། །ཁོལ་མོ་ཡང་ཁོལ་བྲན་གཡོག་བསམ་མི་ཁྱབ། །ཉི་ཟེར་རྡུལ་ལྟར་བསམ་གྱིས་མི་ཁྱབ་པ། །ས་དང་བར་སྣང་ཀུན་ཀྱང་གང་བར་འགྱུར། །འཐོར་རླུང་འཚུབ་མ་ནག་པོ་ཀྱི་ལི་ལི། །བསྐལ་བའི་མེ་དཔུང་དམར་ནག་ལྷབས་སེ་ལྷབ། །ནད་ཀྱི་རླངས་པ་སྔོ་དམར་ཐིབས་སེ་ཐིབ། །མཚོན་གྱི་གྲུ་གུ་ཆར་ལྟར་སི་ལི་ལི། །དྲག་པོ་ཐུན་གྱི་སེར་བ་ཤ་ར་ར། །གནམ་ལྕགས་ཐོག་གི་བུ་ཡུག་ཚུབས་སེ་ཚུབ། །ཞེ་སྡང་སྦྲུལ་ནག་ཆུན་པོ་ཉི་ལི་ལི། །སྟག་སྤྱང་གཅན་གཟན་ཚོགས་ནི་འདུ་རུ་རུ། །བྱ་རོག་འདབ་ཆགས་ཚོགས་ནི་འཕུར་ལྡིང་གཡོ། །དོམ་དྲེད་ཁྱི་ནག་ཚོགས་ནི་ཀེངས་སེ་ཀེང་། །ལོག་འདྲེན་གནོད་བྱེད་འདུལ་ལ་མཆོག་ཏུ་བསྔགས། །སྔོན་ཚེ་གནོད་སྦྱིན་རྫོང་གི་བྲག་ཕུག་ཏུ། །ཡང་དག་དཔལ་ཆེན་བཅོམ་ལྡན་ཧེ་རུ་ཀས། །དམ་ཚིག་བསྒྲགས་ནས་དམ་ལ་བཏགས་པ་ཡི། །བཅོལ་བའི་ཐ་ཚིག་གཉན་པོ་མི་དྲན་ནམ། །བར་དུ་བྱང་ཤར་ཡོངས་འདུས་ཤིང་དྲུང་དུ། །སློབ་དཔོན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་གི །དམ་ལ་བཏགས་པའི་མ་མོ་ཆེན་མོ་རྣམས། །སྔོན་གྱི་གཡར་དམ་གཉན་པོ་རྗེས་དགོངས་ཤིག །ཐ་མ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །ཕུར་བ་གྲུབ་པའི་དྷ་ན་སཾ་སྐྲི་ཏས། །ལྕེ་ལ་ཨརྒྷཾ་ལག་ཏུ་རྡོ་རྗེ་གཏད། །ཇི་ལྟར་ཞལ་བཞེས་ཁས་བླངས་དྲན་མཛོད་ཅིག །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་པར། །མི་མཐུན་བར་ཆད་དགྲ་ལས་རྣམ་རྒྱལ་ཞིང་། །མཐུན་རྐྱེན་ལེགས་ཚོགས་ཡར་ངོའི་ཟླ་བ་བཞིན། །གོང་ནས་གོང་དུ་འཕེལ་བའི་ཕྲིན་ལས་མཛོད། །ཉི་གྲགས་ལྷ་མོ་སྔགས་བདག་མའི་རྟགས་བསྟོད་ཡོངས་འདུས་ལྗོན་ཤིང་ངམ་མ་བརྒྱ་མ་ཞེས་སུ་གྲགས་ན་འདི་ཉིད་རེབ་ཀོང་སྔགས་མིང་གི་གྲལ་དུ་གཏོགས་པ་སྨད་པའི་སྔགས་ཁང་དུ་བདག་དང་ལྷན་ཅིག་ཏུ་སྔགས་མང་སྔགས་པ་སུམ་བརྒྱ་ལྷག་ཙམ་གྱི་སྔགས་བདག་མའི་བསྐང་གསོལ་འདོན་སྐབས་ཉམས་དང་མཚན་ལྟས་ལེགས་པོ་བྱུང་བས་དེའི་རྐྱེན་གྱིས་རྟགས་བསྟོད་འདི་ལྟ་བུ་ཞིག་བརྩམ་དགོས་རྒྱུ་ཡིད་ལ་ཤར་བས་ལྕགས་ཕོ་ཁྱིའི་ལོར་ལྷ་མོ་དགྱེས་པའི་རྨིས་ལྟས་བཟང་པོ་བྱུང་བའི་ཡོས་ཟླའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན། ཨོ་རྒྱན་བསམ་བཏན་ཆོས་གླིང་གི་ཕོ་བྲང་ཆེན་པོའི་ཡང་རྩེ་མགོན་ཁང་དབང་དྲག་རོལ་བའི་ཞིང་ཁམས་ཆེན་པོ་ནས་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ཤར་མར་བྲིས་པ་ཡི་གེ་པ་ནི་རིག་གྲོལ་ཡོན་ཏན་རྒྱ་མཚོའི་བདག་ཉིད་དཔལ་ཡུལ་བླ་མ་པདྨ་ཤེས་རབ་རྒྱ་མཚོས་བྲིས་པ་འདིས་ཀྱང་ཆོས་ལྡན་གྱི་རྒྱལ་ཁམས་ཐམས་ཅད་བདེ་ལེགས་ཕུན་སུམ་ཚོགས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །

ཉི་གྲགས་ལྷ་མོ་སྔགས་བདག་མའི་ཕྲིན་ལས་རྒྱུན་ཁྱེར་བསྡུས་པ་གདྒཱའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ།།

ཧཱུྃ་ཧྲཱིཿ བདག་ཉིད་དཔལ་ཆེན་ཡང་དག་ཧེ་རུ་ཀ །མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཁྲོ་བོའི་ཞལ། །རྡོ་རྗེ་ཁ་ཊཱྃ་རྔེའུ་ཆུང་གཡས་ན་འཛིན། །དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན་ན་བསྣམས། །དུར་ཁྲོད་དྲག་པོའི་རྒྱན་ཆས་ཀུན་ནས་མཛེས། །བསྐལ་བའི་མེ་དཔུང་འབར་བའི་ཀློང་ན་བཞུགས། །མདུན་གྱི་ནམ་མཁར་མེ་རླུང་འཚུབས་མའི་དབུས། །དཔལ་ལྡན་ལྷ་མོ་ཆེན་མོ་སྔགས་བདག་མ། །རྒྱ་བོང་དམར་གྭའི་ཆིབས་ལ་ཕྱེད་སྐྱིལ་བཞུགས། །མཐིང་ནག་ཤིན་ཏུ་མི་བསྲུན་སྲིན་མོའི་གཟུགས། །མི་བཟད་སྲིན་མོ་ཁྲོས་པའི་ཆ་ལུགས་ཅན། །ཁ་ཊཱྃ་དར་ནག་ནད་ཀྱི་རྐྱལ་བ་བསྣམ། །སྐུ་སྟོད་ཞིང་གི་གཡང་གཞི་དར་ནག་གསོལ། །སྐུ་སྨད་སྟག་ཤམ་རེ་ལྡེ་མི་རྩིབ་ཅན། །ཐོད་པ་སྐོམ་རློན་སྦྲུལ་གྱི་དོ་ཤལ་ཅན། །སྤྱི་གཙུག་རྨ་བྱ་ཟླ་བ་ཚེས་པས་བརྒྱན། །ལྟེ་བའི་དཀྱིལ་ན་ཉི་མ་ཀུན་ནས་འཆར། །ནད་མཚོན་དུག་རླུང་སྣ་ཚོགས་ཆར་བ་འཕྲོ། །བ་ལམ་དྲེལ་སྣ་སྟག་སྨན་གཟེར་འདེབས་མ། །ཁྲི་སྨན་སི་ལ་རྡོ་རྗེ་བ་ལམ་མ། །དུང་གི་ཐོར་ཚུགས་བྷེ་བ་ས་ཏྭ་དང་། །བདུད་པོ་བྱེ་བ་དགུ་རིང་ལ་སོགས་པ། །རང་རང་འཁོར་གཡོག་བྱེ་བ་འབུམ་སྡེ་བཅས། །མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །སྤྱན་འདྲེན་ནི། ཧཱུྃ་བྷྱོཿ ཡུལ་ནི་རྒྱ་མཚོ་ཆེན་པོའི་ཕ་རོལ་ན། །ཡོངས་འདུ་ཤིང་དྲུང་མུ་ལེ་མཐིང་མཚོ་ནས། །དཔལ་ལྡན་ལྷ་མོ་ཆེན་མོ་སྔགས་བདག་མ། །དྲེགས་པ་བདུན་དང་མ་མོ་བྱེ་བ་བཅས། །དད་དང་དམ་ཚིག་དབང་གིས་སྤྱན་འདྲེན་ན། །སྒྲུབ་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །བཛྲ་ས་མ་ཛ། བཞུགས་གསོལ་ནི། ཧཱུྃ་བྷྱོཿ དུར་ཁྲོད་གསང་ཆེན་རོལ་བའི་དཀྱིལ་འཁོར་འདིར། །ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་ཀློང་ཡངས་ན། །མ་གཅིག་ལྷ་མོ་འཁོར་དང་བཅས་པ་རྣམས། །དངོས་གྲུབ་སྩོལ་ཕྱིར་གནས་འདིར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃ་བྷྱོཿ ཀ་དག་གདོད་མའི་དབྱིངས་ལས་མ་གཡོས་ཀྱང་། །ལྷུན་གྲུབ་སྣང་སྟོང་ཆུ་ཟླའི་གར་བཞིན་དུ། །བླ་མེད་བསྟན་པ་གཉན་པོ་སྲུང་མཛད་པའི། །མ་ཅིག་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏི་ཛ་ཧོཿ མཆོད་པ་ནི། ཧཱུྃ་བྷྱོཿ དཔལ་ལྡན་ལྷ་མོ་ཆེན་མོ་འཁོར་བཅས་ལ། །ཕྱི་ནང་གསང་བ་ཡེ་ཤེས་མཆོད་པའི་ཚོགས། །རབ་འབྱམས་ནམ་མཁའ་གང་བར་མཆོད་པའི་སྤྲིན། །དགྱེས་པར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྷ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྟོད་པ་ནི། ཧཱུྃ་བྷྱོཿ བསྐལ་བ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །ཁམས་གསུམ་སྲིད་གསུམ་ཡོངས་ལ་དབང་བསྒྱུར་ཞིང་། །མི་བསྲུན་བཟོད་དཀའི་ལང་ཚོ་རྔམ་པའི་སྐུ། །སྔགས་ཀྱི་བདག་མོ་འཁོར་དང་བཅས་ལ་བསྟོད། །མ་མོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་བའི་སོགས། ཨོཾ་བཛྲ་དྷ་ཀྐི་སོགས། ཨོཾབཛྲ་པུཥྤ་སོགས། ཧཱུྃ་བྷྱོཿ ཁམས་གསུམ་དབང་བསྒྱུར་སོགས། ༈ ཚོགས་མཆོད་ནི། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ཚོགས་གཞོང་བྷཉྫ་འབར་བའི་སྣོད་ཡངས་སུ། །ཚོགས་ཀྱི་ངོ་བོ་ཤ་ལྔ་བདུད་རྩི་ལྔ། །རྣམ་པ་ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན། །མཆོད་འོས་རྒྱ་མཚོ་རྣམས་ལ་མཆོད་པར་འབུལ། །དམ་ཚིག་ཉམས་ཆགས་ཉེས་ལྟུང་འགལ་འཁྲུལ་བཤགས། །མ་རིག་འཁྲུལ་སྣང་བག་ཆགས་དབྱིངས་སུ་བསྒྲལ། །སྐྱེ་མེད་ཁྲོས་པའི་ལྷ་ཚོགས་ཞལ་དུ་སྟོབ། །བསྐང་བ་ནི། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ནམ་མཁའ་མཛོད་སྔགས། ཧཱུྃ། འདོད་ཁམས་དབང་ཕྱུག་སོགས་འཁྲུགས་སྐོང་བསྡུས་པ། བྷྱོཿ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །ཉོན་མོངས་འཆོལ་ཉོག་སྤྱོད་པའི་ཚེ། །མ་མོ་ནག་མོ་ཐུགས་འཁྲོས་ནས། །མི་ནད་ཕྱུག་ནད་སྣ་ཚོགས་གཏོང་། །དུས་འཁྲུགས་ལོ་ཉེས་སད་སེར་གྱི། །མི་འདོད་རྐྱེན་ངན་སློང་བར་བྱེད། །བདག་ཅག་མི་ཤེས་བག་མེད་པས། །ཁྱོད་རྣམས་ཐུགས་དང་འགལ་གྱུར་ན། །ནོངས་ཤིང་ཉམས་པ་ཅི་མཆིས་པ། །ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཡིག་བརྒྱ་བརྗོད། ཕྲིན་བཅོལ་ནི། ཧཱུྃ་བྷྱོཿ དཔལ་ལྡན་ལྷ་མོ་ཆེན་མོ་དུད་སོལ་མ། །དུས་བཞིའི་དབང་བསྒྱུར་སྤྲུལ་པའི་རྒྱལ་མོ་ཆེ། །སྣ་ཚོགས་གང་ལ་གང་འདུལ་ཅིར་ཡང་སྟོན། །རྔམ་བརྗིད་ཡོན་ཏན་འབར་བའི་སྐུར་བཞེངས་ལ། །ལོག་པར་ལྟ་བའི་དམ་སྲི་བདུད་སྡེའི་ཚོགས། །ཐལ་བར་བརླགས་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་ཡང་མཁན་དཀོན་མཆོག་འོད་ཟེར་གྱི་ཡང་སྲིད་མཁན་སྤྲུལ་ཐུབ་བསྟན་འཕགས་པ་དང་། ཕུར་རྩའི་བཀྲ་ཤིས་གྲགས་པ་གཉིས་ནས་ལྷ་རྫས་ཟླ་བའི་མདངས་ལྡན་དང་བཅས་ཡང་ཡང་བསྐུལ་བའི་ངོར་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཕོ་བྲང་ཆེན་པོའི་ཡང་རྩེར་འཆི་མེད་གྲུབ་པའི་དགའ་ཚལ་དུ་མེ་སྦྲུལ་ཟླ་བ་དྲུག་བའི་ཚེས་བཅོ་ལྔ་ལ་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེའོ། །

ཉི་གྲགས་ལྷ་མོ་སྔགས་བདག་མའི་གསེར་སྐྱེམས་འདོད་ཡོན་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།

བྷྱོ༔ དོན་དམ་ཞི་བའི་ངང་ལས་མ་གཡོས་ཀྱང་། །བསྟན་དགྲ་འདུལ་ཕྱིར་དྲག་མོའི་སྐུར་བསྟན་པ། །འདོད་པ་ཁམས་ཀྱི་དབང་བསྒྱུར་སྔགས་བདག་མ། །དྲེགས་པ་བདུན་དང་མ་མོ་བྱེ་བ་བཅས། །སྐད་ཅིག་མོས་པའི་དབང་གིས་འདིར་གཤེགས་ལ། །མདུན་གྱི་ནམ་མཁའ་མེ་རླུང་འཚུབ་མའི་ཀློང་། །རྒྱ་བོང་དམར་གྭའི་ཆིབས་ལ་ཕྱེད་སྐྱིལ་ཅན། །ཁ་ཊཱྃ་དར་ནག་ནད་ཀྱི་རྐྱལ་བ་ཐོག །མི་བཟད་སྲིན་མོ་ཁྲོས་པའི་ཆ་ལུགས་ཅན། །རྣལ་འབྱོར་དཔའ་བོ་མང་པོས་འབོད་ལགས་ན། །ལྷ་མོ་ཁྱོད་ཀྱི་ཐུགས་རྗེ་མ་གཡེལ་བར། །དམ་བཅའ་དགོངས་ལ་བུ་བཞིན་སྐྱོང་བར་མཛོད། །ཚོགས་དང་གཏོར་མ་མཐུན་པའི་དམ་ཚིག་རྫས། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་མཐའ་ཀླས་དང་། །ཁྱད་པར་གཙང་སྦྱར་དམ་རྫས་བཏུང་བའི་རིགས། །གསེར་སྐྱེམས་གཡུ་སྐྱེམས་ཕུད་རྒོད་མཚོ་ལྟར་བསྐྱིལ། །རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩིའི་སྐྱེམས། །དགྱེས་པར་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད། །རིག་འཛིན་སྒྲུབ་པའི་རྣལ་འབྱོར་བདག་ཅག་རྣམས། །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར། །ལྷ་མོ་ཁྱོད་དང་མི་འབྲལ་འགྲོགས་ནས་ཀྱང་། །ལས་བཞིའི་ཕྲིན་ལས་རྟག་ཏུ་མ་གཡེལ་ཞིག །ཅེས་པ་འདིའང་འཇུ་ཚ་བསོད་དབང་གིས་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་པའི་མིང་འཛིན་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའམ་མིང་གཞན་པདྨ་ཐེག་མཆོག་བསྟན་འཛིན་གྱིས་ཟླ་ཚེས་བཟང་པོར་ལྷག་བསམ་དག་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ། །

ལྷ་ཆེན་དབང་ཕྱུག་ཆེན་པོའི་རྟགས་བསྟོད་པདྨ་ར་གའི་ཕྲེང་བ་བཞུགས་སོ།།

ཧྲཱིཿ ཆོས་རྣམས་ཐམས་ཅད་མི་དམིགས་སྤྲོས་བྲལ་ཡང་། །དག་པ་རབ་འབྱམས་བཀོད་པ་ཆེན་པོའི་དབུས། །པདྨ་ར་ག་ལས་གྲུབ་གཞལ་མེད་ཁང་། །དབྱིབས་ནི་ཟླ་གམ་རིན་ཆེན་སྒོ་གཅིག་པ། །འོད་ཟེར་སྣ་ཚོགས་ཕྱོགས་བཅུ་ཀུན་ཏུ་འཕྲོ། །གདུགས་དང་རྒྱལ་མཚན་བ་དན་གཡེར་ཁས་སྤྲས། །སྣ་ཚོགས་དར་གྱི་ལྡ་ལྡིའི་ཀུན་ནས་མཛེས། །ཡིད་བཞིན་ནོར་བུའི་དྲྭ་བ་དྲྭ་ཕྱེད་ཀྱི། །ཕྱོགས་མཚམས་འཁོར་ཡུག་ཀུན་ཏུ་མཛེས་པར་སྤྲས། །རིན་ཆེན་ཁྲི་རྐང་ཆུ་སྐྱེས་གེ་སར་དབུས། །འགྱུར་མེད་བདེ་བ་ཆེན་པོའི་རང་མདང་ལས། །ཡེ་ཤེས་རྩལ་གྱི་ཆུ་ཟླའི་རོལ་གར་བཞིན། །འཇིག་རྟེན་མེས་པོ་ཁམས་གསུམ་ཀུན་གྱི་བདག །དབང་ཕྱུག་ཆེན་པོ་ཤྲཱི་རལ་བ་ཅན། །སྐུ་མདོག་དམར་པོ་གཟི་བརྗིད་འབར་བ་ནི། །འགྲོ་བའི་ཚོགས་ལ་རྗེས་སུ་ཆགས་པའི་རྟགས། །འཇིགས་པའི་སྐུ་མཆོག་རི་རབ་ཟོམ་དང་མཉམ། །སྣང་སྲིད་ཐམས་ཅད་དབང་དུ་སྡུད་པའི་རྟགས། །སྤྱན་གསུམ་ཕྱོགས་བཅུར་ས་ལེར་གཟིགས་པ་ནི། །ཕྱོགས་སྐྱོང་གདོན་རྣམས་མ་ལུས་འདུལ་བའི་རྟགས། །དབུ་སྐྲ་རལ་བའི་ཐོར་ཚུགས་བཅིངས་པ་ནི། །ལྷ་ཆེན་མ་ལུས་དབང་དུ་སྡུད་པའི་རྟགས། །ཟུར་ཕུད་ཟླ་བ་ཚེས་པས་བརྒྱན་པ་ནི། །བསྟན་པ་གཉན་པོ་རྟག་ཏུ་སྐྱོང་བའི་རྟགས། །རིག་ལྔའི་སྲོག་ཞུ་དབུ་ལ་བརྒྱན་པ་ནི། ། སངས་རྒྱས་རིགས་ལྔའི་དབང་བསྐུར་མཛད་པའི་རྟགས། །ཕྱག་གཡས་ལྕགས་ཀྱུ་མཁའ་ལ་འཕྱར་བ་ནི། །གདུག་ཅན་དམ་ཉམས་སྲོག་ལ་རྔམ་པའི་རྟགས། །གཡོན་པས་རླུང་གི་ཞགས་པ་བསྣམས་པ་ནི། །སྲིད་པ་གསུམ་པོ་དབང་དུ་སྡུད་པའི་རྟགས། །སྣ་ཚོགས་དར་གྱི་སྟོད་གཡོག་བྱས་པ་ནི། །ཕྲིན་ལས་རབ་འབྱམས་ཐོགས་པ་མེད་པའི་རྟགས། །ཨུཏྤལ་དམར་པོའི་དོ་ཤལ་བྱས་པ་ནི། །རྟག་ཏུ་འགྲོ་བའི་དོན་ལ་བརྩོན་པའི་རྟགས། །གཅེར་བུ་ལིངྒ་གྱེན་དུ་བསྒྲེངས་པ་ནི། །དགའ་བ་བཞི་ཡི་དངོས་གྲུབ་སྟེར་བའི་རྟགས། །གཡས་བསྐུམ་གཡོན་བརྐྱང་དོར་སྟབས་བཞུགས་པ་ནི། །གནོད་བྱེད་རྒབ་འདྲེ་རིང་དུ་བསྐྲད་པའི་རྟགས། །པདྨ་དམར་པོའི་གདན་ལ་བཞུགས་པ་ནི། །ཁམས་གསུམ་འཁོར་བའི་སྐྱོན་གྱི་མ་གོས་རྟགས། །ཉི་མའི་དཀྱིལ་འཁོར་གདན་དུ་བཏིང་བ་ནི། །ཆགས་པ་ཆེན་པོས་དབང་དུ་སྡུད་པའི་རྟགས། །མྱུར་མགྱོགས་གློག་དང་འདྲ་བའི་མཐུ་རྩལ་ཅན། །ཆེ་བའི་ཆེ་མཆོག་དབང་ཕྱུག་ཆེན་པོ་ནི། །འཇིགས་བྱེད་འཇིགས་པར་བྱེད་པའི་མཐུ་ཆེན་པོ། །ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་མནན། །གཟི་བརྗིད་དཔལ་འབར་ཁྱོད་ལ་ཕྱག་འཚལ་བསྟོད། །དབང་ཕྱུག་ཆེན་པོའི་སྐུ་ཡི་གཡོན་ཟུར་ན། །ཡུམ་ཆེན་ལྷ་མོ་ཨུ་མ་དེ་ཝ་ནི། །དམར་གསལ་མཛེས་འཛུམ་ལང་ཚོ་ཆགས་པའི་ཉམས། །ཕྱག་གཡས་ལྕགས་ཀྱུ་གཡོན་པས་ཞགས་པ་བསྣམས། །དར་དང་མེ་ཏོག་དམར་པོའི་རྒྱན་གྱིས་སྤྲས། །རྟག་ཏུ་ཡབ་ལ་ཆགས་ཤིང་འདུད་པའི་ཚུལ། །གསང་བའི་ཡུམ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཧྲཱིཿ ཤར་གྱི་ཕྱོགས་ཀྱི་ལྷ་མོ་འགུགས་བྱེད་མ། །སྐུ་མདོག་དམར་པོ་པདྨ་ར་གའི་མདོག །ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་ཞགས་པ་བསྣམས། །ཁམས་གསུམ་འགུགས་པར་བྱེད་མཛད་ཁྱོད་ལ་བསྟོད། །ལྷོ་ཡི་ཕྱོགས་ཀྱི་ལྷ་མོ་མཆིང་བྱེད་མ། །སྐུ་མདོག་དམར་བོ་བྱུ་རུའི་མདོག་འདྲ་བ། །ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་ཞགས་པ་བསྣམས། །ཚེ་བསོད་སྙན་གྲགས་རྒྱས་མཛད་ཁྱོད་ལ་བསྟོད། །ནུབ་ཀྱི་ཕྱོགས་ཀྱི་ལྷ་མོ་རྨོངས་བྱེད་མ། །སྐུ་མདོག་དམར་པོ་བྷིན་ཧུ་ག་ཡི་མདོག །ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་ཞགས་པ་བསྣམས། །ཟས་ནོར་ལོངས་སྤྱོད་སྤེལ་མཛད་ཁྱོད་ལ་བསྟོད། །བྱང་གི་ཕྱོགས་ཀྱི་ལྷ་མོ་མྱོས་བྱེད་མ། །སྐུ་མདོག་དམར་པོ་བསྐལ་བའི་མེ་ལྟར་འབར། །ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་ཞགས་པ་བསྣམས། །མི་མཐུན་རྐྱེན་ངན་བརླག་མཛད་ཁྱོད་ལ་བསྟོད། །དབང་ཕྱུག་ཆེན་པོའི་བཀའ་ཡི་ལས་བྱེད་ཚོགས། །ཅི་བགྱིའི་བཀའ་ཉན་ལས་རྣམས་བསྒྲུབ་མཛད་པའི། །ཁམས་གསུམ་དྲེགས་པའི་དམག་ཚོགས་བསམ་མི་ཁྱབ། །མཐུ་སྟོབས་དབང་ཕྱུག་རྣམས་ལ་བདག་བསྟོད་དོ། །དབང་ཆེན་རྟ་མཆོག་རོལ་བའི་ཆོ་འཕྲུལ་ལས། །དབང་གི་བཀའ་སྡོད་དྲེགས་པ་ཡོངས་ཀྱི་གཙོ། །དབང་ཕྱུག་ཆེན་པོ་ཤྲཱི་རལ་བ་ཅན། །འཇིག་རྟེན་མེས་པོ་ཁམས་གསུམ་ཀུན་གྱི་བདག །རིག་འཛིན་སྒྲུབ་པའི་རྣལ་འབྱོར་བདག་ཅག་གི །ཁྱོད་ལ་རྟག་ཏུ་མཆོད་དང་བསྟོད་པའི་མཐུས། །ལྷ་མཆོག་ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་གྱི། །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར། །རིག་འཛིན་སྒྲུབ་པོ་བདག་ལ་རྗེས་དགོང་སྟེ། །སྲུང་མའི་དབང་པོ་ཁྱོད་དང་མི་འབྲལ་ཞིང་། །བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པའི་བགེགས། །གེགས་བྱེད་ཉེས་པའི་སྤྲིན་ཚོགས་དབྱིངས་ཞི་ནས། །མདོར་ན་ཅི་བསམ་ཡིད་བཞིན་འགྲུབ་པ་དང་། །རྟག་ཏུ་བསྲུང་ཞིང་སྐྱོབ་པའི་སྡོང་གྲོགས་མཛོད། །ཅེས་ལྷ་ཆེན་དབང་ཕྱུག་ཆེན་པོའི་རྟགས་བསྟོད་པདྨ་ར་གའི་ཕྲེང་བ་ཞེས་བྱ་བ་འདི་ནི་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བསྟན་ལ་ཕན་པའི་ལྷག་བསམ་རྣམ་པར་དག་པས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཕོ་བྲང་ཆེན་པོའི་ཡང་རྩེ་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྲིས་པ་དགེའོ། །

ལྷ་ཆེན་བསྐང་བསྡུས་ཁམས་གསུམ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་བཞུགས་སོ།།

ཧྲཱིཿ ཆོས་རྣམས་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ། །ཆོས་རྣམས་མ་བཅོས་རང་བྱུང་ལྷུན་གྱིས་གྲུབ། །ཆོས་ཅན་མཚན་མའི་རྟོག་པའི་ཡུལ་ལས་འདས། །ཆོས་དབྱིངས་ངང་ལས་ལྷུན་གྲུབ་གཞལ་མེད་ཁང་། །སྣང་སྟོང་ཀུན་ཁྱབ་བཀོད་པ་བསམ་མི་ཁྱབ། །སྣང་བ་མཐའ་ཡས་དག་ཆེན་སྒྱུ་འཕྲུལ་གར། །སྣང་བའི་ངོ་བོ་དབང་ཕྱུག་ཆེན་པོ་ནི། །སྣང་བར་མ་འགགས་ཆུ་ཟླ་ལྟ་བུའི་སྐུ། །སྟོང་པའི་བདག་ཉིད་ལྷ་མོ་དཀའ་བཟློག་མ། །སྟོང་གསལ་ངང་ལས་ཤར་བའི་ཌཱཀྐི་བཞི། །སྟོང་ཉིད་དོན་དམ་དབྱིངས་ལས་ཤར་བའི་སྐུ། །སྟོང་ཆ་མ་འགགས་འཇའ་ཚོན་ལྟ་བུའི་ཚུལ། །རྣམ་དག་བདེ་བ་ཆེན་པོའི་ངང་ཉིད་ལས། །རྣམ་མང་རོལ་བ་ལས་བྱུང་མཆོད་པའི་སྤྲིན། །རྣམ་པ་རྟེན་རྫས་སྐོང་རྫས་སྒྲུབ་པའི་རྫས། །རྣམ་མང་ནམ་མཁའ་མཛོད་ཀྱི་འཁོར་ལོ་འདི། །ལྷ་ཀླུ་མི་ཡི་འབྱོར་བ་རྒྱ་མཚོའི་ཚོགས། །ལྷ་ཆེན་འཕྲུལ་དགའི་ལོངས་སྤྱོད་ཇི་བཞིན་དུ། །ལྷ་ལ་སོགས་པའི་དྲེགས་པ་ཡོངས་ཀྱི་གཙོ། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས་དམ་བསྐང་། །རབ་འབྱམས་རྒྱ་མཚོའི་ཞིང་ཁམས་དཔག་མེད་ན། །རབ་མཛེས་ཡིད་འོང་མཆོད་པའི་སྤྲིན་ཕུང་འཕྲོ། །རབ་དད་ཡིད་ཀྱིས་སྤྲུལ་ཏེ་འབུལ་ལགས་ན། །རབ་བཞེས་ལྷ་ཆེན་འཁོར་བཅས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ཞིང་བཤགས་པའི་བྱིན་རླབས་ཀྱིས། །ཐུགས་ཉིད་དོན་དམ་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་དབང་གིས་བདག་སོགས་སེམས་ཅན་རྣམས། །ཐུགས་རྗེ་ཆེན་པོའི་དོན་གཉིས་ལྷུན་གྲུབ་མཛོད། །མ་གྱུར་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀུན། །མ་ཡིས་བུ་བཞིན་སྐྱོང་བར་ཞལ་བཞེས་ལྟར། །མ་གཡེལ་མ་གཡེལ་དམ་ཚིག་རྗེས་དགོངས་ལ། །མ་ལུས་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ཅེས་ལྷ་ཆེན་དབང་ཕྱུག་ཆེན་པོའི་བསྐང་བསྡུས་ཡིག་ཐུབ་བསྟན་ནོར་བུ་ནས་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེའོ། །

ལྷ་ཆེན་དབང་ཕྱུག་ཆེན་པོའི་གསེར་སྐྱེམས་འདོད་ཡོན་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ།།

སྣང་སྲིད་རྣམ་དག་ནམ་མཁའ་ལྟ་བུ་ལ། །སྣ་ཚོགས་མཚན་མའི་རྟོག་པའི་ཡུལ་ལས་འདས། །མ་སྐྱེས་གདོད་མའི་དབྱིངས་ལས་མ་གཡོས་ཀྱང་། །རང་རྩལ་འགགས་མེད་ལྷུན་གྲུབ་རོལ་མོའི་སྤྲིན། །དྭངས་བའི་མཁའ་ལ་འཇའ་ཟེར་འཁྲིག་པའི་ཀློང་། །ཆུ་སྐྱེས་གེ་སར་བཞད་པའི་དཀྱིལ་འཁོར་དབུས། །ཐབས་ཤེས་ཉི་ཟླ་འབར་བའི་གདན་སྟེང་དུ། །གར་གྱི་དབང་ཕྱུག་དཔལ་ཆེན་བཀའ་སྡོད་ཆེ། །ཁམས་གསུམ་དྲེགས་པ་ཀུན་གྱི་ཆེ་བཙན་པ། །འཇིག་རྟེན་མེས་པོ་ཁམས་གསུམ་ཀུན་གྱི་བདག །དབང་ཕྱུག་ཆེན་པོ་ཤྲཱི་རལ་བ་ཅན། །མདོག་དམར་པདྨ་ར་གའི་ལྷུན་པོ་ལ། །ཉི་མ་འབུམ་ལས་ལྷག་པའི་འོད་ཟེར་ཅན། །ཁམས་གསུམ་དབང་སྡུད་གཞན་ཡིད་འགུགས་པ་པོ། །ཆགས་པའི་ཉམས་ཅན་སྒེག་ཅིང་ཁྲོ་འཛུམ་ཅན། །ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་ཞགས་པ་བསྣམས། །ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་འདོར་སྟབས་བཞུགས། །དབུ་སྐྲ་གནག་སྣུམ་རལ་བའི་ཅོད་པཎ་ཅན། །ཟུར་ཕུད་དཀར་གསལ་ཟླ་བ་ཚེས་པས་བརྒྱན། །བདེ་བ་རབ་རྒྱས་གཅེར་བུ་ལིང་ག་བསྒྲེངས། །སྣ་ཚོགས་དར་གྱི་སྟོད་གཡོག་ཅོད་པཎ་འཕུར། །རབ་མཛེས་ཨུཏྤལ་དམར་པོའི་དོ་ཤལ་ཅན། །སྣ་ཚོགས་རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན། །དབང་ཕྱུག་ཆེན་པོའི་སྐུ་ཡི་གཡོན་ཟུར་ན། །གསང་བའི་ཡུམ་ཆེན་ཨུ་མ་དྷེ་ཝ་ནི། །དམར་གསལ་མཛེས་འཛུམ་ལང་ཚོ་ཆགས་པའི་ཉམས། །ཕྱག་ན་ལྕགས་ཀྱུ་ཞགས་པ་འཕྲུལ་ཐབས་ཅན། །དར་དང་མེ་ཏོག་དམར་པོའི་རྒྱན་གྱིས་སྤྲས། །གཅེར་བུ་གནག་སྣུམ་དབུ་སྐྲ་ཐུར་དུ་འཕྱང་། །རྟག་ཏུ་ཡབ་ལ་རྗེས་སུ་ཆགས་པའི་ཚུལ། །གསང་བའི་ཌཱཀྐི་ལྷ་མོ་རྣམ་པ་བཞི། །འབུམ་ཕྲག་ཡངས་བའི་འཁོར་ཚོགས་བསམ་མི་ཁྱབ། །སྐད་ཅིག་འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །ཕྱི་ནང་གསང་བ་སྤྱི་དང་མཐུན་པའི་རྫས། །ཁྱད་པར་དྲི་ཞིམ་རྒྱ་ཇ་ངད་ལྡན་པ། །བཅུད་ལྡན་བདུད་རྩིའི་རྦ་རླབས་འཁྲུག་པ་ལས། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་ཡོན་རྒྱན་གྱི་མཆོད་པའི་སྤྲིན་ཕུང་སྤྲོ། །ཟག་མེད་ཡེ་ཤེས་བདུད་རྩིར་བྱིན་རླབས་པ། །རིན་ཆེན་སྣ་ལྔ་བརྡར་བའི་ཞལ་སྐྱེམས་འདི། །དབང་ཕྱུག་མ་ཧཱ་དྷེ་ཝ་འཁོར་བཅས་མཆོད། །དེ་ལྟར་གསེར་སྐྱེམས་ཕུལ་བའི་བྱིན་རླབས་ཀྱིས། །གར་གྱི་དབང་ཕྱུག་པདྨ་ཧེ་རུ་ཀའི། །བཀའ་ཉན་དྲེགས་པ་ཡོངས་ཀྱི་གཙུག་གི་རྒྱན། །ལྷ་ཆེན་དབང་ཕྱུག་མ་ཧཱ་དྷེ་ཝ་ཡིས། །སྔོན་གྱི་དམ་ཚིག་གཉན་པོ་རྗེས་དགོངས་ལ། །ཚེ་འདིའི་མི་མཐུན་རྒུད་པ་ཀུན་ཞི་ནས། །ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པ་དང་། །ཁྱད་པར་ཡིད་ལ་ཅི་འདོད་དངོས་གྲུབ་ཀུན། །ཐོགས་པ་མེད་པར་མྱུར་དུ་འགྲུབ་པར་མཛོད། །ཅེས་པ་འདི་ནི་བསྟན་ལ་ཕན་པའི་ལྷག་བསམ་དག་པས་མེ་སྦྲུལ་ཟླ་ཚེས་ལ་རྫོགས་སྤྲུལ་ལྔ་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །

གཟའི་རྟགས་བསྟོད་མེ་རླུང་འཚུབས་མ་བཞུགས་སོ།།

ཧཱུྃ། རྡོ་རྗེ་འཆང་ཆེན་ཐུགས་ལས་སྤྲུལ་པའི་སྲས། །འཇིགས་བྱེད་མི་བཟད་སྡེ་བརྒྱད་ཀུན་གྱི་གཙོ། །ཆེ་བའི་ཆེ་མཆོག་འཇིགས་བྱེད་རཱ་ཧུ་ལ། །མཐུ་སྟོབས་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །སྐུ་མདོག་དུད་ཁ་མི་བཟད་འཇིགས་པའི་སྐུ། །རོ་སྟོད་མི་ལ་རོ་སྨད་སྦྲུལ་དུ་འཁྱིལ། །ལུས་གཅིག་མགོ་དགུ་སྲིད་གསུམ་ཀུན་གྱི་བདག །དབུ་གཅིག་ལྷ་མིན་དབང་པོ་ཁྲོས་པའི་ཞལ། །ཉི་ཟླ་གཉིས་ཀྱང་གྲིབ་ཀྱིས་གནོན་པར་བྱེད། །གཅིག་ནི་བགད་ཅིང་བཞད་པར་བྱེད་པའི་ཞལ། །དགྱེས་པ་བཀའ་ཡི་བྱ་ར་བྱེད་པའི་རྟགས། །གཅིག་ནི་ཁྲོས་པར་བྱེད་པ་སྲིན་པོའི་ཞལ། །གདུག་པའི་དགྲ་བགེགས་ཟས་སུ་ཟ་བར་བྱེད། །གཅིག་ནི་རྔམས་པར་བྱེད་པ་ཟ་བྱེད་གདོང་། །གནམ་ལྕགས་མེ་ཡི་ཐོག་སེར་འབེབས་པའི་རྟགས། །གཅིག་ནི་འཇིགས་བྱེད་མ་རུང་པ་ཡི་ཞལ། །ཚ་གྲང་འཐབ་པའི་རྐན་སྒྲ་སྒྲོག་པར་བྱེད། །གཅིག་ནི་འཁྲུགས་བྱེད་འཇིགས་པར་བྱེད་པའི་ཞལ། །གཡོ་འགུལ་ཆེན་པོས་སེར་བ་འབེབས་པའི་རྟགས། །གཅིག་ནི་གཏུམ་བྱེད་ཡེ་ཤེས་གསལ་བའི་ཞལ། །མངོན་ཤེས་ནུས་སྟོབས་ཕྱོགས་མེད་སྟོན་པའི་ཞལ། །གཅིག་ནི་ལས་སྟོབས་རྫུ་འཕྲུལ་སྟོན་པའི་ཞལ། །སངས་རྒྱས་བསྟན་པ་སྲུང་བར་བྱེད་པའི་རྟགས། །གཅིག་ནི་ཞི་བ་ཡེ་ཤེས་ལྷ་ཡི་ཞལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བའི་རྟགས། །སྟེང་གི་ཕྱོགས་ན་བྱ་རོག་ཞལ་བསྟན་པ། །དཀོན་མཆོག་དབུ་འཕང་གཉན་པོ་བསྟོད་པའི་རྟགས། །མཐུ་ཆེན་ཁྱོད་ཀྱི་ཕྱག་བཞི་རྔམ་པ་ཡི། །རལ་གྲི་འབར་བ་འཕྲུལ་གྱི་ཞགས་པ་ཡིས། །སྡང་བྱེད་དགྲ་བོའི་སྐྱེ་བརྒྱུད་གཅོད་པའི་རྟགས། །ཆུ་སྲིན་རྒྱལ་མཚན་སྦྲུལ་ཞགས་གཡུག་པ་ཡིས། །སྲིད་པ་གསུམ་ཡང་དབང་དུ་བསྡུ་བའི་རྟགས། །ར་ཡི་མདའ་གཞུ་འགེངས་ཤིང་བསྣམས་པ་ནི། །དམིགས་པའི་དགྲ་བོ་རྩད་ནས་གཅོད་པའི་རྟགས། །སྤྱན་སྟོང་སྡང་མིག་དགྲ་ལ་བལྟས་པའི་ཚེ། །དངོས་དང་དངོས་མེད་དགྲ་བགེགས་འདུལ་བའི་རྟགས། །སྐུ་སྨད་དུག་སྦྲུལ་ས་ལ་བརྡབས་པ་ཡིས། །འཇིག་རྟེན་ཁམས་རྣམས་གཡོ་འགུལ་འདེགས་པར་བྱེད། །ཞལ་ནས་ཧཱུྃ་དང་ཕཊ་སྒྲ་སྒྲོག་པ་ཡིས། །དྲེགས་པ་ཕོ་མོ་དབང་དུ་སྡུད་པའི་རྟགས། །སྐུ་མདོག་དུད་ཁ་འཇིགས་པར་བསྟན་པ་ནི། །ཁམས་གསུམ་སྐྱེ་འགྲོ་ཟིལ་གྱིས་གནོན་པའི་རྟགས། །ཞིང་ཆེན་གཡང་གཞིའི་སྟོད་གཡོགས་བྱས་པ་ནི། །ཉོན་མོངས་ཕྲག་དོག་དབྱིངས་སུ་དག་པའི་རྟགས། །སྟག་གི་ལྤགས་པའི་ཤམ་ཐབས་དཀྲིས་པ་ནི། །ཉོན་མོངས་ང་རྒྱལ་གནས་སུ་དག་པའི་རྟགས། །ཐོད་པ་སྐམ་པོས་དབུ་རྒྱན་བྱས་པ་ནི། །ཉོན་མོངས་གཏི་མུག་དབྱིངས་སུ་དག་པའི་རྟགས། །མི་མགོ་ལྔ་བཅུའི་དོ་ཤལ་བྱས་པ་ནི། །ཉོན་མོངས་འདོད་ཆགས་གནས་སུ་དག་པའི་རྟགས། །ཀླུ་ཆེན་རིགས་ལྔའི་སྦྲུལ་ཆུན་བྱས་པ་ནི། །ཉོན་མོངས་ཞེ་སྡང་དབྱིངས་སུ་དག་པའི་རྟགས། །ཛཿ་ལས་ཡབ་རྗེ་རྡོ་རྗེ་སྲིན་པོ་ནི། །སྐུ་མདོག་མཐིང་ནག་མགོ་དགུ་ཕྱག་གཉིས་པ། །དབྱུག་ཏོ་དང་ནི་ཁྲག་གི་མཚོ་ཆེན་བསྣམས། །ཞེ་སྡང་རུས་པའི་ཁྲིར་བཞུགས་ཁྱོད་ལ་བསྟོད། །ཕུ་ལས་ཡུམ་མཆོག་རྡོ་རྗེ་གློག་འགྱུ་མ། །སྐུ་མདོག་དམར་ནག་མགོ་དགུ་ཕྱག་གཉིས་པ། །སྦྲུལ་ཞགས་དང་ནི་ཁྲག་གི་མཚོ་ཆེན་བསྣམས། །འདོད་ཆགས་ཁྲག་མཚོའི་ཀློང་བཞུགས་ཁྱོད་ལ་བསྟོད། །ནུབ་ཏུ་མ་ལས་ལྗང་སྔོན་ཆེན་པོ་ནི། །སྐུ་མདོག་ལྗང་ནག་མགོ་དགུ་ཕྱག་གཉིས་པ། །ཞགས་པ་དང་ནི་སྡོམ་བྱེད་ལྕགས་སྒྲོག་འཛིན། །མ་མོའི་དམག་ཚོགས་འཁོར་གྱིས་བསྐོར་ལ་བསྟོད། །ཤར་ལྷོ་ཙ་ལས་དྲང་སྲོང་དཀར་སེར་ནི། །སྐུ་མདོག་དཀར་སེར་མགོ་དགུ་ཕྱག་གཉིས་པ། །སྦྲུལ་ཞགས་དང་ནི་ཏྲི་ཤུལ་རྩེ་གསུམ་འཛིན། །དགྲ་ལྷའི་དམག་ཚོགས་འཁོར་གྱིས་བསྐོར་ལ་བསྟོད། །བྱང་དུ་དུཿ་ལས་བདུད་པོ་རོག་ཏི་ནི། །སྐུ་མདོག་མཐིང་ནག་མགོ་དགུ་ཕྱག་གཉིས་པ། །སྦྲུལ་དང་བདུད་ཀྱི་ཞགས་པ་ནག་པོ་འཛིན། །བདུད་ཀྱི་དམག་ཚོགས་འཁོར་གྱིས་བསྐོར་ལ་བསྟོད། །ལྷོ་ནུབ་རུ་ལས་བེཥྚུ་པ་ཏྲ་ནི། །སྐུ་མདོག་དམར་པོ་མགོ་དགུ་ཕྱག་གཉིས་པ། །སྦྲུལ་དང་རྣོ་ངར་སྤུ་གྲི་འབར་བ་བསྣམས། །སྲིད་པོའི་དམག་ཚོགས་འཁོར་གྱིས་བསྐོར་ལ་བསྟོད། །ཤར་དུ་ཨ་ལས་བྷི་ནུ་རཱ་ཛ་ནི། །སྐུ་མདོག་དུད་ཁ་མགོ་དགུ་ཕྱག་གཉིས་པ། །འཛིན་པ་ཆུ་སྲིན་དང་ནི་སྟག་མགོ་འཛིན། །དམུ་བདུད་དམག་ཚོགས་འཁོར་གྱིས་བསྐོར་ལ་བསྟོད། །ནུབ་བྱང་ཡཿ་ལས་དུ་བ་མཇུག་རིང་ནི། །སྐུ་མདོག་མཐིང་ནག་མགོ་དགུ་ཕྱག་གཉིས་པ། །སྤུ་གྲི་དང་ནི་ཐོད་ཁྲག་འབར་བ་བསྣམས། །གཤིན་རྗེའི་དམག་ཚོགས་འཁོར་གྱིས་བསྐོར་ལ་བསྟོད། །ལྷོ་རུ་ནཿ་ལས་ཁྱབ་འཇུག་ཆེན་པོ་ནི། །སྐུ་མདོག་སེར་ནག་མགོ་དགུ་ཕྱག་གཉིས་པ། །སྦྲུལ་གྱི་ཞགས་པ་དང་ནི་ཆུ་སྲིན་འཛིན། །ཀླུ་བདུད་དམག་ཚོགས་འཁོར་གྱིས་བསྐོར་ལ་བསྟོད། །བྱང་ཤར་ཤཿ་ལས་སྒྲ་གཅན་ཆེན་པོ་ནི། །སྐུ་མདོག་དུད་ཁ་མགོ་དགུ་ཕྱག་གཉིས་པ། །ཆུ་སྲིན་དང་ནི་ཁྲམ་ཤིང་སྣ་ཚོགས་འཛིན། །སྡེ་བརྒྱད་དམག་ཚོགས་འཁོར་གྱིས་བསྐོར་ལ་བསྟོད། །ཤར་གྱི་ཕྱོགས་ནས་སྟག་སྲིན་ཟོར་བའི་གདོང་། །སྐུ་མདོག་དཀར་སེར་ལྕགས་ཀྱུ་ཞགས་པ་འཛིན། །མི་བཟད་སྲིན་པོ་ཁྲོས་པའི་ཆ་ལུགས་ཅན། །རྟོག་མེད་བམ་གྱི་གདན་ལ་འགྱིང་བར་བསྟོད། །ལྷོ་ཡི་ཕྱོགས་ནས་བམ་སྲིན་དྲེད་གདོང་ཅན། །སྐུ་མདོག་སེར་ནག་སྦྲུལ་གྱི་ཞགས་པ་འཛིན། །མི་བཟད་སྲིན་མོ་ཁྲོས་པའི་ཆ་ལུགས་ཅན། །རྟོག་མེད་རོ་ཡི་གདན་ལ་འགྱིང་བར་བསྟོད། །ནུབ་ཀྱི་ཕྱོགས་ནས་ཀོང་སྲིན་བ་ལང་གདོང་། །སྐུ་མདོག་དམར་ནག་དགྲ་སྟ་ཞགས་པ་འཛིན། །མི་བཟད་སྲིན་མོ་ཁྲོས་པའི་ཆ་ལུགས་ཅན། །ཞིང་ཆེན་གདན་ལ་གར་སྟབས་འགྱིང་བར་བསྟོད། །བྱང་གི་ཕྱོགས་ནས་འབྲོག་སྲིན་ཆུ་སྲིན་གདོང་། །སྐུ་མདོག་ལྗང་ནག་རི་རབ་ཀླད་ལ་བསྐོར། །མི་བཟད་སྲིན་མོ་ཁྲོས་པའི་ཆ་ལུགས་ཅན། །རྟོག་མེད་ཞིང་གི་གདན་ལ་འགྱིང་བར་བསྟོད། །གཞན་ཡང་མཐུ་ཆེན་ཁྱོད་ཀྱི་ཕྱི་རོལ་དུ། །འཁོར་དུ་གཏོགས་པའི་ལྷ་སྲིན་སྡེ་བརྒྱད་དང་། །ཕོ་ཉ་སྤྲུལ་དང་ཡང་སྤྲུལ་བཅས་པ་རྣམས། །གཙང་རིགས་མགོན་པོ་བདུན་ཅུ་རྩ་ལྔ་སོགས། །སྲིད་གསུམ་འབྱུང་པོའི་འཁོར་ཚོགས་བསམ་མི་ཁྱབ། །ཀུན་ཀྱང་ཁྲོ་གཏུམ་མི་བཟད་འཇིགས་པའི་སྐུ། །ཟ་བར་རྔམ་དང་མཆོང་ཞིང་རྒྱུགས་པར་བྱེད། །མྱུར་མགྱོགས་རྫུ་འཕྲུལ་དྲག་རྩལ་རྔམས་པའི་ཚུལ། །ཉི་ཟེར་རྡུལ་ལྟར་འཁོར་ཚོགས་བཅས་ལ་བསྟོད། །མཐུ་ཆེན་དྲེགས་པའི་སྡེད་དཔོན་འཁོར་བཅས་ཀྱིས། །བདག་ཅག་བྱང་ཆུབ་སྒྲུབ་ལ་བར་གཅོད་པའི། །ཕྱི་ནང་མི་མཐུན་ཉེར་འཚེ་ཀུན་ཞི་ཞིང་། །རྣམ་མང་ཕྲིན་ལས་ཡིད་བཞིན་འགྲུབ་པ་དང་། །གྲགས་དང་འབྱོར་བ་རྒྱ་མཚོས་མངོན་མཐོ་བ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཅེས་གཟའི་རྟགས་བསྟོད་མེ་རླུང་འཚུབས་མ་ཞེས་བྱ་བ་འདི་ནི་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ །

དམ་ཅན་སེང་ཞོན་རྒྱུན་གྱི་མཆོད་ཐབས་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།།

རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ཧྲཱིཿ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །བདག་ཉིད་ལྷར་གསལ་ཐུགས་ལས་འོད་འཕྲོས་པས། །མདུན་དུ་ཏྲི་ལས་སྐྱེས་མཆོག་རྡོ་རྗེ་ལེགས། །དམར་ནག་ཞལ་གཅིག་ཕྱག་གཉིས་ཁྲོས་པའི་སྐུ། །རྡོ་རྗེ་ཙཏྟི་བསྣམས་ནས་དར་དམར་བེར། །བསེ་ཐེབ་སག་ལྷམ་གསོལ་ཞིང་འཁོར་གསུམ་སྤྲས། །མི་བཟད་གངས་ཀྱི་སེང་གེ་དཀར་མོ་ཆིབས། །སྐད་ཅིག་འདིར་གཤེགས་གནས་འདིར་བཞུགས་སུ་གསོལ། །ཁྱོད་དང་མཐུན་པའི་དམ་རྫས་རྒྱ་མཚོའི་ཚོགས། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་ཁྱོན་བཀང་སྟེ། །གུས་པས་བློ་ཡིས་བླངས་ཏེ་འབུལ་ལགས་ན། །རིག་འཛིན་སྒྲུབ་པོ་རྣལ་འབྱོར་བདག་ཅག་གིས། །ལྷ་མཆོག་ཁྱོད་ཉིད་དྲན་པ་ཙམ་གྱིས་ཀྱང་། །ཉིན་མཚན་དུས་དྲུག་རྟག་ཏུ་མ་གཡེལ་བར། །སྒྲུབ་པའི་རེ་འདོད་ཡིད་བཞིན་བསྐང་ནས་ཀྱང་། །རྟག་ཏུ་བདེ་དགའི་དཔལ་ལ་སྤྱོད་ནས་ཀྱང་། །བསམ་དོན་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །ཅེས་པ་འདི་ནི་རང་གི་གྲྭ་འཁོར་དུ་གཏོགས་པ་དཀོན་མཆོག་རྣམ་རྒྱལ་ནས་ལྷ་རྫས་དང་བཅས་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་མགོན་ཁང་དབང་དྲག་རོལ་པ་ནས་གང་ཤར་བྲིས་པ་དགེ །

དམ་ཅན་ར་ཞོན་རྟགས་བསྟོད་དམ་ཉམས་སྙིང་འབྱིན་ཞེས་བྱ་བ་བཞུགས་སོ།།

ཧཱུྃ། གསང་བདག་ཐུགས་སྤྲུལ་བཀའ་སྡོད་དཔའ་བོ་ཆེ། །བདུད་ལས་རྣམ་རྒྱལ་འཇིགས་བྱེད་ཧེ་རུ་ཀ །ཆེ་བའི་ཆེ་མཆོག་སྟོབས་ལྡན་ནག་པོ་ནི། །ཤིན་ཏུ་རྔམ་པ་མགར་བ་ནག་པོའི་ཚུལ། །ཁྲོས་པའི་ཞལ་གཅིག་རྔམ་པར་བསྟན་པ་ནི། །དོན་དམ་ཆོས་སྐུ་ཐིག་ལེ་ཉག་གཅིག་རྟགས། །སྐུ་མདོག་སྨུག་ནག་འོད་དུ་འཚེར་བ་ནི། །ཆོས་སྐུའི་དབྱིངས་ལས་འགྱུར་བ་མེད་པའི་རྟགས། །སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་པ་ནི། །སྐུ་གསུམ་ཡེ་ནས་ལྷུན་གྱིས་གྲུབ་པའི་རྟགས། །ཞལ་གྱི་མཆེ་བ་རྣམ་བཞི་གཙིགས་པ་ནི། །བདུད་བཞི་མ་ལུས་རྩད་ནས་གཅོད་པའི་རྟགས། །སྨ་ར་ཁ་སྤུ་མེ་ལྟར་འཕྲོ་བ་ནི། །སྤྲུལ་པ་སྣ་ཚོགས་ལས་ལ་འགྱེད་པའི་རྟགས། །སྙན་ལ་དུང་གི་ཨ་ལུང་འཁྲོལ་བ་ནི། །ཐབས་དང་ཤེས་རབ་དབྱེར་བ་མེད་པའི་རྟགས། །གཡས་པས་རྡོ་རྗེ་མདུང་དར་བསྣམས་པ་ནི། །དགྲ་བགེགས་མ་ལུས་རྩད་ནས་གཅོད་པའི་རྟགས། །མགར་གྱི་སྦུད་པ་གཡོན་དུ་བསྣམས་པ་ནི། །ཉམས་པ་དབང་མེད་ལྷ་དབྱེ་བླ་འགུགས་རྟགས། །སྨུག་བེར་ཟ་འོག་སྔོ་ཁྲ་གསོལ་བ་ནི། །སྣང་སྲིད་ཆོས་རྣམས་དབང་དུ་སྡུད་པའི་རྟགས། །དབུ་ལ་སྭག་ཞུ་སྨུག་པོ་གསོལ་བ་ནི། །བདེ་གཤེགས་རྒྱལ་བ་རྣམས་ཀྱི་དབང་བསྐུར་རྟགས། །ཞབས་གཉིས་སག་ལྷམ་སྨུག་པོ་གསོལ་བ་ནི། །འགྲོ་བའི་དོན་ལ་སྐྱོ་དུབ་མེད་པའི་རྟགས། །ཆིབས་སུ་ར་སྐྱེས་ཁམ་པ་ཆིབས་པ་ནི། །གར་རྦད་ལས་ལ་ཐོགས་པ་མེད་པའི་རྟགས། །མདའ་གཞུ་འཁོར་གསུམ་ལུས་ལ་བརྒྱན་པ་ནི། །རྟག་ཏུ་རྣལ་འབྱོར་བུ་བཞིན་སྐྱོང་བའི་རྟགས། །མེ་དཔུང་འབར་བའི་ཀློང་དུ་བཞུགས་པ་ནི། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་པའི་རྟགས། །འཁོར་དུ་སྡེ་བརྒྱད་ཕོ་ཉ་འགྱེད་པ་ནི། །གདུག་པའི་དགྲ་བགེགས་མ་ལུས་སྒྲོལ་བའི་རྟགས། །ཤར་གྱི་ཕྱོགས་ནས་གནམ་ས་ཕྱེད་ཀྱི་བདག །ཨ་ལས་སྐྱེས་པའི་ཚངས་པ་སྲོག་བདག་ནི། །སྐུ་མདོག་དཀར་པོ་དགྲ་སྙིང་ཞལ་དུ་གསོལ། །ཆིབས་སུ་རྔམ་བྱེད་གཡུ་འབྲུག་སྔོན་པོ་ཆིབས། །ལྷ་རྣམས་ཡོངས་ཀྱི་སྡེ་དཔོན་ཆེ་ལ་བསྟོད། །ཡ་ལས་སྐྱེས་པའི་ཡ་མ་རཱ་ཙ་ནི། །སྐུ་མདོག་སེར་ནག་ལག་ན་ཁྲམ་ཤིང་ཐོགས། །ཆིབས་སུ་མ་ཧེ་སྔོན་པོ་རུ་རིང་ཆིབས། །གཤིན་རྗེ་ཡོངས་ཀྱི་སྡེ་དཔོན་ཆེ་ལ་བསྟོད། །ནཱ་ལས་སྐྱེས་པའི་ཀླུ་བདུད་ནག་པོ་ནི། །སྐུ་མདོག་སྔོ་ནག་སྦྲུལ་གྱི་ཞགས་པ་ཐོགས། །ཆིབས་སུ་ཞེ་སྡང་གདུག་པ་སྦྲུལ་ལ་ཆིབས། །ཀླུ་རྣམས་ཡོངས་ཀྱི་སྡེ་དཔོན་ཆེ་ལ་བསྟོད། །དུ་ལས་སྐྱེས་པའི་རལ་བ་ཚར་དགུ་ནི། །ནག་པོ་བཀྲག་མེད་བདུད་ཀྱི་ཞགས་པ་ཐོགས། །ཆིབས་སུ་མུན་པ་ནག་པོ་འཚུབས་མར་ཆིབས། །བདུད་རྣམས་ཡོངས་ཀྱི་གཙོ་ལ་ཕྱག་འཚལ་བསྟོད། །ཙ་ལས་སྐྱེས་པའི་ཡམ་ཤུད་དམར་པོ་ནི། །དམར་པོ་བསེ་མདུང་ལག་ན་རྩེ་གསུམ་ཐོགས། །ཆིབས་སུ་བཙན་ར་གློག་དམར་འཁྱུགས་འདྲར་ཆིབས། །བཙན་རྣམས་ཡོངས་ཀྱི་གཙོ་ལ་ཕྱག་འཚལ་བསྟོད། །རུ་ལས་སྐྱེས་པའི་དྲང་སྲོང་རཱ་ཧུ་ལ། །སྐུ་མདོག་ལྗང་གུ་ར་ཡི་མདའ་གཞུ་ཐོགས། །ཆིབས་སུ་ཆུ་སྲིན་རྔམ་པོ་ཆེ་ལ་ཆིབས། །གཟའ་རྣམས་ཡོངས་ཀྱི་གཙོ་ལ་ཕྱག་འཚལ་བསྟོད། །ཤ་ལས་སྐྱེས་པའི་སྲིན་པོ་རོ་ཏི་ནི། །སྐུ་མདོག་སྨུག་ནག་རྒྱུ་མའི་ཞགས་པ་ཐོགས། །ཆིབས་སུ་གློག་དམར་མེ་འོད་འཁྱུགས་པ་ཆིབས། །སྲིན་པོ་ཡོངས་ཀྱི་གཙོ་ལ་ཕྱག་འཚལ་བསྟོད། །མ་ལས་སྐྱེས་པའི་མ་མོ་ཁྲག་འཛག་མ། །ནག་མོ་ཆེན་མོ་དྲག་རྩལ་མཐུ་ཆེན་མོ། །མཚོན་གྱི་གྲུ་གུ་ནད་རྐྱལ་སྣ་ཚོགས་བསྣམས། །ཆིབས་སུ་མགྱོགས་བྱེད་དྲེལ་རྟ་ནག་པོ་ཆིབས། །སྤྲུལ་པའི་བྱ་ཚོགས་མང་པོ་ལིངས་སེ་ལིང་། །མཆེ་ཅན་སྟག་གཟིག་འབུམ་ནི་ཉི་ལི་ལི། །ཁྱི་སྤྱང་དོམ་དྲེད་འབུམ་ནི་ཟངས་སེ་ཟང་། །ཟངས་ཀྱི་འཕར་བ་འབུམ་ནི་གློག་ལྟར་འཁྱུགས། །སྤྲུལ་པ་སྡེ་བརྒྱད་གཙོ་འཁོར་འབུམ་གྱི་ཚོགས། །ལ་ལས་ཉི་ཟླ་ཐོགས་ཏེ་ཆ་ལང་སྡེབ། །ལ་ལས་གློག་ཕྲེང་འཛིན་ཅིང་གཡུག་པར་བྱེད། །ལ་ལས་རི་རབ་གླད་ལ་བསྐོར་བར་བྱེད། །ལ་ལས་རྒྱུ་ཞགས་བཟློག་ཅིང་འཕེན་པར་བྱེད། །རྡོ་རྗེ་ལེགས་པ་དགྱེས་སྡེ་བརྟན་མར་བཅས། །སྡེ་བརྒྱད་དྲེགས་པའི་གཙོ་བོ་ཆེ་རྣམས་དང་། །མཆེད་ཟླ་སུམ་བརྒྱ་དྲུག་ཅུའི་འཁོར་ཚོགས་བཅས། །རྣལ་འབྱོར་སྒྲུབ་པོའི་རེ་འདོད་བསྐང་ལ་བསྟོད། །དམ་ཅན་ར་ཞོན་རྟགས་བསྟོད་དམ་ཉམས་སྙིང་འབྱིན་ཞེས་བྱ་བ་འདི་ནི་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ །

དམ་ཅན་ར་ཞོན་གསོལ་བསྡུས་བཞུགས་སོ།།

ཧཱུྃ། རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །དཔལ་འབར་འཁྲོས་པའི་དབང་ཕྱུག་ཧེ་རུ་ཀ །གཏུམ་དྲག་ཤིན་ཏུ་བཟོད་པར་དཀའ་བའི་སྐུ། །དམ་ཅན་སྐྱེས་བུ་ཆེན་པོ་ཐིག་ལེ་རྩལ། །སྨུག་ནག་རྡོ་རྗེ་མདུང་དར་སྦུད་པ་བསྣམས། །སྨུག་བེར་ཟ་འོག་སྔོ་བཀྲའི་གོང་ལག་ཅན། །དབུ་ལ་སག་ཞུ་ཞབས་ལ་སག་ལྷམ་ཅན། །ཆིབས་སུ་ར་སྐྱེས་མེ་འོད་འཕྲོ་བ་ཆིབས། །རང་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་དབུ་རུ་ཞྭ་ཡི་ལྷ་ཁང་དང་། །ལྕང་ལོ་ཅན་གྱི་གནས་ནས་གཤེགས་སུ་གསོལ། །པད་ཉི་དགྲ་བགེགས་བསྒྲལ་བའི་གདན་ལ་བཞུགས། །སྒོ་གསུམ་གུས་པས་ཡིད་ཀྱིས་ཕྱག་འཚལ་ལོ། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །རབ་འབྱམས་ནམ་མཁའི་ཁམས་ཀུན་བཀང་ནས་ཀྱང་། །བློ་ཡིས་བླངས་ནས་གུས་པས་འབུལ་ལགས་ན། །དགྱེས་པ་ཆེན་པོའི་ཚུལ་གྱིས་བཞེས་ནས་ཀྱང་། །བདག་ཅག་སྲུང་བྱ་མི་ནོར་འཁོར་བཅས་རྣམས། །གཞི་བྱེས་ལམ་གསུམ་ཀུན་ཏུ་དུས་དྲུག་ཏུ། །དགེ་བསྙེན་ཆེན་པོས་ཐུགས་དམ་དགྱེས་དགོངས་ལ། །ཅི་འདོད་ལོངས་སྤྱོད་ཡིད་ལ་གང་འདོད་པ། །བུམ་པ་བཟང་དང་དཔག་བསམ་ལྗོན་ཤིང་ལས། །ཇི་ལྟར་རེ་བ་ཡོངས་སུ་བསྐང་བ་ལྟར། །བསམ་དོན་ལྷུན་གྱིས་འགྲུབ་པའི་སྡོང་གྲོགས་མཛོད། །ཅེས་པ་འདི་ནི་སྐྱ་མོ་སྨན་ལྷའི་སྲས་ཆེ་བ་ཆོས་ཁོ་ནས་འདི་ལྟར་དགོས་ཞེས་པའི་ངོར༧འཇམ་མགོན་བླ་མ་དམ་པ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སློབ་འབངས་ཐ་ཤལ་བ་རྫོགས་སྤྲུལ་ལྔ་པའི་མིང་འཛིན་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའམ་མིང་གཞན་པདྨ་ཐེག་མཆོག་བསྟན་འཛིན་གྱིས་བྲིས་པའོ། །དགེའོ། །

དམ་ཅན་ར་ཞོན་གསོལ་བསྡུས་བདུད་དཔུང་ཟིལ་གནོན་བཞུགས་སོ།།

རང་ཉིད་ཡི་དམ་ལྷ་རུ་གསལ་བའི་མདུན། །འཛམ་གླིང་སྐྱེས་མཆོག་རྡོ་རྗེ་དགྲ་འཇོམས་རྩལ། །མཐིང་ནག་རྡོ་རྗེ་མདུང་དར་རྦུད་པ་བསྣམས། །ར་སྐྱེས་ཞོན་ནས་བེར་སྨུག་བརྗིད་པར་གསོལ། །སྟག་རལ་གཟིག་ཤུབས་འཁོར་གསུམ་རྒྱན་གྱིས་སྤྲས། །སྡེ་བརྒྱད་དྲེགས་པའི་འཁོར་ཚོགས་སྤྲིན་ལྟར་གཏིབ། །མེ་དཔུང་དམར་ནག་འབར་བའི་ཀློང་ན་བཞུགས། །རང་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་འོག་མིན་གནས་དང་ལྕང་ལོ་ཅན། །ཁྱད་པར་འོ་ཡུག་ཤང་གི་བྲེ་མོ་ནས། །སྐད་ཅིག་ཙམ་གྱིས་གནས་འདིར་སྤྱན་འདྲེན་གཤེགས། །སྤྱན་འདྲེན་ནི། ཧཱུྃ། སངས་རྒྱས་བསྟན་སྐྱོང་དྲེགས་པ་ཀུན་གྱི་གཙོ། །རྡོ་རྗེ་ལེགས་པ་ཡབ་སྲས་ཡུམ་དང་བཅས། །གདུག་པའི་སྡེ་བརྒྱད་མ་ལུས་འཁོར་དང་བཅས། །གློག་ལྟར་མྱུར་བའི་ཐུགས་རྗེའི་ཤུགས་བསྐྱེད་ལ། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་ལ། །ཕྲིན་ལས་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ། །བཛྲ་ས་མ་ཛ། བཞུགས་གསོལ་ནི། ཧཱུྃ། ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་ཀློང་ཡངས་ནས། །ཞིང་དང་ཀེང་རུས་བཀྲམ་པའི་དཀྱིལ་འཁོར་དབུས། །པད་ཉི་དབུགས་བྲལ་བརྩེགས་པའི་ཁྲི་སྟེང་དུ། །དགེ་བསྙེན་ཆེན་པོ་འཁོར་བཅས་བཞུགས་སུ་གསོལ། །ཕྱག་འཚལ་ནི། ཧཱུྃ། གདོད་ནས་སྙིང་རྗེའི་ངང་ལས་མ་གཡོས་ཀྱང་། །མ་རུང་གདུག་པའི་ཚོགས་རྣམས་བསྒྲལ་བའི་ཕྱིར། །མི་བསྲུན་བཟོད་པར་དཀའ་བའི་ཚུལ་འཆང་བ། །དམ་ཅན་སྐྱེས་བུ་ཁྱོད་ལ་ཕྱག་འཚལ་བསྟོད། །མཆོད་པ་ནི། ཧཱུྃ་ཧྲཱིཿ ཕྱི་མཆོད་འདོད་ཡོན་རྣམ་ལྔ་སྤྲིན་ལྟར་གཏིབ། །ནང་མཆོད་སྨན་རཀ་གཏོར་གསུམ་རི་ལྟར་སྤུང་། །གསང་བའི་མཐུན་རྫས་སྣ་ཚོགས་སྐར་ལྟར་བཀྲམ། །དགེ་བསྙེན་ཆེན་པོ་འཁོར་དང་བཅས་ལ་འབུལ། །ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྟ་མ་ཧ་མཾ་ས་རཀྟ་གོ་རོ་ཙ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྟོད་པ་ནི། ཧཱུྃ་ཧྲཱིཿ ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་དྲེགས་པའི་སྐུར་སྟོན་པ། །སངས་རྒྱས་བསྟན་པ་གཉན་པོ་སྲུང་མཛད་པའི། །དམ་ཅན་སྐྱེས་བུ་ཁྱོད་ལ་ཕྱག་འཚལ་བསྟོད། །བསྐང་བ་ནི། ཧཱུྃ་ཧྲཱིཿ རབ་འབྱམས་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །རབ་བཞེངས་དམ་ཅན་རྡོ་རྗེ་ལེགས་པ་ནི། །རབ་འབར་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས། །རབ་འབྱམས་དྲེགས་པའི་འཁོར་དང་བཅས་པ་རྣམས། །ནམ་མཁའི་གློག་ལྟར་མྱུར་བར་འདིར་གཤེགས་ཤིག །ནམ་མཁའ་མཛོད་ཀྱི་འཁོར་ལོའི་མཆོད་སྤྲིན་ནི། །ནམ་མཁའི་སྐར་ལྟར་བཀྲམ་པའི་སྤྲིན་ཕུང་འདི། །ནམ་མཁའ་གང་བའི་ཚུལ་གྱིས་འབུལ་ལགས་ན། །དམ་ཚིག་དབང་གིས་ཐུགས་དམ་བསྐང་གྱུར་ཅིག །དམ་ལྡན་རིག་འཛིན་རྣལ་འབྱོར་བདག་ཅག་ལ། །དམ་ལས་མ་གཡེལ་དམ་ཚིག་རྗེས་དགོངས་ཏེ། །དམ་བཅས་བཞིན་དུ་ཕྲིན་ལས་འགྲུབ་པར་མཛོད། །གང་དག་བདག་ལ་འཁུ་བའི་བདུད་སྡེའི་དཔུང་། །གང་ཞིག་ཁྱོད་ཉིད་དྲེགས་པའི་སྐུར་བཞེངས་ནས། །གང་ལ་གང་འཚམས་དྲག་པོའི་ཕྲིན་ལས་ཀྱིས། །གང་དག་རྡུལ་ཕྲན་ཙམ་ཡང་མེད་པར་མཛོད། །ཕྲིན་བཅོལ་ནི། ཧཱུྃ་ཧྲཱིཿ འདོད་རྒུའི་དངོས་གྲུབ་སྩོལ་མཛད་ཁྱོད་ཉིད་ལ། །འདོད་ཡོན་ཟག་མེད་མཐུན་པའི་དམ་ཚིག་རྫས། །འདོད་ཡོན་རང་གྲོལ་མཆོད་པ་འདི་ཕུལ་བས། །འདོད་པའི་དོན་རྣམས་མྱུར་དུ་འགྲུབ་པར་མཛོད། །ཅེས་པ་འདི་ཡང་འབྲུག་སྤྲུལ་མི་ཕམ་འགྱུར་མེད་རྒྱ་མཚོ་ནས་དམ་ཅན་འདི་ཉིད་ཀྱི་གསོལ་ཀ་གྲངས་བསོག་ཚེ་ཉི་གྲགས་གཏེར་བྱོན་དམ་ཅན་ར་ཞོན་ཕྲིན་ལས་ཅུང་ཟད་མང་ཆེ་བས་ཉུང་བསྡུས་ཤིག་འདི་ལྟར་དགོས་ཞེས་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་མགོན་ཁང་དབང་དྲག་རོལ་བའི་ཞིང་ཁམས་ནས་ཟླ་ཚེས་བཟང་པོར་བྲིས་པ་འདི་ཉིད་གྲངས་གསོག་སྐབས་ལས་གཞན་དུ་དཔེ་ངན་རྒྱུན་འབྱམས་བྱེད་ནས་ཐམས་ཅད་ཀུན་ནས་མི་གསུང་བར་ཉི་དྲགས་གཏེར་བྱོན་ར་ཞོན་ཕྲིན་ལས་གསུངས་མཛད་པ་ཅི་ནས་གལ་ཆེ། །དགེའོ། །

དམ་ཅན་སེང་ཞོན་གསེར་སྐྱེམས་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ།།

ཀྱཻ། ཉི་མ་ནུབ་ལ་དབང་མཛད་མཐུ་རྩལ་ཅན། །འཛམ་བུ་གླིང་གི་དགྲ་ལྷ་སྐྱེས་གཅིག་པུ། །གནམ་ས་ཕྱེད་ཀྱི་བདག་པོ་མངའ་གསོལ་བ། །སོ་སོར་རྟོག་པའི་ཡེ་ཤེས་རང་མདངས་ལས། །རྟ་མཆོག་རྒྱལ་པོ་པདྨ་ཧེ་རུ་ཀའི། །ཐུགས་ལས་སྤྲུལ་པའི་དྲེགས་པའི་ཚུལ་བསྟན་པ། །རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ལ། །བསྟན་པ་སྲུང་ཞིང་ལེགས་ཉེས་སྟངས་འཛིན་པ། །དགེ་བསྙེན་ཆེན་པོ་རྡོ་རྗེ་ལེགས་པ་ནི། །ཁྲག་མདོག་བཟོད་པར་དཀའ་བའི་ལང་ཚོ་ཅན། །ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ། །གཡོན་པས་དམ་ཉམས་ཙིཏྟ་དམར་པོ་བསྣམས། །དར་དམར་བེར་ཆེན་སྐུ་ཡི་རྒྱན་དུ་མཛེས། །ཆིབས་སུ་དུང་གི་སེངྒེ་རྩལ་ལྡན་ཆིབས། །སྲོད་ཀྱི་དགྱེས་སྡེ་ཁ་རག་ཁྱུང་བཙུན་དང་། །ཐོ་རངས་དགྱེས་སྡེར་ཤ་མེད་གངས་དཀར་མ། །གཏན་གྱི་གྲོགས་མཛད་ཀོང་བཙུན་དེ་མོ་སྐྱོང་། །གིང་ཆེན་སྡེ་བཞི་དགྱེས་སྡེ་བཅུ་གཉིས་དང་། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་ཡང་འཁོར་འབུམ། །སྟེང་ཕྱོགས་དུང་ཁྲ་དཀར་པོ་འཚུབས་སེ་འཚུབ། །སྐྱེས་བུ་ཆེན་པོའི་སྐུ་ཡི་ཕྱོགས་བཞི་ན། །འཕར་དྲེད་དོམ་བུ་ཅེ་སྤྱང་རྔམ་པའི་ཚོགས། །ཟ་བྱེད་དྲེགས་པ་མཐུ་ཆེན་གདུག་པའི་འཁོར། །ནམ་མཁའ་བར་སྣང་ས་གཞིའི་ཁྱོན་ཀུན་གང་། །དད་ཅིང་གདུང་བ་དྲག་པོའི་ཁྱོད་འབོད་ན། །སྐད་ཅིག་ཙམ་གྱི་གནས་འདིར་གཤེགས་སུ་གསོལ། །ཁྲག་ཆང་ཨརྒྷཾ་སྦྱར་བའི་ཞལ་སྐྱེམས་འདི། །སྐྱེས་མཆོག་རྡོ་རྗེ་ལེགས་པར་མཆོད་པ་འབུལ། །འཇིག་རྟེན་སྐྱོང་བ་ཁྱོད་ལ་མཆོད་པ་འབུལ། །དམུ་བདུད་དཀར་པོ་ཁྱོད་ལ་མཆོད་པ་འབུལ། །ལེགས་ཉེས་སྟངས་འཛིན་ཁྱོད་ལ་མཆོད་པ་འབུལ། །ཆོས་སྐྱོང་སྲུང་མ་ཁྱོད་ལ་མཆོད་པ་འབུལ། །ཡུལ་ལྷ་གཉན་པོ་ཁྱོད་ལ་མཆོད་པ་འབུལ། །ཚོང་དཔོན་ཆེན་པོ་ཁྱོད་ལ་མཆོད་པ་འབུལ། །དམག་དཔོན་ཆེན་པོ་ཁྱོད་ལ་མཆོད་པ་འབུལ། །ཐུན་མོང་ལྷ་མཆོག་ཁྱོད་ལ་མཆོད་པ་འབུལ། །མྱུར་དུ་འགྲུབ་མཛད་ཁྱོད་ལ་མཆོད་པ་འབུལ། །ཡུན་དུ་འགྲོགས་མཛད་ཁྱོད་ལ་མཆོད་པ་འབུལ། །མཐུ་བདག་སྟེར་བྱེད་ཁྱོད་ལ་མཆོད་པ་འབུལ། །དོན་དམ་མཚུངས་པའི་ལྷ་ལ་མཆོད་པ་འབུལ། །སྐྱེས་བུ་རྫུ་འཕྲུལ་ཅན་ལ་མཆོད་པ་འབུལ། །ཡུམ་དང་བློན་པོ་ཕྱག་ཚང་གཉེར་འཛིན་སོགས། །དེ་ལྟར་གསེར་སྐྱེམས་ཕུལ་བའི་བྱིན་རླབས་ཀྱིས། །རིག་འཛིན་སྒྲུབ་པའི་རྣལ་འབྱོར་བདག་ཅག་རྣམས། །གཞི་བྱེས་ལམ་གསུམ་གང་དུ་འདུག་གྱུར་ཀྱང་། །སྐྱེས་བུ་རྡོ་རྗེ་ལེགས་པ་ཁྱོད་ཉིད་ཀྱིས། །སྲུང་སྐྱོབ་ཕྲིན་ལས་སྐད་ཅིག་མི་གཡེལ་བར། །ལེགས་པ་སྤྲོད་དང་ཉེས་པ་ཀུན་ཏུ་བསྣོལ། །ཡིད་ལ་ཅི་བསམ་དྲན་པ་ཙམ་གྱིས་ཀྱང་། །གེགས་མེད་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། །ཅེས་རཏ་ཎའི་དམ་ཅན་སེང་ཞོན་གསེར་སྐྱེམས་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་འདི་ནི་ས་ཕོ་རྟ་ལོའི་ཟླ་༣ཚེས་༡༠ལ་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཕོ་བྲང་ཆེན་མོའི་ཡང་རྩེ་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །

དམ་ཅན་གསོལ་བསྡུས་ནི།

ཧྲཱིཿ ཤང་དང་འོ་ཡུག་གནས་མཆོག་དམ་པ་ནས། །མཐུ་སྟོབས་དབང་ཕྱུག་དམ་ཅན་རྡོ་རྗེ་ལེགས། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་འཁོར་དང་བཅས། །སྐད་ཅིག་མོས་པ་ཙམ་གྱིས་འདིར་གཤེགས་ལ། །ཕྱི་ནང་གསང་མཆོད་སྨན་རཀ་གཏོར་མ་དང་། །མཐུན་པའི་དམ་རྫས་སྣ་ཚོགས་བསམ་མི་ཁྱབ། །དངོས་བཤམ་ཡིད་སྤྲུལ་མཆོད་པའི་སྤྲིན་ཕུང་ནི །དགྱེས་པའི་ཚུལ་དུ་བདག་གིར་བཞེས་ནས་ཀྱང་། །བདག་ཅག་དཔོན་སློབ་མི་ནོར་འཁོར་བཅས་ལ། །དཀོར་ཆ་ལོངས་སྤྱོད་ཇི་སྙེད་ཡོད་པ་ཀུན། །རྟག་ཏུ་མགོན་སྐྱབས་མེལ་ཚེ་བྱ་ར་མཛོད། །མདོར་ན་དགྲ་ལྷའི་རྒྱལ་པོ་ཁྱོད་ཉིད་ཀྱིས། །དུས་རྣམས་ཀུན་ཏུ་ལས་བཞིའི་ཕྲིན་ལས་ཀུན། །མ་གཡེལ་མྱུར་དུ་སྒྲུབ་པའི་ཕྲིན་ལས་མཛོད། །ཅེས་པ་ལ་དཀར་བུ་མཐུ་སྟོབས་རྣམ་རྒྱལ་ནས་ཡང་ཡང་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག ། ། །

ཕུར་སྲུང་ལྕམ་དྲལ་བསྐུལ་བ་ནི།

ཧཱུྃ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། །དཀྱིལ་འཁོར་ཆེན་པོའི་བར་ཁྱམ་ཡངས་པ་རུ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །རྡོ་རྗེ་ཕུར་བའི་སྲུང་མ་མཐུ་རྩལ་ཅན། །དཔལ་གྱི་བཀའ་ཉན་ཤྭ་ན་མཆེད་སྡེ་བཞི། །ས་བདག་ཆེན་མོ་བསེ་ཡི་ལྷ་མོ་བཞི། །བདག་ཉིད་ཆེན་མོ་དཔལ་ལྡན་མཆེད་སྡེ་བཞི། །མིང་པོ་གིང་བཞི་དབང་ཕྱུག་ཚོགས་དང་བཅས། །ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་གཉན་པོ་བཤིགས་པ་དང་། །བླ་མའི་སྐུ་དགྲ་རྣལ་འབྱོར་སྒོས་དགྲ་དང་། །ཆོས་སྡེ་དཀྲུགས་དང་གསང་སྔགས་ཆོས་ལ་སྨོད། །ཁྱད་པར་སྡེ་དགོན་ཡོ་བྱད་རྐུ་བའི་རིགས། །མཐུ་ཆེན་སྲུང་མའི་དབང་པོ་ཁྱེད་རྣམས་ཀྱིས། །དྲག་རྩལ་ཐོགས་མེད་ལས་ལ་ཆས་རེ་རན། །ལོ་ཟླ་ཙམ་ཡང་བཞག་པའི་ལོང་མེད་པས། །ད་ལྟ་ཉིད་དུ་སྒྲོལ་བའི་ཕྲིན་ལས་མཛོད། །དམ་ཚིག་དུས་ལ་བབ་བོ་ས་མ་ཡ། །དམ་ལྡན་སྒྲུབ་པ་པོ་ཡི་གང་ཟག་ལ། །ཕྱི་ནང་ཉེར་འཚེའི་མི་མཐུན་རིགས་རྣམས་ཀུན། །མ་ལུས་ལྷག་མེད་དབྱིངས་སུ་ཞི་བ་དང་། །སྔོན་ཚེ་དཔལ་ཆེན་སྤྱན་སྔར་ཁས་བླངས་པའི། །ཅི་ལྟར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་བསྟན་ལ་ཕན་པའི་ལྷག་བསམ་དག་པས་བྲིས་པ་དགེ ། ། །

ལྡང་ལྷའི་གསོལ་མཆོད་ཀུནྡའི་པད་ཚལ་ཞེས་བྱ་བ་བཞུགས་སོ།།

རང་ཉིད་རྡོ་རྗེ་གཞོན་ནུའི་ང་རྒྱལ་དང་ལྡན་པའི་ངང་ནས། ཧཱུྃཿ རང་ཉིད་རྡོ་རྗེ་གཞོན་ནུ་གསལ་བའི་མདུན། །འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་དཀྱིལ་ན། །རིན་ཆེན་བྲག་རིས་གཏམས་པའི་ཕོ་བྲང་དུ། །འཇིག་རྟེན་དྲེགས་པ་ཀུན་གྱི་གཙུག་གི་རྒྱལ། །རྡོ་རྗེ་ཕུར་བའི་ཟབ་གཏེར་སྐྱོང་མཛད་པའི། །འགྱུར་མེད་དབྱིངས་ལ་ཤར་བའི་དཔལ་འབར་ཆེ། །ལྷ་ཡི་དགེ་བསྙེན་རྡོ་རྗེ་དྲག་པོ་རྩལ། །སྐུ་མདོག་གངས་ལ་ཉི་མ་ཤར་བ་ལྟར། །ཉི་མ་འབུམ་ལས་ལྷག་པའི་འོད་ཟེར་འཕྲོ། །ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་བརྗིད་པའི་སྐུ། །སྐུ་ལ་ཟ་འོག་དར་དཀར་རལ་དགུར་གསོལ། །ཆིབས་སུ་ལྷ་རྟ་ངང་དཀར་རྣ་སྔོན་ཆིབས། །འཇིགས་པའི་སྐུ་ལ་མངོན་སྤྱོད་དྲག་པོའི་སྐུ། །ཕྱག་གཡས་དར་དཀར་རུ་མཚོན་མཁའ་ལ་ཕྱར། །གཡོན་པས་དགྲ་བོའི་ཙིཏྟ་ཞལ་དུ་གསོལ། །དགེ་བསྙེན་ཆེན་པོའི་བཀའ་ཡི་ལས་མཁན་ཚོགས། །ཅི་བགྱིས་བཀའ་ཉན་ལས་རྣམས་སྒྲུབ་མཛད་པའི། །བཙན་རྒོད་བྱ་ར་སྟོང་གི་ཚོགས་དང་བཅས། །མཐུ་སྟོབས་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །གནམ་ས་བར་སྣང་ས་གཞི་ཐམས་ཅད་ཁེང་། །ཏིལ་གྱི་གོང་བུ་ལྟ་བུ་བཞུགས་པར་གྱུར། །བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། །འོད་འཕྲོའི་རང་བཞིན་གནས་ནས་སྤྱན་དྲངས་གྱུར། །སྤྱན་འདྲེན་ནི། ཧཱུྃ། རང་བཞིན་ཆོས་དབྱིངས་ཕོ་བྲང་དམ་པ་དང་། །གཏེར་གནས་ཕྲ་མོ་བྲག་གི་ཕོ་བྲང་ནས། །ལྷ་ཡི་དགེ་བསྙེན་རྡོ་རྗེ་དྲག་པོ་རྩལ། །བཙན་རྒོད་བྱ་ར་སྟོང་གི་ཚོགས་དང་བཅས། །དོན་ལ་གཤེགས་བཞུགས་མཚན་མ་མི་དམིགས་ཀྱང་། །འོན་ཀྱང་ཀུན་རྫོབ་སྒྱུ་མའི་ཚུལ་གྱིས་ནི ། །བསྟན་པ་སྲུང་ཞིང་བསྟན་འཛིན་སྐྱོང་བ་དང་། །སྒྲུབ་ལ་ཕྲིན་ལས་རྣམ་བཞི་སྩོལ་བའི་ཕྱིར། །དགེ་བསྙེན་ཆེན་པོ་འཁོར་དང་བཅས་པ་རྣམས། །དམ་ཚིག་དབང་གི་གནས་འདིར་གཤེགས་སུ་གསོལ། །བཞུགས་གསོལ་ནི། ཧཱུྃ། ཡིད་འོང་རིན་ཆེན་ཕོ་བྲང་ཉམས་དགའ་བར། །ཐབས་ཤེས་ཉི་ཟླ་པདྨ་བརྩེགས་པའི་སྟེང་། །དགེ་བསྙེན་ཆེན་པོ་འཁོར་དང་བཅས་པ་རྣམས། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །ཕྱག་འཚལ་ནི། ཧཱུྃ། ལོག་རྟོག་འཁོར་བར་འཁྱམས་པའི་སེམས་ཅན་རྣམས། །རང་རིག་ཡེ་ནས་རྣམ་པར་དག་པ་ལ། །མཚན་མར་འཛིན་པའི་དྲི་མ་ཀུན་བྲལ་ན། །དོན་གྱི་དགེ་བསྙེན་ཆེན་པོ་ཁྱོད་ལ་འདུད། །མཆོད་པ་ནི། ཧཱུྃ། ཕྱོགས་བཅུ་རབ་འབྱམས་རྒྱ་མཚོའི་ཞིང་ཁམས་ན། །ཡན་ལག་བརྒྱད་ལྡན་མཆོད་ཡོན་མཚོ་ལྟར་བསྐྱིལ། །དག་བྱེད་གཙང་མའི་ཞབས་བསིལ་ཛ་ཧུའི་རྒྱུན། །མཛེས་སྡུག་རྣམ་བཀྲའི་མེ་ཏོག་ཚར་དུ་དངར། །བདུག་པའི་སྤྲིན་ཚོགས་ཕྱོགས་བཅུ་ཀུན་ཏུ་འཕྲོ། །སྣང་གསལ་མར་མེའི་འོད་ཀྱིས་སྟོང་ཁམས་གང་། །ག་བུར་ཙནྡན་དྲི་ཞིམ་བྱུགས་པའི་མཚོ། །རོ་བརྒྱ་ལྡན་པའི་ཞལ་ཟས་ལྷུན་པོ་སྤུང་། །ཡན་ལག་རྒྱ་མཚོའི་སྒྲ་སྙན་དཔག་མེད་ལྡན། །བྷནྡྷ་འཁོར་ཡུག་མཛེས་པའི་སྣོད་ཡངས་སུ། །ར་ས་ཡ་ནའི་རྒྱ་མཚོ་མེ་རེ་རེ། །དུང་ཆེན་ལྕང་ལོར་བཅས་པའི་སྣོད་ཡངས་སུ། །དམར་ཆེན་རཀྟའི་རྒྱ་མཚོ་ཆི་ལི་ལི། །སྣ་ཚོགས་རིན་པོ་ཆེ་ཡི་གཏོར་གཞོང་དུ། །རོ་བཅུད་དཔལ་གྱི་གཏོར་མ་སྤུངས་སེ་སྤུང་། །སྤྱི་དང་ཁྱད་པར་མཐུན་པའི་དམ་རྫས་ནི། །ངོ་མཚར་མཆོད་པའི་སྤྲིན་ཕུང་མཐའ་ཡས་པ། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་མཆོད། །ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྟ་མ་ཧཱ་པུཉྩ་རཀྟ་བྷ་ལིངྟ་པུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྟོད་པ་ནི། ཧཱུྃ། རྡོ་རྗེ་གཞོན་ནུའི་བཀའ་ཉན་ལས་བྱེད་གཙོ། །རྡོ་རྗེའི་ཐ་ཚིག་ལ་གནས་མཐུ་ཆེན་པོ། །རྡོ་རྗེ་ཕུར་བའི་ཟབ་གཏེར་སྐྱོང་བའི་བདག །རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད། །གདོད་ནས་རང་བཞིན་རྣམ་པར་དག་པ་ལ། །གདོད་མ་ཉིད་ནས་མངོན་པར་བྱང་ཆུབ་ཀྱང་། །གདོད་མའི་རང་མདངས་རྩལ་ལས་ཤར་བའི་སྐུ། །གདོད་ནས་གཡོ་མེད་དགེ་བསྙེན་ཁྱོད་ལ་བསྟོད། །རང་བཞིན་གདོད་ནས་རྣམ་པར་དག་པ་ལ། །རང་གཞན་མཚན་མ་གཅིག་ཏུ་འཛིན་པའི་བློ། །རང་རིག་སྐྱེ་བ་མེད་པའི་ཤེས་རབ་ཀྱིས། །རང་བཞིན་དབྱིངས་ཀྱི་ངང་དུ་གྲོལ་ལ་བསྟོད། །ལྷ་ཡི་དགེ་བསྙེན་རྡོ་རྗེ་དྲག་པོ་རྩལ། །རང་རིག་སྐྱེ་མེད་དབྱིངས་ཀྱི་ཡེ་ཤེས་དེ། །རང་ཞལ་མཇལ་བ་དོན་གྱི་ཆོས་སྐྱོང་ལ། །དུས་རྣམ་ཀུན་ཏུ་ཁྱོད་ལ་བསྟོད་པར་བགྱི། །གང་ཐུགས་བདེ་བ་ཆེན་པོའི་རང་བཞིན་ལ། །སྙིང་རྗེ་ཆེན་པོའི་དབྱིངས་ལས་མ་གཡོས་ཀྱང་། །མི་བསྲུན་ལོག་པར་འདྲེན་པའི་བདུད་སྡེའི་ཚོགས། །མངོན་སྤྱོད་དྲག་པོའི་ཤུགས་ཀྱིས་སྒྲོལ་ལ་བསྟོད། །འཁྲུལ་སྣང་འཁོར་བར་འཁྱམས་པའི་འགྲོ་བ་རྣམས། །རང་བཞིན་གདོད་ནས་རྣམ་པར་དག་པ་ལ། །མཚན་མར་འཛིན་པའི་དྲི་མ་ཀུན་བྲལ་ནས། །དོན་གྱི་དགེ་བསྙེན་ཆེན་པོ་ཁྱོད་ལ་འདུད། །འཕྲིན་བཅོལ་ནི། ཧཱུྃ། འཇིག་རྟེན་འདི་ན་དྲེགས་པ་ཀུན་གྱི་གཙོ། །མཐུ་སྟོབས་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །ཞི་བའི་ངང་ལས་སྙིང་རྗེ་ཁྲོས་པའི་དཔལ། །གཏུམ་ལ་འཇིགས་པ་ཁྲོས་པའི་དཔལ་འབར་ཆེ། །རིག་འཛིན་སྒྲུབ་པའི་རྣལ་འབྱོར་བདག་ཅག་གིས། །རྟག་ཏུ་དགེ་བསྙེན་ཆེན་པོ་ཁྱོད་སྒྲུབ་ན། །དེང་ནས་བྱང་ཆུབ་སྙིང་བོ་མ་ཐོབ་པར། །ཉི་མཚན་ཀུན་ཏུ་མེལ་ཚེ་བྱ་ར་མཛོད། །ཆོས་དང་སྲིད་ཀྱི་བྱ་བ་མཐའ་དག་ལ། །ཕྱི་ནང་མི་མཐུན་བར་ཆད་མཐའ་དག་ཀུན། །དུས་རྣམས་རྟག་ཏུ་ཁྱོད་ཀྱི་ཕྲིན་ལས་ཀྱིས། །འཁྲུལ་བ་ཀ་ནས་དག་པའི་ཕྲིན་ལས་མཛོད། །ཅེས་པ་འདི་ཡང་ནི་་རང་གི་གྲྭ་འཁོར་འདན་ཐུབ་བསྟན་སེངྒེ་ནས་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རུ་དམ་ཨོ་རྒྱན་བསམ་བསྟན་ཆོས་གླིང་གི་ཕོ་བྲང་ཆེན་པོའི་ཡང་རྩེ་འཆི་མེད་གྲུབ་པའི་དགའ་ཚལ་དུ་བསྟན་ལ་ཕན་པའི་ལྷག་བསམ་དག་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །

གཏེར་སྲུང་ལྡང་ལྷའི་བསྐང་བ་ལྷ་ཡི་རྔ་བོ་ཆེ་ཞེས་བྱ་བ་བཞུགས་སོ།།

ཀི་ལ་ཡ་ཡི་བཀའ་སྡོད་དྲེགས་པའི་གཙོ། །ཁུ་འཕང་ཐོག་སེར་ཡོངས་ཀྱི་མངའ་བདག་པོ། །གེ་སར་ལས་འཁྲུང་པདྨ་ཐོད་ཕྲེང་གིས། །ངོ་མཚར་རྡོ་རྗེའི་ཐ་ཚིག་ཉེར་བཞག་པ། །ཅི་ནས་སྔོན་གྱི་དམ་ཚིག་ཉེར་དགོངས་ལ། །ཆུ་ལས་ཆུ་བུར་རྡོལ་བ་ཇི་བཞིན་དུ། །ཇེ་ཞིག་མ་ཡིན་ནམ་མཁའི་གློག་ཕྲེང་བཞིན། །ཉོ་ཚང་དགྱེས་པའི་འཛུམ་དཀར་གཤེགས་སུ་གསོལ། །ཏི་ར་ཞིང་སྐྱོང་ཡོངས་ཀྱི་མངའ་བདག་པོ། །ཐུ་མ་ར་སོགས་བརླག་པའི་འཕྲིན་ལས་མཛོད། །དེ་བཞིན་གཤེགས་པའི་ཐ་ཚིག་ལ་གནས་པ། །ནོ་པི་ཀ་ཡི་མགོན་གྱུར་ཁྱོད་གཅིག་པུ། །པི་ཝཾ་དབྱར་རྔ་ཡན་ལག་དྲུག་ཅུའི་གསུངས། །ཕུ་ཆུ་ལྟ་བུའི་ཐུགས་རྗེ་རྒྱུན་རིང་པོ། །བེ་ལུག་ལ་སོགས་ནོར་རྣམས་ཀུན་གྱི་བདག །མོ་ཧར་བྱེད་པའི་འདོད་པའི་འཕྲིན་ལས་མཛོད། །ཙི་ནའི་ཡུལ་དང་མོན་དང་བལ་བོའི་ཡུལ། །ཚུ་རོལ་བོད་ཡུལ་རུ་བཞི་ལ་སོགས་པའི། །ཛེ་ཏའི་ཚལ་སོགས་ཡུལ་རྣམས་ཀུན་གྱི་བདག །ཝོ་ཛི་ཧས་ཀྱང་བསྔགས་པའི་ལྷ་གཅིག་པུ། །ཞི་དང་ཁྲོ་བོ་ཞི་མ་ཁྲོ་ཡི་ཚུལ། །ཟུ་ར་ར་སྐྱེས་ལ་སོགས་དྲེགས་པའི་རྗེ། །འེ་འུར་རྟོག་པའི་ཐོར་རླུང་དང་འགྲོགས་པའི། །ཡོ་གའི་དགྲ་ལྷ་ཆེན་པོ་ཁྱོད་གཅིག་པུ། །རི་རབ་ལྟ་བུ་བརྗིད་པའི་དགྲ་ལྷ་ཆེ། །ལུ་མའི་ཆུ་རྒྱུན་ལྟ་བུའི་དངོས་གྲུབ་ནི། །ཤེ་མུན་ཉམ་ང་མེད་པར་དུས་རྟག་ཏུ། །སོ་སོར་གང་ལ་ཅི་འདོད་དངོས་གྲུབ་སྩོལ། །ཧི་ཧིའི་དགྱེས་པའི་རྡོ་རྗེ་གླུ་དབྱངས་ཀྱིས། །ཨུ་པ་ལ་སོགས་ཐེག་དགུའི་བསྟན་པ་ནི། །མི་ནུབ་སྲིད་པའི་རྩེ་མོར་དགུང་དུ་ཕྱར། །སྙན་པའི་དར་ཆེན་ཕྱོགས་བཅུར་རྒྱས་པར་མཛོད། །ཀ་པ་ལ་ཡི་གཏོར་སྣོད་ཡངས་པའི་ནང་། །ཁ་དོག་རོ་བཅུད་ལྡན་པའི་བ་ལིངྟ། །ག་ཤལ་ལྕང་ལོར་བཅས་པའི་བྷནྡྷ་རུ། །ང་བདག་བསྒྲལ་བའི་རཀྟའི་ཐུགས་དམ་བསྐང་། །ཅ་ག་རིན་ཆེན་སྣ་ལྔའི་སྣོད་ནང་དུ། །ཆ་ཤས་མ་ཡིན་བདུད་རྩིའི་རྒྱ་མཚོར་བསྐྱིལ། །ཇ་ཆང་འོ་སྐོལ་བཏུང་བའི་རིགས་བྱེད་ཚོགས། །ཉ་རྒྱས་ཟླ་བཞིན་འདོད་དོན་ཡོངས་གང་མཛོད། །ཏ་ར་ཎ་སོགས་ཉེར་སྦྱོད་སྣ་ཚོགས་པ། །ཐ་དད་མ་གྲུབ་ཆུ་ཟླའི་གཟུགས་བརྙན་བཞིན། །ད་ལྟ་དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས། །ན་མར་ཇི་བཞིན་རྟག་པར་ཐུགས་དམ་བསྐང་། །པ་ཏྲའི་འཁྱུད་ཀློང་སྣ་ཚོགས་དབང་གཞུའི་རྩེར། །ཕ་མཐའ་ཡས་པའི་འདོད་ཡོན་ལྷ་མོའི་རིགས། །བ་མཆོག་གཏེར་བུམ་ཡིད་བཞིན་དབང་གི་རྒྱལ། །མ་རྨོས་ལོ་ཏོག་རྣམས་ཀྱིས་ཐུགས་དམ་བསྐང་། །ཙ་སད་སེར་གསུམ་གློ་གོར་ཧོན་གསུམ་དང་། །ཚ་གྲང་ཞ་གྲུམ་སྨྱོ་འབོག་བརྒྱལ་ནད་དང་། །ཛ་ལང་བསམ་སྦྱོར་ངན་པའི་བདུད་སྡེའི་ཚོགས། །ཝ་ལྟར་ཞུམ་པའི་དགྲ་བོ་སྒྲོལ་ལ་བསྟོད། །ཞྭ་ཡི་གཙུག་ལྟར་བརྟེན་པ་ཁྱོད་ཉིད་ནི། །ཟ་བྱེད་སྣང་སྲིད་ལྷ་འདྲེ་ཡོངས་ཀྱི་གཙོ། །འ་རའི་དབྱངས་ཀྱི་ཁྱོད་ཉིད་བསྐུལ་བའི་ཚེ། །ཡ་མཚན་ལྷ་མཆོག་ཁྱོད་ཀྱིས་སྡོང་གྲོགས་མཛོད། །རྭ་ཅན་ལ་སོགས་ཕྱུགས་ཀྱི་རིགས་རྣམས་ནི། །ལ་ལ་ཙམ་མིན་འབུམ་ཕྲག་ཡངས་བའི་ཚོགས། །ཤ་རྟ་རྐང་བཞི་དུད་འགྲོའི་ཚོགས་རྣམས་ནི། །ས་སྟེང་ཀུན་ཏུ་གང་བའི་དངོས་གྲུབ་སྩོལ། །ཧ་ལའི་དུག་གི་སྦྱོར་བ་མཐའ་དག་ཀུན། །ཨ་ཧོ་ངོ་མཚར་དགའ་བའི་དཔལ་སྟེར་གྱིས། །མིང་ཙམ་མེད་པར་ཞི་བའི་ཕྲིན་ལས་མཛོད། །ལྷ་མཆོག་ཁྱེད་ཀྱི་ཐུགས་རྗེའི་འོད་ཟེར་ཀྱིས། །སྔོན་ལས་འཕྲལ་རྐྱེན་མི་མཐུན་བགེགས་ཀྱི་ཚོགས། །མི་དང་མི་མིན་གནོད་བྱེད་འབྱུང་པོའི་རིགས། །རྡུལ་ཕྲན་ཙམ་དུ་བརླག་པའི་ཕྲིན་ལས་མཛོད། །ཅེས་ལྡང་ལྷའི་བསྐང་བ་འདི་ནི་ཡིག་ཐུབ་བསྟན་ནོར་བུ་ནས་བསྐུལ་བའི་ངོར་མེ་སྦྲུལ་ཟླ་༤ཚེས་༢༥ལ་མགོན་ཁང་དབང་དྲག་རོལ་བ་ནས་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེའོ། །

གཏེར་སྲུང་ལྡང་ལྷའི་བསྐུལ་བ་ནི།

ཀྱེེ། ཕྱོགས་ཕྱོགས་ཉི་མ་ནུབ་ཀྱི་ཕྱོགས། །རིན་ཆེན་བྲག་རིའི་གཏམས་པའི་དབུས། །ལྡང་ལྷ་གསང་བའི་བྲག་ཕུག་ཏུ། །སྔོན་ཚེ་པདྨ་ཐོད་ཕྲེང་གིས། །བཀའ་བསྒོས་དམ་ལ་བཞག་པ་ཡི། །མཐུ་ཆེན་རྡོ་རྗེ་དྲག་པོ་རྩལ། །བཙན་རྒོད་སྟོང་གི་ཚོགས་དང་བཅས། །ཨོ་རྒྱན་རྗེས་འཇུག་བདག་ཅག་གི །རྟག་ཏུ་ཁྱོད་མཆོད་ཁྱོད་སྒྲུབ་ན། །མ་ཉེས་བདག་ལ་དགྲ་བྱུང་ན། །ཁྱོད་ཀྱི་ཐུགས་དམ་གཡེལ་ལམ་ཅི། །བཏང་སྙོམས་ངང་དུ་བཞུགས་གྱུར་ན། །རྣལ་འབྱོར་བདག་གི་སུ་ལ་རེ། །མ་གཡེལ་མ་གཡེལ་དྲག་པོ་རྩལ། །དམར་གྱི་གཏོར་མ་འདི་བཞེས་ལ། །བདག་ལ་ལྷ་མེད་ཟེར་བ་དང་། །ལྷ་ལ་མཐུ་མེད་ཟེར་བ་ཡིས། །དོ་བསྡོ་ཕོད་དུ་བཙུགས་པ་ཡི། །སྡང་བར་བྱེད་པའི་དགྲ་བོ་ལ། །བརྒྱད་ཅུ་རྩ་གཅིག་ལྟས་ངན་ཐོང་། །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཐོང་། །གློ་བུར་དགུ་ཅུ་རྩ་གཅིག་ཐོང་། །ནད་རིགས་བཞི་བརྒྱ་རྩ་བཞི་ཐོང་། །ཁྱད་པར་བྱད་མ་མཁན་པོ་ཡི། །ལྷ་དང་སྲུང་མ་ཐམས་ཅད་ཀུན། །རང་གཤེད་རང་ལ་དབབ་པར་གྱིས། །དམིགས་པའི་ཡུལ་གྱུར་དགྲ་བོ་རྣམས། །ཁྲག་སྐྱུག་ནད་ཀྱི་སོད་ལ་ཤོག །མཚོན་གྲི་སྦོས་གྲི་རླང་ཐབ་སོད། །ད་ལྟ་མྱུར་དུ་སོང་ལ་ཤོག །དགྲ་བོའི་ཤ་ཟོ་ཁྲག་ལ་འཐུང་། །དོན་སྙིང་ནང་རོལ་མ་ལུས་ཀུན། །ཁྱོད་ཀྱིས་ལྷག་མ་མེད་པར་བཞེས། །ན་གོ་ན་རུ་སྐྱིན་བུད་ཧཱུྃ་ཤོད་ཤོད་ཏིཥྛ་རྦད་ཐུམ་རི་ལི་རི་ལི་ས་མ་ཛ༔ ཞེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སྨྲས་པའོ། །

གནོད་སྦྱིན་ཙིའུ་དམར་པོའི་གསོལ་མཆོད་གློག་གི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

ཧཱུྃ་ཧྲཱིཿ དབང་དྲག་རོལ་པའི་ཞིང་ཁམས་ཆེན་པོ་ནས། །བཅོམ་ལྡན་རྟ་མཆོག་པདྨ་ཧེ་རུ་ཀའི། །བཀའ་ཡི་འཁོར་དུ་གཏོགས་པའི་མཐུ་བོ་ཆེ། །དྲེགས་པའི་ཡོངས་རྗེ་དྲེགས་པ་ཀུན་གྱི་གཤེད། །ལྷ་ཡི་ལྷ་མཆོག་སྟོབས་ལྡན་ཧེ་རུ་ཀ །འབར་བའི་རྒྱལ་པོ་དབང་དྲག་ཁྲོས་པའི་སྐུ། །ཤིན་ཏུ་མི་བཟད་གཏུམ་ཆེན་ཧ་ལའི་མདོག །ཉི་མ་འབུམ་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ། །གར་དགུའི་ཉམས་ལྡན་ཁྲོ་གཉེར་གློག་ལྟར་འཁྱུག །རྔམས་བརྗིད་ཁྲོས་པའི་ངར་སྐད་འབྲུག་སྟོང་ལྡིར། །ཤངས་ནས་དྲག་པོའི་རླུང་འཚུབས་ཐོག་ལྟར་འབེབས། །དབྱིངས་ཀྱི་ངང་ལ་ཁྲོ་འཁྲུགས་མི་མངའ་ཡང་། །ཆུ་ཟླའི་ཚུལ་དུ་ལོག་འདྲེན་གཤེད་པོ་ཆེ། །ཁམས་གསུམ་ཀུན་ལས་རྒྱལ་བའི་སྟོབས་ལྡན་སྐུ། །ཁྲོ་རྒྱལ་ཡོངས་ཀྱི་རྗེ་བཙན་ཁྱོད་གཅིག་པུ། །ཁྱོད་ཀྱི་གནས་ལ་ངེས་པར་མ་མཆིས་ཀྱང་། །ཁྱད་པར་ཤམ་བྷ་ལ་དང་དཀོར་མཛོད་གླིང་། །བྱང་ཕྱོགས་ལི་ཡུལ་ལྕང་ར་སྨུག་པོ་སོགས། །དྲག་ཤུལ་སྟོབས་ལྡན་ཁྱོད་ཉིད་གར་བཞུགས་ཀྱང་། །རྣལ་འབྱོར་གདུང་བའི་ང་རོས་འབོད་པའི་ཚེ། །མཁའ་ལས་གློག་དམར་འཁྱུག་པ་ཇི་བཞིན་དུ། །དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ། །ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་ཀློང་ཡངས་ན། །རྟོག་མེད་བམ་རོ་ཕོ་མོ་བསྣོལ་བའི་སྟེང་། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །དད་དང་གུས་པའི་ཚུལ་གྱིས་ཁྱོད་ལ་འདུད། །ཁྲོ་རྒྱལ་ཁྱེད་དང་མཐུན་པའི་དམ་རྫས་ནི། །རབ་འབྱམས་ཞིང་གི་ཁྱོན་རྣམས་ཡོངས་བཀང་ཏེ། །བྷ་ལིང་གཏོར་མའི་ཚོགས་ནི་རི་ལྟར་སྤུངས། །སྨན་རཀ་ཕུད་རྒོད་ཚོགས་ནི་མཚོ་ལྟར་བསྐྱིལ། །ཞིང་ཆེན་གསར་རྙིང་ཚོགས་ནི་གྲམ་ལྟར་བརྡལ། །སྤྱན་གཟིགས་སྣ་ཚོགས་རྫ་ལྟར་བཀྲམ་ལགས་ན། །རྣམ་མང་ནམ་མཁའ་མཛོད་ཀྱི་འཁོར་ལོ་འདི། །རྣམ་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སོགས། །རྣམ་དག་ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །རྣམ་པ་ཀུན་ཏུ་དགྱེས་པ་ཆེན་པོར་བཞེས། །གང་སྐུ་སྟོབས་ལྡན་དབང་པོ་ཁྱོད་ཉིད་ཀྱིས། །གང་ལ་བར་དུ་གཅོད་པའི་དགྲ་བགེགས་རྣམས། །གང་ལ་གང་འཚམས་དྲག་པོའི་ཕྲིན་ལས་ཀྱིས། །གང་ཞིག་ཕ་རོལ་དགྲ་དཔུང་འཇོམས་པར་མཛོད། །མ་གྱུར་བདག་སོགས་རིག་པ་འཛིན་རྣམས་ལ། །མ་ཡིས་བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །མ་ལུས་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་ནི། །མ་འབད་བཞིན་དུ་ལྷུན་གྱིས་འགྲུབ་པར་ཤོག །དགེ་ལེགས་ཡོན་ཏན་བྱེ་བའི་གཏེར་མཛོད་མཆོག །དགེ་ལེགས་འདོད་རྒུའི་བསམ་འཕེལ་འབྱུང་བའི་གནས། །དགེ་ལེགས་ཕྲིན་ལས་རྣམ་བཞིའི་ཆར་འབེབས་པའི། །དགེ་ལེགས་སྣང་བས་ས་གསུམ་ཁྱབ་གྱུར་ཅིག །ཅེས་པ་འདི་ཡང་རང་གི་ཉེ་གནས་རིག་འཛིན་རྒྱ་མཚོས་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་བའི་མིང་འཛིན་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །

གནོད་སྦྱིན་ཙིའུ་དམར་པོའི་བསྟོད་ཆེན་གདུག་པ་ཀུན་སྒྲོལ་ཞེས་བྱ་བ་བཞུགས་སོ།།

ཧྲཱི༔ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་དབང་ཆེན་པདྨ་ཧེ་རུ་ཀཿ ཡབ་ཡུམ་མཉམ་པར་སྦྱོར་བའི་ཆོ་འཕྲུལ་ལས། །འོད་ཀྱི་འཕྲོ་འདུས་དོན་གཉིས་བྱས་པའི་མཐར། །རང་མདུན་རླུང་སེམས་དག་པའི་ཆོ་འཕྲུལ་ལས། །ཤར་བའི་གནས་མཆོག་དམ་ཅན་འདུ་བའི་ཞིང་། །བཙན་གྱི་བྲག་དམར་མེ་ལྟར་འབར་བའི་ངོས། །རཀྟ་ཁྲག་གི་ཞམ་ཆུ་མེ་རེ་རེ། །འདབ་ཆགས་ཤ་ཟན་གཅན་གཟན་སྣ་ཚོགས་ནི། །མི་རོ་གསར་རྙིང་བམ་པའི་ཚོགས་ལ་རྔམས། །སྨན་བཙུན་ཚོགས་ཀྱིས་གླུ་བྲོ་ཁྲིགས་སེ་ཁྲིག །བཙན་གྱི་བཤུགས་པའི་ཚོགས་ནི་ཀྱུ་རུ་རུ། །རྒྱལ་པོའི་འདུ་ཚོགས་རྒྱུན་མི་ཆད་པ་དེར། །རིན་ཆེན་ཟངས་ཀྱི་སྐུ་མཁར་རྩེ་དགུ་པ། །རྔམ་བརྗིད་འབར་བ་དགུང་ལ་བསྙེགས་པ་འདྲ། །བྱེ་རུའི་ཁ་བད་གསེར་དངུལ་ཟངས་ལྕགས་མཆོང་། །མར་གད་ཨིནྜ་ནི་ལའི་རང་བཞིན་ཅན། །སྟག་གཟིག་དོམ་དྲེད་གཅན་གཟན་རྒྱལ་མཚན་ལ། །མི་མགོ་ཙིཏྟ་རློན་པའི་ཏོག་གི་མཛེས། །ཟ་འོག་སྣ་ཚོགས་གོས་ཀྱི་འཕན་འཕུར་དང་། །ཡོལ་བ་བླ་བྲེ་ལྡ་ལྡི་ཕྱོགས་བཅུར་འཕྲོ། །དཀོར་མཛོད་སྣ་ཚོགས་དཔག་མེད་ཕྱུར་བུར་བཀང་། །དེ་མདུན་བཙན་ཡུལ་ཟངས་ཐང་དམར་པོ་ན། །དབང་ཆེན་བཀའ་སྡོད་བསྟན་སྲུང་དྲེགས་པའི་གཙོ། །ཤིན་ཏུ་གཏུམ་པ་མ་རུང་གདུལ་དཀའི་གཤེད། །གནོད་སྦྱིན་རྒྱལ་པོ་ཙིའུ་དམར་པོ་ཞེས། །ཁྲོས་པའི་རྒྱལ་པོ་པདྨ་ཧེ་རུ་ཀའི། །ཁྲོ་བ་བྲལ་བའི་ཡེ་ཤེས་རོལ་བའི་རྩལ། །ཁྲོས་པའི་གར་མཛད་དབང་གི་བཀའ་སྡོད་ཆེ། །ཁྲོས་པའི་དཔལ་འབར་ཁྱོད་ལ་བདག་བསྟོད་དོ། །གང་སྐུ་ཁམས་གསུམ་ཀུན་ལས་རྒྱལ་བའི་སྐུ། །གང་དག་སྒྲུབ་ལ་བརྣག་པའི་རྒྱལ་འགོང་ཚོགས། །གང་ལ་གང་འཚམས་དྲག་པོའི་ཕྲིན་ལས་ཀྱི། །གང་ཞིག་ཕ་རོལ་འཇོམས་མཛད་ཁྱོད་ལ་བསྟོད། །རབ་གསུང་དབྱར་གྱི་རྔ་ཆེན་ལྡིར་བ་ལས། །རབ་འཇིགས་ཧཱུྃ་ཕཊ་རུ་ལུའི་སྒྲ་སྒྲོག་ཚེ། །རབ་ཏུ་བརྣག་པའི་དགྲ་སྡེ་ཉམས་པའི་སྙིང་། །རབ་ཏུ་འགས་མཛད་ཁྱོད་ལ་བདག་བསྟོད་དོ། །གང་ཐུགས་བདེ་བ་ཆེན་པོའི་རང་བཞིན་ལ། །སྙིང་རྗེ་ཆེན་པོའི་ཤུགས་དང་མ་བྲལ་ཡང་། །གདུལ་དཀའ་འདུལ་བའི་གཤེད་དུ་ཁྲོས་པའི་ཚུལ། །སྐྱེ་འགྲོའི་སྲོག་གི་བདག་པོ་ཁྱོད་ལ་བསྟོད། །ཧྲཱིཿ སྐུ་མདོག་བསྐལ་བའི་མེ་ལྟར་འབར་བ་ནི། །དབང་ཆེན་རྒྱལ་པོའི་བཀའ་ཉན་ལས་བྱེད་རྟགས། །རལ་བ་དམར་པོ་མེ་འོད་འཁྲིགས་པ་ནི། །སྟེང་གི་ལྷ་རྣམས་དབང་དུ་སྡུད་པའི་རྟགས། །སྤྱན་ནས་མེ་ཡི་སྐར་མདའ་འཁྲུག་པ་ནི། །བར་སྣང་གཉན་རྣམས་དབང་དུ་སྡུད་པའི་རྟགས། །ཞལ་ནས་ཁྲག་གི་སེར་ཆེན་འབེབས་པ་ནི། །དགྲ་བོར་ཁྲག་ནད་དམར་ཡམས་གཏོང་བའི་རྟགས། །ཤངས་ནས་ཁྲག་གི་འཐོར་རླུང་འཚུབ་པ་ནི། །དགྲ་བོའི་ཡུལ་དུ་ཐོག་སེར་འབེབས་པའི་རྟགས། །མཆེ་བ་གངས་རི་ལྟར་བུར་གཙིགས་པ་ནི། །དགྲ་བགེགས་མ་ལུས་ཟ་བར་བྱེད་པའི་རྟགས། །ལྗགས་ནི་གློག་དམར་ལྟ་བུར་འཁྱུག་པ་ནི། །དགྲ་བོའི་གསོན་སྙིང་དམར་པོ་འབྱིན་པའི་རྟགས། །ཁྲོས་ཤིང་འཇིགས་ལ་རྔམ་པར་བསྟན་པ་ནི། །ཕ་རོལ་དཔུང་ཚོགས་རྡུལ་དུ་བརླག་པའི་རྟགས། །སྐུ་ལ་དར་དམར་བེར་ཆེན་གསོལ་བ་ནི། །དབང་གི་ལས་ལ་ཐོགས་པ་མེད་པའི་རྟགས། །ཟ་འོག་སྔོ་བཀྲའི་གང་ལག་བརྒྱན་པ་ནི། །དྲག་པོའི་ཕྲིན་ལས་ཐོགས་པ་མེད་པའི་རྟགས། །རིན་ཆེན་གསེར་གྱི་སྐ་རགས་བཅིང་པ་ནི། །རྒྱས་པའི་ཕྲིན་ལས་མཐའ་རུ་ཕྱིན་པའི་རྟགས། །དབུ་ལ་དར་དམར་འགྱིང་ཐོད་བཅིང་པ་ནི། །རིགས་བདག་དབང་ཆེན་རྒྱལ་པོ་བཞུགས་པའི་རྟགས། །ཐབས་ཀྱི་སྟག་དོང་གཡས་སུ་འཕྱང་བ་ནི། །ཕོ་རྒྱུད་དཔའ་བོ་དབང་དུ་སྡུད་པའི་རྟགས། །ཤེས་རབ་གཟིག་ཤུབས་གཡོན་དུ་འཕྱང་བ་ནི། །མོ་རྒྱུད་ཚོགས་རྣམས་ཟིལ་གྱིས་གནོན་པའི་རྟགས། །བསེ་ཕུབ་དམར་པོ་རྒྱབ་ཏུ་འཁྱིལ་བ་ནི། །ཕ་རོལ་དམག་དཔུང་གཡུལ་ངོ་བཟློག་པའི་རྟགས། །ཕྱག་གཡས་བཙན་ཞགས་དགྲ་ལ་འཕེན་པ་ནི། །དམིགས་པའི་དགྲ་བོ་མྱུར་དུ་འགུགས་པའི་རྟགས། །ཕྱག་གཡོན་ཟངས་མདུང་དགྲ་ལ་བསྣུན་པ་ནི། །དགྲ་སྲོག་སྐད་ཅིག་ཉིད་ལ་གཅོད་པའི་རྟགས། །ཅང་ཤེས་བྲ་བོ་རྒབ་ནག་ཆིབས་པ་ནི། །སྟོང་གསུམ་སྐད་ཅིག་ཉིད་ལ་བསྐོར་བའི་རྟགས། །དེ་ལ་དར་སྟན་དམར་པོ་བསྟད་པ་ནི། །ཉོན་མོངས་འདོད་ཆགས་དབྱིངས་སུ་དག་པའི་རྟགས། །མཛེས་པའི་རྟ་སྒ་ཁྲ་བོ་བསྟད་པ་ནི། །ཆོས་ཉིད་དབྱིངས་སུ་འགྱུར་བ་མེད་པའི་རྟགས། །རིན་ཆེན་དངུལ་གྱི་ཡོབ་ཐག་ཁྱུགས་སེ་ཁྱུག །གཏི་མུག་མ་སྤང་མཉམ་ཉིད་རང་གྲོལ་རྟགས། །རིན་ཆེན་ཟངས་ཀྱི་ཡོབ་ཆེན་ཁྲོ་ལོ་ལོ། །འདོད་ཆགས་མ་སྤང་མཉམ་ཉིད་རང་གྲོལ་རྟགས། །རིན་ཆེན་གསེར་སྲབ་སིལ་བུར་ཁྲོལ་བ་ནི། །ང་རྒྱལ་མ་སྤང་མཉམ་ཉིད་རང་གྲོལ་རྟགས། །རིན་ཆེན་གཡུ་མཐུར་སྔོན་མོ་ཤ་ར་ར། །ཕྲག་དོག་མ་སྤང་མཉམ་ཉིད་རང་གྲོལ་རྟགས། །ལེ་བརྒན་འབར་བའི་སྲབ་སྐྱོག་འཕྱང་བ་ནི། །རྣལ་འབྱོར་སྙན་པ་ཕྱོགས་བཅུར་རྒྱས་པའི་རྟགས། །སྦྲུལ་ནག་ཆུན་པོའི་གོང་སྨེད་བྱས་བ་ནི། །ཞེ་སྡང་མ་སྤང་མཉམ་ཉིད་རང་གྲོལ་རྟགས། །ཧཱུྃ་ཧྲཱིཿ རང་གི་ལུས་ལས་བྱུང་བའི་བཙན་དྲུག་ནི། །ཀུན་ཀྱང་ཁྲོ་གཏུམ་མི་བཟད་འབར་བའི་སྐུ། །དྲག་པོའི་ཕྲིན་ལས་སྒྲུབ་པའི་མངའ་བདག་པོ། །དམ་ཉམས་དགྲ་བགེགས་འཇོམས་པའི་གཤེད་པོ་ཆེ། །གཏི་མུག་མ་སྤང་ཆོས་དབྱིངས་ཡེ་ཤེས་ལས། །རང་ལས་རང་ཤར་བཙན་རྒོད་མཐུ་བོ་ཆེ། །བརྗིད་པའི་སྟོབས་ཀྱིས་དགྲ་བགེགས་ཕམ་མཛད་པ། །སྐུ་མདོག་དཀར་སེར་འོད་ཟེར་ཕྱོགས་བཅུར་འཕྲོ། །ཟ་འོག་དམར་ཁྲའི་བེར་ཆེན་སྐུ་ལ་གསོལ། །བསེ་མདའ་བསེ་གཞུ་དགྲ་བོའི་སྙིང་ལ་བརྡེག །ཆིབས་སུ་སྨུག་པོ་ཤྭ་གདོང་ཅན་ལ་ཆིབས། །སྐུ་ལྷ་ཞལ་གྱི་ལྷ་བཙན་ཆེན་པོར་བསྟོད། །ཞེ་སྡང་མ་སྤང་མེ་ལོང་ཡེ་ཤེས་ལས། །རང་ལས་རང་ཤར་བཙན་རྒོད་མཐུ་བོ་ཆེ། །ཁྲོས་པའི་སྟོབས་ཀྱིས་དགྲ་བགེགས་བརླག་མཛད་པ། །པད་རག་ལྷུན་པོར་ཉིན་བྱེད་འོད་ཟེར་གྱིས། །འཁྱུད་པའི་གར་གྱིས་སྲིད་པ་གསུམ་ཡང་གཡོ། །ལེ་བརྒན་གོས་གསོལ་ཟངས་ཞགས་དགྲ་ལ་འདེབས། །གཡས་ཀྱི་ཤང་ལང་བརྡེག་པས་དགྲ་བགེགས་བསྒྲལ། །ཆིབས་སུ་མཚལ་བུ་རྟིང་དཀར་ཅན་ལ་ཆིབས། །གྲོ་ཤོད་བོད་ཀྱི་རྒང་དམག་རྗེ་ལ་བསྟོད། །ང་རྒྱལ་མ་སྤང་མཉམ་ཉིད་ཡེ་ཤེས་ལས། །རང་ལས་རང་ཤར་བཙན་རྒོད་མཐུ་བོ་ཆེ། །རྔམ་པའི་སྟོབས་ཀྱིས་དགྲ་བགེགས་འཇོམས་མཛད་པ། །སྐུ་མདོག་དམར་པོ་བསྐལ་བའི་མེ་ལྟར་འབར། །ཆུ་དར་སྔོན་པོའི་རལ་གའི་མཛེས་པར་ཀླུབ། །ལྕགས་མདུང་བསྣམས་ཤིང་སྦྲུལ་ཞགས་དགྲ་ལ་འཕེན། །གསེར་གྱི་མདོག་ཅན་ཅང་ཤེས་རྩལ་ལྡན་ཆིབས། །ར་ཙ་གོས་སྔོན་ཀླུ་བཙན་ཆེན་པོར་བསྟོད། །འདོད་ཆགས་མ་སྤང་སོར་རྟོགས་ཡེ་ཤེས་ལས། །རང་ལས་རང་ཤར་བཙན་རྒོད་མཐུ་བོ་ཆེ། །འཁྲུག་པའི་སྟོབས་ཀྱིས་དགྲ་བགེགས་བརླག་མཛད་པ། །བྱེ་རུའི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཉི་མ་འབུམ་གྱིས་འཁྱུད་པའི་གཟི་བརྗིད་ཅན། །སྐུ་ལ་ཟ་འོག་དམར་ཁྲའི་གོས་གསོལ་བ། །ཕྱག་གཉིས་བསེ་མདུང་བཙན་གྱི་རྒྱུ་ཞགས་བསྣམས། །རྐྱང་དམར་དབོ་དཀར་མྱུར་མགྱོགས་ཅན་ལ་ཆིབས། །རྡོ་རིང་དམར་པོའི་གྲི་བཙན་ཆེན་པོར་བསྟོད། །ཕྲག་དོག་མ་སྤང་བྱ་གྲུབ་ཡེ་ཤེས་ལས། །རང་ལས་རང་ཤར་བཙན་རྒོད་མཐུ་བོ་ཆེ། །ཕྲིན་ལས་སྟོབས་ཀྱི་དགྲ་བགེགས་འདུལ་མཛད་པ། །མར་གད་ལྷུན་པོ་ལྟ་བུའི་རི་བོ་ལ། །ཉི་མ་སྟོང་གི་འོད་ཀྱི་འཁྱུད་པ་བཞིན། །མིག་སྨན་མདོག་ཅན་འཇོལ་བེར་སྐུ་ལ་གསོལ། །དར་ནག་རུ་མཚོན་འབྲིང་ཞགས་བླ་ལ་འདེབས། །ཅང་ཤེས་རག་པ་གཞུང་ནག་རྩལ་ལྡན་ཆིབས། །ཀཾ་ཀ་ཐོད་ནག་བདུད་བཙན་ཆེན་པོར་བསྟོད། །ཡོང་འདུས་དཀྱིལ་འཁོར་ཆེན་པོའི་ཀློང་ཡངས་ནས། །རང་ལས་རང་ཤར་བཙན་རྒོད་མཐུ་བོ་ཆེ། །དྲག་འཁྲུག་རྔམས་བའི་དགྲ་བགེགས་བརླག་མཛད་པ། །དམར་ནག་ཁྲག་གི་མདོག་ཅན་ཁྲོས་པའི་སྐུ། །སྡང་མིག་སྤྱན་ལས་ཉི་ཟླའི་འོད་ཟེར་འཕྲོ། །སྐུ་ལ་ཟངས་ཁྲབ་འོད་ལྡན་མཛེས་པ་གསོལ། །ཕྱག་གཡས་བསེ་མདུང་མེ་འོད་འཕྲོ་བ་བསྣམས། །གཡོན་པས་ཟངས་ཀྱི་རལ་གྲིས་དགྲ་སྲོག་གཅོད། །ཆིབས་སུ་རྟ་མཆོག་རླུང་གཤོག་ཅན་ལ་ཆིབས། །རྩལ་ཐོགས་རྒྱུག་གི་གྲི་བཙན་ཁྱོད་ལ་བསྟོད། །ཀུན་ཀྱང་སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །རང་རང་དཔུང་གི་དམག་ཚོགས་བསམ་མི་ཁྱབ། །དྲག་པོའི་ཀི་བསྭོ་ཆ་སྒྲ་དི་རི་རི། །གཡས་ཀྱི་རུ་འདྲེན་དཔའ་བོ་སྟག་ཆས་བརྒྱ། །དཔའ་བོའི་མདའ་འཕེན་ལེན་མོ་ཤ་ར་ར། །གཡོན་གྱི་རུ་འདྲེན་ཉན་ཐོས་དགྲ་བཅོམ་བརྒྱ། །ཕྱག་ན་གསེར་ཤང་སྡང་བའི་དགྲ་ལ་ཡ། །སྔོན་གྱི་ཤུལ་མཚོན་བུད་མེད་ནག་མོ་བརྒྱ། །དར་ནག་གཡབ་མོའི་ཚོགས་ནི་ལེངས་སེ་ལེང་། །སླད་ཀྱི་རྗེས་འབྲང་བནྡེ་སྔགས་ནག་བརྒྱ། །ཁ་ནས་དམོད་པའི་ངན་སྔགས་ཤ་ར་ར། །སྐུ་ཡི་སྐྱོ་བསང་ན་ཆུང་མཛེས་མ་བརྒྱ། །སྙན་པའི་གླུ་ལེན་ཚོགས་ནི་ཀྱུ་རུ་རུ། །གཞན་ཡང་ལྷ་དང་གཤིན་རྗེ་གནོད་སྦྱིན་ཚོགས། །བདུད་དང་མ་མོ་གཟའ་དང་བཙན་གྱི་རིགས། །མདོག་ནི་སྣ་ཚོགས་ཆོ་འཕྲུལ་ཅིར་ཡང་སྟོན། །རབ་འཇིགས་བཙན་གྱི་ཤྭ་བསྐོར་སྒ་ར་ར། །བཤུག་པའི་གླུ་ལེན་ཚོགས་ནི་ཀྱུ་རུ་རུ། །འཐོར་རླུང་འཚུབ་མ་དམར་པོ་རྗེས་སུ་ཁྲིད། །གྲི་རྔམ་བླ་ཚེའི་སྟེང་ནས་འདེད་པར་བྱེད། །གྲི་ཐབས་ཆོ་འཕྲུལ་སྣ་ཚོགས་དགྲ་ལ་ཐོང་། །རི་ཁྱི་སྤྱང་ཀིའི་ཚོགས་ནི་རོལ་དུ་ཁྲིད། །རི་བྱ་ཕོ་རོག་འབུམ་ནི་གླད་ན་ལྡིང་། །སྲིན་བྱ་འུག་པའི་ཚོགས་ནི་ཧ་ཧ་རྒོད། །འདབ་ཆགས་བྱ་རིགས་སྣ་ཚོགས་ཁྲ་ལ་ལ། །སྟག་གཟིག་དོམ་དྲེད་ཚོགས་ནི་འཕྱོ་ཞིང་རྒྱུགས། །ཤ་ཟ་རོ་ལངས་ཚོགས་ནི་དཔག་ཏུ་མེད། །སྤྲུལ་པ་ཡང་སྤྲུལ་ས་དང་བར་སྣང་གང་། །ཀེང་རུས་གསར་རྙིང་ཚོགས་ནི་སྤྲིན་ལྟར་གཏིབ། །ལས་བྱེད་ཤན་པའི་ཚོགས་ནི་ཁྱུགས་སེ་ཁྱུག །དེ་ཕྱིར་སོ་སོར་རྟོགས་པའི་ཡེ་ཤེས་ལས། །ཤར་བའི་གནོད་སྦྱིན་ཆེན་པོ་ཙིའུ་དམར། །སྐྱེ་གནས་བཞི་ཡི་སེམས་ཅན་མ་ཟད་བར། །ལས་ཀྱི་ཆོ་འཕྲུལ་སྣ་ཚོགས་བསམ་མི་ཁྱབ། །དྲེགས་པའི་གཙོ་བོ་གནོད་སྦྱིན་ཁྱོད་ཉིད་ནི། །ཕྲིན་ལས་བཞི་ཡིས་འདུལ་བར་མཆོག་ཏུ་བསྔགས། །ཁྱད་པར་སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ། །གཡུལ་ཤོམས་དུག་མཚོན་བྱད་མ་མཁན་པོ་རྣམས། །དུས་མཐའི་མེ་ཡིས་རྩ་སྦུར་བསྲེགས་པ་བཞིན། །སྐད་ཅིག་ཉིད་ལ་བརླག་པའི་ཕྲིན་ལས་མཛོད། །དེང་ནས་བཟུང་ཏེ་བྱང་ཆུབ་སྙིང་པོའི་བར། །ལྷ་མཆོག་ཁྱོད་ཉིད་དྲན་པ་ཙམ་གྱིས་ཀྱང་། །ཕྱི་ནང་བར་ཆད་བདུད་ལས་རབ་རྒྱལ་ཏེ། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པ་གནོད་སྦྱིན་ཙིའུ་དམར་པོའི་བསྟོད་ཆེན་གདུག་པ་ཀུན་སྒྲོལ་ཞེས་བྱ་བ་འདི་ནི་གནས་དུས་ཀྱི་རྟེན་འབྲེལ་བཟང་པོའི་གནད་མ་འཆུག་ནས་གནོད་སྦྱིན་ཙིའུ་དམར་པོ་འདི་ཉིད་ཕག་ལོ་ཕན་མི་ཕྱི་བར་རང་གཟུགས་དངོས་སུ་བསྟན་པའི་ཉམས་དང་རྨི་ལམ་གྱི་སྐབས་སུ་མཚན་ལྟས་བཟང་པོ་ཡང་ཡང་དུ་ཤར་བའི་དུས་ན་ཆོས་སྐྱོང་སྐུ་ཕེབས་པའི་སྐབས་སུ་འདོན་རྒྱུའི་ཆེད་དུ་བྱས་ནས་ལྕགས་ཕོ་ཁྱིའི་ལོ་དགུན་ཟླ་དང་པོའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན་རྫོགས་སྤྲུལ་ལྔ་པའི་སྐྱེ་མིང་སྒྲོ་བཏགས་པ་པདྨ་ཐེག་མཆོག་བསྟན་འཛིན་ནམ་མིང་གཞན་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རང་ལོ་སུམ་ཅུ་སོ་དགུའི་སྐབས་སུ་མགོན་ཁང་དབང་དྲག་རོལ་བའི་ཞིང་ཁམས་ཆེན་པོ་ནས་ཤར་མར་སྦྱར་བ་འདིས་ཀྱང་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ས་གསུམ་ཁྱབ་བའི་རྒྱུར་གྱུར་ཅིག །སརྦ་མངྒལཾ། །དགེའོ། །བཀྲ་ཤིས་ཤོག །

གནོད་སྦྱིན་ཙིའུ་དམར་པོའི་རྟགས་བསྟོད་ཆུང་བ་གནམ་ལྕགས་ཐོག་མདའ་ཞེས་བྱ་བ་བཞུགས་སོ།།

ཀ་དག་ངང་ལས་ཁྲོས་པའི་གནོད་སྦྱིན་ཆེ། །ཁ་དོག་མི་བཟད་བསྐལ་བའི་མེ་ལྟར་འབར། །ག་ཤལ་མགོ་ཕྲེང་མི་མགོའི་རྒྱན་གྱི་སྤྲས། །ང་བདག་རྒྱལ་འགོང་དབྱིངས་སུ་སྒྲོལ་ལ་བསྟོད། །ཅ་ཅོའི་གདུང་བ་དྲག་པོས་ཁྱོད་འབོད་ཚེ། །ཆ་ལུགས་གཅིག་ཏུ་མ་ངེས་ཅིར་ཡང་སྟོན། །ཇ་ཆང་ཤ་སོགས་བཤམས་པའི་གནས་མཆོག་འདིར། །ཉ་རྒྱས་བཞིན་དུ་དགྱེས་པའི་མཆོད་པ་འབུལ། །ཏ་ཐཱ་ག་ཏའི་བསྟན་ལ་གནོད་བྱེད་པའི། །ཐ་བ་ལྟ་བུར་མ་རུང་སེམས་འཆང་བ། །ད་ལྟ་ཉིད་དུ་དྲག་པོའི་ཕྲིན་ལས་ཀྱིས། །ན་ཚ་རྐྱེན་ངན་དྲག་པོ་སྦྱོར་ལ་བསྟོད། །པ་སངས་ལྟ་བུ་ལྷག་བསམ་དག་པ་ཡི། །ཕ་མས་བུ་ལ་བརྩེ་བ་ཇི་བཞིན་དུ། །བ་མཆོག་ནོར་གྱི་བང་མཛོད་ལྟ་བུ་ཡིས། །མ་ལུས་གང་འདོད་དངོས་གྲུབ་སྩོལ་ལ་བསྟོད། །ཙ་ར་ཤེལ་སྒོང་ཕྱི་ནང་གསང་བའི་རྟེན། །ཚ་ཊཾ་ཀ་དང་རྒྱལ་མཚན་འཕན་འཕུར་གཡོ། །ཛ་ཧུའི་རྒྱུན་བཞིན་བཏུང་བ་རྒྱ་མཚོར་བསྐྱིལ། །ཝ་ལྟར་ཞུམ་པའི་དགྲ་བོ་སྒྲོལ་ལ་བསྟོད། །ཞྭ་ལྷམ་གོ་ཁྲབ་མདའ་མདུང་མཚོན་ཆའི་རིགས། །ཟ་བྱེད་གཅན་གཟན་ཁྱི་དམར་དཔའ་གཏུམ་རྒོད། །འ་འུར་དབྱངས་དང་རོལ་མོའི་མཆོད་པ་འབུལ། །ཡ་མཚན་ལྡན་པའི་ལྷ་མཆོག་ཁྱོད་ལ་བསྟོད། །ར་ཛ་གནོད་སྦྱིན་ཆེན་པོ་ཁྱོད་ཉིད་ནི། །ལ་ལུང་མང་པོ་བརྒལ་ཀྱང་གཡར་དམ་ཚིག །ཤ་སྟག་ཉིན་མཚན་དུས་དྲུག་མི་གཡེལ་བར། །ས་ཕྱོགས་གང་དུ་འགྲོའམ་སྡོད་ཀྱང་རུང་། །ཧྱ་གྷྲཱྀ་ཝའི་བཀའ་སྟོད་མཐུ་ཆེན་པོས། །ཨ་མའི་བུ་ལ་བརྩེ་བ་ཇི་བཞིན་དུ། །རྟག་ཏུ་སྒྲུབ་པོའི་རེ་འདོད་སྐོང་ལ་བསྟོད། །གང་ལ་ཅི་འདོད་དྲན་པ་ཙམ་གྱིས་ཀྱང་། །རྣམ་བཞིའི་ཕྲིན་ལས་དབྱར་གྱི་མཚོ་ཆེན་ལྟར། །འཛད་མེད་དངོས་གྲུབ་ཐོགས་མེད་སྩོལ་མཛད་པ། །གནོད་སྦྱིན་དགྲ་ལྷའི་གཙོ་བོ་ཁྱོད་ལ་བསྟོད། །སྐུ་མདོག་དུས་མཐའི་མེ་ལྟར་འབར་བ་ལ། །ཤིན་ཏུ་རྔམ་པ་གནོད་སྦྱིན་ཁྲོས་པའི་སྐུ། །མི་བཟད་རྡོ་རྗེའི་གད་མོ་ཧ་ཧར་བཞད། །ཐུགས་ནི་སྙིང་རྗེའི་ཉམས་དང་ལྡན་ལ་བསྟོད། །གཡས་པའི་ཞགས་པས་དགྲ་བོའི་རྐེ་ནས་འཆིང་། །གཡོན་པས་མདུང་དམར་ཉམས་པའི་སྙིང་ལ་བསྣུན། །ཅང་ཤེས་བྲ་བོ་རླུང་གཤོག་ཅན་ལ་ཆིབས། །གནོད་སྦྱིན་ཙིའུ་དམར་པོ་ཁྱོད་ལ་བསྟོད། །སྐུ་མདོག་དཀར་སེར་ཞལ་གཅིག་ཕྱག་གཉིས་པ། །བསེ་མདའ་བསེ་གཞུ་དགྲ་བོའི་སྙིང་ལ་བརྡེག །ཆིབས་སུ་སྨུག་པོ་ཤ་གདོང་ཅན་ལ་ཆིབས། །སྐུ་ལྷ་ཞལ་གྱི་ལྷ་བཙན་ཁྱོད་ལ་བསྟོད། །པད་རག་མདོག་ཅན་འོད་ཟེར་ཕྱོགས་བཅུར་འཕྲོ། །ཟངས་ཞགས་འདེབས་ཤིང་ཤང་ལང་དགྲ་ལ་བརྡེག །ཆིབས་སུ་མཚལ་བུ་རྟིང་དཀར་ཅན་ལ་ཆིབས། །གྲོ་ཤོད་བོད་ཀྱི་རྒང་དམག་རྗེ་ལ་བསྟོད། །མདོག་དམར་མི་བཟོད་གཏུམ་དྲག་ཁྲོས་པའི་སྐུ། །ལྕགས་མདུང་བསྣམས་ཤིང་སྦྲུལ་ཞགས་དགྲ་ལ་འཕེན། །གསེར་གྱི་མདོག་ཅན་རླུང་གཤོག་ཅན་ལ་ཆིབས། །ར་ཙ་གོས་སྔོན་ཀླུ་བཙན་ཁྱོད་ལ་བསྟོད། །བྱེ་རུའི་ལྷུན་པོ་ལྟ་བུར་འཁྱུད་པ་བཞིན། །བསེ་མདུང་དམར་པོ་བཙན་གྱི་རྒྱུ་ཞགས་བསྣམས། །རྐྱང་དམར་དབོ་དཀར་མྱུར་མགྱོགས་ཅན་ལ་ཆིབས། །རྡོ་རིང་དམར་པོའི་གྲི་བཙན་ཁྱོད་ལ་བསྟོད། །མར་གད་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །དར་ནག་རུ་མཚོན་འབྲིང་ཞགས་བླ་ལ་འདེབས། །རག་པ་གཞུང་ནག་གསེར་གྱི་མདོག་ཅན་ཆིབས། །ཀཾ་ཀ་ཐོད་ནག་བདུད་བཙན་ཆེན་པོར་བསྟོད། །ཁྲག་མདོག་བཟོད་པར་དཀའ་བའི་གཟི་བརྗིད་སྐུ། །བསེ་མདུང་བསྣམས་ཞིང་ཟངས་ཀྱི་རལ་གྲི་འཕྱར། །རླུང་གཤོག་རྟ་ཡིས་སྟོང་གསུམ་ཡུད་ཀྱིས་བསྐོར། །རྩལ་ཐོགས་རྒྱུག་གི་གྲི་བཙན་ཁྱོད་ལ་བསྟོད། །སྡེ་བརྒྱད་དྲེགས་པའི་དམག་ཚོགས་བསམ་མི་ཁྱབ། །གནམ་ས་རི་ལུང་བར་སྣང་ཁྱོན་ཀུན་གང་། །མདོག་དང་ཕྱག་མཚན་སྣ་ཚོགས་ཅིར་ཡང་སྟོན། །ཅི་བགྱིས་བཀའ་ཉན་ལས་རྣམས་སྒྲུབ་ལ་བསྟོད། །ཧཱུྃ་ཧྲཱིཿ པདྨ་དབང་གི་བཀའ་ཉན་ཐ་ཚིག་ཅན། །འཇིག་རྟེན་འདི་ན་ཆེ་བཙན་འགྲན་ཟླ་བྲལ། །ཆོས་ཉིད་དབྱིངས་ལས་བཞེངས་པའི་གནོད་སྦྱིན་ཆེ། །འཁོར་བཅས་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ཅག་མ་རིག་འཐིབ་པོའི་རྨོངས་གྱུར་པ། །ཉོན་མོངས་དུག་ལྔ་འཆོལ་ཉོག་སྤྱོད་པའི་མཐུས། །རང་བཞིན་ཁ་ན་མ་ཐོའི་ཉེས་པ་ཀུན། །གནོང་འགྱོད་དྲག་པོའི་མཐོལ་ཞིང་བཤགས་པར་བགྱི། །སྣང་སྲིད་ཡེ་ནས་ལྷ་དང་ལྷ་མོ་ལ། །དགྲ་གཉེན་ཕྱོགས་ཆའི་སྡང་ཞེན་ཕྱེ་བ་དང་། །སྒོམ་དང་སྒྲུབ་ལ་གཡེལ་བ་གང་གྱུར་པ། །སྐུ་ཡི་དམ་ཚིག་ཉམས་པ་འཐོལ་ལོ་བཤགས། །སྒྲ་གྲགས་ཐམས་ཅད་སྔགས་ཀྱི་རང་སྒྲ་སྟེ། །ཐ་མལ་སྒྲ་སྐད་བདེན་པར་འཛིན་པའི་བློས། །བཟླས་བརྗོད་མ་དག་འཆལ་གཏམ་ཇི་སྙེད་ཀུན། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཆོས་ཀྱི་དབྱིངས་ལ་རེ་དོགས་སྤྲོས་བྲལ་ཡང་། །གཟུང་འཛིན་རྣམ་རྟོག་མཚན་མར་འཛིན་པ་ལ། །གནས་ལུགས་ལྟ་བ་ཇི་བཞིན་མ་རྟོགས་པས། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །གནོད་སྦྱིན་ཆེན་པོའི་ཕྱི་ནང་གསང་བའི་རྟེན། །བླ་རྡོ་དམ་རྫས་སྲོག་འཁོར་དམ་རྫས་དང་། །གཞན་ཡང་འབག་བཙོག་ཉམས་པར་གང་གྱུར་པ། །གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ཞིང་བཤགས། །རྟ་མཆོག་རྒྱལ་པོ་པདྨ་ཧེ་རུ་ཀ །གདུལ་དཀའ་འདུལ་བའི་གཤེད་དུ་ཁྲོས་པའི་སྐུ། །བདག་ཅག་མ་རིག་འཐིབ་པོའི་རྐྱེན་དབང་གིས། །འཇིག་རྟེན་དྲེགས་པ་རང་རྒྱུད་བཟུང་བ་བཤགས། །རོལ་བ་རྐྱ་བདུད་འཁོར་གྱི་སྡེ་བརྒྱད་ཚོགས། །རང་རང་གཡོག་འཁོར་ལྷ་སྲིན་འབུམ་སྡེ་ནི། །གནོད་སྦྱིན་ཆེན་པོའི་སྤྲུལ་པའི་རོལ་གར་ལས། །ཐ་དད་མ་གྲུབ་སོ་སོར་འཛིན་པ་བཤགས། །མདོར་ན་ཁྱོད་ཀྱི་ཐུགས་དང་འགལ་བའི་ལས། །སྤྱི་དང་ཁྱད་པར་གྱུར་པའི་དམ་ཚིག་ལས། །འགལ་ཞིང་ཉམས་པར་གྱུར་པ་གང་མཆིས་པ། །མཐོལ་ཞིང་བཤགས་སོ་བྱང་ཞིང་དག་པར་མཛོད། །ཅེས་པ་གནོད་སྦྱིན་ཙིའུ་དམར་པོའི་རྟགས་བསྟོད་བཤགས་པ་དང་འབྲེལ་བ་འདི་ལྟ་བུ་ཞིག་མཆོད་རིག་འཛིན་ངག་དབང་ནས་དགོས་ཞེས་ཡང་ཡང་བསྐུལ་བ་ལ་བརྟེན་ནས་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པའོ། །

སྲོག་བདག་ཙིའུ་དམར་པོའི་གསེར་སྐྱེམས་བཞུགས་སོ།།

ཀྱཻ། རབ་འབར་གཏུམ་དྲག་དུས་མཐའི་བྱིན་ཟའི་ཤུགས། །བྱེ་བའི་དཔལ་རོལ་འབར་བའི་བཙན་རྒོད་ཆེ། །བདུད་རྩི་གསེར་སྐྱེམས་རོ་བརྒྱའི་བཅུད་ལྡན་པ། །འདི་བཞེས་འཛུམ་ཞལ་བཅོ་ལྔའི་ཟླ་ལྟར་རོ། །གསར་དུ་བསད་པའི་དགྲ་སྙིང་དམར་པོའི་བཅུད། །གྱེན་དུ་ཁོལ་བའི་མདངས་རྒོད་འདོད་ཡོན་གཟུགས། །རབ་བཀྲ་ནོར་འཛིན་ཟླ་བའི་ཞལ་སྐྱེམས་འདིས། །སྲོག་གི་བདག་པོ་ཙིའུ་དམར་པོར་མཆོད། །ཀུན་གསལ་ཁྱོན་ཀུན་འགེངས་བྱེད་སུ་ཝརྣའི། །རིན་ཆེན་འབྱུང་གནས་རླབས་ཀྱི་ཕྲེང་བ་ཅན། །རྔམས་པའི་སྒྲ་ཡིས་མི་བཟད་བདུད་སྡེའི་སྙིང་། །དུམ་བུར་འགས་བྱེད་བཏུང་བ་འདི་ལ་རོལ། །གནོད་སྦྱིན་དྲག་པོ་གིང་ཆེན་རབ་རྣོན་བདུན། །བདུད་རྩི་གསེར་སྐྱེམས་རྒྱ་མཚོ་འདི་བཞེས་ལ། །ཇི་ལྟར་བཅོལ་བའི་ཕྲིན་ལས་མ་ལུས་པ། །འབད་མེད་ད་ལྟ་ལྷུན་གྱིས་འགྲུབ་པར་མཛོད། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་བསྟན། །འཛིན་ཅིང་འགྲོ་འདི་རྫོགས་ལྡན་གྲིབ་བསིལ་གྱིས། །བདེ་བར་སྐྱོང་ལ་གནོད་བྱེད་མ་ལུས་པའི། །སྙིང་ཁྲག་དམར་ཆེན་ཧུབ་ཀྱིས་དྲོངས་ལ་སྒྲོལ། །

གནོད་སྦྱིན་ཙིའུ་དམར་པོའི་ཕུད་སྐོང་བཞུགས་སོ།།

ཧོ་དགོངས་སུ་གསོལ་ལོ། །ཁམས་གསུམ་སྲིད་གསུམ་ཡོངས་ཀྱི་བདག་པོ། འཇིག་རྟེན་འདི་ན་ཆེ་བཙན་འགྲན་ཟླ་དང་བྲལ་བ། སྐྱེ་འགྲོ་སྲིད་པ་གསུམ་གྱི་མངའ་བདག མི་མཐུན་བདུད་སྡེའི་དཔུང་ཚོགས་ཕྱེ་མར་བརླགས་པ། རྒྱལ་རིགས་བསྟན་བཤིགས་ཡོངས་ཀྱི་གཤེད་མ། རིག་འཛིན་རྣལ་འབྱོར་ཡོངས་ཀྱི་དགྲ་བླ་ཆེན་པོ་གནོད་སྦྱིན་ཙིའུ་དམར་པོ། སྐུ་མདོག་དམར་ལྗང་དུས་མཐའི་མེ་ཡི་ཕུང་པོ་ལྟ་བུ། སྐུ་མཐོང་བ་ཙམ་གྱིས་སྲིད་པ་གསུམ་གཡོ་ཞིང་འདར་བ། བསམ་པ་ཙམ་གྱིས་རྒྱལ་འགོང་དམ་སྲི་བྱད་མ་ཚང་ཚིང་དུ་བསྲེགས་པ། བོས་པ་ཙམ་གྱི་ནམ་མཁའི་གློག་ལས་མྱུར་བ། སྒྲུབ་པ་ཙམ་གྱི་དམ་ལ་འདུ་ཞིང་སྙིང་ཉེ་བ།བསྐུལ་བ་ཙམ་གྱིས་བང་རླུང་བས་འགྱོགས་པ། སྤྱན་མིག་ཉི་ཟླ་ལྟ་བུ་ལས་བསྐལ་བའི་མེ་འབར་བ། ལྗགས་ཀྱི་གློག་དམར་ལས་ཧཱུྃ་ཕཊ་རུ་ལུའི་སྒྲ་སྒྲོགས་ཤིང་། དྲག་པོའི་ཐོག་སེར་འཕྲོ་བ། ཞལ་གྱི་རྦ་རླབས་ལས་རཀྟ་ཁྲག་གི་ཞམ་དུ་འབེབས་པ། ཤངས་ཀྱི་རླུང་སྒྲོམ་ལས་བསྐལ་བའི་རླུང་ནག་མུན་ལྟར་འཚུབས་པ། ཚེམས་ཀྱི་གངས་རི་ལས་དྲག་པོའི་ཐོག་གི་སྤྲིན་ཐང་འབེབས་པ། ཐུགས་ཆོས་དབྱིངས་སྐྱེ་བ་མེད་ཀྱང་སྐུ་ཤིན་ཏུ་ཁྲོས་པ་ལས་མེ་ཡི་ཚྭ་ཚྭ་འཕྲོ་བ་སྐུ་ལ་དར་དམར་བེར་ཆེན་ཟ་འོག་སྔོ་བཀྲའི་གང་ལག་ཅན་གསོལ་བ། རིན་ཆེན་གསེར་གྱི་སྐེ་རགས་བཅིངས་པ།དབུ་ལ་དར་དམར་གྱི་འགྱིང་ཐོད་ཅན། ཐབས་ཀྱི་སྟག་གདོང་གཡས་སུ་འཕྱང་བ། ཕོ་རྒྱུད་དཔའ་བོའི་ཚོགས་རྣམས་དབང་དུ་སྡུད་པ། ཤེས་རབ་གཟིགས་ཤུབས་གཡོན་དུ་འཕྱང་བ། མོ་རྒྱུད་མ་མོའི་ཚོགས་རྣམས་ཟིལ་གྱིས་གནོན་པ། ཕ་རོལ་གཡལ་ངོ་བཟློག་པའི་བསེ་ཕུབ་དམར་པོ་རྒྱབ་ཏུ་འཁྱིལ་བ། དམིགས་པའི་དགྲ་བོ་མྱུར་དུ་འགུགས་པར་བྱེད་པའི་བཙན་ཞགས་དམར་པོས་ཉམས་པའི་སྐེ་ནས་འཆིང་བར་བྱེད་པ། ཕྱག་གཡས་ཟངས་མདུང་དམར་པོ་མེ་འོད་འཕྲོ་བས་དགྲ་བོའི་སྙིང་ལ་བསྣུན་པ། དགྲ་སྲོག་སྐད་ཅིག་ཉིད་ལ་གཅོད་པར་བྱེད་པ། སྟོང་གསུམ་སྐད་ཅིག་ཉིད་ལ་བསྐོར་བར་བྱེད་པའི་ཅང་ཤེས་བྲ་བོ་རྒབ་ནག་རླུང་གི་གཤོག་ཅན་ལ་ཆིབས་པ། གནོད་སྦྱིན་དགྲ་ལྷའི་རྒྱལ་པོ་ཆེན་པོ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །སྔ་དགྲ་དར་བ་རྩད་ནས་ཆོད་ཅིག ཕྱི་དགྲ་སེམས་པ་དྲུང་ནས་ཕྱུངས་ཤིགད་དགྲ་བསྡོ་བ་རྡུལ་དུ་རློག་ཅིགལེགས་པའི་ཡོན་ཏན་དག་སྤྲོད་ཅིགམི་མཐུན་ཉེས་པའི་ཚོགས་རྣམས་བཟློག་ཅིག ཁ་སྨྲས་དང་གླེང་བརྗོད་མ་གཏོང་། མི་ཁ་དང་དལ་ཡམས་མ་གཏོང་། དགྲ་རྐུན་གྱི་འཚེ་བ་མ་གཏོང་། མདོར་ན་གཞི་བྱེས་ལམ་གསུམ་ཀུན་ཏུ་ཉིན་མཚན་དུས་དྲུག་ཐམས་ཅད་དུ་མེལ་ཚེ་དང་བྱ་ར་མཛོད་ཅིག ཧོ། ཆོས་ཀྱི་དབྱིངས་ཀྱི་རང་རྩལ་ལས་ཤར་བའི་སྐུ་ལྷ་ཞལ་གྱི་ལྷ་བཙན་ཆེན་པོ་སྐ་མདོག་དཀར་སེར་འོད་ཟེར་ཉི་མ་འབུམ་ལས་ལྷག་པ། ཟ་འོག་དམར་ཁྲའི་བེར་ཆེན་སྐུ་ལ་གསོལ་བ། བསེ་མདའ་བསེ་གཞུ་དགྲ་བོའི་སྙིང་ལ་བརྡེགས་པ། ཆིབས་སུ་སྨུག་པོ་ཤ་གདོང་ཅན་ལ་ཆིབས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །སྔ་དགྲ་དར་བ་སོགས་འགྲེའོ། །ཧོ། མེ་ལོང་ཡེ་ཤེས་ཀྱི་རྩལ་ལས་གྲོ་ཤོད་བོད་ཀྱི་རྒང་དམག་རྗེ་སྐུ་མདོག་པདྨ་ར་གའི་ལྷུན་པོ་ལ་ཉི་མ་བྱེ་བའི་འོད་ཟེར་གྱི་འཁྱུད་པ་ལྟ་བུ། ལེ་བརྒན་དབང་གི་མདོག་ཅན་གྱི་བེར་གསོལ་ཤིང་། གཡོན་ཟངས་ཞགས་དགྲ་ལ་འདེབས་པ་གཡས་ཀྱི་ཤང་ལང་བརྡེག་པས་དགྲ་བགེགས་མྱུར་དུ་སྒྲོལ་བར་བྱེད་པ།ཆིབས་སུ་ཚལ་ལུ་རྟིང་དཀར་ཆིབས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །སྔ་དགྲ་དར་བ་རྩད་ནས་ཆོད་ཅིགཕྱི་དགྲ་སེམས་པ་དྲུང་ནས་ཕྱུངས་ཤིགད་དགྲ་བསྡོ་བ་རྡུལ་དུ་རློག་ཅིག ལེགས་པའི་ཡོན་ཏན་དག་སྤྲོད་ཅིགམི་མཐུན་ཉེས་པའི་ཚོགས་རྣམས་བཟློག་ཅིག ཁ་སྨྲས་དང་གླེང་བརྗོད་མ་གཏོང་། མི་ཁ་དང་དལ་ཡམས་མ་གཏོང་། དགྲ་རྐུན་གྱི་འཚེ་བ་མ་གཏོང་། མདོར་ན་གཞི་བྱེས་ལམ་གསུམ་ཀུན་ཏུ་ཉིན་མཚན་དུས་དྲུག་ཐམས་ཅད་དུ་མེལ་ཚེ་དང་བྱ་ར་མཛོད་ཅིག ཧོ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྩལ་ལས་ཤར་བའི་ར་ཙ་གོས་སྔོན་གྱི་ཀླུ་བཙན། སྐུ་མདོག་དམར་པོ་བསྐལ་བའི་མེ་ལྟར་འབར་བ། སྐུ་ལ་ཆུ་དར་སྔོན་པོའི་རལ་གའི་མཛེས་པར་ཀླུབ་པ།ཕྱག་ན་ལྕགས་མདུང་བསྣམས་ཤིང་། སྦྲུལ་ཞགས་དགྲ་ལ་འཕེན་པ། ཅང་ཤེས་གསེར་མདོག་རླུང་གི་རྩལ་ལྡན་ཆིབས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །སྔ་དགྲ་དར་བ་རྩད་ནས་ཆོད་ཅིགཕྱི་དགྲ་སེམས་པ་དྲུང་ནས་ཕྱུངས་ཤིགད་དགྲ་བསྡོ་བ་རྡུལ་དུ་རློག་ཅིག ལེགས་པའི་ཡོན་ཏན་དག་སྤྲོད་ཅིག མི་མཐུན་ཉེས་པའི་ཚོགས་རྣམས་བཟློག་ཅིག ཁ་སྨྲས་དང་གླེང་བརྗོད་མ་གཏོང་། མི་ཁ་དང་དལ་ཡམས་མ་གཏོང་། དགྲ་རྐུན་གྱི་འཚེ་བ་མ་གཏོང་། མདོར་ན་གཞི་བྱེས་ལམ་གསུམ་ཀུན་ཏུ་ཉིན་མཚན་དུས་དྲུག་ཐམས་ཅད་དུ་མེལ་ཚེ་དང་བྱ་ར་མཛོད་ཅིག ཧོ། བདེ་ཆེན་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྩལ་ལས་ཤར་བའི་རྡོ་རིང་དམར་པོའི་གྲི་བཙན་སྐུ་མདོག་དམར་པོ་བྱེ་རུའི་ལྷུན་པོ་ལྟ་བུ་ལ་ཉི་མ་འབུམ་གྱི་འོད་ཟེར་གྱི་འཁྱུད་པ་ལྟ་བུ། སྐུ་ལ་ཟ་འོག་དམར་ཁྲའི་བེར་གསོལ་བ།ཕྱག་གཉིས་བསེ་མདུང་དང་།བཙན་གྱི་རྒྱུ་ཞགས་བསྣམས་པ། རྐྱང་དམར་དབོ་དཀར་མྱུར་མགྱོགས་ཅན་ལ་ཆིབས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །སྔ་དགྲ་དར་བ་རྩད་ནས་ཆོད་ཅིག ཕྱི་དགྲ་སེམས་པ་དྲུང་ནས་ཕྱུངས་ཤིག ད་དགྲ་བསྡོ་བ་རྡུལ་དུ་རློག་ཅིག ལེགས་པའི་ཡོན་ཏན་དག་སྤྲོད་ཅིག མི་མཐུན་ཉེས་པའི་ཚོགས་རྣམས་བཟློག་ཅིག ཁ་སྨྲས་དང་གླེང་བརྗོད་མ་གཏོང་། མི་ཁ་དང་དལ་ཡམས་མ་གཏོང་། དགྲ་རྐུན་གྱི་འཚེ་བ་མ་གཏོང་། མདོར་ན་གཞི་བྱེས་ལམ་གསུམ་ཀུན་ཏུ་ཉིན་མཚན་དུས་དྲུག་ཐམས་ཅད་དུ་མེལ་ཚེ་དང་བྱ་ར་མཛོད་ཅིག ཧོ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་རྩལ་ལས་ཤར་བའི་ཀཾ་ཀ་ཐོད་ནག་བདུད་བཙན་མིག་སྨན་མདོག་ཅན། འཇོལ་བེར་ནག་པོ་སྐུ་ལ་གསོལ་བ། ཕྱག་ན་དར་ནག་རུ་མཚོན་བསྣམས་ཤིང་། གཡོན་པས་འབྲིང་ཞགས་བླ་ལ་འདེབས་པ། རག་པ་གཞུང་ནག་རྒ་སྲབ་ཅན་ཆིབས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །སྔ་དགྲ་དར་བ་རྩད་ནས་ཆོད་ཅིག ཕྱི་དགྲ་སེམས་པ་དྲུང་ནས་ཕྱུངས་ཤིག ད་དགྲ་བསྡོ་བ་རྡུལ་དུ་རློག་ཅིག ལེགས་པའི་ཡོན་ཏན་དག་སྤྲོད་ཅིག མི་མཐུན་ཉེས་པའི་ཚོགས་རྣམས་བཟློག་ཅིག ཁ་སྨྲས་དང་གླེང་བརྗོད་མ་གཏོང་། མི་ཁ་དང་དལ་ཡམས་མ་གཏོང་། དགྲ་རྐུན་གྱི་འཚེ་བ་མ་གཏོང་། མདོར་ན་གཞི་བྱེས་ལམ་གསུམ་ཀུན་ཏུ་ཉིན་མཚན་དུས་དྲུག་ཐམས་ཅད་དུ་མེལ་ཚེ་དང་བྱ་ར་མཛོད་ཅིག ཧོ། གཉིས་མེད་ཡོངས་སུ་འདུས་པའི་ཀློང་ཡངས་ནས། རྩལ་ཐོགས་རྒྱུག་གི་གྲི་བཙན་སྐུ་མདོག་དམར་ནག་ཁྲག་གི་མདོག་ཅན་ཤིན་ཏུ་ཁྲོས་པའི་ཉམས་ཅན། སྡང་མིག་སྤྱན་ལས་ཉི་ཟླའི་འོད་ཟེར་ཕྱོགས་བཅུར་འཕྲོ་བ། ཟངས་ཁྲབ་དམར་པོ་མེ་ཡི་འོད་ཅན་གསོལ་བ། ཕྱག་གཡས་བསེ་མདུང་དམར་པོ་མེ་འོད་འཕྲོ་བ། གཡོན་ཟངས་ཀྱི་རལ་གྲི་གློག་ལྟར་འཁྱུག་པ། ཆིབས་སུ་རྟ་མཆོག་རླུང་གི་གཤོག་པ་ཅན་ཆིབས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །སྔ་དགྲ་དར་བ་རྩད་ནས་ཆོད་ཅིག ཕྱི་དགྲ་སེམས་པ་དྲུང་ནས་ཕྱུངས་ཤིག ད་དགྲ་བསྡོ་བ་རྡུལ་དུ་རློག་ཅིག ལེགས་པའི་ཡོན་ཏན་དག་སྤྲོད་ཅིག མི་མཐུན་ཉེས་པའི་ཚོགས་རྣམས་བཟློག་ཅིག ཁ་སྨྲས་དང་གླེང་བརྗོད་མ་གཏོང་། མི་ཁ་དང་དལ་ཡམས་མ་གཏོང་། དགྲ་རྐུན་གྱི་འཚེ་བ་མ་གཏོང་། མདོར་ན་གཞི་བྱེས་ལམ་གསུམ་ཀུན་ཏུ་ཉིན་མཚན་དུས་དྲུག་ཐམས་ཅད་དུ་མེལ་ཚེ་དང་བྱ་ར་མཛོད་ཅིག ཧོ། གནོད་སྦྱིན་ཆེན་པོའི་བཀའ་ཡི་འཁོར་ཡུག་ཏུ་གནས་པའི་གཡས་ཀྱི་རུ་འདྲེན་སྐྱེས་པ་སྟག་ཆས་ཅན་བརྒྱ་ལ་གསོལ་ལོ། །གཡོན་གྱི་རུ་འདྲེན་ཉན་ཐོས་དགྲ་བཅོམ་བརྒྱ་ལ་གསོལ་ལོ། །སྔོན་གྱི་ཤུལ་མཚོན་བུད་མེད་ནག་མོ་བརྒྱ་ལ་གསོལ་ལོ། །སླད་ཀྱི་རྗེས་འབྲངས་བནྡེ་སྔགས་ནག་བརྒྱ་ལ་གསོལ་ལོ། །སྐུ་ཡི་སྐྱོ་བསང་ན་ཆུང་མཛེས་མ་བརྒྱ་ལ་གསོལ་ལོ། །གཞན་ཡང་ལྷ་དང་ཀླུ་དང་། གཤིན་རྗེ་དང་། གནོད་སྦྱིན། བདུད། མ་མོ། གཟའ་བཙན་སོགས་འཇིག་རྟེན་དྲེགས་པ་སྡེ་བརྒྱད་ཀྱི་དམག་ཚོགས་ནམ་མཁའི་སྐར་ལྟར་བཀྲ་བ།ཉི་མའི་ཟེར་གྱི་རྡུལ་ལྟར་འཚུབས་པ་མཐའི་རྒྱ་མཚོའི་རྦ་རླབས་ལྟར་འཁྲུགས་ཤིང་ལས་བྱེད་དྲེགས་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །སྔ་དགྲ་དར་བ་རྩད་ནས་ཆོད་ཅིག ཕྱི་དགྲ་སེམས་པ་དྲུང་ནས་ཕྱུངས་ཤིག ད་དགྲ་བསྡོ་བ་རྡུལ་དུ་རློག་ཅིག ལེགས་པའི་ཡོན་ཏན་དག་སྤྲོད་ཅིག མི་མཐུན་ཉེས་པའི་ཚོགས་རྣམས་བཟློག་ཅིག ཁ་སྨྲས་དང་གླེང་བརྗོད་མ་གཏོང་། མི་ཁ་དང་དལ་ཡམས་མ་གཏོང་། དགྲ་རྐུན་གྱི་འཚེ་བ་མ་གཏོང་། མདོར་ན་གཞི་བྱེས་ལམ་གསུམ་ཀུན་ཏུ་ཉིན་མཚན་དུས་དྲུག་ཐམས་ཅད་དུ་མེལ་ཚེ་དང་བྱ་ར་མཛོད་ཅིག ཧོ། དེ་ལྟར་གནོད་སྦྱིན་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྲུང་། དཀོན་མཆོག་གི་དབུ་འཕང་བསྟོད། རྣལ་འབྱོར་བའི་སྐུ་ཚེ་བསྲིང་། ཡོན་བདག་གི་བར་ཆད་བཟློག་ཅིག མདོར་ན་བདག་ཅག་ལ་གནོད་ཅིང་འཚེ་བར་བྱེད་པའི་མི་མཐུན་པ་དེ་དག་ཐམས་ཅད་ཀྱང་ཞི་བའི་ཕྲིན་ལས་ཀྱིས་དུལ་བར་མཛོད་ཅིག རྒྱས་པའི་ཕྲིན་ལས་ཀྱིས་སྤ་བཀོང་ཤིག དབང་གི་ཕྲིན་ལས་ཀྱིས་སྣང་བ་བསྒྱུར་ཅིག དྲག་པོའི་ཕྲིན་ལས་ཀྱིས་ཚར་གཅོད་ཅིག དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར་དུ་འདོད་རྒུའི་བསམ་པ་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་སྡོང་གྲོགས་མཛོད་ཅིག ཅེས་ཕུད་ཕྱོགས་བཅུར་འཐོར་ཞིང་རོལ་མོ་སྣ་ཚོགས་པའི་སྒྲ་བསྒྲགས། ཙིའུ་དམར་གྱི་ཕུད་རྐོང་འདི་ལྟར་དགོས་ཞེས་མཆོད་རིག་འཛིན་ངག་དབང་དང་འདན་བཟོད་པ་རྒྱ་མཚོ་གཉིས་ནས་ཡང་ཡང་བསྐུལ་བའི་ངོར་མགོན་ཁང་དབང་དྲག་རོལ་བ་ནས་མེ་སྦྲུལ་ཟླ་ཚེས་ལ་རྫོགས་སྤུལ་ལྔ་པས་གང་ཤར་བྲིས་པ་དགེའོ།། །།

གནོད་སྦྱིན་ཙིའུ་དམར་པོའི་ཕྲིན་བཅོལ་དཔག་བསམ་སྙེ་མ་ཞེས་བྱ་བ་བཞུགས་སོ།།

ཀ་དག་དབྱིངས་ལས་སྙིང་རྗེ་ཁྲོས་པའི་གནོད་སྦྱིན་ཆེན་པོ་ཡང་ལེ་བེར། །ཁ་དོག་མི་བཟད་པད་རག་ལྷུན་པོར་འོད་སྟོང་བརྒྱ་བས་འཁྱུད་པ་བཞིན། །ག་རུ་བཞུགས་ཀྱང་རྣལ་འབྱོར་བདག་གི་ཁྱོད་ཉིད་དྲན་པ་ཙམ་གྱིས་ཀྱང་། །ང་རོ་གད་མོའི་ནོར་འཛིན་གཡོ་ཞིང་གློག་ཕྲེང་འཁྱུག་པ་ཇི་བཞིན་བྱོན། །ཅ་ག་སྤྱན་གཟིགས་དངོས་འབྱོར་ཡིད་སྤྲུལ་ནམ་མཁའ་མཛོད་ཀྱི་མཆོད་སྤྲིན་ལྟར། །ཆ་ཤས་མ་ཡིན་མཐུན་རྫས་སྣ་ཚོགས་རྫ་ལྟར་བཀྲམ་ཏེ་བཤམ་ལགས་ན། །ཇ་རིལ་མི་མགོ་བརྩེགས་པའི་ཕོ་བྲང་འཇིགས་ཤིང་སྐྱི་གཡའི་སྐུ་མཁར་ནང་། །ཉ་རྒྱས་ཟླ་བ་ཇི་བཞིན་འདོད་དོན་ཡོངས་བསྐང་ཁྱོད་ཉིད་དགྱེས་པར་བཞུགས། །ཏ་ཐཱ་ག་ཏའི་སྲུང་མ་ཁྱོད་ནི་ཁྲོས་པའི་རྒྱལ་པོ་རྟ་མགྲིན་དང་། །ཐ་དད་མ་གྲུབ་ཆུ་ཟླའི་གར་བཞིན་དགྲ་ལྷའི་རྒྱལ་པོ་ཁྱོད་ཉིད་ཤར། །ད་ལྟ་སྣང་སྲིད་དྲེགས་པ་ཀུན་གྱི་སྤྱི་དཔལ་ཆེན་པོ་མཆོག་ཏུ་བསྔགས། །ན་མར་བསྟན་སྲུང་དབང་པོ་ཁྱོད་ཉིད་རྟག་ཏུ་བསྒྲུབ་ཅིང་མཆོད་པའི་མཐུས། །པ་སངས་ལྟ་བུའི་ལྷག་བསམ་དཀར་པོས་གང་ལ་གང་འདོད་དངོས་གྲུབ་སྩོལ། །ཕ་རོལ་མི་མཐུན་བསམ་ངན་འཆང་བའི་ཁྱད་པར་བྱད་མ་མཁན་གྱི་ཚོགས། །བ་མོ་ཚ་ཟེར་བརྒྱ་བས་བཞུས་ལྟར་གནོད་སྦྱིན་ཁྱོད་ཀྱིས་ཕྲིན་ལས་མཛོད། །མ་ལུས་ལྷག་མེད་སྐད་ཅིག་ཙམ་གྱི་མི་དམིགས་དབྱིངས་སུ་གཞོམ་པར་མཛད། །ཙ་ར་ཤེལ་སྒོང་གྲོ་དམར་ལུག་དང་བྱ་རིགས་སྣ་ཚོགས་ཟློས་གར་བསྒྱུར། །ཚ་ཊཾ་ཀ་དང་བླ་བྲེ་ལྡ་ལྡི་རྒྱལ་མཚན་སྣ་ཚོགས་འཕན་འཕུར་གཡོ། །ཛ་ཧུའི་རྒྱུན་བཞིན་སྨན་དང་རཀྟ་གསེར་སྐྱེམས་གཡུ་སྐྱེམས་མཚོ་ལྟར་བསྐྱིལ། །ཝ་སྤྱང་སྟག་གཟིག་གཅན་གཟན་སྣ་ཚོགས་རྟ་མཆོག་རླུང་གི་ཤུགས་ཅན་ཚོགས། །ཞྭ་ལྷམ་ཁྲབ་རྨོག་སྲོག་འཁོར་ཕ་ཝཾ་ལོང་བུ་ཏྲི་ཡིག་སྙིང་པོ་ཅན། །ཟ་འོག་ལྡིང་གུར་རིན་ཆེན་རྣམ་མང་བང་མཛོད་དར་གོས་སྣ་ཚོགས་བཀྲ། །འ་འུར་འཐོར་རླུང་འཚུབ་མ་དམར་པོ་བཙན་གྱི་ཁྱི་དམར་སྤྱང་ཀིའི་ཚོགས། །ཡ་མཚན་དངོས་བཤམས་ཡིད་སྤྲུལ་མཆོད་པ་རྒྱ་མཚོས་ཐུགས་དམ་བསྐང་གྱུར་ཅིག །ར་མ་ཎ་ལྟར་དམ་བཅའ་བརྟན་པོའི་ཕྲིན་ལས་སྒྲུབ་པའི་སྡོང་གྲོགས་ནི། །ལ་ལ་ཙམ་མིན་ཉིན་མཚན་ཀུན་ཏུ་སྒྲུབ་པའི་རེ་འདོད་སྐོང་ལ་བསྟོད། །ཤ་སྟག་བདག་སོགས་སྒྲུབ་པའི་ཚོགས་ཀྱིས་ཁྱོད་ཉིད་སྒྲུབ་ཅིང་ཁྱོད་བརྟེན་ན། །ས་ཕྱོགས་གང་དུ་འགྲོའམ་སྡོད་ཀྱང་ཙིའུ་དམར་པོ་ཁྱོད་ཉིད་ནི། །ཧྱ་གྷྲྀ་ཝ་པདྨ་ཀ་ར་སྔོན་བྱོན་རིག་འཛིན་ཚོགས་རྣམས་ཀྱིས། །ཨ་མྲྀཏ་ལྕེར་བཞག་གསང་བའི་མཚན་བཏགས་རྡོ་རྗེ་སྤྱི་བོར་བཞག་ནས་ཀྱང་། །རྒྱལ་བའི་བསྟན་པ་གཉན་པོ་སྲུང་ཞིང་བསྟན་པ་འཛིན་པའི་ཚོགས་རྣམས་ལ། །སྔོན་གྱི་ཐ་ཚིག་རྗེས་སུ་དགོངས་ཏེ་ལས་བཞིའི་ཕྲིན་ལས་མཚོ་ལྟར་རྒྱས། །གང་ལ་གང་འདོད་དངོས་གྲུབ་ཇི་ལྟར་འདོད་པ་སྩོལ་བར་ཞལ་བཞེས་ལྟར། །གང་བཅོལ་ཕྲིན་ལས་ཐོགས་པ་མེད་པར་མྱུར་དུ་འགྲུབ་པའི་སྡོང་གྲོགས་མཛོད། །ཅེས་གནོད་སྦྱིན་ཙིའུ་དམར་པོའི་ཕྲིན་བཅོལ་དཔག་བསམ་སྙེ་མ་ཞེས་བྱ་བ་འདི་ནི་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

གནོད་སྦྱིན་ཙིའུ་དམར་པོའི་ཕྲིན་བཅོལ་བཞུགས།།

ཧྲཱིཿ གསུང་གི་དབང་ཕྱུག་པདྨ་རིགས་ཀྱི་ལྷ། །སྣང་བ་མཐའ་ཡས་ཡེ་ཤེས་རོལ་བ་ལས། །དབང་ཆེན་རྟ་མཆོག་པདྨ་ཧེ་རུ་ཀཿ རང་འོད་ཡུམ་མཆོག་རྡོ་རྗེ་ཕག་མོར་འཁྲིལ། །མདུན་དུ་མེ་རླུང་འཚུབ་མའི་ཀློང་དཀྱིལ་ན། །དམར་ཆེན་ཁྲག་མཚོ་ཁོལ་ཞིང་འཁྱམས་པའི་དབུས། །རྔམས་བརྗིད་ཟངས་ཀྱི་སྐུ་འཁར་སྐྱི་གཡའི་གནས། །རབ་འཇིགས་དགྲ་ལྷའི་རྒྱལ་པོ་ཙིའུ་དམར། །སྐུ་མདོག་དམར་ལྗང་དབང་དྲག་ལྡན་པའི་སྐུ། །ལེགས་ཉེས་མ་འདྲེས་ས་ལེར་གཟིགས་པ་ཡི། །སྤྱན་གསུམ་བསྒྲད་པས་བསྐལ་བའི་མེ་དཔུང་འབར། །ཤངས་ནས་གདུག་པའི་འཐོར་རླུང་ཕྱོགས་བཅུར་འཚུབས། །མཆེ་བ་དཀར་པོ་གངས་རི་ལྟ་བུར་གཙིགས། །ཁྲག་ལྕེ་དམར་པོ་གློག་ལྟར་ཁྱུགས་སེ་ཁྱུག །ཞལ་ནས་གདུག་པའི་ངན་སྔགས་འབྲུག་ལྟར་སྒྲོགས། །སྐུ་ལ་དབང་གི་མདོག་ཅན་བེར་ཆེན་གསོལ། །ཞབས་ལ་སག་ཏིའི་ལྷམ་ཆེན་ཡུ་རིང་མནབས། །ཕྱག་གཡས་བཙན་ཞགས་དགྲ་བོའི་རྐེ་ནས་འཆིང་། །གཡོན་པས་ཟངས་མདུང་དགྲ་བོའི་སྙིང་ལ་བསྣུན། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན་དུ་འཕྱང་། །ཆིབས་སུ་རྟ་ནག་རླུང་གཤོག་ཅན་ལ་ཆིབས། །སྐུ་ལྷ་ཞལ་གྱི་ལྷ་བཙན་ཆེན་པོ་ནི། །ཆིབས་སུ་སྨུག་པོ་ཤ་གདོང་ཅན་ལ་ཆིབས། །གྲོ་ཤོད་བོད་ཀྱི་སྒང་དམག་ཆེན་པོ་ནི། །ཆིབས་སུ་མཚལ་ལུ་རྟིང་དཀར་ཅན་ལ་ཆིབས། །རཱ་ཙ་གོས་སྔོན་ཀླུ་བཙན་ཆེན་པོ་ནི། །ཅང་ཤེས་གསེར་མདོག་རླུང་གཤོག་ཅན་ལ་ཆིབས། །རྡོ་རིང་དམར་པོའི་གྲི་བཙན་ཆེན་པོ་ནི། །རྐྱང་དམར་དབོ་དཀར་མྱུར་མགྱོགས་ལྡན་པར་ཆིབས། །ཀང་ཀ་ཐོད་ནག་བདུད་བཙན་ཆེན་པོ་ནི། །ཅང་ཤེས་རག་པ་གཞུང་ནག་ཅན་ལ་ཆིབས། །རྩལ་ཐོགས་རྒྱུག་གི་གྲི་བཙན་ཆེན་པོ་ནི། །ཅང་ཤེས་རྟ་མཆོག་རླུང་གཤོག་ཅན་ལ་ཆིབས། །ཀུན་ཀྱང་སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །གཡས་ཀྱི་རི་འདྲེན་དཔའ་བོ་སྟག་ཆས་བརྒྱ། །གཡོན་གྱི་རུ་འདྲེན་ཉན་ཐོས་དགྲ་བཅོམ་བརྒྱ། །སྔོན་གྱི་ཤུལ་མཚོན་ཤན་ཏི་བདུད་མོ་བརྒྱ། །སླད་ཀྱི་རྗེས་འབྲང་བནྡེ་ནག་མོ་བརྒྱ། །སྐུ་ཡི་སྐྱོ་བསང་ན་ཆུང་མཛེས་མ་བརྒྱ། །ཕྱི་བློན་ནང་བློན་དགྱེས་སྡེ་བཙུན་མོའི་ཚོགས། །དྲེགས་པ་སྡེ་བརྒྱད་དམག་གི་དཔུང་ཚོགས་བཅས། །ས་དང་བར་སྣང་ཁྱོན་རྣམས་ཡོངས་གང་ནས། །རྣལ་འབྱོར་གདུང་བ་དྲག་པོས་འབོད་ལགས་ན། །མཁའ་ལ་གློག་དམར་འཁྱུགས་པ་ཇི་བཞིན་བྱོན། །ཅི་བགྱིས་བཀའ་ཉན་དགྱེས་པར་བཞུགས་ནས་ཀྱང་། །རང་སེམས་ཆོས་སྐྱོང་ལོགས་སུ་མ་གྲུབ་པས། །གཉིས་མེད་ཁྱབ་བརྡལ་ཆེན་པོར་ཕྱག་འཚལ་ལོ། །ཉམས་པའི་སྙིང་ཁྲག་དྲོན་མོའི་མཆོད་ཡོན་དང་། །མུན་པ་ལྟར་གནག་དུག་ཆུའི་ཞབས་བསིལ་རྒྱུན། །དགྲ་བགེགས་བསྒྲལ་བའི་དབང་པོའི་མེ་ཏོག་བཀྲ། །དགྲ་ཚིལ་དྲོན་མོ་བཞུས་པའི་ཞུན་མེ་མཆོག །གསེར་གྱི་མདོག་ཅན་དྲི་ཆབ་མཚོ་ལྟར་བསྐྱིལ། །ཤ་རུས་ཞལ་ཟས་དོན་སྙིང་རི་ལྟར་སྤུངས། །དམར་སེར་མདངས་ལྡན་རྒྱ་ཇ་ངད་ལྡན་རྒྱུན། །མྱོས་བྱེད་ཁྲག་ཆང་རྦ་རླབས་རབ་ཏུ་གཡོ། །གསེར་སྐྱེམས་གཡུ་སྐྱེམས་ཕུད་རྒོད་མཚོ་ལྟར་བསྐྱིལ། །ལྷ་མཆོག་ཁྱེད་ཀྱི་ཕྱི་ནང་གསང་བའི་རྟེན། །མ་ཚང་མེད་པ་གུས་པས་འབུལ་ལགས་ན། །དགྱེས་པར་བཞེས་ལ་ཐུགས་དམ་བསྐང་གྱུར་ཅིག །ཁྱེད་ལ་ཕྲིན་ལས་གཉན་པོ་བཅོལ་བ་ནི། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བསམ་ཡས་བར་ཁང་གཡུ་ཞལ་འབར་བ་ནས། །འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་ཞལ་ཕྱེས་ཚེ། །དཀྱིལ་འཁོར་གཉན་པོའི་གྲལ་དུ་བཞག་ནས་ཀྱང་། །སྲུང་མར་བསྐོས་ནས་དམ་ལ་བཞག་པའི་ཚེ། །ཇི་ལྟར་ཁས་བླངས་དམ་ཚིག་རྗེས་དགོངས་ལ། །ད་ལྟ་སྙིགས་མ་ལྔ་ཡི་ཡང་མཐའ་འདིར། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བསྟན་པའི་ཉི་མ་ཕྱོགས་བཅུར་རྒྱས་པ་དང་། །དགེ་འདུན་སྡེ་ཚོགས་དབྱར་གྱི་མཚོ་ལྟར་རྒྱས། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པར་མཛོད། །རྣམ་དག་བསླབ་པ་གསུམ་གྱིས་རྒྱུད་ཕྱུག་ཅིང་། །སྙན་གྲགས་དབྱར་རྔ་ཕྱོགས་བཅུར་རྒྱས་པ་དང་། །བསྐྱེད་རྫོགས་ཟབ་མོའི་ལམ་ལ་རབ་ཞུགས་ནས། །བཞེད་དོན་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ། །བསྒྲུབ་ཅིང་བརྩོན་པར་བྱེད་པའི་གང་ཟག་ལ། །མི་དང་མི་མིན་འབྱུང་པོའི་ཚོགས་རྣམས་ཀུན། །སྙིང་ཁྲག་དམར་པོ་ཧུབ་ཀྱིས་བཞེས་ལ་སྒྲོལ། །གཞི་བྱེས་ལམ་གསུམ་གང་དུ་འདུག་གྱུར་ཀྱང་། །ཉིན་མཚན་དུས་དྲུག་ཀུན་ཏུ་མ་གཡེལ་བར། །རྟག་ཏུ་མགོན་སྐྱབས་སྡོང་གྲོགས་མཛད་པ་དང་། །ལམ་སྲང་འཇིགས་པའི་འཕྲང་ལས་སྒྲོལ་བར་མཛོད། །བསྟན་ལ་འཁུ་ཞིང་བདག་ལ་སྡང་བ་ཡི། །ལོག་ལྟ་བསམ་སྦྱོར་ངན་པའི་སྡེ་རིས་ཚོགས། །ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཅིར་ཡང་སྟོན། །མིང་ཙམ་མེད་པར་བརླག་པའི་ཕྲིན་ལས་མཛོད། །དྲག་ཤུལ་ཆེ་བཙན་རྒྱལ་བློན་རྗེ་འབངས་དང་། །ལྷ་ཀླུ་མི་ཡི་ཟས་ནོར་ལོངས་སྤྱོད་སོགས། །ཁམས་གསུམ་སྲིད་གསུམ་དབང་དུ་འདུ་བ་དང་། །མདོར་ན་ཡིད་ལ་ཅི་འདོད་འགྲུབ་པར་མཛོད། །རྒྱན་དང་རྩོད་པ་ཀུན་ལས་རབ་རྒྱལ་ཞིང་། །གཤེད་མའི་དམག་གིས་གནོད་ཅིང་འཚེ་བ་ན། །ཕ་རོལ་དཔུང་ཚོགས་གཡུལ་ལས་རྒྱལ་བ་དང་། །ལྟས་ངན་ཆོ་འཕྲུལ་གཏོང་བའི་ཕྲིན་ལས་མཛོད། །དགྲ་ཇག་ཆོམ་རྐུན་གཤེད་མས་མི་འཚེ་ཞིང་། །རྟ་ཕྱུགས་གནག་ལུག་རིགས་རྣམས་འཕེལ་བ་དང་། །གོད་ཁ་ཞི་ཞིང་ཕྱུགས་ཀྱིས་ས་སྟེང་ཁྱབ། །དགྲ་ཇག་ཆོམ་རྐུན་གཅན་སྤྱང་འཚེ་བ་སོགས། །མི་མཐུན་གནོད་པའི་རིགས་ཀུན་ཞི་བར་མཛོད། །བདག་ཅག་བྱང་ཆུབ་སྒྲུབ་པའི་གང་ཟག་ལ། །འགལ་རྐྱེན་བར་ཆད་མཐའ་དག་རབ་ཞི་ནས། །མཐུན་པའི་འདོད་དོན་མ་ལུས་འགྲུབ་པ་དང་། །ལེགས་ཚོགས་ཡར་ངོའི་ཟླ་བ་ཇི་ལྟར་བཞིན། །གོང་ནས་གོང་དུ་འཕེལ་བའི་སྡོང་གྲོགས་མཛོད། །ཅེས་ཧོར་སྤྱི་ཁྱབ་ཀྱི་དྲུང་ཡིག་ཚེ་རིང་ཕུན་ཚོགས་ནས་གནོད་སྦྱིན་ཙིའུ་དམར་པོའི་འཕྲིན་བཅོལ་འདི་འདྲ་ཞིག་དགོས་ཞེས་ཡང་ཡང་བསྐུལ་བའི་ངོར་ལྕགས་མོ་ལུག་ལོའི་ཟླ་དགུ་པའི་ཚེས་ཉེར་གཅིག་ལ་རྫོགས་ཆེན་སྐྱེ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཡང་རྩེ་འཆི་མེད་གྲུབ་པའི་དགའ་ཚལ་ནས་བྲིས་པ་བསྟན་འགྲོར་སྨན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།

ཙིའུ་དམར་ཕྲིན་བཅོལ་གློག་གི་ཕྲེང་བ་བཞུགས་སོ།།

ཧོ། དགོངས་སུ་གསོལ་ལོ་གནོད་སྦྱིན་ཙིའུ་དམར། །གསན་དུ་གསོལ་ལོ་མཐུ་ཆེན་ཡང་ལེ་བེར། །རྩོད་ལྡན་སྙིགས་མ་ལྔ་བདོའི་ཡང་མཐར་འདིར། །དཀར་ཕྱོགས་ལྷ་རྣམས་དབུ་འཕང་སྨད་པ་དང་། །རི་རབ་ཆེན་པོའི་ཟོམ་ལ་ཞལ་ཕྱོགས་པ། །ནག་ཕྱོགས་བགེགས་རིགས་ལན་ཆགས་འབྱུང་པོ་དང་། །རྒྱལ་འགོང་ཤི་འདྲེའི་ཚོགས་རྣམས་ཁ་དར་ཚེ། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་གི །ཐུབ་བསྟན་སྲུང་མའི་དབང་པོ་ཁྱོད་ཉིད་ལས། །སྐྱབས་དང་རེ་ས་གཞན་ན་མ་མཆིས་པས། །སྔོན་ཚེ་བར་ཁང་གཡུ་ཞལ་འབར་བ་རུ། །རིག་འཛིན་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་ཆེན་པོ་ཡིས། །གྲལ་དུ་བཞག་ནས་རང་རང་སྲོག་སྙིང་ཕུལ། །དབང་བསྐུར་དམ་བཞག་གསང་བའི་མཚན་ཡང་བཏགས། །ཇི་ལྟར་ཁས་བླངས་དམ་ལས་མ་གཡེལ་བར། །སྔོན་གྱི་ཐ་ཚིག་གཉན་པོ་རྗེས་དགོངས་ལ། །བདག་གིས་ཁྱོད་བསྟེན་ཁྱོད་མཆོད་ཁྱོད་སྒྲུབ་ན། །ཉིན་མཚན་དུས་དྲུག་རྟག་ཏུ་མ་གཡེལ་བར། །བདག་ལ་ལུས་དང་གྲིབ་བཞིན་འགྲོགས་ནས་ཀྱང་། །བདག་ཅག་དྲང་པོའི་ལམ་ལ་ཞུགས་ན་ཡང་། །རྒྱལ་འགོང་དམ་སྲི་འབྱུང་པོའི་ཚོགས་རྣམས་ཀྱིས། །ཤེས་རྒྱུད་བརླམས་པར་བྱས་པའི་གང་ཟག་ཚོགས། །བསམ་ངན་སྦྱོར་རྩུབ་ཤོམས་པའི་ཚོགས་རྣམས་ཀྱིས། །དབྱེན་དང་ཕྲ་མས་འབྱེད་པར་བྱེད་པ་དང་། །བསྟན་སེལ་སྡེ་འཁྲུགས་སློང་བར་བྱེད་པའི་རིགས། །བྱད་ཕུར་རྦོད་གཏོང་བྱེད་པའི་ཚོགས་རྣམས་དང་། །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་ཐད་དུ་འཛུགས་པའི་དགྲ་བོ་རྣམས། །སྐྱེ་འགྲོའི་སྲོག་གི་བདག་པོ་ཁྱོད་ཉིད་ཀྱིས། །ལོ་ཟླ་ཞག་དང་ཟ་མར་མ་བཞག་ལ། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཏེ། །ད་ལྟ་ཉིད་དུ་སྒྲོལ་བའི་དུས་ལ་བབ། །སྲིད་གསུམ་འདི་ན་དྲག་ཤུལ་ཆེ་བཙན་དང་། །ལྷ་ཀླུ་མི་ཡི་ལོངས་སྤྱོད་མཐའ་དག་ཀུན། །ལྷ་ཆེན་འཕྲུལ་དགའི་ལོངས་སྤྱོད་ཇི་ལྟར་བཞིན། །མདོར་ན་སྲིད་པ་གསུམ་གྱི་བརྟན་གཡོ་ཀུན། །རང་དབང་མེད་པར་དབང་དུ་འདུ་བར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་ཕུན་སུམ་ཚོགས། །ཁ་རྗེ་དབང་ཐང་སྙན་གྲགས་རྒྱས་པ་དང་། །འཁོར་དང་བུ་སློབ་མངའ་ཐང་རབ་རྒྱས་ཤིང་། །བཤད་སྒྲུབ་དགེ་འདུན་འདུས་པའི་སྡེ་ཚོགས་ཀུན། །ཡར་ངོའི་ཟླ་བ་ལྟ་བུ་འཕེལ་བར་མཛོད། །རྒྱལ་ཁམས་ཀུན་ཏུ་ནད་མུག་མཚོན་འཁྲུགས་དང་། །དུས་ཀྱི་རྒུད་པ་མ་ལུས་ཀུན་ཞི་ནས། །དུས་མིན་འཆི་བའི་འཇིགས་པ་མེད་པ་དང་། །མདོར་ན་མི་མཐུན་རྐྱེན་ངན་ཀུན་སོལ་ལ། །ལས་བཞིའི་ཕྲིན་ལས་རབ་འབྱམས་མཐའ་དག་ཀུན། །ཐོགས་མེད་ཡིད་བཞིན་མྱུར་དུ་འགྲུབ་པར་མཛོད། །ཅེས་པ་འདི་ནི་འབའ་ཕུག་སྤྲུལ་སྐུ་ཆེ་བ་ནས་ཡང་ཡང་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ།

ཙིའུ་དམར་པོའི་རླུང་རྟ་སྙན་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།

ཧྲཱིཿ དབང་དྲག་རོལ་བའི་ཞིང་ཁམས་ཆེན་པོ་ནས། །དབང་ཆེན་རྟ་མཆོག་པདྨ་ཧེ་རུ་ཀ །དབང་གི་ལྷ་མཆོག་བཀའ་སྡོད་དཔའ་བོ་ཆེ། །དབང་ཕྱུག་དྲེགས་པ་ཡོངས་ཀྱི་གཙུག་གི་རྒྱན། །བདུད་ལས་རྣམ་རྒྱལ་འཇིགས་བྱེད་ཁྲག་འཐུང་གཙོ། །བདུད་དཔུང་འདུལ་བའི་མཆོག་ལ་མངའ་བརྙེས་པ། །བདུད་སྡེ་ནག་ཕྱོགས་ཡོངས་ཀྱི་གཤེད་མ་ཆེ། །བདུད་བཞིའི་གཡུལ་ལས་རྒྱལ་བའི་ལྷ་གཅིག་པུ། །སྲིད་འདིར་ཆེ་བཙན་འགྲན་ཟླ་བྲལ་བའི་ལྷ། །སྲིད་པ་གསུམ་གྱི་ཞིང་ལ་དབང་བསྒྱུར་བ། །སྲིད་ན་གནས་པའི་སྐྱེ་འགྲོའི་སྲོག་གི་བདག །སྲིད་གསུམ་དབང་ཕྱུག་དགྲ་ལྷ་ཀུན་གྱི་རྗེ། །ཆོས་དབྱིངས་བདེ་བ་ཆེན་པོའི་ངང་ཉིད་ལས། །ཆོས་ཅན་མ་འགགས་ཆུ་ཟླའི་རོལ་གར་བཞིན། །ཆོས་སྐྱོང་ཡོངས་ཀྱི་རྗེ་བོར་མངའ་གསོལ་བས། །ཆོས་བཞིན་སྐྱོང་ལ་མ་ཡིས་བུ་ལྟར་བརྩེ། །བསྟན་པ་རིན་ཆེན་རྟག་ཏུ་སྐྱོང་བ་དང་། །བསྟན་འཛིན་སྐྱེས་བུའི་ཚོགས་ལ་མགོན་མཛད་ཅིང་། །བསྟན་དགྲ་མ་ལུས་ཆམ་ལ་འབེབས་པར་མཛད། །བསྟན་སྲུང་དགྲ་ལྷའི་རྒྱལ་པོ་མཐུ་བོ་ཆེ། །གནོད་སྦྱིན་རྒྱལ་པོ་ཆེན་པོ་ཙིའུ་དམར། །རང་སེམས་ཆོས་སྐུའི་དབྱིངས་ཀྱི་རང་བཞིན་ལ། །ཡེ་ནས་མཉམ་བརྡལ་དམ་ཚིག་དབྱེར་མེད་ཀྱང་། །བདག་ཅག་དད་གུས་གདུང་བས་འབོད་ལགས་ན། །ཕྲིན་ལས་འགྲོ་འདུལ་རྣམ་བཞིའི་རོལ་གར་གྱིས། །བརྩེ་བའི་ཐུགས་རྗེས་འདོད་པའི་དོན་རྣམས་ཀུན། །ཡིད་ལ་ཅི་འདོད་དངོས་གྲུབ་སྩོལ་བའི་ཕྱིར། །དགྲ་ལྷའི་རྒྱལ་པོ་འཁོར་དང་བཅས་པ་ཀུན། །ཇི་ལྟར་མཁའ་ལམ་གློག་ཕྲེང་གཡོ་བ་བཞིན། །སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་ནས་ཀྱང་། །བདག་ཅག་རླུང་རྟ་བསྐྱེད་པའི་གྲོགས་མཛོད་ཅིག །མཐུ་ཆེན་སྲུང་མའི་དབང་པོའི་ཚོགས་རྣམས་ཀུན། །མཁའ་ལ་ཆར་སྤྲིན་གཏིབས་པ་ཇི་བཞིན་དུ། །གནམ་ས་རི་ཀླུང་བར་སྣང་ཀུན་གང་ནས། །ཀི་དང་བསྭོ་ཡི་ཆ་སྒྲ་འབྲུག་ལྟར་སྒྲོག །དགེ་མཚན་སྙན་པའི་བ་དན་ཕྱོགས་བཅུར་བསྒྲེངས། །ཕྱོགས་ལས་རྣམ་པར་རྒྱལ་བའི་རླུང་རྟ་སྐྱེད། །རླུང་གི་རྩལ་ལྡན་རྟ་མཆོག་བ་ལ་ཧ། །རྫུ་འཕྲུལ་རྐང་པ་བཞི་ལ་མངའ་བརྙེས་ཤིང་། །ཞི་བ་རིན་ཆེན་གླིང་དུ་བགྲོད་མཛད་པ། །ནམ་མཁའི་མདོག་ཅན་ཐོགས་མེད་མཁའ་ལ་འགྲོ། །ཡིད་འོང་ཆུ་འཛིན་དཀར་པོའི་ཀློང་ནས་བཞེངས། །རླུང་གི་རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེངས། །ཕ་རོལ་རྒོལ་བ་ཀུན་ལས་རྣམ་པར་རྒྱལ། །ཕུན་ཚོགས་ཕན་བདེའི་དཔལ་ལ་སྤྱོད་པ་དང་། །ཆོས་སྲིད་སྙན་གྲགས་རླུང་རྟ་ཡར་ལ་སྐྱེད། །ཁྱད་པར་ས་ཁམས་རླུང་རྟ་དར་བར་མཛོད། །དྲག་པོའི་མེ་ཡི་ཚྭ་ཚྭ་ཕྱོགས་བཅུར་འཕྲོ། །འཛུམ་དྲུག་རྒྱས་ཤིང་དཔའ་བའི་སྙིང་སྟོབས་ལྡན། །དྲག་པོའི་ང་རོས་སྲིད་གསུམ་གཡོ་ཞིང་འདར། །ཕ་རོལ་རྒོལ་བ་ངན་པ་འཇོམས་པར་བྱེད། །དམར་ནག་མེ་དཔུང་དྲག་པོའི་ཀློང་ནས་བཞེངས། །དཔའ་བརྗིད་སྟོབས་ལྡན་རླུང་རྟ་ཡར་ལ་སྐྱེད། །ཁྱད་པར་མེ་ཁམས་རླུང་རྟ་དར་བར་མཛོད། །ཕ་རོལ་སྟོབས་འཕྲོག་མི་མཐུན་རྒོལ་བ་རྣམས། །རྔམས་བརྗིད་སྟོབས་ལྡན་མ་རུང་ཟིལ་གྱིས་གནོན། །ཕྱྭ་གཡང་འདོད་དགུའི་དངོས་གྲུབ་འབྱུང་གནས་ཆེ། །དུང་གི་སེངྒེ་གཡུ་ཡི་རལ་བ་ཅན། །གནམ་ལྕགས་རི་བོའི་ཟོམ་ནས་སྐུར་བཞེངས་ལ། །ཡིད་འོང་མཛེས་བརྗིད་རླུང་རྟ་ཡར་ལ་སྐྱེད། །ཁྱད་པར་ལྕགས་ཁམས་རླུང་རྟ་དར་བར་མཛོད། །འདོད་འབྱུང་ཕུན་ཚོགས་གཏེར་ལ་མངའ་བརྙེས་ཤིང་། །མར་གད་མདངས་ལྡན་རླུང་གི་ཤུགས་ལྡན་ཁྱུང་། །ཐོགས་མེད་ཁྱུར་མཛད་མཁའ་ལ་ལྡིང་ཞིང་འགྱིངས། །རྣལ་འབྱོར་ཡིད་ལ་ཡོན་ཏན་སྟེར་བའི་ལྷ། །དཔག་བསམ་ལྗོན་པའི་རྩེ་ནས་སྐུར་བསྐྱོད་ལ། །འཛངས་འཕྲུལ་ཕུན་སུམ་ཚོགས་པའི་རླུང་རྟ་སྐྱེད། །ཁྱད་པར་རླུང་ཁམས་རླུང་རྟ་དར་བར་མཛོད། །སྙན་གྲགས་ཕྱོགས་བཅུར་ཀུན་ཏུ་ཁྱབ་བྱེད་རྟེན། །དྲག་པོའི་ང་རོས་སྟོང་གསུམ་གཡོ་ཞིང་འདར། །གློག་གི་ཕྲེང་བས་སྲིད་གསུམ་གསལ་བར་བྱེད། །སྙན་གྲགས་དབྱར་གྱི་རྔ་ཆེན་ལྡིར་བ་ལས། །མི་ཁ་གླེང་གཞི་རྒོལ་ངན་ཟིལ་གྱིས་གནོན། །ཆུ་ལྡན་ཆར་སྤྲིན་འཁྲིགས་པའི་ཀློང་ནས་བཞེངས། །དགེ་མཚན་སྙན་གྲགས་རླུང་རྟ་ཡར་ལ་སྐྱེད། །ཁྱད་པར་ཆུ་ཁམས་རླུང་རྟ་དར་བར་མཛོད། །རླུང་རྟ་བསྐྱེད་པའི་ལྷ་ཚོགས་ཐམས་ཅད་ཀྱིས། །ས་དང་བར་སྣང་ཁྱོན་ཀུན་ཡོངས་གང་ནས། །ཀུན་ཀྱང་རླུང་རྟ་བསྐྱེད་པའི་གྲོགས་མཛད་དེ། །དགེ་མཚན་སྙན་པའི་བ་དན་ཕྱོགས་བཅུར་བསྒྲེངས། །རླུང་རྟ་ཆག་ཉམས་འཐོར་ཞིག་རལ་བ་དང་། །བུག་རལ་གས་ཆག་འབྱུང་ཁམས་མི་མཐུན་པ། །གཅིག་གུད་གཅིག་བཅད་ནང་འཁྲུགས་དགྲར་འགྱུར་སོགས། །མི་མཐུན་ལོག་པ་ཀུན་ལས་སྲུང་སྐྱོབས་མཛོད། །བཀྲ་ཤིས་དཔལ་ཡོན་ལེགས་ཚོགས་མ་ལུས་ཀུན། །འདོད་འབྱུང་གཏེར་བཞིན་དངོས་གྲུབ་ཀུན་སྩོལ་ནས། །མདོར་ན་ལེགས་པར་སྨོན་པའི་དཔལ་ཡོན་ཀུན། །སྐྱེས་བུའི་ཡིད་ལ་ཇི་ལྟར་འདོད་པ་བཞིན། །དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུའི་ཚུལ། །དངོས་གྲུབ་མ་ལུས་མྱུར་དུ་བསྩལ་ནས་ཀྱང་། །བདག་ཅག་བྱུང་ཆུབ་སྙིང་པོ་མ་ཐོབ་བར། །ཕྱི་ནང་གསང་བའི་བར་ཆད་ཀུན་སོལ་ལ། །སྲུང་སྐྱོབ་ཕྲིན་ལས་རྟག་ཏུ་མ་གཡེལ་བར། །ཇི་ལྟར་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་ཙིའུ་དམར་པོའི་རླུང་རྟ་སྙན་པའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི་འབའ་ཕུག་སྤྲུལ་སྐུ་སྐུ་ཆེན་ནས་ཡང་ཡང་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེའོ།། །།

གནོད་སྦྱིན་ཆེན་པོའི་སྒོ་ནས་རླུང་རྟ་བསྐྱེད་གསོལ་སྙན་པའི་འབྲུག་སྒྲ་བཞུགས་སོ།།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཚུལ་འདི་ལ་དམར་གཏོར་བདུན་པ་བཏེགས། སྤོས་དཀར་དང་བསྲེས་པའི་དཀར་དམར་གསུར་དུད་བྱ། རུ་མཚོན་དང་དར་གྱི་བ་དན་དམར་པོ་ཕྱར། སྟག་སེང་ཁྱུང་འབྲུག་རྟ་མཆོག་རྣམས་བྲིས་པའི་རླུང་རྟ་བཅྭོ་བརྒྱད། ཆང་ཕུད་གསེར་སྐྱེམས་འཐོར་ཞིང་། ཀྱཻ། པདྨ་དབང་ཆེན་རྡོ་རྗེ་ཐོད་ཕྲེང་གིས། །ཆོས་རྒྱལ་སྐུ་ལྷར་བསྔགས་པའི་མཐུ་བོ་ཆེ། །བསྟན་སྲུང་དགྲ་ལྷའི་རྒྱལ་པོ་ཙིའུ་དམར་གྱིས། །རྣལ་འབྱོར་རླུང་རྟ་བསྐྱེད་པའི་ཕྲིན་ལས་མཛོད། །དགེ་ཚོགས་མ་ལ་ཡ་ཡི་ནགས་ཀླུང་ལས། །རིམ་གཉིས་ནུས་པའི་རི་མོ་ལེགས་པར་འབར། །ཕྲིན་ལས་རྣམ་བཞིའི་སྟོབས་ཤུགས་རྒྱས་པ་ཡིས། །སྟག་ཤར་འཕྱོ་བའི་རླུང་རྟ་བསྐྱེད་པར་མཛོད། །རིམ་དགུའི་ཐེག་པའི་ཀེ་ལ་ཤ་རིའི་རྩེར། །ས་ལམ་མངོན་རྟོགས་གཡུ་རལ་ཕྱོགས་བརྒྱར་གཡོ། །རྒོལ་ངན་འཇོམས་པའི་མི་བཟད་མཆེ་སྡེར་བསྒྲད། །སེང་ལྟར་འགྱིང་བའི་རླུང་རྟ་བསྐྱེད་དུ་གསོལ། །མཐའ་བྲལ་ལྟ་བའི་གཤོག་རྩལ་རབ་ཏུ་རྒྱས། །རབ་འབྱམས་ཤེས་བྱ་མཁྱེན་པའི་གསེར་མིག་འཁྱིལ། །རྒྱལ་ཀུན་དགོངས་པའི་མཁའ་ལ་རྟག་འཕྱོ་ཡང་། །ལས་བཞི་ཁྱུང་ལྟར་ལྡིང་བའི་རླུང་རྟ་བསྐྱེད། །རྗེས་བརྩེ་སྤྲིན་ཆེན་འཁྲིགས་པར་གནས་བཅས་ཤིང་། །གང་འདུལ་ཐབས་ཀྱིས་གློག་ཕྲེང་ཅིར་ཡང་འཕྱོ། །ཕན་བདེ་བདུད་རྩིའི་ཆར་དང་ལྷན་ཅིག་ཏུ། །སྙན་གྲགས་འབྲུག་ལྟར་ལྡིར་བའི་རླུང་རྟ་བསྐྱེད། །མཐའ་ཀླས་འགྲོ་ཁམས་གསེར་ལྡན་ཐ་གྲུ་ལ། །རྒྱལ་སྲས་སྤྱོད་པའི་འགྲོས་ཀྱི་རང་དབང་བསྒྱུར། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྩལ་ཤུགས་འཆང་། །གཞན་དོན་རྟ་མཆོག་ལས་མྱུར་རླུང་རྟ་བསྐྱེད། །འཇམ་དཔལ་བཤེས་གཉེན་བཀའ་བརྒྱུད་སྙིང་ཐིག་གི །བསྟན་པའི་གཟུགས་བཟང་སྲིད་རྩེར་མཐོ་བ་ལ། །མི་མཐུན་གཡུལ་ལས་རྒྱལ་བའི་དགེ་མཚན་གྱིས། །རུ་མཚོན་ནུབ་མེད་འབར་བའི་རླུང་རྟ་བསྐྱེད། །བསྟན་གཞི་བསླབ་པ་གསུམ་གྱི་རྩ་བ་བརྟན། །བསྟན་སྙིང་བྱང་ཆུབ་སེམས་ཀྱི་ཡལ་ག་ཕྱུག །བསྟན་རྩེ་ཀློང་ཆེན་དགོངས་པའི་འབྲས་བུ་སྨིན། །བསྟན་པ་ཡོངས་རྫོགས་འཛིན་པའི་རླུང་རྟ་བསྐྱེད། །གསང་ཆེན་བསྟན་ལ་འཁུ་བའི་གདུག་སེམས་འཆང་། །ཕྲག་དོག་ལྕེ་གཉིས་བརྐྱངས་བའི་ལྟོ་འགྲོའི་དགྲ། །དྲག་རྩལ་མཁའ་ལྡིང་ཁྲོས་པའི་སྡེར་རྣོན་གྱིས། །འཇོམས་མཛད་མངོན་སྤྱོད་ནུས་པའི་རླུང་རྟ་བསྐྱེད། །མངའ་ཐང་ཆོས་སྲིད་ལྷུན་པོའི་སྤོ་བཞིན་མཐོ། །འདོད་དགུའི་ལོངས་སྤྱོད་མི་ཟད་གཏེར་བཞིན་བརྟན། །ཆོས་དང་རིགས་བརྒྱུད་གངྒཱའི་རྒྱུན་བཞིན་རིང་། །བཀྲ་ཤིས་དགེ་ལེགས་རླུང་རྟ་ཡར་ལ་བསྐྱེད། ། ༈ བསྡུས་ན། ཀྱཻ། བསྟན་སྲུང་དགྲ་བླའི་རྒྱལ་པོ་འཁོར་བཅས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །རིག་འཛིན་ཚེ་ཡི་རླུང་རྟ་ཡར་ལ་བསྐྱེད། །འཆི་མེད་རྡོ་རྗེ་སྲོག་གི་དངོས་གྲུབ་སྩོལ། །བསོད་ནམས་ནོར་གྱི་རླུང་རྟ་ཡར་ལ་བསྐྱེད། །འཛད་མེད་ནམ་མཁའ་མཛོད་ཀྱི་དངོས་གྲུབ་སྩོལ། །བཀྲག་ལྡན་ལུས་ཀྱི་རླུང་རྟ་ཡར་ལ་བསྐྱེད། །རྒས་མེད་ལང་ཚོ་འབར་བའི་དངོས་གྲུབ་སྩོལ། །དབང་ཐང་རྒྱུད་ཀྱི་རླུང་རྟ་ཡར་ལ་བསྐྱེད། །སྡེ་བཞིའི་དཔལ་ལ་རོལ་བའི་དངོས་གྲུབ་སྩོལ། །སྙན་གྲགས་གཏམ་གྱི་རླུང་རྟ་ཡར་ལ་བསྐྱེད། །ལས་ལམ་ངོ་སོ་མཐོ་བའི་དངོས་གྲུབ་སྩོལ། །ཁེ་གྲགས་སྟོབས་ཀྱི་རླུང་རྟ་ཡར་ལ་བསྐྱེད། །དགྲ་དཔུང་ཆམ་ལ་འབེབས་པའི་དངོས་གྲུབ་སྩོལ། །རྨད་བྱུང་དགེ་ཚོགས་རླུང་རྟ་ཡར་ལ་བསྐྱེད། །ལུང་རྟོགས་ཡོན་ཏན་རྒྱས་པའི་དངོས་གྲུབ་སྩོལ། །རླུང་རྟ་ཡར་ལ་བསྐྱེད་པའི་རྟེན་འབྲེལ་གྱིས། །བསམ་རྒུའི་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་སྔགས་འཆང་ཆོས་སྐྱོང་རྒྱལ་མཚན་གྱིས་ལྷ་རྫས་ཁྱད་པར་ཅན་གྱི་སྐྱེས་བཅས་བསྐུལ་ངོར་རྣལ་འབྱོར་པ་དཔལ་གྱི་རྡོ་རྗེས་གསོལ་བ་བཏབ་པ་ཛ་ཡནྟུ། དགེའོ། ། དགེའོ། །མངྒ་ལཾ། །

རྒྱལ་ཆེན་སྐུ་ལྔའི་ཕྲིན་ལས་ཚོགས་གཉིས་གཏེར་གྱི་འབྱུང་གནས་བཞུགས་སོ།།

ཨོཾ་སྭ་སྟི། ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས། །སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ། །ཁྲོ་རྒྱལ་ཡོངས་ཀྱི་སྤྱི་མེས་ཧེ་རུ་ཀ །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུར་འདུད། །དེ་ལ་འདིར་ཆོས་རྒྱལ་སྐུ་ལྔའི་གཟུགས་བྲིས་འབུར་གང་རུང་ངམ་ཡང་ན་མཆོད་གཏོར་དང་། སྨན་དང་རཀྟ་ཚོགས་ཀྱི་ཡོ་བྱད་ཆུ་གཉིས་ཉེར་སྤྱོད་སོགས་འདུ་བྱས་ལ། སྤོས་དཀར་གྱི་དུད་པ་བཏང་སྟེ། རང་ཉིད་རྟ་མཆོག་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པའི་ངང་ནས་རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་། གདུང་བའི་དབྱངས་སྙན་པོས་འདི་སྐད་དོ། །ཧཱུྃ་ཧྲཱིཿ བདག་ཉིད་དབང་ཆེན་པདྨ་ཧེ་རུ་ཀ །སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། །གཡས་གཉིས་གྲི་གུག་འགུགས་བྱེད་ལྕགས་ཀྱུ་དང་། །གཡོན་གཉིས་ཞགས་པ་བྷནྡྷ་ཁྲག་བསྐང་བསྣམས། །གར་དགའི་ཉམས་ལྡན་དུར་ཁྲོད་ཆས་ཀྱིས་བརྒྱན། །རྟ་དབུ་དཀར་དམར་ལྗང་གསུམ་གཙུག་ནས་འཚེར། །ཡུམ་ཆེན་རྡོ་རྗེ་ཕག་མོ་སྐུ་མདོག་དམར། །སྤྱི་གཙུག་ཕག་ཞལ་མཐིང་ནག་ངུར་སྒྲ་འབྱིན། །བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ། །མདུན་དུ་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །དབུས་དང་ཕྱོགས་བཞིར་པདྨ་ཉི་ཟླའི་སྟེང་། །མ་ཏྲཾ་རུ་ཏྲ་བསྣོལ་བའི་གདན་སྟེང་དུ། །དབུས་ཕྱོགས་བཅོམ་ལྡན་རྡོ་རྗེ་མི་བསྐྱོད་པ། །ཉོན་མོངས་ཞེ་སྡང་འཇོམས་པའི་ལྷ་གཅིག་པུ། །བདེ་གཤེགས་ཀུན་གྱི་ཐུགས་ཀྱི་མཆོག་མངའ་བ། །མེ་ལོང་ལྟ་བུའི་ཡེ་ཤེས་རང་མདངས་ལས། །སྙིང་རྗེ་ཆེན་པོའི་དབྱིངས་ལས་མ་གཡོས་ཀྱང་། །ལོག་འདྲེན་འདུལ་བའི་གཤེད་དུ་སྐུར་སྟོན་པ། །ཐུགས་ཀྱི་རྒྱལ་པོ་བརྒྱ་བྱིན་ཆེན་པོ་ནི། །མཐིང་ནག་གནམ་སྔོན་བཞུས་པའི་མདོག་ལྟ་བུ། །དར་ནག་གོས་དང་དོམ་གྱི་སློག་པ་གསོལ། །ཕྱག་གཡས་བདུད་ཞགས་གཡོན་པས་སྤུ་གྲི་བསྣམས། །ཞལ་ནས་མ་རུང་གདུག་པའི་ངན་སྔགས་སྒྲོག །དབུ་ལ་མིག་སྨན་མདོག་ཅན་ཐིབ་ཞུ་གསོལ། །ཆིབས་སུ་མི་བཟང་གླང་ཆེན་སྣ་རིང་ཆིབས། །སྣ་བཟུང་མོན་བུ་པུ་ཏྲ་མཐིང་ནག་རྔམས། །ཕོ་ཉ་བདུད་བྱ་ཀྱུང་ཀ་ཁྲ་ཐབ་འགྱེད། །རོལ་དུ་མ་རུང་རླུང་ནག་འཚུབ་མ་ཁྲིད། །གསང་བའི་ཡུམ་གཅིག་ཤནྟིང་རོ་ཟན་མ། །ལྕགས་ཀྱུ་ཞགས་པ་བསྣམས་ནས་གཡོན་དུ་འདུད། །གཡོན་དུ་བློན་པོ་སྲོག་བདག་བྱ་ར་བ། །སྐུ་ལ་ཟ་འོག་སྨུག་ཁྲའི་བེར་སྨུག་གསོལ། །དར་ནག་རུ་མཚོན་ཕྱར་ཞིང་སེང་གེ་ཆིབས། །མདུན་དུ་སྤྲུལ་པ་དགེ་བསྙེན་གཞོན་ནུའི་ཚུལ། །དར་དམར་བེར་གསོལ་ཤེལ་གྱི་ཕྲེང་བ་གསོལ། །གཡས་པས་སྡིག་འཛུབས་གཡོན་པས་ཟངས་གྲི་བསྣམས། །ཤར་ཕྱོགས་བཅོམ་ལྡན་རྣམ་པར་སྣང་མཛད་ནི། །ཉོན་མོངས་གཏི་མུག་འཇོམས་པའི་ལྷ་གཅིག་པུ། །བདེ་གཤེགས་ཀུན་གྱི་ཡོན་ཏན་མཆོག་མངའ་བ། །མཉམ་པ་ཉིད་ཀྱི་ཡེ་ཤེས་རང་མདངས་ལས། །ཐུགས་ནི་སྙིང་རྗེའི་དབྱིངས་ལས་མ་གཡོས་ཀྱང་། །གདུལ་དཀའ་འདུལ་བའི་གཤེད་དུ་ཁྲོས་པའི་སྐུ། །སྐུ་ཡི་རྒྱལ་པོ་མོན་བུ་པུ་ཊ་ཏེ། །མིག་སྨན་མདོག་ཅན་མི་བཟད་གཏུམ་པའི་སྐུ། །མན་ཏྲི་ནག་པོའི་ན་བཟའ་སྐུ་ལ་གསོལ། །གཡས་པས་རྡོ་རྗེ་གཡོན་པས་གསེག་ཤིང་བསྣམས། །རོལ་དུ་གཏུམ་ཆེན་དོམ་ནག་སྨྱོན་པ་ཁྲིད། །ཕོ་ཉ་གཅན་སྤྱང་སྟག་གཟིག་དོམ་དྲེད་འགྱེད། །གཡོན་དུ་ཡུམ་ཆེན་བདུད་མོ་རོ་ལངས་མ། །དར་དཀར་གོས་གསོལ་དམ་ཤིང་བྷནྡྷ་བསྣམས། །གཡས་སུ་བློན་པོ་བྱ་ཁྲི་མིག་གཅིག་པ། །མཐིང་ནག་བེར་གསོལ་སྤྲུལ་ནག་ཐོད་དུ་བཅིངས། །ཕྱག་གཉིས་རྡོ་རྗེ་འཕེན་ཤིང་རྟ་སྔོན་ཆིབས། །མདུན་དུ་སྤྲུལ་པ་དགྲ་བཅོམ་གཞོན་ནུའི་ཚུལ། །སྐུ་ལ་ཆོས་གོས་ངུར་སྨྲིག་མདོག་ཅན་གསོལ། །ཕྱག་གཡས་གསེག་ཤང་གསེར་གྱི་སྤུ་གྲི་བསྣམས། །ལྷོ་ཕྱོགས་བཅོམ་ལྡན་རིན་ཆེན་འབྱུང་ལྡན་ནི། །ཉོན་མོངས་ང་རྒྱལ་འཇོམས་པའི་ལྷ་གཅིག་པུ། །རྒྱལ་ཀུན་ཡོན་ཏན་ཀུན་གྱི་མཛོད་འཛིན་པ། །མཉམ་པ་ཉིད་ཀྱི་ཡེ་ཤེས་རང་མདངས་ལས། །སྙིང་རྗེ་ཆེན་པོའི་དབང་ཕྱུག་སྐུར་སྟོན་པ། །མ་རུང་འདུལ་བའི་གཤེད་དུ་ཁྲོས་པའི་སྐུ། །ཡོན་ཏན་རྒྱལ་པོ་གནོད་སྦྱིན་ཤིང་བྱ་ཅན། །ཤིན་ཏུ་མི་བཟད་དུག་ཆེན་ཧ་ལའི་མདོག །སྐུ་ལ་སྤྲུལ་དང་སྟག་གི་གཡང་གཞིས་བརྒྱན། །ཕྱག་གཡས་དགྲ་སྟ་གཡོན་པས་སྦྲུལ་ཞགས་བསྣམས། །དབུ་ཡི་ཁྱུང་མགོའི་ལྷ་སྲིན་དབང་དུ་སྡུད། །རོལ་དུ་སྲིད་པའི་གཡུ་འབྲུག་སྔོན་མོ་འཁྲིད། །ཕོ་ཉ་སྤྲ་སྤྲེལ་བྱི་བའི་ཚོགས་རྣམས་གཏོང་། །གཡོན་དུ་ཡུམ་ཆེན་གསེར་གྱི་སྤུ་གྲི་མ། །ནག་མོ་ཕྱག་བཞི་རལ་གྲི་མདུང་ཤཀྟི། །ཏྲི་ཤུལ་བ་དན་ཕྱར་ནས་བོང་བུ་ཆིབས། །གཡས་སུ་བློན་པོ་བྱ་རྒོད་ཐང་ནག་ནི། །དར་ནག་གོས་གསོལ་ཕྱག་ན་གྲི་ཁུག་བསྣམས། །ཆིབས་སུ་མིག་སྨན་མདོག་ཅན་དྲེལ་རྟ་ཆིབས། །མདུན་དུ་སྤྲུལ་པ་སྐུ་མདོག་སྔོ་སྐྱ་ཅན། །སྐུ་ལ་མན་ཏྲི་དམར་པོའི་ག་ཤ་ཅན། །ཕྱག་ན་རབ་མཛེས་སྦ་གུག་མཆུ་རིང་བསྣམས། །ནུབ་ཕྱོགས་བཅོམ་ལྡན་སྣང་བ་མཐའ་ཡས་ནི། །ཉོན་མོངས་འདོད་ཆགས་འཇོམས་པའི་ལྷ་གཅིག་པུ། །རྒྱལ་བ་ཀུན་གྱི་གསུང་གི་རྡོ་རྗེ་འཛིན། །སོ་སོར་རྟོག་པའི་ཡེ་ཤེས་རང་མདངས་ལས། །སྙིང་རྗེ་ཆེན་པོའི་དབྱིངས་ལས་མ་གཡོས་ཀྱང་། །གདུལ་དཀའི་གཤེད་གྱུར་རྔམས་བརྗིད་འབར་བའི་སྐུ། །གསུང་གི་རྒྱལ་པོ་དགྲ་ལྷ་སྐྱེས་གཅིག་པུ། །སྐུ་མདོག་དམར་པོ་དུས་མཐའི་མེ་ལྟར་འབར། །དར་ནག་འཇོལ་བེར་ལྷབ་ལྷུབ་སྐུ་ལ་གསོལ། །ཕྱག་གཡས་སྦ་འཁར་གཡོན་ན་ཙནྡན་བིང་། །ཆིབས་སུ་ཤུགས་ལྡན་དྲེལ་ནག་རྐང་དཀར་ཆིབས། །རོལ་དུ་ལྕགས་ཀྱི་སྤྱང་མོ་འདུར་བ་ཁྲིད། །ཕོ་ཉ་ལྕགས་ཀྱི་བྱ་ཁྲ་མང་པོ་འགྱེད། །གཡོན་དུ་ཡུམ་ཆེན་འཛིན་བྱེད་པདྨ་སྐྱེས། །དར་ནག་བེར་གསོལ་དམ་ཤིང་བྷནྡྷ་བསྣམས། །གཡས་སུ་བློན་པོ་རྡོ་རྗེ་གྲགས་ལྡན་ནི། །སྐུ་མདོག་དམར་ནག་དར་དམར་ཆོས་གོས་གསོལ། །ཕྱག་གཡས་གསེར་ཤིང་གཡོན་པས་གསེག་ཤང་བསྣབས། །ཆིབས་སུ་ཤུགས་ལྡན་རྔ་མོང་གྭ་བ་ཆིབས། །མདུན་དུ་སྤྲུལ་པ་མཐིང་ནག་ཁྲོས་པའི་སྐུ། །ཉོན་མོངས་ཕྲག་དོག་འཇོམས་པའི་ལྷ་གཅིག་པུ། །རྒྱལ་ཀུན་ཕྲིན་ལས་ཡོན་ཏན་རྫོགས་པའི་ལྷ། །བྱ་བ་གྲུབ་པའི་ཡེ་ཤེས་རང་མདངས་ལས། །ཐུགས་ནི་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན། །བདུད་དཔུང་མ་ལུས་འདུལ་བའི་གཤེད་པོ་ཆེ། །ཕྲིན་ལས་རྒྱལ་ཆེན་ཞལ་གསུམ་མི་བོ་ཆེ། །ཞལ་གསུམ་གཡས་ནག་གཡོན་དམར་དབུས་དཀར་བ། །ཐོད་ཆེན་སྟེང་ན་སག་ཞུ་གདུགས་སྟབས་གསོལ། །ཕྱག་དྲུག་གཡས་ན་ལྕགས་ཀྱུ་མདའ་རལ་གྲི། །གཡོན་ན་སྤུ་གྲི་གཞུ་དང་བེར་ག་བསྣམས། །སྐུ་སྟོད་དར་གྱི་རལ་ཀ་དཀར་པོ་གསོལ། །སྐུ་སྨད་ཞིང་ལྤགས་སྟག་གི་ཤམ་ཐབས་ཅན། །ཆིབས་སུ་གངས་ཀྱི་སེང་གེ་དཀར་མོ་ཆིབས། །སྣ་བཟུང་མོན་བུ་མཎ་ཏྲིའི་ག་ཤ་ཅན། །རོལ་དུ་སྲིད་པའི་རླུང་ནག་འཚུབས་མ་ཁྲིད། །ཕོ་ཉ་བདུད་བྱ་མ་རུང་ལྕུང་ཀ་གཏོང་། །གཡོན་དུ་ཡུམ་ཆེན་བདུད་བཟའ་སྨིན་དཀར་མ། །སྐུ་མདོག་མཐིང་ནག་བདུད་ཀྱི་སློག་པ་གསོལ། །ཕྱག་གཡས་དམ་ཤིང་གཡོན་པས་བྷནྡྷ་བསྣམས། །གཡས་སུ་བློན་པོ་པུ་ཊ་ནག་པོ་ནི། །སྐུ་མདོག་མིག་སྨིན་མདོག་ཅན་རལ་ག་གསོལ། །གྲི་གུག་བསྣམས་ཤིང་དྲེལ་རྟ་ནག་པོ་ཆིབས། །མདུན་དུ་སྤྲུལ་པ་མདོག་ནག་མི་སྡུག་པ། །ཞིང་ལྤགས་གཡང་གཞི་སྦྲུལ་གྱི་ཆུན་པོས་བརྒྱན། །ཕྱག་ན་སྟག་དང་སྤྱང་ཀིའི་རྒྱལ་མཚན་འཕྱར། །གཞན་ཡང་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ། །གནམ་གྱི་ཡར་བླར་བྱིས་པ་ལོ་བརྒྱད་པ། །གནོད་སྦྱིན་རྡོ་རྗེ་ཐོག་འབེབས་མཐུ་བོ་ཆེ། །རྡོ་རྗེ་ཁྱུང་ཆེན་ཀླུ་འབྲུག་འདུལ་བ་པོ། །ལྷ་ཡི་དགེ་བསྙེན་མ་ཧཱ་ཀ་ལ་དཔལ། །མགོན་པོ་ནག་པོ་བྱ་རྒོད་ཐང་ནག་དང་། །སྲོག་བདག་རྔམས་པ་དམག་དཔོན་ཆེན་པོའི་ཚོགས། །ཟ་འོག་སྟག་དང་སེང་གེ་རྨ་བྱ་དོམ། །སྤྱང་ཀི་བྱ་རྒོད་སྤྲེའུ་བྱི་ལ་ཡི། །རྒྱལ་མཚན་ཕྱར་ཞིང་ལས་བྱེད་དྲེགས་པའི་དམག །གཡས་ཀྱི་རུ་འདྲེན་དགེ་སློང་སྟོང་སྡེའི་ཚོགས། །གཡོན་གྱི་རུ་འདྲེན་བནྡེ་ནག་པོའི་ཚོགས། །སྔོན་གྱི་ཤུལ་མཚོན་ཤནྟིང་བདུད་མོ་འབུམ། །ཁོལ་པོ་སྟག་ཆས་གཟིག་ཆས་འབུམ་ཕྲག་སྟོང་། །སྐུ་ཡི་སྐྱོ་བསང་འབག་སེང་གར་མཁན་འབུམ། །སེང་ལྟར་མཆོང་བ་སྟག་ལྟར་རྔམས་པ་དང་། །ཁྱུང་ལྟར་ལྡིང་བ་ཁྲ་ལྟར་འཛུལ་བའི་ཚོགས། །སྤྱང་ལྟར་རྒྱུག་པའི་ལས་བྱེད་མཁའ་དང་མཉམ། །སྤུ་གྲི་མཆེད་ལྔ་སྟོང་དཔོན་མཆེད་བདུན་སོགས། །གཞན་ཡང་རྒྱལ་པོ་ཆེན་པོའི་དཀའ་འཁོར་ནི། །གནས་པའི་ལྷ་སྲིན་འཇིག་རྟེན་དྲེགས་པའི་ཚོགས། །ཉི་ཟེར་རྡུལ་ལྟར་བསམ་གྱི་མི་ཁྱབ་པ། །ས་དང་བར་སྣང་ཁྱོན་ཀུན་གང་བར་གྱུར། །སྤྱན་འདྲེན་པ་ནི། ཧཱུྃ། ནམ་མཁའི་དབྱིངས་ཀྱི་ད་ལ་ཆེན་པོ་ནས། །དབུས་ཕྱོགས་ཐུགས་ཀྱི་རྒྱལ་པོ་ཆེན་པོ་དང་། །གསང་བའི་ཡུམ་ཆེན་ཤིནྟང་རོ་ཟན་མ། །བཀའ་ཡི་བློན་པོ་སྲོག་བདག་བྱ་ར་བ། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཤར་ཕྱོགས་དུང་གི་སྐུ་མཁར་རྩེ་དགུ་ནས། །སྐུ་ཡི་རྒྱལ་པོ་མོན་བུ་པུ་ཏྲ་ཏེ། །གསང་བའི་ཡུམ་ཆེན་བདུད་མོ་རོ་ལངས་མ། །བཀའ་ཡི་བློན་པོ་བྱ་ཁྲི་མིག་གཅིག་པུ། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ལྷོ་ཕྱོགས་རིན་ཆེན་གསེར་གྱི་གཞལ་ཡས་ནས། །ཡོན་ཏན་རྒྱལ་པོ་གནོད་སྦྱིན་ཤིང་བྱ་ཅན། །གསང་བའི་ཡུམ་ཆེན་གསེར་གྱི་སྤུ་གྲི་མ། །བཀའ་ཡི་བློན་པོ་བྱ་རྒོད་ཐང་ནག་སྟེ། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ནུབ་ཕྱོགས་བྱེ་རུ་དམར་པོའི་གཞལ་ཡས་ནས། །གསུང་གི་རྒྱལ་པོ་དགྲ་ལྷ་སྐྱེས་གཅིག་པུ། །གསང་བའི་ཡུམ་ཆེན་འཛིན་བྱེད་པདྨ་སྐྱེས། །བཀའ་ཡི་བློན་པོ་རྡོ་རྗེ་གྲགས་ལྡན་ཏེ། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །བྱང་ཕྱོགས་ལྕགས་ཀྱི་ཕོ་བྲང་རྩེ་དགུ་ནས། །ཕྲིན་ལས་རྒྱལ་ཆེན་ཞལ་གསུམ་མི་བོ་ཆེ། །གསང་བའི་ཡུམ་ཆེན་བདུད་བཟའ་སྨིན་དཀར་མ། །བཀའ་ཡི་བློན་པོ་པུ་ཏྲ་ནག་པོའི་དཔལ། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །གཞན་ཡང་གར་བཞུགས་གནས་མཆོག་དམ་པ་ནས། །རང་རང་སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །རུ་འདྲེན་སྡེ་བཞི་ལྷ་སྲིན་འབུམ་གྱི་ཚོགས། །གནམ་ས་རི་ལུང་བར་སྣང་ཁྱོན་ཀུན་གང་། །ཉི་ཟེར་རྡུལ་ལྟར་བསམ་གྱིས་མི་ཁྱབ་པ། །བདག་ཅག་དང་བའི་ཡིད་ཀྱིས་འབོད་ལགས་ན། །རྒྱལ་ཆེན་འཁོར་དང་བཅས་པ་མ་ལུས་ཀུན། །བཤུག་པའི་གླུ་ལེན་ཀི་བསོའི་སྒྲ་དང་བཅས། །ཁ་ཆར་བུ་ཡུག་འཚུབས་པ་ཇི་བཞིན་དུ། །སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཛཿ བཞུགས་གསོལ་ནི། ཧཱུྃ། སངས་རྒྱས་བསྟན་པ་གཉན་པོ་སྲུང་བ་དང་། །གདུག་པའི་དགྲ་བགེགས་མ་ལུས་འདུལ་བའི་ཕྱིར། །རབ་འཇིགས་ཕོ་བྲང་ཆེན་པོའི་དཀྱིལ་འཁོར་དུ། །དགྲ་དགེགས་ཕོ་མོ་བསྣོལ་བའི་གདན་སྟེང་དུ། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་འཁོར་དང་བཅས། །རང་རང་དགྱེས་པའི་གདན་ཁྲི་ཡངས་པའི་སྟེང་། །གཉིས་མེད་དགྱེས་པ་ཆེན་པོར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧྲཱིཿ མཐུ་སྟོབས་དབང་ཕྱུག་དྲེགས་པ་ཡོངས་ཀྱི་གཙོ། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྐུ་ལྔ་པོ། །མི་བཟད་གར་དགུའི་ཉམས་ལྡན་འཇིགས་པའི་སྐུ། །ཡབ་ཡུམ་སྲས་དང་སྤྲུལ་པ་བློན་པོ་དང་། །རུ་འདྲེན་སྡེ་བཞི་ཡང་སྤྲུལ་དམ་ཅན་ཚོགས། །སྣང་ཞིང་སྲིད་པའི་ལྷ་སྲིན་དྲེགས་པའི་དམག །འབུམ་ཕྲག་ཡངས་པའི་འཁོར་ཚོགས་རྒྱ་མཚོ་ལ། །བདག་ཅག་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། པྲ་ཏི་ཙ་ཧོ། མཆོད་པ་ནི། ཧྲཱིཿ སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ནི། །གཙང་སྦྱར་མཆོད་ཡོན་དག་བྱེད་ཞབས་བསིལ་དང་། །རྣམ་བཀྲའི་མེ་ཏོག་བདུག་པའི་སྤྲིན་ཕུང་འཕྲོ། །སྣང་གསལ་འོད་ལྡན་དྲི་ཆབ་བྱུག་པའི་མཚོ། །རོ་བརྒྱའི་ཞལ་ཟས་སྙན་བརྗིད་རོལ་མོའི་སྒྲ། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྡོ་རྗེ། །ཡིད་འོང་ལྷ་ཡི་འཆི་མེད་བདུད་རྩིའི་མཚོ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །ཨ་མྲྀ་ཏ་དང་རཀྟ་དམར་གྱི་མཚོ། །དམ་རྫས་བདུད་རྩི་སྦྱར་བའི་བྷ་ལིངྟ། །དམར་ཆེན་མཆོད་ཡོན་དུག་ཆུའི་ཞབས་བསིལ་དང་། །དབང་ལྔའི་མེ་ཏོག་ཚིལ་ཆེན་དུད་པའི་སྤྲིན། །ཞུན་ཆེན་མར་མེ་མཁྲིས་པའི་དྲི་ཆབ་དང་། །ཤ་ཁྲག་རུས་པའི་ཞལ་ཟས་རི་ལྟར་སྤུང་། །རྐང་གླིང་ཐོད་རྔའི་སྒྲ་དབྱངས་ལ་སོགས་པའི། །རབ་འབྱམས་ནམ་མཁའ་གང་བ་མཆོད་པ་འབུལ། །བཞེས་ནས་འདོད་པའི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་པདྱཾ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝིདྱ་ཤབྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྟོད་པ་ནི། ཧཱུྃ། ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས། །གདོད་ནས་རྣམ་དག་རྒྱལ་བ་རིགས་ལྔ་སྟེ། །སྙིང་རྗེ་ཆེན་པོའི་དབྱིངས་ལས་མ་གཡོས་ཀྱང་། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྐུ་ལྔ་ཤར། །མཐིང་ནག་མི་སྲུན་ནམ་མཁའ་ཞུན་མའི་མདོག །དར་ནག་གོས་དང་དོམ་གྱི་སློག་པ་གསོལ། །བདུད་ཞགས་སྤུ་གྲི་བསྣམས་ཤིང་གླང་ཆེན་ཆིབས། །དབུས་ཕྱོགས་ཐུགས་ཀྱི་རྒྱལ་པོ་ཁྱོད་ལ་བསྟོད། །མིག་སྨན་མདོག་ཅན་ཤིན་ཏུ་ཁྲོས་པའི་སྐུ། །མཎ་ཏྲི་ནག་པོའི་བེར་ཆེན་སྐུ་ལ་གསོལ། །རྡོ་རྗེ་གསེག་ཤང་བསྣམས་ནས་དོམ་ནག་ཁྲིད། །ཤར་ཕྱོགས་སྐུ་ཡི་རྒྱལ་ཆེན་ཁྱོད་ལ་བསྟོད། །མི་བཟད་གཏུམ་ཆེན་དུག་ཆེན་ཧ་ལའི་མདོག །སྦྲུལ་ནག་ཆུན་པོ་སྟག་གི་གཡང་གཞི་གསོལ། །དགྲ་སྟ་སྦྲུལ་ཞགས་བསྣམས་ནས་གཡུ་འབྲུག་ཁྲིད། །ལྷོ་ཕྱོགས་ཡོན་ཏན་རྒྱལ་པོ་ཁྱོད་ལ་བསྟོད། །རབ་འཇིགས་སྐུ་ནི་བསྐལ་བའི་མེ་ལྟར་འབར། །མིག་སྨན་མདོག་ཅན་འཇོལ་བེར་སྐུ་ལ་གསོལ། །སྦ་འཁར་ཞིང་དབྱུག་བསྣམས་ནས་དྲེལ་ནག་ཆིབས། །ནུབ་ཕྱོགས་གསུང་གི་རྒྱལ་པོ་ཁྱོད་ལ་བསྟོད། །དགྲ་ལྷའི་རྒྱལ་པོ་ཞལ་གསུམ་མི་བོ་ཆེ། །དར་དཀར་རལ་ག་ཞིང་དང་སྟག་ཤམ་དཀྲིས། །ལྕགས་ཀྱུ་མདའ་རལ་སྤུ་གྲི་འབར་བ་དང་། །གཞུ་དང་བེར་ག་བསྣམས་ནས་སེང་གེ་ཆིབས། །བྱང་ཕྱོགས་ཕྲིན་ལས་རྒྱལ་ཆེན་ཁྱོད་ལ་བསྟོད། །ཨིནྡ་ནི་ལའི་མདོག་འདྲ་ཁྲོ་མོའི་སྐུ། །མཐིང་ནག་བེར་དང་ཞིང་ཆེན་གཡང་གཞི་གསོལ། །ལྕགས་ཀྱུ་ཞགས་པ་བསྣམས་ནས་ཡབ་ལ་འདུད། །ཡུམ་ཆེན་ཤནྟིང་རོ་ཟན་མ་ལ་བསྟོད། །ཤིན་ཏུ་མི་བཟད་དབྱར་གྱི་ཆར་སྤྲིན་མདོག །གངས་རིའི་མདོག་ཅན་འཇོལ་བེར་སྐུ་ལ་གསོལ། །དམ་ཤིང་བྷནྡྷ་ཁྲག་གི་བཀང་བ་བསྣམས། །ཡུམ་ཆེན་བདུད་མོ་རོ་ལངས་མ་ལ་བསྟོད། །ནག་མོ་མི་སྲུན་ཤིན་ཏུ་ཁྲོ་བོའི་སྐུ། །རལ་གྲི་མདུང་དང་ཤིནྟི་ཏྲི་ཤུལ་བསྣམས། །མཐིང་ནག་བེར་གསོལ་བོང་བུ་གྭ་བ་ཆིབས། །ཡུམ་ཆེན་གསེར་གྱི་སྤུ་གྲི་མ་ལ་བསྟོད། །པདྨ་ར་གའི་མདོག་ཅན་ཁྲོ་མོའི་སྐུ། །ལེ་བརྒན་མདངས་འཛིན་འཇོལ་བེར་སྐུ་ལ་གསོལ། །དམ་ཤིང་དུང་དམར་ཁྲག་གི་བཀང་བ་བསྣམས། །ཡུམ་ཆེན་འཛིན་བྱེད་པདྨ་སྐྱེས་ལ་བསྟོད། །ཆར་སྤྲིན་མདོན་ཅན་ཁྲོ་མོའི་ཚུལ་འཆང་མ། །མཐིང་ནག་བདུད་ཀྱི་སློག་པ་སྐུ་ལ་གསོལ། །དམ་ཤིང་བྷནྡྷ་ཁྲག་གིས་བཀང་བ་བསྣམས། །ཡུམ་ཆེན་བདུད་བཟའ་སྨིན་དཀར་མ་ལ་བསྟོད། །བཻཌཱུར་མདོག་ཅན་རབ་ཏུ་གཏུམ་པའི་སྐུ། །ལྗང་ནག་དར་གྱི་བེར་ཆེན་སྐུ་ལ་གསོལ། །དར་ནག་རུ་མཚོན་ཕྱར་ཞིང་སེང་གེ་ཆིབས། །ཐུགས་ཀྱི་བློན་པོ་སྲོག་བདག་བྱ་ར་བསྟོད། །ནམ་མཁའི་མདོག་ཅན་ཤིན་ཏུ་ཁྲོས་པའི་སྐུ། །མཐིང་ནག་དར་གྱི་བེར་ཆེན་སྐུ་ལ་གསོལ། །གནམ་ལྕགས་འབར་བའི་རྡོ་རྗེ་དགྲ་ལ་འཕེན། །སྐུ་ཡི་བློན་པོ་བྱ་ཁྲི་མིག་གཅིག་བསྟོད། །ཆར་སྤྲིན་མདོག་ཅན་མི་བསྲུན་ཁྲོ་བོའི་སྐུ། །དར་ནག་བེར་གསོལ་གྲི་གུག་ཐོད་ཁྲག་བསྣམས། །མིག་སྨན་མདོག་ཅན་ཤུགས་ལྡན་དྲེལ་ནག་ཆིབས། །ཡོན་ཏན་བློན་པོ་བྱ་རྒོད་ཐང་ནག་བསྟོད། །རབ་འཇིགས་དུས་མཐའི་མེ་ཡི་ཕུང་པོ་འདྲ། །དར་དམར་ཆོས་གོས་གསོལ་ཞིང་གསེར་ཤིང་དང་། །གསེག་ཤང་བསྣམས་ནས་རྔ་མོ་གྭ་བ་ཆིབས། །གསུང་གི་བློན་པོ་རྡོ་རྗེ་གྲགས་ལྡན་བསྟོད། །དུས་ཀྱི་མུན་པ་ལྟ་བུར་གནག་པའི་སྐུ། །མཐིང་ནག་དར་གྱི་རལ་ག་སྐུ་ལ་གསོལ། །གྲི་གུག་བསྣམས་ཤིང་ཤུགས་ལྡན་དྲེལ་ནག་ཆིབས། །ཕྲིན་ལས་བློན་པོ་པུ་ཏྲ་ནག་པོ་བསྟོད། །པད་དཀར་མདོག་ཅན་ཡིད་འོང་གཞོན་ནུའི་སྐུ། །དར་དམར་བེར་དང་ཤེལ་གྱི་ཕྲེང་བ་གསོལ། །ཕྱག་གཉིས་སྡིག་འཛུབ་ཟངས་གྲི་འདེབས་པའི་ཚུལ། །ཐུགས་ཀྱི་སྤྲུལ་པ་ཆེན་པོ་ཁྱོད་ལ་བསྟོད། །དུང་མདོག་དགྲ་བཅོམ་གཞོན་ནུ་མཛེས་པའི་སྐུ། །མཚམས་སྤྲིན་ཞུན་མའི་མདངས་འཛིན་ཆོས་གོས་གསོལ། །གསེག་ཤང་གསེར་གྱི་སྤུ་གྲི་འབར་བ་བསྣམས། །སྐུ་ཡི་སྤྲུལ་པ་ཆེན་པོ་ཁྱོད་ལ་བསྟོད། །མཐིང་ནག་རབ་ཁྲོས་གར་དགུའི་ཉམས་དང་ལྡན། །དཔའ་བརྟུལ་ཆེན་པོ་སྟག་གི་སློག་པ་གསོལ། །ཞིང་དང་སྤྱང་ཀིའི་རྒྱལ་མཚན་དགྲ་ལ་ཕྱར། །གསུང་གི་སྤྲུལ་པ་ཆེན་པོ་ཁྱོད་ལ་བསྟོད། །མིག་སྨན་མདོག་ཅན་མི་སྡུག་ཁྲོ་བོའི་སྐུ། །སྐུ་ལ་ཞིང་དང་སྦྲུལ་གྱི་ཆུན་པོས་བརྒྱན། །ཟ་བྱེད་སྤྱང་ཀི་སྟག་གི་རྒྱལ་མཚན་ཕྱར། །ཕྲིན་ལས་སྤྲུལ་པ་ཆེན་པོ་ཁྱོད་ལ་བསྟོད། །རྡོ་རྗེ་ཐོག་འབེབས་ཁྱུང་ཆེན་ཀླུ་འབྲུག་འདུལ། །ལྷ་ཡི་དགེ་བསྙེན་མ་ཧཱ་ཀ་ལ་དཔལ། །མགོན་པོ་ནག་པོ་བྱ་རྒོད་ཐང་ནག་དང་། །སྲོག་བདག་རྔམས་པ་དམག་དཔོན་ཚོགས་ལ་བསྟོད། །རྒྱལ་མཚན་རྣམ་དགུ་ཕྱར་བའི་ལས་བྱེད་དང་། །གཡས་གཡོན་མདུན་རྒྱབ་རུ་འདྲེན་རྣམ་པ་བཞི། །གར་མཁན་སྟག་ཆས་གཟིག་ཆས་ཚོགས་རྣམས་དང་། །ལས་བྱེད་དྲེགས་པའི་འཁོར་ཚོགས་བཅས་ལ་བསྟོད། །ནམ་མཁའ་ས་དང་བར་སྣང་ཁྱབ་པ་ཡི། །འཁོར་ཚོགས་རྒྱ་མཚོའི་ཚོགས་ལ་བསྟོད་པར་བགྱི། །ཕྲིན་ལས་བཅོལ་བ་ནི། ཧཱུྃ། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་པདྨ་འབྱུང་། །སྔོན་བྱོན་རིག་འཛིག་གྲུབ་པའི་ཚོགས་རྣམས་ཀྱིས། །དབང་བསྐུར་དམ་བཞག་གསང་བའི་གཉེར་གཏད་པ། །ཇི་ལྟར་ཞལ་བཞེས་ཐུགས་དམ་རྗེས་དགོངས་ཏེ། །སྔ་འགྱུར་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང་། །དེར་འཛིན་ལུང་རྟོགས་བསྟན་འཛིན་ཚོགས་རྣམས་ཀྱང་། །ཟླ་བ་ཡར་གྱི་ངོ་ལྟར་འཕེལ་བར་མཛོད། །མཁའ་མཉམ་མ་གྱུར་འགྲོ་བ་མཐའ་དག་ཀུན། །ཕྱི་ནང་ཉེར་འཚེའི་རིགས་རྣམས་ཀུན་ཞི་ཞིང་། །དགེ་བཅུའི་འབྱོར་བ་རྒྱ་མཚོས་ཀུན་ཕྱུག་ཅིང་། །འཇིག་རྟེན་ཁམས་ཀྱི་རྒུད་པ་ཀུན་ཞི་ནས། །སྣོད་བཅུད་ལེགས་ཚོགས་ཐམས་ཅད་རབ་འཕེལ་ཤིང་། །རྫོགས་ལྡན་དཔལ་གྱིས་མངོན་པར་མཐོ་བར་མཛོད། །ཁྱད་པར་བདག་ཅག་འཁོར་དང་བཅས་པ་ཀུན། །ཕྱི་ནང་མི་མཐུན་རྐྱེན་ངན་ཀུན་ཞི་ཞིང་། །ཚེ་དང་བསོད་ནམས་སྟོབས་དཔལ་ལོངས་སྤྱོད་དང་། །ཉམས་དང་རྟོགས་པའི་རྩལ་ཤུགས་རྒྱས་པར་མཛོད། །ས་གསུམ་སྐྱེ་རྒུའི་ཚོགས་དང་དེ་དག་གི །འབྱོར་བ་རྒྱ་མཚོ་དབང་དུ་འདུ་བ་དང་། །བདག་ལ་གནག་པའི་ནག་ཕྱོགས་བདུད་སྡེའི་ཚོགས། །རྒོལ་ངན་མཐའ་དག་རབ་ཏུ་ཞི་བར་མཛོད། །སྣ་ཚོགས་ཕྲིན་ལས་རྣམ་བཞིའི་རོལ་གར་གྱིས། །མཁའ་མཉམ་འགྲོ་བའི་སེམས་ཅན་མ་ལུས་པ། །ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་པར། །སྡོང་གྲོགས་ཕྲིན་ལས་གཡེལ་བ་མེད་པར་མཛོད། །ཅེས་རྒྱལ་ཆེན་སྐུ་ལྔའི་ཕྲིན་ལས་འདི་ཉིད་ལྕགས་ཕོ་སྤྲེལ་ལོའི་ཟླ་བ་གསུམ་པའི་ཡར་ཚེ་བཟང་པོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་འདན་སེང་གེ་གནམ་རྫོང་གི་ཉེ་ཞོལ་དུ་བྲིས་པ་དགེའོ།། །།

རྒྱལ་ཆེན་རྡོ་རྗེ་གྲགས་ལྡན་གྱི་བསྐང་གསོལ་འདོད་རྒུའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ།།

རྒྱལ་ཆེན་རྡོ་རྗེ་གྲགས་ལྡན་གྱི་བསྐང་གསོལ་འདོད་རྒུའི་སྤྲིན་ཕུང་ནི། སྐྱེ་འགག་སྤྲོས་བྲལ་ཆོས་དབྱིངས་ཀློང་ཡངས་ལས། །ཁྲོ་རྒྱལ་ཡོངས་ཀྱི་རྗེ་བཙུན་རྟ་མཆོག་དཔལ། །གང་དང་དབྱེར་མེད་དྲིན་ཆེན་རྡོ་རྗེ་འཆང་། །འཇམ་མགོན་བླ་མ་སྤྱི་བོའི་རྒྱན་དུ་ཤར། །དེ་ལ་འདིར་དགྲ་ལྷ་ཆེན་པོ་རྡོ་རྗེ་གྲགས་ལྡན་གྱི་གསོལ་མཆོད་འདོད་པས། རང་མཐུན་གྱི་གནས་སུ་ཅི་འབྱོར་པའི་མཐུན་རྫས་མཆོད་གཏོར་སྤྱན་གཟིགས་ཕྱི་ནང་གསང་བའི་བླ་རྡོ་བརྟེན་རྫས་སྣ་ཚོགས་པ་བཤམས་ལ། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས། རང་ཉིད་ཡི་དམ་ལྷ་མཆོག་ཧེ་རུ་ཀར་གསལ་བཞིན་པའི་ངང་ནས། ཧྲཱིཿ རྒྱལ་ཀུན་གསུང་གི་ཕྲིན་ལས་གཅིག་བསྡུས་པ། །དབང་ཆེན་རྟ་མཆོག་པདྨ་ཧེ་རུ་ཀའི། །ཡེ་ཤེས་ཐུགས་རྗེའི་རྣམ་རོལ་ལས་བྱུང་བ། །དགྲ་ལྷའི་རྒྱལ་པོ་རྡོ་རྗེ་གྲགས་ལྡན་རྩལ། །གསང་བའི་ཡུམ་ཆེན་གཟི་བརྗིད་ཆེན་མོ་དང་། །སྤྲུལ་པ་བཀའ་ཡི་བློན་པོ་རུ་འདྲེན་ཚོགས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཚོགས་དང་བཅས། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་གིས། །རྩེ་གཅིག་མོས་པའི་ཡིད་ཀྱིས་བསྐུལ་བའི་ཕྱིར། །མཚམས་སྤྲིན་མདངས་འཛིན་དར་གྱི་གཡབ་མོ་དང་། །སྤོས་དཀར་བསྲེགས་པའི་དུད་སྤྲིན་ཕྱོགས་བཅུར་འཕྲོ། །རྐང་གླིང་བཤུག་པའི་བརྡ་ཡིས་བསྐུལ་བའི་ཚེ། །སྔོན་གྱི་དམ་ཚིག་གཉན་པོ་ཉེར་དགོངས་ལ། །རྡོ་རྗེ་གདན་དང་བལ་ཡུལ་ཡང་ལེ་ཤོད། །བྷ་ཏ་ཧོར་གྱི་སྒོམ་གྲྭ་ཆེན་པོ་དང་། །དཀོར་མཛོད་གླིང་སོགས་གར་བཞུགས་གནས་མཆོག་ནས། །རྒྱལ་ཆེན་འཁོར་དང་བཅས་པ་མ་ལུས་ཀུན། །སྐད་ཅིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཡིད་འོང་རིན་ཆེན་ཕོ་བྲང་མཛེས་པའི་ནང་། །ཁྲག་ཞག་རྒྱ་མཚོ་པདྨ་ཉི་ཟླའི་སྟེང་། །དགྲ་བགེགས་ཕོ་མོ་བསྣོལ་བའི་གདན་ཁྲི་ལ། །དགྱེས་ཤིང་གཡོ་མེད་བརྟན་པར་བཞུགས་སུ་གསོལ། །རྒྱལ་བའི་བསྟན་དང་དེར་འཛིན་སྐྱོང་བ་ལ། །ལོག་པར་ལྟ་བའི་དམ་སྲི་འབྱུང་པོའི་ཚོགས། །འདུལ་ཕྱིར་སྲིན་པོ་ཁྲོས་པའི་ཚུལ་སྟོན་པའི། །གནོད་སྦྱིན་དགྲ་ལྷའི་གཙོ་ལ་ཕྱག་འཚལ་ལོ། །ཁྱེད་ཀྱི་ཐུགས་དམ་བསྐང་བའི་དམ་རྫས་ནི། །ཁྲག་ཞག་མཆོད་ཡོན་རྦ་རླབས་དྲག་ཏུ་འཁྲུགས། །དམ་ཉམས་བསྒྲལ་བའི་དབང་ལྔའི་མེ་ཏོག་བཀྲ། །ཤ་ཆེན་སྤོས་དཀར་དུད་སྤྲིན་མཁའ་དང་མཉམ། །ཞུན་ཆེན་སྒྲོན་མེ་དུས་མཐའི་མེ་ལྟར་འབར། །མཁྲིས་པའི་དྲི་ཆབ་རྒྱ་མཚོ་མེ་རེ་རེ། །ཤ་ཁྲག་རུས་པའི་ཞལ་ཟས་ལྷུན་པོར་སྤུངས། །རྐང་གླིང་ཐོད་རྔའི་རོལ་མོའི་མཆོད་སྤྲིན་གྱིས། །རྡོ་རྗེ་གྲགས་ལྡན་འཁོར་བཅས་ཐུགས་དམ་བསྐང་། །ཅང་ཤེས་རྟ་མཆོག་སྤྲིན་གྱི་ཤུགས་ཅན་དང་། །གནམ་ལྕགས་འབར་བའི་རྭ་གདེང་གཡག་རོག་ཞོལ། །རིན་ཆེན་རྒྱན་ལྡན་ཤེལ་སྒོང་ནག་པོའི་མདངས། །འདོད་འཇོའི་བ་མོ་སེང་གེ་གླང་ཆེན་དོམ། །སྟག་གཟིག་དྲེད་དང་བོང་བུ་སྤྲ་སྤྲེལ་ཚོགས། །བྱ་རིགས་སྣ་ཚོགས་ཟློས་གར་ཅིར་ཡང་བསྒྱུར། །གར་མཁན་རུ་འདྲེན་སྣང་བརྙན་སྤྲིན་ལྟར་གཏིབ། །ཉི་ཟླ་རི་རབ་གླིང་བཞི་གླིང་ཕྲན་དང་། །རིན་ཆེན་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །དགྱེས་བྱེད་མཆོད་སྤྲིན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །རྡོ་རྗེ་གྲགས་ལྡན་འཁོར་བཅས་ཐུགས་དམ་བསྐང་། །ཁྱད་པར་ཁྱོད་དང་མཐུན་པའི་དམ་རྫས་ནི། །བགེགས་དཔུང་ཐལ་བར་བརླག་བྱེད་རུ་མཚོན་བརྗིད། །དམ་ཉམས་འཆིང་བར་བྱེད་པའི་བཙན་གྱི་ཞགས། །བསེ་ཁྲབ་བསེ་རྨོག་རིན་ཆེན་རུས་པའི་རྒྱན། །དགྲ་བཅོམ་སྣམ་སྦྱར་སྟག་ཤམ་གོ་རྨོག་ཁྲབ། །དྲི་མེད་པཉྩ་ལི་ཀའི་འཇོལ་བེར་དང་། །ཡིད་འཕྲོག་ཟ་འོག་ལྡིང་གུར་སྣ་ཚོགས་པ། །གཞན་ཡང་རྨ་བྱ་སེང་གེ་སྟག་དང་དོམ། །དྲེད་གཟིག་གཅན་གཟན་རྒྱལ་མཚན་མཛེས་པ་ལ། །འདོད་རྒུའི་བསམ་འཕེལ་ནོར་བུའི་ཏོག་གིས་སྤྲས། །རིན་ཆེན་གདུགས་མཛེས་བླ་བྲེ་བ་དན་གཡོ། །ཡོ་བྱད་མཁོ་དགུ་མཐུན་པའི་དམ་རྫས་ཀྱིས། །རྡོ་རྗེ་གྲགས་ལྡན་འཁོར་བཅས་ཐུགས་དམ་བསྐང་། །འབྲུ་ནག་ཕྱེ་མར་རིན་ཆེན་སྣ་ཚོགས་སྐྱེམས། །ཁྲག་ཆང་བདུད་རྩི་སྦྱར་བའི་དཔལ་བཤོས་དང་། །ལྷ་ཡི་ཕོ་བྲང་རྣམ་པར་རྒྱལ་བྱེད་ལ། །འགྲན་པའི་ཁང་བརྩེགས་ཡིད་འོང་ལྟ་ན་སྡུག །རྣམ་དག་རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ། །ཞིང་བཅུ་བསྒྲལ་བའི་རཀྟའི་ཞམ་ཆུ་འབེབ། །གཙང་སྦྱར་གསེར་སྐྱེམས་ཕུད་རྒོད་བཏུང་བའི་རིགས། །ཇི་སྙེད་རྒྱ་མཚོ་ཆེན་པོ་ལྟ་བུ་བསྐྱིལ། །མདོར་ན་ཁྱེད་དང་མཐུན་པའི་དམ་རྫས་ནི། །དངོས་བཤམས་ཡིད་ཀྱིས་རྣམ་རོལ་ལས་བྱུང་བ། །ངོ་མཚར་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར། །ནམ་མཁའ་གང་བར་སྤྲུལ་ཏེ་འབུལ་ལགས་ན། །དགྱེས་པའི་ཚུལ་གྱིས་མཆོད་པ་འདི་བཞེས་ལ། །རྡོ་རྗེ་གྲགས་ལྡན་འཁོར་བཅས་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་བསྐང་བའི་བྱིན་བརླབས་ཀྱིས། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་གིས། །སོ་ཐར་བྱང་སེམས་རིག་པ་འཛིན་པ་ཡི། །སྡོམ་དང་དམ་ཚིག་བསླབ་བྱ་ཡལ་བ་རྣམས། །དམིགས་མེད་ཆོས་དབྱིངས་ངང་དུ་བཤགས་པར་བགྱི། །ཁྱད་པར་དགྲ་ལྷའི་རྒྱལ་པོ་འཁོར་བཅས་ཀྱིས། །སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་གི །བསྟན་དང་དེ་འཛིན་སྐྱོང་བའི་གང་ཟག་ལ། །མི་མཐུན་གནོད་པའི་ཚོགས་རྣམས་མཐའ་དག་ཀུན། །མིང་ཙམ་མེད་པར་ཞི་བའི་ཕྲིན་ལས་མཛོད། །རྣལ་འབྱོར་བདག་གི་བརྒྱུད་འཛིན་བུ་སློབ་དང་། །དཀོར་ཆ་ལོངས་སྤྱོད་ཇི་སྙེད་ཡོད་པ་ཀུན། །དགྲ་ལྷའི་རྒྱལ་པོ་ཁྱོད་ལ་གཉེར་གཏད་པས། །རྣམ་ཀུན་རྟག་ཏུ་མ་གཡེལ་མེལ་ཚེ་གྱིས། །མདོར་ན་བདག་གི་ཡིད་ལ་གང་འདོད་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་བརྗོད་ཅིང་མཆོད་གཏོར་གཙང་སར་བསྐྱལ་ལོ། །ཞེས་པ་འདི་ནི་གནོད་སྦྱིན་དགྲ་ལྷའི་རྒྱལ་པོ་རྡོ་རྗེ་གྲགས་ལྡན་འདི་ཉིད་རྣལ་འབྱོར་བདག་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་རྟག་ཏུ་དགའ་ཞིང་བརྩེ་བའི་རྣམ་འགྱུར་དངོས་ཉམས་རྨི་ལམ་མཐའ་དག་ཏུ་ཡང་ཡང་སྟོན་པའི་རྒྱལ་ཆེན་འདི་ཉིད་ཀྱི་བསྐང་གསོལ་འདོད་རྒུའི་སྤྲིན་ཕུང་ཞེས་བྱ་བ་འདི་ནི། རུ་དམ་ཨོ་རྒྱན་བསམ་གཏན་གླིང་གི་ཕོ་བྲང་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཤིང་ཕོ་རྟ་ལོའི་ཟླ་ཚེས་དགེ་བར་རྫོགས་སྤྲུལ་ལྔ་པའི་མིང་འཛིན་པ་པདྨ་ཐེག་མཆོག་བསྟན་འཛིན་གྱིས་བྲིས་པའོ། །

གསུང་བློན་རྡོ་རྗེ་གྲགས་ལྡན་གྱི་ཕྲིན་ལས་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།

གསུང་བློན་རྡོ་རྗེ་གྲགས་ལྡན་ཕྲིན་བཅོལ་ནི། ཧཱུྃ་ཧྲཱིཿ རང་སྣང་རྣམ་དག་འོག་མིན་ཞིང་ཁམས་ནས། །བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀས། །མ་ཚོགས་དབང་ཕྱུག་དམ་ཅན་རྒྱ་མཚོ་རྣམས། །རྟ་སྐད་ཐེངས་གསུམ་བསྒྲགས་ནས་བཏུལ་བའི་ཚེ། །ཇི་ལྟར་ཞལ་བཞེས་དམ་ལས་མ་གཡེལ་ཞིག །བར་དུ་ཧས་པོ་རི་ཡི་ཡང་རྩེ་ནས། །སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གིས། །དྲེགས་པ་སྡེ་བརྒྱད་ལྷ་སྲིན་ཚོགས་རྣམས་ཀྱང་། །རྡོ་རྗེའི་སྟངས་སྟབས་གར་གྱི་ཕྱག་རྒྱ་ཡིས། །བཀའ་རྟགས་ཕྱག་རྒྱས་དམ་ལ་བཏགས་པའི་ཚེ། །ཁས་བླངས་ཞལ་བཞེས་དམ་ལས་མ་གཡེལ་ཞིག །ཐ་མ་རི་བོ་ཏ་ལའི་ཕོ་བྲང་དུ། །ཕྱག་ན་པདྨོ་འཇིག་རྟེན་དབང་ཕྱུག་ནི། །མི་ཡི་ཟོལ་འཛིན་ཐམས་ཅད་མཁྱེན་པ་ཉིད། །ཟ་ཧོར་ཡུལ་གྱི་སྔགས་འཆང་རིག་པ་འཛིན། །ངག་དབང་བློ་བཟང་རྒྱ་མཚོའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་དམ་ལས་མ་འདའ་ཞིག །ཕྱིས་སུ་ར་ས་འཁྲུལ་སྣང་ཞིང་ཁམས་སུ། །དབང་དྲག་རོལ་བའི་ཕོ་བྲང་ཆེན་པོ་ནས། །ནམ་གུང་སྲོད་ཀྱི་དུས་ལ་བབ་པའི་ཚེ། །ཐུབ་བསྟན་དྷརྨཱ་བཛྲའི་མིང་ཅན་ལ། །ཆོས་རྒྱལ་ཆེན་པོའི་རང་གཟུགས་དངོས་བསྟན་ཚེ། །ཇི་ལྟར་ཞལ་བཞེས་དམ་བཅས་དྲན་མཛོད་ཅིག །ད་ལྟ་སྒྲུབ་པའི་རིག་འཛིན་བདག་ཅག་གིས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ་བ་དང་། །ཚེ་འདིར་བསམ་པ་མཐའ་དག་འགྲུབ་པའི་ཕྱིར། །བརྟེན་ཅིང་བསྒྲུབས་པའི་སྲུང་མ་མཐུ་བོ་ཆེ། །རྟག་ཏུ་རྩེ་གཅིག་སྒྲུབ་པར་དམ་བཅའ་ནི། །རྡོ་རྗེ་གྲགས་ལྡན་ཁྱོད་ལས་གཞན་མེད་ཕྱིར། །ད་ལྟ་གདུང་བ་དྲག་པོའི་ཁྱོད་འབོད་ན། །ལྷ་མཆོག་ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས། །ཉིན་མཚན་དུས་དྲུག་དུས་རྣམས་ཐམས་ཅད་དུ། །བརྩེ་བའི་མ་ཡིས་བུ་ལ་བྱམས་པ་བཞིན། །རྒྱལ་ཆེན་རྡོ་རྗེ་གྲགས་ལྡན་ཁྱོད་ཉིད་ལས། །བདག་ལ་རེ་ས་གཞན་ན་མ་མཆིས་པས། །དེ་ཕྱིར་ཁྱོད་ཀྱིས་དུས་རྣམས་ཐམས་ཅད་དུ། །སྡོང་གྲོགས་ཕྲིན་ལས་རྟག་ཏུ་མ་གཡེལ་ཞིག །མདོ་དང་སྔགས་ཀྱི་བསྟན་པ་རིན་པོ་ཆེ། །བཤད་དང་སྒྲུབ་པའི་བྱ་བ་རབ་འཕེལ་ཞིང་། །ཁྱད་པར་ཨ་ཏི་རྫོགས་པ་ཆེན་པོ་ཡི། །རིང་ལུགས་སྲིད་མཐའི་བར་དུ་འཕེལ་བ་དང་། །དེར་འཛིན་སྐྱེས་བུ་དགེ་འདུན་འདུས་པའི་སྡེ། །དབྱར་གྱི་མཚོ་ལྟར་རབ་ཏུ་རྒྱས་པ་དང་། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་རྣམས། །སྔོན་ལས་ངན་པའི་ལས་ཀྱིས་མནར་བ་དང་། །གློ་བུར་འཕྲལ་བྱུང་ངན་པའི་རྐྱེན་དབང་གིས། །འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སོགས། །མདོར་ན་མི་མཐུན་ཚོགས་རྣམས་ཞི་བར་མཛོད། །ཚེ་བསོད་གཟི་བརྗིད་རིགས་རྒྱུད་ཕུན་སུམ་ཚོགས། །ཁ་རྗེ་དབང་ཐང་དཔལ་འབྱོར་སྟོབས་རྩལ་ལྡན། །སྙན་གྲགས་ནམ་མཁའི་འབྲུག་སྒྲ་ལྟ་བུར་སྒྲོགས། །འཁོར་དང་ལོངས་སྤྱོད་རབ་ཏུ་རྒྱས་པར་མཛོད། །སྲིད་པ་གསུམ་གྱི་བརྟན་གཡོའི་དྭངས་བཅུད་དང་། །ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་རྣམས། །མཁོ་རྒུའི་འབྱོར་བ་རྒྱ་མཚོ་ཇི་སྙེད་ཀུན། །ཡིད་ལ་ཅི་བསམ་ལྷུན་གྱིས་འགྲུབ་པར་མཛོད། །ཕ་རོལ་གདུག་ཅིང་སྡང་བའི་དགྲ་དང་བགེགས། །སྔ་དགྲ་ལག་བརྡར་ཕྱི་དགྲར་ཡིད་ལ་སེམས། །ད་དགྲ་ཕོད་དུ་བཙུགས་པའི་དགྲ་བོ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད། །ཁྱད་པར་སྡེ་འཁྲུགས་སློང་བའི་དམ་ལོག་མཁན། །ཁ་འཇམ་སྙིང་རྩུབ་ལོག་སྤྱོད་ཚོགས་རྣམས་ཀྱིས། །ཕྲག་དོག་རླུང་དམར་འཚུབས་པའི་རྐྱེན་དབང་གིས། །མ་ཉེས་ཁ་ཡོག་མི་ཁ་གླེང་བརྗོད་དང་། །དབྱེན་བཅུག་ཕྲ་མས་འབྱེད་པའི་ཚོགས་རྣམས་དང་། །བྱད་ཕུར་རྦོད་གཏོང་བཏང་བའི་བྱད་མ་མཁན། །མདོར་ན་བདག་ལ་སྡང་བའི་དགྲ་བགེགས་རྣམས། །མཐུ་སྟོབས་དབང་ཕྱུག་ཁྲོ་རྒྱལ་ཧེ་རུ་ཀ །རྡོ་རྗེ་གྲགས་ལྡན་ཁྱོད་ཀྱི་ཟ་སྐལ་གྱིས། །གཞི་ལ་འདུག་ན་རྒྱབ་རྟེན་ཁ་འཛིན་མཛོད། །བྱེས་སུ་ལམ་འཕྲང་ཆུ་ལས་སྒྲོལ་འདོན་མཛོད། །དགྲ་རྐུན་གཅན་སྤྱང་ལ་སོགས་འཇིགས་པ་ལས། །ནམ་ཡང་འཚེ་བ་མེད་པའི་ཕྲིན་ལས་མཛོད། །བདག་ཅག་གཞི་བྱེས་ལམ་གསུམ་གར་གནས་ཀྱང་། །གསེར་དངུལ་ལ་སོགས་རིན་པོ་ཆེ་ཡི་རིགས། །ཨ་བར་སྐྱུར་གསུམ་ལ་སོགས་སྨན་གྱི་རིགས། །དར་རས་ཕྱག་སོགས་ཡོལ་བ་བླ་བྲེ་དང་། །ཁྲབ་རྨོག་མདའ་མདུང་གོ་དང་མཚོན་ཆའི་རིགས། །རྟ་ནོར་ལུག་སོགས་ཕྱུགས་ཀྱི་རིགས་རྣམས་དང་། །མདོར་ན་སྲིད་པ་གསུམ་གྱི་ལོངས་སྤྱོད་རྣམས། །མཁོ་རྒུའི་འབྱོར་བ་ཕུན་སུམ་ཚོགས་པའི་གཏེར། །ལྷ་ཆེན་འཕྲུལ་དགའི་ལོངས་སྤྱོད་ཇི་བཞིན་དུ། །ཡིད་ལ་ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན། །རྫོགས་པའི་བྱང་ཆུབ་གོ་འཕང་སྒྲུབ་པ་ལ། །འགལ་རྐྱེན་བར་ཆད་མཐའ་དག་ཞི་བ་དང་། །མཐུན་པའི་དོན་རྣམས་ལྷུན་གྱིས་གྲུབ་པར་མཛོད། །མདོར་ན་བྱང་ཆུབ་སྙིང་པོ་མ་ཐོབ་བར། །ལྷ་མཆོག་ཁྱོད་དང་རྟག་ཏུ་མི་འབྲལ་ཞིང་། །ཇི་ལྟར་བཅོལ་བའི་ཕྲིན་ལས་མ་ལུས་ཀུན། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །ཅེས་རྡོ་རྗེ་གྲགས་ལྡན་གྱི་ཕྲིན་བཅོལ་འདི་ནི་ཡིག་ཐུབ་བསྟན་ནོར་བུ་ནས་ལྷ་རྫས་རབ་དཀར་བཅས་ཡང་ཡང་བསྐུལ་བ་ལ་བརྟེན་ཏེ་ས་མོ་ལུག་གི་ལོའི་ཟླ་བ་བཞི་པའི་ཚེས་གཅིག་ལ་རང་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རང་ལོ་ཞེ་བརྒྱད་སོན་དུས་སུག་བྲིས་སུ་བགྱིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ། །

གསུང་གི་བློན་པོ་རྡོ་རྗེ་གྲགས་ལྡན་གྱི་གསོལ་མཆོད་འདོད་འབྱུང་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

ཨོཾ་སྭ་སྟི། ཆོས་ཉིད་ཞི་ལས་མ་གཡོས་ཀྱང་། །ལོག་པར་འདྲེན་པའི་དམ་སྲིའི་ཚོགས། །མ་རུང་འདུལ་བའི་གཤེད་པོ་ཆེ། །རྟ་མཆོག་དཔལ་ལ་ཕྱག་འཚལ་བསྟོད། །དེ་ལ་འདིར་ལྷ་མཆོག་དགྲ་ལྷའི་རྒྱལ་པོ་རྡོ་རྗེ་གྲགས་ལྡན་འདི་ཉིད་ཀྱི་མཁོ་བའི་ཡོ་བྱད་རྣམས་འདུ་བྱས་ལ། རང་ཉིད་རྟ་མཆོག་རོལ་པའི་ང་རྒྱལ་དང་མ་བྲལ་བའི་ངང་ནས། ཧྲཱིཿ དབང་ཆེན་པདྨ་ཧེ་རུ་ཀའི། །བཀའ་ཡི་ལས་མཁན་མཐུ་བོ་ཆེ། །མཐུ་ཆེན་དགྲ་ལྷ་ཡོངས་ཀྱི་གཙོ། །གསུང་བློན་རྡོ་རྗེ་གྲགས་ལྡན་ནི། །དུས་མཐའི་མེ་ཡི་ཕུང་པོ་འདྲ། །འོད་ཟེར་ཉི་མ་འབུམ་གྱི་གཟི། །མི་བཟད་གར་དགུའི་ཉམས་དང་ལྡན། །ཛཿབྷྱོ་རུ་ལུའི་གད་རྒྱངས་ཅན། །ཐུགས་ནི་སྙིང་རྗེའི་ཉམས་དང་ལྡན། །སྒྲུབ་ལ་རྗེས་སུ་ཆགས་པ་དང་། །སྡང་བའི་དགྲ་བོ་མཐའ་དག་ལ། །མི་བཟད་ཁྲོ་གཏུམ་རྔམ་པའི་ཚུལ། །དབང་དྲག་ཁྲོས་པའི་ཧེ་རུ་ཀ །བརྗིད་ལྡན་ཟ་འོག་དམར་ཁྲའི་བེར། །རིན་ཆེན་རུས་པའི་རྒྱན་གྱིས་སྤྲས། །བསེ་ཁྲབ་བསེ་རྨོག་རུ་དར་ཅན། །རྒྱལ་མཚན་རྣམ་དགུའི་སྐུ་ལ་བརྒྱན། །ཞབས་ལ་སག་ལྷམ་ཡུ་རིང་གསོལ། །དགྲ་བགེགས་འགུག་ཅིང་བསྒྲལ་བའི་ཕྱིར། །ཕྱག་ན་རུ་མཚོན་བཙན་ཞགས་བསྣམས། །ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་གྱིས། །མེ་དཔུང་འབར་བའི་ཀློང་ན་བཞུགས། །ཡུམ་ཆེན་གཟི་བརྗིད་ཆེན་མོ་ནི། །དཀར་གསལ་ཡིད་འོང་མཛེས་མའི་ལུས། །རྩེ་བེར་ཉིས་བརྩེགས་སྐུ་ལ་གསོལ། །མེ་ཏོག་སྣ་ཚོགས་ཐོད་དུ་བཅིངས། །རིན་ཆེན་སྣ་ལྔའི་རྒྱན་གྱིས་སྤྲས། །ཕྱག་ན་ཁ་ཊྭཱྃ་རྩེ་གསུམ་དང་། །ཐོད་པ་བདུད་རྩིས་བཀང་བ་བསྣམས། །ཡབ་ལ་རྗེས་སུ་ཆགས་པའི་ཚུལ། །རོལ་དུ་འཕར་སྤྱང་བྱ་འུག་ཁྲིད། །ཕོ་ཉ་རླུང་ནག་འཚུབས་མ་དང་། །ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད། །གནམ་ལྕགས་ཐོག་མདའ་ཤ་ར་ར། །སྤྲུལ་པ་རབ་བྱུང་ཆ་བྱད་ཅན། །ཆོས་གོས་དར་ཞུ་སེར་པོ་གསོལ། །ཕྱག་ན་བིང་དབྱུག་ལྕགས་ཕྲེང་བསྣམས། །རྔམ་བརྗིད་ཕག་ནག་སྟེང་ན་འགྱིང་། །བློན་པོ་བདུད་ནག་མི་སྡུག་པ། །མི་བཟད་རལ་པ་གྱེན་དུ་བརྫེས། །ཕྱག་ན་དར་མདུང་རྒྱུ་ཞགས་བསྣམས། །དར་དམར་བེར་ཆེན་སྐུ་ལ་གསོལ། །བཀའ་ཉན་ལས་བྱེད་ཚུལ་དུ་བཞུགས། །རུ་འདྲེན་སྡེ་བཞིའི་ཚོགས་རྣམས་བཅས། །ལྷ་སྲིན་སྡེ་བརྒྱད་དམག་དཔུང་ནི། །ཇི་ལྟར་ལྷ་མིའི་ཁྲོམ་ཚོགས་ལྟར། །ཉི་མའི་ཟེར་གྱི་རྡུལ་འཁྲིགས་བཞིན། །ནམ་མཁའི་ཁམས་ཀུན་གང་ནས་ཀྱང་། །མཁའ་ལ་གློག་ཕྲེང་ཇི་བཞིན་དུ། །སྐད་ཅིག་ཙམ་གྱིས་འདིར་གཤེགས་ལ། །དུར་ཁྲོད་རོལ་པའི་གཞལ་ཡས་ནས། །པད་ཉི་དགྲ་བགེགས་བསྣོལ་བའི་སྟེང་། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཁྱེད་དང་མཐུན་པའི་དམ་རྫས་ནི། །དངོས་འབྱོར་ཡིད་སྤྲུལ་ལས་བྱུང་བའི། །ངོ་མཚར་ཀུན་བཟང་མཆོད་པའི་སྤྲིན། །རབ་འབྱམས་ནམ་མཁའི་ཁམས་བཀང་ནས། །གུས་པའི་བློ་ཡི་འབུལ་ལགས་ན། །དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ། །ཁམས་གསུམ་ཀུན་ལས་རྒྱལ་བ་དང་། །དྲག་སྔགས་འབྲུག་སྟོང་ལྡིར་བ་བཞིན། །ཆོས་དབྱིངས་ངང་ལས་སྐུར་བཞེངས་པའི། །རྣམ་པ་ཀུན་ཏུ་ཁྱོད་ལ་བསྟོད། །ཁྱོད་ལ་གསོལ་དང་མཆོད་པའི་མཐུས། །སྔར་བཅོལ་ལས་ཀྱི་གཏང་རག་དང་། །ད་བཅོལ་ལས་ཀྱི་འཕྲིན་ལས་ནི། །སྔོན་ལས་འཕྲལ་རྐྱེན་ནད་གདོན་བགེགས། །མེ་ཆུ་དུག་མཚོན་གནོད་སྦྱིན་དང་། །རྒྱལ་པོའི་ཆད་པ་འབྱུང་བཞིའི་དགྲ། །འཇིགས་བརྒྱད་ཞི་བའི་ཕྲིན་ལས་མཛོད། །ཚེ་དཔལ་བསོད་ནམས་སྙན་གྲགས་རྒྱས། །དབང་ཐང་རླུང་རྟ་དགུང་དུ་བསྐྱེད། །རྒྱན་དང་རྩོད་པ་ཀུན་ལས་རྒྱལ། །ཡར་ངོའི་ཟླ་བ་ལྟ་བུར་མཛོད། །རང་རང་ཡིད་ལ་གང་འདོད་དང་། །མདོར་ན་ཁམས་གསུམ་སྲིད་གསུམ་ཀུན། །ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །ཐམས་ཅད་དབང་དུ་སྡུད་པར་མཛོད། །སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན། །བདག་ལ་བརྣག་པའི་བསམ་སྦྱོར་གྱིས། །མི་ཁ་བྲ་མཆུ་བྱུར་ངན་དང་། །ཀེག་དང་ཐན་ལྟས་ངན་པ་སོགས། །བྱད་ཕུར་རྦོད་གཏོང་ཕྲ་མེན་མཐུ། །ལོག་པར་འདྲེན་པའི་བདུད་སྡེའི་ཚོགས། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །བཀྲ་མི་ཤིས་པའི་དངོས་པོ་ཀུན། །མདོར་ན་མི་མཐུན་མཐའ་དག་རྣམས། །ཐལ་བར་བརླག་པའི་ཕྲིན་ལས་མཛོད། །དེང་ནས་བྱང་ཆུབ་མ་ཐོབ་བར། །དགྲ་ལྷའི་རྒྱལ་པོ་ཁྱོད་ཉིད་ནི། །སྒྲུབ་པའི་རིག་འཛིན་བདག་ཅག་ལ། །དུས་དང་གནས་སྐབས་ཐམས་ཅད་དུ། །ལུས་དང་གྲིབ་མར་འགྲོགས་ནས་ཀྱང་། །ཉིན་གྱི་དུས་སུ་བྱ་ར་གྱིས། །མཚན་གྱི་དུས་སུ་མེལ་ཚེ་མཛོད། །བཅོལ་བའི་ལས་རྣམས་མཐའ་དག་ཀུན། །ཅི་བསམ་ཡིད་བཞིན་འགྲུབ་པ་དང་། །ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །ཅེས་པ་འདི་ནི་ཡིག་ཐུབ་བསྟན་ནོར་བུ་དང་གད་ཐུབ་བསྟན་ནོར་འཕེལ་གཉིས་ནས་བསྐུལ་ངོར། ལྷ་མཆོག་འདི་ཉིད་ཀྱི་རྟགས་མཚན་མངོན་དུ་བྱུང་བ་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་མགོན་ཁང་དབང་དྲག་རོལ་པ་ནས་མེ་སྦྲུལ་ཟླ་ཚེས་ལ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །

་#div1 རྡོར་གྲགས་གསོལ་མཆོད།།

ཧཱུྃ། འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་གྲུ་འཛིན་པའི། །དྲེགས་པའི་སྡེ་དཔོན་སུམ་ཅུའི་ནང་ཚན་ལས། །བེ་ཧར་རྒྱལ་པོ་སྐུ་ལྔ་གསང་ཡུམ་བཅས། །བློན་པོ་འཁོར་དང་བཅས་པ་ད་ཚུར་བྱོན། །ཁྱད་པར་དགྲ་ལྷ་སྐྱེས་གཅིག་གསུང་གི་རྒྱལ། །བློན་པོ་རྡོ་རྗེ་གྲགས་ལྡན་མཐུ་རྩལ་ཅན། །སྐུ་ལྔའི་རྣམ་རོལ་གཅིག་ཏུ་མ་ངེས་པར། །སྟོན་མཛད་སྤྲུལ་པའི་ཆོས་རྒྱལ་གནས་འདིར་གཤེགས། །ཁྲག་གི་སྒོ་ང་བདུན་ལས་ཉེར་བརྡོལ་བའི། །བཙན་རྒོད་དམག་དཔོན་འབར་བ་སྤུན་བདུན་དང་། །ཁྱད་པར་ཙིའུ་དམར་པོ་ཡང་ལེ་བེར། །ཕོ་ཉ་མངགས་བཞུགས་འཁོར་བཅས་གནས་འདིར་བྱོན། །དམར་ཆེན་གཏོར་མའི་རི་བོ་མཁའ་ལ་བསྙེགས། །ཁྲག་ཆང་བཏུང་བ་རྒྱ་མཚོ་ལྟ་བུར་འཁྱིལ། །ཕྱི་ནང་གསང་བའི་མཆོད་པ་འབུལ་ལགས་ན། །རོལ་གཅིག་ཁ་རཾ་ཁཱ་ཧི་ཞལ་དུ་བཞེས། །པདྨ་ཐོད་ཕྲེང་སོ་ཟུར་གནུབ་ཉང་སོགས། །སྔགས་འཆང་རྣམས་ཀྱི་ཁྲག་འཐུང་དཀྱིལ་འཁོར་དུ། །དབང་བསྐུར་དམ་ཚིག་གཉན་པོ་ཉེར་ཕབ་ནས། །ཐུབ་བསྟན་སྐྱོང་བའི་སྲུང་མར་བཀའ་བསྒོས་བཞིན། །མ་གཡེལ་མ་གཡེལ་སྔོན་གྱི་དམ་ཚིག་དགོངས། །གསང་བ་སྔགས་ཀྱི་དམ་ཚིག་རྒྱ་མ་དྲལ། །རྡོ་རྗེའི་རི་མོ་སྤྱི་བོའི་གཙུག་མ་ཡལ། །ལྕེ་ལ་བདུད་རྩིའི་རོ་མཆོག་མ་ཉམས་པར། །བཤད་སྒྲུབ་བསྟན་པ་ཡར་ངོའི་ཟླ་ལྟར་སྤེལ། །བསྟན་འཛིན་སྐྱེས་བུ་བླ་མཆོད་སྡེ་གཉིས་སྤེལ། །གངས་ལྗོངས་ཡུལ་འདིར་འཐབ་རྩོད་མུ་གེ་དང་། །དུས་ཀྱི་འཁྲུགས་པ་མ་ལུས་ཞི་བར་མཛོད། །དགེ་བཅུའི་དཔལ་ལྡན་བསམ་གཏན་ཆོས་གླིང་འདིའི། །ཆོས་སྲིད་ཟུང་དུ་འཕེལ་བའི་མངའ་ཐང་རྒྱས། །ཆབ་སྲིད་བརྟན་ཅིང་དབུ་འཕང་བཙན་པ་སོགས། །ཞི་རྒྱས་དབང་དྲག་ཕྲིན་ལས་མ་ལུས་སྒྲུབ། །

གསུང་གི་བློན་པོ་རྡོ་རྗེ་གྲགས་ལྡན་གྱི་ཕྲིན་ལས་དོན་གྲུབ་དགེ་ལེགས་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ།།

ཧྲཱིཿ རང་མདུན་ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་ཀློང་། །མི་རོ་རྟ་རོ་སྣ་ཚོགས་ལང་ལིང་གཡོ། །དམར་ནག་ཁྲག་ཞག་རྦ་རླབས་འཁྲུགས་པ་ལ། །ཆུ་གནས་སེམས་ཅན་སྣ་ཚོགས་ཁྱུགས་སེ་ཁྱུག །ཀེང་རུས་རུས་པའི་ཚོགས་ནི་རི་ལྟར་སྤུངས། །གསུར་ཆེན་དུད་པའི་ཚོགས་ནི་སྤྲིན་ལྟར་གཏིབས། །ལས་བྱེད་ཤན་པ་ཕོ་མོ་རེངས་སེ་རེང་། །འདབ་ཆགས་བྱ་རིགས་ཚོགས་ནི་བསམ་མི་ཁྱབ། །འཇིགས་ཤིང་སྐྱི་གཡའི་གནས་མཆོག་དམ་པ་འདིར། །དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དབུས། །དགྲ་བགེགས་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་། །སྣང་སྲིད་དྲེགས་པ་ཡོངས་ཀྱི་གཙུག་གི་རྒྱན། །དབང་ཆེན་རྟ་མཆོག་པདྨ་ཧེ་རུ་ཀའི། །ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །མ་རུང་ལོག་འདྲེན་འདུལ་བའི་ལྷ་གཅིག་པུ། །གསུང་གི་བློན་པོ་རྡོ་རྗེ་གྲགས་ལྡན་ནི། །སྐུ་མདོག་དམར་པོ་པདྨ་རཱ་གའི་མདོག །ཉི་མ་འབུམ་གྱི་འོད་ཟེར་འཁྱུད་པ་ལྟར། །མི་བཟད་བཟོད་པར་དཀའ་བའི་ལང་ཚོ་ཅན། །འབར་བའི་སྐུ་མཆོག་དབང་ཕྱུག་ཧེ་རུ་ཀ །ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ་ཡི་ཚུལ། །ཕྱག་གཡས་བསེ་ཡི་རུ་མཚོན་འཁའ་ལ་འཕྱར། །བདུད་བཞིའི་གཡུལ་ལས་རྒྱལ་བའི་བ་དན་བཏགས། །བསྟན་པའི་ཉི་མ་ཕྱོགས་བཅུར་རྒྱས་པར་མཛོད། །གཡོན་པས་བཙན་ཞགས་དམར་པོ་དགྲ་ལ་འདེབས། །མ་རུང་གནོད་བྱེད་བདུད་དཔུང་ཐལ་བར་བརླག །ཞལ་གདངས་གློག་དམར་ལྟ་བའི་ལྗགས་འདྲིལ་བ། །རྣོ་དབལ་མཆེ་བ་རྣམ་བཞི་གངས་ལྟར་གཙིགས། །འབར་བའི་ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུགས། །སྡང་མིག་སྤྱན་ལས་འོད་ཟེར་སྐར་མདའ་འཕྲོ། །སྨ་ར་སྨིན་མ་ཨག་ཚོམ་མེ་ལྟར་འབར། །ཤངས་ནས་རྡོ་རྗེའི་རླུང་འཚུབས་ཐོག་ཆར་འབེབས། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ། །དམར་ནག་མེ་ཡི་ཚྭ་ཚྭ་སྐར་ལྟར་འཁྲུགས། །དབུ་ལ་བསེ་རྨོག་གསེར་གྱི་འོད་འཕྲོ་ཅན། །ཐོད་པ་སྐམ་པོ་ལྔ་ཡི་དབུ་བརྒྱན་ལ། །སྣ་ཚོགས་རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས། །རབ་མཛེས་རིན་ཆེན་ཐོད་པའི་ཁང་བུའི་ནང་། །འབར་བ་ཁྲག་འཐུང་རིགས་ལྔའི་ལྷ་ཚོགས་བཞུགས། །རྡོ་རྗེ་ཕ་ལམ་གསེར་དངུལ་བཻཌཱུརྱ། །པདྨ་ར་ག་མར་གད་མུ་མེན་དང་། །ཨིནྡྲ་ནི་ལ་དུང་དང་བྱུ་རུ་གཡུ། །མུ་ཏིག་ཤེལ་སོགས་རིན་ཆེན་ཁྲ་ཚོམ་སྤྲས། །རྨོག་གི་དབུས་སུ་རྒྱལ་མཚན་བཙུགས་པ་ལ། །འདོད་འབྱུང་ཡིད་བཞིན་ནོར་བུའི་ཏོག་གིས་མཛེས། །ཕྱོགས་བཞིར་ཟ་འོག་སྣ་ལྔའི་རུ་དར་ལ། །རྒོད་ཆུང་ཐིལ་ཆུང་ལྔ་ལྔ་དག་གིས་བརྒྱན། །རྨོག་གི་མདུན་དུ་མིག་སྨན་མདོག་ཅན་ལ། །འོད་སྟོང་འཕྲོ་བའི་གསེར་གྱི་རལ་གྲིས་བརྒྱན། །གསང་གོས་ལྗང་གུ་རྒྱས་པའི་མདངས་ལྡན་མནབས། །ཟ་འོག་དམར་ཁྲའི་རྩེ་བེར་གཉིས་བརྩེགས་ལ། །རིན་ཆེན་གསེར་གྱི་རི་མོ་ཅིར་ཡང་བཀྲ། །དེ་སྟེང་གསེར་གྱི་རྡོ་རྗེ་གྲངས་མེད་ཀྱིས། །གཏམ་པའི་གོ་ཁྲབ་འོད་འབར་སྐུ་ལ་གསོལ། །རིན་ཆེན་སྣ་ཚོགས་རུས་པའི་རྒྱན་གྱིས་སྤྲས། །སྐུ་ཡི་རྒྱབ་ཏུ་རྒྱལ་མཚན་རྣམ་དགུ་ལ། །འདོད་འབྱུང་རིན་ཆེན་ནོར་བུའི་ཏོག་གིས་མཛེས། །མཚམས་སུ་ཟ་འོག་རྣམ་ལྔའི་རུ་དར་བཅས། །ཐུགས་རྒྱན་མེ་ལོང་ཐུགས་སྲོག་ཧྲཱིཿཡིས་མཚན། །ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་དོར་སྟབས་ཅན། །སྭག་ལྷམ་ཡུ་རིང་འཇའ་རིས་འཁྱིལ་བ་གསོལ། །གཡོན་དུ་ཡུམ་ཆེན་གཟི་བརྗིད་ཆེན་མོ་ནི། །བཅོ་ལྔའི་ཟླ་ལྟར་གཞོན་ནུའི་ལང་ཚོ་ཅན། །རེག་ན་བདེ་བའི་དཔལ་སྟེར་ཡིད་འོང་མ། །མཐིང་ནག་བེར་ཆེན་གསེར་གྱི་ཧ་རིས་ཅན། །དེ་སྟེང་དར་དཀར་གོ་ཟུ་གཡང་ལུག་གསོལ། །སྣ་ཚོགས་རིན་པོ་ཆེ་ཡི་དོ་ཤལ་ཅན། །མནྡ་ར་དང་ཨུཏྤལ་པདྨ་དང་། །ཀུ་མུཏྟ་དང་ཨུ་དུམ་ཝ་ར་ཡི། །ཁ་དོག་སྣ་ལྔའི་མེ་ཏོག་ཕྲེང་བས་བརྒྱན། །དབུ་སྐྲ་སིལ་མ་བུང་བ་ལྟ་བུར་གནག །གཡུ་དང་བྱུ་རུ་མུ་ཏིག་ལན་ཚར་ཅན། །ཡིད་འོང་ལྷ་ཡི་མེ་ཏོག་ཐོད་དུ་བཅིངས། །ཕྱག་གཡས་རིན་ཆེན་གསེར་གྱི་རྩེ་གསུམ་དང་། །གཡོན་པས་ཐོད་པ་བདུད་རྩིས་བཀང་བ་བསྣམས། །རྟག་ཏུ་ཡབ་ལ་རྗེས་སུ་ཆགས་པའི་ཚུལ། །ཞབས་གཉིས་མཉམ་པའི་སྟབས་ཀྱི་བཞེངས་ཏེ་བཞུགས། །གཡས་སུ་སྤྲུལ་པ་རབ་བྱུང་ཆ་བྱད་ཅན། །ཟ་འོག་སྟོད་འགགས་དར་སྔོན་ཤམ་ཐབས་ཅན། །ཆོས་གོས་ངུར་སྨྲིག་དར་ཞུ་སེར་པོ་གསོལ། །ཕྱག་གཉིས་ཙན་དན་བེང་ཆེན་མཁའ་ལ་འཕྱར། །ལྕགས་ཀྱི་ཕྲེང་བས་དགྲ་བོ་རྩིས་ལ་འདེབས། །ཞབས་གཉིས་དོར་སྟབས་ཕག་ནག་སྟེང་དུ་འགྱེང་། །མདུན་དུ་བློན་པོ་བདུད་ནག་མི་སྡུག་པ། །མི་བཟད་རལ་པ་དམར་སེར་གྱེན་དུ་བརྫེས། །སྐུ་ལ་དམར་ནག་དར་གྱི་བེར་ཆེན་གསོལ། །ཕྱག་གཡས་མདུང་དར་ནག་པོ་མཁའ་ལ་འཕྱར། །གཡོན་པས་རྒྱུ་ཞགས་དམ་ཉམས་འཆིང་བར་བྱེད། །གཡས་ཀྱི་རུ་འདྲེན་དཔའ་བོ་སྟག་ཆས་བརྒྱ། །གཡོན་གྱི་རུ་འདྲེན་བུད་མེད་ནག་མོ་འབུམ། །སྔོན་གྱི་ཤུལ་མཚོན་དགེ་སློང་དགྲ་བཅོམ་སྟོང་། །ཕྱི་ཡི་རྗེས་ཉུལ་སྟག་ཆས་འབུམ་ཕྲག་སྟོང་། །སྐུ་ཡི་སྐྱོ་བསང་གར་མཁན་བརྒྱ་ཡི་ཚོགས། །གཞན་ཡང་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཚོགས། །དམ་ཅན་རྒྱ་མཚོའི་དམག་དཔུང་སྤྲིན་ལྟར་གཏིབས། །ལྷ་ཚོགས་རྣམས་ཀྱི་གནས་གསུམ་ཡི་གེ་གསུམ། །དེ་ལས་འོད་འཕྲོས་བེ་ཧར་དཀོར་མཛོད་གླིང་། །བྷ་ཏ་ཧོར་གྱི་སྒོམ་གྲྭ་ལ་སོགས་པ། །རང་བཞིན་གར་བཞུགས་གནས་མཆོག་དམ་པ་ནས། །མཐུ་ཆེན་རྡོ་རྗེ་གྲགས་ལྡན་འཁོར་དང་བཅས། །སྐད་ཅིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །སྤྱན་འདྲེན་ནི། ཧྲཱིཿ ཀ་དག་སྐྱེ་འགགས་འཕོ་འགྱུར་བྲལ་བ་ལ། །ཁ་དོག་སྣ་ཚོགས་ཅིར་ཡང་མ་ངེས་ཞིང་། །ག་ལ་བ་དེར་སྣང་བའི་ཆོས་རྒྱལ་ཆེ། །ང་ཡིས་འབོད་ཚེ་གནས་འདིར་གཤེགས་སུ་གསོལ། །ཅ་ག་རིན་ཆེན་རྒྱན་ལྡན་ཟབ་བེར་གོས། །ཆ་ལུགས་ལས་བཞིའི་རྣམ་འགྱུར་ཅིར་ཡང་སྟོན། །ཇ་རིལ་ཐོད་མཁར་མེ་རླུང་འཚུབས་མ་འདིར། །ཉ་རྒྱས་ཇི་བཞིན་དགྱེས་པའི་ཚུལ་གྱིས་གཤེགས། །ཏ་ཐཱ་ག་ཏ་པདྨ་ཀ་རཱ་ཡི། །ཐ་ཚིག་རྡོ་རྗེའི་གཡར་དམ་རྗེས་དགོངས་ཏེ། །ད་ལྟ་རིག་འཛིན་རྣལ་འབྱོར་བདག་ཅག་ལ། །ན་མར་བརྩེ་བས་དགོངས་ཏེ་གཤེགས་སུ་གསོལ། །པ་སངས་ལ་སོགས་དྲེགས་པ་ཀུན་གྱི་གཙོ། །ཕ་རོལ་ཤིན་ཏུ་བརྣག་པའི་བདུད་སྡེའི་ཚོགས། །བ་མོ་འོད་སྟོང་བརྒྱ་བས་བཞུས་པ་ལྟར། །མ་ལུས་ལྷག་མེད་གཞོམ་ཕྱིར་གཤེགས་སུ་གསོལ། །ཙ་སད་སེར་གསུམ་ཆོ་འཕྲུལ་སྣ་ཚོགས་དང་། །ཚ་གྲང་རྒྱུ་གཟེར་གཏོང་བའི་མཐུ་བོ་ཆེ། །ཛ་ཡའི་བསྟན་ལ་བླང་དོར་ལེགས་ཉེས་ནི། །ཝ་ལེར་མཁྱེན་པའི་མངའ་བདག་གཤེགས་སུ་གསོལ། །ཞ་ལྟར་ཀུན་གྱིས་གཙུག་ཏུ་བཀུར་བ་ཡི། །ཟ་བྱེད་དཔའ་བར་རྔམས་པའི་ཁྲོ་བོའི་རྒྱལ། །འུ་འུར་དྲག་པོའི་རླུང་ནག་འཚུབས་མ་བཅས། །ཡ་མཚན་ལྡན་པའི་ལྷ་མཆོག་གཤེགས་སུ་གསོལ། །རཱ་ཛ་རྒྱལ་འགོང་དམ་སྲི་ཤི་འདྲེའི་ཚོགས། །ལ་ལུང་མེད་པར་ཁྱབ་པའི་བདུད་སྡེའི་ཚོགས། །ཤ་ཟ་ཁྲག་འཐུང་ཁྱོད་ཀྱིས་འདུལ་བའི་ཕྱིར། །ས་དང་བར་སྣང་ཁྱོན་ཀུན་གང་བར་གཤེགས། །ཧ་ཡ་གྲཱྀ་ཝའི་བཀའ་སྡོད་མཐུ་བོ་ཆེ། །ཨ་ཧོ་ངོ་མཚར་རྣམ་འགྱུར་མཐའ་ཡས་པ། །ཁྲོ་རྒྱལ་འབར་བའི་རྡོ་རྗེའི་སྟངས་སྟབས་ཀྱིས། །སྐད་ཅིག་དབང་གི་གནས་འདིར་གཤེགས་སུ་གསོལ། །ཧྲཱིཿ དབང་ཆེན་རྟ་གདོང་པདྨ་ཧེ་རུ་ཀའི། །ཡང་སྤྲུལ་རྔམས་བརྗིད་འབར་བའི་སྐུར་སྟོན་པ། །སྤྲུལ་པའི་ཆོས་རྒྱལ་བསྟན་སྲུང་དབང་པོའི་ཚོགས། །བསྐལ་ངན་དུས་ཀྱི་སྙིགས་མའི་ཡང་མཐའ་འདིར། །མ་རུང་གདུག་པའི་ཚོགས་རྣམས་འདུལ་བའི་ཕྱིར། །གདོད་ནས་སྙིང་རྗེ་ཆེན་པོའི་རང་བཞིན་ལ། །ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲོས་པའི་སྐུ། །གསང་ཡུམ་སྤྲུལ་པ་བློན་པོ་རུ་འདྲེན་དང་། །སྣང་སྲིད་དྲེགས་པའི་དམག་དཔུང་ཚོགས་དང་བཅས། །རྣལ་འབྱོར་བདག་གི་དད་པས་སྤྱན་འདྲེན་ན། །ལེ་བརྒན་དར་གྱི་གཡབ་མོ་འཚུབས་སེ་འཚུབ། །མི་རྐང་གླིང་བུའི་ཚོགས་ནི་དི་རི་རི་།དཔལ་གྱི་བྲོ་བརྡུངས་གར་སྟབས་ཤིགས་སེ་ཤིག །རྔམས་པའི་ང་རོ་འབྲུག་སྟོང་འུ་རུ་རུ། །རབ་ཏུ་དགྱེས་པའི་གད་རྒྱངས་ཡ་ལ་ལ། །མ་སྲིང་བཤུག་པའི་གླུ་ལེན་ཀྱུ་རུ་རུ་། །དམར་ནག་མེ་ཡི་ཚྭ་ཚྭ་ཐོ་རོ་རོ། །བསྐལ་བའི་གློག་དམར་ཞགས་པ་ཁྱུགས་སེ་ཁྱུག །རླུང་ནག་འཚུབས་མ་མང་པོ་འུ་རུ་རུ། །གནམ་ལྕགས་ཐོག་གི་བུ་ཡུག་ཤ་ར་ར། །བྱ་ནག་འདབ་ཆགས་ཚོགས་ནི་ཐིབས་སེ་ཐིབ། །ཟ་བྱེད་གཅན་གཟན་ཚོགས་ནི་འདུ་རུ་རུ། །ཤན་པ་ཕོ་མོའི་དམག་ཚོགས་སྤུངས་སེ་སྤུང་། །དད་དང་དམ་ཚིག་དབང་གིས་སྤྱན་འདྲེན་ན། །དབུ་རྩེ་རིམ་གསུམ་དཀོར་མཛོད་གླིང་གསུམ་དང་། །བྷ་ཏ་ཧོར་གྱི་སྒོམ་གྲྭའི་གནས་མཆོག་ནས། །མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ བཞུགས་ནི། ཧྲཱིཿ ཀ་དག་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་། །ཁ་བ་ཅན་གྱི་བསྟན་སྲུང་ཚུལ་འཛིན་པ། །ག་རུ་བཞུགས་ཀྱང་བསྟན་པ་བསྲུང་བའི་ཕྱིར། །ང་ཅག་སྒྲུབ་ལ་དགོངས་ཏེ་བཞུགས་སུ་གསོལ། །ཅ་ཅོ་ཨ་ར་ལི་ཡི་སྒྲ་དང་བཅས། །ཆ་ལུགས་ཁྲོ་རྒྱལ་འབར་བའི་རྣམ་འགྱུར་གྱི། །ཇ་རིལ་མི་མགོ་བརྩེགས་པའི་ཕོ་བྲང་ཆེར། །ཉ་ཤ་ཁྲག་ཞག་རྒྱ་མཚོར་བཞུགས་སུ་གསོལ། །ཏ་ཐཱ་ག་ཏའི་བསྟན་སྲུང་མཐུ་བོ་ཆེས། །ཐ་བ་ལྟ་བུ་མ་རུང་བདུད་སྡེའི་ཚོགས། །ད་ལྟ་ཉིད་དུ་མངོན་སྤྱོད་ཕྲིན་ལས་ཀྱིས། །ན་ཚ་སྡུག་བསྔལ་སྦྱངས་ཕྱིར་བཞུགས་སུ་གསོལ། །པ་སངས་ལྟ་བུ་སྙིང་རྗེ་ཆེན་པོ་ཡིས། །ཕ་མས་བུ་ལ་བརྩེ་བ་ཇི་བཞིན་དུ། །བ་མཆོག་དཔག་བསམ་ཤིང་ལས་དངོས་གྲུབ་རྒྱུན། །མ་ལུས་ལྷག་མེད་སྩོལ་ཕྱིར་བཞུགས་སུ་གསོལ། །ཙ་སད་སེར་གསུམ་ལྟས་ངན་ཆོ་འཕྲུལ་བདག །ཚ་གྲང་གདུང་བ་མཐའ་དག་སེལ་མཛད་ཅིང་། །ཛ་ཡའི་བསྟན་ལ་ཉིན་མཚན་དུས་དྲུག་ཏུ། །ཝ་ལེར་སྐྱོང་མཛད་མཐུ་ཆེན་བཞུགས་སུ་གསོལ། །ཞྭ་དམར་བསྟན་དང་བསྟན་འཛིན་སྐྱོང་བ་དང་། །ཟ་འཐུང་དཔལ་འབྱོར་ལོངས་སྤྱོད་རྒྱས་མཛད་པའི། །འ་ཅག་ལྷ་མཆོག་ཁྱོད་ཉིད་བསྒྲུབ་ལགས་ན། །ཡ་མཚན་ལྡན་པའི་ལྷ་མཆོག་བཞུགས་སུ་གསོལ། །རཱ་ཛ་སྤྲུལ་པའི་ཆོས་རྒྱལ་འཁོར་དང་བཅས། །ལ་ལ་ཞི་དང་ལ་ལ་ཁྲོ་བོའི་ཚུལ། །ཤ་ཟ་ཁྲག་འཐུང་ཡོངས་ཀྱི་མངའ་བདག་པོ། །ས་བཅུའི་དབང་ཕྱུག་ཁྱོད་ཉིད་བཞུགས་སུ་གསོལ། །ཧ་ལ་ཉོན་མོངས་དུག་ལྔས་གཟིར་བ་ཡི། །འགྲོ་རྣམས་ཡེ་ཤེས་ལྔ་ཡི་ངོ་བོ་རུ། །སྨིན་ཅིང་གྲོལ་བའི་དངོས་གྲུབ་སྩོལ་བ་དང་། །ཨ་ལ་ལ་ཡི་ངོ་མཚར་རྨད་པོ་ཆེ། །ཕྲིན་ལས་ས་གསུམ་ཁྱབ་ཕྱིར་བཞུགས་སུ་གསོལ། །ཕྱག་འཚལ་བ་ནི། ཀ་ཡེ་གསོན་ཅིག་དགོངས་ཤིག་ཆོས་རྒྱལ་ཚོགས། །ཁ་འཇམ་སྙིང་རྩུབ་མི་དང་མི་མིན་རྣམས། །ག་རུ་གནས་ཀྱང་ཐལ་བར་བརླག་མཛད་པའི། །ང་ཅག་དགྲ་ལྷའི་ཚོགས་ལ་གུས་པས་འདུད། །ཅ་ཅོ་གླུ་དང་བསྭོ་ལ་དགྱེས་པར་བྱེད། །ཆ་ལུགས་དགྲ་བླའི་རྒྱལ་པོའི་ཚུལ་སྟོན་པ། །ཇ་དར་གསེར་དངུལ་ཀུན་བདག་ནོར་ལྷའི་གཙོ། །ཉ་རྒྱས་ཇི་བཞིན་དགྲ་བླ་ཁྱོད་ལ་འདུད། །ཏ་ཐཱ་ག་ཏ་པདྨ་ཐོད་ཕྲེང་གི །ཐ་ཚིག་རྡོ་རྗེའི་ཡལ་གམ་ཕོག་པ་ཡི། །ད་ལྟ་སྙིགས་མ་ལྔ་ཡི་ཡང་མཐའ་འདིར། །ན་མར་རྟག་ཏུ་སྐྱོང་མཛད་ཁྱོད་ལ་འདུད། །པ་ར་མི་ཏའི་སྙིང་རྗེའི་རོལ་གར་ལས། །ཕ་རོལ་རྒོལ་འཇོམས་དགྲ་ལྷའི་སྐུར་བཞེངས་བ། །བ་ལང་བཞིན་དུ་རྨོངས་བའི་འགྲོ་བ་རྣམས། །མ་ཡིས་བུ་བཞིན་སྐྱོང་མཛད་ཁྱོད་ལ་འདུད། །ཙཱརྱ་སྤྱོད་པ་རྩུབ་མོའི་བདུད་སྡེའི་ཚོགས། །ཚ་གྲང་གདུག་པའི་དབལ་གྱིས་འཇོམས་མཛད་པ། །ཛ་ཧུའི་བུ་མོའི་རྒྱུན་བཞིན་ཕྲིན་ལས་ཀྱིས། །ཝ་ལེར་རྟག་ཏུ་མགོན་མཛད་ཁྱོད་ལ་འདུད། །ཞ་ཉེ་མི་མཐུན་ཚོགས་རྣམས་རིང་དུ་བསྐྲད། །ཟ་བྱེད་དཔའ་བར་རྔམས་པའི་དགྲ་བླའི་རྒྱལ། །འ་འུར་རྔམས་པའི་གད་རྒྱངས་ཡ་ལ་ལ། །ཡ་མཚན་རྫུ་འཕྲུལ་ཀུན་བདག་ཁྱོད་ལ་འདུད། །རཱ་ཛ་རྒྱལ་འགོང་དམ་སྲི་ཤི་འདྲེའི་ཚོགས། །ལ་ལ་ཙམ་མིན་མ་ལུས་ལྷག་མེད་ཀུན། །ཤ་སྟག་ཁྱོད་ཀྱིས་མིང་ཙམ་མེད་པར་མཛོད། །ས་གསུམ་དབང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཧ་ཧ་གད་མོའི་ས་གསུམ་གཡོ་ཞིང་འདར། །བདུད་སྡེ་འཇོམས་པའི་དཔའ་བོ་ཁྱོད་ཉིད་ཀྱི། །བདག་ཅག་དུས་འདི་ནས་བཟུང་བྱང་ཆུབ་བར། །ཨ་མས་བུ་ལ་བརྩེ་བ་ཇི་བཞིན་དུ། །རྟག་ཏུ་མགོན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ། པྲ་ཏིཙྪ་ཧོ། མཆོད་པ་ནི། ཧྲཱིཿ ཀ་པཱ་ལ་ཡི་བྷནྡྷའི་སྣོད་ཡངས་སུ། །ཁ་དོག་དྲི་རོའི་ངད་ལྡན་ཨ་མྲྀ་ཏ། །ག་ཤལ་མགོ་བོ་རློན་པའི་སྣོད་ཡངས་སུ། །ང་བདག་གཟུང་འཛིན་བསྒྲུབ་བའི་རཀྟའི་མཚོ། །ཅ་ག་རོ་བརྒྱ་ལྡན་པའི་བ་ལིངྟ། །ཆ་ལུགས་དཔལ་གཏོར་བརྗིད་ལྡན་རི་ལྟར་སྤུངས། །ཇ་ཆང་གསེར་སྐྱེམས་གཡུ་སྐྱེམས་ཕུད་ཀྱི་མཚོ། །ཉ་རྒྱས་ཟླ་བ་ལྟ་བུར་ཁྱོད་ལ་འབུལ། །ཏ་ཐཱ་ག་ཏའི་རྗེས་འཇུག་བདག་ཅག་གིས། །ཐ་དད་མཐུན་རྫས་རྣམ་མང་བྱེ་བྲག་ཚོགས། །ད་ལྟ་དངོས་འབྱོར་ཡིད་སྤྲུལ་མཆོད་པའི་སྤྲིན། །ན་མར་མཐུ་སྟོབས་དབང་ཕྱུག་ཁྱོད་ལ་འབུལ། །པ་ནའི་རྒྱུན་བཞིན་མི་ཟད་རྒྱུན་རིང་པོ། །ཕ་མཐའ་ཡས་པའི་ཀུན་བཟང་མཆོད་པའི་སྤྲིན། །བ་ལང་སྤྱོད་སོགས་གླིང་བཞིའི་མགོན་ཁྱོད་ལ། །མ་ཚང་མེད་པར་ཕུལ་བའི་བྱིན་རླབས་ཀྱིས། །ཙ་རི་ལ་སོགས་རྐང་བཞི་རྒྱས་པ་དང་། །ཚ་གྲང་འདུ་བའི་ནད་རྣམས་ཀུན་ཞི་ནས། །ཛ་ཡི་བསྟན་ལ་འཁུ་བར་བྱེད་པ་རྣམས། །ཝ་ལྟར་ཞུམ་ཅིང་རིགས་རྒྱུད་རྩད་ནས་ཆོད། །ཞྭ་ལྟར་སྡེ་བརྒྱད་ཀུན་གྱི་གཙུག་གི་རྒྱན། །ཟ་བྱེད་དཔའ་བར་རྔམས་པ་ཁྱོད་ཉིད་ཀྱིས། །འ་ཅག་སྒྲུབ་པའི་རིག་འཛིན་བདག་ཅག་ལ། །ཡ་མཚན་ལྡན་པའི་དངོས་གྲུབ་སྩལ་དུ་གསོལ། །ར་ཛ་ཆེན་པོ་དགྲ་བླ་ཁྱོད་ཉིད་ཀྱིས། །ལ་ཆུ་འཕྲང་སོགས་བདག་ཅག་བགྲོད་པའི་ཚེ། །ཤ་སྟག་ཁྱོད་ཀྱི་ཐ་ཚིག་མ་གཡེལ་ཅིག །ས་ཕྱོགས་གང་དུ་གནས་ཀྱང་སྡོང་གྲོགས་མཛོད། །ཧ་ཅང་བྱང་ཆུབ་སྙིང་པོ་མ་ཐོབ་བར། །ཨ་ཏིའི་བསྟན་ལ་བདག་ཅག་ཞུགས་ནས་ཀྱང་། །ཀ་དག་གདོད་མའི་རྒྱལ་ས་མ་ཟིན་བར། །སྡོང་གྲོགས་ཕྲིན་ལས་རྣམ་བཞི་མ་གཡེལ་ཅིག །ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྟ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་ཁ་ཧི། གཏོར་འབུལ་ནི། དགྲ་ལྷའི་རྒྱལ་པོ་རྡོ་རྗེ་གྲགས་ལྡན་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པའི་འོད་ཀྱི་སྦུ་གུ་ཅན་གྱི་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་རཀྴ་རཱ་ཛ་དུམ་བུ་ཤིག་ཙིཏྟ་ཟུང་སོད། མ་ལེ་ཐུན། མ་ལེ་རཱ་ཛ་བྷྱོཿས་པ་རི་ཝ་ར་ཨེ་དཾ་སོགས་ལན་གསུམ།བསྟོད་པ་ནི། ཧྲཱིཿ ཀ་དག་ངང་ལས་སྙིང་རྗེ་ཁྲོས་པའི་སྐུ། །ཁ་དོག་དུས་མཐའི་མེ་ཡི་ཕུང་པོ་འདྲ། །ག་བུར་མདངས་འཛིན་གསང་བའི་ཡུམ་ཆེན་མ། །ང་ཅག་དང་བའི་ཡིད་ཀྱིས་བསྟོད་པར་བགྱི། །ཅ་ཅོ་གདུང་བའི་ང་རོས་འབོད་པའི་ཚེ། །ཆ་ལུགས་ཕྲིན་ལས་རྣམ་བཞིའི་རོལ་གར་གྱིས། །ཇ་རིལ་ཐོད་པའི་སྐུ་མཁར་སྐྱི་གཡའི་ནང་། །ཉ་རྒྱས་བཞིན་དུ་བཞུགས་མཛད་ཁྱོད་ལ་བསྟོད། །ཏ་བ་ན་ལྟར་ཚ་བའི་མེ་དབལ་གྱིས། །ཐ་མལ་མི་དང་མི་མིན་འབྱུང་པོའི་ཚོགས། །ད་ལྟ་ཉིད་དུ་མངོན་སྤྱོད་ཕྲིན་ལས་ཀྱིས། །ན་ཚ་དྲག་པོས་ཚར་གཅོད་མཛད་ལ་བསྟོད། །པ་རི་དཱེ་ཝ་ན་ཞེས་ཁྱོད་འབོད་ན། །ཕ་རོལ་རི་རབ་ལྟ་བུའི་དགྲ་སྡེའི་ཚོགས། །བ་མོ་རྟ་བདུན་བདག་པོས་བཞུས་པ་བཞིན། །མ་ལུས་ལྷག་མེད་དབྱིངས་སུ་སྒྲོལ་ལ་བསྟོད། །ཙཱརྱ་ལས་བཞིའི་སྤྱོད་པའི་རོལ་གར་གྱིས། །ཚ་གྲང་སྡུག་བསྔལ་དྲག་པོ་ཁྱད་བསད་ནས། །ཛ་ཡའི་བསྟན་པ་རྟག་ཏུ་སྐྱོང་མཛད་པ། །ཝ་ལེར་སྒྲིབ་མེད་མཁྱེན་པ་ཁྱོད་ལ་བསྟོད། །ཞྭ་ལྟར་གཙུག་རྒྱན་མཚོ་སྐྱེས་རྡོ་རྗེ་ལ། །ཟ་བྱེད་དྲེགས་པ་ཁྱོད་ཀྱིས་མངོན་བསྟོད་པ། །འ་ཅག་མ་ཡིས་བུ་བཞིན་སྐྱོང་མཛད་པ། །ཡ་མཚན་ལྡན་པའི་དབང་ཕྱུག་ཁྱོད་ལ་བསྟོད། །རཱ་ཛ་ཆོས་འཁོར་སྐྱོང་བའི་མངའ་བདག་པོ། །ལ་ལ་ཙམ་མིན་སྲིད་གསུམ་ཡོངས་ཀྱི་བདག །ཤ་ཟ་དྲེགས་པ་ཀུན་གྱི་གཙུག་གི་རྒྱན། །ས་གསུམ་སྐྱེ་དགུའི་ལྷ་མཆོག་ཁྱོད་ལ་བསྟོད། །ཧྱ་གྷྲི་ཝའི་བཀའ་སྡོད་མཐུ་བོ་ཆེ། །ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབ་པའི་ལྷ། །རྩེ་གཅིག་མོས་པས་ཁྱོད་ཉིད་སྒྲུབ་ལགས་ན། །ཨ་ནནྷ་ཞེས་དངོས་གྲུབ་སྩལ་དུ་གསོལ། །སྔགས་འཁོར་ནི། བདག་ཉིད་ལྷར་གསལ་བའི་ཐུགས་ཀའི་འོད་ཀྱིས་བསྐུལ་བས། དགྲ་བླའི་རྒྱལ་པོ་རྡོ་རྗེ་གྲགས་ལྡན་གྱི་སྔོན་གྱི་ཐུགས་དམ་གཉན་པོ་རྗེས་སུ་དགོངས་ཏེ་ཕྲིན་ལས་རྣམ་བཞིའི་ལས་ཐོགས་མེད་དུ་བསྒྲུབས་པར་གྱུར། ཨོཾ་རཀྴ་ར་ཛཿ་དུམ་བུ་ཤིག་ཙིཏྟ་ཟུང་སོད།མ་ལེ་ཐུན་མ་ལེ་ར་ཛཿ་བྷྱོ། ལན་གསུམ། བཛྲ་པུཥྤེ་སོགས་ཤབྟ་ཨ་མྲྀ་ཏ་རཀྟ་བ་ལིངྟ་མ་ཧཱ་སརྦ་པཱ་ཛ་ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཁམས་གསུམ་ཀུན་ལས་རྒྱལ་བའི་སྟོབས་ལྡན་སྐུ། །དྲག་སྔགས་ཚ་ཟེར་ཐོག་འབེབས་དབྱར་རྔའི་གསུང་། །ཆོས་དབྱིངས་ལྷན་སྐྱེས་བདེ་ཆེན་རོ་གཅིག་ཐུགས། །བསྟན་སྲུང་དགྲ་བླའི་གཙོ་ལ་ཕྱག་འཚལ་བསྟོད། །ཕྲིན་བཅོལ་ནི། ཀི་བསྭོ་ཆ་ཡིས་དགྲ་ལྷ་རབ་དགྱེས་ཤིང་། །ཁུ་འཕང་གནམ་ལྕགས་ཐོག་གི་བུ་ཡུག་འཚུབས། །གེ་སར་ལས་འཁྲུངས་པདྨ་ཀ་ར་ཡིས། །ངོ་མཚར་དགྲ་ལྷའི་རྒྱལ་པོར་མངའ་གསོལ་བ། །ཅི་ནས་རྣལ་འབྱོར་རྟོག་པའི་རོལ་མོའི་ཚོགས། །ཆུ་ལས་ཆུ་བུར་རྡོལ་བ་ཇི་བཞིན་དུ། །རེ་ཞིག་མ་ཡིན་རང་བྱུང་རང་ཤར་དུ། །ཉོ་ཚོང་མེད་པར་དབྱིངས་སུ་གྲོལ་བར་མཛོད། །ཏི་ལ་ཨ་ཏིའི་བསྟན་པ་རིན་པོ་ཆེ། །ཐུ་བོ་རྒྱལ་དང་རྒྱལ་སྲས་འཕགས་པའི་ཚོགས། །དེ་དག་དུས་དྲུག་སྐྱོང་ཞིང་བསྲུང་བ་དང་། །ནོ་པི་ཀ་ཡི་མགོན་དུ་བཞུགས་པར་མཛོད། །པི་ཝང་སྒྲ་ལྟར་སྙན་གྲགས་རྒྱས་པ་དང་། །ཕུ་ཆུ་ལྟ་བུར་གསེར་དངུལ་དར་ཟབ་འབྲུ། །དེ་ལུག་རྟ་དྲེལ་ལ་སོགས་ཕྱུགས་ཀྱི་རིགས། །མོ་ཧར་བྱེད་པའི་རྫས་ལྟར་སྤེལ་བར་མཛོད། །ཙིཏྟ་སྲོག་ལ་རབ་ཏུ་རྔམས་བྱེད་ཅིང་། །ཚུལ་རོལ་ཤཱཀྱའི་བསྟན་ལ་སྨན་མཛད་ཅིང་། ཛེ་ཏའི་ཚལ་སོགས་གླིང་བཞིར་དབང་བསྒྱུར་བས། །ཝོ་ཛི་ཧའི་སོགས་ཀུན་གྱི་མངོན་བསྟོད་པ། །ཞི་དང་ཁྲོ་བོ་ཞི་མ་ཁྲོ་ཡི་ཚུལ། །ཟུ་ར་རྭ་སྐྱེས་ལ་སོགས་སྡེ་བརྒྱད་གཙོ། །འེ་ཞེས་ཐུགས་དམ་གནད་ནས་བསྐུལ་ལགས་ན། །ཡོ་གའི་དགྲ་རྣམས་མ་ལུས་འདུལ་བར་མཛོད། །རི་རབ་ལྟ་བུར་དཔལ་གྱི་གཏོར་མ་དང་། །ལུ་མའི་རྒྱུན་བཞིན་སྨན་དང་རཀྟའི་མཚོ། །ཤེ་མུན་ཉམས་ང་མེད་པར་མཆོད་པའི་སྤྲིན། །སོ་སོར་དགྱེས་པའི་མཆོད་པ་འབུལ་ལགས་ན། །ཧི་ཧི་རྡོ་རྗེ་ངོ་མཚར་གླུ་དང་བཅས། །མ་ལུས་ལྷག་མ་མེད་པར་བཞེས་ནས་ཀྱང་། །ཨུ་ད་དྷི་ལྟར་ཚེ་བསོད་དཔལ་འབྱོར་སོགས། །རབ་ཏུ་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། །ཅེས་པ་འདི་ཡང་ལྕགས་མོ་བྱ་ལོའི་འབུམ་འགྱུར་ཟླ་བའི་ཚེས་བཅོ་ལྔའི་ཉིན་རང་ཁང་འཆི་མེད་གྲུབ་པའི་དགའ་ཚལ་ནས། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེའོ། །

གསུང་བློན་རྡོ་རྗེ་གྲགས་ལྡན་གྱི་གསོལ་མཆོད་བསྡུས་པ་བཞུགས་སོ།།

ཀ་མ་ལ་དང་ཉི་མ་དགྲ་བགེགས་སྟེང་། །ཁ་དོག་དུས་མཐའི་མེ་ལྟར་བཟོད་པར་དཀའ། །ག་རུ་བཞུགས་ཀྱང་རྣལ་འབྱོར་བདག་གི་མགོན། །ང་ཡི་འབོད་ཚེ་རྒྱལ་ཆེན་ཁྱོད་ཉིད་ནི། །ཅ་ག་སྤྱན་གཟིགས་བརྟེན་རྫས་མཐུན་པའི་རྫས། །ཆ་ཤས་མ་ཡིན་ནམ་མཁའའི་སྐར་ལྟར་བཀྲ། །ཇ་ཆང་ལ་སོགས་བཤམ་པའི་ཕོ་བྲང་འདིར། །ཉ་དགྱེས་ཟླ་བ་ཇི་བཞིན་འདིར་བྱོན་ལ། །ཏ་ཐཱ་ག་ཏའི་བསྟན་པ་སྲུང་བ་དང་། །ཐ་མལ་གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །ད་ལྟ་ཉིད་དུ་མངོན་སྤྱོད་ཕྲིན་ལས་ཀྱི། །ན་ཚ་དྲག་པོའི་རྐྱེན་གྱིས་བརླག་པར་མཛོད། །པ་སངས་ལྟ་བུ་སྒྲུབ་ལ་བུ་བཞིན་སྐྱོང་། །ཕ་རོལ་ལོག་འདྲེན་འདུལ་བའི་གཤེད་པོ་ཆེ། །བ་མཆོག་ནོར་གྱི་བང་མཛོད་ལྟ་བུ་ཡི། །མ་འབད་ལྷུན་གྲུབ་དངོས་གྲུབ་ཀུན་གྱི་བདག །ཙ་ར་གཡག་ལུག་རྟ་དྲེལ་རྐང་བཞིའི་ཚོགས། །ཚ་ཏྲཾ་ཀ་དང་ཡོ་བྱད་སྣ་ཚོགས་རིགས། །ཛ་ཧུའི་རྒྱུན་བཞིན་བཏུང་བ་སྣ་ཚོགས་དང་། །ཝ་སྤྱང་ལ་སོགས་མཐུན་རྫས་རྣམས་ཀྱིས་མཆོད། །ཞྭ་ལྟར་བརྟེན་པའི་དགྲ་ལྷ་ཁྱོད་ཉིད་ནི། །ཟ་བྱེད་དྲེགས་པ་ཀུན་གྱི་མངའ་བདག་པོ། །འུ་འུར་འཐོར་བྱེད་རླུང་ནག་འཚུབ་མར་བཅས། །ཡ་མཚན་ལྡན་པའི་ལྷ་མཆོག་ཁྱོད་ལ་བསྟོད། །ར་མ་ཎ་ལྟར་དམ་བཅའ་བརྟན་པོ་ནི། །ལ་ལ་ཙམ་མིན་དུས་དང་གནས་སྐབས་སུ། །ཤ་སྟག་བདག་སོགས་རིག་པ་འཛིན་རྣམས་ལ། །ས་ཕྱོགས་གང་དུ་འགྲོའམ་སྡོད་ཀྱང་རུང་། །ཧྱ་གྷྲི་ཝའི་ཐ་ཚིག་རྗེས་དགོངས་ལ། །ཨ་མའི་བུ་ལ་བརྩེ་བ་ཇི་བཞིན་དུ། །སྒྲུབ་པའི་རེ་འདོད་ཡིད་བཞིན་སྐང་བར་མཛོད། །ཅེས་པ་འདི་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཡང་སྲིད་མཆོག་གི་བསྐུལ་བའི་ངོར་མགོན་ཁང་དབང་དྲག་རོལ་པའི་ཕོ་བྲང་དུ་མེ་སྦྲུལ་ཟླ་ཚེས་བཟང་པོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ །

གསུང་བློན་རྡོ་རྗེ་གྲགས་ལྡན་གསོལ་མཆོད།།

ཧཱུྃ་ཧྲཱིཿ དམར་ནག་མེ་དཔུང་འཁྲུག་པའི་ཀློང་དཀྱིལ་ན། །པད་ཉི་རུ་ཏྲ་བསྣོལ་བའི་གདན་སྟེང་དུ། །མ་རུང་གདུལ་དཀའ་འདུལ་བའི་གཤེད་པོ་ཆེ། །ཆེ་བའི་ཆེ་མཆོག་སྟོབས་ལྡན་ཧེ་རུ་ཀ །འབར་བའི་ཁྲོ་རྒྱལ་དགྲ་བགེགས་གཤེད་མ་ཆེ། །གསུང་གི་བློན་པོ་རྡོ་རྗེ་གྲགས་ལྡན་ནི། །ཡབ་ཡུམ་སྲས་གསུམ་བློན་པོ་རུ་འདྲེན་བཅས། །དད་དང་དམ་ཚིག་དབང་གིས་འདིར་གཤེགས་ལ། །རིག་འཛིན་སྒྲུབ་པོའི་རྣལ་འབྱོར་བདག་ཅག་གིས། །ཁྱེད་ལ་མཆོད་དང་བསྟོད་པའི་བྱིན་རླབས་ཀྱིས། །བདག་ཅག་མི་ནོར་འཁོར་དང་བཅས་པ་ཀུན། །གེགས་བྱེད་མི་མཐུན་སྤྲིན་ཚོགས་དབྱིངས་ཞི་ནས། །མཐུན་རྐྱེན་ལེགས་ཚོགས་ཡར་ངོའི་ཟླ་བ་བཞིན། །གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། །བསམ་དོན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་པ་འདི་ཡང་རང་དགོན་གྱི་གྲྭ་ནམ་མཁའ་ཚེ་རིང་ནས་བསྐུལ་ངོར་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་གང་ཤར་བྲིས་པ་དགེ །

གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ་གྱི་མཆོད་འབུལ་རྒྱས་པ་མེ་ལྕེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

ཨོཾ་སྭ་སྟི། བདེ་ཆེན་སོ་སོར་རྟོགས་པའི་ཡེ་ཤེས་ལས། །ཁྲོས་པའི་རྒྱལ་པོ་རྟ་གདོང་ཧེ་རུ་ཀ །གདུག་པ་མ་ལུས་ཟིལ་གྱི་གནོན་མཛད་པ། །གར་དགུའི་ཉམས་ལྡན་ཁྱོད་ལ་བདག་བསྟོད་དོ། །དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ །དབང་མཛད་དབང་གི་རྒྱལ་པོ་མཐུ་རྩལ་ཅན། །དབང་ཆེན་རང་མདངས་དྲེགས་པ་ཀུན་གྱི་གཙོ། །དབང་གི་བཀའ་སྡོད་ཁྱོད་ལ་བདག་བསྟོད་དོ། །དེ་ལ་འདིར་གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ་གྱི་མཆོད་ཐབ་རྒྱས་པ་ལ། མཆོད་གཏོར་དང་མཐུན་པའི་དམ་རྫས་རྣམས་འདུ་བྱས་ལ། རང་ཉིད་ཡི་དམ་གྱིས་ང་རྒྱལ་དང་ལྡན་པའི་ངང་ནས། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་རང་གི་མདུན་དུ་ཟངས་བྲག་དམར་པོ་རྔམ་བརྗིད་འབར་བ་དགུང་ལ་བསྙེགས་པ་ལྕེ་སྤྱང་དང་སྟག་གཟིག་མང་པོ་རྒྱུག་འདྲལ་བྱེད་པའི་གནས་སུ་བཙན་གྱི་སྐུ་མཁར་འཇིགས་སུ་རུང་བར། མི་རོའི་རྒྱལ་མཚན་ལ་ཙིཏྟ་རློན་པའི་ཏོག་གི་བརྒྱན་པ་དང་། བ་དན་དམར་པོ་དུ་མས་བརྒྱན་པ། གློག་ལྕེ་དམར་པོ་མེ་འོད་འཁྲིགས་པའི་ཀློང་དཀྱིལ་དུ་སྣང་སྲིད་དྲེགས་པ་ཡོངས་ཀྱི་ཆེ་བཙན་གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ་སྐུ་མདོག་དུས་མཐའི་མེ་ལྟར་འབར་བ། ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་པས་བཙན་མདུང་དམར་པོའི་གདུག་པ་ཅན་ཐམས་ཅད་གཅོད་པར་བྱེད་པ། གཡོན་བཙན་གྱི་ཞགས་པ་དམར་པོའི་གནོད་བྱེད་དམ་ཉམས་ཐམས་ཅད་འཆིང་བར་བྱེད་པ། མི་ཟད་རྔམ་བརྗིད་ཤིན་ཏུ་ཁྲོས་པ་ཤ་བའི་དབུ་ཅན། སྤྱན་གསུམ་སྡང་མིག་ཁྲག་ལྟར་གཡོ་བ། ཞལ་གདངས་ཤིང་ལྗགས་གློག་ལྟར་འཁྱུགས་པ། ཤངས་ནས་དྲག་པོའི་འཐོར་རླུང་འཚུབ་ཅིང་། སྨ་ར་སྨིན་མ་ལས་མེ་འཁྱོགས་པོ་འབར་བ། བ་སྤུའི་བུ་ག་ཐམས་ཅད་ནས་མེ་ཡི་ཚྭ་ཚྭ་ཐོ་རོ་རོ་འཕྲོ་བ། སྐུ་སྟོད་ལ་ཞིང་གི་གཡང་གཞིས་བརྒྱན་པ། སྐུ་སྨད་ལ་དཔའ་བོ་སྟག་གི་ཤམ་ཐབས་གྲོལ་བ། རྟོག་མེད་རོ་ཡི་གདན་ལ་གཡས་བརྐྱང་གཡོན་བསྐུམ་པའི་སྟབས་ཀྱི་བཞུགས་པ། མངོན་སྤྱོད་དྲག་པོའི་ཤུགས་ཀྱི་མཁའ་ནས་བསྐྱོད་པ། སྤྲུལ་པ་ལས་བྱེད་ཀྱི་ཕོ་ཉ་མི་དམར་མང་པོ་སྔོན་ནས་རྒྱུག་པ། བཙན་གྱི་བྱ་དམར་མང་པོ་ཀླད་ན་ལྡིང་བ། ཟ་བྱེད་ཁྱི་དམར་མང་པོ་རོལ་དུ་ཁྲིད་པ། དགྱེས་སྡེ་ཡུམ་ཆེན་མཚོ་སྨན་ནག་མོ། དམ་ཚིག་གཉན་པོ་གཅིག་ཏུ་གྱུར་པ་ཤར་གྱི་རྫོང་བཙན་དམར་པོ། སྐུ་ཡི་སྲས་མཆོག་ལྷོ་ཕྱོགས་ཡི་རི་ལྷ་བཙན། ཡབ་གཉན་ཆེན་རྒྱལ་བ་ཐོད་དཀར། མཆེད་ཀྱི་སྤུན་ཟླ་བྱང་གི་སྨན་མོ་རང་འཚོང་བཙན་རྒོད་ལྕམ་དྲལ་སྲིད་དུ་གྱུར་པ་ཆུ་དྲོན་གཡུ་ཡི་ཕུག་པའི་ཀླུ་སྨན། གཉེར་གྱི་ཕྱག་ཚང་མདོ་གསུམ་ཀླུ་བྲག་བཙན་རྒོད། བཀའ་ཡི་བློན་པོ་ཡོབ་ཀྱི་རྐྱང་རི་བཙན་དམར། ཕྱུགས་ཀྱི་རྫི་པོ་ཟླ་ཡི་བློན་སྲས་དམར་པོ། ལས་བྱེད་ཀྱི་ཕོ་ཉ། ནགས་སོག་ཆུ་ཡི་དགེ་བསྙེན་ཆེན་པོ་ལ་སོགས་དགྱེས་སྡེ་ཡུམ་སྲས་བློན་པོ་རྣམས་རང་རང་གི་འཁོར་དང་བཅས་པ། གཞན་ཡང་བཙན་དམག་འབུམ་སྡེའི་འཁོར་ཚོགས་བསམ་གྱི་མི་ཁྱབ་པ་དང་བཅས་པ་ཉི་མའི་ཟེར་གྱི་རྡུལ་ལྟར་འཚུབ་པ་གཙོ་འཁོར་ཐམས་ཅད་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ལས་འོད་ཟེར་འཕྲོས་པས་དབང་ཆེན་རོལ་པའི་དུར་ཁྲོད་ཆེན་པོ། ཨརྱ་པ་ལོའི་གླིང་། གནས་མཆོག་ཆེན་པོ་སྒྲུབ་གནས་མེ་འབར་ཕུག་ལ་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས། བཙན་རྒོད་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ་འཁོར་དང་བཅས་པ་སྐད་ཅིག་གི་མཁའ་ལས་གློག་ཕྲེང་གཡོ་བ་བཞིན་དུ་བྱོན་ནས་བཞུགས་པར་གྱུར། དེ་ནས་སྤྱན་འདྲེན་པ་ནི། ཧཱུྃ་བྷྱོ༔ སྔོན་གྱི་བསྐལ་བ་དང་པོ་ལ། །བཅོན་ལྡན་པདྨ་ཧེ་རུ་ཀས། །དབང་ཆེན་རོལ་པའི་དུར་ཁྲོད་དུ། །དམ་ལ་བཞག་པའི་གཡར་དམ་ཅན། །དེ་འོག་བར་གྱི་བསྐལ་བ་ལ། །བདག་ཉིད་པདྨ་ཐོད་ཕྲེང་གིས། །ཨཱརྱ་པ་ལོའི་གཙུག་ལག་ཏུ། །དམ་ཚིག་བསྒྲགས་པའི་གསང་མཚན་ཅན། །ཚུར་བྱོན་ཚུར་བྱོན་དམ་ལ་འདུས། །དམ་རྫས་བཀའ་ཡི་གཏོར་མ་བཞེས། །སྔོན་གྱི་རྒྱལ་བའི་བཀའ་མ་བཅག །ད་ལྟ་རྣམ་འབྱོར་དམ་མ་བཀྲལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བཛྲ་ས་མ་ཛ༔ ཛ༔ཧཱུྃ་བཾ་ཧོཿ ཏིཥྛ་ལྷན། མཆོད་པ་འབུལ་བ་ནི། ཧཱུྃ༔ བཙན་རྒོད་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །དུང་ཆེན་བྷནྡྷ་རློན་པའི་སྣོད་མཆོག་ཏུ། །རཀྟ་ཁྲག་གི་རྒྱ་མཚོ་མེ་རེ་རེ། །མཚན་དང་ལྡན་པ་དབྱིངས་ཀྱི་བྷནྡྷ་རུ། །བདུད་རྩི་སྨན་གྱི་རྒྱ་མཚོ་ཆེན་པོ་བསྐྱིལ། །དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བ། །དུག་གསུམ་བསྒྲལ་བའི་ཤ་ཁྲག་རུས་གསུམ་གྱིས། །མ་དག་དངོན་འཛིན་དྲི་མ་ཀུན་སྦྱང་ནས། །ཡེ་ཤེས་བདུད་རྩི་ཆེན་པོར་མཆོད་པ་འབུལ། །ཨོཾ་བཛྲ་ཨརྒྷཾ་སོགས་ཤབྟ་པྲ་ཏིཙྪཡེ་སྭ་ཧཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལྀང་ཏ་རཀྟ་ཨ་མྲྀ་ཏ་བྷ་སུ་ཏ་ཀེཾ་ནི་རི་ཏི་སརྦ་པུ་ཙ་ས་མ་ཡ་ཕེཾ་ཕེཾ་ཧྲཱིཾ་ཧྲཱིཾ་ཛ་ཛ་སྭཱ་ཧཱ། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ལས་བྱུང་བའི་མཆོད་སྦྱིན་གྱི་གཏོར་མ་འདོད་ཡོན་ལྔའི་འོད་ཟེར་འཕྲོ་བ། འདི་ཉིད་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི་བཙན་རྒོད་ཆེན་པོ་རྡོ་རྗེ་རོལ་པ་རྐྱ་བདུན་ཕྱི་ནང་གསང་བའི་འཁོར་གཡོག་བྲན་དང་ཕོ་ཉ་སྡོང་ཟླ་དགྱེས་སྡེ་སྐུ་འཁོར་དང་བཅས་པ་རྣམས་དང་ཁྱད་པར་དུ་གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ་སྐུ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཁ་ཁ་ཁ་ཧི་ཁ་ཧི། བསྟོད་པ་ནི། ཧྲཱི༔ ཆོས་ཉིད་དབྱིངས་ཀྱི་རང་བཞིན་ལ། །ཆོས་ཅན་སྣང་བའི་སྲུང་མ་ཆེ། །ལེགས་ཉེས་སྟངས་འཛིན་བདག་པོ་མཆོག །རྡོ་རྗེ་དགྲ་འཇོམས་རྩལ་ལ་བསྟོད། །མདོག་དམར་མེ་ཡི་ཕུང་པོ་འདྲ། །གཏུམ་དྲག་བཟོད་པར་དཀའ་བའི་སྐུ། །ཤིན་ཏུ་ཁྲོས་པའི་དྲག་རྩལ་ཅན། །དབང་གི་བཀའ་སྡོད་ཁྱོད་ལ་བསྟོད། །ཉམས་པ་བདུན་ལྡན་དགྲ་བོ་ལ། །ལྟས་ངན་ཐབས་ཀྱི་བསྒྲལ་མཛད་པ། །ཨ་ལའི་ཧ་ལའི་གད་རྒྱང་ཅན། །ཁྲོས་པའི་རྒྱལ་པོ་ཁྱོད་ལ་བསྟོད། །གང་ཐུགས་ནམ་མཁའི་རང་བཞིན་ལ། །སྙིང་རྗེའི་ཤུགས་དང་མ་བྲལ་ཡང་། །མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས། །གདུལ་དཀའ་འདུལ་མཛད་ཁྱོད་ལ་བསྟོད། །ཁམས་གསུམ་སྐྱེ་འགྲོའི་སྲོག་གི་བདག །ཉམས་པ་ཡོངས་ཀྱི་གཤེད་མ་ཆེ། །ནགས་ཕྱོགས་བདུད་སྡེ་ཕམ་མཛད་པའི། །བཙན་རྒོད་ཆེན་པོ་ཁྱོད་ལ་བསྟོད། །བསྟན་པ་གཉན་པོ་སྲུང་བ་དང་། །གང་བཅོལ་ཕྲིན་ལས་སྒྲུབ་མཛད་པའི། །མཐུ་ཆེན་ཁྱོད་ལ་བདག་བསྟོད་དོ། །དབང་ཆེན་བཀའ་སྡོད་ཆེན་པོ་ཡི། །ཅི་བགྱིའི་བཀའ་ཉན་སྐྱོང་མཛད་པ། །མཆེད་ཟླ་ཡུམ་སྲས་སྤྲུལ་འཁོར་བཅས། །འཁོར་ཚོགས་དམ་ཅན་ཚོགས་ལ་བསྟོད། །ཕྲིན་བཅོལ་ནི། ཧོ། རྟ་མཆོག་རོལ་པ་དབང་གི་དཀྱིལ་འཁོར་གྱི་བཀའ་སྡོད་ལས་མཁན། ཨོ་རྒྱན་ཆེན་པོའི་དམ་མནོས་ཕྲིན་ལས་དྲག་རྩལ་གློག་ལས་མྱུར་བ། རྣལ་འབྱོར་བདག་གི་སྲུང་མ། གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ་སྐུ་འཁོར་དང་བཅས་པ། དམ་རྫས་ཀྱི་གཏོར་མ་རི་བོ་ལྟ་བུ། བདུད་རྩིའི་ཕུད་དང་། རཀྟ་དམར་གྱི་ཨརྒྷཾ་རྒྱ་མཚོ་ལྟ་བུར་བསྐྱིལ་ཏེ་འབུལ་བས། དགྱེས་པ་ཆེན་པོས་བཞེས་ལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བསྲིངས་ཤིག སྒོས་སུ་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་དང་དེ་འཛིན་སྐྱོངས་ཤིག ལོག་ལྟ་གནོད་བྱེད་དམ་ཉམས་སྒྲོལ་ཅིག རྣལ་འབྱོར་སྒྲུབ་པ་པོ་ཡི་འགལ་རྐྱེན་སོལ་ཅིག མཐུན་རྐྱེན་བསམ་པའི་དོན་ཀུན་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་སྒྲུབས་ཤིག འཇིག་རྟེན་ཁམས་སུ་ནད་མུག་འཁྲུགས་རྩོད་ཀྱི་སྐལ་ངན་བཟློག་ཅིག བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་པ་སྤེལ་ཞིག མདོར་ན་བཅོལ་བའི་ལས་ཀུན་ཐོགས་པ་མེད་པར་འགྲུབ་པར་མཛོད་ཅིག བསྐུལ་བ་ནི། ཧཱུྃ༔ དམ་ཚིག་ཅན་གྱི་ལྷ་ཆེན་པོ། །སྐུ་མདོག་དམར་པོ་ཤ་བའི་དབུ། །སྨ་ར་སྨིན་མ་མེ་ལྟར་འབར། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །སྤྱན་གསུམ་སྡང་མིག་ཁྲག་ལྟར་གཡོ། །མི་ལྤགས་གཡང་གཞིའི་ན་བཟའ་ཅན། །ཕྱག་གཉིས་བཙན་མདུང་ཞགས་པ་དམར། །བ་སྤུའི་བུ་ག་ཐམས་ཅད་ནས། །མེ་ཡི་ཚྭ་ཚྭ་ཐོ་རོ་རོ། །ཆིབས་སུ་དེ་ནི་གློག་དམར་ཆིབས། །འཁོར་ནི་བཙན་དམག་འབུམ་སྡེ་གཡོ། །མི་རིང་དམར་པོ་ཕོ་ཉར་འགྱེད། །རླུང་དམར་འཚུབ་པའི་ཀློང་དཀྱིལ་ནས། །དྲག་པོའི་ཤུགས་ཀྱིས་མཁའ་ནས་བསྐྱོད། །སྔོན་ནས་མི་དམར་ཤ་ར་ར། །ཀླད་ནས་བྱ་དམར་ཚུབས་སེ་ཚུབ། །རྗེས་ནས་ཁྱི་དམར་ཀེངས་སེ་ཀེང་། །གྲི་བཙན་མི་ཟན་དམར་པོ་ནི། །འཁོར་དང་བཅས་པ་དྲག་ཏུ་ཆོས། །སྡང་བའི་དགྲ་ལ་ལས་མ་འགྱངས། །གནོད་པའི་བགེགས་ལ་དཔའ་མ་ཞན། །དུས་ལ་བབ་པོ་ས་མ་ཡཱ། །ཅེས་པ་འདི་ནི་གནས་དུས་ཀྱི་རྟེན་འབྲེལ་བཟང་པོས་མཚམས་སྦྱར་ཏེ་གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ་ཐ་མལ་མི་ཡི་རྫུ་ལ་ཞུགས་ནས་ཆོས་སྐྱོངས་ཀྱི་རང་གཟུགས་དངོས་སུ་བསྟན་པའི་སྐབས་སུ་འདོན་རྒྱུ་ཆེད་དུ་བྱས་པ་འདི་ནི་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ལྕགས་མོ་ཕག་ལོའི་དཔྱིད་ཟླ་ཐ་ཆུང་གི་ཡར་ཚེས་བཟང་པོར་རྩ་བ་རྡོ་རྗེའི་གསུང་ལ་གཞིར་བཞག་ནས་ཅུང་ཟད་ཁ་སྐོང་སྟེ་བསྒྲིགས་པ་འདིས་ནི་ཉེས་འགལ་མཆིས་ན་ཆོས་སྐྱོང་སྲུང་མའི་ཚོགས་ལ་བཤགས།། སརྦ་མངྒ་ལཾ།

གྲི་བཙན་རྡོ་རྗེ་དགྲ་འཇོམས་རྩལ་གྱི་རྟགས་བསྟོད་དགྲ་བགེགས་ཚར་གཅོད་ཅེས་བྱ་བ་བཞུགས་སོ།།

ཧྲཱིཿ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །རང་སྣང་དུར་ཁྲོད་རོལ་བའི་གཞལ་ཡང་ཁང་། །རང་རིག་དབང་ཆེན་རྟ་མཆོག་ཧེ་རུ་ཀ །རང་ལས་རང་ཤར་ཆུ་ཟླ་ལྟ་བུའི་ཚུལ། །རང་མདུན་བཙན་མཁར་དགུང་ལ་བསྙེགས་པ་འདྲའི། །རྩེ་ལ་སྲིན་བྱ་མང་པོ་སྤྲིན་ལྟར་གཏིབ། །དབང་པོའི་ཕྱོགས་སུ་ཉི་ཟླའི་དཔལ་གཡང་སྟེར། །ནུབ་ཕྱོགས་ཆུ་བོའི་རྦ་རླབ་རབ་ཏུ་འཁྲུགས། །ལྷོ་ཕྱོགས་མི་ཟད་རིན་ཆེན་འབྲུ་དྲུག་སྨིན། །མདུན་དུ་གཅན་གཟན་མང་པོ་རྒྱུག་འདུར་བྱེད། །ལས་བྱེད་ཤན་པའི་དམག་ཚོགས་བསམ་མི་ཁྱབ། །དེ་ལྟར་དམ་ཅན་འདུ་བའི་གནས་མཆོག་འདིར། །དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ན། །མེ་རླུང་དམར་ནག་འཚུབ་མའི་ཀློང་དཀྱིལ་ན། །དུག་ལྔ་རྣམ་དག་ཡེ་ཤེས་ལྔ་ཡི་བདག །ཆོས་དབྱིངས་ཡེ་ཤེས་དབྱིངས་ལས་ཁྲོས་པའི་སྐུ། །དབང་ཆེན་རྟ་མཆོག་པདྨ་ཧེ་རུ་ཀའི། །བཀའ་ཉན་ལས་བྱེད་དྲེགས་པ་ཡོངས་ཀྱི་གཙོ། །གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ། །ཁྱོད་ཀྱི་སྐུ་མདོག་དམར་པོ་བསྟན་པ་ནི། །སོར་རྟོག་ཡེ་ཤེས་དབྱིངས་ལས་མ་གཡོས་རྟགས། །མི་བཟད་རབ་ཁྲོས་ཤྭ་བའི་དབུ་ཅན་ནི། །འཕུང་བྱེད་ཕྲ་མེན་མཁན་རྣམས་འདུལ་བའི་རྟགས། །རྔམས་བརྗིད་དུང་གི་ར་བཅུས་བརྒྱན་པ་ནི། །དོན་དམ་དབྱིངས་སུ་ས་བཅུར་གནས་པའི་རྟགས། །སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་པ་ནི། །སྲིད་པ་གསུམ་པོ་དབང་དུ་སྡུད་པའི་རྟགས། །ཞལ་གདངས་མཆེ་གཙིགས་རྔམ་པར་བསྟན་པ་ནི། །གདུག་པ་ཅན་རྣམས་དབང་དུ་སྡུད་པའི་རྟགས། །མི་ལྤགས་གཡང་གཞིའི་ན་བཟའ་གསོལ་བ་ནི། །ཉོན་མོངས་དུག་ལྔ་རྩད་ནས་གཅོད་པའི་རྟགས། །སྟག་གི་ལྤགས་པས་ཤམ་ཐབས་བྱས་པ་ནི། །ཁམས་གསུམ་འཁོར་བའི་སྐྱོན་གྱི་མ་གོས་རྟགས། །ཕྱག་གཡས་བཙན་མདུང་དམར་པོ་བསྣམས་པ་ནི། །དམ་ཉམས་བྱད་མའི་སྙིང་ལ་བསྣུན་པའི་རྟགས། །ཕྱག་གཡོན་བཙན་ཞགས་དམར་པོ་བསྣམས་པ་ནི། །ཕ་རོལ་བྱད་མ་འཆིང་ཞིང་སྒྲོལ་བའི་རྟགས། །ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་བྱས་པ་ནི། །རྒབ་འདྲེ་འབྱུང་པོ་རྡུལ་དུ་བརླག་པའི་རྟགས། །ཆིབས་སུ་དེ་ནི་གློགས་དམར་ཆིབས་པ་ནི། །ཕྲིན་ལས་ནམ་མཁའི་གློག་ལས་མྱུར་བའི་རྟགས། །རྣམ་དག་སྤྲོས་དང་བྲལ་བའི་ཀློང་ཡངས་སུ། །རྣམ་མང་ཡོངས་ཤར་འཇིག་རྟེན་དྲེགས་པའི་གཙོ། །རྣམ་འཕྲུལ་ཆ་ལུགས་ཅིར་ཡང་སྟོན་མཛད་པ། །རྣམ་ཀུན་གནས་ལུགས་ངང་དུ་མཇལ་བས་འདུད། །རབ་ཁྲོས་མི་བཟད་ཤྭ་བའི་དབུ་ཅན་གྱིས། །རབ་ཏུ་བརྣག་པའི་མ་རུང་བདུད་སྡེའི་ཚོགས། །རབ་ཁྲོས་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས། །རབ་ཏུ་བརླག་མཛད་མཐུ་ཆེན་ཁྱེད་ལ་བསྟོད། །མི་བཟད་སྐུ་ནི་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་ལས་ལྷག་པའི་སྐུ། །ཁྲོ་གཉེར་ནམ་མཁའི་གློག་སྟོང་འགྱུར་བ་བཞིན། །སྟོབས་ལྡན་དྲེགས་པའི་དབང་ཕྱུག་ཁྱེད་ལ་བསྟོད། །རྔམས་པའི་ང་རོས་འབྲུག་སྟོང་ལྡིར་བ་བཞིན། །ཨ་ལ་ཧ་ལའི་གད་རྒྱང་ཕྱོགས་བཅུར་སྒྲོགས། །བཤུག་པའི་གླུ་ལེན་དྲག་པོའི་འཐོར་རླུང་འབུད། །གསུང་གི་དབང་ཕྱུག་ཁྱོད་ལ་བདག་བསྟོད་དོ། །ཁྱོད་ཐུགས་ཀ་དག་ནམ་མཁའ་ལྟ་བུ་ལ། །ལྷུན་གྲུབ་རོལ་མོའི་ཆོ་འཕྲུལ་ཤར་བ་ལས། །རྣམ་བཞིའི་ལས་ཀུན་སྒྲུབ་པའི་ལྷ་གཅིག་པོ། །སྒྲུབ་ལ་བུ་བཞིན་སྐྱོང་མཛད་ཁྱོད་ལ་བསྟོད། །ཧཱུྃ་ཧྲཱིཿ སྤྱི་བོ་དུང་ཁང་འབར་བའི་གཞལ་ཡས་ནས། །མེ་ལོང་ཡེ་ཤེས་དབྱིངས་ལས་ཁྲོས་པའི་སྐུ། །སྐུ་ཡི་སྤྲུལ་པའི་རྟ་ཕག་ཡབ་ཡུམ་གྱི། །བཀའ་ཡི་ལས་མཁན་སྙིང་རྗེ་ཚད་མེད་བདག །ཞི་བའི་ལས་མཛད་གྲི་བཙན་མཐུ་བོ་ཆེ། །ཟླ་ལྟར་དཀར་བའི་ཞལ་མདངས་ཡ་ལ་ལ། །མི་མཐུན་བར་ཆད་རྐྱེན་ངན་མཐའ་དག་ཀུན། །ཞི་བ་ཆེན་པོའི་ཕྲིན་ལས་མཛད་ལ་བསྟོད། །ལྟེ་བ་སྤྲུལ་པའི་འཁོར་ལོའི་གཞལ་ཡས་ནས། །མཉམ་ཉིད་ཡེ་ཤེས་དབྱིངས་ལས་ཁྲོས་པའི་སྐུ། །ཡོན་ཏན་སྤྲུལ་པའི་རྟ་ཕག་ཡབ་ཡུམ་གྱི། །བཀའ་ཡི་ལས་མཁན་བྱམས་པ་ཚད་མེད་བདག །རྒྱས་པའི་ལས་མཛད་གྲི་བཙན་མཐུ་བོ་ཆེ། །སྐུ་མདོག་སེར་པོ་གཙོ་མ་གསེར་གྱི་མདོག །ཚེ་བསོད་དཔལ་འབྱོར་སྙན་གྲགས་གཟི་བརྗིད་སོགས། །རྒྱས་པའི་ཕྲིན་ལས་རྫོགས་མཛད་ཁྱོད་ལ་བསྟོད། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་གཞལ་ཡས་ནས། །སོར་རྟོག་ཡེ་ཤེས་དབྱིངས་ལས་ཁྲོས་པའི་དཔལ། །གསུང་གི་སྤྲུལ་པ་རྟ་མགྲིན་ཡབ་ཡུམ་གྱི། །བཀའ་ཡི་ལས་མཁན་དགའ་བ་ཚད་མེད་བདག །དབང་གི་ལས་མཛད་གྲི་བཙན་མཐུ་བོ་ཆེ། །སྐུ་མདོག་དམར་པོ་པདྨ་ར་ག་འདྲ། །མི་ནོར་ཟས་གསུམ་ཡུལ་ཁམས་རྒྱལ་བཙུན་སོགས། །དབང་དུ་སྡུད་པའི་ལྷ་མཆོག་ཁྱོད་ལ་བསྟོད། །གསང་གནས་བདེ་བ་ཆེན་པོའི་ཕོ་བྲང་ནས། །བྱ་གྲུབ་ཡེ་ཤེས་དབྱིངས་ལས་གྲུབ་པའི་ལྷ། །ཕྲིན་ལས་སྤྲུལ་པའི་རྟ་ཕག་ཡབ་ཡུམ་གྱི། །བཀའ་ཡི་ལས་མཁན་བཏང་སྙོམས་ཚད་མེད་བདག །དྲག་པོའི་ལས་མཛད་གྲི་བཙན་མཐུ་བོ་ཆེ། །སྐུ་མདོག་ལྗང་ནག་མར་གད་ཞུན་མའི་མདོག །ཕ་རོལ་རྦོད་གཏོང་བྱད་མ་གདོན་གྱི་རིགས། །མངོན་སྤྱོད་དྲག་པོའི་སྒྲོལ་མཛད་ཁྱོད་ལ་བསྟོད། །མཆེད་ཟླ་ལྷ་སྲས་དགྱེས་སྡེ་ཡུམ་དང་བཅས། །གཞན་ཡང་དྲེགས་པ་ཁྱོད་གྱི་བཀའ་འཁོར་ན། །བཙན་གྱི་དམག་ཚོགས་འབུམ་སྡེ་ཉི་ལི་ལི། །རྔམ་བྱེད་མི་རིང་དམར་པོ་རིངས་སེ་རིང་། །ཀླད་ན་བཙན་བྱ་མང་པོ་སྤྲིན་ལྟར་གཏིབ། །རྗེས་ནས་བཙན་ཁྱི་དམར་པོ་རྒྱུག་འདུར་བྱེད། །གྲི་བཙན་མི་ཟན་དམར་པོ་འཁོར་དང་བཅས། །ཁྱོད་ཀྱི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །ཆེ་བའི་ཡོན་ཏན་བསྟོད་པའི་བྱིན་རླབས་ཀྱིས། །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་པར། །སྟོབས་ལྡན་དྲེགས་པའི་དབང་པོ་ཁྱོད་ཉིད་ནི། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་ལ། །བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པའི་བགེགས། །མི་མཐུན་ཉེས་པའི་ཚོགས་རྣམས་མཐའ་དག་ཀུན། །མངོན་སྤྱོད་དྲག་པོ་རོལ་བས་ཚར་གཅོད་ཅིག །མདོར་ན་བདག་གི་བཞེད་པའི་དོན་རྣམས་ཀུན། །ཡིད་ལ་གང་འདོད་དྲན་པ་ཙམ་གྱིས་ཀྱང་། །བུམ་པ་བཟང་ལས་དངོས་གྲུབ་འབྱུང་བ་བཞིན། །འབད་མེད་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པ་འདི་ནི་གད་པདྨ་དགེ་ལེགས་ནས་བསྐུལ་བའི་ངོར་མེ་སྦྲུལ་ཟླ་༡༠ཚེས་༡༠ལ་མགོན་ཁང་དབང་དྲག་རོལ་པ་ནས་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་འདིས་ཀྱང་བསྟན་ལ་ཕན་པའི་རྒྱུར་གྱུར་ཅིགསརྦ་མངྒ་ལཾ། །

གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ་གྱི་གསེར་སྐྱེམས་འདོད་དོན་བདུད་རྩིའི་རྦ་རླབས་ཞེས་བྱ་བ་བཞུགས་སོ།།

ཧྲཱིཿ དབང་ཆེན་མེ་རླུང་འཚུབ་མའི་ཀློང་དཀྱིལ་ནས། །དབང་གི་ལྷ་མཆོག་རྟ་མགྲིན་རྟ་སྐད་བཞད། །དབང་མདོག་དབང་གི་རྒྱལ་པོ་རྟ་མཆོག་དཔལ། །དབང་ཆེན་དབང་གི་ལྷ་མཆོག་ཧེ་རུ་ཀ །དབང་གི་སྐུ་མཆོག་ཉི་མ་འབུམ་གྱི་གཟི། །དབང་དྲག་ཁྲོས་པའི་རྔམ་སྒྲ་འབྲུག་སྟོང་ལྡིར། །དབང་ཕྱུག་དྲེགས་པ་ཡོངས་ཀྱི་གཙུག་གི་རྒྱལ། །དབང་གི་བཀའ་སྡོད་མ་རུང་གདུལ་དཀའི་གཤེད། །སྣང་སྲིད་དྲེགས་པ་ཡོངས་ཀྱི་མངའ་བདག་པོ། །གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ། །ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན། །ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཧེ་རུ་ཀ །མདོག་དམར་དུས་མཐའི་མེ་དཔུང་དམར་ནག་འདྲ། །མི་བཟད་གཏུམ་ཆེན་ཁྲོས་པ་ཤྭ་བའི་དབུ། །སྤྱན་གསུམ་བསྒྲད་པས་སྡང་མིག་ཕྱོགས་བཅུར་གཡོ། །ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་གློག་ལྟར་འཁྱུག །མི་ལྤགས་གཡང་གཞིའི་ན་བཟའ་སྐུ་ལ་གསོལ། །ཕྱག་གཉིས་མདུང་དམར་བཙན་གྱི་ཞགས་པ་བསྣམས། །དམ་ཉམས་དགྲ་བགེགས་འཆིང་ཞིང་སྙིང་ལ་བསྣུན། །དམར་ནག་མེ་ཡི་ཚ་ཚྭ་ཕྱོགས་བཅུར་འཕྲོས། །ཆིབས་སུ་གློག་དམར་ཞོན་ནས་སྟོང་གསུམ་བསྐོར། །བསྟེན་ན་སྙིང་ཉེ་སྒྲུབ་ལ་བུ་བཞིན་སྐྱོང་། །སྣ་ཚོགས་དངོས་གྲུབ་འདོད་རྒུའི་ཆར་འབེབས་པའི། །ཕྲིན་ལས་བཞི་ཡི་ལས་ཀྱི་མངའ་བདག་པོ། །སྟོབས་ལྡན་དྲེགས་པའི་རྒྱལ་པོ་ཁྱོད་གཅིག་པུ། །གསང་ཡུམ་དགྱེས་སྡེ་ལས་བྱེད་ཁྱུགས་སེ་ཁྱུག །འཁོར་དུ་བཙན་དམག་འབུམ་སྡེ་སྤྲིན་ལྟར་གཏིབ། །ཕོ་ཉ་མི་རེང་དམར་པོ་ཤ་ར་ར། །མི་བཟང་བྱ་ཁྱི་དམར་པོ་ཚུབས་སེ་ཚུབ། །རྩེ་གཅིག་གདུང་བ་དྲག་པོས་འབོད་པའི་ཚེ། །མཁའ་ལས་གློག་ཕྲེང་གཡོ་བ་ཇི་བཞིན་དུ། །སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་ནས་ཀྱང་། །དམ་རྫས་བདུད་རྩི་རོ་བརྒྱ་ལྡན་པའི་བཅུད། །གསེར་སྐྱེམས་གཡུ་སྐྱེམས་ཕུད་རྒོད་ཛ་ཧུའི་རྒྱུན། །ལྦུ་ཕྲེང་དོ་ཤལ་གཡོ་བ་རཀྟའི་སྐྱེམས། །འདོད་ཡོན་བདུད་རྩི་རླབས་ཀྱི་འཕྲེང་བ་ཅན། །བདུད་རྩིའི་ཟེར་ཕྲེང་སྣ་ཚོགས་ཕྱོགས་བཅུར་འཕྲོ། །དགེ་ལེགས་འདོད་འབྱུང་བཀྲ་ཤིས་མཆོད་པའི་སྤྲིན། །དགེ་ལེགས་ཀུན་ལྡན་གསེར་སྐྱེམས་རྒྱ་མཚོ་འདི། །དགེ་ལེགས་དངོས་གྲུབ་མཐའ་དག་སྩོལ་བའི་ཕྱིར། །དགེ་ལེགས་ཀུན་ལྡན་མཆོད་པ་འདི་བཞེས་ལ། །འདོད་རྒུའི་དངོས་གྲུབ་ཀུན་བདག་ཁྱོད་ཉིད་ཀྱི། །འདོད་དོན་གང་ལ་གང་འདོད་ཇི་བཞིན་དུ། །འདོད་པའི་རེ་བ་ཡིད་བཞིན་བསྐང་ནས་ཀྱང་། །འདོད་པའི་བསམ་པ་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་པ་འདི་ནི་མགོན་ཁང་གསར་བའི་ལྷ་གཉེར་ཐུབ་བསྟན་སྐལ་བཟང་དང་གད་དཀོན་མཆོག་བློ་གྲོས་གཉིས་ནས་ཡང་ཡང་བསྐུར་བའི་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའམ་མིང་གཞན་པདྨ་ཐེག་མཆོག་བསྟན་འཛིན་གྱིས་མགོན་ཁང་དབང་དྲག་རོལ་པའི་ཕོ་བྲང་ནས་བྲིས་པ་དགེའོ། །

གཏེར་སྲུང་བྱ་རོག་གདོང་གི་གསོལ་བསྡུས་བཞུགས།།

ཧཱུྃ། རབ་ཏུ་འཇིགས་པའི་གནས་མཆོག་དམ་པ་ནས། །མེ་རླུང་དམར་ནག་འཚུབ་མའི་ཀློང་དཀྱིལ་ན། །པད་ཉིད་དགྲ་བགེགས་ཕོ་མོའི་གདན་སྟེང་ན། །ཧཱུྃ་ཡིག་ལས་བྱུང་གཏེར་སྲུང་བྱ་རོག་གདོང་། །མཐིང་ནག་མི་སྲུན་ཞལ་གཅིག་ཕྱག་གཉིས་པ། །ཁྲོ་བོའི་ཞལ་ལ་གནམ་ལྕགས་རྡོ་རྗེའི་མཆུ། །ཕྱག་གཡས་གྲི་གུག་གཡོན་པས་བྷན་དམར་བསྣམས། །ཞིང་ཆེན་གཡང་གཞི་སྟག་ལྤགས་ཤམ་ཐབས་ཅན། །རྡོ་རྗེའི་གཤོག་པས་སྟོང་གསུམ་རླབས་ཀྱིས་གཅོད། །ཞབས་གཉིས་འདོར་སྟབས་ཚུལ་གྱིས་དགྱེས་པར་བཞུགས། །ཨརྒྷཾ་ལ་སོགས་ཕྱི་ཡི་མཆོད་པ་དང་། །སྨན་གཏོར་རཀྟ་ནང་གི་མཆོད་པ་དང་། །གྷ་ན་ཙཀྲ་གསང་བའི་མཆོད་པ་དང་། །ཁྲག་ཆང་བཟང་ཇ་ངད་ལྡན་མཆོད་པ་དང་། །ཁྱད་པར་ཁྱེད་དང་མཐུན་པའི་དམ་ཚིག་རྫས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །ནམ་མཁའི་ཁྱོན་ཀུན་ཡོངས་སུ་བཀང་ལགས་ན། །ཕུལ་བས་བདག་ཅག་དཔོན་སློབ་འཁོར་བཅས་ལ། །རྣམ་བཞིའི་ཕྲིན་ལས་དངོས་གྲུབ་བདག་ལ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

༄༅།།གཏེར་སྲུང་བྱ་རོག་གདོང་གི་གསོལ་བསྡུས་ཕྲིན་ལས་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ།།

ཧཱུྃ། མྱུར་མཛད་ཡེ་ཤེས་མགོན་པོ་བྱ་རོག་གདོང་། །ཤ་ཟ་ཁྲག་འཐུང་བྲན་གཡོག་འབུམ་དང་བཅས། །འདིར་གཤེགས་དམ་རྫས་མཆོད་པ་འདི་བཞེས་ལ། །བྱད་ཕུར་རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད། །ཅེས་པ་འདི་ནི་གཏེར་སྲུང་བྱ་རོག་གདོང་གི་གསོལ་ཀ་གྲངས་བསོགས་སྐབས་དགེ་མང་བླ་མ་ཕན་བདེ་ཉི་མ་ནས་བསྐུལ་ངོར་ལྕགས་སྤྲེལ་ཟླ་བ་གཉིས་པའི་ཚེས་བཞིའི་ཉིན་རྫོགས་སྤྲུལ་ལྔ་པས་བྲིས་པ་དགེ །

གཉན་ཆེན་རྒྱལ་བ་ཐོད་དཀར་གསོལ་བསྡུས་ཁྱེར་བདེ་བཞུགས་སོ།།

ཧཱུྃ། རིན་ཆེན་ལས་གྲུབ་གཞལ་ཡས་ལྟ་ན་སྡུག །རིན་ཆེན་དྲྭ་ཕྱེད་འཕན་གདུགས་བླ་བྲེས་བརྒྱན། །རིན་ཆེན་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་སྣ་ཚོགས་ཕྱུར་བུར་བཀང་པའི་དབུས། །པདྨའི་ཞལ་མཐོང་ཡུལ་ལྷའི་ཚུལ་འཛིན་པ། །གཉན་ཆེན་རྒྱལ་ཐོད་སྐུ་མདོག་དཀར་དམར་མདངས། །ཞལ་གཅིག་སྤྱན་གསུམ་ཨམ་གཙིགས་རབ་ཏུ་བསྡམས། །དར་དཀར་ལ་ཐོད་རྒོད་འཕྲུ་བེར་དམར་གསོལ། །གཡས་པས་མདུང་དར་གཡོན་པས་ཞགས་པ་བསྣམས། །འཁོར་གསུམ་སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཅང་ཤེས་རྐྱང་ཞུར་གློག་ལས་རབ་མྱུར་བ། །ཆིབས་ནས་རྡོ་རྗེའི་ཡལ་གམ་རྗེས་དགོངས་ཏེ། །རླུང་ལས་མྱུར་བའི་ཚུལ་གྱིས་འདིར་གཤེགས་ལ། །དགྱེས་པར་བཞུགས་ལ་དངོས་གྲུབ་སྩལ་དུ་གསོལ། །སྲིད་ན་མཆོད་པར་འོས་པའི་རྫས་རྣམས་ནི། །རབ་འབྱམས་རྒྱ་མཚོའི་ཞིང་ཀུན་བཀང་བ་ཡི། །རྒྱུ་བཟང་བཀོད་ལེགས་ཡིད་འོང་ལྟ་ན་སྡུག །གུས་པས་འབུལ་ལོ་དགྱེས་པར་བཞེས་སུ་གསོལ། །རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུ། །གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ནི། །ཕྱོགས་བཅུ་མཐའ་དབུས་ཀུན་ལ་ཁྱབ་གྱུར་ཅིག །བསམ་དོན་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད །རྫོགས་སྤྲུལ་ལྔ་པས་སོ། །

འབར་མ་བྱ་ཞོན་མའི་གསོལ་བསྡུས་བཞུགས།།

བྷྱོཿ དུར་ཁྲོད་བསིལ་བ་ཚལ་དང་རྡོ་རྗེ་གདན། །ནཱ་ལེནྡྲ་སོགས་གནས་མཆོག་དམ་པ་ན། །དཔལ་ལྡན་ཡེ་ཤེས་མགོན་པོའི་བཀའ་འཁོར་ན། །གནས་པའི་འབར་མ་ཆེན་མོ་བྱ་ཞོན་མ། །སྐུ་མདོག་མཐིང་ནག་ཁྲོ་མོའི་ཚུལ་འཆང་བ། །ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་པ་བསྣམས། །གཟིག་དང་ཐོད་ཕྲེང་སྦྲུལ་དང་ཞིང་གིས་བརྒྱན། །ཆིབས་སུ་བྱ་རོག་ནག་པོ་མགྱོགས་བྱེད་ཆིབས། །རྣལ་འབྱོར་གདུང་བའི་དབྱངས་ཀྱིས་འབོད་ལགས་ན། །སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་སུ་གསོལ། །དགྱེས་པའི་ཚུལ་གྱིས་བརྟན་པར་བཞུགས་སུ་གསོལ། །ཕྱི་ནང་གསང་བའི་མཆོད་པའི་བྱེ་བྲག་ནི། །ནམ་མཁའི་འཁོར་ལོའི་རྒྱན་ལྟར་བཀྲམ་ལགས་ན། །མཆོད་པ་འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་། །སངས་རྒྱས་བསྟན་དང་བསྟན་འཛིན་སྐྱེས་བུ་རྣམས། །སྐུ་ཚེ་བརྟན་ཅིང་ཕྲིན་ལས་རྒྱས་པ་དང་། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ནད་མེད་ཚེ་དང་དཔལ་འབྱོར་རྒྱས་པ་དང་། །ཡིད་ལ་ཅི་བསམ་གེགས་མེད་འགྲུབ་པར་ཤོག །རྫོགས་སྤྲུལ་ལྔ་པས་སོ། །

བཀའ་སྲུང་འབར་མ་ལྕམ་དྲལ་གྱི་གསོལ་བསྡུས་བཞུགས།།

ཧཱུྃ། དབང་དྲག་ཁྲོས་པའི་སྟོབས་ལྡན་ཧེ་རུ་ཀཿ འབར་བའི་རྒྱལ་པོ་རྒྱལ་འགོང་འདུལ་བའི་གཤེད། །ལྷ་མཆོག་ཁྱེད་ཀྱི་བཀའ་ཡི་འཁོར་ཡུག་ན། །གནས་པའི་བདུད་ཀྱི་རྒྱལ་པོ་མ་རུང་པ། །མཐིང་ནག་མི་སྲུན་ཞལ་གཅིག་ཕྱག་གཉིས་པ། །མདུང་དར་བདུད་ཀྱི་ཞགས་པ་ནག་པོ་བསྣམས། །དར་ནག་བེར་གསོལ་བདུད་རྟ་ནག་པོ་ཆིབས། །བཙན་རྒོད་ཆེན་པོ་མདོག་དམར་ཁྲོ་གཏུམ་རྔམས། །ཞལ་གཅིག་ཕྱག་གཉིས་བསེ་མདའ་བསེ་གཞུ་བསྣམས། །བེར་དམར་གསོལ་ཞིང་བཙན་རྟ་དམར་པོ་ཆིབས། །ཀླུ་ཡི་རྒྱལ་པོ་མདོག་དཀར་འོད་ཟེར་འབར། །ཞལ་གཅིག་ཕྱག་གཉིས་མདའ་དར་ནོར་བུ་བསྣམས། །སྐུ་ལ་དར་དཀར་གསོལ་ཞིང་རུས་སྦལ་ཆིབས། །མཐུ་ཆེན་བཙན་བདུད་ཀླུ་གསུམ་འཁོར་དང་བཅས། །མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རྣམ་དག་མཆོད་སྤྲིན་བསམ་ཡས་ལྷུན་གྲུབ་པ། །རྣམ་མཛེས་མཆོད་པའི་བྲེ་བྲག་ལྟ་ན་སྡུག །རྣམ་མང་ནམ་མཁའ་གང་བར་འབུལ་ལགས་ན། །རྣམ་ཀུན་བཞེས་ནས་ཅི་འདོད་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

གཏེར་སྲུང་ལྷ་མོ་ཆེན་མོའི་གསོལ་བསྡུས་བཞུགས།།

བྷྱོཿ ནམ་མཁའ་ཡོངས་ལ་དབང་བསྒྱུར་མཐུ་མོ་ཆེ། །སྲིད་གསུམ་སྲོག་ལ་རྔམས་པའི་མཐུ་རྩལ་ཅན། །ཁྲག་འཐུང་ཤ་ཟ་གསོད་པའི་ལས་ལ་དགྱེས། །དབྱིངས་ཕྱུག་གཏེར་སྲུང་ལྷ་མོ་ཆེན་མོ་ནི། །སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་ཙིཏྟ་གཡོན་པས་བམ་རོ་འདྲད། །གཅེར་མོ་ཞིང་དང་གཟིག་གི་ཤམ་ཐམས་ཅན། །དམར་ནག་མེ་དཔུང་འབར་བའི་ཀློང་ན་བཞུགས། །གར་བཞུགས་གནས་ནས་འདིར་གཤེགས་གདན་ལ་བཞུགས། །ཁྲག་ཆེན་མཆོད་ཡོན་དབང་ལྔའི་མེ་ཏོག་བཀྲ། །ཚིལ་གསུར་དུད་པ་ཞུན་ཆེན་མར་མེ་མཆོག །མཁྲིས་ཆེན་དྲི་ཆབ་ཤ་རུས་ཞལ་ཟས་དང་། །ཐོད་རྔ་རྐང་གླིང་རྔེའུ་ཆུང་རོལ་མོའི་སྒྲ། །ཕྱི་མཆོད་འདོད་ཡོན་ནང་མཆོད་རྣམ་ལྔ་དང་། །གསང་མཆོད་མཐུན་པའི་དམ་རྫས་རྨད་དུ་བྱུང་། །བླ་མེད་དམ་རྫས་ཤ་ལྔ་བདུད་རྩི་སོགས། །ཕུལ་བས་བདག་ཅག་ནད་མེད་ཚེ་དཔལ་རྒྱས། །ཁམས་གསུམ་དབང་བསྡུས་དགྲ་བགེགས་རྡུལ་དུ་རློགས། །ཇི་ལྟར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

་#div1 གཏེར་སྲུང་ལྷ་མོ་ཆེན་མོའི་བསྐང་བསྡུས་དངོས་གྲུབ་སྤྲིན་འཁྲིགས་ཞེས་བྱ་བ་བཞུགས་སོ།།

བྷྱོཿ ནམ་མཁའ་ཡངས་བའི་ཁམས་ལ་དབང་བསྒྱུར་བའི། །གཏེར་སྲུང་དཔལ་ལྡན་ལྷ་མོ་ཆེན་མོ་ལ། །རབ་འབྱམས་ཞིང་གི་མཆོད་པ་འབུལ་ལགས་ན། །ཐུགས་དམ་བསྐང་ངོ་དངོས་གྲུབ་བདག་ལ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

མ་མོ་ཁྲག་རལ་མའི་གསོལ་བསྡུས་བཞུགས།།

བྷྱོཿ མ་མོ་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་ནི། །མ་ཡིག་ལས་གྱུར་ཁྲོ་མོའི་ཚུལ་འཆང་བ། །མ་ཡིས་བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །མ་མོ་ཁྲག་རལ་སྲིད་གསུམ་ཡོངས་ཀྱི་གཙོ། །ཁྲག་འཐུང་ཁྲོ་རྒྱལ་ཀུན་གྱི་བཀའ་སྡོད་མཆོག །ཁྲག་མདོག་བཟོད་དཀའ་དུས་མཐའི་མེ་ལྟར་འབར། །ཁྲག་གི་རལ་བས་གནམ་ས་བར་སྣང་ཁྱབ། །ཁྲག་འཐུང་མཁའ་འགྲོ་ཡོངས་ལ་དབང་བསྒྱུར་བ། །ཞལ་གཅིག་ཕྱག་གཉིས་ཤིན་ཏུ་རྔམས་པའི་སྐུ། །གཅེར་མོ་སྐུ་ལ་རུས་པའི་རྒྱན་ཆ་ཅན། །མི་ལྤགས་གཡང་གཞི་སྟག་གི་ཤམ་ཐབས་གསོལ། །སྙིང་དང་མི་མགོའི་ཕྲེང་བའི་དོ་ཤལ་འཕྱང་། །གཡས་པས་ཟངས་གྲི་གཡོན་པས་བྷན་དམར་བསྣམས། །སྔོན་གྱི་ཐ་ཚིག་གཉན་པོ་རྗེས་དགོངས་ལ། །གར་བཞུགས་གནས་ནས་ཐོགས་མེད་འདིར་བྱོན་ཅིག །གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད་པར་བགྱི། །ཁྱེད་ལ་དགྱེས་པའི་མཆོད་པའི་དམ་རྫས་ནི། །རྨད་བྱུང་བསམ་ཡས་རང་བྱུང་མཆོད་པའི་སྤྲིན། །དཔག་མེད་ཞིང་གི་རྡུལ་སྙེད་གུས་པ་ཡིས། །སྔོན་གྱི་གཡར་དམ་གཉན་པོ་རྗེས་དགོངས་ལ། །མ་གཡེལ་དངོས་གྲུབ་སྩོལ་ཅིག་ས་མ་ཡཱ། །རྫོགས་སྤྲུལ་ལྔ་པས་སོ། །#div1 གཏེར་སྲུང་ཡང་མ་སྐྱིན་གདོང་མའི་གསོལ་བསྡུས་ཕྲིན་ལས་མྱུར་འགྲུབ་ནི།

བྷྱོ། བདེ་ཆེན་འགྱུར་མེད་ཆོས་སྐུའི་ཀློང་ཡངས་ནས། །བདེ་གཤེགས་ཞལ་མཐོང་དམ་ཚིག་ལ་གནས་པས། །བདེ་སྟོང་དགའ་བཞིའི་ཡེ་ཤེས་བསྐྱེད་མཛད་པའི། །བདེ་ཆེན་ཆོས་སྐུའི་ཀློང་ནས་ད་བཞེངས་ཤིག །མཁའ་དབྱིངས་འཇའ་ཟེར་འོད་ཕུང་ཀློང་ཡངས་ནས། །འཁའ་ལ་ཆར་སྤྲིན་གཏིབས་པ་ལྟ་བུའི་སྐུ། །འཁའ་དབྱིངས་ཁྱབ་པའི་སྣ་ཚོགས་སྤྲུལ་པར་བཅས། །མཁའ་ལ་གློག་འཕྲེང་ཟློས་གར་ཇི་བཞིན་དུ། །རྣམ་མཛེས་ཟླ་བ་གཞོན་ནུའི་ལང་ཚོ་ཅན། །རྣམ་བཀྲའི་ཟ་འོག་སྣ་ཚོགས་གོས་ཀྱིས་ཀླུབས། །རྣམ་པ་གཏེར་གྱི་སྲུང་མའི་ཚུལ་བསྟན་པ། །རྣམ་ཀུན་སྒྲུབ་ལ་བུ་བཞིན་སྐྱོང་བར་མཛོད། །ལྷ་མིའི་བསོད་ནམས་སྟོབས་ལས་བྱུང་བ་ཡི། །ལྷ་རྫས་ཉེར་སྤྱོད་མཐུན་པའི་དམ་ཚིག་རྫས། །ལྷ་ཆེན་འཕྲུལ་དགའི་ལོངས་སྤྱོད་ཇི་བཞིན་དུ། །ལྷ་མཆོག་ཁྱོད་ཀྱིས་དགྱེས་པར་བཞེས་སུ་གསོལ། །སྒྲུབ་པོ་བདག་ཅག་རྗེས་འཇུག་ཚོགས་རྣམས་ཀྱིས། །སྒྲུབ་མཆོག་གཏེར་གྱི་སྲུང་མ་ཆེན་པོ་ལ། །སྒྲུབ་ཅིང་རྟག་ཏུ་མཆོད་ཅིང་བརྟེན་པའི་མཐུས། །སྒྲུབ་ལ་དངོས་གྲུབ་སྩོལ་བར་མཛད་དུ་གསོལ། །ཅེས་པའང་རྫོགས་སྤྲུལ་ལྔ་པས་སོ། །དགེའོ། །

སྨན་སྲུང་རྡོ་རྗེ་བདུད་འདུལ་རྒྱུན་ཁྱེར་བཞུགས།།

ཧཱུྃ། སྔོན་ཚེ་བདེ་གཤེགས་སྨན་པའི་རྒྱལ་པོ་ཡི། །སྤྱན་སྔར་སྨན་གྱི་སྲུང་མར་ཞལ་བཞེས་པའི། །མཐུ་ཆེན་དྲེགས་པ་ཀུན་གྱི་གཙོ་བོ་སྟེ། །ཞང་བློན་རྡོ་རྗེ་བདུད་འདུལ་མཐུ་བོ་ཆེ། །མཐིང་ནག་ཁྲོ་འཛུམ་སྨ་ར་དམར་སེར་ཅན། །ཞལ་གཅིག་ཕྱག་གཉིས་ནོར་བུ་གཏེར་སྒྲོམ་བསྣམས། །སྐུ་ལ་ཟ་འོག་བེར་ཆེན་དགུ་བརྩེགས་གསོལ། །རལ་བ་ཐོར་ཚུགས་ཐོད་སྐམ་དབུ་བརྒྱན་ཅན། །ཞབས་གཉིས་རྒྱལ་པོ་རོལ་བའི་སྟབས་ཀྱིས་བཞུགས། །སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་ནས་ཀྱང་། །ཆུ་སྐྱེས་ཟླ་བའི་གདན་ལ་དགྱེས་པར་བཞུགས། །ཨརྒྷཾ་ཡོན་ཆབ་རྒྱ་མཚོ་ལྟ་བུར་བསྐྱིལ། །དག་བྱེད་ཞབས་བསིལ་ཆུ་བོ་གང་གཱའི་རྒྱུན། །རྣམ་བཀྲའི་མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ། །བདུད་སྤོས་སྤྲིན་ཚོགས་དུད་པ་ཕྱོགས་བཅུར་འཕྲོ། །སྣང་གསལ་མར་མེ་ཉིན་བྱེད་དབང་པོ་ལྟར། །དྲི་ཆབ་ངད་ལྡན་དྲི་བཟང་བདུད་རྩིའི་རྒྱུན། །རོ་བརྒྱའི་ཞལ་ཟས་ལྷུན་པོའི་སྤོ་དང་མཉམ། །སྒྲ་སྙན་རོལ་མོའི་བྱེ་བྲག་བསམ་མི་ཁྱབ། །ཨ་མྲྀ་ཏ་དང་རཀྟ་བྷ་ལིངྟ། །ཇ་ཆང་འོ་མའི་བཏུང་བ་རྒྱ་མཚོར་བསྐྱིལ། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ཀུན། །འབུལ་ལོ་དགྱེས་པར་བཞེས་ལ་ཕྲིན་ལས་སྒྲུབས། །རྫོགས་སྤྲུལ་པས་སོ། །

བཀའ་ཡི་སྲུང་མ་གནོད་སྦྱིན་བཅུ་གཉིས་ཀྱི་གསོལ་བསྡུས་བཞུགས་སོ།།

ཧཱུྃ། སྟོན་པ་བདེ་གཤེགས་སྨན་པའི་རྒྱལ་པོ་ཡི། །དཀྱིལ་འཁོར་ཆེན་པོའི་བཀའ་ཡི་འཁོར་ཡུག་ན། །གནས་པའི་གནོད་སྦྱིན་ཆེན་པོ་བཅུ་གཉིས་ནི། །ཕྱག་ན་རྡོ་རྗེའི་དམ་ཚིག་ལ་གནས་པའི། །གནོད་སྦྱིན་དེད་དཔོན་ཆེན་པོ་ཇི་འཇིག་ནི། །སྐུ་མདོག་སེར་པོ་གསེར་གྱི་མདོག་འདྲ་བ། །གཡས་པས་གསེར་གྱི་རྡོ་རྗེ་རྩེ་ལྔ་བསྣམས། །གནོད་སྦྱིན་སྡེ་དཔོན་ཆེན་པོ་རྡོ་རྗེ་ནི། །སྐུ་མདོག་སྨུག་ནག་འོད་ཟེར་ཕྱོགས་བཅུར་འཕྲོ། །གཡས་པས་རྣོ་ངར་འབར་བའི་རལ་གྲི་བསྣམས། །གནོད་སྦྱིན་སྡེ་དཔོན་ཆེན་པོ་རྒྱན་འཛིན་ནི། །སྐུ་མདོག་སེར་པོ་བཙོ་མ་གསེར་གྱི་མདོག །ཕྱག་གཡས་འབར་བའི་དབྱུག་ཏོ་རྔམས་སྟབས་འཛིན། །གནོད་སྦྱིན་སྡེ་དཔོན་ཆེན་པོ་གཟའ་འཛིན་ནི། །སྐུ་མདོག་སྔོ་སྐྱ་ནམ་མཁའ་དྭངས་མའི་མདོག །གཡས་པས་འབར་བའི་དབྱུག་ཐོ་མཁའ་ལ་ཕྱར། །གནོད་སྦྱིན་སྡེ་དཔོན་ཆེན་པོ་རླུང་འཛིན་ནི། །སྐུ་མདོག་དམར་པོ་པདྨ་ར་གའི་མདོག །ཕྱག་གཡས་ཁ་ཊྭཱྃ་རྩེ་གསུམ་བརྗིད་པར་བསྣམས། །གནོད་སྦྱིན་སྡེ་དཔོན་ཆེན་པོ་གནས་བཅས་ནི། །སྐུ་མདོག་དུད་ཁ་འོད་ཟེར་ཕྱོགས་བཅུར་འཕྲོ། །ཡེ་ཤེས་རྣོ་དབལ་འབར་བའི་རལ་གྲི་བསྣམས། །གནོད་སྦྱིན་སྡེ་དཔོན་ཆེན་པོ་དབང་འཛིན་ནི། །སྐུ་མདོག་དམར་པོ་བྱི་རུའི་མདོག་འདྲ་བ། །ཕྱག་གཡས་འབར་བའི་དབྱུག་ཏོ་རྔམས་པར་འཛིན། །གནོད་སྦྱིན་དེད་དཔོན་ཆེན་པོ་གཏོང་འཛིན་ནི། །སྐུ་མདོག་དམར་སེར་ཉི་མ་འཆར་ཁའི་མདོག །གཡས་པས་འབར་བ་དབྱུག་ཐོ་བརྗིད་པར་འཛིན། །གནོད་སྦྱིན་སྡེ་དཔོན་ཆེན་པོ་སྨྲ་འཛིན་ནི། །སྐུ་མདོག་སེར་པོ་སྤུར་ལེན་མདོག་འདྲ་བ། །གཡས་པས་དགྲ་འཇོམས་འབར་བའི་སྟ་རེ་བསྣམས། །གནོད་སྦྱིན་སྡེ་དཔོན་ཆེན་པོ་བསམ་འཛིན་ནི། །སྐུ་མདོག་སེར་པོ་གསེར་གྱི་མདོག་འདྲ་བ། །གཡས་པས་འགུགས་པར་བྱེད་པའི་ཞགས་པ་འཛིན། །གནོད་སྦྱིན་སྡེ་དཔོན་ཆེན་པོ་གཡོ་བ་འཛིན། །སྐུ་མདོག་སྔོན་པོ་ནམ་མཁའ་དྭངས་པའི་འོད། །གཡས་པས་དགྲ་འཇོམས་འབར་བའི་དབྱུག་ཏོ་འཛིན། །གནོད་སྦྱིན་སྡེ་དཔོན་ཆེན་པོ་རྫོགས་བྱེད་ནི། །སྐུ་མདོག་དམར་པོ་ལེ་བརྒན་འབར་བའི་མདོག །གཡས་པས་གསེར་གྱི་འཁོར་ལོ་འོད་འབར་བསྣམས། །དེ་ལྟར་གནོད་སྦྱིན་ཆེན་པོ་བཅུ་གཉིས་ནི། །གཡས་པས་རང་རང་ཕྱག་མཚན་ཐུགས་ཀར་འཛིན། །གཡོན་པས་ནོར་ཕྱུག་གཏེར་གྱི་ནེའུ་ལེ། །དཀུར་བརྟེན་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །དར་ཟབ་ཟ་འོག་བེར་ཆེན་ལྷབ་ལྷུབ་གསོལ། །གསུས་ཁྱིམ་ཆེ་ལ་འཇིགས་ཤིང་རྔམས་པའི་ཚུལ། །རང་རང་བྲན་དང་འཁོར་གཡོག་བསམ་མི་ཁྱབ། །བདུན་འབུམ་བདུན་འབུམ་ཉི་ཁྲི་ས་ཡ་བཅས། །རྒྱལ་བའི་བཀའ་བཞིན་སྐྱོང་བར་ཞལ་བཞེས་པའི། །མཐུ་ཆེན་གནོད་སྦྱིན་ཆེན་པོ་འཁོར་བཅས་རྣམས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ལྷ་རྫས་ཕྱི་ཡི་མཆོད་པ་སྤྲིན་ལྟར་གཏིབས། །རང་བྱུང་ནང་གི་མཆོད་པ་སྤུངས་སེ་སྤུང་། །གཉིས་མེད་གསང་བའི་མཆོད་པ་དྭངས་རེ་སྤྲོ། །ཛ་གད་བཏུང་བ་རྒྱ་མཚོ་མེ་རེ་རེ། །མཐུན་པའི་ཚོགས་ནི་སྐར་ལྟར་བཀྲམ་པ་དང་། །བདེ་སྟོང་དགའ་བཞིའི་མཆོད་པ་བླ་ན་མེད། །དུག་གསུམ་དགྲ་བགེགས་བསྒྲལ་བའི་མཆོད་པ་སོགས། །རབ་འབྱམས་ནམ་མཁའ་གང་བར་འབུལ་ལགས་ན། །དགྱེས་པར་བཞེས་ལ་ལས་བཞིའི་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

ནཱ་ག་རཀྴའི་གསོལ་བསྡུས་བཞུགས།།

ཧཱུྃ། ཀླུ་གཉན་ས་བདག་འདུལ་བའི་གཤེད་པོ་ཆེ། །དུག་གི་རི་རབ་འབར་བའི་ངོས་ཡངས་ལ། །དུག་གི་རྒྱ་མཚོ་འཁྱིལ་བའི་ཀློང་དཀྱིལ་དུ། །ཤིན་ཏུ་ཁྲོས་པ་ནཱ་ག་རཀྴ་ནི། །སྐུ་མདོག་སྨུག་ནག་དབུ་དགུ་ཕྱག་བཅྭོ་བརྒྱད། །བཅྭོ་བརྒྱད་ཕྱག་གི་གཡས་དགུ་གྲི་གུག་དང་། །གཡོན་པ་དགུ་ན་སྦྲུལ་གྱི་ཞགས་པ་བསྣམས། །སྐུ་སྨད་སྦྲུལ་མཇུག་རྒྱ་མཚོའི་ནང་དུ་འཁྱིལ། །ཀླུ་གཉན་ས་བདག་ཕོ་མོ་འབུ་ཁྲིའི་ཚོགས། །ལྷ་མཆོག་ཆེན་པོའི་བཀའ་ཉན་གུས་པས་འདུད། །གནས་མཆོག་དམ་པ་གང་དུ་བཞུགས་གྱུར་ཀྱང་། །བདག་ཅག་གདུང་བའི་དབྱངས་ཀྱི་འབོད་པའི་ཚེ། །ཇི་ལྟར་མཁའ་ལས་གློག་ཕྲེང་གཡོ་བ་བཞིན། །སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་སུ་གསོལ། །ཤ་ཁྲག་དམར་གྱི་བྷ་ལིང་གཏོར་མ་དང་། །ཉམས་པ་བསྒྲལ་བའི་སྙིང་གི་ཁྲག་གི་རྒྱུན། །མྱོས་བྱེད་ཆང་གིས་སྦྱར་བའི་ཨ་མྲྀ་ཏ། །ཕྱི་ནང་གསང་བའི་མཆོད་པ་བླ་ན་མེད། །ཁྱད་པར་ཁྱེད་དང་མཐུན་པའི་དམ་ཚིག་རྫས། །འཁོར་ལོ་ལ་སོགས་རྒྱལ་སྲིད་རིན་ཆེན་བདུན། །རིན་ཆེན་གདུགས་སོགས་བཀྲ་ཤིས་རྟགས་བརྒྱད་དང་། །ལི་ཁྲི་དུང་དཀར་ཞོ་སོགས་བཀྲ་ཤིས་རྫས། །རིན་ཆེན་བདུན་དང་ཉེ་བའི་རིན་ཆེན་བདུན། །ཨིནྡྲ་ནི་ལ་མར་གད་སྤོས་ཤེལ་དང་། །རྡོ་རྗེ་ཕ་ལམ་མུ་ཏིག་བཻཌཱུརྱ། །གསེར་དངུལ་ཟངས་ལྕགས་ལ་སོགས་རིན་ཆེན་རིགས། །འདོད་འཇོའི་བ་མོ་དཔག་བསམ་ལྗོན་པའི་ཤིང་། །གཏེར་གྱི་བུམ་པ་ཁྲུས་རྫིང་སྐྱེད་མོའི་ཚལ། །ངང་པ་དཀར་སེར་ཁྲུང་ཁྲུང་མཐིང་རིལ་སོགས། །འདབ་ཆགས་བྱ་རིགས་ཚོགས་ནི་སྤྲིན་ལྟར་གཏིབས། །རྟ་གླང་མ་ཧེ་ཤ་རྐྱང་དྲེལ་ལ་སོགས། །རྐང་བཞི་དུད་འགྲོའི་ཚོགས་ནི་ཁྱུགས་སེ་ཁྱུག །ཀླུ་ལ་དབང་བའི་ཀླུ་ནོར་ཉེར་གཅིག་སོགས། །ཆུ་གནས་དུད་འགྲོའི་ཚོགས་ནི་ལྡེམས་སེ་ལྡེམ། །རྒྱ་མཚོའི་སྦུ་བ་ཞོ་ཤ་རྣམ་པ་གསུམ། །ཨ་བར་སྐྱུར་གསུམ་རྨ་བྱའི་མདོངས་ལ་སོགས། །སྨན་གྱི་རིགས་སུ་གྱུར་པ་ཐམས་ཅད་དང་། །ཟོ་འོག་དར་ཟབ་གོས་ཀྱི་རིགས་བྱེད་སོགས། །རབ་འབྱམས་རྒྱ་མཚོའི་མཆོད་པ་དཔག་མེད་པ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡིས། །ཁྱེད་ལ་མཆོད་ཅིང་ཕུལ་བའི་བྱིན་རླབས་ཀྱིས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡིས། །ས་གཉན་བརྐོས་དང་ཤིང་གཉན་བཅད་པ་དང་། །རྡོ་གཉན་བསློགས་དང་མཚོ་གཉན་དཀྲུགས་པ་སོགས། །མདོར་ན་ཀླུ་གཉན་ས་བདག་ཐམས་ཅད་ལ། །ཕོག་ཐུག་འགལ་འཁྲུལ་གྱུར་བ་ཅི་མཆིས་པ། །མྱུར་དུ་བྱང་ཞིང་དག་པར་མཛད་དུ་གསོལ། །བདག་ཅག་ཀླུ་ཡི་ནད་ལས་རབ་གྲོལ་ཞིང་། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པ་དང་། །རྟག་ཏུ་བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག །རྫོགས་སྤྲུལ་ལྔ་པས་སོ། །

ཉི་གྲགས་ནོར་བདག་རྣམ་སྲས་ཡིད་བཞིན་ནོར་བུའི་རྟགས་བསྟོད་བསམ་འཕེལ་ནོར་བུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།

བཻཿ རི་རབ་ལྷུན་པོའི་བྱང་གི་ཕྱོགས་རོལ་ན། །ནོར་མང་གནོད་སྦྱིན་རྒྱལ་པོའི་ཕོ་བྲང་ཆེ། །ལྟ་ན་སྡུག་པའི་རིན་ཆེན་གཞལ་ཡས་ཁང་། །ཀ་ཆེན་སྟོང་ཕྲག་བརྒྱད་བརྒྱའི་བཀོད་ལེགས་མཛེས། །རིན་ཆེན་གསེར་གྱི་གཞལ་ཡས་འོད་འབར་བ། །གྲུ་བཞི་སྒོ་བཞི་རིན་ཆེན་སྣ་ཚོགས་ཀྱི། །དྲྭ་བ་དྲྭ་ཕྱེད་ཕྱོགས་བཅུར་ཀུན་ནས་མཛེས། །དེ་སྟེང་རིན་ཆེན་པདྨ་ར་གའི་ཐོག །དེ་སྟེང་རིན་ཆེན་ཨིནྡྲ་ནི་ལའི་ཐོག །ཡིད་བཞིན་དབང་གི་རྒྱལ་པོའི་རྩེ་རྒྱན་སྤྲས། །རྡོ་རྗེ་ཕ་ལམ་མར་གད་མུ་ཏིག་དང་། །བཻཌཱུརྱ་སོགས་རིན་ཆེན་སྣ་ཚོགས་ཀྱི། །ཁ་བད་དྲྭ་བ་དྲྭ་ཕྱེད་ཀུན་ནས་སྤྲས། །གདུགས་དང་རྒྱལ་མཚན་གཡེར་ཁའི་ཕྲེང་བས་མཛེས། །རིན་ཆེན་སྣ་ཚོགས་ར་བ་སུམ་རིམ་ན། །འདོད་འཇོའི་བ་དང་མ་རྨོས་ལོ་ཏོག་དང་། །དཔག་བསམ་ཤིང་ཆེན་རིན་ཆེན་ལོ་འདབ་རྒྱས། །གཏེར་གྱི་ཁང་ཆེན་བརྒྱད་དང་གཏེར་བུམ་བརྒྱད། །ཁྲུས་ཀྱི་རྫིང་བུ་ཡན་ལག་བརྒྱད་ལྡན་ཆུ། །རྣམ་མང་ཐོས་སྲས་རྒྱལ་པོའི་ཕོ་བྲང་དབུས། །རིན་ཆེན་ཟུར་བརྒྱད་པདྨ་ཉི་ཟླའི་སྟེང་། །འདོད་འབྱུང་ནོར་བུའི་ས་བོན་བྷཻ་ཡིས་མཚན། །འོད་ཟེར་འཕྲོ་འདུས་སྦྱོང་བ་ཡོངས་གྱུར་པའི། །སེམས་ཅན་དབུལ་བ་སེལ་བའི་ལྷ་གཅིག་པོ། །གནོད་སྦྱིན་རྒྱལ་པོ་ཆེན་པོ་རྣམ་མང་བུ། །ས་བརྒྱད་ཕྱིར་མི་ལྡོག་པའི་མགོན་པོ་སྟེ། །ཡིད་བཞིན་ནོར་བུ་རྒྱལ་པོ་རྣམ་ཐོས་སྲས། །སྐུ་མདོག་མཐིང་སྔོན་བཻཌཱུའི་རི་བོ་ལ། །ཉིན་བྱེད་འོད་ཟེར་འབུམ་གྱིས་འཁྱུད་པ་བཞིན། །འོད་དང་འོད་ཟེར་ཕྱོགས་བཅུར་ཀུན་ནས་འཕྲོས། །སྐྱེ་མེད་དབྱིངས་ལས་འགྱུར་བ་མེད་པའི་རྟགས། །ཞལ་གཅིག་ཁྲོ་འཛུམ་ཅུང་ཟད་བཞད་པ་ནི། །སྡུག་བསྔལ་འཁོར་བའི་སྐྱོན་གྱིས་མ་གོས་རྟགས། །ཕྱག་གཡས་རྒྱལ་མཚན་སྐུ་ལ་བརྟན་པ་ནི། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་བའི་རྟགས། །ཕྱག་གཡོན་ནེའུ་ལེའི་རྐྱལ་བ་བསྣམས་པ་ནི། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བའི་རྟགས། །ཟ་འོག་བེར་ཆེན་དགུ་བརྩེགས་གསོལ་བ་ནི། །ཐེག་དགུའི་ཆོས་རྣམས་མ་འདྲེས་མཁྱེན་པའི་རྟགས། །རལ་བའི་མཐོན་མཐིང་པྲོག་ཞུ་སྤྲས་པ་ནི། །འགྲོ་བ་མ་ལུས་བུ་བཞིན་སྐྱོང་བའི་རྟགས། །རིགས་བདག་བཛྲ་པ་ནིས་བརྒྱན་པ་ནི། །འདོད་དགུའི་དངོས་གྲུབ་ཀུན་གྱི་འབྱུང་གནས་རྟགས། །ཞབས་ལ་ཟ་འོག་སག་ལྷམ་གསོལ་བ་ནི། །འགྲོ་བའི་དོན་ལ་སྐྱོ་དུབ་མེད་པའི་རྟགས། །སེམས་ཅན་སྤྱི་མཐུན་བསོད་ནམས་དཔལ་གྱིས་མཛེས། །དངོས་གྲུབ་ཡོན་ཏན་ཀུན་གྱི་འབྱུང་གནས་ཆེ། །འགྲོ་བའི་དབུལ་བ་སེལ་བའི་ལྷ་གཅིག་པུ། །མི་ཟད་ཆུ་རྒྱུན་རིང་པོ་སྩོལ་མཛད་པའི། །ཕོང་དང་ངལ་བ་མེད་པའི་མངའ་བདག་པོ། །ལྷག་པའི་ལྷ་མཆོག་རྒྱལ་པོ་རྣམ་ཐོས་སྲས། །ཁྱེད་ལ་རབ་ཏུ་གུས་པས་ཕྱག་འཚལ་བསྟོད། །ཧཱུྃ། ཕྱི་རོལ་ཕྱོགས་བཞི་པདྨ་ཉི་ཟླའི་སྟེང་། །ནོར་སྐྱོང་ལྷ་མོ་ཟླ་བ་ཞུན་མའི་མདོག །བཅུ་དྲུག་ཡིད་འོང་ལང་ཚོ་ལྟ་ན་སྡུག །རིན་ཆེན་གཏེར་བུམ་ནེའུ་ལེའི་རྐྱལ་བ་བསྣམས། །ཕྱྭ་གཡང་དཔལ་གྱི་ཡུམ་ཆེན་ཁྱོད་ལ་བསྟོད། །ནོར་རྒྱུན་ལྷ་མོ་གསེར་གྱི་མདོག་འདྲ་བ། །དྲི་ཞིམ་ནུ་འབུར་ལང་ཚོའི་འདབ་སྟོང་གཡོ། །གཡས་པས་གཏེར་བུམ་གཡོན་པས་ནེའུ་ལེ་བསྣམས། །ནོར་གྱི་བདག་པོ་ལྷ་མོ་ཁྱོད་ལ་བསྟོད། །ཀུ་རུ་ཀུ་ལེ་དམར་མོ་པད་རག་མདོག །ཆགས་པའི་ཉམས་ལྡན་སྤྱན་གྱིས་ཟུར་མིག་བལྟ། །གཡས་པས་གཏེར་བུམ་གཡོན་པས་ནེ་ལེ་བསྣམས། །ཁམས་གསུམ་དབང་དུ་བསྡུད་མཛད་ཁྱོད་ལ་བསྟོད། །ཀླུ་མོ་གཟི་འབར་ཨིནྡྲ་ནི་ལིའི་མདོག །ཡིད་འོང་ལྷ་མོ་ལང་ཚོའི་དཔལ་གྱི་བདག །གཏེར་གྱི་བུམ་པ་ནེའུ་ལེའི་རྐྱལ་བ་བསྣམས། །ཀླུ་ཁམས་དབང་དུ་སྡུད་མཛད་ཁྱོད་ལ་བསྟོད། །དེ་ཡི་ཕྱི་རོལ་པད་མ་འདབ་བརྒྱད་ལ། །ཞི་བའི་ལས་མཛད་རྒྱལ་ཆེན་རྣམ་ཐོས་སྲས། །གངས་རིའི་མདོག་འདྲ་བེར་ཆེན་དགུ་བརྩེགས་གསོལ། །རྒྱལ་མཚན་ནེའུ་ལེ་བསྣམས་ནས་ཕྱེད་སྐྱིལ་བཞུགས། །ཕྱྭ་གཡང་བར་ཆད་སེལ་མཛད་ཁྱོད་ལ་བསྟོད། །རྒྱས་པའི་ལས་མཛད་རྒྱལ་ཆེན་རྣམ་ཐོས་སྲས། །གསེར་མདོག་བཞད་ཅིང་བེར་ཆེན་དགུ་བརྩེགས་གསོལ། །རྒྱལ་མཚན་ནེའུ་ལེ་བསྣམས་ཤིང་ཕྱེད་སྐྱིལ་བཞུགས། །ཕྱྭ་གཡང་གོང་དུ་སྤེལ་མཛད་ཁྱོད་ལ་བསྟོད། །དབང་གི་ལས་མཛད་རྒྱལ་ཆེན་རྣམས་ཐོས་སྲས། །མདོག་དམར་བརྗིད་ཆགས་བེར་ཆེན་དགུ་བརྩེགས་གསོལ། །ཕྱྭ་གཡང་དབང་དུ་སྡུད་མཛད་ཁྱོད་ལ་བསྟོད། །དྲག་པོའི་ལས་མཛད་རྒྱལ་ཆེན་རྣམ་ཐོས་སྲས། །གཡུ་མདོག་ཁྲོ་འཛུམ་བེར་ཆེན་དགུ་བརྩེགས་གསོལ། །རྒྱལ་མཚན་ནེའུ་ལེ་བསྣམས་ཤིང་ཕྱེད་སྐྱིལ་བཞུགས། །བསེ་རག་འབྱུང་པོ་འདུལ་མཛད་ཁྱོད་ལ་བསྟོད། །དེ་ཡི་ཕྱི་རིམ་པདྨ་འདབ་བརྒྱད་ལ། །ཤར་ལྷོ་སྲས་མཆོག་མགོན་པོ་ཛམ་བྷ་ལ། །གསེར་གྱི་མདོག་ཅན་ནོར་བུ་ནེའུ་ལེ་བསྣམས། །རིན་ཆེན་རྒྱན་སྤྲས་ཞབས་གཉིས་ཕྱེད་སྐྱིལ་བཞུགས། །ཡོན་ཏན་སྲས་མཆོག་ཛམ་ལྷ་ཁྱེད་ལ་བསྟོད། །ལྷོ་ནུབ་སྲས་མཆོག་མགོན་པོ་ཛམ་བྷ་ལ། །བྱེ་རུའི་མདོག་ཅན་ནོར་བུ་ནེའུ་ལེ་བསྣམས། །རིན་ཆེན་རྒྱན་སྤྲས་ཞབས་གཉིས་ཕྱེད་སྐྱིལ་བཞུགས། །གསུང་གི་སྲས་མཆོག་ཛམ་ལྷ་ཁྱོད་ལ་བསྟོད། །ནུབ་བྱང་སྲས་མཆོག་མགོན་པོ་ཛམ་བྷ་ལ། །མིག་སྨན་མདོག་ཅན་ནོར་བུ་ནེའུ་ལེ་བསྣམས། །རིན་ཆེན་རྒྱན་སྤྲས་ཞབས་གཉིས་ཕྱེད་སྐྱིལ་བཞུགས། །ཕྲིན་ལས་སྲས་མཆོག་ཛམ་ལྷ་ཁྱོད་ལ་བསྟོད། །བྱང་ཤར་སྲས་མཆོག་མགོན་པོ་ཛམ་བྷ་ལ། །སྤྲིན་དཀར་མདོག་འདྲ་ནོར་བུ་ནེའུ་ལེ་བསྣམས། །རིན་ཆེན་རྒྱན་སྤྲས་ཞབས་གཉིས་ཕྱེད་སྐྱིལ་བཞུགས། །སྐུ་ཡི་སྲས་མཆོག་ཛམ་ལྷ་ཁྱོད་ལ་བསྟོད། །དེ་ཡི་ཕྱི་རིམ་པདྨ་འདབ་བརྒྱད་ལ། །ཤར་དུ་གནོད་སྦྱིན་རིགས་སྔགས་འཆང་ཆེན་པོ། །སྐུ་མདོག་དཀར་པོ་རིན་ཆེན་ཅོད་པཎ་འཕུར། །རིན་ཆེན་ནོར་གཞོང་བསྣམས་ཞིང་ཕྱེད་སྐྱིལ་བཞུགས། །གནོད་སྦྱིན་ཡོངས་ཀྱི་དེད་དཔོན་ཁྱོད་ལ་བསྟོད། །ལྷོ་རུ་གནོད་སྦྱིན་ལྷ་ཡི་དྲི་ཆེན་ནི། །སྐུ་མདོག་སེར་པོ་རིན་ཆེན་ཅོད་པཎ་འཕུར། །རིན་ཆེན་ནོར་གཞུང་བསྣམས་ནས་ཕྱེད་སྐྱིལ་བཞུགས། །ནོར་བདག་གནོད་སྦྱིན་རྒྱལ་པོ་ཁྱོད་ལ་བསྟོད། །ནུབ་བྱང་གནོད་སྦྱིན་ཆེན་པོ་ཀུན་ཏུ་རྒྱུ། །སྐུ་མདོག་དམར་པོ་རིན་ཆེན་ཅོད་པཎ་འཕུར། །རིན་ཆེན་ནོར་གཞོང་བསྣམས་ནས་ཕྱེད་སྐྱིལ་བཞུགས། །ནོར་བདག་ཀུན་གྱི་རྒྱལ་པོ་ཁྱོད་ལ་བསྟོད། །བྱང་དུ་གནོད་སྦྱིན་བུམ་པའི་ལྟོ་ཆེན་ནི། །སྐུ་མདོག་དམར་པོ་རིན་ཆེན་ཅོད་པཎ་འཕུར། །རིན་ཆེན་ནོར་གཞོང་བསྣམས་ནས་ཕྱེད་སྐྱིལ་བཞུགས། །གཏེར་བདག་གནོད་སྦྱིན་ཆེན་པོ་ཁྱོད་ལ་བསྟོད། །ཤར་ལྷོ་གནོད་སྦྱིན་འབྲོག་གནས་ཆེན་པོ་ནི། །སྐུ་མདོག་ནག་པོ་མདུང་དར་གཡས་ན་ཕྱར། །ཞབས་གཉིས་ཕྱེད་སྐྱིལ་གཡོན་པས་ནེའུ་ལེ་བཙིར། །གཏེར་བདག་བྱེ་བའི་བདག་པོ་ཁྱོད་ལ་བསྟོད། །ལྷོ་ནུབ་གནོད་སྦྱིན་རྟ་ཚེ་ཆེན་པོ་ནི། །སེར་སྐྱ་རིན་ཆེན་ཁང་བུ་གཡས་ན་བསྣམས། །ཞབས་གཉིས་ཕྱེད་སྐྱིལ་གཡོན་པས་ནེའུ་ལེ་བཙིར། །རིན་ཆེན་གཏེར་གྱི་བདག་པོ་ཁྱོད་ལ་བསྟོད། །ནུབ་བྱང་གནོད་སྦྱིན་ཆེན་པོ་ཀུན་ཏ་ལི། །སྐུ་མདོག་དཀར་པོ་ཕྱག་གཡས་ནོར་བུ་བསྣམས། །ཞབས་གཉིས་ཕྱེད་སྐྱིལ་གཡོན་པས་ནེའུ་ལེ་བཙིར། །ནོར་མང་བྱེད་བའི་བདག་པོ་ཁྱོད་ལ་བསྟོད། །བྱང་ཤར་གནོད་སྦྱིན་ཆེན་པོ་ཡང་དག་རྒྱལ། །སྐུ་མདོག་སེར་པོ་རིན་ཆེན་གཞོང་པ་ཐོགས། །ཞབས་གཉིས་ཕྱེད་སྐྱིལ་གཡོན་པས་ནེའུ་ལེ་བཙིར། །རིན་ཆེན་འདོད་རྒུའི་ཆར་འབེབས་ཁྱོད་ལ་བསྟོད། །སྐུ་མདོག་དཀར་པོ་དུང་གི་རི་བོ་འདྲ། །སྐུ་སྟོད་མི་གཟུགས་སྐུ་སྨད་སྦྲུལ་དུ་འཁྱིལ། །ཕྱག་གཉིས་ཐལ་སྦྱར་ནོར་བུའི་མཆོད་པ་འབུལ། །ཀླུ་ཡི་རྒྱལ་པོ་ནོར་རྒྱལ་ཁྱོད་ལ་བསྟོད། །སྐུ་མདོག་དཀར་པོ་རིན་ཆེན་དངུལ་གྱི་མདོག །སྐུ་སྟོད་མི་ལུས་སྐུ་སྨད་སྦྲུལ་མཇུག་ཅན། །ཕྱག་གཉིས་ཐལ་སྦྱར་ནོར་བུའི་མཆོད་པ་འབུལ། །ཀླུ་ཡི་རྒྱལ་པོ་དུང་སྐྱོང་ཁྱོད་ལ་བསྟོད། །སྐུ་མདོག་སྔོན་པོ་བཻཌཱུརྱ་ཡི་མདོག །སྐུ་སྟོད་མི་གཟུགས་སྐུ་སྨད་སྦྲུལ་དུ་འཁྱིལ། །ཕྱག་གཉིས་ཐལ་སྦྱར་ནོར་བུའི་མཆོད་པ་འབུལ། །ཀླུ་ཡི་རྒྱལ་པོ་པད་རྒྱལ་ཁྱོད་ལ་བསྟོད། །སྐུ་མདོག་སྔོན་པོ་ཨིནྡྲ་ནི་ལིའི་མདོག །སྐུ་སྟོད་མི་གཟུགས་སྐུ་སྨད་སྦྲུལ་དུ་འཁྱིལ། །ཕྱག་གཉིས་ཐལ་སྦྱར་ནོར་བུའི་མཆོད་པ་འབུལ། །ཀླུ་ཡི་རྒྱལ་པོ་རིག་ལྡན་ཁྱོད་ལ་བསྟོད། །སྐུ་མདོག་དམར་པོ་བྱུ་རུ་ལྷུན་པོའི་མདོག །སྐུ་སྟོད་མི་གཟུགས་སྐུ་སྨད་སྦྲུལ་དུ་འཁྱིལ། །ཕྱག་གཉིས་ཐལ་སྦྱར་ནོར་བུའི་མཆོད་པ་འབུལ། །ཀླུ་ཡི་རྒྱལ་པོ་པད་ཆེན་ཁྱོད་ལ་བསྟོད། །སྐུ་མདོག་དམར་པོ་པད་རག་ལྷུན་པོ་མདོག །སྐུ་སྟོད་མི་གཟུགས་སྐུ་སྨད་སྦྲུལ་དུ་འཁྱིལ། །ཕྱག་གཉིས་ཐལ་སྦྱར་ནོར་བུའི་མཆོད་པ་འབུལ། །ཀླུ་ཡི་རྒྱལ་པོ་པདྨ་ཁྱོད་ལ་བསྟོད། །སྐུ་མདོག་སེར་པོ་རིན་ཆེན་གསེར་གྱི་མདོག །སྐུ་སྟོད་མི་གཟུགས་སྐུ་སྨད་སྦྲུལ་དུ་འཁྱིལ། །ཕྱག་གཉིས་ཐལ་སྦྱར་ནོར་བུའི་མཆོད་པ་འབུལ། །ཀླུ་ཡི་རྒྱལ་པོ་འཇོག་པོ་ཁྱོད་ལ་བསྟོད། །སྐུ་མདོག་སེར་པོ་སྦུར་ལེན་ཞུན་མའི་མདོག །སྐུ་སྟོད་མི་གཟུགས་སྐུ་སྨད་སྦྲུལ་དུ་འཁྱིལ། །ཕྱག་གཉིས་ཐལ་སྦྱར་ནོར་བུའི་མཆོད་པ་འབུལ། །ཀླུ་ཡི་རྒྱལ་པོ་པད་ཆེན་ཁྱོད་ལ་བསྟོད། །ཕོ་བྲང་ཆེན་པོའི་ཕྱོགས་བཞིའི་སྒོ་བཞི་ན། །འཇིག་རྟེན་དྲེགས་པ་ཡོངས་ཀྱི་མངའ་བདག་པོ། །གནོད་སྦྱིན་ཆེན་པོའི་སྒོ་བཞི་སྐྱོང་བ་ནི། །ཤར་སྒོ་སྐྱོང་བའི་མགོན་པོ་དཀར་པོ་ནི། །སྐུ་མདོག་དཀར་པོ་ལྕགས་ཀྱུ་གཏེར་བུམ་བསྣམས། །ཞི་བའི་ལས་མཛད་དངོས་གྲུབ་ཀུན་གྱི་བདག །ཞི་བ་ཆེན་པོ་ཕྲིན་ལས་མཛད་ལ་བསྟོད། །ལྷོ་སྒོ་སྐྱོང་བའི་ཚོག་བདག་གླང་པོའི་གདོང་། །སྐུ་མདོག་སེར་པོ་རིན་ཆེན་གཏེར་བུམ་བསྣམས། །རྒྱས་པའི་ལས་མཛད་བསོད་ནམས་དཔལ་སྐྱེད་པ། །རྒྱས་པའི་ཕྲིན་ལས་རྫོགས་མཛད་ཁྱོད་ལ་བསྟོད། །ནུབ་སྒོ་སྐྱོང་བའི་དབང་ཕྱུག་ཆེན་པོ་ནི། །སྐུ་མདོག་དམར་པོ་ཁ་ཊཱཾ་གཏེར་བུམ་བསྣམས། །ཁམས་གསུམ་དབང་དུ་བསྡུ་བའི་མངའ་བདག་པོ། །དབང་གི་ཕྲིན་ལས་རྫོགས་མཛད་ཁྱོད་ལ་བསྟོད། །བྱང་སྒོ་སྐྱོང་བའི་གནོད་སྦྱིན་ཙིའུ་དམར། །སྐུ་མདོག་ལྗང་དམར་མདུང་དར་གཏེར་བུམ་བསྣམས། །ཁམས་གསུམ་སྐྱེ་འགྲོ་ཡོངས་ཀྱི་སྲོག་བདག་པོ། །དྲག་པོ་འཕྲིན་ལས་རྫོགས་མཛད་ཁྱོད་ལ་བསྟོད། །ཕོ་བྲང་ཆེན་པོའི་བར་འཁྱམ་འཁོར་ཡུག་ལ། །ལྷ་ཀླུ་གནོད་སྦྱིན་བྱེ་བ་འབུམ་གྱི་ཚོགས། །སྐུ་མདོག་སྣ་ཚོགས་འོད་ཟེར་ཕྱོགས་བཅུར་འཕྲོ། །རིན་ཆེན་གཞོང་པ་ནོར་གྱིས་བཀང་པ་བསྣམས། །ནོར་ལྷ་རྒྱ་མཚོ་ལྷ་མིའི་ཁྲོམ་ཚོགས་ལྟར། །གཙོ་བོའི་བཀའ་བཞིན་རང་གི་ལས་བྱེད་པ། །རྣམ་འགྱུར་སྣ་ཚོགས་ཅིར་ཡང་སྟོན་ལ་བསྟོད། །ལྷ་ཡི་ལྷ་མཆོག་རྒྱལ་ཆེན་རྣམ་ཐོས་སྲས། །ཡུམ་ཆེན་བཞི་དང་ལྷ་མོ་རྣམ་པ་བཞི། །རྣམ་སྲས་སྡེ་བཞི་མཛམ་ལྷ་རིགས་བཞི་དང་། །རྟ་བདག་བརྒྱད་དང་ཀླུ་ཆེན་རྣམ་པ་བརྒྱད། །སྒོ་སྐྱོང་བཞི་དང་ལྷ་ཀླུ་གནོད་སྦྱིན་ཚོགས། །གཙོ་འཁོར་ཡོངས་རྫོགས་རྣམས་ལ་བསྟོད་པའི་མཐུས། །བརྩེ་བའི་མ་ཡིས་བུ་ལ་བྱམས་པ་བཞིན། །བདག་ཅག་བཀྲེས་ཕོངས་དབུལ་བས་གདུང་བ་ལ། །ནོར་ལྷ་རྒྱ་མཚོའི་འཁོར་ཚོགས་རྒྱ་མཚོ་རྣམས། །དུས་རྣམས་ཀུན་ཏུ་བདག་གིས་ཁྱོད་བསྒྲུབས་པས། །ལྷ་མཆོག་ཁྱེད་ཀྱི་ཐུགས་རྗེས་རྗེས་དགོངས་ཏེ། །བརྩེ་བའི་ཐུགས་རྗེའི་ཡལ་བར་མ་དོར་ཞིག །ཅི་འདོད་ལོངས་སྤྱོད་ཡིད་ལ་གང་འདོད་པ། །འབད་མེད་ལྷུན་གྱི་འགྲུབ་པར་མཛད་དུ་གསོལ། །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །བཀྲེས་ཕོངས་དབུལ་བའི་སྡུག་བསྔལ་ཀུན་བསལ་ནས། །འགྲོ་རྣམ་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །ཅེས་པ་འདི་ནི་སྡེ་དགེའི་སྐུ་ཚབ་བསོད་ནམས་བཀྲ་ཤིས་ནས་ཡང་ཡང་བསྐུལ་བའི་ངོར་མེ་མོ་སྦྲུལ་ལོ་ཟླ་བ་ལྔ་བའི་ཚེས་ཉེར་དགུ་ལ་མགོན་ཁང་དབང་དྲག་རོལ་པ་ནས་གང་ཤར་བྲིས་པའོ། །དགེའོ། །

རྒྱལ་ཆེན་རྣམ་མང་སྲས་ཀྱི་གསེར་སྐྱེམས་ཡིད་བཞིན་ནོར་བུའི་ཆར་འབེབས་བཞུགས།།

བཻ། སྔོན་ཚེ་དེ་བཞིན་གཤེགས་པ་ཐབས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ཁྲོ་བོའི་རྒྱལ། །བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །གནོད་སྦྱིན་ཡོངས་ཀྱི་དེད་དཔོན་མཐུ་རྩལ་ཅན། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ། །གུས་པས་ཕྱག་འཚལ་མཆོད་ཅིང་བསྟོད་པར་བགྱི། །འགྲོ་བའི་དབུལ་ཕོངས་སྡུག་བསྔལ་སེལ་མཛད་པའི། །བྱང་ཕྱོགས་གནོད་སྦྱིན་རྒྱལ་ཆེན་ཚུལ་བཟུང་པ། །སྔོན་ཚེ་བསྐལ་བ་བརྒྱད་ཁྲིའི་གོང་རོལ་ན། །ས་བརྒྱད་དབང་ཕྱུག་སེམས་དཔའ་རིན་ཆེན་མང་། །བསྐལ་བ་སྔོན་ནས་མངོན་པར་བྱང་ཆུབ་ཀྱང་། །ལྷ་མི་ཀུན་གྱི་དབུལ་ཕོངས་སེལ་བའི་ཕྱིར། །གནོད་སྦྱིན་རྒྱལ་པོ་ཆེན་པོའི་སྐུར་བཞེངས་པ། །མཐུ་རྩལ་ནུས་པ་བསམ་གྱིས་མི་ཁྱབ་པ། །སངས་རྒྱས་བསྟན་པ་གཉན་པོ་སྲུང་བ་དང་། །ཐུགས་རྗེ་ཆེན་པོའི་ཕྲིན་ལས་སྣ་ཚོགས་ཀྱིས། །བསྟན་འཛིན་ཚོགས་རྣམས་བུ་བཞིན་སྐྱོང་བ་དང་། །མ་ཆགས་ཆུ་སྐྱེས་ཉི་ཟླའི་གདན་སྟེང་དུ། །མཐིང་ནག་འོད་ཟེར་བྱེ་བ་འབུམ་གྱི་གཟི། །ཞབས་གཉིས་ཕྱེད་སྐྱིལ་རྒྱལ་པོ་རོལ་བའི་སྟབས། །རིག་བདག་བཛྲ་པ་ཎིས་སྤྱི་གཙུག་བརྒྱན། །པཉྩ་ལི་ཀའི་བེར་ཆེན་དགུ་བརྩེགས་གསོལ། །ཡོན་ཏན་བྱེ་བ་ཕྲག་བརྒྱའི་མངའ་བདག་པོ། །སྐུ་ཡི་གཟི་བརྗིད་འོད་ཟེར་ཕྱོགས་བཅུར་འཕྲོ། །གསུང་དབྱངས་ཡན་ལག་དྲུག་ཅུའི་སྒྲ་དབྱངས་ཀྱི། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱིས་འགྲོ་བ་ཡི། །གདུལ་བྱའི་ལས་ཉོན་སྡུག་བསྔལ་སྦྱོང་མཛད་པ། །གསུང་གི་དབང་ཕྱུག་རྒྱལ་ཆེན་རྣམ་ཐོས་སྲས། །ཁྱོད་ཐུགས་ཡེ་ཤེས་ཉི་མའི་དཀྱིལ་འཁོར་གྱིས། །འགྲོ་བའི་བློ་གྲོས་པདྨོ་རྒྱས་པ་ལ། །འཁོར་བའི་སྡུག་བསྔལ་མུན་པ་སེལ་བར་མཛད། །འགྲོ་བ་ཡོངས་ཀྱི་ཉི་མའི་གཉེན་གཅིག་པུ། །ཐུགས་རྗེ་ཆེན་པོའི་ཕ་མ་ལྟ་བུར་གཟིགས། །ལྷ་རྣམས་ཡོངས་ཀྱི་སྡེ་དཔོན་ཆེན་པོ་དང་། །རྒྱལ་ཆེན་སྡེ་བཞི་ལྷ་ཡི་ཚོགས་རྣམས་ཀྱིས། །སྲིད་གསུམ་ཡོངས་ཀྱི་རྒྱལ་པོ་མངའ་གསོལ་བ། །འགྲོ་བའི་མགོན་པོ་རྒྱལ་ཆེན་རྣམ་ཐོས་སྲས། །རྟག་ཏུ་ཐུགས་ཀྱི་དགྱེས་པ་སྐོང་མཛད་པ། །གསང་བའི་ཡུལ་ཆེན་ལྷ་མོ་རྣམ་པ་བཞི། །ཕྱི་རོལ་ཕྱོགས་མཚམས་སྐྱོང་བའི་ནོར་ལྷའི་ཚོགས། །རྣམ་སྲས་སྡེ་བཞི་ཛམ་ལྷ་རིགས་བཞི་དང་། །རྟ་བདག་བརྒྱད་དང་ཀླུ་ཆེན་རྣམ་པ་བརྒྱད། །སྒོ་སྐྱོང་བཞི་དང་ལྷ་ཀླུ་གནོད་སྦྱིན་དང་། །ནོར་ལྷ་བྱེ་བ་འབུམ་གྱི་ཚོགས་དང་བཅས། །འགྲོ་བའི་དཔལ་མགོན་ལྷ་མཆོག་ཁྱོད་ཉིད་ལ། །བདག་ཅག་བཀྲེས་ཕོངས་སྡུག་བསྔལ་བསལ་བའི་ཕྱིར། །དབུལ་ཞིང་ཕོངས་པའི་ཉམ་ཐག་ང་རོ་ཡིས། །ལྷ་མཆོག་ཁྱོད་རྣམས་སྙིང་ནས་འབོད་ལགས་ན། །སྐྱབས་དང་མགོན་བྲལ་ཡིད་ཆད་བདག་ཅག་ལ། །བརྩེ་བའི་མ་ཡིས་བུ་ལ་བྱམས་པ་བཞིན། །སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་སུ་གསོལ། །རིན་ཆེན་གཞལ་ཡས་ཕོ་བྲང་ཉམས་དགའ་བ། །པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ། །དགྱེས་པ་ཆེན་པོའི་ཚུལ་དུ་བཞུགས་སུ་གསོལ། །ཡེ་ཤེས་བདུད་རྩི་འབྲུ་བཅུད་སྟོང་སྦྱར་བ། །བཅུད་ལྡན་མི་ཟད་ཡིད་བཞིན་རྒྱ་མཚོའི་གཏེར། །རཏྣ་ལྔ་ཡི་ཕྱེ་མ་བརྡལ་བ་ལ། །མཛེས་ཤིང་རྣམ་པར་བཀྲ་བའི་མཆོད་སྤྲིན་གྱི། །ངོ་མཚར་བསམ་མི་ཁྱབ་པའི་རོལ་གར་གྱི། །རྣམ་མང་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན། །རྨད་བྱུང་དགྱེས་པའི་མཆོད་སྤྲིན་ཞལ་སྐྱེམས་འདི། །རྣམ་མང་ཐོས་སྲས་འཁོར་དང་བཅས་ལ་མཆོད། །དེ་ལྟར་གསེར་སྐྱེམས་ཕུལ་བའི་བྱིན་བརླབས་ཀྱིས། །ཚེ་འདིར་བསོད་ནམས་སྙན་གྲགས་རྒྱས་པ་དང་། །དཔལ་འབྱོར་ཚེ་དབང་ཁ་རྗེ་དབང་ཐང་དཔལ། །ཟས་ནོར་ལོངས་སྤྱོད་གཞན་འཕྲུལ་དབང་བྱེད་ལྟར། །ཡིད་ལ་ཅི་འདོད་དྲན་པ་ཙམ་གྱིས་ཀྱང་། །འཛད་མེད་དབྱར་གྱི་མཚོ་ལྟར་རྒྱས་པར་མཛོད། །ཅིར་སྣང་དག་པ་ལྷ་ཡི་འཁོར་ལོ་དང་། །སྒྲ་གྲགས་ཐམས་ཅད་སྔགས་ཀྱི་རང་སྒྲ་སྟེ། །དྲན་རྟོགས་ཐམས་ཅད་ཆོས་སྐུར་མངོན་གྱུར་ནས། །བྱང་ཆུབ་མཆོག་གི་གོ་འཕང་ཐོབ་པར་ཤོག །ཅེས་རྒྱལ་ཆེན་རྣམ་མང་ཐོས་སྲས་ཀྱི་གསེར་སྐྱེམས་ནོར་བུའི་ཆར་འབེབས་ཞེས་བྱ་བ་འདི་ཉིད་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རུ་དམ་ཨོ་རྒྱན་བསམ་བསྟན་ཆོས་གླིང་གི་ཕོ་བྲང་ཆེན་པོའི་ཡང་རྩེ་ནས་ས་ཕོ་རྟ་ལོའི་ཟླ་ཚེས་ལ་བསྟན་ལ་ཕན་པའི་ལྷག་བསམ་རྣམ་པར་དག་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །

གྲྭ་པའི་ཛཾ་དམར་བསྐང་བསྡུས་ནི།

ཧྲཱིཿ དབང་མཛད་ཛམ་དམར་འཁོར་བཅས་ལ། །དགྱེས་པའི་མཆོད་པ་འདི་ཕུལ་བས། །ཐུགས་དམ་བསྐང་ཞིང་ཉམས་ཆགས་བཤགས། །འབྲུ་ནོར་ལོངས་སྤྱོད་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

གྲྭ་པའི་ཛཾ་དམར་བསྐང་བསྡུས་དབུལ་ཕོངས་རྒྱུན་གཅོད་ཅེས་བྱ་བ་བཞུགས་སོ།།

ཧྲཱིཿ འགྲོ་བའི་དབུལ་ཕོང་སྡུག་བསྔལ་སེལ་མཛད་པའི། །རྨུགས་འཛིན་དམར་པོ་ཡབ་ཡུམ་འཁོར་བཅས་ཀྱི། །མི་གཙང་སྐྱོན་བྲལ་ངོ་མཚར་འདོད་ཡོན་གྱི། །ཐུགས་དམ་སྐོང་ལ་དབུལ་ཕོངས་རྒྱུན་གཅོད་ཅིག །རྫོགས་སྤྲུལ་ལྔ་པས་སོ། །

རྟ་ལྷའི་བསྐུལ་བ་ནི།

ཧཱུྃ། རྡོ་རྗེ་ཁྲོ་རྒྱལ་ཨརྱ་རེ་མན་ཏ། །ཀུ་བེ་ར་སོགས་རྟ་ལྷའི་ཚོགས་རྣམས་ཀྱིས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྟ་དྲེལ་རྔོག་ཆགས་ཚོགས་རྣམས་སྲུང་བ་དང་། །བདག་ལ་གནོད་པའི་དགྲ་བགེགས་མཐའ་དག་ཀུན། །ཁྱད་པར་རྔོག་ཆགས་ཡོངས་ལ་གནོད་བྱེད་པའི། །མི་འདོད་འབྱུང་པོ་སྣ་འདྲེན་ཚོགས་རྣམས་ཀུན། །སྐད་ཅིག་ཉིད་ལ་ཐལ་བའི་རྡུལ་བཞིན་རློགས། །བཅོལ་བའི་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་ཕྲིན་ལས་དངོས་གྲུབ་འབྱུང་གནས་བཞུགས་སོ།།

ཨོཾ་སྭ་སྟི། རིགས་བརྒྱའི་ཁྱབ་བདག་དཔལ་པདྨ་ཐོད་ཕྲེང་ལ་ཕྱག་འཚལ་ལོ། །ལྷ་མཆོག་ཆེན་པོ་རྡོ་རྗེ་གཡུང་དྲུང་རྩལ་མཆོད་པར་འདོད་ན།ཕྱི་ནང་གི་དམ་རྫས་དང་།མཆོད་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ནས། །ཧྲཱི བདག་ཉིད་སངས་རྒྱས་ཀུན་འདུས་པདྨ་འབྱུང་། །དཀར་དམར་མདངས་ལྡན་ཞི་འཛུམ་ཆགས་པའི་ཉམས། །ཞལ་གཅིག་ཕྱག་གཉིས་རྒྱལ་པོ་རོལ་བའི་སྟབས། །ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་བསྣམས། །གཡོན་པས་མཉམ་བཞག་བདེ་སྐྱོང་ཀཱ་པ་ལར། །འཆི་མེད་ཡེ་ཤེས་ཚེ་ཡི་བུམ་པས་བརྒྱན། །དབུ་ལ་འདབ་ལྡན་པདྨའི་སྙན་ཞུ་གསོལ། །གསང་སྔགས་རིག་སྔགས་ནུས་པ་རྫོགས་པའི་ཕྱིར། །ཕོད་ཀ་མཐིང་ནག་ཟ་འོག་བེར་ཕྱམ་གསོལ། །སངས་རྒྱས་ཀུན་དང་ངོ་བོ་གཅིག་པའི་ཕྱིར། །ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན། །གྲུ་མོ་གཡོན་ན་ལྷ་ལྕམ་མནྡ་ར། །སྦས་པའི་ཚུལ་གྱི་ཁ་ཊཱཾ་རྩེ་གསུམ་བསྣམས། །སྣང་སྟོང་འཇའ་ཟེར་ཐིག་ལེའི་ཀློང་དུ་བཞུགས། །མདུན་དུ་འཁོར་ཡུག་གངས་རིའི་ཕྲེང་བ་ཅན། །སྐྱེད་ཚལ་ཡིད་འོང་ནེའུ་སེང་ལྗོན་ཤིང་དང་། །རྫིང་བུ་ཆུ་མིག་ལྟེང་ཀ་མཚོ་མོ་བརྒྱ། །ཀ་ལ་པིངྐ་མཐིང་རིལ་ཀ་རནྟ། །ངང་པ་ངུར་པ་རི་སྐེག་ཁྲུང་ཁྲུང་བཞད། །ཆུ་བྱ་སྣ་ཚོགས་གླུ་ལེན་ཟློས་གར་བསྒྱུར། །གླང་ཆེན་འདོད་འཇོའི་བ་མོ་ལ་སོགས་པ། །རི་དྭགས་གཡུང་དྭགས་མང་པོ་རྩེ་གར་བསྒྱུར། །ལྷ་ཆེན་འཕྲུལ་དགའི་ལོངས་སྤྱོད་འགྲན་ནུས་པ། །ངོ་མཚར་བཀོད་པ་ཡིད་འཕྲོག་བསམ་ལས་འདས། །དེ་དབུས་འཇའ་ཟེར་འོད་ཕུང་འཁྲིག་པའི་ཀློང་། །རིན་ཆེན་དུང་གི་སྐུ་མཁར་དགུ་བརྩེགས་ལ། །ཁ་བད་ཐམས་ཅད་རིན་ཆེན་དངུལ་ལས་བྱས། །བ་གམ་དྭངས་གསལ་ཤེལ་གྱི་རང་བཞིན་ལ། །མུ་ཏིག་དཀར་དམར་ཕྲེང་བས་ལན་ཚར་བྱས། །གཡུ་ཡི་གདུང་མ་གདུང་སྣམ་གསེར་ལས་བྱས། །ཀ་ཞུ་རིན་ཆེན་བཻཌཱུརྱ་ལས་གྲུབ། །པདྨ་རཱ་གའི་ཀ་ཆེན་སྟོང་ཕྲག་གཅིག །ཀ་ཕྲན་སྟོང་ཕྲག་བརྒྱད་བརྒྱས་བཀོད་ལེགས་ཤིང་། །ཀ་ཁྲབ་རིན་ཆེན་ཨནྡ་རྙིལ་ལས་བྱས། །ཀ་གདན་རྡོ་རྗེ་ཕ་ལམ་རང་བཞིན་ལ། །སྣ་ཚོགས་རིན་པོ་ཆེ་ཡི་གྲལ་ཕྱམ་མཛེས། །མུ་མེན་བྱུ་རི་ཤར་བུ་མདའ་ཡབ་མཛེས། །ས་གཞི་ཐམས་ཅད་མར་གད་ཉིད་ལས་གྲུབ། །རིན་ཆེན་ཨིནྡྲ་ནི་ལའི་ཐེམ་སྐས་ཅན། །དགོས་འདོད་ཀུན་འབྱུང་ནོར་བུ་བསམ་འཕེལ་ནི། །ཉི་མ་སྟོང་ལས་ལྷག་པའི་འོད་ཟེར་ཅན། །རྟག་ཏུ་ཉིན་མོའི་དཔལ་ལ་སྤྱོད་ནུས་པ། །ཕོ་བྲང་ཆེན་པོའི་རྩེ་མོར་ཏོག་གིས་སྤྲས། །མཆོང་གི་སྒོ་མོ་དངུལ་གྱི་ཏྲ་བས་བརྒྱན། །ཕྱོགས་དང་ཕྱོགས་མཚམས་འཁོར་ཡུག་ཐམས་ཅད་དུ། །ལྷབ་ལྷུབ་དར་གྱི་ལྡ་ལྡིས་ཀུན་ནས་སྤྲས། །འཕན་གདུགས་རྒྱལ་མཚན་བླ་རེ་བ་དན་དང་། །རིན་ཆེན་སྣ་ཚོགས་ནོར་བུའི་དྲྭ་ཕྱེད་ཀྱིས། །ཡོ་བྱད་སྣ་ཚོགས་ཕུན་སུམ་ཚོགས་པས་བརྒྱན། །རིན་ཆེན་སྐུ་མཁར་དགུང་ལ་སྙེགས་པ་འདྲ། །ཐད་ནས་ཉི་མ་ཟླ་བ་ཤར་བ་ལ། །ཕོ་བྲང་མགུལ་དུ་ལྷོ་སྤྲིན་ཕྱུག་མོ་འཁྲིགས། །ཞོལ་དུ་རྩི་ཤིང་མེ་ཏོག་སྣ་ཚོགས་པ། །ཨུཏྤལ་པདྨ་དཀར་དམར་ཀུ་མུ་ཏ། །མནྡ་ར་དང་ཨུ་དུམ་ཝ་ར་སོགས་། །སྨན་གྱི་དྲི་བསུང་ཕྱོགས་བཅུ་ཀུན་ཏུ་འཕྲོ། །རིན་ཆེན་སྣ་ཚོགས་ར་བ་སུམ་རིམ་ན། །མ་རྨོས་ལོ་ཏོག་དཔག་བསམ་ཤིང་ཆེན་མཛེས། །ཡན་ལག་བརྒྱད་ལྡན་ཁྲུས་གྱི་རྫིང་བུ་དང་། །གཏེར་གྱི་ཁང་ཆེན་གཏེར་བུམ་བྱེ་བའི་ཚོགས། །རྣམ་མང་ནམ་མཁའི་མཛོད་ཀྱི་ལོངས་སྤྱོད་ནི། །འཁོར་དགུའི་ལོངས་སྤྱོད་ཕུན་སུན་ཚོགས་པའི་དཔལ། །བསམ་གྱིས་མི་ཁྱབ་ཉི་ཟེར་རྡུལ་ལྟར་འཁྲིགས། །གཞལ་ཡས་ཆེན་པོའི་དབུས་ཀྱི་ལྟེ་བ་ལ། །རིན་ཆེན་ཆུ་སྐྱེས་ཉི་ཟླ་བརྩེགས་པའི་སྟེང་། །ལྷ་ཡི་སྲས་པོ་ཟིལ་ཁྲོམ་ཟོ་དོར་གཙོ། །སྐུ་མདོག་དཀར་པོ་ཟླ་བ་ཞུན་མའི་མདོག །ཞི་འཛུམ་ཅུང་ཟད་ཆགས་པའི་ཉམས་དང་ལྡན། །སྐུ་ལ་དར་དཀར་བེར་ཆེན་ལྷབ་ལྷུབ་གསོལ། །དུང་གི་གོ་ཁྲབ་རྡོ་རྗེའི་རི་མོ་ཅན། །རྣམ་མང་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །དུང་གི་རྨོག་ཞུ་རིན་ཆེན་སྣ་ལྔས་བརྒྱན། །དར་སྣ་ལྔ་ཡི་ཅོད་པན་འཕུར་བ་ལ། །རུ་དར་སྣ་ཚོགས་རྒྱལ་མཚན་རྒོད་འཕྲུ་ཅན། །སྐྱེས་བུ་ཆེན་པོའི་གཡས་ཀྱི་སྟག་དོང་ལ། །ཤེས་རབ་ལྷ་མདའ་མང་པོ་སྐར་ལྟར་འཁྲུག །གཡོན་གྱི་གཟིག་ཤུབས་འཇའ་ཚོན་འོད་འཕྲོ་བར། །ཐབས་ཀྱི་རིན་ཆེན་གཞུ་མོ་ཅོགས་སེ་ཅོག །དེ་མཆན་དངུལ་ཤུབས་གཡུ་འབྲུག་བཀྲ་བ་ལ། །ཡ་ཚ་ཀར་ཕྲན་འོད་ཟེར་གློག་སྟོང་འཁྱུག །ཕྱག་གཡས་དར་དཀར་བ་དན་བསྣམས་པ་ཡིས། །ཕ་རོལ་བདུད་དཔུང་གཡུལ་ལས་རྒྱལ་བར་བྱེད། །གཡོན་པས་སྦ་ལྕག་དཀར་པོ་ཀླད་ལ་གཡུག །སྨྱོ་འདྲེ་རྒྱལ་འགོང་ཚོགས་རྣམས་རྡུལ་དུ་བརླག །ཆིབས་སུ་ཅང་ཤེས་ངང་བ་གཡུ་རྔོག་ཆིབས། །སྟོང་གསུམ་སྐད་ཅིག་ཉིད་ལ་བགྲོད་པར་བྱེད། །དེ་ལ་གསེར་སྒ་གཡུ་ཡི་ཨ་འཇོག་ཅན། །སྔ་རུ་མེ་ཤེལ་ལས་གྲུབ་ཉི་མ་རིས། །ཕྱི་རུ་ཆུ་ཤེལ་ལས་གྲུབ་ཟླ་བ་རིས། །དབང་པོའི་གཞུ་ཡི་གོང་སྨེད་ཁྱུགས་སེ་ཁྱུག །རིན་ཆེན་དངུལ་གྱི་ཡོབ་ཆེན་ཁྲོ་ལོ་ལོ། །བརྗིད་པའི་སྟག་གཟར་གཟིག་གཟར་ལྷབས་སེ་ལྷབ། །དར་གྱི་འཕྲུལ་ལྕེ་སྣ་ཚོགས་པུ་རུ་རུ། །རོལ་དུ་ཅང་ཤེས་ཁམ་པ་ཤེལ་མིག་ཁྲིད། །སྐྱེས་བུ་ཁྱེད་ཀྱི་སྐུ་ཡི་གཡོན་ཟུར་ན། །ཡིད་འོང་བཙུན་མོ་མུ་ཏིག་ཤེལ་རུ་སྨན། །རྒོད་ལྕམ་ཁ་རག་དཔལ་ལྡན་མི་མོའི་ཚུལ། །དཀོར་བདག་ཆེན་མོ་ཁམས་གསུམ་དབང་མོ་ཆེ། །ཟླ་ལྟར་དཀར་བའི་ཞལ་མདངས་ཡ་ལ་ལ། །མཚར་སྡུག་འོད་ཆགས་འཛུམ་མདངས་ཤིགས་སེ་ཤིག །དམར་སེར་མཐིང་ཀའི་ན་བཟའ་ལྷུབས་སེ་ལྷུབ། །དེ་ལ་གསེར་གྱི་རི་མོ་ཁྱུགས་སེ་ཁྱུག །གསེར་གཡུ་མུ་ཏིག་ལན་ཚར་ཤ་ར་ར། །ཕྱག་གཉིས་མདའ་དར་རིན་ཆེན་ཟས་གཞོང་བསྣམས། །སྐབས་རེར་རི་དྭགས་རྭ་ཅན་ཤྭ་བ་ཞོན། །ས་ཡི་ལྷ་མོ་བརྟན་མའི་ཚུལ་འཛིན་པ། །སྐབས་རེར་ཀླུ་ཡི་བུ་མོའི་ཚུལ་འཛིན་ཞིང་། །རུས་སྦལ་དུང་མདོག་ཞོན་ནས་སྟོང་གསུམ་ཉུལ། །སྐྱེས་བུ་ཆེན་པོའི་སྐུ་ཡི་མདུན་ཕྱོགས་ན། །ང་འདྲ་མུ་ནམ་གཙང་དཀར་ལ་སོགས་པའི། །བཀའ་ཉན་བློན་པོ་ཆེན་པོའི་ཚོགས་རྣམས་བཞུགས། །སྐྱེས་མཆོག་ཁྱོད་ཀྱི་སྐུ་ཡི་གཡས་ཕྱོགས་ན། །སྐྱེས་ཕྲན་རྟ་བ་སྟོང་ཕྲག་ཚོགས་རྣམས་ནི། །གོ་ཁྲབ་གྱོན་ཞིང་ཕྱག་ན་མདུང་དར་བསྣམས། །ལྷ་གཉན་ཁྱོད་ཀྱི་སྐུ་ཡི་གཡོན་ཕྱོགས་ན། །དཔའ་བོ་སྐྱེས་ཕྲན་བེར་གྱོན་སྟོང་ཕྲག་གཅིག །ཀུན་ཀྱང་ཕྱག་གཉིས་མདའ་འཕེན་ཤ་ར་ར། །སྐྱེས་བུ་ཆེན་པོ་ཁྱོད་ཀྱི་མདུན་ཕྱོགས་ན། །མི་དཀར་རྟ་དཀར་ཞོན་པ་སྟོང་ཕྲག་གཅིག །སྣ་ཚོགས་བ་དན་ལྕེ་བརྒྱད་པུ་རུ་རུ། །ལྷ་མཆོག་ཁྱོད་ཀྱི་རྒྱབ་ཀྱི་ཕྱོགས་མཚམས་ན། །ལྷ་དམག་གཉན་དམག་བྱེ་བ་སྤུངས་སེ་སྤུང་། །སྟེང་ཕྱོགས་ནམ་མཁའ་སྟོང་པའི་དབྱིངས་རུམ་ན། །བྱ་ཁྲ་བྱ་རྒོད་ཚོགས་ནི་སྤྲིན་ལྟར་གཏིབས། །མཚམས་སུ་དུང་སེང་སྟག་གཟིག་དོམ་དྲེད་ཚོགས། །མི་བཟད་གཅན་གཟན་ཚོགས་ནི་མཆོང་ཞིང་རྒྱུག །ལྷ་གཡག་ཚོགས་ནི་ངུར་གདངས་ཆེམས་སེ་ཆེམ། །ལྷ་རྟ་མང་པོ་སྒ་བཅས་སི་ལི་ལི། །མ་སྲིང་ལྕམ་དྲལ་བཙུན་མོའི་ཚོགས་རྣམས་ནི། །ཆིབས་སུ་ཤྭ་རྐྱང་གཙོད་དང་རྒོ་བ་ཆིབས། །ཕྱག་ན་མདའ་དར་མེ་ལོང་བུམ་པ་འཛིན། །གཞན་ཡང་ལྷ་ཀླུ་གཉན་དང་བདུད་ཀྱི་ཚོགས། །བྱེ་བ་འབུམ་གྱི་ཚོགས་ནི་སྤྲིན་ལྟར་གཏིབས། །གནམ་ས་རི་ལུང་ས་གཞི་བར་སྣང་ཀུན། །ཉི་མའི་ཟེར་གྱི་རྡུལ་ལྟར་གྲངས་ལས་འདས། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་གྱུར། །སྤྱན་འདྲེན་པ་ནི། ཧཱུྃ། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས། །གྲངས་མེད་བསྐལ་བ་མང་པོའི་སྔོན་རོལ་དུ། །འཕགས་པའི་ཞལ་མཐོང་སར་གནས་སེམས་དཔའ་ཆེ། །ལྷ་ཡི་སྡེ་དཔོན་ཟིལ་ཁྲོམ་ཟོ་དོར་གཙོ། །སྔོན་ཚེ་པདྨ་འབྱུང་གནས་སྤྱན་སྔ་རུ། །བསྟན་པ་སྲུང་བར་ཁས་བླངས་ཐ་ཚིག་ཅན། །སྔོན་གྱི་གཡར་དམ་གཉེན་པོ་རྗེས་དགོངས་ལ། །སྐད་ཅིག་ཙམ་གྱིས་གནས་འདེར་གཤེགས་སུ་གསོལ། །བསྟན་པ་སྲུང་ཞིང་བསྟན་འཛིན་སྐྱོང་བའི་ཕྱིར། །སྐུ་ཡི་གཟི་བརྗིད་འོད་ཕུང་ལམས་སེ་ལམ། །གསུང་ནི་འགག་མེད་གླུ་དབྱངས་དི་རི་རི། །ཐུགས་ནི་སྙིང་རྗེའི་དབྱིངས་ལས་མ་གཡོས་ཀྱང་། །ལོག་པར་འདྲེན་པའི་བདུད་དཔུང་འདུལ་བ་དང་། །བསྟན་པ་སྲུང་ཕྱིར་གནས་འདིར་གཤེགས་སུ་གསོལ། །བཞུགས་གསོལ་ནི། ཧཱུྃ།གདོད་ནས་ལྷུན་འགྲུབ་ཕོ་བྲང་ཆེན་པོ་འདིར། །ཆུ་སྐྱེས་ཉི་ཟླ་བརྩེགས་པའི་གདན་སྟེངས་སུ། །སྐྱེ་མེད་ཀློང་ལས་ཆོ་འཕྲུལ་ཤར་བའི་སྐུ། །སྐྱེས་མཆོག་རྒྱལ་ཆེན་འཁོར་བཅས་བཞུགས་སུ་གསོལ། །ཕྱག་འཚལ་བ་ནི། ཧཱུྃ། སྐྱེ་མེད་གཉུག་མའི་རང་བྱུང་རང་ཤར་ལྷ། །རང་དང་རྟག་ཏུ་འགྲོགས་ཀྱང་ཞལ་མ་མཇལ། །རིག་པའི་རྒྱལ་པོ་ཟོ་དོར་ཡོངས་ཀྱི་གཙོ། །རང་གྲོལ་དོན་གྱིས་མཇལ་བས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏིཙྪ་ཧོཿ མཆོད་པ་འབུལ་བ་ནི། ཧཱུྃ། མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ། །གཟུགས་སྒྲ་དྲི་རོ་རེག་བྱ་རྡོ་རྗེ་ཆོས། །ཨ་མྲྀ་ཏ་དང་རཀྟ་དམར་གྱི་མཚོ། །དམ་རྫས་གཏོར་ཆེན་འདོད་ཡོན་ཚོགས་ཀྱིས་བསྐང་། །བདེ་སྟོང་སྦྱོར་སྒྲོལ་རྨད་བྱུང་མཆོད་པའི་སྤྲིན། །མཛེས་པའི་རྡོ་རྗེའི་ལྷ་མོ་བཅུ་དྲུག་གིས། །ས་གཞི་ཁྱབ་པའི་རྫུ་འཕྲུལ་གར་བྱེད་ཅིང་། །ནམ་མཁའ་རབ་འབྱམས་གང་བའི་མཆོད་པའི་སྤྲིན། །མཆོད་པ་འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། །བསྟོད་པ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དམ་པ་ནས། །ཆོས་སྐུའི་རང་བཞིན་མཚན་མ་མི་མངའ་ཡང་། །ཆོས་ཅན་བག་ཆགས་དྲི་མ་སྦྱང་བའི་ཕྱིར། །ཆོས་སྐྱོང་གཙོ་བོ་སྐུར་བཞེངས་ཁྱོད་ལ་བསྟོད། །ཆོས་དབྱིངས་རྣམ་པར་དག་པའི་ཀློང་ཡངས་ནས། །ཆོས་ཅན་སྣང་བ་གཟུགས་ཀྱི་སྐུར་སྟོན་པ། །ཆོས་ལྡན་རྣལ་འབྱོར་ཡོངས་ལ་སྙིང་ཉེ་བ། །ཆོས་སྐྱོང་དགྲ་བླའི་གཙོ་བོ་ཁྱོད་ལ་བསྟོད། །ཞི་བའི་སྐུ་མཆོག་ལྷ་ཡི་སྲས་པོ་ནི། །བསྐལ་མང་སྔོན་ནས་ཐུགས་བསྐྱེད་མཐར་ཕྱིར་ཞིང་། །ད་ལྟ་བསྟན་པ་སྲུང་བའི་ཚུལ་འཛིན་པ། །རྡོ་རྗེ་གཡུང་དྲུང་ཁྱོད་ལ་ཕྱག་འཚལ་བསྟོད། །ཁྱོད་ནི་སྔོན་ཚེ་པདྨ་འབྱུང་གནས་ཀྱི། །བསིལ་ལྡན་ལྗོངས་འདི་སྐྱོང་བའི་བཀའ་བསྒོས་ལྟར། །ད་ལྟ་སྙིགས་མའི་གདུལ་བྱ་སྐྱོང་མཛད་པ། །སྟོབས་ལྡན་རྒྱལ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །གདུལ་དཀའ་འདུལ་བའི་གཙོ་མཆོག་ལྷ་ཡི་སྲས། །འགྲོ་བའི་བདེ་སྐྱིད་བསོད་ནམས་ཕུང་པོ་ནི། །མི་ཉམས་གོང་དུ་སྤེལ་བའི་ལྷ་གཅིག་པུ། །སར་གནས་སེམས་དཔའ་ཁྱོད་ལ་ཕྱག་འཚལ་བསྟོད། །ཞལ་མཐོང་ཙམ་གྱིས་སྐྱེ་དགུའི་ཡིད་འཕྲོག་པ། །མཚན་ཙམ་ཐོས་པས་བདུད་དཔུང་ཕྱེ་མར་བརླག །དྲན་པ་ཙམ་གྱིས་འགྲོ་ཀུན་དགེ་ལ་སྦྱོར། །ལྷག་པའི་ལྷ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །མགོན་ཁྱོད་འགྲོ་བ་ཡོངས་ཀྱི་དེད་དཔོན་ཆེ། །ཐུགས་རྗེ་ཆེན་པོའི་སྒྲུབ་ལ་བུ་བཞིན་སྐྱོང་། །མ་རིག་མུན་པའི་སྨག་རུམ་སེལ་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱོད་ལ་ཕྱག་འཚལ་བསྟོད། །བསྐུལ་ཞིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ་ཧྲཱིཿ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །གཟུགས་སྐུ་མངོན་སྤྱོད་དྲག་པོའི་སྐུར་བཞེངས་པ། །སྣང་སྲིད་དབང་སྡུད་རྡོ་རྗེ་གཡུང་དྲུང་རྩལ། །དེང་འདིར་མངོན་སྤྱོད་དྲག་པོའི་དུས་ལ་བབ། །གཡུལ་ལས་རྣམ་པར་རྒྱལ་བའི་དཔའ་བོ་ཆེ། །རྒྱལ་ཆེན་ཁྱོད་ཀྱི་སྐུ་ཡི་སྤྲུལ་པ་ནི། །གང་ལ་གང་འདུལ་ཉི་ཟེར་རྡུལ་ལྟར་འཚུབས། །དྲག་སྔགས་འབྲུག་སྟོང་ལྡིར་བ་འུ་རུ་རུ། །རྔམས་བརྗིད་ཁྲོས་པའི་མདངས་ལྡན་ཡ་ལ་ལ། །ལས་བྱེད་དྲེགས་པའི་ཚོགས་ནི་ཤ་ར་ར། །སྤྲུལ་པ་ཕོ་ཉའི་ཚོགས་ནི་ཐོག་ལྟར་འབེབས། །ཁྲོ་གཏུམ་དྲག་སྔགས་རྔམས་པའི་ཕྲིན་ལས་ཀྱིས། །སྡང་ཞིང་གདུག་པའི་སེམས་འཆང་མི་བསྲུན་སྡེ། །རྦོད་གཏོང་གཏད་ཁྲམ་སྟོན་པའི་བོན་སྔགས་ཚོགས། །ཉི་ཟླའི་ར་བ་གླིང་བཞི་གླིང་ཕྲན་དང་། །ཆོས་བོན་སྲུང་མའི་སྐྱབས་གནས་གང་ཡོད་ཀྱང་། །ད་ལྟ་ཉིད་དུ་སྒྲོལ་བའི་ཕྲིན་ལས་མཛོད། །ངན་སྨྲས་མི་ཁ་བྲ་མཆུ་དབྱེ་ཤགས་དང་། །དུག་སྦྱོར་གཡུལ་ཤོམས་བྱེད་པའི་དགྲ་བོའི་ཚོགས། །ཚེ་བསོད་དབང་ཐང་དཔལ་ལ་འཚེ་བ་རྣམས། །མ་བསྐུལ་པར་ཡང་བརླག་པའི་ཕྲིན་ལས་མཛོད། །མི་འདོད་ཕུང་ཁྲོལ་བྱེད་པའི་དམ་སྲིའི་ཚོགས། །ནད་ཡམས་སྣ་འདྲེན་གདོན་བགེགས་འབྱུང་པོ་རྣམས། །ལྷ་མཆོག་ཁྱོད་ཀྱི་སྐུ་ཡི་གཟི་བརྗིད་ཀྱིས། །མིང་ཙམ་མེད་པར་གཏན་ནས་བརླག་པར་མཛོད། །མདོར་ན་བྱང་ཆུབ་སྒྲུབ་པའི་གང་ཟག་རྣམས། །བསྟན་འགྲོར་ཕན་པའི་དོན་ཆེན་སྒྲུབ་པ་ལ། །ཁྱོད་ཀྱིས་སྔོན་གྱི་ཐུགས་དམ་མ་གཡེལ་བར། །དུས་རྣམ་ཀུན་ཏུ་བསྲུང་ཞིང་སྐྱོབ་པར་མཛོད། །ཅེས་པ་འདི་ནི་རྫོང་སར་བཀྲ་ཤིས་ལྷ་རྩེའི་དགེ་བཤེས་དྲུང་ཡིག་ངག་དབང་བཟོད་པ་ནས་ལྷ་རྫས་ཟླ་བའི་མདངས་ལྡན་བཅས་བསྐུལ་བའི་ངོར་ས་ཕོ་རྟ་ལོའི་ཟླ་ཚེས་ཉིན་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རང་སྤྱིལ་འཆི་མེད་གྲུབ་པའི་དགའ་ཚལ་ནས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །

ལྷ་གཉན་ཆེན་པོ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་རྩལ་གྱི་བསྐང་བ་དངོས་གྲུབ་ཀུན་འབྱུང་བཞུགས་སོ།།

ཧཱུྃ་ཧྲཱིཿ རང་སྣང་དག་པའི་ཞིང་ཁམས་ཆེན་པོ་ན། །རང་རིག་ཧྲཱིཿ་ལས་པདྨ་འབྱུང་གནས་སྐུ། །རང་མདུན་འཇའ་ཟེར་འཁྲིགས་པའི་ཀློང་ཡངས་སུ། །རང་སྣང་མཚན་བཅས་ཀུན་རྫོབ་སྒྱུ་མའི་ངོར། །ཡུལ་ལྷའི་ཚུལ་འཛིན་རྡོ་རྗེ་གཡུང་དྲུང་རྩལ། །འཁོར་བཅས་བསྐང་བའི་གནས་འདིར་སྤྱན་འདྲེན་ན། །ཀི་བསྭོ་ཆ་སྒྲའི་བརྡ་ཡིས་ཁྱོད་འབོད་ན། །ཁུ་ཡེ་ཕྱྭ་དང་གཡང་གི་མངའ་བདག་པོ། །གེ་སར་ཉི་ཟླ་རྟ་མཆོག་ངང་པའི་སྟེང་། །ངོ་བོ་གདོད་ནས་ཆོས་སྐུའི་རང་བཞིན་ལ། །ཅི་ལྟར་རི་བོང་འཛིན་པའི་དཀྱིལ་འཁོར་ནི། །ཆུ་ཡི་ཀླུང་ལ་ཤར་བ་ཇི་བཞིན་དུ། །ཇེ་ཞིག་མ་ཡིན་སྐད་ཅིག་ཙམ་ཉིད་དུ། །ཉོ་ཚང་ལེགས་པའི་ཟླ་ཞལ་མཆོག་ཏུ་ངོམ། །ཏི་ར་ཞིང་ཁམས་ཡོངས་ལ་དབང་བསྒྱུར་ཞིང་། །ཐུ་བོ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་ཞིང་། །ནོ་པི་ཀ་རྣམས་རྟག་ཏུ་དགྱེས་དགོངས་ལ། །པི་ཝཾ་རྫ་རྔ་དུང་དཀར་སིལ་སྙན་དང་། །ཕུ་ཆུ་ལྟ་བུའི་བཏུང་བའི་བྱེ་བྲག་རིགས། །བེའུ་བ་མོ་རི་གླིང་སྐྱེད་ཚལ་སོགས། །མོ་ཧར་ཅང་ཤེས་ལ་སོགས་རྐང་འགྲོས་རིགས། །ཙི་ན་བལ་བོད་ནོར་སྣས་ཐུགས་དམ་བསྐང་། །ཚུ་རོལ་དགོན་གནས་ཆོས་འཁོར་འདི་ཡི་བདག །ཛེ་ཏའི་ཚལ་མཚུངས་སྦས་ཡུལ་རོང་མོ་ལྗོང་། །ཝོ་ཛི་ཧས་ཀྱང་བསྔགས་པའི་གནས་བདག་ཆེ། །ཞི་རྒྱས་དབང་དྲག་ལས་བཞིའི་མངའ་བདག་པོ། །ཟུ་ལེ་སྨན་སོགས་དཀར་ཕྱོགས་ཡོངས་ཀྱི་གཙོ། །འེ་འུར་གླུ་དབྱངས་སྙན་པའི་བསྟོད་པ་ཡི། །ཡོ་གའི་དགྲ་ལྷ་ཆེན་པོའི་ཐུགས་དམ་བསྐང་། །རི་ལྟར་བརྗིད་ལྡན་དཀར་གཏོར་དམར་གཏོར་ཚོགས། །ལུ་མའི་རྒྱུན་ལྟར་སྨན་རཀ་མཚོ་ལྟར་བསྐྱིལ། །ཤེ་མུན་ཉམ་ངར་མེད་པར་འབུལ་ལགས་ན། །སོ་སོར་གང་ལ་གང་འདོད་ཐུགས་དམ་བསྐང་། །ཧི་ཧི་ཧཱུྃ་ཕཊ་རྡོ་རྗེའི་སྒྲ་དབྱངས་དང་། །ཨི་དྲ་མི་བཟད་དྲག་པོའི་ཕྲིན་ལས་ཀྱིས། །མ་རུང་གདུག་ཅན་མིང་ཙམ་མེད་པར་མཛོད། །ཨུ་པནྡྲ་ལྟར་དཔལ་འབྱོར་ཕུན་ཚོགས་ཀྱི། །དངོས་གྲུབ་དམ་པ་བདག་ལ་སྩལ་དུ་གསོལ། །ཞེས་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་བསྐང་ཆེན་འདི་ཉིད་ཐུབ་བསྟན་རིག་འཛིན་ནས་བསྐུལ་ངོར་ས་ཕོ་རྟ་ལོའི་ཟླ་ཚེས་ལ། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ནས་བྲིས་པ་དགེའོ། །

ལྷ་གཉེན་ཆེན་པོ་རྡོ་རྗེ་གཡུང་དྲུང་རྩལ་གྱི་ཕྲིན་བཅོལ་ནི།

ཀྱེ། ལྷོ་ཕྱོགས་གངས་རི་ཉི་ཟླས་བརྒྱན་པའི་ཞིང་། །འཇའ་འོད་གུར་ཁང་མེ་ཏོག་སིལ་ཆར་འབེབས། །དེ་རུ་རྟེན་བཅས་རྡོ་རྗེ་གཡུང་དྲུང་རྩལ། །རྫོགས་སངས་རྒྱས་དང་སློབ་དཔོན་པད་འབྱུང་གི།ཞལ་མཐོང་དངོས་གྲུབ་ཐོབ་པའི་དམ་ཚིག་ཅན། །ལྷ་ཁྱོད་སྔོན་གྱི་ཐ་ཚིག་མ་གཡེལ་བར། །གསེར་སྐྱེམས་ཕུད་དང་མཆོད་གཏོར་འདི་བཞེས་ལ། །དགོན་གནས་བརྒྱུད་འཛིན་སློབ་མའི་ཚོགས་བཅས་ཀྱི། །དཀོར་ཆ་ལོངས་སྤྱོད་ཇི་སྙེད་ཡོད་པ་རྣམས། །ལྷ་མཆོག་ཁྱོད་ལ་གཉེར་དུ་གཏད་ལགས་ན། །རྣམ་ཀུན་རྟག་ཏུ་མ་གཡེལ་མེལ་ཚེ་གྱིས། །ཁྱད་པར་རིག་འཛིན་རྣལ་འབྱོར་བདག་ཅག་ལ། །ད་དགྲ་ཐད་དུ་འཛུག་པའི་དགྲ་བོ་རྣམས། །མངོན་སྤྱོད་དྲག་པོའི་རོལ་བས་ཚར་ཆོད་ཅིག །མདོར་ན་བདག་གི་ཡིད་ལ་གང་འདོད་པ། །འབད་མེད་ལྷུན་གྱི་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པ་འདི་ཡང་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེས་གསུངས་སོར་བཞག་ལ། ཅུང་ཟད་ཁ་བསྐངས་བྱས་ནས་བྲིས་པ་འདི་ནི། རྫོགས་སྤྲུལ་ལྔ་པས་སྨྲས་པ་དགེའོ། །སརྦ་མངྒ་ལཾ།

གཉན་ཆེན་ཐང་ལྷའི་གསོལ་མཆོད་བཻཌཱུརྱའི་རྒྱུད་མངས་ཞེས་བྱ་བ་བཞུགས་སོ།།

ཧཱུྃ། འཛམ་གླིང་བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ། །མེ་ཏོག་པདྨ་སྣ་ཚོགས་གཅལ་དུ་བཀྲམ། །གངས་རིའི་ཕྲེང་བ་ཡིད་འོང་མཚོ་ཆེན་ལྡན། །རིན་ཆེན་ཤེལ་གྱི་སྐུ་མཁར་གྲུ་བཞི་པ། །རྩེ་མོ་མཐོན་པོ་དགུང་ལ་བསྙེགས་པ་འདྲ། །ཉི་མ་ཟླ་བ་ཐད་ནས་ཤར་བ་ལས། །རྩ་བ་ཡིད་བཞིན་གཡུ་ཡི་རྒྱ་མཚོ་འཁྱིལ། །རྩེ་མོར་ཆུ་འཛིན་དཀར་པོའི་ཕྲེང་བ་ལས། །རིན་ཆེན་ཆར་འབེབས་གཡུ་འབྲུག་སྒྲ་བསྒྲགས་ཤིང་། །སྐེད་པར་འཇའ་ཚོན་སྣ་ཚོགས་ཀུན་ནས་མཛེས། །རིན་ཆེན་གཡུ་ཡི་ན་བུན་འཁྲིགས་པ་ལ། །ཤེལ་གྱི་སྐུ་མཁར་རྔམ་བརྗིད་འབར་བའི་ནང་། །རིན་ཆེན་སྣ་ཚོགས་དྲྭ་བ་དྲྭ་ཕྱེད་ཀྱི། །ཕྱོགས་བཅུར་ཀུན་ཏུ་རྒྱན་གྱིས་མཛེས་པར་སྤྲས། །གཞལ་ཡས་ཆེན་པོ་དེ་ཡི་ལྟེ་བ་ལ། །མ་ཆགས་སྐྱོན་བྲལ་པདྨ་ཉི་ཟླའི་གདན། །གསེར་གྱི་རྟ་མཆོག་སྣ་ཚོགས་རྒྱན་སྤྲས་སྟེང་། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཡི། །སྤྲུལ་པ་ལྷ་ཆེན་རྡོ་རྗེ་འབར་བ་རྩལ། །གཉན་ཆེན་ཐང་ལྷ་ཡར་ཞུར་མཚན་གསོལ་བ། །སྐུ་མདོག་དཀར་པོ་ཟླ་བ་ཞུན་མའི་མདོག །ཡིད་འོང་མཛེས་པ་ཅུང་ཟད་ཁྲོ་འཛུམ་ཚུལ། །སྐུ་ལ་དར་དཀར་གསེར་གྱི་རི་མོ་ཅན། །བེར་ཆེན་སུམ་བརྩེགས་གསོལ་ཞིང་རྒྱལ་པོའི་ཚུལ། །ཕྱག་ན་རྦ་ལྕག་ཤེལ་གྱི་ཕྲེང་བ་བསྣམས། །དབུ་ལ་དར་གྱི་ལ་ཐོད་དཀར་པོ་གསོལ། །ཞབས་ལ་སག་ལྷམ་འཇའ་རིས་འཁྱིལ་བ་མནབས། །ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོས་བརྒྱན། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་ཀུན་ཏུ་འཕྲོ། །མཐུ་ཆེན་མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང་། །དམག་དཔུང་བྱེ་བ་འབུམ་སྡེའི་འཁོར་གྱིས་བསྐོར། །ཀུན་ཀྱང་ཁྲོ་གཏུམ་རྔམ་བརྗིད་འབར་བར་བཞུགས། །རང་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་རང་བཞིན་གནས་ནས་སྤྱན་དྲངས་གྱུར། །སྤྱན་འདྲེན་ནི། ཧཱུྃ། རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །མི་མཇེད་འཇིག་རྟེན་ཀུན་ལ་དབང་བསྒྱུར་བའི། །མཐུ་ཆེན་ཚངས་པའི་རྒྱལ་པོ་མཐུ་བོ་ཆེ། །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ནི། །གསང་བའི་ཡུམ་ཆེན་རྡོ་རྗེ་གཡུ་སྒྲོན་མ། །མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས། །དམག་དཔུང་བྱེ་བ་འབུམ་སྡེ་འཁོར་གྱིས་བསྐོར། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །བཞུགས་གསོལ་ནི། ཧཱུྃ། བདེ་གཤེགས་སྟོང་གི་བསྟན་པ་སྲུང་བ་དང་། །དབུས་གཙང་རུ་བཞིའི་ཡུལ་ལྷའི་ཚུལ་འཛིན་པ། །ལྷ་ཆེན་ཡོངས་ཀྱི་རྒྱལ་པོ་འཁོར་དང་བཅས། །པདྨ་ཉི་ཟླའི་གདན་ལ་བཞུགས་སུ་གསོལ། །ས་མ་ཡཱ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃ། ཡེ་ཤེས་གསང་བའི་ལྷ་མཆོག་ཁྱོད་ཉིད་ནི། །གཟི་བརྗིད་ཉི་མ་འབུམ་ལས་ལྷག་པའི་སྐུ། །སྨྱོ་འདྲེ་རྒྱལ་འགོང་འདུལ་བའི་ལྷ་གཅིག་པུ། །འཁོར་དང་བཅས་ལ་རྩེ་གཅིག་གུས་པས་འདུད། །ཨ་ཏི་པུ་ཧོ། པྲ་ཏི་ཙ་ཧོ། མཆོད་པ་ནི། ཧཱུྃཿ སྟོང་གསུམ་རབ་འབྱམས་རྒྱ་མཚོའི་ཞིང་ཁམས་ན། །ཕྱི་མཆོད་འདོད་ཡོན་རྒྱ་མཚོ་མཁའ་ལྟར་ཁྱབ། །ནང་མཆོད་སྨན་རཀ་གཏོར་གསུམ་སྤྲིན་ལྟར་གཏིབ། །གསང་མཆོད་བདེ་སྟོང་ཡེ་ཤེས་བླ་ན་མེད། །ཁྱད་པར་མཐུན་རྫས་མན་ཤེལ་འོད་འཕྲོ་སོགས། །དངོས་འབྱོར་ཡིད་སྤྲུལ་རྣམ་རོལ་ལས་བྱུང་བ། །རབ་འབྱམས་ནམ་མཁའ་གང་བའི་འཁོར་ལོ་འབུལ། །ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཨ་ཧཱུྃ། བསྟོད་པ་ནི། ཧཱུྃ་ཧྲཱིཿ སྔོན་ཚེ་གདོད་ནས་མངོན་པར་བྱང་ཆུབ་ཀྱང་། །སྨྱོ་འདྲེ་རྒྱལ་པོ་འདུལ་བའི་ལྷ་གཅིག་པུ། །མཐུ་སྟོབས་རྫུ་འཕྲུལ་ཕྲིན་ལས་མཆོག་མངའ་བ། །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པར་བསྟོད། །སྟོང་གསུམ་མི་མཇེད་འཇིག་རྟེན་ཀུན་གྱིས་བདག །དངོས་གྲུབ་མཆོག་སྩོལ་བདུད་དཔུང་ཟིལ་གྱིས་མནན། །དཔའ་བོ་སྟོབས་ལྡན་སྙིང་རྗེ་འབྱུང་གནས་ཆེ། །ཤེལ་གྱི་གནམ་ལྷ་དཀར་པོ་ཁྱོད་ལ་བསྟོད། །གང་སྐུ་ཉི་མ་འབུམ་གྱི་འོད་ཟེར་ཅན། །དགྱེས་པའི་གསུང་སྙན་གད་རྒྱངས་དི་རི་རི། །སངས་རྒྱས་བསྟན་པ་གཉན་པོ་སྲུང་མཛད་པ། །གཉན་ཆེན་ཐང་ལྷ་ཡར་ཞུར་ཁྱོད་ལ་བསྟོད། །ཕྲིན་བཅོལ་ནི། ཧཱུྃ་ཧྲཱིཿ སྔོན་ཚེ་འོག་མིན་ཀ་དག་རྡོ་རྗེའི་དབྱིངས། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ནི། །འཇིག་རྟེན་དྲེགས་པའི་མངའ་བདག་ཚུལ་འཛིན་པ། །སྤྲུལ་པ་ལྷ་མཆོག་རྡོ་རྗེ་འབར་བ་རྩལ། །གསང་བའི་ཡུམ་ཆེན་རྡོ་རྗེ་གཡུ་སྒྲོན་མ། །མཆེད་འཁོར་བཀའ་སྡོད་དྲེགས་པ་འཁོར་དང་བཅས། །མཐུ་སྟོབས་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་ལ། །སྔོན་གྱི་ཞལ་བཞེས་ཐུགས་དམ་རྗེས་དགོངས་ཏེ། །ནད་གདོན་བར་ཆད་མི་མཐུན་གནོད་པའི་ཚོགས། །མ་ལུས་མཐའ་དག་ཞི་བའི་ཕྲིན་ལས་མཛོད། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཚོགས། །ཡར་ངོའི་ཟླ་བ་ཇི་བཞིན་འཕེལ་བར་མཛོད། །སྣོད་བཅུད་འཁོར་དང་ལོངས་སྤྱོད་དམིགས་བྱའི་ཚོགས། །ཁམས་གསུམ་དབང་དུ་སྡུད་པའི་ཕྲིན་ལས་མཛོད། །ལོག་ལྟ་གནོད་བྱེད་དམ་ཉམས་དགྲ་བགེགས་རྣམས། །མངོན་སྤྱོད་དྲག་པོའི་འཕྲིན་ལས་འགྲུབ་པར་མཛོད། །མདོར་ན་བདག་གི་ཡིད་ལ་གང་འདོད་པ། །འབད་མེད་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པ་འདི་ནི་ཡིག་ཐུབ་བསྟན་ནོར་བུ་ནས་འདི་ལྟར་དགོས་ཞེས་བསྐུལ་བ་ལ་བརྟེན་ནས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཕོ་བྲང་ཆེན་པོའི་ཡང་རྩེ་འཆི་མེད་གྲུབ་པའི་དགའ་ཚལ་དུ་རྫོགས་སྤྲུལ་ལྔ་པ་༧ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་མེ་སྦྲུལ་ཟླ་བ་དྲུག་པའི་ཚེས་བཅུ་གསུམ་ལ་བྲིས་པ་དགེའོ། །

གཉན་ཆེན་ཐང་ལྷའི་གསེར་སྐྱེམས་ཨུ་དུམ་ཝ་རའི་ཆུན་འཕྱང་ཞེས་བྱ་བ་བཞུགས་སོ།།

ཧཱུྃ། བསྐལ་བ་གྲངས་མེད་མང་པོའི་གོང་རོལ་ནས། །སྔོན་ཚེ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་། །བསྟན་པ་སྲུང་ཞིང་བསྟན་འཛིན་སྐྱོང་བ་དང་། །ཕྲིན་ལས་རྣམ་བཞིའི་ལས་རྣམས་བསྒྲུབ་པའི་ཕྱིར། །དྲེགས་པ་ཀུན་གྱི་རྒྱལ་པོའི་ཚུལ་བསྟན་པ། །སྤྲུལ་པ་ལྷ་ཆེན་རྡོ་རྗེ་འབར་བ་རྩལ། །ཡབ་ནི་དགེ་བསྙེན་འོ་དེ་གུང་རྒྱལ་དང་། །ཡུམ་ནི་སྲིད་རྒྱལ་གཡུ་བྱ་གཤོག་གཅིག་ལགས། །ལྷ་སྲིད་རྣམ་གཉིས་སྲིད་ཅིང་བཤོས་པ་ལས། །སྐུ་ལྷ་ལྷ་ཆེན་རྡོ་རྗེ་འབར་བ་རྩལ། །སྐུ་གཅིག་མཚན་གྱི་རྣམ་གྲངས་དྲུག་ཏུ་གྲགས། །ཤེལ་གིང་དཀར་པོ་གནམ་ཐེ་དཀར་པོ་གྲགས། །གནམ་ལྷ་བྱང་ཆུབ་དུང་གི་ཐོར་ཚུགས་ཅན། །གནམ་མཚོའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཞེས། །གཞན་ཡང་སྡེ་བརྒྱད་སྤྲུལ་པ་སྤྲོ་བའི་ཚེ། །སྐུ་ལྷ་མཁའ་རི་སྨྱོན་ཁ་ཟླ་བའི་གདོང་། །ཟུ་ར་ར་སྐྱེས་གཉན་ཆེན་མཁར་ནག་དང་། །ནེའུ་ལེ་ཐོད་དཀར་གཟི་ཅན་འབར་བ་སོགས། །སྡེ་བརྒྱད་དུ་མར་སྤྲུལ་པ་ཕྱོགས་བཅུར་འགྱེད། །འདམ་ཤོད་སྣར་མོའི་ཡུལ་དུ་བཞུགས་པའི་ཚེ། །ཞི་བ་ཆེན་པོའི་ཕྲིན་ལས་སྒྲུབ་པའི་ཕྱིར། །ཞི་མཛད་ལྷ་ཆེན་རྡོ་རྗེ་འབར་བ་རྩལ། །རྒྱས་པ་ཆེན་པོའི་ཕྲིན་ལས་སྒྲུབ་པའི་ཕྱིར། །རྒྱས་མཛད་ལྷ་ཆེན་རྡོ་རྗེ་འབར་བ་རྩལ། །དབང་གི་ལས་ཀྱི་ཕྲིན་ལས་སྒྲུབ་པའི་ཕྱིར། །དབང་གི་ལྷ་མཆོག་རྡོ་རྗེ་འབར་བ་རྩལ། །དྲག་པོ་ཆེན་པོའི་ཕྲིན་ལས་སྒྲུབ་པའི་ཕྱིར། །ལྷ་ཆེན་ཀརྨ་རྡོ་རྗེ་འབར་བ་རྩལ། །སྐྱེས་བུ་བཞིན་བཟང་འབྲོང་གཡག་ཞོལ་ཆེན་དང་། །ལྷ་མཆོག་དཔའ་བོ་རྡོ་རྗེ་འབར་བ་རྩལ། །སྲིད་གསུམ་བདག་པོ་ཚངས་པ་ཆེན་པོ་སྟེ། །ངོ་བོ་གཅིག་ལ་རྣམ་པ་དགུ་རུ་ཤར། །དམ་ཉམས་གཤེད་མ་དམ་ལྡན་ཀུན་གྱི་གྲོགས། །སྨྱོ་འདྲེ་རྒྱལ་འགོང་འདུལ་བའི་ལྷ་གཅིག་པུ། །བྱང་ཐང་གནམ་མཚོ་ཡོངས་ཀྱི་བདག་མོ་ནི། །གསང་བའི་ཡུམ་ཆེན་རྡོ་རྗེ་གཡུ་སྒྲོན་མ། །ལྷ་གཉན་ཆེན་པོའི་སྟེང་གི་ནམ་མཁའ་ལ། །ཡེ་ཤེས་སྤྲུལ་པའི་ཁྱུང་ནག་དབུ་དགུ་པ། །ས་བདག་ཀླུ་གཉན་གདོན་རྣམས་འཇོམས་པར་བྱེད། །གཡས་ཕྱོགས་སྤྲུལ་པ་དུང་ཁྲ་དཀར་པོ་དང་། །གཡོན་དུ་དུང་སྤྱང་ཕག་མོ་གློག་ལྟར་འཁྱུག །རྒྱབ་ཀྱི་ཕྱོགས་ནས་ལྕགས་སྡིག་ནག་པོ་ཡིས། །རྒབ་འདྲེ་འབྱུང་པོའི་ཚོགས་རྣམས་རྡུལ་དུ་རློག །མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་འཁོར་གྱིས་བསྐོར། །གཟི་བརྗིད་འོད་ཟེར་ཉི་མ་འབུམ་བཞིན་རྒྱས། །རབ་འཇིགས་དཔུང་ཚོགས་ཆར་སྤྲིན་གཏིབ་པ་བཞིན། །དགྱེས་པའི་གད་རྒྱང་བཞད་སྒྲ་དི་རི་རི། །རྗེས་སུ་འཇུག་པའི་རྣལ་འབྱོར་བདག་ཅག་ལ། །ཐུགས་རྗེ་ཆེན་པོས་ཡལ་བར་མི་དོར་བའི། །ཕྲིན་ལས་རྣམ་བཞིའི་ལས་རྣམས་སྒྲུབ་པའི་ཕྱིར། །དགྱེས་པའི་ཚུལ་གྱི་གནས་འདིར་གཤེགས་སུ་གསོལ། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །ཉོན་མོངས་དུག་ལྔ་རྣམ་པར་དག་པའི་རྫས། །མ་དཱ་ན་ཡི་བདུད་རྩི་དག་པའི་ཆང་། །ཚེ་གཅིག་སངས་རྒྱས་མངོན་དུ་བྱེད་པའི་རྫས། །དཀར་གསུམ་མངར་གསུམ་འོ་ཞོའི་མཆོད་པའི་སྤྲིན། །འཆི་མེད་ལྷ་ལས་བབས་པའི་བདུད་རྩི་ཆེ། །འབྲུ་བཅུད་སྟོང་སྦྱར་རྒྱ་ཇ་ངད་ལྡན་ལ། །རིན་ཆེན་སྣ་ལྔ་བརྡར་བའི་ཞལ་སྐྱེམས་འདི། །སྐུ་ལྷ་ལྷ་ཆེན་རྡོ་རྗེ་འབར་བ་མཆོད། །ལྷ་ཡི་དགེ་བསྙེན་འོ་དེ་གུང་རྒྱལ་མཆོད། །སྲིད་པའི་རྒྱལ་མོ་གཡུ་བྱ་གཤོག་གཅིག་མཆོད། །དགྱེས་སྡེ་ཡུམ་ཆེན་རྡོ་རྗེ་གཡུ་སྒྲོན་མཆོད། །སྲས་དང་བློན་པོ་སྤྲུལ་པ་ཡང་སྤྲུལ་མཆོད། །མཆེད་འཁོར་སུམ་བརྒྱ་དྲུག་ཅུར་མཆོད་པ་འབུལ། །དེ་ལྟར་གསེར་སྐྱེམས་ཕུལ་བའི་བྱིན་རླབས་ཀྱིས། །སྔོན་ཚེ་འདས་དུས་བསྐལ་བའི་དང་པོ་ལ། །ཡུལ་གྱི་མིང་ནི་བྱང་ལམ་བར་མ་རུ། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིས། །དམ་ཚིག་བསྒྲགས་ནས་དམ་ལ་བཞག་པར་མཛད། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ། །ལྷ་གཉན་ཁྱོད་ཀྱི་བར་ཆད་བརྩམས་པ་ན། །སྦྲུལ་དཀར་ཞིག་གིས་ལམ་འཕྲང་བཅད་པའི་ཚེ། །མགོ་བོ་གྲུ་གུའི་ཡུལ་དུ་སླེབས་པ་ལ། །མཇུག་མ་ཁམས་ཀྱི་སོག་ཆུ་གཡེར་ཐང་བརྐྱང་། །སློབ་དཔོན་ཆེན་པོའི་དམ་ཚིག་བསྒྲགས་པའི་ཚེ། །ཐང་ལྷ་གངས་ལ་བྲོས་པའི་གངས་ཞུ་ནས། །རྩེ་མོ་ནག་ཟང་གཡའ་སྔོན་ཉིལ་གྱིས་བྱུང་། །མ་བཟོད་ཞལ་ཟས་སྣ་ཚོགས་ཚོགས་འཁོར་དྲངས། །རང་གི་གཟུགས་མཆོག་དངོས་སུ་བསྟན་ནས་ཀྱང་། །རང་རྟགས་སྲོག་གི་སྙིང་པོ་མངོན་དུ་ཕུལ། །གསང་མཚན་རྡོ་རྗེ་མཆོག་རབ་རྩལ་དུ་གསོལ། །དེ་འོག་བསྐལ་བ་བར་མའི་དུས་ཀྱི་ཚེ། །བསམ་ཡས་ཧས་པོ་རི་ཡི་རྩེ་མོ་ན། །དབང་ཆེན་རྟ་མཆོག་པདྨ་ཧེ་རུ་ཀས། །དབང་ཆེན་རྔམ་པའི་སྒྲ་ཡིས་བཏུལ་བའི་ཚེ། །ཅི་བགྱིའི་བཀའ་ཉན་སྒྲུབ་པར་ཁས་བླངས་པ། །ཤར་ཕྱོགས་རི་བོ་བཀྲ་བཟང་རྩེ་མོ་ན། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། །རྡོ་རྗེ་སྲིན་པོའི་སྒྲ་ཡིས་བཏུལ་བའི་ཚེ། །ཁས་བླངས་དམ་བཅས་རང་སྲོག་མངོན་དུ་ཕུལ། །དེ་ལྟར་སྔོན་གྱི་གཡར་དམ་རྗེས་དགོངས་ལ། །བདག་ཅག་བྱང་ཆུབ་སྒྲུབ་པའི་གང་ཟག་རྣམས། །ཚེ་རིང་ནད་མེད་ལོངས་སྤྱོད་ལྡན་པ་དང་། །སྙན་གྲགས་ནམ་མཁའ་ལྟ་བུར་རབ་རྒྱས་པ། །དཔལ་འབྱོར་བསོད་ནམས་གངྒཱའི་རྒྱུན་བཞིན་དུ། །འཛད་མེད་དབྱར་གྱི་མཚོ་ལྟར་རྒྱས་གྱུར་ཅིག །མདོར་ན་བྱང་ཆུབ་སྒྲུབ་པའི་གང་ཟག་རྣམས། །ཚེ་འདིའི་བར་ཆད་བདུད་ལས་རྣམ་རྒྱལ་ཞིང་། །དོན་གཉིས་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པ་འདི་ཡང་ཡིག་ཐུབ་བསྟན་ནོར་བུ་ནས་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རུ་དམ་ཨོ་རྒྱན་བསམ་བསྟན་ཆོས་གླིང་གི་འཆི་མེད་གྲུབ་པའི་དགའ་ཚལ་དུ་ས་ཕོ་རྟ་ལོའི་ཟླ༢ཚེས་༢༩ལ་བྲིས་པ་དགེ

ཐང་ལྷའི་ཚོགས་མཆོད་ནི།

ཧྲཱིཿ འདོད་ཡོན་ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་ནི། །ཡེ་ཤེས་བདུད་རྩི་རྒྱ་མཚོར་བྱིན་གྱིས་བརླབས། །རྩ་གསུམ་དམ་ཅན་ནོར་ལྷ་གཏེར་བདག་དང་། །ཁྱད་པར་གཉན་ཆེན་ཐང་ལྷ་འཁོར་དང་བཅས། །ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །བཟའ་བཅའ་བཏུང་བ་མི་ཟད་གཏེར་ཆེན་པོ། །འདོད་ཡོན་ལྔ་ཡིས་བརྒྱན་པའི་དམ་ཚིག་རྫས། །བླ་མེད་མཆོག་གི་མཆོད་སྤྲིན་རྒྱ་མཚོ་འདི། །མཆོད་པར་འོས་པ་རྣམས་ལ་མཆོད་པ་འབུལ། །ཚེ་རབས་ཐོག་མ་མེད་པ་ཚུན་ཆད་ནས། །བཅས་དང་རང་བཞིན་འགལ་བའི་ཉེས་པ་ཀུན། །ཁྱད་པར་ལྷ་སྲུང་ཕོག་ཐུག་ཅི་མཆིས་པ། །ཚོགས་ཀྱི་འཁོར་ལོས་བྱང་ཞིང་དག་པར་མཛོད། །མ་རིག་བདག་འཛིན་རུ་ཏྲའི་རྒྱུ་ལས་བྱུང་། །གནོད་བྱེད་དགྲ་བགེགས་གཟུགས་ཕུང་ཤར་བ་འདི། །ཡེ་ཤེས་དྲག་པོའི་རྣོ་དབལ་མཚོན་ཆ་འདིས། །ལུས་ངག་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཨ་ཡིག་རྒྱལ་བའི་ཐུགས་ཀར་འཕོས། །མཐུ་ཆེན་སྲུང་མའི་དབང་པོའི་ཚོགས་རྣམས་ཀྱང་། །རྔམས་བརྗིད་དཔལ་དུ་འབར་བའི་སྐུར་བཞེངས་ནས། །གནམ་ས་ཙམ་གྱི་ཞལ་ནི་རབ་གདངས་ཏེ། །རྣོ་དབལ་ཚེམས་ནི་གངས་རི་ལྟ་བུར་གཙིགས། །གློག་དམར་ཙམ་གྱི་ལྗགས་ནི་རབ་བརྐྱངས་ནས། །དུག་གསུམ་རྒྱུ་ལས་བྱུང་བའི་ཤ་ཁྲག་རུས། །ཞལ་དུ་སྟོབ་བོ་ཁ་རྃ་ཁཱ་ཧིཿ ལྷག་ལ་དབང་བའི་བཀའ་ཉན་ལས་བྱེད་ཚོགས། །ལྷག་གཏོར་ཡེ་ཤེས་བདུད་རྩིར་བྱིན་བརླབས་པ། །དཔལ་གྱི་ཕམ་ཕབ་བཟང་པོ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་ཡང་ཕུར་ཚའི་འགྱུར་མེད་ཚེ་རིང་ནས་ཐང་ལྷའི་ཚོགས་མཆོད་ཉུང་ངུ་དགོས་ཞེས་བསྐུལ་བ་ལ་བརྟེན་ནས་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ །

གནས་བདག་ནོར་བུ་གཡུལ་རྒྱལ་གྱི་ཕྲིན་བཅོལ་ནི།

ཧཱུྃ། སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱི། །བཀའ་བསྒོས་དམ་ལ་བཞག་པའི་མཐུ་རྩལ་ཅན། །རྒྱལ་པོ་འཕགས་སྐྱེས་པོ་ཡི་ཡང་སྤྲུལ་ནི། །གནས་བདག་ནོར་བུ་གཡུལ་རྒྱལ་ཞེས་སུ་གྲགས། །ལྷ་མཆོག་ཁྱོད་ཀྱིས་སྤྲུལ་བསྒྱུར་ངོམས་པའི་ཚེ། །སྐབས་རེ་བེར་ལྗང་གསོལ་ཞིང་རྟ་དཀར་ཞོན། །ལ་ཐོད་དབུར་བཅིངས་ཕྱག་གཡས་མདུང་དར་དཀར། །གཡོན་པས་ཞགས་པ་ཞབས་གཉིས་སག་ལྷམ་ཅན། །རླུང་གཤོག་རྟ་ཡིས་ས་ཆེན་ཡུད་ཀྱིས་སྐོར། །སྐབས་རེ་ནོར་སྐྱོང་སྔོ་ནག་རི་ལོག་ཙམ། །ཤེལ་གྱི་མིག་ལ་ཟངས་ཀྱི་མཆེ་བ་ཅན། །གསེར་གྱི་རྣ་བ་ལྕགས་ཀྱི་མཐིལ་བཞིའི་མཛེས། །ཡན་ལག་གསེར་གཡུའི་དྲིལ་ཆུང་ཁྲོ་ལོ་ལོ། །རྫུ་འཕྲུལ་ལྡན་པའི་ནོར་སྐྱོང་ལྔ་བརྒྱས་བསྐོར། །ངུར་སྒྲ་འབྲུག་བཞིན་ས་ཆེན་གཡོ་བར་བྱེད། །དམ་རྫས་ཕུད་ཀྱི་མཆོད་པ་འདི་བཞེས་ལ། །ལྷ་མཆོག་ཁྱོད་ཀྱིས་ཐ་ཚིག་མ་འདོར་བར། །ཨོ་རྒྱན་བསམ་གཏན་གླིང་གི་ཆོས་གྲྭ་འདིར། །ཕྱི་ནང་མི་མཐུན་ཉེར་འཚེ་མཐའ་དག་ཀུན། །མིང་ཙམ་མེད་པར་ཞི་བའི་ཕྲིན་ལས་མཛོད། །ཁྱད་པར་ངན་སྦྱོར་བཤོམ་པའི་དགྲ་བོ་རྣམས། །དྲེགས་པའི་བདག་པོ་ཁྱོད་ཀྱི་ཟ་སྐལ་གྱིས། །མདོར་ན་བདག་གི་རེ་འབྲས་གང་ཡོད་པ། །གེགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པ་རྫོགས་ཆེན་མཆོག་སྤྲུལ་བཞི་པའི་གསུངས་ལ་ཅུང་ཟད་ཁ་སྐོང་དུ་བྱས་བ་འདི་ནི་རྫོགས་སྤྲུལ་ལྔ་བའི་མིང་འཛིན་པདྨ་ཐེག་མཆོག་བསྟན་འཛིན་གྱིས་བྲིས་པ་དགེའོ། །

གནས་བདག་ནོར་བུ་གཡུལ་རྒྱལ་གྱི་བསྐང་བ་བཞུགས་སོ།།

ཧཱུྃ། རི་རབ་ཆེན་པོའི་ལྷོ་ཡི་ཕྱོགས་རོལ་ན། །རྒྱལ་བའི་ཞལ་མཐོང་བཀའ་ཉན་ཐ་ཚིག་ཅན། །མཐུ་ཆེན་མགོན་པོ་ཆེན་པོ་འཕགས་སྐྱེས་པོའི། །སྤྲུལ་པའི་རོལ་གར་ཡུལ་འདིའི་ཟོ་དོར་གཙོ། །གནས་བདག་ནོར་བུ་གཡུལ་རྒྱལ་ཞེས་སུ་གྲགས། །བཙུན་མོ་སྲས་འཁོར་བློན་པོ་རུ་འདྲེན་བཅས། །ལྷ་ཀླུ་གཉན་བཙན་འཁོར་གྱི་ཚོགས་རྣམས་ནི། །ཉི་མའི་ཟེར་ལ་རྡུལ་ལྟར་འཁྲིགས་པ་བཞིན། །འཁོར་བཅས་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །རྣམ་མང་མཛོད་ཀྱི་བྱེ་བྲག་ཇི་སྙེད་པ། །འདོད་ཡོན་ལྔ་དང་རིན་ཆེན་རྣམ་ལྔ་དང་། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །ལྷ་ཀླུ་མི་ཡི་ནོར་གྱི་རིག་བྱེད་དང་། །སྐྱེད་ཚལ་ཟས་གོས་རིན་ཆེན་འབྲུ་སྨན་སྤོས། །རོ་བརྒྱ་ལྡན་པའི་ཞལ་ཟས་རི་ལྟར་སྤུང་། །གསེར་སྐྱེམས་གཡུ་སྐྱེམས་ཕུད་རྒོད་མཚོ་ལྟར་བསྐྱིལ། །ཉམས་པའི་སྙིང་ཁྲག་ཨ་མྲྀ་ཏ་ཡི་བཅུད། །མདོར་ན་ཁྱེད་དང་མཐུན་པའི་དམ་རྫས་ནི། །དངོས་བཤམས་ཡིད་ཀྱི་རྣམ་རོལ་ལས་བྱུང་བ། །ཀུན་བཟང་མཆོད་པའི་སྤྲིན་ལྟར་སྤྲུལ་པ་འདིས། །གནས་བདག་འཁོར་བཅས་ཐུགས་དམ་བསྐང་གྱུར་ཅིག །བདག་ཅག་བྱང་ཆུབ་སྒྲུབ་པའི་གང་ཟག་ལ། །མི་མཐུན་གནོད་པའི་ཉེ་བར་འཚེ་བ་དང་། །ཁྱད་པར་ཡུལ་ལྷ་འཁྲུགས་པའི་རྐྱེན་དབང་གི། །ཁ་ཆར་བུ་ཡུག་བཙའ་ཐན་སྣ་ཚོགས་རིགས། །སྐད་ཅིག་ཉིད་ལ་ཞི་བའི་ཕྲིན་ལས་མཛོད། །མདོར་ན་བདག་གི་ཡིད་ལ་གང་འདོད་པ། །འབད་མེད་ལྷུན་གྱིས་འགྲུབ་པའི་སྡོང་གྲོགས་མཛོད། །ཅེས་པ་འདི་རང་གི་ཉེ་གནས་སུ་གཏོགས་པ་ཐུབ་བསྟན་རྒྱ་མཚོས་བསྐུལ་བ་དང་། གཞན་ཡང་ངོ་མཚར་བའི་རྟེན་འབྲེལ་གྱི་ལེགས་ཚོགས་སྣ་ཚོགས་པ་ཞིག་འཆར་བའི་མཁའ་འགྲོ་འདུ་བའི་དུས་ཆེན་གཟའ་སྐར་ཚེས་གྲངས་ཕུན་སུམ་ཚོགས་པའི་ཉིན། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ །

གཏེར་སྲུང་བྱ་རོག་གདོང་གི་གསོལ་བསྡུས་བཞུགས།།

ཧཱུྃ། རབ་ཏུ་འཇིགས་པའི་གནས་མཆོག་དམ་པ་ནས། །མེ་རླུང་དམར་ནག་འཚུབས་མའི་ཀློང་དཀྱིལ་ནས། །པད་ཉི་དགྲ་བགེགས་ཕོ་མོའི་གདན་སྟེང་ན། །ཧཱུྃ་ཡིག་ལས་བྱུང་གཏེར་སྲུང་བྱ་རོག་གདོང་། །མཐིང་ནག་མི་བསྲུན་ཞལ་གཅིག་ཕྱག་གཉིས་པ། །ཁྲོ་བོའི་ཞལ་ལ་གནམ་ལྕགས་རྡོ་རྗེའི་མཆུ། །ཕྱག་གཡས་གྲི་གུག་གཡོན་པས་བྷན་དམར་བསྣམས། །ཞིང་ཆེན་གཡང་གཞི་སྟག་ལྤགས་ཤམ་ཐབས་ཅན། །རྡོ་རྗེའི་གཤོག་པས་སྟོང་གསུམ་རླབས་ཀྱིས་གཅོད། །ཞབས་གཉིས་འདོར་སྟབས་ཚུལ་གྱིས་དགྱེས་པར་བཞུགས། །ཨརྒྷཾ་ལ་སོགས་ཕྱི་ཡི་མཆོད་པ་དང་། །སྨན་གཏོར་རཀྟ་ནང་གི་མཆོད་པ་དང་། །གྷ་ན་ཙཀྲ་གསང་བའི་མཆོད་པ་དང་། །ཁྲག་ཆང་བཟང་ཇ་ངད་ལྡན་མཆོད་པ་དང་། །ཁྱད་པར་ཁྱེད་དང་མཐུན་པའི་དམ་ཚིག་རྫས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །ནམ་མཁའི་ཁྱོན་ཀུན་ཡོངས་སུ་བཀང་ལགས་ན། །ཕུལ་བས་བདག་ཅག་དཔོན་སློབ་འཁོར་བཅས་ལ། །རྣམ་བཞིའི་ཕྲིན་ལས་དངོས་གྲུབ་བདག་ལ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

སྐྱ་མོའི་གསོལ་བསྡུས་ནི།

ཧཱུྃ། བདག་ཉིད་ལྷར་གསལ་མདུན་དུ་སྐད་ཅིག་གིས། །སྣ་ཚོགས་རིན་ཆེན་ལས་གྲུབ་གཞལ་མེད་ཁང་། །ལྕམ་མོ་ཆེན་མོ་སྨན་བཙུན་གཞོན་ནུ་མ། །རབ་དཀར་ཟླ་བ་གཞོན་ནུའི་ལང་ཚོ་ཅན། །རབ་མཛེས་ཡིད་འོང་ལྷ་ཡི་བུ་མོ་བཞིན། །རབ་བཀྲ་ཟ་འོག་གོས་དང་སྭག་ཏིའི་ལྷམ། །རབ་མང་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཕྱག་གཉིས་མདའ་དར་གཏེར་གྱི་སྒྲོམ་བུ་བསྣམས། །རྫུ་འཕྲུལ་ཤུགས་ལྡན་ཅང་ཤེས་དྲེའུ་ནི། །རབ་དཀར་གངས་ཀྱི་རི་ལ་འགྲན་ནུས་ཆིབས། །མིང་པོ་ལྷ་ཡི་དགེ་བསྙེན་དྲག་པོ་རྩལ། །སྐུ་མདོག་སྨུག་པོ་དུང་གི་རྣ་ཆ་ཅན། །སྐུ་ལ་བེར་ཆེན་སྨུག་པོ་མཛེས་པར་ཀླུབས། །ཕྱག་ན་མདུང་དར་འཕྲུལ་གྱི་ཞགས་པ་བསྣམས། །རྟ་དཀར་བཞོན་ཅིང་སྟོང་གསུམ་ཡུད་ཀྱིས་སྐོར། །ལྕམ་དྲལ་རྣམ་གཉིས་འཁོར་དང་ཡང་འཁོར་བཅས། །སྤྲུལ་པ་ཡང་སྤྲུལ་ཉི་ཟེར་རྡུལ་ལྟ་བུ། །སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་སུ་གསོལ། །ཁྱོད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །ལྷ་རྫས་ཕྱི་ཡི་མཆོད་པ་སྤྲིན་ལྟར་གཏིབས། །རང་བྱུང་ནང་གི་མཆོད་པ་དྭངས་རེ་སྤྲོ། །གསང་མཆོད་སྦྱོར་སྒྲོལ་མཆོད་པ་བླ་ན་མེད། །གྷ་ན་ཙཀྲའི་ལོངས་སྤྱོད་རི་ལྟར་སྤུངས། །གཞན་ཡང་མཆོད་པར་འོས་པའི་དམ་ཚིག་རྫས། །མ་ཚང་མེད་པར་གུས་པས་འབུལ་ལགས་ན། །བདག་ཅག་བྱང་ཆུབ་སྒྲུབ་པའི་གང་ཟག་ལ། །ནད་གདོན་མི་མཐུན་བར་ཆད་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་རྒྱས་པ་དང་། །རྒྱལ་བློན་རྗེ་འབངས་ཟས་ནོར་དབང་དུ་བསྡུས། །དགྲ་གདོན་བྱད་ཕུར་རྦོད་གཏོང་བརླག་པར་མཛོད། །ཅེས་པ་འདི་ཡང་དཔྱལ་བྲག་སྒྲུབ་སྡེའི་མགོན་བླ་འགྱུར་མེད་ནས་བསྐུལ་ངོར་ས་སྦྲུལ་ཟླ་བ་གསུམ་པའི་ཚེས་བཅུ་རྒྱལ་ཕུར་གྱི་འགྲུབ་སྦྱོར་ལ་རྫོགས་སྤྲུལ་ལྔ་པས་བྲིས་པ་དགེ སརྦ་དཱ་མངྒ་ལཾ། །

གཏེར་སྲུང་དགེ་བསྙེན་སྙོན་ཁའི་གསེར་སྐྱེམས་མེ་རླུང་འཚུབས་མའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།

ཧཱུྃ། མ་བཅོས་འོད་གསལ་ཀ་དག་གཉུག་མའི་གཤིས། །ལྷུན་གྲུབ་འགགས་མེད་ཕྲིན་ལས་ཅིར་ཡང་སྣང་། །དཔལ་ཆེན་ཁྲོ་རྒྱལ་ནཱ་ག་རཀྴ་ཡིས། །སྤྲུལ་པ་དྲེགས་པ་ཀུན་གྱི་མངའ་བདག་པོ། །གཏེར་སྲུང་དགེ་བསྙེན་སྙོན་ཁ་ཞེས་བྱ་བ། །ལྷོ་ཕྱོགས་དུག་མཚོ་ཁོལ་མའི་མཚོ་འགྲམ་དུ། །གནོད་སྦྱིན་རྒྱལ་པོ་ཡཀྵ་འབར་བ་དང་། །ཀླུ་ཡི་སྲིན་མོ་དམར་མོ་སྙིང་འཕྲོག་མ། །མཐུ་ཆེན་དེ་གཉིས་སྲིད་ཅིང་བཤོས་པ་ལས། །ལྕགས་ཀྱི་སྒོ་ང་ཁ་མིག་དགུ་བ་བྱུང་། །དེ་མ་ཐག་ཏུ་ནམ་མཁའི་དབྱིངས་སུ་ཤོར། །ས་ལ་བབ་པས་ས་འོག་རིམ་དགུར་འཛུལ། །སླར་ཡང་ས་སྟེང་ཐོན་པ་ཙམ་གྱིས་ཀྱང་། །མི་སྡུག་སྒྲ་སྐད་སྣ་ཚོགས་བསྒྲགས་པ་ལས། །སེམས་ཅན་ཐམས་ཅད་འཇིགས་ཤིང་སྐྲག་པར་གྱུར། །དེ་ཚེ་དམར་མོ་སྙིང་འཕྲོག་སྐྲག་པ་ལས། །སྲིད་གསུམ་ཕུང་བྱེད་མ་རུང་པ་འདི་ནི། །འོ་སྐོལ་གཉིས་ཀྱིས་གདུལ་བར་མི་ནུས་ཏེ། །དེ་སྐད་གནོད་སྦྱིན་ཆེན་པོར་གསོལ་བ་ན། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ། །དེ་ཉིད་འདུལ་བར་ཞུ་བར་བགྲོས་པ་ལས། །རི་བོ་མ་ལ་ཡ་ཡི་རྩེ་མོ་རུ། །གནམ་ལྕགས་ཡོད་པའི་ཕོ་བྲང་ཡང་སྟེང་ན། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་མདུན། །སྒོ་ང་ལྕགས་ཀྱི་ཐག་པས་བསྡམས་ཏེ་འཁྱེར། །སེམས་ཅན་ཕུང་པར་བྱེད་པ་འདི་ཉིད་ནི། །བདག་ཅག་རྣམས་ཀྱིས་འདུལ་བར་མི་ནུས་པས། །དེ་སྐད་གསོལ་ཞིང་ཕྱག་ན་རྡོ་རྗེ་ལ། །ཕྱག་དང་བསྐོར་བ་བྱེད་དེ་གསོལ་བ་ན། །གསང་བའི་བདག་པོས་འདུལ་བར་ཞལ་བཞེས་ཏེ། །དེ་མ་ཐག་ཏུ་གནོད་སྦྱིན་གདུག་པ་ཅན། །འདུལ་བའི་ཏིང་ངེ་འཛིན་ལ་བཞུགས་ནས་ནི། །རང་གི་སྙིང་པོ་བརྗོད་ནས་རྡོ་རྗེ་ཡིས། །སྒོ་ངར་བརྒྱབ་སྟེ་བཀས་པའི་ནང་ཤེད་ནས། །སྙོན་ཁ་ནག་པོ་ཀླུ་བདུད་མགོ་དགུ་པ། །མི་སྡུག་སྐད་ཀྱིས་སྟོང་གསུམ་གང་བར་བྱེད། །དུག་དང་ནད་ཀྱི་རླངས་པ་སྤྲིན་ཕུང་འཁྲིགས། །འཇིག་རྟེན་སྐྱེ་འགྲོ་ཀུན་གྱི་སྲོག་གི་བདག །ཆོས་དབྱིངས་ལྷུན་གྲུབ་ངང་ལས་མ་གཡོས་ཀྱང་། །སྐུ་གཅིག་སྤྲུལ་བསྒྱུར་སྣ་ཚོགས་འགྱེད་མཛད་པ། །དུག་ལྔའི་རང་མདངས་སྐུ་ལྔར་ཤར་བ་ལས། །ཞེ་སྡང་ལས་བྱུང་ནག་པོ་ཏི་པ་ཙ། །འདོད་ཆགས་ལས་བྱུང་ཀླུ་ཡུམ་ཁྲག་མིག་མ། །ང་རྒྱལ་ལས་བྱུང་བགེགས་ཀྱི་རྒྱལ་པོ་དང་། །གཏི་མུག་ལས་བྱུང་ནག་པོ་འཛུམ་མེད་ཡིན། །ཕྲག་དོག་ལས་བྱུང་སྦྲུལ་གྱི་མཇུག་མ་ཅན། །རྟོགས་ན་ཡེ་ཤེས་ལྔ་ཡི་རང་བཞིན་ཏེ། །མ་རྟོགས་དུག་ལྔ་རང་རྒྱུད་དྲེགས་པའི་ཚུལ། །གཞན་ཡང་བྱང་ཕྱོགས་གནས་སུ་བྱོན་པའི་ཚེ། །གཉན་ཆེན་ཐང་ལྷ་ཡར་ཞུར་ཞེས་སུ་གྲགས། །སྐྱིད་ཤོད་ཀློང་ན་གཉན་ཆེན་མཁར་ནག་ཞེས། །ཕོ་མོ་རྫོང་རིང་ཀླུ་བདུད་མགོ་དགུ་པ། །དབུ་རིའི་ཕྱོགས་སུ་སྐུ་ལྷ་མཁའ་རུ་གྲགས། །སྒོས་ཆོས་ལྷ་རྒྱབ་བདུད་ཕོ་ཟླ་བའི་གདོང་། །མོན་ཁ་རིང་མོ་བདུད་ཕོ་སྐྲག་མེད་པ། །སེང་གེ་རྫོང་གསུམ་ཟུ་ར་ར་སྐྱེས་ཞེས། །མཁར་ཆུའི་གནས་སུ་དགེ་བསྙེན་སྙོན་ཁར་གྲགས། །དེ་ལྟར་སྐུ་གཅིག་སྤྲུལ་བསྒྱུར་སྣ་ཚོགས་ནི། །ངོ་བོ་གཅིག་ལ་རྣམ་འཕྲུལ་སྣ་ཚོགས་པ། །བསམ་མི་ཁྱབ་པ་ཆུ་ཟླའི་རོལ་གར་བཞིན། །དེ་ལྟར་མཐུ་ཆེན་དབང་པོ་འཁོར་བཅས་རྣམས། །རྔམ་བརྗིད་འབར་བས་སྟོང་གསུམ་གང་ནས་ཀྱང་། །རྣལ་འབྱོར་གདུང་བ་དྲག་པོས་འབོད་བའི་ཚེ། །སྐྱ་རེངས་ཆིབས་དང་ཉི་མ་ཟླ་བའི་ཟེར། །བྲ་ནག་ལ་སོགས་ཆིབས་བཞིའི་མངའ་བདག་པོ། །དྲན་པ་ཙམ་གྱིས་གནས་འདིར་གཤེགས་ནས་ཀྱང་། །གསང་ཆེན་དུར་ཁྲོད་རོལ་བའི་གནས་མཆོག་འདིར། །ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་ཀློང་དཀྱིལ་ན། །ཞིང་ཆེན་གསར་རྙིང་བཀྲམ་པའི་གནས་མཆོག་འདིར། །སྔོན་གྱི་དམ་ཚིག་གཉན་པོ་རྗེས་དགོངས་ལ། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །སྔོན་ཚེ་ཞིང་པའི་བུ་མོ་ལེགས་སྐྱེས་ཀྱིས། །བཀྲ་ཤིས་རྫས་སུ་བྱིན་གྱིས་བརླབས་པའི་རྫས། །དཀར་མཛེས་ཡིད་འོང་འོ་ཞོའི་མཆོད་པ་འདི། །སྟོབས་ལྡན་དགེ་བསྙེན་སྙོན་ཁ་འཁོར་བཅས་ལ། །ཕུལ་བས་ནད་གདོན་གནོད་པ་ཞི་བར་མཛོད། །དཔག་བསམ་ལྗོན་ཤིང་ཤིང་དཀར་ལོ་མ་ཡི། །ལེགས་བསྡུས་དཔལ་ཡོན་ཕུན་ཚོགས་འབྲས་སྨིན་པའི། །བཅུད་ལྡན་རྒྱ་ཇ་ངད་ལྡན་རྒྱ་མཚོ་འདི། །གཏེར་སྲུང་དགེ་བསྙེན་སྙོན་ཁ་འཁོར་བཅས་ལ། །ཕུལ་བས་བསོད་ནམས་ཚེ་དཔལ་རྒྱས་པར་མཛོད། །རོ་བརྒྱའི་བཅུད་ལྡན་འབྲས་དྲུག་བཟང་པོ་ལ། །མྱོས་བྱེད་ཕབ་ཀྱིས་བྲན་པའི་བདུད་རྩི་ཆང་། །མ་དཱ་ན་ཡི་བདུད་རྩི་གསེར་སྐྱེམས་འདི། །ཕུལ་བས་ཁམས་གསུམ་དབང་དུ་བསྡུ་བར་མཛོད། །ཉམས་པ་བསྒྲལ་བའི་ཙིཏྟ་ཁྲག་གི་རྒྱུན། །དམར་ཆེན་རཀྟའི་རྦ་ཀློང་འཁྲུགས་པ་ལས། །འདོད་ཡོན་སྣ་ཚོགས་བཀྲ་བའི་གསེར་སྐྱེམས་འདི། །ཕུལ་བས་བྱད་ཕུར་རྦོད་གཏོང་འཇོམས་པར་མཛོད། །དེ་ལྟར་གསེར་སྐྱེམས་ཕུལ་བའི་བྱིན་རླབས་ཀྱིས། །མ་ལ་ཡ་དང་དཔལ་གྱི་ཕུག་རིང་དང་། །ལྷོ་བྲག་མཁར་ཆུ་ལ་སོགས་གནས་མཆོག་ནས། །སྔོན་ཚེ་གསང་བདག་ཕྱག་ན་རྡོ་རྗེ་དང་། །བར་དུ་རིག་འཛིན་སློབ་དཔོན་པདྨ་འབྱུང་། །ཐ་མ་སྔགས་འཆང་རཏྣ་གླིང་པ་ལ། །རང་རྟགས་སྲོག་གི་སྙིང་པོ་ཕུལ་ནས་ཀྱང་། །ལྕེ་ལ་དམ་ཚིག་བདུད་རྩི་ཉེར་བཞག་ནས། །སྤྱི་བོར་རྡོ་རྗེ་བཞག་ནས་གསང་མཚན་བཏགས། །ཅི་བགྱིའི་བཀའ་ཉན་སྒྲུབ་ཅེས་ཁས་བླངས་པ། །ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ། །ད་ལྟར་མཁའ་འགྲོ་འདུ་བའི་གནས་མཆོག་འདིར། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་ལ། །རབ་འབྱམས་ཕྲིན་ལས་དབྱར་གྱི་མཚོ་ཆེན་ལྟར། །འབད་མེད་ལྷུན་གྲུབ་ཛ་ཧུའི་རྒྱུན་བཞིན་དུ། །རྒྱུན་མི་འཆད་པར་འདོད་པའི་དོན་རྣམས་ཀུན། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་ནས་ཀྱང་། །མཐར་ཐུག་བྱང་ཆུབ་སྙིང་པོ་མ་ཐོབ་བར། །ལྷ་མཆོག་ཁྱོད་ཀྱི་ཐུགས་རྗེའི་སྟོབས་ཤུགས་ཀྱིས། །བར་ཆད་རྐྱེན་གྱི་རྣམ་སྨིན་ཅི་བྱུང་ཡང་། །གཏེར་བདག་ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས། །མི་མཐུན་ཉེས་པའི་སྤྲིན་ཚོགས་ཀུན་བསལ་ནས། །དགེ་ལེགས་ཉི་མས་ས་སྟེང་ཁྱབ་པར་ཤོག །ཅེས་དགེ་བསྙེན་སྙོན་ཁའི་གསེར་སྐྱེམས་མེ་རླུང་འཚུབས་མའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི་ས་ཕོ་རྟ་ལོའི་ཟླ་༢ཚེས་༡༢ལ་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་མགོན་ཁང་དབང་དྲག་རོལ་བ་ནས་བྲིས་པ་དགེ་འདི་འབྲི་སྐབས་སུ་འཚུབ་ལྷོང་ཅུང་ཟད་རེ་བྱུང་བས་ནམ་ཡིན་གང་བྱུང་དེས་ཆོག་མ་གསུངས་ན་ལེགས་སོ། །ཉེས་འགལ་མཆིས་ན་སྲུང་མའི་ཚོགས་ལ་བཤགས། བསྟན་དང་འགྲོ་ལ་ཕན་པའི་རྒྱུར་གྱུར་ཅིག བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །དགེའོ། །

སྡེ་དཔོན་སུམ་ཅུའི་ཕྲིན་ལས་རྒྱས་པ་དངོས་གྲུབ་འདོད་རྒུའི་གཏེར་མཛོད་ཞེས་བྱ་བ་བཞུགས་སོ།།

བླ་མ་དང་གཉིས་སུ་མེད་པ་དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མདུན་དུ་སྨན་རཀ་གཏོར་གསུམ་དང་། ཆུ་གཉིས་ཉེར་སྤྱོད་སོགས་མཁོ་བའི་ཡོ་བྱད་རྣམས་འདུ་བྱས་ལ། །རང་ཡི་དམ་གྱི་ང་རྒྱལ་དང་ལྡན་པའི་ངང་ནས། ཧཱུྃ་ཧྲཱིཿ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །དུར་ཁྲོད་རབ་འཇིགས་རྔམས་པའི་གཞལ་ཡས་དབུས། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །དྲེགས་པ་ཕོ་མོ་བསྣོལ་བའི་གདན་སྟེང་ན། །བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་མཐིང་། །ཞལ་གསུམ་ཕྱག་དྲུག་གཡས་སེར་གཡོན་སྨུག་ཞལ། །ཕྱག་དྲུག་རྡོ་རྗེ་ལྷ་བརྒྱད་མགོ་བོ་གཡས། །བྷན་དམར་ཀླུ་བརྒྱད་མགོ་བོ་གཡོན་ན་བསྣམས། །དཔལ་དང་དུར་ཁྲོད་རོལ་བའི་ཆས་ཀྱིས་བརྒྱན། །གསང་བའི་ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་མ། །སྐུ་མདོག་མཐིང་ནག་ཁ་ཊཱཾ་ཐོད་འཛིན་འཁྱུད། །བཅོམ་ལྡན་དཔལ་ཆེན་སྐུ་ཡི་གཡས་ཟུར་ན། །དབང་ཕྱུག་ཆེན་པོ་མ་ཧཱ་དེ་ཝ་ནི། །སྐུ་མདོག་མཐིང་ནག་དར་ནག་བེར་ཆེན་གསོལ། །གཡས་པས་གྲི་གུག་གཡོན་པས་ཙིཏྟ་བསྣམས། །ཐམས་ཅད་ཟིལ་གནོན་སེང་གེ་དཀར་མོ་ཆིབས། །ལྷ་མཆོག་དྲེགས་པ་ཀུན་འདུལ་གཡོན་ཟུར་ནས། །ཡུམ་ཆེན་རྒྱལ་མོ་ཨུ་མ་དཱེ་ཝ་ནི། །སྐུ་མདོག་མཐིང་ག་ལྗང་ནག་བེར་ཆེན་གསོལ། །ཁ་ཊཱཾ་གཡས་ལ་ཐོད་པ་ཁྲག་བཀང་གཡོན། །སྟོབས་ཀྱི་རྒྱལ་པོ་རབ་བརྟན་གླང་ཆེན་ཆིབས། །ཤར་ཕྱོགས་གཤིན་རྗེ་ཡ་མ་རཱ་ཛ་ནི། །མདོག་ནག་གཅན་གཟན་པགས་པ་རློན་པ་གསོལ། །ཕྱག་གཡས་བེ་ཅོན་གཡོན་པས་ཐོད་དབྱུག་བསྣམས། །ཆིབས་སུ་མ་ཧེ་ནམ་མཁའི་མདོག་ཅན་ཆིབས། །སྦྱོར་བའི་ཡུམ་ཆེན་གཤིན་རྗེ་ཟ་བྱེད་མ། །ནག་མོ་སྐུ་ལ་དར་ནག་གོ་ཟུ་ཅན། །ཕྱག་གཡས་འཁོར་ལོ་གཡོན་པས་ཐོད་ཁྲག་ཐོགས། །ཆིབས་སུ་ཆུ་གླང་བེེཌཱུར་མདོག་ཅན་ཆིབས། །ལྷོ་ཕྱོགས་བདུད་པོ་སྐོས་རྗེ་བྲང་དཀར་ནི། །༼མཆན། ཕྱག་ན་སྲིད་པའི་འཁོར་ལོ་བསྣམས༽སྐུ་མདོག་ནག་པོ་བེར་ནག་སྐུ་ལ་གསོལ། །གཡས་པས་ཁྲམ་ཤིང་གཡོན་པས་དགྲ་སྟ་བསྣམས། །ཆིབས་སུ་བདུད་རྟ་མིག་སྨན་མདོག་ཅན་ཆིབས། །སྦྱོར་བའི་ཡུམ་ཆེན་བདུད་མོ་རེ་མ་ཏི། །སྐུ་མདོག་ནག་མོ་དར་ནག་གོ་ཟུ་ཅན། །གཡས་པས་ཁྲམ་ཤིང་གཡོན་པས་ནད་རྐྱལ་བསྣམས། །ཆིབས་སུ་བོང་བུ་དམར་གྭ་གློག་འདྲ་ཆིབས། །ནུབ་ཕྱོགས་སྲིན་པོ་ནག་པོ་གློག་ཕྲེང་ཅན། །སྐུ་མདོག་དུད་ཁ་གློག་གི་ཐུལ་བ་གསོལ། །ཕྱག་གཡས་ཐོ་བ་གཡོན་པས་གློག་ཞགས་བསྣམས། །ཆིབས་སུ་རྔམ་བརྗིད་འབྲུག་དང་གློག་ལ་ཆིབས། །སྦྱོར་བའི་ཡུམ་ཆེན་སྦལ་མགོ་ཁྲག་མིག་མ། །མདོག་དམར་ཁྲག་གི་ལྭ་བ་ནག་པོ་གསོལ། །ཕྱག་གཡས་ཁྲག་ཕུར་གཡོན་པས་ཁྲག་ཕོར་བསྣམས། །ཆིབས་སུ་ཤུགས་ལྡན་རྔ་མོང་གྭ་པ་ཆིབས། །བྱང་དུ་གནོད་སྦྱིན་ཡཀྵ་མེ་དབལ་ནི། །སྐུ་མདོག་མཐིང་ནག་སེང་གེའི་སློག་པ་གསོལ། །ཕྱག་གཡས་རིན་ཆེན་གཡོན་པས་རལ་གྲི་བསྣམས། །ཆིབས་སུ་མི་བཟད་སྟག་མོ་རི་བཀྲ་ཆིབས། །སྦྱོར་བའི་ཡུམ་ཆེན་གནོད་སྦྱིན་མོན་མོ་ནག །སྐུ་མདོག་ནག་མོ་དར་ནག་གོ་ཟུ་ཅན། །ཕྱག་གཡས་སྤུ་གྲི་གཡོན་པས་སྤྱང་མོ་བསྣམས། །ཆིབས་སུ་མིག་སྨན་མདོག་ཅན་ཕག་རྒོད་ཆིབས། །སྟེང་ཕྱོགས་གཟའ་བདུད་ཆེན་པོ་རཱ་ཧུ་ལ། །དུད་ཁ་དབུ་དགུ་སྐུ་སྨད་སྦྲུལ་དུ་འཁྱིལ། །ཕྱག་གཡས་མདའ་གཞུ་གཡོན་པས་སྦྲུལ་ཞགས་བསྣམས། །འབྲུག་གི་སློག་པ་གསོལ་ཞིང་གཡུ་འབྲུག་ཞོན། །ཡུམ་ཆེན་གནམ་སྨན་ཐོག་གི་བུ་ཡུག་མ། །སྐུ་མདོག་དམར་མོ་གསེར་གྱི་གོ་ཟུ་གསོལ། །ཕྱག་གཡས་ཐོག་འཕེན་གཡོན་པས་སེར་བ་འབེབས། །སྟོང་གསུམ་སྒྲ་ཡི་བཀང་བའི་གཡུ་འབྲུག་ཆིབས། །འོག་ཕྱོགས་ཀླུ་བདུད་ནག་པོ་མགོ་དགུ་བ། །སྐུ་མདོག་དུད་ཁ་སྦྲུལ་གྱི་སློག་པ་གསོལ། །གཡས་པས་སྦྲུལ་ཞགས་གཡོན་པས་ནད་རྐྱལ་བསྣམས། །ཆིབས་སུ་འཛིན་པ་ཆུ་སྲིན་ནག་པོ་ཆིབས། །སྦྱོར་བའི་ཡུམ་ཆེན་ཡཀྵ་ནག་མོ་ནི། །སྐུ་མདོག་དུད་ཁ་སྦྲུལ་གྱི་རལ་བ་ཅན། །གཡས་པས་སྦྲུལ་ཞགས་གཡོན་པས་ནད་རྐྱལ་བསྣམས། །ཆིབས་སུ་རུས་སྦལ་མིག་སྨན་མདོག་ཅན་ཆིབས། །དཀྱིལ་འཁོར་ཆེན་པོའི་བར་འཁྱམ་ལ་གནས་པའི། །ཤར་སྟོད་མཐུ་ཆེན་ཡར་ལྷ་ཤམ་པོ་ནི། །སྐུ་མདོག་དཀར་པོ་དར་དཀར་རལ་ག་གསོལ། །ཕྱག་གཡས་རལ་གྲི་གཡོན་པས་མདུང་དར་དཀར། །ཆིབས་སུ་ལྷ་གཡག་གངས་རིའི་མདངས་ལྡན་ཆིབས། །ཤར་གྱི་དབུས་སུ་གནམ་ཐེ་དཀར་པོ་ནི། །སྐུ་ལ་ཟ་འོག་སྔོ་ཁྲའི་བེར་ཆེན་གསོལ། །ཤེལ་གྱི་བ་དན་ཤེལ་གྱི་རལ་གྲི་བསྣམས། །ཆིབས་སུ་རྟ་དཀར་ཅང་ཤེས་འཕུར་མ་ཆིབས། །ཤར་སྨད་སྤྱི་བདུད་རྒྱལ་པོ་གུ་རུམ་རྩེ། །རྒྱ་བྱེའུ་ཁྲབ་ཆེན་དཀར་པོ་སྐུ་ལ་གསོལ། །གཡས་པས་མདུང་དར་གཡོན་པས་ཤེལ་གྲི་བསྣམས། །ཆིབས་སུ་རྡོ་རྟ་གྲོ་བོ་འཕུར་ཤེས་ཆིབས། །ལྷོ་སྟོད་མ་མོ་སྲིད་པའི་རྒྱལ་མོ་ནི། །སྐུ་མདོག་ནག་མོ་དར་ནག་གོ་ཟུ་ཅན། །ཕྱག་གཡས་འཁོར་ལོ་གཡོན་པས་མེ་ལོང་བསྣམས། །ཆིབས་སུ་མགྱོགས་བྱེད་གཡུ་འབྲུག་སྔོན་མོ་ཆིབས། །ལྷོ་དབུས་སྔགས་སྲུང་ཨེ་ཀ་ཙ་ཏི་ནི། །སྐུ་མདོག་མཐིང་ནག་དར་དཀར་གོ་ཟུ་ཅན། །གཡས་པས་ཙིཏྟ་གཡོན་པས་གཡུ་སྤྱང་འགྱེད། །ཆིབས་སུ་ཤུགས་ལྡན་དྲེལ་རྟ་ནག་པོ་ཆིབས། །ལྷོ་སྨད་དཔལ་ལྡན་ནག་མོ་མགྱོགས་བྱེད་མ། །སྐུ་མདོག་ནག་མོ་དར་ནག་གོ་ཟུ་གསོལ། །སྦྲུལ་ཞགས་དང་ནི་ཚོན་གྱི་གྲུ་གུ་བསྣམས། །ཆིབས་སུ་མཁའ་ལྡིང་སོ་བྱ་ནག་པོ་ཆིབས། །ནུབ་སྟོད་བན་ཆེན་རྡོ་རྗེ་བདུད་འདུལ་ནི། །སྐུ་མདོག་དམར་ནག་བེར་ཆེན་མཐིང་ནག་གསོལ། །གཡས་པས་ཁྲག་ཐུན་གཡོན་པས་ཡུངས་ཐུན་བསྣམས། །ཆིབས་སུ་དྲེལ་རྟ་མིག་སྨན་མདོག་ཅན་ཆིབས། །ནུབ་དབུས་བྲག་བཙན་སྲོག་ཟན་དམར་པོ་ནི། །པད་རག་མདོག་ཅན་དར་དམར་རལ་ག་གསོལ། །གཡས་པས་བསེ་མདུང་གཡོན་པས་མདའ་གཞུ་བསྣམས། །ཆིབས་སུ་བཙན་རྟ་དམར་པོ་གློག་འདྲ་ཆིབས། །ནུབ་སྨད་བཙན་འགོང་ཡམ་ཤུད་དམར་པོ་ནི། །སྐུ་མདོག་དམར་པོ་དར་དམར་བེར་གསོལ་བ། །གཡས་པས་ཤང་ལང་གཡོན་པས་བཙན་ཞགས་དམར། །ཆིབས་སུ་མྱུར་མགྱོགས་ཟངས་རྟ་དམར་པོ་ཆིབས། །བྱང་སྟོད་བགེགས་རྒྱལ་བི་ན་ཡ་ག་ནི། །མིག་སྨན་མདོག་ཅན་དར་ནག་བེར་གསོལ་བ། །གཡས་པས་ཁ་ཊཱཾ་གཡོན་པས་ཐོད་ཁྲག་བསྣམས། །ཆིབས་སུ་བདུད་རྟ་ནག་པོ་རྟིང་དཀར་ཆིབས། །དབུས་སུ་མུ་སྟེགས་ཀ་ལ་ནག་པོ་ནི། །མདོག་ནག་དར་ནག་བེར་ཆེན་སྐུ་ལ་གསོལ། །གཡས་པས་རྩེ་གསུམ་གཡོན་པས་ཐོད་ཁྲག་བསྣམས། །ཆིབས་སུ་སྟོབས་ལྡན་སེང་གེ་དཀར་མོ་ཆིབས། །བྱང་སྨད་དམུ་བདུད་ནག་པོ་བཀྲག་མེད་ནི། །སྐུ་མདོག་ནག་པོ་དར་ནག་བེར་གསོལ་བ། །གཡས་པས་ཤང་ལང་གཡོན་པས་མདའ་གཞུ་བསྣམས། །ཆིབས་སུ་བདུད་རྟ་རླུང་གི་ཤུགས་ཅན་ཆིབས། །ཤར་སྒོར་ལྷ་ཆེན་ཚངས་པ་དཀར་པོ་ནི། །སྐུ་ལ་བྱ་རྒྱལ་རྒོད་ཀྱི་ཐུལ་བ་གསོལ། །གཡས་པས་ཤེལ་གྲི་གཡོན་པས་ཉི་ཞགས་འཕེན། །ཆིབས་སུ་གངས་ཀྱི་སེང་གེ་དཀར་མོ་ཆིབས། །ལྷོ་སྒོར་རྒྱལ་པོ་ཆེན་པོ་བེེ་ཧ་ར། །སྐུ་མདོག་དཀར་པོ་དོམ་གྱི་སློག་པ་གསོལ། །ཕྱག་གཡས་བདུད་ཞགས་གཡོན་པས་སྤུ་གྲི་བསྣམས། །ཆིབས་སུ་སྟོབས་ལྡན་བ་གླང་སྣ་རིང་ཆིབས། །ནུབ་སྒོར་ཀུ་ལ་ཆེན་པོ་གསང་བ་ནི། །དཀར་གསལ་སྐྱིན་དཀར་སྟོད་ཀྱི་སློག་པ་གསོལ། །གཡས་པས་རྡོ་རྗེ་གཡོན་པས་རུ་མཚོན་བསྣམས། །ཆིབས་སུ་ར་སྐྱེས་ཁམ་པ་རླུང་གཤོག་ཆིབས། །བྱང་སྒོར་མགོན་པོ་མ་ཧཱ་ཀ་ལ་ནི། །སྐུ་མདོག་མཐིང་ནག་ལྗང་ནག་བེར་གསོལ་བ། །ཕྱག་གཡས་བེ་ཅོན་གཡོན་པས་གྲི་གུག་བསྣམས། །ཆིབས་སུ་བདུད་རྟ་ནག་པོ་རླུང་གཤོག་ཆིབས། །གཞན་ཡང་སྡེ་དཔོན་སུམ་ཅུའི་བཀའ་འཁོར་ནི། །རང་རང་འཁོར་དང་བྲན་གཡོག་བསམ་མི་ཁྱབ། །ཉི་ཟེར་རྡུལ་ལྟར་འཁྲིགས་པ་ཅི་བཞིན་དུ། །ནམ་མཁའི་ཁམས་ཀུན་མ་ལུས་གང་བར་གྱུར། །ཀུན་གྱི་གནས་གསུམ་ཨོཾ་ཨཱཿ་ཧཱུྃ་གིས་མཚན། །འོག་མིན་གནས་དང་རང་བཞིན་གར་བཞུགས་ནས། །དབྱིངས་ལས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །སྤྱན་འདྲེན་ནི། ཧཱུྃ། འོག་མིན་ཆོས་དབྱིངས་གནས་མཆོག་དམ་པ་ནས། །ལྷ་མཆོག་དྲེགས་པ་ཀུན་འདུལ་ཡབ་དང་ཡུམ། །དབང་ཕྱུག་ཨུ་མ་གཤིན་རྗེ་ཟ་བྱེད་མ། །རྐོས་རྗེ་བྲང་དཀར་རེ་ཏི་གློག་ཕྲེང་ཅན། །སྦལ་མགོ་ཁྲག་མིག་ཡཀྵ་མེ་དབལ་ནག །མོན་མོ་གཟའ་བདུད་ཐོག་གི་བུ་ཡུག་མ། །ཀླུ་བདུད་མགོ་དགུ་ཡཀྴ་ནག་མོ་དང་། །ཤམ་པོ་གནམ་ཐེའུ་དཀར་པོ་གུ་རུམ་རྩེ། །སྲིད་རྒྱལ་ཨེ་ཀ་ཙ་ཏི་མགྱོགས་བྱེད་མ། །རྡོ་རྗེ་བདུད་འདུལ་བྲག་བཙན་ཡམ་ཤུད་དམར། །བི་ན་ཡ་ག་མུ་སྟེགས་ཀ་ལ་ནག །ནག་པོ་བཀྲག་མེད་ལྷ་ཆེན་ཚངས་པ་དཀར། །རྒྱལ་ཆེན་བེེ་ཧར་ཀུ་ལ་གསང་བ་དང་། །དཔལ་ལྡན་མགོན་པོ་མ་ཧཱ་ཀ་ལ་བཅས། །སྡེ་དཔོན་སུམ་ཅུ་རང་རང་ཕོ་ཉར་བཅས། །བསྐལ་ངན་དུས་ཀྱི་སྙིགས་མའི་ཡང་མཐའ་འདིར། །གཤེགས་དང་བཞུགས་པའི་མཚན་མ་མི་དམིགས་ཀྱང་། །སྔོན་གྱི་ཐུགས་དམ་ཞལ་བཞེས་ཇི་བཞིན་དུ། །སྒྲུབ་ལ་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ བཞུགས་གསོལ་ནི། ཧཱུྃ། བསྐལ་བ་མེ་ལྟར་འབར་བའི་ཀློང་དཀྱིལ་དུ། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དབུས། །དྲེགས་པ་ཕོ་མོ་བསྣོལ་བའི་གདན་སྟེང་དུ། །ལྷ་མཆོག་དྲེགས་པ་ཀུན་འདུལ་ཡབ་དང་ཡུམ། །རང་རང་དགྱེས་པའི་གདན་ཁྲི་ཡངས་པའི་སྟེང་། །སྡེ་དཔོན་སུམ་ཅུ་སོ་སོའི་འཁོར་གཡོག་བཅས། །སྒྲུབ་ལ་དངོས་གྲུབ་མ་ལུས་སྩོལ་བའི་ཕྱིར། །འདིར་བྱོན་དགྱེས་པ་ཆེན་པོར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃ། ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཧེ་རུ་ཀ །ཁྲོས་པའི་དཔལ་འབར་མ་རུང་གདུལ་དཀའི་གཤེད། །གཏུམ་ཆེན་ཨ་ར་ལི་ཡི་སྒྲ་དང་བཅས། །སྣ་ཚོགས་ཐབས་ཀྱི་ལོག་འདྲེན་འདུལ་བར་མཛད། །མི་བཟད་གར་དགུའི་ཉམས་ལྡན་རྔམས་པའི་སྐུ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །དྲེགས་པ་ཀུན་འདུལ་ཡབ་ཡུམ་ཕྱག་འཚལ་ལོ། །དབང་ཕྱུག་ཆེན་པོ་ཨུ་མ་དེ་ཝ་དང་། །ཕྱོགས་བཞིར་གནས་པའི་གཤིན་རྗེ་ཟ་བྱེད་ནག །བདུད་པོ་རེ་ཏི་གློག་ཕྲེང་ཁྲག་མིག་མ། །ཡཀྴ་མེ་དབལ་ཡབ་ཡུམ་ཕྱག་འཚལ་ལོ། །སྟེང་འོག་སྐྱོང་བའི་སྡེ་དཔོན་ཆེན་པོ་ནི། །མོན་མོ་གཟའ་བདུད་ཐོག་གི་བུ་ཡུག་མ། །ཀླུ་བདུད་མགོ་དགུ་ཡཀྴ་ནག་མོ་བཅས། །སྟེང་འོག་སྐྱོང་བའི་ཚོགས་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་ཆེན་པོའི་བར་ཁྱམས་སྐྱོང་མཛད་པའི། །ཡར་ལྷ་ཤམ་པོ་གནམ་ཐེའུ་དཀར་པོ་དང་། །སྤྱི་བདུད་གུ་རུམ་རྩེ་དང་སྲིད་པའི་རྒྱལ། །སྔགས་སྲུང་མགྱོག་བྱེད་ཚོགས་ལ་ཕྱག་འཚལ་ལོ། །རྡོ་རྗེ་བདུད་འདུལ་བྲག་བཙན་སྲོག་ཟན་དང་། །ཡམ་ཤུད་དམར་པོ་བགེགས་རྒྱལ་བི་ན་ཡ། །མུ་སྟེགས་ཀ་ལ་ནག་པོ་བཀྲག་མེད་བཅས། །དཀྱིལ་འཁོར་སྐྱོང་བ་རྣམས་ལ་ཕྱག་འཚལ་ལོ། །ཤར་ལྷོ་ནུབ་བྱང་སྒོ་བཞི་སྐྱོང་མཛད་པའི། །ཚངས་པ་དཀར་པོ་རྒྱལ་ཆེན་བེེ་ཧ་ར། །སྐུ་ལ་གསང་བ་མ་ཧཱ་ཀ་ལ་བཅས། །སྒོ་བཞི་སྐྱོང་བའི་ཚོགས་ལ་ཕྱག་འཚལ་ལོ། །གཞན་ཡང་སྡེ་དཔོན་སུམ་ཅུ་རང་རང་གི །འཁོར་དུ་གཏོགས་པའི་བྲན་དང་གཡོག་འཁོར་བཅས། །གནམ་ས་བར་སྣང་ཁྱོན་ཀུན་གང་བ་ཡི། །བཀའ་སྡོད་དྲེགས་པའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏི་ཙྪ་ཧོཿ མཆོད་པ་ནི། ཧཱུྃ། ཕྱོགས་བཅུ་ནམ་མཁའ་ཡངས་བའི་ཞིང་ཁམས་ནས། །རབ་གཙང་ལྷ་ཡི་ཆུ་བོ་གང་གཱའི་རྒྱུན། །ཡིད་འོང་ཞབས་བསིལ་དག་བྱེད་དྲི་ལྡན་མཚོ། །མཛེས་སྡུག་ཡིད་འོང་མེ་ཏོག་ཚར་དུ་དངར། །ལྷན་ཅིག་སྐྱེས་དང་ཡོངས་སྦྱར་བདུག་སྤོས་སྤྲིན། །ཉིན་མོ་བྱེད་པའི་སྣང་གསལ་འོད་དུ་བརྡལ། །ཙན་དན་ག་བུར་དྲི་ཆབ་བྱུག་པའི་མཚོ། །རོ་བརྒྱ་ལྡན་པའི་ཞལ་ཟས་ལྷུན་པོ་སྤུངས། །སྣ་ཚོགས་རོལ་མོའི་སྒྲ་ཡི་མཆོད་པའི་སྤྲིན། །ཉེར་སྤྱོད་ལྔ་སོགས་ཕྱི་ཡི་མཆོད་པ་དང་། །དམར་ཆེན་ཁྲག་གི་ཨརྒྷཾ་མཆོད་ཡོན་སྦྲེང་། །དུག་ཆུའི་ཞབས་བསིལ་མིག་སྨན་མདོག་ཅན་དང་། །རབ་མཛེས་དབང་ལྔའི་མེ་ཏོག་མཆོག་དུ་མཛེས། །ཚིལ་ཆེན་དུད་པ་མི་ཟད་མུན་ལྟར་གཏིབས། །དྲི་ཆབ་བྱུག་པ་ལྦུ་ཕྲེང་ཞག་ཏུ་བསྐྱིལ། །ཞུན་ཆེན་མར་མེ་དུས་མཐའི་མེ་ལྟར་འབར། །རྔམས་བརྗིད་ཤ་རུས་ཞལ་ཟས་རི་ལྟར་སྤུངས། །ཐོད་རྔ་རྐང་གླིང་རོལ་མོའི་སྒྲ་དབྱངས་ཀྱི། །དུར་ཁྲོད་ཆེན་པོའི་རྫས་མཆོག་དམ་པ་འབུལ། །སྨན་དང་རཀྟ་ཛ་གད་ཕུད་ཀྱི་མཚོ། །ཤ་ལྔ་བདུད་རྩི་ལྔ་དང་སྦྱོར་སྒྲོལ་རྫས། །ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་བསམ་མི་ཁྱབ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ནམ་མཁའ་གང་བའི་འཁོར་ལོར་འབུལ་ལགས་ན། །དགྱེས་པར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ བསྟོད་པ་ནི། ཧཱུྃ། སྒེག་པ་དཔའ་བ་མི་བཟད་འཇིགས་པའི་སྐུ། །རྒོད་གཤེ་དྲག་ཤུལ་རྡོ་རྗེ་གད་མོའི་སྒྲ། །སྙིང་རྗེ་རྔམ་ཞིང་ཡེ་ཤེས་ཉམས་དང་ལྡན། །དྲེགས་པ་ཀུན་འདུལ་ཡབ་ཡུམ་ཕྱག་འཚལ་བསྟོད། །མི་བཟད་སྐུ་ནི་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་བྱེ་བའི་དཔལ་མངའ་བ། །ཁྲོ་གཉེར་ཆུ་ཡི་རླབས་ལྟར་གཡོ་བར་བྱེད། །ལྷ་མཆོག་དྲེགས་པ་ཀུན་འདུལ་སྐུ་ལ་བསྟོད། །རབ་འཇིགས་གསུང་ནི་རྔམས་སྒྲ་འབྲུག་ལྟར་སྒྲོག །ཕེཾ་དང་ཨ་ར་ལི་ཡི་སྒྲ་དང་བཅས། །བཤུག་པའི་གླུ་ལེན་རྔམས་པའི་གད་རྒྱངས་ཅན། །དྲེགས་པ་ཀུན་འདུལ་གསུང་ལ་ཕྱག་འཚལ་བསྟོད། །གདོད་ནས་སྤྲོས་དང་བྲལ་བའི་རང་བཞིན་ལ། །ལོག་རྟོག་མཚན་མའི་རྟོག་པ་མི་མངའ་ཡང་། །གདུལ་བྱ་འདུལ་ཕྱིར་སྙིང་རྗེ་རྔམས་པའི་ཚུལ། །དྲེགས་པ་ཀུན་འདུལ་ཐུགས་ལ་ཕྱག་འཚལ་བསྟོད། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་གྲི་གུག་གཡོན་པས་ཙིཏྟ་བསྣམས། །ཆིབས་སུ་གངས་ཀྱི་སེང་གེ་དཀར་མོ་ཆིབས། །དབང་ཕྱུག་མ་ཧཱ་དེ་ཝར་ཕྱག་འཚལ་བསྟོད། །མཐིང་ནག་མི་སྲུན་ཁྲོ་མོའི་ཚུལ་འཆང་བ། །ཕྱག་གཡས་ཁ་ཊཱཾ་གཡོན་པས་ཐོད་ཁྲག་བསྣམས། །གངས་རིའི་མདངས་འཛིན་གླང་ཆེན་ཐལ་དཀར་ཆིབས། །ཡུམ་ཆེན་ཨུ་མ་དེ་ཝར་ཕྱག་འཚལ་བསྟོད། །མིག་སྨན་མདོག་ཅན་ཤིན་ཏུ་ཁྲོས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་བེ་ཅོན་ཐོད་དབྱུག་བསྣམས། །ཆིབས་སུ་མ་ཧེ་ནམ་མཁའི་མདོག་ཅན་ཆིབས། །གཤིན་རྗེ་ཡ་མ་རཱ་ཛར་ཕྱག་འཚལ་བསྟོད། །ནག་མོ་མི་བསྲུན་ཁྲོ་མོའི་ཚུལ་འཆང་བ། །ཕྱག་གཡས་སྲིད་པའི་འཁོར་ལོ་གཡོན་ཐོད་ཁྲག །ཆིབས་སུ་ཆུ་གླང་སྔོན་པོ་རུ་རིང་ཆིབས། །སྦྱོར་ཡུམ་གཤིན་རྗེ་ཟ་བྱེད་མ་ལ་བསྟོད། །སྐུ་མདོག་ནག་པོ་ཁྲོས་པའི་ཚུལ་འཆང་བ། །ཕྱག་གཡས་ཁྲམ་ཤིང་གཡོན་པས་དགྲ་སྟ་བསྣམས། །བདུད་རྟ་ནག་པོ་རླུང་གི་གཤོག་ཅན་ཆིབས། །བདུད་པོ་སྐོས་རྗེ་བྲང་དཀར་ཕྱག་འཚལ་སྟོད། །ནག་མོ་ཆེན་མོ་རབ་ཏུ་གཏུམ་པའི་སྐུ། །ཕྱག་གཡས་ཁྲམ་ཤིང་གཡོན་པས་ནད་རྐྱལ་བསྣམས། །ཆིབས་སུ་བོང་བུ་གློག་གི་མདངས་ལྡན་ཆིབས། །བདུད་མོ་རེ་མ་ཏི་ལ་ཕྱག་འཚལ་བསྟོད། །སྐུ་མདོག་དུད་ཁ་ཁྲོ་བོའི་ཚུལ་འཆང་བ། །ཕྱག་གཡས་ཐོ་བ་གཡོན་པས་གློག་ཞགས་བསྣམས། །ཆིབས་སུ་གཡུ་འབྲུག་སྔོན་མོ་གློག་ཅན་ཆིབས། །སྲིན་པོ་གློག་ཕྲེང་ཅན་ལ་ཕྱག་འཚལ་བསྟོད། །ཁྲག་གི་མདོག་ཅན་གཏུམ་ཆེན་ཁྲོ་མོའི་ཚུལ། །ཕྱག་ན་ཁྲག་གི་ཕུར་བ་ཁྲག་ཕོར་བསྣམས། །ཆིབས་སུ་ཤུགས་ལྡན་རྔ་མོང་གྭ་བ་ཆིབས། །སྦལ་མགོ་ཁྲག་མིག་མ་ལ་ཕྱག་འཚལ་བསྟོད། །མཐིང་ནག་མི་བསྲུན་སེང་གེའི་སློག་པ་གསོལ། །ཕྱག་གཡས་རིན་ཆེན་རལ་གྲི་འབར་བ་བསྣམས། །ཆིབས་སུ་མི་བཟད་དཔའ་བརྟུལ་སྟག་ལ་ཆིབས། །གནོད་སྦྱིན་ཡཀྴ་མེ་དབལ་ཕྱག་འཚལ་བསྟོད། །མིག་སྨན་མདོག་ཅན་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་སྤུ་གྲི་གཡོན་པས་སྤྱང་མོ་བསྣམས། །ཆར་སྤྲིན་མདོག་ཅན་གདུག་པ་ཕག་རྒོད་ཆིབས། །གནོད་སྦྱིན་མོན་མོ་ནག་མོར་ཕྱག་འཚལ་བསྟོད། །དུད་ཁ་དབུ་དགུ་བྱ་རོག་སྦྲུལ་དུ་འཁྱིལ། །གཡས་པས་མདའ་གཞུ་གཡོན་པས་སྤྲུལ་ཞགས་བསྣམས། །གཡུ་འབྲུག་ཆིབས་ནས་སྟོང་གསུམ་བྱ་ར་མཛད། །གཟའ་བདུད་རཱ་ཧུ་ལ་ལ་ཕྱག་འཚལ་བསྟོད། །དམར་ནག་རིན་ཆེན་གསེར་གྱི་གོ་ཁྲབ་གསོལ། །ཕྱག་གཡས་ཐོག་འཕེན་ཕྱག་གཡོན་སེར་བ་འབེབས། །སྲིད་གསུམ་སྲོག་དབུགས་སྡུད་ཅིང་གཡུ་འབྲུག་ཆིབས། །གནམ་སྨན་ཐོག་གི་བུ་ཡུག་མ་ལ་བསྟོད། །སྐུ་མདོག་དུད་ཁ་ཀླུ་ཡི་ཚུལ་འཛིན་པ། །གཡས་པས་སྦྲུལ་ཞགས་གཡོན་པས་ནད་རྐྱལ་བསྣམས། །ཆིབས་སུ་ཆུ་སྲིན་རྔམས་པོ་ཆེ་ལ་ཆིབས། །ཀླུ་བདུད་ནག་པོ་མགོ་དགུ་ཕྱག་འཚལ་བསྟོད། །དུད་ཁ་སྦྲུལ་གྱི་རལ་བ་སྤྲིན་ལྟར་གཏིབས། །སྦྲུལ་ཞགས་འཕེན་ཅིང་ནད་ཀྱི་རྐྱལ་བ་བསྣམས། །ཆིབས་སུ་རབ་འཇིགས་རུས་སྦལ་ནག་པོ་ཆིབས། །ཁྲོ་མོ་ཡཀྴ་ནག་མོར་ཕྱག་འཚལ་བསྟོད། །སྐུ་མདོག་དཀར་པོ་ལྷ་ཡི་དགེ་བསྙེན་ཚུལ། །ཕྱག་གཡས་རལ་གྲི་གཡོན་པས་མདུང་དར་དཀར། །གངས་རིའི་མདངས་ལྡན་ལྷ་གཡག་ཞོལ་ཆེན་ཆིབས། །མཐུ་ཆེན་ཡར་ལྷ་ཤམ་པོར་ཕྱག་འཚལ་བསྟོད། །སྐུ་མདོག་དཀར་པོ་རབ་ཏུ་ཁྲོས་པའི་ཚུལ། །ཕྱག་ན་བ་དན་ཤེལ་གྱི་རལ་གྲི་བསྣམས། །ཆིབས་སུ་རྟ་དཀར་སྤྲིན་གྱི་ཤུགས་ལྡན་ཆིབས། །མཐུ་ཆེན་གནམ་ཐེའུ་དཀར་པོར་ཕྱག་འཚལ་བསྟོད། །མདོག་དཀར་རབ་ཁྲོས་ཤིན་ཏུ་གཏུམ་པའི་སྐུ། །ཕྱག་ན་མདུང་དར་ཤེལ་གྱི་གྲི་རིང་བསྣམས། །ཆིབས་སུ་རྡོ་རྟ་གངས་རིའི་མདངས་ལྡན་ཆིབས། །སྤྱི་བདུད་གུ་རུམ་རྩེ་ལ་ཕྱག་འཚལ་བསྟོད། །ནག་མོ་མི་སྡུག་ཁྲོ་མོའི་ཚུལ་འཆང་བ། །གཡས་པས་འཁོར་ལོ་གཡོན་པས་མེ་ལོང་བསྣམས། །ངར་སྐད་ལྡན་པའི་གཡུ་འབྲག་སྔོན་མོ་ཆིབས། །མ་མོ་སྲིད་པའི་རྒྱལ་མོར་ཕྱག་འཚལ་བསྟོད། །མཐིང་ནག་མི་སྲུན་ཁྲོ་མོའི་ཚུལ་འཆང་བ། །གཡས་པས་ཙིཏྟ་གཡོན་པས་གཡུ་སྤྱང་འགྱེད། །ཆིབས་སུ་དྲེལ་རྟ་མིག་སྨན་མདོག་ཅན་ཆིབས། །སྔགས་སྲུང་ཨེ་ཀ་ཛ་ཊཱིར་ཕྱག་འཚལ་བསྟོད། །ནག་མོ་སྐུ་ལ་དར་ནག་གོ་ཟུ་གསོལ། །གཡས་པས་སྦྲུལ་ཞགས་གཡོན་པས་ཚོན་གྲུ་བསྣམས། །འདབ་ཆགས་རྒྱལ་པོ་སོ་བྱ་ནག་པོ་ཆིབས། །དཔལ་ལྡན་ལྷ་མོ་མགྱོགས་བྱེད་མ་ལ་བསྟོད། །སྐུ་མདོག་དམར་ནག་ཤིན་ཏུ་ཁྲོས་པའི་སྐུ། །གཡས་པས་ཁྲག་ཐུན་གཡོན་པས་ཡུངས་ཐུན་བསྣམས། །ཆིབས་སུ་མུན་པའི་མདོག་ཅན་དྲེལ་ནག་ཆིབས། །བན་ཆེན་རྡོ་རྗེ་བདུད་འདུལ་ཕྱག་འཚལ་བསྟོད། །མདོག་དམར་བསྐལ་བའི་མེ་ལྟར་འབར་བའི་སྐུ། །ཕྱག་གཡས་བསེ་མདུང་གཡོན་པས་མདའ་གཞུ་བསྣམས། །ཅང་ཤེས་དམར་པོ་གློག་གི་རྩལ་ལྡན་ཆིབས། །བྲག་བཙན་སྲོག་ཟན་དམར་པོ་ཕྱག་འཚལ་བསྟོད། །པད་རག་མདོག་ཅན་འོད་ཟེར་ཕྱོགས་བཅུར་འཕྲོ། །གཡས་པས་ཤང་ལང་གཡོན་པས་བཙན་ཞགས་དམར། །མྱུར་མགྱོགས་ཤུགས་ལྡན་བཙན་རྟ་དམར་པོ་ཆིབས། །བཙན་རྒོད་ཡམ་ཤུད་དམར་པོར་ཕྱག་འཚལ་བསྟོད། །མིག་སྨན་མདོག་ཅན་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་ཁ་ཊཱཾ་གཡོན་པས་ཐོད་ཁྲག་བསྣམས། །ཆིབས་སུ་བདུད་རྟ་ནག་པོ་རྟིང་དཀར་ཆིབས། །བགེགས་རྒྱལ་བི་ན་ཡ་ཀར་ཕྱག་འཚལ་བསྟོད། །མུན་པ་བྱེ་བའི་མདོག་ཅན་ཁྲོས་པའི་སྐུ། །གཡས་པས་རྩེ་གསུམ་གཡོན་པས་ཐོད་ཁྲག་བསྣམས། །ཆིབས་སུ་གངས་ཀྱི་སེང་གེ་དཀར་མོ་ཆིབས། །མུ་སྟེགས་ཀ་ལ་ནག་པོར་ཕྱག་འཚལ་བསྟོད། །སྐུ་མདོག་ནག་པོ་མི་བསྲུན་ཁྲོ་མོའི་སྐུ། །གཡས་པས་ཤང་ལང་གཡོན་པས་མདའ་གཞུ་བསྣམས། །ཆིབས་སུ་བདུད་རྟ་རླུང་ནག་འཚུབས་འདྲ་ཆིབས། །དམུ་བདུད་ནག་པོ་བཀྲག་མེད་ཕྱག་འཚལ་བསྟོད། །སྐུ་མདོག་དཀར་པོ་ལྷ་ཆེན་ཁྲོས་པའི་སྐུ། །གཡས་པས་ཤེལ་གྲི་གཡོན་པས་ཉི་ཞགས་འཕེན། །ཆིབས་སུ་སྟོབས་ལྡན་སེང་གེ་དཀར་མོ་ཆིབས། །ལྷ་ཆེན་ཚངས་པ་དཀར་པོར་ཕྱག་འཚལ་བསྟོད། །སྐུ་མདོག་དཀར་ལ་འཚེར་ཞིང་ཁྲོས་པའི་སྐུ། །བདུད་ཞགས་འཕེན་ཅིང་སྤུ་གྲི་འབར་བ་བསྣམས། །ཆིབས་སུ་གཏུམ་ཆེན་བ་གླང་སྣ་རིང་ཆིབས། །རྒྱལ་པོ་ཆེན་པོ་བི་ཧ་ར་ལ་བསྟོད། །དཀར་གསལ་ཁྲོ་འཛུམ་སྒེག་ཅིང་བརྗིད་པའི་ཉམས། །གསེར་གྱི་རྡོ་རྗེ་འབར་བའི་རུ་མཚོན་བསྣམས། །ཆིབས་སུ་ར་སྐྱེས་མཚམས་སྤྲིན་མདངས་འཛིན་ཆིབས། །ཀུ་ལ་ཆེན་པོ་གསང་བར་ཕྱག་འཚལ་བསྟོད། །མཐིང་ནག་མི་སྲུན་ཤིན་ཏུ་ཁྲོས་བའི་ཉམས། །གཡས་པས་བེ་ཅོན་གཡོན་པས་གྲི་གུག་བསྣམས། །ཆིབས་སུ་རྟ་མཆོག་མིག་སྨན་མདོག་ཅན་ཆིབས། །མགོན་པོ་མ་ཧཱ་ཀཱ་ལར་ཕྱག་འཚལ་བསྟོད། །གཏོར་འབུལ་ནི། དྲེགས་པའི་སྡེ་དཔོན་སུམ་ཅུ་འཁོར་དང་བཅས་པ་རྣམས་ཀྱི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར།ཨོཾ་བཛྲ་སརྦ་དུཥྛན་ཨེ་ཛཿ་བྷྱོ་ས་པཱ་རི་ཝཱ་ར་ཨེ་དམ་བྷ་ལིངྟ་སོགས། ལན་གསུམ། མཐུ་སྟོབས་ཀྱི་དབང་ཕྱུག་དྲེགས་པའི་སྡེ་དཔོན་སུམ་ཅུ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་སོགས། ཕྲིན་ལས་བཅོལ་བ་ནི། ཧཱུྃ་ཧྲཱིཿ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དམ་པ་ནས། །མཐུ་སྟོབས་དབང་ཕྱུག་སྤྱི་མེས་ཧེ་རུ་ཀ །སྔགས་བདག་དྲེགས་པའི་སྡེ་དཔོན་སུམ་ཅུ་པོ། །ལྕམ་དྲལ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས། །འཁོར་བཅས་སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་སྐུར་བཞེངས་ཤིག །བསྐུལ་ལོ་བསྐུལ་ལོ་འགྲོ་ལ་རྗེས་དགོངས་ཏེ། །མ་གཡེལ་མ་གཡེལ་མྱུར་དུ་སྐུ་བསྐྱོད་ལ། །ཤིན་ཏུ་ཁྲོ་གཏུམ་རྔམས་བརྗིད་འབར་བའི་སྐུ། །མངོན་སྤྱོད་དྲག་པོས་འདུལ་བའི་དུས་ལ་བབ། །དམ་ལྡན་རིག་འཛིན་རྣལ་འབྱོར་བདག་ཅག་གི །དངོས་སུ་བཤམས་དང་ཡིད་ལས་སྤྲུལ་པ་ཡི། །ཕྱི་ནང་གསང་བ་རྟེན་པའི་དམ་རྫས་དང་། །དངོས་གྲུབ་རྫས་མཆོག་པཉྩ་ཨ་མྲྀ་ཏ། །དམར་ཆེན་རཀྟའི་རྒྱ་མཚོ་ཆེན་པོ་བསྐྱིལ། །ཛ་གད་གསེར་སྐྱེམས་ཕུད་རྒོད་བཏུང་བའི་རིགས། །བྷ་ལིང་གཏོར་མའི་ཚོགས་ནི་རི་ལྟར་སྤུངས། །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་སོགས། །མཁོ་རྒུའི་ལོངས་སྤྱོད་ཇི་སྙེད་ཡོད་པ་ཀུན། །སོ་སོའི་ཐུགས་ལ་ཇི་ལྟར་འདོད་པ་བཞིན། །རྨད་བྱུང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་འདི། །སྔར་མཛད་ལས་ཀྱི་གཏང་རག་གཉན་པོ་དང་། །སླད་ནས་གཡེལ་མེད་ཕྲིན་ལས་འགྲུབ་པའི་ཕྱིར། །རབ་འབྱམས་མཆོད་སྤྲིན་རྒྱ་མཚོ་འདི་འབུལ་བས། །རྔམས་པའི་སྟོབས་ཀྱིས་དགྱེས་པར་བཞེས་ནས་ཀྱང་། །འགྲོ་ལ་བདེ་ལེགས་མཐའ་དག་འབྱུང་བའི་གཞི། །ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཡངས་པའི་རྒྱལ་ཁམས་ཀུན་ཏུ་རྒྱས་པ་དང་། །ལུང་རྟོགས་བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །ཟླ་བ་ཡར་གྱི་ངོ་ལྟར་འཕེལ་བར་མཛོད། །མར་གྱུར་མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན། །ཕྱི་ནང་ཉེར་འཚེའི་རིགས་རྣམས་ཀུན་ཞི་ཞིང་། །ཚེ་དཔལ་འབྱོར་བ་ལ་སོགས་རྒྱས་པ་དང་། །རྟག་ཏུ་དགེ་བཅུའི་དཔལ་ལ་སྤྱོད་པར་ཤོག །ཕྱི་སྣོད་འཇིག་རྟེན་ཁམས་ཀྱི་རིགས་མཐའ་དག །འབྱུང་བ་སྒང་གཤོང་དམག་འཁྲུགས་མུ་གེ་དང་། །དུས་ཀྱི་འཁྲུགས་པ་མ་ལུས་ཀུན་ཞི་ནས། །རྫོགས་ལྡན་དཔལ་གྱིས་མངོན་པར་མཐོ་བར་མཛོད། །ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ནད་གདོན་བགེགས་དང་རྐྱེན་ངན་བར་ཆད་དང་། །བྱང་ཕུར་རྦོད་གཏོང་བར་དུ་གཅོད་པ་སོགས། །ཞི་ཞིང་བདེ་དགའི་དཔལ་ལ་སྤྱོད་པར་ཤོག །ཚེ་དང་བསོད་ནམས་གཟི་བརྗིད་རིགས་བརྒྱུད་དང་། །ཁ་རྗེ་དབང་ཐང་དཔལ་འབྱོར་ལོངས་སྤྱོད་སྟོབས། །ཐོས་བསམ་སྒོམ་པའི་ཉམས་རྟོགས་རབ་འཕེལ་ཤིང་། །སྙན་གྲགས་རླུང་རྟ་ཕྱོགས་བཅུར་རྒྱས་པར་མཛོད། །ས་འོག་ས་སྟེང་ས་བླར་གནས་པ་ཡི། །རྒྱལ་བློན་རྗེ་འབངས་བན་བཙུན་ཕོ་མོ་དང་། །མཁས་དང་གྲུབ་པའི་ཉམས་དང་རྟོགས་པའི་རྩལ། །གང་དག་དབང་དུ་འདུ་བའི་ཕྲིན་ལས་མཛོད། །ནག་ཕྱོགས་བདུད་སྡེའི་རྩ་ལག་དཔུང་དང་བཅས། །མ་རུང་གདུག་ཅིང་གཏུམ་པའི་སེམས་འཆང་ཚོགས། །བསྟན་པའི་སྤྱི་དགྲ་རྣལ་འབྱོར་སྒོས་དགྲ་རྣམས། །ཡེ་ཤེས་དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛོད། །ཚེ་རབས་སྔོན་ནས་ད་ལྟ་ཡན་ཆད་དུ། །མཐུ་ཆེན་སྲུང་མའི་དབང་པོ་ཁྱེད་ཅག་རྣམས། །དུས་རྣམས་རྟག་ཏུ་བསྟེན་ཅིང་སྒྲུབ་ལགས་ན། །རྟག་ཏུ་སྡོང་གྲོགས་ཕྲིན་ལས་མ་གཡེལ་བར། །བྱང་ཆུབ་བར་དུ་མི་འབྲལ་འགྲོགས་པར་མཛོད། །ཅེས་པ་འདི་ནི་ལྕགས་མོ་བྱ་ལོའི་ས་ག་ཟླ་བའི་ཚེས་བཟང་པོར་མགོན་ཁང་དབང་དྲག་རོལ་པ་ནས་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བསྟན་འགྲོར་ཕན་པའི་ལྷག་བསམ་དག་པས་བྲིས་པ་འདི་ནི་ཉེས་འགལ་མཆིས་ན་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་མདུན་དུ་མཐོལ་ལོ་བཤགས་སོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །སརྦ་མདྒ་ལཾ། དགེའོ། །

དྲེགས་པའི་སྡེ་དཔོན་སུམ་ཅུའི་བསྐང་བ་བཞུགས་སོ།།

ཧཱུྃ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་ཞལ་བཞེས་པའི། །དྲེགས་པའི་སྡེ་དཔོན་སུམ་ཅུ་པོ། །སོ་སོའི་གཡོག་འཁོར་དཔུང་དང་བཅས། །བསྐང་བའི་གནས་འདིར་གཤེགས་སུ་གསོལ། །རང་རང་དགྱེས་པའི་གདན་ལ་བཞུགས། །སོ་སོའི་མཐུན་རྫས་བརྟེན་རྫས་དང་། །བསྐང་རྫས་སྒྲུབ་རྫས་ཇི་སྙེད་ཀུན། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །རབ་འབྱམས་ནམ་མཁའ་གང་བ་རུ། །གུས་པའི་བློ་ཡིས་འབུལ་ལགས་ན། །དགྱེས་པའི་ཚུལ་གྱིས་བཞེས་ནས་ཀྱང་། །ཐུགས་དམ་བསྐང་ལ་རྐྱེན་དབང་བཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

སྔགས་བདག་སྡེ་དཔོན་སུམ་ཅུའི་བསྐུལ་བ་ནི།

ཧཱུྃ། སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་ཞལ་བཞེས་པའི། །སྔགས་བདག་སྡེ་དཔོན་སུམ་ཅུ་པོ། །ཁྱེད་རྣམས་ཐུགས་དམ་དུས་ལ་བབས། །དམར་གྱི་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་སྲུང་བ་དང་། །རྣལ་འབྱོར་བུ་བཞིན་སྐྱོང་བར་མཛོད། །དམིགས་པའི་ཡུལ་གྱུར་དགྲ་བོ་རྣམས། །ལོ་ཟླ་ཙམ་ཡང་མ་བཞག་ལ། །ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག །མོ་རྒྱུད་མངལ་ནས་སྐོམ་ལ་ཤོག །བདུན་རྒྱུད་རྩད་ནས་ཆོད་ལ་ཤོག །ཇི་ལྟར་བཅོལ་བའི་ཕྲིན་ལས་ཀུན། །ཐོགས་པ་མེད་པར་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

དྲེགས་པའི་སྡེ་དཔོན་སུམ་ཅུའི་གསེར་སྐྱེམས་ཁྲག་ཞག་བདུད་རྩིའི་བརླབ་ཕྲེང་ཞེས་བྱ་བ་བཞུགས་སོ།།

ཧཱུྃ། སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །དུག་ལྔ་མེ་ལྟར་འབར་བའི་དཀྱིལ་འཁོར་ན། །མདུན་གྱི་ནམ་མཁའ་མེ་རླུང་འཁྲུགས་པའི་དབུས། །དྲེགས་པ་རུ་ཏྲ་བསྣོལ་བའི་གདན་སྟེང་དུ། །བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་ནི། །སྐུ་མདོག་མཐིང་ནག་གཡས་སེར་གཡོན་སྨུག་ཞལ། །ཕྱག་དྲུག་རྡོ་རྗེ་ལྷ་བརྒྱད་མགོ་བོ་གཡས། །བྷན་དམར་ཀླུ་བརྒྱད་མགོ་བོ་གཡོན་ན་བསྣམས། །སྦྱོར་བའི་ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་མ། །མཐིང་ནག་ཁ་ཊྃ་ཐོད་འཛིན་ཡབ་ལ་འཁྱུད། །དྲེགས་པའི་སྡེ་དཔོན་ཆེན་པོ་སུམ་ཅུ་པོ། །འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་ཆེན་པོ་ཡི། །ད་ལ་ཆེན་པོའི་བར་ཁྱམ་ཡངས་པ་ནི། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །དྲེགས་པའི་སྡེ་དཔོན་ཆེན་པོ་སུམ་ཅུ་པོ། །དབང་ཕྱུག་ཆེན་པོ་ཨུ་མ་དེ་ཝ་དང་། །ཡ་མ་ར་ཛ་སྦྱོར་ཡུམ་སྒྲོལ་བྱེད་ནག །སྐོས་རྗེ་བྲང་དཀར་བདུད་མོ་རེ་མ་ཏི། །སྲིན་མོ་གློག་ཕྲེང་སྦལ་མགོ་ཁྲག་མིག་མ། །ཡཀྵ་མེ་དཔལ་ཡུམ་ཆེན་མོན་མོ་ནག །སྲིད་པའི་རྒྱལ་མོ་ཨེ་ཀ་ཙ་ཏྲི་དང་། །དཔལ་ལྡན་ནག་མོ་དགྲ་ལྷ་བེ་ཧ་ར། །སྲོག་བདག་ཚངས་པ་སྐྱེས་བུ་སྐུ་ལྷ་དང་། །མ་ཧཱ་ཀ་ལ་རྡོ་རྗེ་བདུད་འདུལ་ཆེ། །ནག་པོ་སྐྲག་མེད་མུ་སྟེགས་གུ་ལུང་ནག །ཤམ་པོ་གནམ་སྨན་ཐོག་གི་བུ་ཡུག་དང་། །སྤྱི་བདུད་གུ་རུམ་རྩེ་དང་བྲག་བཙན་དམར། །རྣམ་ཐེའུ་དཀར་པོ་ཡམ་ཤུད་དམར་པོ་དང་། །བྷི་ན་ཡ་ག་གཟའ་བདུད་ར་ཧུ་ལ། །ཀླུ་བདུད་མགོ་དགུ་ཡཀྵ་ནག་མོ་སོགས། །སྲིད་གསུམ་དྲེགས་པ་ཡོངས་ཀྱི་གཙུག་གི་རྒྱན། །དྲེགས་པའི་སྡེ་དཔོན་ཆེན་པོ་སུམ་ཅུ་ནི། །མཐུ་སྟོབས་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །རང་རང་གཡོག་འཁོར་ལྷ་སྲིན་སྤྲིན་ལྟར་གཏིབས། །ཕོ་ཉ་ལས་མཁན་ཚོགས་རྣམས་ཤ་ར་ར། །གདུག་པའི་མེ་དཔལ་སྣ་ཚོགས་གློག་ལྟར་འཁྱུག །རྔམ་པའི་གད་མོ་འབྲུག་སྟོང་ལྡིར་བ་བཞིན། །རྣམ་བཞིའི་ཕྲིན་ལས་དངོས་གྲུབ་ཆར་ལྟར་འབེབས། །ས་དང་བར་སྣང་ཁྱོན་རྣམས་ཡོངས་གང་སྟེ། །བསྟན་པ་སྲུང་ཞིང་བསྟན་འཛིན་སྐྱོང་བའི་ཕྱིར། །སྐད་ཅིག་ཙམ་གྱི་གནས་འདིར་གཤེགས་སུ་གསོལ། །གསེར་སྐྱེམས་གཡུ་སྐྱེམས་རཀྟ་ཁྲག་གི་སྐྱེམས། །ཇ་ཆང་བདུད་རྩིའི་བཏུང་བའི་ཞལ་སྐྱེམས་འདི། །རིན་ཆེན་སྣ་ལྔའི་རླབས་ཀྱི་འཕྲེང་བ་ཅན། །སྔགས་བདག་དྲེགས་པའི་སྡེ་དཔོན་སུམ་ཅུ་པོས། །རྔམ་པའི་ཚུལ་གྱིས་དགྱེས་པར་བཞེས་སུ་གསོལ། །བཞེས་ནས་བསྟན་ལ་འཚེ་བའི་དགྲ་བགེགས་རྣམས། །རྒྱལ་འགོང་དམ་སྲི་ཤི་འདྲེ་འབྱུང་པོའི་ཚོགས། །ཁྱད་པར་བྱད་ཕུར་རྦོད་གཏོང་མཁན་རྣམས་ཀུན། །རྡུལ་ཕྲན་ཙམ་ཡང་མ་བཞག་ཟས་སྐལ་གྱིས། །བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས། །མཛད་པ་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ། །དེང་སང་སྙིགས་མའི་སྐྱེ་འགྲོའི་ཚོགས་རྣམས་ཀུན། །གཉེན་པོ་གཞན་གྱི་འདུལ་བར་དཀའ་བའི་ཚེ། །ཐེག་པའི་ཡང་རྩེ་ཨ་ཏི་རྫོགས་ཆེན་གྱི། །བསྟན་པའི་ཉི་མ་ཕྱོགས་བཅུར་སྣང་བར་མཛོད། །ཅེས་འདི་ཡང་ས་ཕོ་རྟ་ལོའི་ཟླ་ཚེས་རང་ལོ་༤༧སྐབས་འཆི་མེད་གྲུབ་པའི་དགའ་ཚལ་ནས་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ །

མཁའ་འགྲོ་སྤྱང་ཞོན་མའི་བསྐང་བསྡུས་ཡོངས་འདུས་གྲིབ་བསིལ་བཞུགས།།

བྷྱོཿ ལས་ཀྱི་མཁའ་འགྲོ་སྤྱང་ཞོན་མཆེད་གསུམ་པོ། །ཤ་ཟ་འབུམ་དང་མ་མོ་བྱེ་བའི་ཚོགས། །ཕྱི་ནང་གསང་བའི་མཆོད་པ་འདི་ཕུལ་བས། །ཐུགས་དམ་བསྐང་ལ་དགྲ་བགེགས་མ་ལུས་སྒྲོལ། །རྫོགས་སྤྲུལ་ལྔ་པས་སོ། །

ཞིང་སྐྱོང་དུར་ཁྲོད་ལྷ་མོའི་རྟགས་བསྟོད་ཡོངས་འདུའི་གྲིབ་བསིལ་ཞེས་བྱ་བ་བཞུགས་སོ།།

བྷྱོཿ བདེ་ཆེན་ཀུན་ཏུ་བཟང་མོའི་མཁའ་ཀློང་ནས། །ཆོས་དབྱིངས་ངང་ལས་སྙིང་རྗེ་ཁྲོས་པའི་ཡུམ། །གནས་ཡུལ་དུར་ཁྲོད་ཀུན་ལ་དབང་བསྒྱུར་ཞིང་། །མ་གཅིག་སྲིད་གསུམ་ཀུན་གྱི་བདག་མོ་ནི། །ཞིང་སྐྱོང་དུར་ཁྲོད་མ་མོ་ངན་ནེ་མ། །རྣལ་འབྱོར་གདུང་བ་དྲག་པོས་འབོད་ལགས་ན། །དུར་ཁྲོད་བརྒྱད་དང་གནས་ཡུལ་ཉེར་བཞི་ནས། །བརྩེ་བའི་ཐུགས་རྗེའི་གནས་འདིར་གཤེགས་སུ་གསོལ། །དུར་ཁྲོད་རོལ་བའི་གཞལ་ཡས་ཆེན་པོ་འདིར། །པདྨ་ཉི་ཟླ་བམ་རོ་བརྩེགས་པའི་ཁྲིར། །མ་གཅིག་ལྷ་མོ་འཁོར་བཅས་བཞུགས་སུ་གསོལ། །དཔལ་འབར་དབང་ཕྱུག་མ་མོ་ངན་ནེ་མར། །སྒོ་གསུམ་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ། །དམར་ཆེན་མཆོད་ཡོན་དབང་ལྔའི་མེ་ཏོག་བཞད། །ཚིལ་ཆེན་གསུར་དུད་ཞུན་མེ་མཁྲིས་པའི་ཆབ། །ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔའི་སྒྲ། །སྨན་རག་གཏོར་མའི་ཚོགས་ཀྱི་ལོངས་སྤྱོད་སོགས། །རབ་འབྱམས་ནམ་མཁའ་གང་བར་འབུལ་ལགས་ན། །དགྱེས་པའི་ཚུལ་གྱིས་མཆོད་པ་བཞེས་སུ་གསོལ། །ཞིང་སྐྱོང་དུར་ཁྲོད་མ་མོ་གནས་ཉུལ་མ། །ཁྱོད་ཀྱི་སྐུ་མདོག་སྨུག་ནག་བརྗིད་པ་ནི། །འགྱུར་མེད་ཆོས་ཀྱི་དབྱིངས་ལ་མངའ་བརྙེས་རྟགས། །ཁྲོ་མོ་འབར་བའི་ཆ་ལུགས་བསྟན་པ་ནི། །ཞིང་བཅུའི་དགྲ་བོའི་གཤེད་མ་མཛད་པའི་རྟགས། །ཞལ་ནས་ཧཱུྃ་བྷྱོཿ་ང་རོ་སྒྲོག་པ་ནི། །དམ་ཉམས་དགྲ་བོ་རིང་དུ་བསྐྲད་པའི་རྟགས། །རྣ་བར་དུང་གི་ཨ་ལུང་འཁྲོལ་བ་ནི། །ལེགས་ཉེས་གཉིས་ཀྱི་གདར་ཤ་བཅད་པའི་རྟགས། །སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་པ་ནི། །སྒྲུབ་པོ་རྟག་ཏུ་བུ་བཞིན་སྐྱོང་བའི་རྟགས། །རལ་བ་ཁམ་ནག་ཐུར་དུ་འཕྱང་བ་ནི། །དུག་ལྔ་མ་སྤངས་ཡེ་ནས་ལྷུན་གྲུབ་རྟགས། །ཐོད་སྐམ་ལྔ་ཡི་དབུ་བརྒྱན་བྱས་པ་ནི། །རིགས་ལྔའི་སངས་རྒྱས་དབུ་ལ་བཞུགས་པའི་རྟགས། །མགོ་བོ་རློན་པས་དོ་ཤལ་བྱས་པ་ནི། །འཁོར་བའི་སྡུག་བསྔལ་རྩད་ནས་གཅོད་པའི་རྟགས། །སེ་རལ་ཁ་དང་རུས་ཕྲེང་བརྒྱན་པ་ནི། །འགྲོ་བའི་དོན་ལ་ངལ་དུབ་མེད་པའི་རྟགས། །གཡས་པས་དགྲ་སྙིང་དྲོན་མོར་ཟ་བ་ནི། །སྒྲུབ་ལ་བར་ཆད་རྡུལ་དུ་བརླག་པའི་རྟགས། །གཡོན་ན་གསལ་བའི་མེ་ལོང་བསྣམས་པ་ནི། །ཆོས་རྣམས་མ་འདྲེས་སོ་སོར་འབྱེད་པའི་རྟགས། །རབ་དཀར་དར་གྱི་སྟོད་གཡོག་བྱས་པ་ནི། །མཁའ་སྤྱོད་ཞིང་གི་གཙོ་མོ་མཛད་པའི་རྟགས། །མི་ལྤགས་གཡང་གཞི་ལྡིང་སྟབས་གྱོན་བ་ནི། །ཤ་ཟ་ཌཱ་ཀཱིའི་ཚོགས་ལ་དབང་བསྒྱུར་རྟགས། །སྟག་གི་པགས་པའི་ཤམས་ཐབས་བྱས་བ་ནི། །ས་སྤྱོད་ཚོགས་རྣམས་དབང་དུ་སྡུད་པའི་རྟགས། །ཞབས་གཉིས་གཡས་བརྐྱང་གཡོན་སྐུམ་བྱས་པ་ནི། །རྒྱུ་འབྲས་ལོག་ལྟ་ཟིལ་གྱིས་གནོན་པའི་རྟགས། །དབུགས་བྲལ་ཕོ་མོ་གདན་དུ་བརྩེགས་པ་ནི། །ཆོས་ཀྱི་དབྱིངས་ལ་སྤྲོས་པ་མེད་པའི་རྟགས། །འཁོར་གྱི་མ་མོ་རྣམ་བཞི་ཤར་བ་ནི། །ལས་བཞི་ཕྲིན་ལས་ཐོགས་པ་མེད་པའི་རྟགས། །གཞན་ཡང་མ་མོ་ཆེན་མོའི་བཀའ་འཁོར་ན། །ཤྭ་ན་ཝ་སྤྱང་དྲེད་སོགས་མ་རུང་པ། །མི་བཟད་གདུག་ཅིང་གཏུམ་པའི་འཁོར་གྱི་ཚོགས། །ཉི་མ་ལས་ནི་འོད་ཟེར་ཇི་བཞིན་དུ། །ནམ་མཁའི་མཐའ་ཀླས་བསམ་མི་ཁྱབ་པའི་འཁོར། །བདག་ཅག་བྱང་ཆུབ་སྒྲུབ་པའི་ཚོགས་རྣམས་ལ། །བར་དུ་གཅོད་པའི་དགྲ་བགེགས་མཐའ་དག་ཀུན། །དུས་མཐའི་མེ་ཡིས་རྩ་སྦུར་བསྲེགས་པ་བཞིན། །མིང་ཙམ་མེད་པར་བརླག་པའི་ཕྲིན་ལས་མཛོད། །མདོར་ན་བྱང་ཆུབ་སྙིང་པོ་མ་ཐོབ་བར། །མ་གཅིག་ལྷ་མོ་ཁྱོད་དང་མི་འབྲལ་ཞིང་། །རྟག་ཏུ་རྣལ་འབྱོར་བུ་བཞིན་སྐྱོང་པ་དང་། །རྣམ་ཀུན་སྒྲུབ་པོའི་རེ་འདོད་བསྐོང་བར་མཛོད། །ཅེས་པ་འདི་ནི་གཏོ་རུ་ཡེ་ཤེས་དང་འཇུ་ཚ་བསོད་དབང་གཉིས་ནས་འདི་ལྟར་དགོས་ཞེས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་འདིས་ཀྱང་བསྟན་འགྲོར་ཕན་པའི་རྒྱུར་གྱུར་ཅིག མདྒ་ལཾ། དགེ་ལེགས་སུ་གྱུར་ཅིག

ཞིང་སྐྱོང་དུར་ཁྲོད་མ་མོའི་ཕྲིན་ལས་ཡོངས་འདུས་ལྗོན་བཟང་བཞུགས་སོ།།

ཞིང་སྐྱོང་དུར་ཁྲོད་མ་མོའི་ཕྲིན་ལས་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་འཇིགས་སུ་རུང་བའི་དུར་ཁྲོད་ཆེན་པོའི་དབུས་སུ་པདྨ་དང་ཉི་མ་ལ་གནས་པའི་བྷྱོ་ཡོངས་སུ་གྱུར་པ་ལས། མ་ཅིག་སྲིད་གསུམ་བདག་མོ་སྐུ་མདོག་སྨུག་ནག་རྔམས་ཤིང་ཁྲོས་པའི་ཉམས་ཅན། ཧཱུྃ་དང་བྷྱོའི་ང་རོ་དྲག་པོར་རྒོད་པ། ཞལ་གཅིག་ཕྱག་གཉིས་པ། གཡས་ཁྲག་འཛག་པའི་དགྲ་སྙིང་དྲོན་མོ་ཟ་ཞིང་། གཡོན་སྲིད་གསུམ་གསལ་བའི་མེ་ལོང་འཛིན་པ། དར་དཀར་པོའི་སྟོད་གཡོག་དང་། སྟག་གི་ལྤགས་པའི་ཤམ་ཐབས་ཅན། མི་ལྤགས་ཀྱི་གཡང་གཞི་རློན་པ་ལྡིང་སྟབས་སུ་གྱོན་པ། རལ་པ་ཁམ་ནག་ཐུར་དུ་འཕྱང་ཞིང་རྣ་བ་ལ་དུང་ལོང་ཁྲོལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་མགོ་བོ་རློན་པའི་དོ་ཤལ་ཅན། རུས་པའི་ཕྲེང་བ་དང་སེ་རལ་ཁ་འཕྱང་ཞིང་གཡོན་བརྐྱང་གིས་རོའི་གདན་ལ་འགྱིང་བ། འཁོར་གྱི་མ་མོ་དཀར་སེར་དམར་ལྗང་བཞི་སྙིང་དང་མེ་ལོང་འཛིན་པ་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཏེ་གར་མཛད་པ། གཞན་ཡང་གནས་གསུམ་གྱི་མ་མོ་མཁའ་འགྲོ་དུར་ཁྲོད་ཀྱི་ཞིང་སྐྱོང་ཕོ་མོ་ལས་བྱེད་ཤ་ཟ་འབུམ་སྡེ་སྤྲུལ་པའི་ཤྭ་ན་ཝ་སྤྱང་དྲེད་སོགས་མ་རུང་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་དེ་ཝ་ཀོ་ཊ་ལ་སོགས་པ་ཉེ་བའི་ཞིང་ཐམས་ཅད་ནས་བསྟན་སྲུང་མ་མོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། བྷྱོཿདུར་ཁྲོད་ལྷ་མོ་ཆེན་མོ་ཁྱོད། །དུར་ཁྲོད་གནས་ནས་སྐུར་བཞེངས་ཤིག །བརྩེ་བའི་ཐུགས་ཀྱིས་གནས་འདིར་བྱོན། །རྣལ་འབྱོར་གདུང་བས་གསོལ་བ་འདེབས། །བརྗོད་བྲལ་འགྱུར་མེད་ཀློང་ཡངས་ནས། །ཡེ་ཤེས་རང་སྣང་རོལ་བའི་ཡུམ། །དུར་ཁྲོད་ལྷ་མོ་སྐུར་བཞེངས་ཤིག །དུས་ལ་བབ་ཀྱིས་ད་ཚུར་བྱོན། ཞེས་དང་གཞན་ཡང་། བྷྱོཿ བདེ་ཆེན་འདུ་འབྲལ་མེད་པའི་དཀྱིལ་འཁོར་ནས། །དུས་གསུམ་རྒྱལ་བའི་བསྟན་སྲུང་མཐུ་མོ་ཆེ། །མི་བསྲུན་སྲིན་མོའི་གཟུགས་འཆང་དམ་ཚིག་ཅན། །མ་ཅིག་ལྷ་མོ་འཁོར་བཅས་དབྱིངས་ནས་བཞེངས། །རྡོ་རྗེ་འཛིན་པའི་ཕོ་ཉར་ཞིང་བཅུའི་གཤེད། །དཔལ་འབར་མཁའ་འགྲོ་དབང་ཕྱུག་ངན་ནེ་མ། །དུར་ཁྲོད་བརྒྱད་དང་ཉེར་བཞིའི་ཡུལ་རྣམས་ནས། །སངས་རྒྱས་བསྟན་པ་སྲུང་ཕྱིར་ད་ཚུར་བྱོན། བྷྱོཿ ཆོས་ཉིད་ངང་ལས་སྙིང་རྗེ་ཁྲོས་པའི་ཡུམ། །ཞིང་སྐྱོང་མ་མོ་དུར་ཁྲོད་གནས་ཉུལ་མ། །དམ་ཚིག་གནས་འདིར་རྣམ་བཀྲའི་སྤྱན་གཟིགས་དང་། །ལྷུབ་ལྷུབ་དར་གྱི་གཡབ་མོས་འབོད་ཀྱིས་གཤེགས། །ཚིལ་ཆེན་གསུར་དུད་དྲི་ཞིམ་དུད་པའི་སྤྲིན། །འདོད་དགུའི་ཆར་འབེབས་རོ་བརྒྱའི་བཟའ་བཏུང་གི །མགྲོན་དུ་དུང་བའི་གདུང་དབྱངས་སྙན་འཇེབས་སྒྲ། །རྐང་གླིང་རོལ་མོས་མཚོན་པར་འབོད་ཀྱིས་གཤེགས། །སྔོན་ཚེ་ཉིད་ཀྱི་དམ་བཅས་ཇི་བཞིན་དུ། །རྒྱལ་བའི་བསྟན་དང་རིག་འཛིན་བདག་ཅག་གི །འདོད་པའི་དངོས་གྲུབ་རེ་བ་བཞིན་སྩོལ་བའི། །ཕྲིན་ལས་མ་གཡེལ་ལས་ལ་རིངས་པོར་སྤྱོན། །ཨོཾ་ཤྨ་ཤ་ན་པ་ཏི་ས་པཱ་རི་ཝཱ་ར་བཛྲ་ས་མ་ཛཿ ཞེས་པས་སྤྱན་དྲངས། བཞུགས་གསོལ་ནི། རབ་འཇིགས་དུས་མཐའི་མེ་རླུང་འཁྲུགས་པའི་ཀློང་། །འབར་བའི་དུར་ཁྲོད་གཞལ་ཡས་ཆེན་པོའི་དབུས། །པདྨ་ཉི་ཟླ་དབུགས་བྲལ་བརྩེགས་པའི་ཁྲིར། །མ་ཅིག་ལྷ་མོ་འཁོར་བཅས་བཞུགས་སུ་གསོལ། །ཛཿ་ཧཱུྃ་བྃ་ཧོཿ པདྨ་ཀཱ་མ་ལ་ཡ་སྟྭྃ། ཕྱག་བྱ་བ་ནི། དབྱིངས་ཀྱི་མཁའ་འགྲོ་དུར་ཁྲོད་མ་མོའི་གཙོ། །གསང་སྔགས་བཀའ་ཡི་སྲུང་མ་མཐུ་མོ་ཆེ། །སྲིད་གསུམ་དབང་བསྒྱུར་མ་རུང་དགྲ་སྡེའི་གཤེད། །ཞིང་སྐྱོང་མ་མོ་འཁོར་བཅས་ལ་ཕྱག་འཚལ། །ཨོཾ་ན་མ་ནཱ་མ་མི། མཆོད་པ་ནི། ཧཱུྃ། དམར་ཆེན་མཆོད་ཡོན་དབང་པོའི་མེ་ཏོག་བཞད། །སྣ་ཚོགས་གསུར་དུད་ཞུན་ཆེན་སྦར་བའི་མེ། །མཁྲིས་ཆེན་བྱུག་པ་ཤ་རུས་བཟའ་བའི་ཚོགས། །མི་བཟད་སྒྲ་དབྱངས་མྱོས་བྱེད་དཔའ་བོའི་བཅུད། །ལྦུ་ཕྲེང་དོ་ཤལ་གཡོ་བའི་རཀྟའི་སྐྱེམས། །འདོད་ཡོན་ཚོགས་དང་གཏོར་མའི་ལོངས་སྤྱོད་སོགས། །རབ་འབྱམས་ནམ་མཁའ་གང་བའི་མཆོད་པའི་སྤྲིན། །དུར་ཁྲོད་མ་མོ་འཁོར་དང་བཅས་ལ་འབུལ། །ཨོ་ཤྨ་ཤ་ན་པ་ཏེ་ས་པཱ་རི་ཝཱ་རེ་བྷྱོཿ ཨརྒྷཾ་སོགས་ནསཤབྟ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་པཉྩ་ཀ་མ་གུ་ཎ་པྲ་ཏི་ཙྪ་སྭཱ་ཧཱ། གཉིས་པ་གཏོར་མ་འབུལ་བ་ནི། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་བདེ་བ་ཆེན་པོའི་རང་བཞིན་དུ་ཚིམས་པར་བསམ་ཞིང་རྡོ་རྗེའི་ཐལ་མོ་གྱེན་དུ་ཕྱེ་བ་བསྟན་ལ། ཨོཾ་མ་མ་ར་ལི་པྲ་མ་ཡ་ཀཱ་ལི་ཡ་ཛཿ་ཛཿ རྩ་སྔགས་མཐར། ས་པཱ་རི་ཝཱ་ར་སོགས་བཏགས་པ་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་བ། ཕྲིན་ལས་བཅོལ་བ་ནི། དཔལ་ལྡན་ཞིང་སྐྱོང་དུར་ཁྲོད་ཀྱི་བདག་མོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྡོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམ། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག ཞིང་སྐྱོང་མ་མོ་འཁོར་བཅས་ལ་བསྟོད་པ། བྷྱོ། མི་འགྱུར་བདེ་ཆེན་ཆོས་དབྱིངས་ངང་ཉིད་ལས། །མ་རུང་འདུལ་ཕྱིར་དྲག་མོའི་སྐུར་སྟོན་མ། །སྒྱུ་འཕྲུལ་རྡོ་རྗེའི་གར་མཛད་མ་མོའི་གཙོ། །རྒྱལ་བའི་བསྟན་སྲུང་གཙོ་ལ་ཕྱག་འཚལ་བསྟོད། །དུས་མཐའི་ཆར་སྤྲིན་འཁྲིགས་འདྲའི་འཇིགས་རུང་སྐུ། །མི་བསྲུན་བཟོད་པར་དཀའ་བའི་ལང་ཚོ་ཅན། །དུར་ཁྲོད་དྲག་པོའི་རྒྱན་ཕྲེང་དུ་མས་མཛེས། །ཞིང་སྐྱོང་མཁའ་འགྲོའི་དབང་ཕྱུག་ཁྱོད་ལ་བསྟོད། །ཁོང་ནས་ཁྲོས་འཁྲུགས་ཉམས་བརྒྱའི་གར་བསྒྱུར་མ། །བསྟན་དགྲ་ཚར་གཅོད་མ་རུང་དོན་སྙིང་དང་། །སྲིད་གསུམ་མེལ་ཚེ་མཛད་ཕྱིར་མེ་ལོང་བསྣམས། །དུར་ཁྲོད་མ་མོའི་གཙོ་ལ་ཕྱག་འཚལ་བསྟོད། །རྒྱལ་བའི་བཀའ་སྡོད་རིག་འཛིན་ཕོ་ཉ་མོ། །བསྟན་དགྲ་ཚར་གཅོད་གསང་སྔགས་སྲུང་མའི་གཙོ། །བཀའ་སྡོད་ཕོ་ཉ་ཡང་སྤྲུལ་སྡེ་དཔུང་བཅས། །མ་ཅིག་ལྷ་མོ་འཁོར་དང་བཅས་ལ་བསྟོད། །བཟླས་པ་ནི། མ་མོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་སྲོག་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་བདག་གི་ཐུགས་ཀའི་འོད་ཀྱི་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཨོཾ་མ་མ་ར་ལི་པྲ་མ་ཡ་ཀཱ་ལི་ཡ་ཛཿ་ཛཿ ཞེས་བཟླ། མཐར་མཆོད་ཅིང་། ཨོཾ་ཤྨ་ཤ་ན་པ་ཏི་ས་པཱ་རི་ཝཱ་རི་བྷྱོཿ ཨརྒྷཾ་སོགས་ནས་ཤབྟ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་པཉྩ་ཀ་མ་གུ་ཎ་པྲ་ཏི་ཙྪ་སྭཱ་ཧཱ། བྷྱོཿ མི་འགྱུར་བདེ་ཆེན་ཆོས་དབྱིངས་ངང་ཉིད་ལས། །མ་རུང་འདུལ་ཕྱིར་དྲག་མོའི་སྐུར་སྟོན་མ། །སྒྱུ་འཕྲུལ་རྡོ་རྗེའི་གར་མཛད་མ་མོའི་གཙོ། །རྒྱལ་བའི་བསྟན་སྲུང་གཙོ་ལ་ཕྱག་འཚལ་བསྟོད། །ཧཱུྃ། དུར་ཁྲོད་ལྷ་མོ་ཆེན་མོ་ཁྱོད། །སྐུ་ནི་མི་རྫུ་དགུ་རུ་བརྫུ། །ཆིབས་སུ་དྲེད་མོ་ཁམ་ནག་ཆིབས། །མདོག་ནག་ཞལ་གདངས་སྤྱན་བསྒྲད་མ། །རལ་བ་བསིགས་ན་ས་གཞི་ཁེབ། །ཕྱག་གཡས་ཞིང་ཆེན་རྒྱལ་མཚན་ཕྱར། །གཡོན་པས་ནལ་བུའི་དོན་སྙིང་ཟ། །གནད་ནས་དྲག་ཏུ་བསྐུལ་བའི་ཚེ། །གཅན་གཟན་བཞི་བོ་ཕོ་ཉར་འགྱེད། །ནོར་ལ་ངན་ཞིང་དཀོར་ལ་དུང་། །ལས་ལ་མྱུར་བའི་མ་མོ་ཁྱོད། །དུར་ཁྲོད་རྒྱུ་བ་མི་བསྲུན་གཟུགས། །སྲིད་པའི་མ་མོ་ཆོ་འཕྲུལ་ཅན། །གླིང་བཞི་བསྐོར་ཞིང་མི་ལྦགས་གྱོན། །དམ་ཉམས་དགྲ་ཡི་སྲོག་གཅོད་མ། །དཀོར་ནོར་ཁབ་དང་སྐུད་པ་ཙམ། །མ་བཞགས་དྲག་པོའི་ཡུས་ཀྱིས་ལོངས། །རྣལ་འབྱོར་བདག་ཅག་དཔོན་སློབ་རྣམས། །གར་བཞུགས་གནས་དང་དགོན་པའི་རིགས། །བཅོལ་ལོ་གཏད་དོ་ཁྱོད་ཀྱིས་སྲུངས། །སྔ་དགྲ་བྱས་པའི་རྩ་བ་ཆོད། །ཕྱི་དགྲ་སེམས་པ་དྲུང་ནས་ཕྱུང་། །ད་ལྟའི་དགྲ་བོ་རྡུལ་དུ་རློག །རྡོ་རྗེ་མཐུ་ཡི་ཞགས་ནག་དེ། །བསྟན་པ་བཤིག་པའི་སྐེ་ལ་ཐོབ། །དགྲ་བྱེད་ཕ་ཁུ་ཡིན་ཀྱང་སྒྲོལ། །དམ་ཉམས་སློབ་མ་ཡིན་ཀྱང་སོད། །དུར་ཁྲོད་ཞིང་སྐྱོང་ཌཱཀྐཱིའི་ཚོགས། །སྣང་སྲིད་དབང་དུ་བསྡུས་མཛོད་ལ། །བདག་ཅག་ཆོས་མཛད་སྒྲུབ་པ་པོའི། །ཆོས་ཀྱི་མཐུན་རྐྱེན་རྟག་ཏུ་སྦྱོར། །མི་མཐུན་བདུད་ཀྱི་ཟང་ཟིང་རྣམས། །སྐད་ཅིག་མ་བཏང་ཐུགས་རྗེ་ཅན། །དཀོར་བདག་ཆེན་མོ་ཁྱོད་ཉིད་ཀྱིས། །བཅོལ་བའི་ཕྲིན་ལས་སྒྲུབ་པའི་དུས། །དགྲ་བོའི་ཡུལ་དང་སྒོ་དྲུང་དུ། །ཀུན་གྱིས་ཐོས་པའི་འོ་དོད་བོས། །ལྟས་ངན་ཟད་མི་ཤེས་པ་ཐོབ། །དགྲ་བོའི་ཡུལ་ཁམས་སྟོང་དུ་ཆུག །རྒྱལ་བའི་བསྟན་པ་སྲུང་བའི་ཕྱིར། །རྣལ་འབྱོར་ཆེ་བ་ཐོན་པར་མཛོད། །དགེའོ། །

ཞིང་སྐྱོང་དུར་ཁྲོད་ལྷ་མོའི་གསོལ་མཆོད།།

བྷྱོཿ མཁའ་འགྲོ་ཀུན་གྱི་གཙོ་མོ་མཐུ་སྩལ་ཅན། །ཞིང་སྐྱོང་དུར་ཁྲོད་ལྷ་མོ་ངན་ནེ་མ། །འཁོར་གྱི་མཁའ་འགྲོ་དཀར་སེར་དམར་ལྗང་བཞི། །འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས་དང་བཅས། །སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་སུ་གསོལ། །གསང་ཆེན་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་། །པདྨ་ཉི་ཟླ་དབུགས་བྲལ་བརྩེགས་པའི་སྟེང་། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དུང་བའི་ཡིད་ཀྱིས་སྒོ་ནས་རྟག་པར་འདུད། །ཕྱི་ནང་མཆོད་རྫས་མ་ཚང་མེད་པ་ཀུན། །སྤྱི་དང་ཁྱད་པར་ལྷག་པའི་དམ་རྫས་ནི། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་ཁྱོན་གང་བ། །བློ་ཡི་བླངས་ཏེ་འབུལ་གྱིས་བཞེས་སུ་གསོལ། །འགྱུར་མེད་བདེ་བ་ཆེན་པའི་ངང་ཉིད་ལས། །གདུག་པ་འདུལ་མཛད་མཁའ་འགྲོའི་སྐུར་སྟོན་པ། །རྒྱལ་བའི་བསྟན་པ་སྲུང་བར་ཞལ་བཞེས་པའི། །ཞིང་སྐྱོང་མཁའ་འགྲོ་ཡོངས་ཀྱི་གཙོ་ལ་བསྟོད། །ཁྱོད་ལ་མཆོད་ཅིང་བསྟོད་པའི་བྱིན་རླབས་ཀྱིས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །ནད་དང་སྡུག་བསྔལ་མ་ལུས་ཞི་བ་དང་། །ཚེ་དང་བསོད་ནམས་སྤེལ་ཞིང་སྙན་གྲགས་རྒྱས། །མི་ནོར་ཟས་གསུམ་དབང་དུ་འདུ་བ་དང་། །རིག་འཛིན་རྩ་རྒྱུད་བླ་མའི་ཚོགས་རྣམས་དང་། །ཡི་དམ་ཞི་ཁྲོ་རྒྱུད་སྡེ་བཞི་དྲུག་ལྷ། །གནས་གསུམ་དཔའ་བོ་མཁའ་འགྲོ་རྒྱ་མཚོ་དང་། །མགུལ་ལྷ་དགེ་བསྙེན་དཀར་ཕྱོགས་སྐྱོང་བའི་ཚོགས། །ཁྱད་པར་དཔལ་འབར་དབང་ཕྱུག་ངན་ནེ་མའི། །མཐུ་སྟོབས་ནུས་པའི་སྟོབས་ཀྱི་འོད་ཟེར་གྱིས། །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་ཐད་དུ་འཛུགས་པའི་དགྲ་བོ་རྣམས། །ཁ་འཇམ་སྙིང་རྩུབ་བསམ་ངན་སྤྱོར་རྩུབ་ཀྱིས། །བར་ཆད་བྱེད་པའི་དགྲ་བགེགས་མཐའ་དག་ཀུན། །མདུན་དུ་ཁུག་ལ་རྒྱ་ཆེན་གཏིང་ཟབ་ནང་། །ནང་དུ་བཀུག་སྟེ་ཆུ་སྲིན་གྲེ་བར་གཏད། །ཐར་མེད་རྒྱ་མཚོ་ཆེན་པོའི་ནང་དུ་སྐུར། །ཡེ་ཤེས་མེ་དཔུང་འབར་བས་ཀུན་ནས་བསྲེགས། །མནན་ནོ་རི་རབ་འབར་བའི་འོག་ཏུ་མནན། །ནམ་ཞིག་བྱང་ཆུབ་སེམས་ནི་མ་སྐྱེས་པར། །ཇི་སྲིད་བསྐལ་བའི་བར་དུ་མི་བཏང་ངོ་། །ཨོཾ་ཨཱཿ་ཧཱུྃ་ལཾ་སྟམྦྷ་ཡ་ལམ་ནན། ཞེས་པ་འདི་ཡང་ཡ་གྲོང་ལྷ་རྗེ་པདྨ་ཆོས་འཕེལ་ནས་བསྐུལ་ངོར་རྫོགས་སྤྲུལ་ལྔ་བས་སོ། །

དུར་ཁྲོད་ལྷ་མོའི་བསྐང་བསྡུས་བཞུགས་སོ།།

བྷྱོཿ དུར་ཁྲོད་གནས་ཉུལ་མཁའ་འགྲོ་ཀུན་གྱི་གཙོ། །མི་སྡུག་སྲིན་པོའི་གཟུགས་འཆང་ངན་ནེ་མ། །འབུམ་ཕྲག་ཡངས་བའི་མཁའ་འགྲོ་འཁོར་བཅས་ལ། །ཕྱི་ནང་གསང་བ་མཆོད་པའི་དམ་རྫས་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟར་འཕྲོ་བ་འདིས། །ལྷ་མོ་འཁོར་བཅས་ཐུགས་དམ་བསྐང་གྱུར་ནས། །བདག་ཅག་བྱང་ཆུབ་སྒྲུབ་པའི་གང་ཟག་ལ། །མི་དང་མི་མིན་འབྱུང་པོའི་འཚེ་བ་རྣམས། །ཀ་དག་ཆོས་ཀྱི་དབྱིངས་སུ་ཞི་བར་མཛོད། །ཅེས་པ་ཡང་ཡ་གྲོང་ལྷ་རྗེ་པདྨ་ཆོས་འཕེལ་ནས་བསྐུལ་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་སོ། །

དུར་ཁྲོད་ལྷ་མོའི་མངའ་གསོལ་བསྡུས་པ་བཞུགས་སོ།།

བྷྱོཿ དཔལ་ལྡན་དུར་ཁྲོད་ལྷ་མོ་ངེན་ནེ་མ། །འཁོར་གྱི་ལྷ་མོ་ཆེན་པོ་རྣམ་པ་བཞི། །གནས་ཡུལ་དུར་ཁྲོད་མཁའ་འགྲོའི་ཚོགས་དང་བཅས། །རྩ་བརྒྱུད་དཔལ་ལྡན་རིག་འཛིན་བླ་མ་དང་། །ཡི་དམ་ལྷ་ཚོགས་དཀྱིལ་འཁོར་ཀུན་གྱི་བདག །དཔའ་བོ་མཁའ་འགྲོ་དམ་ཅན་ཚོགས་རྣམས་ཀྱིས། །ཁྱོད་ཉིད་མཁའ་འགྲོ་ཀུན་གྱི་གཙོ་མོར་བསྟེན། །གང་ཞིག་སྲིད་པ་གསུམ་ལ་དབང་བསྒྱུར་ཞིང་། །ཞིང་བཅུ་ཚང་བའི་དམ་ཉམས་ཀུན་གྱི་གཤེད། །གདུག་པ་འདུལ་མཛད་མཆོག་ཏུ་མངའ་གསོལ་བས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་། །ཕྱི་ནང་བར་ཆད་རྐྱེན་ངན་ཀུན་ཞི་ཞིང་། །མཐུན་རྐྱེན་ལེགས་ཚོགས་ཡར་ངོའི་ཟླ་ལྟར་རྒྱས། །གོང་ནས་གོང་དུ་འཕེལ་བའི་ཕྲིན་ལས་མཛོད། །ཅེས་པ་འདི་ནི་བཟང་གྲགས་ལྷ་རྗེ་པདྨ་ཆོས་འཕེལ་ནས་བསྐུལ་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ

དུར་ཁྲོད་ལྷ་མོའི་སྐོང་བསྡུས་མ་མོ་དགྱེས་པའི་བླུ་དབྱངས་བཞུགས་སོ།།

བྷྱོཿ དུར་ཁྲོད་མ་མོ་ཞིང་སྐྱོང་ཀུན་གྱི་གཙོ། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་འཁོར་དང་བཅས། །སྨན་གཏོར་རཀྟའི་མཆོད་པ་འདི་བཞེས་ལ། །ཐུགས་དམ་སྐོང་ལ་ཕྲིན་ལས་མྱུར་དུ་སྒྲུབ། །རྫོགས་སྤྲུལ་ལྔ་པས་སོ། །

ཤ་ཟ་མཁའ་འགྲོ་མའི་མཆོད་བསྟོད་ཕྲིན་བཅོལ།

ཧཱུྃ། དབྱིངས་ཀྱི་ཡུམ་ཆེན་ཤ་ཟ་མཁའ་འགྲོ་མ། །འཁོར་བཅས་སྔོན་གྱི་ཐ་ཚིག་དགྱེས་དགོངས་ལ། །སངས་རྒྱས་བསྟན་དང་ཟབ་ཆོས་བཤད་སྒྲུབ་སྡེ། །གནས་དང་གཙུག་ལག་ཁང་རྣམས་སྲུང་ཞིང་སྐྱོངས། །ཁྱད་པར་རྩ་གསུམ་རྒྱལ་ཀུན་དགོངས་པའི་བཅུད། །ཡང་འདུལ་གསེར་ཆོས་མཁའ་འགྲོའི་ཞལ་རླུང་ཅན། །སྲིད་མཐའི་བར་དུ་མི་ཉམས་དར་རྒྱས་མཛོད། །འགྲོ་ཀུན་བདེ་ཆེན་ཞིང་དུ་གྲོལ་བར་མཛོད། །བདག་ཅག་རྡོ་རྗེ་ཐེག་ལ་རབ་ཞུགས་པ། །ཟབ་གསང་རིམ་གཉིས་སྤྱོད་པའི་འགལ་རྐྱེན་སོལ། །མ་ལྟར་བྱམས་ཤིང་སྲིང་ལྟར་བརྩེ་བས་སྐྱོངས། །བསམ་དོན་ཆོས་མཐུན་འགྲུབ་པའི་གྲོགས་མཛོད་ཅིག །ཅེས་པའི་ཀུན་མཁྱེན་ལྔ་བའི་གསུང་ཙམ་ལ་གཞིར་བཞག་ནས། མཆོད་བསྟོད་ཕྲིན་བཅོལ་རྣམས་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ངག་འདོན་ཉུང་ངུར་བསྡུས་ཏེ་བྲིས་པའོ། །

ཟངས་རི་བཙན་རྒོད་བསྐང་བསྡུས་གློག་གི་ཕྲེང་བ་བཞུགས་སོ།།

ཧཱུྃ་ཧྲཱིཿ རྒྱལ་བའི་བསྟན་པ་གཉེན་པོ་སྲུང་མཛད་པའི། །ཟངས་རི་བཙན་རྒོད་འབར་བ་སྤུན་བདུན་པོ། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །ཐུགས་དམ་བསྐང་ལ་དངོས་གྲུབ་མྱུར་དུ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

ཉང་གཏེར་ཁྲོས་ནག་གི་བཀའ་སྲུང་མཁའ་འགྲོ་སྤྱང་ཞོན་མཆེད་གསུམ་གྱི་བསྐང་བསྡུས་བཞུགས་སོ།།

བྷྱོ། ཁྲོས་མ་ནག་མོའི་བཀའ་ཉན་ཐ་ཚིག་ཅན། །ལས་ཀྱི་མཁའ་འགྲོ་སྤྱང་ཞོན་མཆེད་གསུམ་ལ། །འཁོར་གྱི་ཤ་ཟ་མ་མོ་བྱེ་བའི་ཚོགས། །མཐུན་པའི་དམ་རྫས་མ་ཚང་མེད་པ་འདི། །དངོས་བཤམས་ཡིད་ཀྱི་རྣམ་རོལ་ལས་བྱུང་བ། །ངོ་མཚར་ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །ཏིང་འཛིན་སྔགས་རྒྱས་བྱིན་གྱིས་རླབས་པ་འདི། །དགྱེས་པའི་ཚུལ་གྱིས་མཆོད་པ་འདི་བཞེས་ལ། །ཐུགས་དམ་བསྐང་ལ་རྐྱེན་ངན་བར་ཆད་སོལ། །བསམ་དོན་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པ་པདྨ་ཐེག་མཆོག་བསྟན་འཛིན་གྱིས་བྲིས་པའོ། །

ཤན་པ་སྲོག་སྒྲུབ་མའི་བསྐང་བ་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།།

ཧཱུྃ། ཆོས་དབྱིངས་ངང་ལས་སྒྱུ་མའི་སྐུར་བཞེངས་པ། །མ་ཅིག་ཤན་པ་སྲོག་སྒྲུབ་ནག་མོ་ནི། །འཁོར་གྱི་གདོང་མོ་ཆེན་མོ་རྣམ་གསུམ་དང་། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་འཁོར་ཚོགས་བཅས། །ཐུགས་དམ་བསྐང་ཕྱིར་གནས་འདིར་གཤེགས་སུ་གསོལ། །འཇིགས་རུང་དུར་ཁྲོད་རོལ་བའི་གཞལ་ཡས་འདིར། །མ་ཅིག་ལྷ་མོ་འཁོར་བཅས་བཞུགས་སུ་གསོལ། །ཕྱི་མཆོད་འདོད་ཡོན་རྒྱ་མཚོ་མཁའ་ལྟར་ཁྱབ། །ནང་མཆོད་སྨན་རཀ་གཏོར་གསུམ་དང་རེ་སྤྲོ། །གསང་མཆོད་བདེ་སྟོང་དགའ་བཞིས་མཆོད་པའི་སྤྲིན། །ང་བདག་གཟུང་འཛིན་དབྱིངས་སུ་བསྒྲལ་བས་མཆོད། །མདོར་ན་ཕྱི་ནང་གསང་བའི་དམ་ཚིག་རྫས། །རབ་འབྱམས་ནམ་མཁའ་གང་བར་འབུལ་ལགས་ན། །ཐུགས་དམ་གཉན་བསྐང་རྣལ་འབྱོར་དབུ་འཕང་བསྟོད། །ཉམས་ཆགས་འགལ་འཁྲུལ་མཐའ་དག་ཞི་བ་དང་། །མཆོག་དང་ཐུན་མོངས་དངོས་གྲུབ་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ །

ཤན་པ་སྲོག་སྒྲུབ་མའི་བསྐུལ་བ་བཞུགས་སོ།།

ཧཱུྃ་བྷྱོཿ འཇིགས་སུ་རུང་བའི་དུར་ཁྲོད་ནས། །སྲིད་པའི་མ་མོ་ཡལ་གམ་ཅན། །ཤན་པ་སྲོག་སྒྲུབ་ནག་མོ་ནི། །སྐུ་མདོག་ནག་མོ་ཙེ་རེ་རེ། །དབུ་སྐྲར་ལན་ནག་ཉི་ལི་ལི། །སྤྱན་གསུམ་སྡང་མིག་འུ་རུ་རུ། །ཞལ་ནས་ཁྲག་འཛག་ཀྱུ་རུ་རུ། །ཞེ་སྡང་མེ་ལྟར་ཐོ་རོ་རོ། །ཤངས་ནས་འཚུབ་མ་ཆི་ལི་ལི། །བ་སྤུ་མཚོན་ཆ་ཤ་ར་ར། །ཕྱག་གཡས་སྙིང་ཟོར་ཡེ་རེ་རེ། །གཡོན་ན་ནད་རྐྱལ་ལམས་སེ་ལམ། །མི་ལྤགས་གཡང་གཞི་སྟོད་ལ་དཀྲིས། །མི་མགོ་རློན་པའི་དོ་ཤལ་ཅན། །རླུང་ནག་འཚུབ་མའི་དཀྱིལ་ན་བཞུགས། །དམར་གྱི་གཏོར་མ་འདི་བཞེས་ལ། །དགྲ་བོའི་སྟེང་དུ་ད་རྒྱུག་ཅིག །ནག་མོ་མ་ཐོགས་ལས་ལ་ཡཱ། །ཁྱེད་ཀྱི་འཁོར་ཚོགས་ཆེན་མོ་ནི། །ལས་བྱེད་ཤ་ཟ་བྱེ་བ་རྣམས། །ནག་མོ་མཚོན་ཐོགས་མེ་རེ་རེ། །ངུ་འབོད་གཡབ་མོ་ལིངས་སེ་ལིང་། །ཅེ་སྤྱང་སྟག་གཟིག་འདུ་རུ་རུ། །བདུད་བྱ་གཤོག་རྡེབ་ཁྲ་ལ་ལ། །དམར་གྱི་གཏོར་མ་འདི་བཞེས་ལ། །དགྲ་བོའི་སྟེང་དུ་ད་རྒྱུག་ཅིག །ཕོ་ཉ་ཡང་སྤྲུལ་ད་རྒྱུག་ཅིག །སྲོག་ཆོད་སྙིང་ཕྱུང་དུས་མཐའ་སྟུངས། །ནག་མོ་འཁོར་བཅས་ས་མ་ཡ། །ཨོཾ་ཁྱི་ཁ་ལེ་ནག་མོ་སོད།སྲོག་མ་ཏྲི་སོད། སྙིང་ཁ་བཾ་མ་ཡ་ཡ་སོད།ཙ་ཝི་རི་མ་སོད། གྷ་ཡ་སོད། ཎི་དྱ་སོད། རག་མོ་རག་མོ་གཟིར་ནན། ཁམ་ཁུག་དྲོངས། ཆེ་གེ་མོའི་ཙིཏྟ་ལ་རྦད་ཐུམ་རི་ལི་ལི། ཧཱུྃ་ཧཱུྃ་བྷྱོ་བྷྱོ། དགེའོ། །

གཅོད་ཀྱི་བཀའ་སྲུང་ཟང་རི་བཙན་རྒོད་ཀྱི་

བསྐང་བསྡུས་བཞུགས་སོ།།

ཧཱུྃ་ཧྲཱིཿ རྒྱལ་བའི་བཀའ་ཉན་ཐ་ཚིག་ཅན། །ཟང་རི་འབར་བ་སྤུན་བདུན་པོ། །ཤ་ཁྲག་དམར་གྱི་གཏོར་མ་དང་། །སྨན་རཀ་བདུད་རྩི་མཆོད་པའི་ཚོགས། །མཐུན་པའི་དམ་རྫས་སྣ་ཚོགས་པ། །དངོས་བཤམས་ཡིད་ཀྱིས་རྣམ་རོལ་སྤྲིན། །མ་ཚང་མེད་པར་འབུལ་ལགས་ན། །མཐུ་ཆེན་བཙན་རྒོད་སྤུན་བདུན་པོ། །ཐུགས་དམ་བསྐང་ལ་བར་ཆད་སོལ། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པ་ཡང་རྫོགས་སྤྲུལ་ལྔ་པ་པདྨ་ཐེག་མཆོག་བསྟན་འཛིན་གྱིས་བྲིས་པ་དགེ །

གཅོད་ཀྱི་བཀའ་སྲུང་ཟང་རི་བཙན་རྒོད་བསྐུལ་བ་ནི།

ཧཱུྃ། སྔོན་ཚེ་རྡོ་རྗེ་ཐོད་ཕྲེང་གི །དམ་ལ་བཞག་པའི་གཡར་དམ་ཅན། །གཅོད་ཡུལ་བསྟན་པ་སྲུང་མཛད་པའི། །ཟང་རི་འབར་བ་སྤུན་བདུན་པོ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །དམིགས་པའི་ཡུལ་གྱུར་དགྲ་བོ་ལ། །བརྡ་ཐན་ལྟས་ངན་སྣ་ཚོགས་ཐོང་། །ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག །མོ་རྒྱུད་མངལ་ནས་སྐོམ་ལ་ཤོག །བདུན་རྒྱུད་རྩད་ནས་ཆོད་ལ་ཤོག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སོ། །

ཉི་གྲགས་ཚེ་སྒྲུབ་བདུད་བཞི་གཡུལ་རྒྱལ་གྱི་གཏེར་སྲུང་ཀླུ་མོ་གཟི་འབར་མའི་གསེར་སྐྱེམས་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

ཕེཾ། ཀ་དག་དྭངས་གསལ་རྒྱ་མཚོ་ཆེན་པོ་ནི། །ཁ་དོག་རིན་ཆེན་མར་གད་མདོག་འདྲའི་ནང་། །ག་བུར་མདངས་འཛིན་ཀླུ་མོ་གཟི་འབར་མ། །ང་ཅག་གདུང་བའི་དབྱངས་ཀྱིས་འབོད་པའི་ཚེ། །ཅ་ག་གསེར་དངུལ་རིན་ཆེན་རྒྱན་གྱིས་སྤྲས། །ཆ་ལུགས་འཆི་མེད་ལྷ་ཡི་བུ་མོ་འདྲ། །ཇ་ཆང་འོ་མའི་གསེར་སྐྱེམས་བཞེས་སླད་དུ། །ཉ་གང་ཟླ་བའི་མདངས་ལྡན་གཤེགས་སུ་གསོལ། །ཏ་ཐཱ་ག་ཏ་ན་གར་རྫུ་ན་ཡི། །ཐ་ཚིག་དམ་ལ་བཞག་པ་རྗེས་དགོངས་ཏེ། །ད་ལྟར་རྗེས་འཇུག་རྣལ་འབྱོར་བདག་ཅག་ལ། །ནཱ་ག་ཀླུ་ཡི་ནད་རྣམས་བསལ་བར་མཛོད། །པ་ནའི་རྒྱུན་བཞིན་གཙང་མའི་ཞལ་སྐྱེམས་འདི། །ཕ་རོལ་གཡུལ་ལས་བཟློག་ཕྱིར་བཞེས་ནས་ཀྱང་། །བ་མཆོག་བུམ་བཟང་དཔག་བསམ་ལྗོན་ཤིང་ལྟར། །མ་འབད་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། །ཙ་སད་སེར་གསུམ་ཞིང་ལ་གནོད་པ་དང་། །ཚ་གྲང་མི་ཕྱུགས་ནད་རྣམས་ཞི་བར་མཛོད། །ཛཱ་ཡའི་བསྟན་སྲུང་ནཱ་ག་ཁྱོད་ཉིད་ནི། །ཝ་ལེར་དྲན་ཅིང་བསྐུལ་བ་ཙམ་གྱིས་ཀྱང་། །ཞ་ཉེ་མི་མཐུན་ཕྱོགས་ཀྱི་དགྲ་བོ་རྣམས། །ཟ་བྱེད་མ་རུང་ཀླུ་བདུད་ནག་པོ་ཡིས། །འ་འུར་ཀླུ་ཡི་ཚོགས་ཀྱི་ཆོ་འཕྲུལ་གྱིས། །ཡ་མ་ར་ཛ་འབར་བའི་ཟས་སུ་སྦྱོར། །རཱ་ཛ་རྒྱལ་འགོང་འཚེ་བའི་བདུད་སྡེའི་ཚོགས། །ལ་ལུང་ཙམ་ལ་ངལ་བ་མེད་པ་རྣམས། །ཤ་སྟག་ཁྱོད་ཀྱི་ཀླུ་ཡི་ཆོ་འཕྲུལ་གྱིས། །ས་སྟེང་ཀུན་ཏུ་ནམ་ཡང་མེད་པར་མཛོད། །ཧ་ཡ་གྷྲི་ཝའི་བཀའ་སྡོད་ལ་གནས་པའི། །ཨ་ཧོ་ངོ་མཚར་དགའ་བའི་རོལ་གར་གྱིས། །ཀླུ་རྒྱལ་དུང་སྐྱོང་སྲས་མོ་གཟི་འབར་མ། །སྐུ་གཅིག་མཚན་གྱི་རྣམ་གྲངས་མཐའ་ཡས་པ། །ལྷ་མོ་དཔལ་འབར་ཀླུ་མོ་གཟི་འབར་མ། །གཉན་མོ་གངས་དཀར་ལྷ་མོ་བརྟན་མའི་ཚུལ། །གཟི་བརྗིད་ལྡན་དང་ལྷ་མོ་དུད་སོལ་མ། །རེ་མ་ཏི་དང་ནག་མོ་རལ་གཅིག་མ། །ངོ་བོ་གཅིག་ལ་སྤྲུལ་བསྒྱུར་སྣ་ཚོགས་པ། །ཀླུ་སྨན་འབུམ་གྱི་འཁོར་དང་བཅས་པ་རྣམས། །རྩ་གསུམ་འཆི་མེད་ཚེ་ལྷ་རབ་འབྱམས་ཀྱི། །ཟབ་གཏེར་བསྟན་པ་སྲུང་བར་ཞལ་བཞེས་པའི། །སྔོན་གྱི་གཡར་དམ་གཉན་པོ་རྗེས་དགོངས་ལ། །དེ་ལྟར་གསེར་སྐྱེམས་ཕུལ་བའི་བྱིན་རླབས་ཀྱི། །བདག་སོགས་རྗེས་འཇུག་རིག་པ་འཛིན་རྣམས་ལ། །ས་འོག་ས་སྟེང་ས་བླའི་འཇིག་རྟེན་གྱི། །དཔལ་འབྱོར་ཚེ་ནོར་སྟོབས་དང་ནུས་པའི་ཤུགས། །རང་དབང་མེད་པར་དངོས་གྲུབ་སྩལ་དུ་གསོལ། །ཚེ་འདིར་ནད་གདོན་གནོད་པ་ཀུན་ལས་གྲོལ། །ཁྱད་པར་ཀླུ་གཉན་ས་བདག་འབྱུང་པོའི་གདོན། །མི་དམིགས་ཀ་དག་དབྱིངས་སུ་ཞི་ནས་ཀྱང་། །བསམ་དོན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་ཉི་གྲགས་ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ་གྱི་གཏེར་སྲུང་ཀླུ་མོ་གཟི་འབར་མའི་གསེར་སྐྱེམས་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ་འདི་ནི་རུ་དམ་ཨོ་རྒྱན་བསམ་བསྟན་ཆོས་གླིང་གི་ཕོ་བྲང་ཆེན་པོའི་ཡང་རྩེ་འཆི་མེད་གྲུབ་པའི་དགའ་ཚལ་དུ་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ས་ཕོ་རྟ་ལོའི་ཟླ་༣ཚེས་༥བཟང་པོར་བྲིས་པ་དགེ །

ཕག་མོ་ནག་མོའི་བཀའ་སྲུང་ཁྲག་རལ་མའི་བསྐང་བསྡུས་ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་རླབས་ཕྲེང་བཞུགས་སོ།།

བྷྱོཿ ལས་ཀྱི་མཁའ་འགྲོ་དམར་མོ་ཁྲག་རལ་ཅན། །ལས་བྱེད་སྤྲུལ་པ་འབུམ་འབུམ་ཚོགས་དང་བཅས། །སྨན་གཏོར་རཀྟའི་མཆོད་པ་འདི་བཞེས་ལ། །ཐུགས་དམ་བསྐང་ལ་དྲག་པོའི་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

ཀླུ་མོ་གཟི་འབར་མའི་བསྐང་བ་བཞུགས་སོ།།

ཧཱུྃ། རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས། །ཀླུ་རྒྱལ་དུང་སྐྱོང་སྲས་མོ་ཆེ། །ཀླུ་མོ་ཆེན་མོ་གཟི་འབར་མ། །ཀླུ་སྨན་འབུམ་གྱི་འཁོར་དང་བཅས། །བསྐང་བའི་གནས་འདི་གཤེགས་སུ་གསོལ། །ཕྱི་མཆོད་རིན་ཆེན་རྣམ་པ་ལྔ། །ནང་མཆོད་དཀར་གསུམ་མངར་གསུམ་རིགས། །གསང་མཆོད་བྷ་ལིང་རྒྱན་དང་ལྡན། །གསེར་སྐྱེམས་དར་ཟབ་སྣ་ཚོགས་པ། །ཤེལ་ཚིག་ཁྲི་དཀར་སྟོད་ནག་དང་། །ཀླུ་རྟ་རྒྱན་ལྡན་ལ་སོགས་བའི། །གཟུགས་འགྲོས་མཐུན་རྫས་སྣ་ཚོགས་པས། །ཐུགས་དམ་གཉན་པོ་བསྐང་ནས་ཀྱང་། །རྣལ་འབྱོར་བསམ་པ་ཡིད་བཞིན་འགྲུབ། །འདོད་དགུའི་དངོས་གྲུབ་སྩལ་དུ་གསོལ། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སོ།

གཏེར་སྲུང་བཙན་རྒོད་ཆེན་པོའི་གསེར་སྐྱེམས་ཁྲག་ཞག་རྒྱ་མཚོའི་ཟེར་ཕྲེང་ཞེས་བྱ་བ་བཞུགས་སོ།།

ཧྲཱིཿ སྔོན་ཚེ་པདྨ་དབང་གི་བཀའ་ཉན་པ། །ཁམས་གསུམ་སྐྱེས་འགྲོའི་སྲོག་གི་བདག་པོ་ནི། །སྣང་སྲིད་དྲེགས་པ་ཡོངས་ཀྱི་གཙུག་གི་རྒྱལ། །མ་རུང་གདུལ་དཀའ་འདུལ་བའི་གཤེད་པོ་ཆེ། །དམ་ཉམས་གདུག་པ་འདུལ་བའི་ལྷ་གཅིག་པུ། །སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན། །ཕྱི་ལྟར་ཀླུ་བཙན་འབར་བ་སྤུན་བདུན་པོ། །དམ་ཉམས་དགྲ་བོའི་སྲོག་ལ་རྔམ་མཛད་པའི། །མཆིམས་ཕུ་བྲག་བཙན་གཡུ་ལུང་གངས་བཙན་དང་། །སྦ་རི་རྦ་བཙན་རྐང་དམར་གྲི་བཙན་མཆོག །ཕུ་རི་ཕུག་བཙན་བྲག་དམར་རྫོང་བཙན་རྗེ། །སྟག་མ་རོང་བཙན་སྤྲུལ་པའི་བཙན་རྒོད་ཚོགས། །གཏེར་བདག་ས་ཡ་འབུམ་སྡེ་ཚོགས་བཅས་ལ། །དམ་ཚིག་ཡེ་ཤེས་བདུད་རྩི་དྲི་མ་མེད། །རིན་ཆེན་སྣ་ལྔ་བརྡར་བའི་ཞལ་སྐྱེམས་འདི། །འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་ལང་ལིང་གཡོ། །ཕུལ་བས་དམ་ཉམས་དགྲ་བགེགས་ཀུན་སྒྲོལ་ཞིང་། །ནང་ལྟར་རཱ་ཙ་དགེ་བསྙེན་ཆེན་པོ་སྟེ། །ཆོས་འཁོར་སྐྱོང་བ་ཡོངས་ཀྱི་མངའ་བདག་པོ། །རྡོ་རྗེ་དྲག་རྩལ་རྡོ་རྗེ་དབང་བཙན་རྩལ། །རྡོ་རྗེ་ཡེ་ཤེས་རྡོ་རྗེ་མཆོག་རྒོད་རྩལ། །རྡོ་རྗེ་སྲུང་མ་རྡོ་རྗེ་དགྲ་འཇོམས་རྩལ། །དམ་ཚིག་ཡེ་ཤེས་བདུད་རྩི་དྲི་མ་མེད། །རིན་ཆེན་སྣ་ལྔ་བརྡར་བའི་ཞལ་སྐྱེམས་འདི། །འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་ལང་ལིང་གཡོ། །ཕུལ་བས་བདེ་དགའི་དཔལ་ལ་སྤྱོད་པར་ཤོག །གསང་བ་གནོད་སྦྱིན་ནོར་བདག་རྒྱལ་པོ་ནི། །ལོངས་སྤྱོད་རིན་ཆེན་གཏེར་ལ་མངའ་མཛད་པ། །གང་བ་བཟང་པོ་འབྲོག་གནས་ཆེན་པོ་དང་། །ཡཀྴ་ཀ་ལ་གནོད་སྦྱིན་ཁྱུང་གདོང་ཆེ། །གནོད་སྦྱིན་ཆུ་འབེབ་གནོད་སྦྱིན་གངས་དཀར་དང་། །གནོད་སྦྱིན་བདུད་འཇོམས་ལ་སོགས་གནོད་སྦྱིན་ཚོགས། །བྱེ་བ་འབུམ་གྱི་འཁོར་དང་བཅས་པ་ལ། །དམ་ཚིག་ཡེ་ཤེས་བདུད་རྩི་དྲི་མ་མེད། །རིན་ཆེན་སྣ་ལྔ་བརྡར་བའི་ཞལ་སྐྱེམས་འདི། །འདོད་ཡོན་སྣ་ལྔའི་མཆོད་སྤྲིན་ལང་ལིང་གཡོ། །ཕུལ་བས་ལོངས་སྤྱོད་གཏེར་ལ་སྤྱོད་པར་ཤོག །བཙན་རྒོད་དགེ་བསྙེན་གནོད་སྦྱིན་འཁོར་བཅས་ལ། །བདུད་རྩི་གསེར་སྐྱེམས་ཕུལ་བའི་བྱིན་རླབས་ཀྱིས། །མི་མཐུན་གནོད་པའི་འགལ་རྐྱེན་ཀུན་ཞི་ནས། །མཐུན་རྐྱེན་འདོད་པའི་ལེགས་ཚོགས་ཇི་སྙེད་ཀུན། །ཇི་ལྟར་དཔག་བསམ་ཤིང་དང་ཡིད་བཞིན་ནོར། །བུམ་པ་བཟང་ལས་ཅི་འདོད་འབྱུང་བ་བཞིན། །གནས་སྐབས་མཐར་ཐུག་ལེགས་པའི་ཡོན་ཏན་ཚོགས། །ཡར་ངོའི་ཟླ་བ་ཇི་བཞིན་འཕེལ་གྱུར་ཅིག །ཅེས་པ་འདི་ཡང་འབྲུག་སྐལ་བཟང་ནས་ཡང་ཡང་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་པས་བྲིས་དགེའོ། །

རྨ་རྒྱལ་སྤོམ་རའི་གསང་སྒྲུབ་གཡང་གི་འབྱུང་གནས་ཞེས་བྱ་བ་བཞུགས་སོ།།

ཨོཾ་སྭ་སྟི། རྡོ་རྗེ་འཛིན་པ་གསང་བའི་བདག །རྒྱལ་བའི་མཐུ་སྟོབས་གཅིག་བསྡུས་པ། །ལོག་འདྲེན་འདུལ་བའི་ལྷ་གཅིག་པུ། །དེ་ལ་བཏུད་ནས་ཕྱག་འཚལ་ལོ། །དེ་ལ་འདིར་རྨ་རྒྱལ་སྤོམ་རའི་གསང་སྒྲུབ་ནོར་ལྷ་ལྟར་སྒྲུབ་པའི་ཚུལ་ལ། སྦྱོར་བ་ཡོ་བྱད་ཀྱི་བཤམས་དང་། དངོས་གཞི་སྒྲུབ་པའི་ཐབས་གཉིས་ལས། །དང་པོ་ནི། སྨན་རཀ་གཏོར་གསུམ་དང་མཆོད་པའི་ཡོ་བྱད་རྣམས་འདུ་བྱས་ལ། གཉིས་པ་ནི། རང་ཉིད་ཡི་དམ་གྱི་ང་རྒྱལ་དང་ལྡན་པའི་ངང་ནས། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་མདུན་དུ། ནེའུ་སེང་སྨན་ལྗོངས་ཉམས་དགའ་བར་རི་བོ་ནགས་ཚལ། བྲག་རི་དཀར་དམར་གཡའ་གངས་སྣ་ཚོགས་ཀྱིས་བསྐོར་བའི་དབུས་སུ། གངས་རི་དཀར་པོ་རྩེ་རྒྱལ་རྩེ་མོ་མཐོན་པོ་དགུང་ལ་བསྙེགས་པ། ཐད་ནས་ཉི་མ་ཟླ་བ་འཆར་བ། སྟེང་དུ་ལྷོ་སྤྲིན་ཕྱུག་མོ་འཁྲིགས་པ། གཡུ་འབྲུག་སྔོན་མོའི་ངར་སྐད་ལྡིར་བ། མགུལ་དུ་གཡུ་ཡི་ན་བུན་འཁྲིགས་པ། བར་སྣང་སྦྲང་ཆར་བདུད་རྩི་སིལ་སིལ་འབེབས་པ། གཡས་ཀྱི་གངས་རི་ཟླུམ་པོ་ལ། ལྷ་བྲན་མང་པོས་གར་སྟབས་བྱེད་པ། མདུན་གྱི་བྲག་ཟུར་དཀར་པོ་ལ། བྱ་རྒོད་ཐང་དཀར་རྒོད་པོ་འཕུར་ལྡིང་གཡོ་བ། མདུན་གྱི་ཀླུ་མཚོ་སྔོན་མོ་ལས་ཀླུ་མོ་མང་པོས་མཆོད་པ་འབུལ་བ། བདུད་རྩི་སྨན་གྱི་དྲི་བཟང་ཕྱོགས་བཅུར་འཕྲོ་བ། ལྷ་བྱ་སྣ་ཚོགས་ཀྱིས་གསུང་སྙན་ལྷང་ལྷང་དུ་སྒྲོག་པ། འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་ན། ཡེ་ཤེས་རང་སྣང་ལས་གྲུབ་པའི་རིན་ཆེན་ཤེལ་ཀྱི་སྐུ་མཁར་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པ། ཕྱོགས་བཞིར་ཀ་བ་ཉིས་སྟོང་ལྔ་བརྒྱས་བཏེགས་པའི་ཁང་བཟང་སུམ་བརྩེགས་སུ་ཡོད་པ། དབྱིབས་ལེགས་ཤིང་ལྟ་ན་སྡུག་པ། རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པ་དུ་མས་སྤྲས་པ། ས་འོག་ཏུ་གཏེར་གྱི་ཁང་པ་དུ་མས་གཏམས་པ། འཁོར་ཡུག་རིམ་པ་གསུམ་གྱིས་བསྐོར་བའི་འཁོར་ཡུག་དང་པོའི་ཕྱོགས་མཚམས་བརྒྱད་དུ། གཏེར་གྱིས་གཏམས་པའི་རིན་ཆེན་སྣ་བདུན་གྱི་རང་བཞིན་ཅན་གྱི་ཁང་བཟང་བརྒྱད་ཀྱིས་མཛེས་པ། འཁོར་ཡུག་གཉིས་པ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་རྟགས། ཉེ་བའི་རིན་ཆེན་བདུན། རྡོ་རྗེའི་ལྷ་མོ་བཅུ་དྲུག་གིས་བརྒྱན་པ། འཁོར་ཡུག་གསུམ་པ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་ལོ་ཏོག །གཏེར་ཆེན་པོའི་བུམ་པ། ཡན་ལག་བརྒྱད་ལྡན་གྱི་ཁྲུས་ཀྱི་རྫིང་བུ། ཆུ་བྱ་སྣ་ཚོགས་པའི་སྐད་སྙན་པ་སྒྲོག་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མེ་ཏོག་སྣ་ཚོགས་ཀྱིས་ཀུན་ནས་སྤྲས་པ། གཞལ་ཡས་ཁང་དབུས་མའི་ལྟེ་བ་ལ། སྣ་ཚོགས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ། ཁམས་གསུམ་སྐད་ཅིག་ཉིད་ལ་བགྲོད་པར་བྱེད་པའི་ཅང་ཤེས་གསེར་མདོག་རླུང་གི་གཤོག་པ་ཅན། རྔ་རྔོག་དུང་ལས་གྲུབ་པ། དར་དམར་གྱི་སྟན། རིན་ཆེན་གསེར་གྱི་སྒ་སྲབ་སྤྲས་པ། གཡུ་ཡི་ཡོབ་ཆེན། མུ་མེན་གྱི་གོང་སྨེད་བྱས་པ། མུ་ཏིག་གི་རྒྱན་ཆས་སིལ་སིལ་འཁྲོལ་བ་དེའི་སྟེང་དུ་སྐྱེ་རྒུ་རྣམས་ཕོངས་པ་ཀུན་ལས་སྒྲོལ་བར་བྱེད་པའི་ནོར་ལྷའི་ཚུལ་དུ་བཞུགས་པ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་སྲིད་ཞིའི་ཕྱྭ་གཡང་མ་ལུས་པ་ཐམས་ཅད་འགུགས་པར་བྱེད་པའི་མདའ་དར་བསྣམས་པ། གཡོན་པས་འགྲོ་བའི་དབུལ་ཕོངས་ཀྱི་སྡུག་བསྔལ་མཐའ་དག་སེལ་བར་བྱེད་པའི་གསེར་གྱི་ནེའུ་ལེ་སེར་པོ་ཁ་ནས་ཡིད་བཞིན་ནོར་བུ་སྐྱུག་པ་འཛིན། འཛུམ་ཞིང་བརྗིད་པའི་ཚུལ་ཅན། སྐུ་ལ་ཟ་འོག་སེར་ཁྲའི་འཇོལ་བེར་ལྷབ་ལྷུབ་གསོལ་བ། ཞབས་ལ་སྭག་ལྷམ་ཡུ་རིང་གསོལ་བ། ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པར་བཞུགས་པ། དེའི་འཁོར་དུ་རྩེ་ལྷ་བཅུ་གསུམ། རྨ་སྲས་དགུ། སྲིང་གཅིག་རྡོ་རྗེ་དྲག་མོ་རྨ་སྨན་གྱི་ཚོགས་རྨ་འཁོར་འབུམ་དང་བཅས་པ་དང་། གཡས་ཕྱོགས་སུ་ལྷ་དམག་གྱི་ཚོགས་དང་། གཡོན་ཕྱོགས་ནས་གཉན་དམག་གྱི་ཚོགས་ཐམས་ཅད་ཀི་བསྭོ་ཆ་སྒྲ་དི་རི་རི་སྒྲོག་པ། ནམ་མཁའ་དང་ས་གཞི་བར་སྣང་ཐམས་ཅད་ཉི་མའི་ཟེར་གྱི་རྡུལ་ལྟར་འཁྲིགས་པ་བསམ་གྱིས་མི་ཁྱབ་པར་གང་བར་བཞུགས་པའོ། །དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ་དམར་པོ། སྙིང་གར་ཧཱུྃ་སྔོན་པོས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས་པས། གང་དཀར་ཤེལ་གྱི་སྐུ་མཁར་རྨ་ཡུལ་མཐོང་བ་ཀུན་སྨོན་ནས། སྐད་ཅིག་གི་མཁའ་ལས་གློག་ཕྲེང་གཡོ་བ་བཞིན་དུ་སྤྱན་དྲངས་པར་གྱུར། སྤྱན་འདྲེན་པ་ནི། ཧཱུྃ། ཕྱོགས་ཕྱོགས་ཉི་མ་ཤར་གྱི་ཕྱོགས་རོལ་ན། །ཤར་ཕྱོགས་རྨ་གཡང་ཐམས་ཅད་ཆགས་པའི་ཡུལ། །གངས་དཀར་རིན་ཆེན་ཤེལ་གྱི་སྐུ་མཁར་ནས། །སྐུ་ལྷ་རྨ་གཉན་སྤོམ་ར་ལྷ་ཡི་སྲས། །ཁྱོད་ནི་སྔོན་ནས་མངོན་པར་བྱང་ཆུབ་ཀྱང་། །རྩོད་ལྡན་སྙིགས་མ་ལྔ་བརྒྱའི་ཡང་མཐའ་འདིར། །འགྲོ་བའི་དོན་དུ་སྤྲུལ་པའི་སྐུར་སྟོན་པ། །ནོར་ལྷ་ཡོངས་ཀྱི་རྒྱལ་པོའི་ཚུལ་འཛིན་པ། །མཐུ་ཆེན་རྩེ་ལྷ་བཅུ་གསུམ་རྨ་སྲས་དགུ། །སྲིང་གཅིག་རྡོ་རྗེ་གྲགས་མོ་རྨ་སྨན་ཚོགས། །ལྷ་དམག་ཀླུ་དམག་རྨ་འཁོར་འབུམ་དང་བཅས། །འཁོར་བཅས་མ་ལུས་སྤྱན་འདྲེན་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ བཞུགས་གསོལ་ནི། ཧཱུྃ། དྭངས་གསལ་ཤེལ་གྱི་གཞལ་མེད་ཉམས་དགའ་བར། །སྣ་ཚོགས་པདྨ་ཉི་ཟླའི་གདན་སྟེང་དུ། །འགྲོ་བའི་དབུལ་ཕོངས་སེལ་བའི་ལྷ་གཅིག་བུ། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། །ཕྱག་འཚལ་བ་ནི། ཧཱུྃ། ཐུགས་རྗེས་ཕོངས་པ་ཀུན་ལས་སྒྲོལ་མཛད་པ། །སྐུ་ལྷ་རྨ་གཉན་སྤོམ་ར་འཁོར་བཅས་ལ། །གཉིས་སུ་མེད་པ་དང་བའི་ཚུལ་གྱིས་ནི། །རྩེ་གཅིག་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏི་ཙྪ་ཧོཿ མཆོད་པ་ནི། ཧཱུྃ། རབ་འབྱམས་ཞིང་ཀུན་གང་བའི་མཆོད་པའི་སྤྲིན། །རབ་མང་ནམ་མཁའ་མཛོད་ཀྱི་འཁོར་ལོ་འདི། །རབ་ཏུ་དང་བའི་ཡིད་ཀྱིས་འབུལ་ལགས་ན། །རབ་མཆོག་ལྷ་ཡི་ལྷ་མཆོག་ཁྱོད་ལ་འབུལ།ཨོཾ་བཛྲ་ཨརྒྷྃ་སོགས་ནས་ཤབྡ་མ་ཧཱ་པཉྩ་རཀྟ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ བསྟོད་པ་ནི། ཧྲཱིཿ གངས་ཅན་ཤར་ཕྱོགས་རྨ་གཡང་ཆགས་པའི་ཡུལ། །སྐུ་ལྷ་ལྷ་ཆེན་རྨ་རྒྱལ་སྤོམ་ར་ནི། །ནང་ལྟར་ངོ་བོ་རྒྱལ་ཆེན་རྣམ་ཐོས་སྲས། །ས་བརྒྱད་ཐོབ་པའི་གནོད་སྦྱིན་ཡོངས་ཀྱི་རྒྱལ། །སྐུ་མདོག་རིན་ཆེན་གསེར་གྱི་རི་བོ་འདྲ། །སྐུ་ལ་ཟ་འོག་གསེར་མདོག་བེར་ཆེན་གསོལ། །དབུ་ལ་རིན་ཆེན་སྣ་ལྔའི་པྲོག་ཞུས་བརྒྱན། །ཕྱག་གཡས་མདའ་དར་གཡོན་པས་ནེའུ་ལེ་བསྣམས། །ཕོངས་པ་ཀུན་ལས་སྒྲོལ་བའི་ལྷ་གཅིག་པུ། །རྣམ་མང་ནམ་མཁའ་མཛོད་ལ་མངའ་བརྙེས་པ། །ཆེ་བའི་ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །གང་ལ་ཅི་འདོད་དངོས་གྲུབ་རྩོལ་བའི་ལྷ། །ལྷ་རྣམས་དབུག་འབྱིན་ལྷ་མིན་ཕམ་པར་མཛད། །སྲིང་གཅིག་རྡོ་རྗེ་དྲག་མོ་རྨ་སྨན་ཚོགས། །ལྷ་དམག་ཀླུ་དམག་རྨ་འཁོར་འབུམ་དང་བཅས། །འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་བསྟོད། །ཕྲིན་བཅོལ་ནི། ཧཱུྃ་བྷྱོཿ སྔོན་ཚེ་གནས་མཆོག་འོག་མིན་ཞིང་ཁམས་ནས། །བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀས། །ཐ་ཚིག་གསུམ་གྱིས་དམ་ལ་བཏགས་པའི་ཚེ། །ཅི་བགྱིས་བཀའ་ཉན་སྒྲུབ་པར་ཁས་བླངས་ཤིང་། །བར་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བྲག་དམར་དཔལ་གྱི་བསམ་ཡས་བཞེངས་པའི་ཚེ། །རྒྱལ་ཀུན་སྤྱི་གཟུགས་པདྨ་ཐོད་ཕྲེང་གིས། །བསམ་ཡས་ཧས་པོ་རི་ཡི་ཡང་རྩེ་ནས། །བརྟུལ་ཞུགས་སྤྱོད་པའི་རྡོ་རྗེའི་གར་སྟབས་ཀྱིས། །བོད་ཁམས་ལྷ་འདྲེ་ཆེ་དགུ་ཐམས་ཅད་ཀུན། །རང་དབང་མེད་པར་དབང་དུ་བསྡུས་ནས་ཀྱང་། །ལྷ་སྲིན་ཐམས་ཅད་དམ་ལ་བཏགས་པའི་ཚེ། །ལྷ་གཉན་ཆེན་པོས་རང་གཟུགས་བསྟན་ནས་ཀྱང་། །ཇི་ལྟར་ཞལ་བཞེས་དམ་ལས་མ་འདའ་ཞིག །ད་ལྟ་སྒྲུབ་པའི་རིག་འཛིན་བདག་ཅག་གིས། །མ་དང་མཁའ་འགྲོ་འདུ་བའི་གནས་མཆོག་འདིར། །ཚེ་འདིར་བསམ་པ་ཐམས་ཅད་འགྲུབ་པ་དང་། །མཐར་ཐུག་ཆོས་སྐུ་མངོན་དུ་བྱེད་པ་ལ། །བར་ཆད་སྣ་ཚོགས་རླུང་ལྟར་འཚུབས་པའི་ཚེ། །ཁྱོད་ནི་སྔོན་ཚེ་བསྐལ་མང་གོང་རོལ་ནས། །ས་བརྒྱད་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ། །དྲག་པོ་ཆེན་པོའི་རྟོག་པ་མི་འཚལ་ཡང་། །འོན་ཀྱང་རྩོད་ལྡན་སྙིགས་མའི་ཡང་མཐའ་འདིར། །སློབ་དཔོན་ཆེན་པོའི་བཀའ་བསྒོས་ཐ་ཚིག་ལྟར། །གཟུགས་ཅན་གཟུགས་མེད་མི་དང་མི་མིན་གྱི། །བར་ཆད་རྩོམ་པའི་མི་བསྲུན་ལོག་སྤྱོད་མཁན། །རང་གཤེད་རང་ལ་དབབ་བའི་ཕྲིན་ལས་མཛོད། །དེང་ནས་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །ལྷ་མཆོག་ཁྱོད་དང་མི་འབྲལ་འགྲོགས་ནས་ཀྱང་། །འགོ་ཞིང་དཔུང་གཉེན་སྡོང་གྲོགས་མཛད་པ་དང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཅེས་པ་འདི་ཡང་ཟླ༨ཚེས་ལ་ཡིག་ཐུབ་བསྟན་ནོར་བུ་ནས་བསྐུལ་བའི་ངོར་འཆི་མེད་གྲུབ་པའི་དགའ་ཚལ་ནས་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག
ཧཱུྃ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཤར་ཕྱོགས་རྨ་གཡང་ཆགས་པའི་ཡུལ། །གངས་དཀར་ཤེལ་གྱི་གུར་ཁང་དང་། །རྨ་ཡུལ་མཐོང་བ་ཀུན་སྨོན་ནས། །སྐུ་ལྷ་རྨ་གཉན་སྤོམ་ར་དང་། །བརྩེ་ལྷ་བཅུ་གསུམ་རྨ་སྲས་དགུ། །རྡོ་རྗེ་དྲག་མོ་རྨ་སྨན་ཚོགས། །རྨ་འཁོར་འབུམ་དང་བཅས་པ་ཀུན། །སྤྱན་འདྲེན་གནས་འདིར་གཤེགས་པའི་ཚེ། །གཡས་ནས་ལྷ་དམག་སྤུངས་སེ་སྤུང་། །གཡོན་ནས་གཉན་དམག་འཚུབས་སེ་འཚུབ། །ཀི་བསྭོ་ཆ་སྒྲ་དི་རི་རི། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །སྲིད་པའི་འདོད་ཡོན་སྣ་ཚོགས་དང་། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །ཕྱི་ནང་གསང་བའི་མཆོད་པ་འབུལ། །བསམ་པ་སྒྲུབས་ལ་རེ་བ་བསྐོངས། །ལྷ་ཡི་ཚེ་དང་ཀླུ་ཡི་ནོར། །གཉན་གྱི་གཡང་དང་མི་ཡི་དཔལ། །བཅུད་ལྡན་ཟས་དང་བཀྲག་ཅན་གོས། །འཛམ་གླིང་ཟས་ནོར་བདག་ལ་སྩོལ། །ལྷ་འདྲེ་མི་གསུམ་དབང་དུ་བསྡུས། །དགྲ་འདྲེ་གདོན་གསུམ་ཚར་ཆོད་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བརྗོད་ཕུད་དང་གཏོར་མ་མཆོད། །འདི་ཡང་རྫོགས་ཆེན་སྤྲུལ་མིང་པ། །ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ཡིས། །གང་ཤར་དེ་མ་ཐག་ཏུ་བྲིས། །མངྒ་ལམ། དགེའོ། །

རྨ་རྒྱལ་སྤོམ་རའི་བསྐང་བ་རྒྱས་པ་རྨ་གཡང་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།

ཧཱུྃ། རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །རང་བྱུང་རང་ཤར་རྣམ་རོལ་ཅིར་ཡང་སྣང་། །རང་སྣང་མ་འགགས་འཇའ་ཚོན་ལྟ་བུ་མཛེས། །རང་བྱུང་ལྷུན་གྲུབ་ཞིང་ཁམས་ཆེན་པོའི་དབུས། །བསམ་མི་ཁྱབ་པའི་ཕོ་བྲང་ལྟ་ན་སྡུག །བསམ་ལས་འདས་པའི་རྒྱན་བཀོད་ཕུན་སུམ་ཚོགས། །བསམ་མེད་བློ་འདས་རང་བྱུང་རང་ཤར་བ། །བསམ་བརྗོད་བྲལ་བའི་ཕོ་བྲང་ལྷུན་གྱིས་གྲུབ། །ཕོ་བྲང་ཕྱི་རོལ་འཁོར་ཡུག་ཐམས་ཅད་ན། །རིན་ཆེན་བཻཌཱུརྱ་ཡི་ས་གཞི་ལ། །གསེར་གྱི་བ་གམ་མིག་མང་རིས་སུ་བྲིས། །རྣམ་མང་རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །རབ་མཛེས་ཨུཏྤལ་པདྨ་ཚར་དུ་དངར། །ཁ་དོག་ལྔ་ལྡན་ཡིད་འོང་རྫིང་བུ་དང་། །ཡན་ལག་བརྒྱད་ལྡན་ཆུ་བོ་དལ་གྱི་འབབས། །གསང་བ་སྔགས་ཀྱི་སྙན་པའི་སྒྲ་དབྱངས་སྒྲོག །ཡིད་འཕྲོག་ལྷ་བྱ་གསུང་སྙན་སྣ་ཚོགས་ནི། །རྣམ་འགྱུར་དགའ་བའི་ཟློས་གར་ཅིར་ཡང་བསྒྱུར། །ཤིན་ཏུ་མཛེས་པའི་རི་དྭགས་སྣ་ཚོགས་ནི། །རྩེད་འཇོ་དགའ་བའི་གར་བྱེད་ལམས་སེ་ལམ། །མ་རུང་གདུག་པའི་གཅན་གཟན་གཏུམ་པོའི་ཚོགས། །ཕྱོགས་བཅུར་རྒྱུག་ཅིང་རྔམས་པའི་ང་རོ་སྒྲོག །མར་གད་ཨིནྡྲ་ནི་ལ་མུ་ཏིག་དང་། །གསེར་དངུལ་བྱུ་རུ་མུ་མེན་སྤོས་ཤེལ་ཚོགས། །སྣ་ཚོགས་རིན་ཆེན་ལས་གྲུབ་དཔག་བསམ་ཤིང་། །ཡིད་འོང་ལྗོན་པའི་ཚལ་གྱིས་ཀུན་ནས་མཛེས། །རབ་དཀར་གངས་ཀྱི་རི་བོ་ལྟ་ན་སྡུག །བརྗིད་ཆགས་བཀོད་ལེགས་ལྷུན་སྟུག་བྲག་རི་ཡི། །འཁོར་ཡུག་བར་མཚམས་མེད་པར་ཀུན་ནས་མཛེས། །ཕོ་བྲང་ཆེན་པོའི་དབུས་ཀྱི་ལྟེ་བ་ལ། །ལྷ་ཡི་སྲས་པོ་རྨ་རྒྱལ་སྤོམ་ར་ནི། །ཁྱོད་ནི་ཞི་རྒྱས་དབང་དང་དྲག་པོ་ཡི། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྟེར་མཛད་པའི། །རྣམ་འགྱུར་སྤྲུལ་པ་ཅིར་ཡང་སྟོན་པའི་ལྷ། །རེས་འགའ་རྒྱས་པའི་ཕྲིན་ལས་སྒྲུབ་མཛད་པའི། །གསེར་མདོག་སྒེག་ཅིང་བརྗིད་པའི་ཉམས་ལྡན་པ། །ཞལ་གཅིག་ཕྱག་གཉིས་ཕྱག་གཡས་མདའ་དར་དང་། །གཡོན་པས་ནོར་འཛིན་གསེར་གྱི་ནེའུ་ལེ་བཙིར། །ཁ་ནས་ཡིད་བཞིན་ནོར་བུ་སྣ་ཚོགས་སྐྱུག །གསང་གོས་དབང་མདོག་མཐའ་འཇགས་རྒྱས་པའི་མདོག །རིན་ཐང་བརྗོད་དུ་མེད་པའི་པཉྩ་ལི། །ཟབ་བེར་གསེར་མདོག་ཁ་དོག་སྣ་ཚོགས་ལ། །རབ་མཛེས་རིན་ཆེན་མེ་ཏོག་རི་མོ་བཀྲ། །གསེར་ཁྲབ་གསེར་རྨོག་རུ་དར་རྒོད་འཕྲུ་ཅན། །མགུལ་རྒྱན་གསེར་གབ་བེེཌཱུརྱ་ཡི་སྤྲས། །གཟི་དང་གཡུ་བྱུར་མུ་ཏིག་ཕྲེང་བས་རྒྱན། །ཐབས་ཀྱི་དཔའ་བོའི་མདའ་དོང་གཡས་སུ་བཏགས། །ཤེས་རབ་མཆོག་དཀར་གཟིག་ཤུབས་འབར་བ་གཡོན། །ཕ་རོལ་འཇོམས་པའི་རལ་གྲི་རྐེད་ལ་བཏགས། །ཆིབས་སུ་རྟ་མཆོག་གསེར་གྱི་མདོག་ཅན་ལ། །རྫུ་འཕྲུལ་ལྡན་པ་རླུང་གི་གཤོག་པ་ཅན། །རིན་ཆེན་གསེར་གྱི་གཡེར་ཁས་མགྲིན་པ་སྤྲས། །སྲབ་འཇམ་ཡང་བའི་ལེ་བརྒན་དར་སྟན་ལ། །རིན་ཆེན་གསེར་ལ་དངུལ་གྱིས་སྤྲས་པའི་སྒ། །རབ་མཛེས་ཟ་འོག་སྣ་ལྔའི་ཡོབ་སྟན་ལ། །བེེཌཱུརྱ་ཡི་ཡོབ་ཆེན་མཛེས་པ་ཅན། །གོང་སྨེད་རིན་ཆེན་མར་གད་ཞུན་མ་ལ། །ཡིད་འོང་རིན་ཆེན་པདྨ་རཱ་གའི་གདོག །གཡུ་མཐུར་གསེར་སྲབ་དར་དམར་སྲབ་སྐྱོགས་ལ། །མུ་ཏིག་ཐུར་མདའ་དུང་གི་ལན་ཚར་ཅན། །ཕུན་ཚོགས་དཔལ་འབྱོར་དངོས་གྲུབ་སྟེར་མཛད་པའི། །འདོད་རྒུའི་ཆར་འབེབས་ནོར་ལྷ་ཡོངས་ཀྱི་གཙོ། །འགྲོ་བའི་དབུལ་ཕོངས་སྡུག་བསྔལ་སེལ་བར་བྱེད། །བཙུན་མོ་སྲས་དང་ཕྱི་ནང་བློན་པོ་དང་། །འཁོར་དུ་རྩེ་ལྷ་བཅུ་གསུམ་རྨ་སྲས་དགུ། །སྲིང་གཅིག་རྡོ་རྗེ་དྲག་མོ་མོ་སྨན་ཚོགས། །ལྷ་ཀླུ་གཉེན་གྱི་དམག་ཚོགས་བསམ་མི་ཁྱབ། །རྨ་འཁོར་འབུམ་ཕྲག་ཡངས་པའི་ཚོགས་དང་བཅས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །ཧཱུྃ་ཧྲཱིཿ ཐུགས་དམ་གཉན་པོ་སྐོང་བའི་དམ་རྫས་ནི། །ཡན་ལག་བརྒྱད་ལྡན་མཆོད་ཡོན་ཞབས་བསིལ་དང་། །རྣམ་བཀྲའི་མེ་ཏོག་དྲི་ཞིམ་བདུག་སྤོས་སྤྲིན། །སྣང་གསལ་མར་མེ་དྲི་ཆབ་བྱུག་པའི་མཚོ། །རོ་བརྒྱའི་ཞལ་ཟས་སྙན་བརྗིད་རོལ་མོའི་སྒྲ། །ལྷ་རྫས་ཕྱི་ཡི་མཆོད་པ་སྤྲིན་ལྟར་གཏིབས། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །དམར་ཆེན་ཨརྒྷཾ་དུག་ཆུའི་ཞབས་བསིལ་དང་། །དབང་ལྔའི་མེ་ཏོག་གསུར་ཆེན་དུད་པའི་སྤྲིན། །ཞུན་ཆེན་མར་མེ་མཁྲིས་པའི་དྲི་ཆབ་དང་། །ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔའི་སྒྲ། །རང་བྱུང་ཡེ་ཤེས་ནང་གི་མཆོད་པའི་སྤྲིན། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །སྨན་དང་རཀྟ་དཔལ་གྱི་གཏོར་མ་དང་། །ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་སྐར་ལྟར་བཀྲམ། །མ་རིག་གཉིས་འཛིན་རུ་ཏྲ་དབྱིངས་སུ་བསྒྲལ། །ཐབས་ཤེས་ཡབ་ཡུམ་མཉམ་སྦྱོར་བདུད་རྩིའི་སྤྲིན། །དམ་རྫས་གསང་བའི་མཆོད་པ་བླ་ན་མེད། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །རྡོ་རྗེ་སྒེག་མོ་དཀར་མོ་ལྟ་ན་སྡུག །ཕྲེང་བ་སེར་མོ་ནོར་བུའི་དོ་ཤལ་ཅན། །གླུ་མ་དམར་མོ་རིན་ཆེན་པི་ཝཾ་སྒྲོག །གར་མ་ལྗང་གུ་གར་གྱི་ཕྱག་རྒྱ་ཅན། །ལྟ་ན་སྡུག་པ་ཕྱི་ཡི་ལྷ་མོའི་ཚོགས། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །བདུག་སྤོས་སེར་མོ་དྲི་ཞིམ་སྤོས་ཕོར་ཐོགས། །མེ་ཏོག་དཀར་མོས་མེ་ཏོག་སྣ་ཚོགས་འཐོར། །མར་མེ་དམར་སེར་ཉི་ཟླའི་སྒྲོན་མེ་ཐོགས། །དྲི་མ་ལྗང་གུས་དྲི་ཡི་དུད་ཕོར་བསྣམས། །འཇམ་མཉེན་ཡིད་འོང་ནང་གི་རིགས་མའི་ཚོགས། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །མེ་ལོང་དཀར་མོས་དངུལ་དཀར་མེ་ལོང་བསྣམས། །རྔ་ཟླུམ་སེར་མོའི་རྔ་ཟླུམ་སྙན་པ་འཁྲོལ། །རྡོ་རྗེ་པི་ཝཾ་དམར་མོས་པི་ཝཾ་འཁྲོལ། །རྡོ་རྗེ་གླིང་བུ་སྔོན་མོས་གླིང་བུ་བསྣམས། །གཟུགས་མཛེས་གསང་བའི་ལྷ་མོ་རྣམ་པ་བཞིས། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །རྫ་རྔ་དཀར་མོས་ཕྱག་གཉིས་རྫ་རྔ་རྡུང་། །རེག་བྱ་སེར་མོས་ན་བཟའ་སྣ་ཚོགས་འབུལ། །རོ་མ་དམར་མོས་ཕྱག་གཉིས་ཞལ་ཟས་ཐོགས། །ཆོས་མ་མཐིང་གས་ཆོས་ཀྱི་ཕྱག་རྒྱ་མཛད། །རྨད་བྱུང་འདོད་ཡོན་ལྷ་མོའི་ཚོགས་རྣམས་ཀྱིས། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །གསེར་གྱི་ཙཀྲ་ཡིད་བཞིན་ནོར་བུ་མཆོག །ཡིད་འོང་བཙུན་མོ་ཁྱིམ་བདག་རིན་པོ་ཆེ། །རབ་བརྟན་གླང་པོ་ཅང་ཤེས་རྟ་ཡི་མཆོག །ཕ་རོལ་རྒོལ་འཇོམས་དམག་དཔོན་རིན་པོ་ཆེ། །བསོད་ནམས་སྟོབས་ལས་བྱུང་བའི་རྒྱལ་སྲིད་བདུན། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །རིན་ཆེན་གདུགས་མཛེས་གསེར་གྱི་ཉ་མོ་དང་། དགོས་འདོད་གཏེར་གྱི་བུམ་པ་པདྨ་བཟང་། །དྲི་མེད་དུང་དཀར་འདོད་འབྱུང་དཔལ་བེའུ། །མི་ནུབ་རྒྱལ་མཚན་གསེར་གྱི་འཁོར་ལོ་སོགས། །དགེ་ལེགས་གཏེར་མཛོད་བཀྲ་ཤིས་རྟགས་བརྒྱད་ཀྱིས། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །དངུལ་དཀར་མེ་ལོང་འཆི་མེད་བདུད་རྩིའི་ཞོ། །ཉོན་མོངས་ནད་སེལ་གི་ཝཾ་བིར་བ་དང་། །ཚེ་འཕེལ་དུརྦ་དུང་དཀར་གཡས་འཁྱིལ་བ། །དབང་རྫས་ལི་ཁྲི་བགེགས་འཇོམས་ཡུངས་དཀར་རྫས། །ཡིད་འཕྲོག་བཀྲ་ཤིས་རྫས་མཆོག་བརྒྱད་པོ་ཡིས། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །ལྷུན་སྟུག་ནགས་ཚལ་རྣོ་བའི་རལ་གྲི་དང་། །རིན་ཆེན་སྣ་ཚོགས་ལས་གྲུབ་གཞལ་ཡས་ཁང་། །མལ་ཆ་ལྷ་ཡི་གོས་དང་སྦྲུལ་གྱི་ལྤགས། །རིན་ཆེན་སྣ་ཚོགས་ལས་གྲུབ་མཆིལ་ལྷམ་སོགས། །དགེ་ལེགས་གཏེར་མཛོད་ཉེ་བའི་རིན་ཆེན་བདུན། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །མ་རྨོས་ལོ་ཏོག་རིན་ཆེན་གཏེར་གྱི་བུམ། །འདོད་འབྱུང་བ་མོ་ནོར་འཛིན་ནེའུ་ལེ། །ཡན་ལག་བརྒྱད་ལྡན་རྫིང་བུ་སྣ་ཚོགས་དང་། །མཐིང་རིལ་ཁྲུང་ཁྲུང་ངང་པ་དཀར་སེར་མཛེས། །རིན་ཆེན་ལས་གྲུབ་ཁྲུས་ཀྱི་ཁང་པ་སོགས། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །ཨིནྡྲ་ནི་ལ་མར་གད་བེེཌཱུརྱ། །རྡོ་རྗེ་ཕ་ལམ་པདྨ་རཱ་ག་གཡུ། །གཟི་དང་བྱུ་རུ་སྦུར་ལེན་ཨིནྜ་སྙིལ། །གསེར་སྤུག་སྤོས་ཤེལ་གཡུ་དམར་མུ་མེན་དང་། །མེ་ཤེལ་ཆུ་ཤེལ་དུང་དང་མུ་ཏིག་སོགས། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །རལ་གྲི་མདུང་དང་ཐོང་གཤོལ་དགྲ་སྟ་དང་། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །མདའ་གཞུ་རྩེ་གསུམ་ཟངས་ལྕགས་འཁོར་ལོ་དང་། །ཐོ་བ་གཏུན་དང་གསལ་ཤིང་ཆུ་གྲི་མདུང་། །གོ་ཁྲབ་ཕུབ་རྨོག་མཚོན་ཆའི་ཚོགས་རྣམས་ཀྱིས། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །ཡོལ་བ་བླ་བྲེ་འཕན་གདུགས་རྒྱལ་མཚན་དང་། །སྣ་ཚོགས་དར་གྱི་གཡབ་མོ་སྤྲིན་ལྟར་གཏིབས། །ཟ་འོག་གུར་དང་དར་གྱི་ལྡ་ལྡིའི་ཚོགས། །རབ་མཛེས་རྔ་ཡབ་ནོར་བུའི་ཡུ་བ་ཅན། །སྣ་ཚོགས་ནོར་བུའི་དྲྭ་བ་དྲྭ་ཕྱེད་ཀྱིས། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །གླང་ཆེན་མ་ཧེ་བསེ་རུ་བ་མེན་ཚོགས། །ཤ་རྐྱང་རྣ་བ་རྒོ་བ་འབྲོང་བུ་སྙན། །རྟ་དྲེལ་བོང་བུ་མཛོ་འབྲི་ཙ་ར་ལུག །གངས་རིའི་མདངས་ལྡན་ལྷ་གཡག་ཞོལ་ཆེན་དང་། །རི་དྭགས་གཡང་དྭགས་རྐང་བཞིའི་ཚོགས་རྣམས་ཀྱིས། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །སྟོབས་ལྡན་གངས་ཀྱི་སེང་གེ་དཔའ་བརྟུལ་སྟག །མི་བཟད་གདུག་པ་གཟིག་དང་གཏུམ་པོ་དོམ། །རྔམས་བརྗིད་དྲེད་མོང་མ་རུང་སྤྱང་ཀི་འོབ། །རབ་མྱུར་འཕར་བ་ཟ་བྱེད་ཝ་མོ་དང་། །གུང་གཡི་ལ་སོགས་གཅན་ཟན་ཚོགས་རྣམས་ཀྱིས། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །ཆུ་སྲིན་རྒྱལ་པོ་དུང་དང་རུས་སྦལ་སྲམ། །ཉ་སྦྲུལ་སྦལ་ལྕོང་འཛིན་བྱེད་ཆུ་སྲིན་སྤིར། །ཆུ་རྟ་ཆུ་གླང་ཆུ་ལུག་ཆུ་ཡི་མི། །ཀླུ་ལ་དབང་བའི་ཀླུ་ནོར་ཉེར་གཅིག་དང་། །རླན་གཤེར་ཆུ་ལ་གནས་པའི་རིགས་གྱུར་སོགས། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །ཤང་ཤང་ནེ་ཚོ་རྨ་བྱ་ཀ་ཏ་རི། །ལྷ་བྱ་དྲིལ་བུའི་སྒྲ་ཅན་གཟེ་མོའི་སྒྲ། །ཀ་ལ་པིང་ཀ་ཁུ་བྱུག་རི་སྐེགས་དང་། །གསེར་གྱི་རྡོ་རྗེའི་གཟུགས་ཅན་ཀྲི་ཏ་པ། །ཁྱུང་ཆེན་ལ་སོགས་འདབ་ཆགས་སྣ་ཚོགས་ཀྱིས། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །ཛ་ཏི་ཕ་ལ་སུག་སྨེལ་ཀ་ཀོ་ལ། །ཅུ་གང་ལི་ཤི་ལ་སོགས་བཟང་པོ་དྲུག །ཨ་བར་སྐྱུར་གསུམ་ལ་སོགས་འབྲས་བུ་གསུམ། །གེ་སར་གསུམ་དང་ཞོ་ཤ་རྣམ་པ་གསུམ། །ག་བུར་ལ་སོགས་སྨན་གྱི་རིགས་རྣམས་ཀྱིས། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །ཕོ་ཆས་མོ་ཆས་བརྒྱན་ཆ་སྣ་ཚོགས་དང་། །ཀ་ཆ་དཀོར་ཆ་ལོངས་སྤྱོད་བསམ་མི་ཁྱབ། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་མཆོད་པ་དང་། །བཟའ་བ་སྣ་ཚོགས་ལྷུན་པོའི་སྤོ་དང་མཉམ། །བཏུང་བའི་རིགས་བྱེད་རྒྱ་མཚོ་ལྟ་བུར་བསྐྱིལ། །རྨ་རྒྱལ་སྤོམ་ར་འཁོར་བཅས་ཐུགས་དམ་བསྐང་། །གཞན་ཡང་མདོར་ན་ཕྱི་ནང་གསང་བ་ཡི། །དངོས་པོ་ཡོ་བྱད་ཇི་སྙེད་ཡོད་པ་ཀུན། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །ཕུན་ཚོགས་དཔལ་འབྱོར་ལོངས་སྤྱོད་བསམ་མི་ཁྱབ། །གུས་པའི་སེམས་ཀྱིས་རབ་ཏུ་འབུལ་ལགས་ན། །ཟས་ནོར་ལོངས་སྤྱོད་ཅི་འདོད་དངོས་གྲུབ་ཀུན། །ལྷ་ཆེན་འཕྲུལ་དགའི་ལོངས་སྤྱོད་ཇི་བཞིན་དུ། །དངོས་གྲུབ་མ་ལུས་ཡིད་བཞིན་སྩོལ་བ་དང་། །དགྱེས་པ་ཆེན་པོའི་ཚུལ་གྱིས་བཞེས་ནས་ཀྱང་། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །ཅེས་རྨ་རྒྱལ་སྤོམ་རའི་བསྐང་བ་རྒྱས་པ་འདི་ཉིད་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ལྕགས་མོ་བྱ་ལོའི་ཟླ་བ་དང་པོའི་ཚེས་ཉེར་ལྔ་ལ་སྡེ་དགེ་ལྷུན་གྲུབ་སྟེང་གི་རྒྱལ་ཁམས་ནས་བསྟན་འགྲོར་ཕན་པའི་ལྷག་པའི་བསམ་པ་བཟང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག དགེའོ། །དགེའོ། །དགེའོ། །

སྨན་སྲུང་ལྷ་སྨན་གྱི་བསྐང་བསྡུས་མུ་ཏིག་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

ཧཱུྃ། ནམ་མཁའ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ནས། །ཡེ་ཤེས་ཁྱེའུ་ཆུང་སྨན་གྱི་ལྷ་མོའི་ཚོགས། །ལྷ་ཀླུ་སྨན་གསུམ་མངོན་ཤེས་ཅན་གྱི་བདག །གྲངས་མེད་འཁོར་བཅས་ཆར་སྤྲིན་གཏིབ་པ་བཞིན། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ། །སྣ་ལྔས་བརྒྱན་པའི་མདའ་དར་བཟང་པོ་དང་། །རོ་བརྒྱའི་བཟའ་བཏུང་རྣམ་བཀྲའི་མེ་ཏོག་ཚལ། །གཡུ་ཤུག་སྤོས་དཀར་བསྲེགས་པའི་དུད་པའི་སྤྲིན། །འདོད་ཡོན་ལྔ་དང་རིན་ཆེན་སྣ་བདུན་དང་། །བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་རིན་ཆེན་བདུན། །དཀར་གསུམ་མངར་གསུམ་སྨན་སྣ་ཕྱེ་མར་ཕུད། །སྨན་བཤོས་རྩེ་རྒྱལ་འབྲུ་སྣ་རིན་ཆེན་སོགས། །མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན། །མ་ཚང་མེད་པར་གུས་པས་འབུལ་ལགས་ན། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་གྱུར་ཅིག །དམ་ཚིག་འགལ་བ་མ་ལུས་སོ་སོར་བཤགས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཞེས་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་བྲིས་པ་དགེའོ། །

ལྷ་བཙན་ཆེན་པོའི་བསྐུལ་བ་ནི།

ཧཱུྃ། ལྷ་བཙན་ཆེན་པོ་ཇོ་བོ་རྡོ་རྗེ་འབར། །བཙན་རྒོད་ཆེན་པོ་མཆེད་བདུན་འཁོར་དང་བཅས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །ཁྱོད་ཀྱི་དམ་ཚིག་ཐུགས་དམ་དུས་ལ་བབ། །དམ་ཉམས་དགྲ་བོ་ལས་ངན་སྡིག་ཅན་ལ། །མ་རུངས་ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོང་། །འགོ་བའི་ལྷ་དང་བརྟན་པའི་ཡུལ་དང་ཕྲོལ། །མཛའ་བཤེས་གྲོགས་དང་ལོངས་སྤྱོད་ནོར་དང་ཕྲོལ། །དཀོན་པའི་ཚེ་སྲོག་མྱུར་དུ་ཆོད་ལ་ཤོག །དམ་ཉམས་དགྲ་བོའི་ཤ་ཟོ་ཁྲག་ལ་འཐུང་། །དོན་སྙིང་ནང་རོལ་མ་ལུས་ཞལ་དུ་སྟོབས། །ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སྨྲས་པ་དགེ །

དགྲ་ལྷའི་རྒྱལ་པོ་གེ་སར་ནོར་བུ་དགྲ་འདུལ་གྱི་གསོལ་མཆོད་ཆེན་མོ་ཕྲིན་ལས་དོན་བརྒྱད་དགེ་ལེགས་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།

བླ་མ་དང་གཉིས་སུ་མེད་པ་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །མ་ལུས་བདུད་སྡེ་ཕམ་མཛད་ཅིང། །བསྟན་པ་གཉན་པོ་སྲུང་བ་དང་། །སྒྲུབ་ལ་བུ་བཞིན་སྐྱོང་མཛད་པའི། །དགྲ་ལྷའི་རྒྱལ་པོ་ཁྱོད་ལ་འདུད། །དེ་ཡང་དགྲ་ལྷའི་རྒྱལ་པོ་གེ་སར་ནོར་བུ་དགྲ་འདུལ་བསྒྲུབ་ཅིང་མཆོད་པར་འདོད་པའི་གང་ཟག་གིས་ཐོག་མར། དེ་ཡང་མཆོད་གཏོར་རི་རབ་བང་རིམ་བཞི་བ། དེ་སྟེང་མཁར་བད་གྲུ་བཞི། དེ་སྟེང་གཙོ་བོ་སེང་ཆེན་ནོར་བུ་དགྲ་འདུལ་ལ་དཀར་ཟླུམ་གླིང་བཞི། ཤར་དུ་ལྷ་ཚངས་པ་ལ་དཀར་ཟླུམ། རྩེར་དུང་བྱས་བརྒྱན་པ། ལྷོར་ཀླུ་ལ་དཀར་ཟླུམ་འདབ་བརྒྱད་སྦྲུལ་དཀྲིས། ཀླད་བྱ་སྔོན་གྱིས་བརྒྱན་པ། ནུབ་ཏུ་གཉན་ཆེན་གེར་འཛོ་ལ། གཉན་བཤོས་རྒྱབ་ཡོལ་ཅན། གསེར་བྱས་བརྒྱན་པ། བྱང་དུ་དུང་ཁྱུང་དཀར་པོ་ལ་དཀར་ཟླུམ། ཤར་ལྷོ་ནུ་བོ་ཀླུ་ཕྲུག་འོད་ཆེན་ལ་དཀར་ཟླུ། ལྷོ་ནུབ་ཏུ་སྲིང་ལྕམ་ཐལ་ལེ་འོད་འཕྲོ་ལ་དཀར་ཟླུམ། ནུབ་བྱང་དུ་གནམ་སྨན་དཀར་མོ་ལ་དཀར་ཟླུམ། བྱང་ཤར་དུ་དགྲ་ལྷ་མེ་སྟག་དམར་པོ་ལ་དམར་གཏོར་སྙིང་གིས་བརྒྱན་པ། བང་རིམ་དང་པོར་མ་ཡུམ་འགོག་གཟའ་སོགས་དྭངས་སྨན་མཆེད་བདུན་དང་། དྭངས་སྨན་མཆེད་ལྔ་བཅས་ལ་ཤར་ནས་རིམ་བཞིན། ཤར་དུ་ཟླུམ་བཤོས་དཀར་པོ་གསུམ། ལྷོར་གསུམ། ནུབ་དུ་གསུམ། བྱང་དུ་གསུམ། དེ་དག་གི་བར་མཚམས་རྣམས་སུ་མོ་སྨན་སུམ་ཅུ་མཚོན་ཕྱིར་མར་གྱི་རིལ་བུ་སུམ་ཅུ། འཕུར་དགུ་བྱ་རིགས་སྣ་ཚོགས་ཀྱིས་བརྒྱན་པ། བང་རིམ་གཉིས་པར། ཤར་དུ་དབུས་སུ་དཔལ་མགོན་ཚོགས་བདག་ལ་དམར་གཏོར་ཆེ་བ། སྐྱེས་བུའི་ཕྲག་ལྷ་སོགས་དགྲ་ལྷ་བཅུ་གསུམ་ལ། འཁོར་རང་འདྲ་གཙོ་བོའི་གཡས་སུ་བདུན། གཡོན་དུ་དྲུག་སྟེ་བཅུ་གསུམ། རྒྱལ་སྲིད་སྣ་བདུན་དང་ཉེ་བའི་རིན་ཆེན་བདུན་གྱིས་བརྒྱན་པ། ལྷོར་དགྲ་ལྷ་མཆེད་དགུའི་གཙོ་བོ་དཔའ་བརྟན་དམག་དཔོན་ཆེན་པོ་ལ་དབུས་སུ་གཙོ་བོར་དམར་གཏོར་ཆེ་བ་འཁོར་རང་འདྲ་བརྒྱད་དེ་གཙོ་བོའི་གཡས་གཡོན་དུ་བཞི་རེ་བཀོད། རི་རབ་གླིང་བཞི། ཉི་ཟླ། དཔག་བསམ་ཤིང། བུམ་བཟང། འདོད་འཇོའི་བ། ཡུལ་ལྗོངས་སོགས་དར་གོས་སྣམ་རས་གཅན་གཟན་ལྤགས་པ་སྲ་བརྟན་གོ་ཆ་རྣོ་ངར་མཚོན་གྱིས་བརྒྱན་པ། ནུབ་ཀྱི་དབུས་སུ་དགྲ་ལྷ་བཅུ་གསུམ་གྱི་གཙོ་བོ་ཚེ་སྲོག་སྐྱོབས་པའི་དགྲ་ལྷ་ལ་ལ་དམར་གཏོར་ཆེ་བ། འཁོར་བཅུ་གཉིས་ལ་གཙོ་བོའི་གཡས་སུ་རང་འདྲ་དྲུག ། གཡོན་དུ་དྲུག་རེ་བཀོད། དེ་དག་གི་བར་མཚམས་སུ་གཞན་ཡང་སྲོག་ལུས་དབང་ཐང་རླུང་རྟ་ལ་དབང་བྱེད་པའི་ལྷ་དང་། འཛམ་གླིང་སྐྱོང་བའི་ཡུལ་ལྷ་ཟོར་དོར་མཁར་གྱི་རྩེ་ལྷ་ཁྱིམ་དང་གོ་མཚོན་ཞིང་དང་ཕྱུག་ལྷས། སྒོ་ཁྱིམ་ལམ་སྲང་ཐབ་ཀ་སོགས་ལ་གནས་པའི་ལྷ་དང་། སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་གྱི་ཚོགས་ཐམས་ཅད་ལ་ཐེབ་ཀྱུ་དང་རིལ་བུ་གྲངས་མང་སྟག་རལ་གཟིགས་ཤུབ་ཁྲབ་རྨོག་ཕུབ་མདུང་དར་ཞགས་པ་ནོར་བུ་དུང་། གླང་སྟག་སེང་ཁྱུང་འབྲུག་མདའ་དར་གྱིས་བརྒྱན་པ། བྱང་ཕྱོགས་ཀྱི་དབུས་སུ་གཙོ་བོ་རྨ་རྒྱལ་ལ་ཟླུམ་བཤོས་དཀར་པོ་ཆེ་བ། འཁོར་དུ་དགེ་བསྙེན་ཚངས་པ། བཙུན་མོ་སྤྲུལ་པ་བཅས་ལ་རང་འདྲ་བཞི་སྟེ་གཙོ་བོའི་གཡས་སུ་གཉིས་གཡོན་དུ་གཉིས་རེ་བཀོད། དེ་དག་གི་བར་མཚམས་སུ་སྨན་མོའི་ཚོགས་དང། ཀླུ་བཙན་གཉན་བདུད་འཁོར་ཚོགས་རྣམས་ལ་རང་མདོག་ཐེབ་རིལ་གྲངས་མང་། སྨན་ལེབ། འབྲང་རྒྱས། བྱང་བུ་མིག་དགུ། གཡུ། གསེར། དངུལ་སོགས། ཤ་གཟུགས་ལག་གཡས། རྟ་གཡག་ར་ལུག འཕུར་དགུ། འགྲིབ་དགུ། འཛུལ་དགུ་སོགས་སྤྱན་གཟིགས་སྣ་ཚོགས་ཀྱིས་བརྒྱན་པ། བང་རིམ་གསུམ་པར་དགྲ་ལྷ་ཝེར་མའི་ཚོགས་དང་། མགྲོན་ཡག་དར་མའི་ཚོགས་ལ་ཟླུམ་བཤོས་དཀར་པོ་དང་དམར་གཏོར་སྤེལ་མ་ཤར་དུ་བཅུ། ལྷོར་བཅུ། ནུབ་ཏུ་བཅུ། བྱང་དུ་བཅུ། དགྲ་ལྷ་ཝེར་མའི་དམག་ཚོགས་ཐམས་ཅད་མཚོན་ཕྱིར། དེ་དག་གི་བར་མཚམས་རྣམས་སུ་ཐེབ་ཀྱུ་དང་རིལ་བུ་གྲངས་མང་། གཅན་གཟན་སྣ་ཚོགས་ཀྱིས་བརྒྱན་པ། བང་རིམ་བཞི་པར་རྒྱ་གར་གྱི་གྲུབ་ཆེན་བརྒྱད་བཅུའི་རྣམ་སྤྲུལ་ཡབ་ཆེན་སེང་བློན། རོང་ཚ། སྤྱི་དཔོན། དཔའ་ཐུལ་སུམ་བཅུའི་བླ་གནས་སྣང་ངུ་གཡུ་ཡི་མེ་ཏོག སྟོད་སྨད་བར་གསུམ་གླིང་ཆེན་རྣམ་གསུམ་གྱི་དཔའ་ཐུལ་གསུམ་དང་། རྒྱལ་མཚན་ཐོགས་པའི་མི་བཞི། ངོ་ལུག་གསུམ། དཔའ་ཐུལ་སུམ་ཅུ་བཅས་ཞེ་ལྔ་ལ། ཤར་དུ་ཟླུམ་བཤོས་དཀར་པོ་བཅུ་གཉིས། ལྷོར་གྲུ་བཞི་སེར་པོ་བཅུ་གཅིག ནུབ་དུ་དམར་པོ་ཟླ་གམ་བཅུ་གཅིག བྱང་དུ་གྲུ་གསུམ་ནག་པོ་བཅུ་གཅིག བར་མཚམས་སུ་བླ་མ་སུམ་ཅུ། སྒོམ་ཆེན་སུམ་ཅུ། སྟོན་པ་སུམ་ཅུ་སོགས་ལས་བྱེད་ཀྱི་རིགས་ཐམས་ཅད་ལ་རང་མདོག་དང་མཐུན་པའི་ཐེབ་རིལ་གྲངས་མང་བཅས། རི་དྭགས་གཡུང་དྭགས་རིག་བྱེད་སོགས་སྐམ་གཤེར་གྱི་གཟུགས་འགྲོས། དཀོར་ཆ་ལོངས་སྤྱོད་ཇི་སྙེད། སྐྱེད་ཚལ་རི་གླིང་ཁང་ཁྱིམ། ནམ་མཁའ་མངའ་འཕང་རྒྱང་བུ། ཕོ་ཐོང་མོ་ཐོང་ལ་སོགས་པས་བརྒྱན་པ་བཤམ་དགོས། ཤིན་ཏུ་བཅའ་ཐབས་བསྡུས་པ་ལྟར་ན། རི་རབ་བང་རིམ་བཞིའི་སྟེང་དཀར་ཟླུམ་གླིང་བཞི་འཁོར་དཀར་ཟླུམ་བདུན། དམར་གཏོར་ལྔ། བང་རིམ་གཉིས་པར་ཐེབ་ཀྱུ་བཞི་བཅུ། བང་རིམ་གསུམ་པར་རིལ་བུ་དམར་པོ་ཞེ་ལྔ། བང་རིམ་བཞི་པར་ཕྱོགས་བཞིར་ཐེབ་རིལ་གྲངས་མང་བཅས་གོང་ལྟར་དང་། མཁོ་བའི་ཡོ་བྱད་མ་ཚངས་བ་མེད་པར་འདུ་བྱས་ལ། དོན་དང་པོ་རྟེན་བསྐྱེད་པའི་ཡན་ལག་ནི། རང་ཉིད་ཡི་དམ་གྱི་ང་རྒྱལ་དང་ལྡན་པའི་སྒོ་ནས། ཨོཾ་སྭ་བྷ་ཝ་སོགས་ཀྱིས་སྦྱངས། སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པའི་ནང་དུ་རྒྱལ་བའི་དབང་པོ་མཚོ་སྐྱེས་རྡོ་རྗེ་དང་། རིགས་གསུམ་ཞི་ཁྲོའི་སྒྱུ་འཕྲུལ་གཅིག་ཏུ་བསྡུས་པ། བདུད་འདུལ་ལས་ཀྱི་དབང་ཕྱུག་དགྲ་ལྷ་ཀུན་གྱི་རྒྱལ་པོ། ཝེར་མ་ཡོངས་ཀྱི་སྲོག་སྙིང་། སྡེ་བརྒྱད་ཀུན་གྱི་ཆེ་བཙན། དྲེགས་པ་ཐམས་ཅད་ཀྱི་སྲོག་བདག་ཆེན་པོ། གེ་སར་སྐྱེས་བུ་ཆེན་པོ་ནོར་བུ་དགྲ་འདུལ་སྐུ་མདོག་དཀར་པོ་གངས་ཀྱི་རི་བོ་ལ་ཉི་མ་བྱེ་བས་འཁྱུད་པ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། ཤིན་ཏུ་མཛེས་པ་ཞི་ཞིང་དྭངས་པའི་ཉམས་ཅན་དགྱེས་ཞལ་ཟླ་བ་ལྟར་ངོམས་པ། ཕྱག་གཡས་པས་མགོན་དཀར་ཡིད་བཞིན་ནོར་བུའི་གཏེར་ཟོག་རྦ་ལྕག་བསམ་པའི་དོན་གྲུབ་ཕྱར་ཐབས་སུ་འཛིན་པ་ལས་དགོས་འདོད་ནོར་བུའི་ཆར་བ་འབེབས་པ། ཕྱག་གཡོན་པས་གཉན་གྱི་བླ་མདུང་། མདུང་མོ་ཁམས་གསུམ་དགྲ་འདུལ་བསྣམས་པ་ལ་བ་དན་གཡུལ་ལས་རྣམ་པར་རྒྱལ་བ་གཡོ་བ། ཆོས་སྐྱོང་མགོན་པོའི་ཕྱག་དར། ཚངས་པ་དཀར་པོའི་དབུ་རྨོག་དབུ་ལ་རྨོག་དཀར་རྒྱལ་བའི་དོན་གྲུབ་གསོལ་བ། མགུལ་དུ་མགུལ་གབ་རིན་པོ་ཆེ་ནོར་བུ་འོད་འབར། མཁའ་འགྲོའི་བླ་རྡོ་སྣ་ཚོགས་ནོར་རྒྱན་གྱིས་སྤྲས་པ། མ་རྒྱུད་སྟོང་གི་བླ་གནས་ཕུབ་མོ་སྦ་དམར་ལེབ་ཆེན། སྐུ་ལ་མཁའ་འགྲོའི་གསང་གོས་དགྲ་ལྷའི་བེར་སྨུག་དཀར་ཤམ་ཟོ་ལུ་དགུ་བསྒྲིལ། ཁྲོ་བོ་སྟོང་གི་བླ་ལྕགས། གཙུགས་ན་རིན་ཆེན་སྐུ་ཁྲབ་རྡོ་རྗེའི་གོ་ཁྲབ་སིལ་མ་ཐོག་རྒྱུགསྐུ་ཆིངས་གྲུབ་པའི་རྒྱལ་མོའི་ཚེ་མདུད། གཡས་སུ་སྟག་དོང་འཁྱིལ་བ་དགྲ་ལྷའི་རྫོང་ཆེན་གྱི་ནང་ཤེད་ན་དགྲ་ལྷའི་ལྷ་རྟེན་མདའ་མོ་སུམ་ཅུ། དགྲ་སྲོག་གཅོད་པའི་ལེབ་ཆེན་སུམ་ཅུ། ཤ་ཟ་ཁྲག་འཐུང་ལྕགས་མདའ་སུམ་ཅུ། མི་སྐད་གོ་བའི་ལྷ་མདའ་བདུན། སྒུ་རུའི་ལྷ་མདའ་སྒྲོ་དཀར། ཨ་འགའ་ཤེལ་གྱི་ལེབ་ཆེན་བཅས་མདའ་མོ་དགུ་བཅུ་གོ་དགུ་ལ་ཁྲོ་བོ་དགུ་བཅུ་གོ་དགུ་ཚང་བ། གཡོན་དུ་གཟིག་ཤུབ་འབར་བ་ཝེར་མའི་བླ་གནས་སུ་མཆོག་དཀར་ར་རྒོད་འཁྱིལ་བ་གཟའ་བདུད་རང་འཁོར། སྐེད་གྲི་འཇིག་རྟེན་ཆོས་སོད། མགོན་པོ་བེར་ནག་བླ་གནས། རལ་གྲི་བཏབ་པ་ལན་མེད། དམ་ཅན་མགར་ནག་བླ་གནས། མ་མོའི་བླ་མཚོན་རྡོ་རྗེའི་བྲག་ཆོད་དང་། བརྩེ་གྲོགས་བླ་རྡོ་ཤེལ་གྱི་གྲི་ཆུང་། ལྷ་ཡི་བླ་མཚོན་གནམ་ལྕགས་ཐོག་མདའ། ཀླུ་ཡི་བླ་ཞགས་སྦལ་སྦྲུལ་འདོམ་དགུ། འུར་རྡོ་ཕ་ཝང་སྟོང་འཁོར། དམ་ཅན་བླ་རྡོ་གླད་ཁྲག་དཀྲུག་བྱེད། ཞབས་ལ་འཇའ་རིས་སྭག་ལྷམ་སྡེ་བརྒྱད་ཟིལ་གནོན་གསོལ་བ། སྐུ་ལ་དགྲ་ལྷའི་གོ་མཚན་སྣ་དགུས་བརྒྱན་པ། ཆིབས་སུ་རྫུ་འཕྲུལ་ཤུག་ལྡན་མདོ་བ་རྟ་ཡི་ལྷ་མཆོག་རྡོ་རྗེ་རྐྱང་རྒོད་འཕེལ་པོ་ལ། རྟ་སྟན་སྨེ་བ་དགུ་བརྩེགས། བལ་སྟན་ཡིད་བཞིན་ནོར་བུ། ཀོ་གཟར་མེ་རུ་འཁྱིལ་ཆེན། གསེར་སྒ་རི་མོ་དགུ་སྐོར་སྔ་རུ་སེར་པོ་གསེར་ལས་བྱས་པ་ཤཱཀྱ་ཐུབ་པའི་བླ་གནས། ཕྱི་རུ་ཁམ་པ་དངུལ་ལས་གྲུབ་པ་སྟོན་པ་གཤེན་རབ་བླ་གནས། ཨ་འཇོག་ཡིད་བཞིན་ནོར་བུ་མགོན་པོ་སྟོང་གི་བླ་གནས། རྟ་སྨེད་གསེར་གྱི་རྒྱ་མདུད་མཁའ་འགྲོ་སྟོང་གི་བླ་གནས། གློ་ལེན་འབྲུག་གི་ཤ་འགུལ་ཆོས་སྐྱོང་སྲུང་མའི་བླ་གནས། ཡོབ་ཆེན་དཀར་མོ་ལྗང་ཤག ཡོབ་ལུང་དར་གྱི་ཅོད་པན་དུང་སྐྱོང་དཀར་མོའི་བླ་གནས། གོང་ཐག་མཆོང་གི་པ་དྲྭ། གཡུ་མཐུར་གཡུ་འབྲུག་ཡར་འཁྱིལ་ཀླུ་ཕྲུག་འོད་འཁྱིལ་བླ་གནས། གསེར་སྲབ་ཉི་མ་རང་ཤར་ཡི་དམ་སྟོང་གི་བླ་གནས་སོགས་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་ལ་ཆིབས་པ། རྐྱང་སྨུག་བེར་ག་རོལ་དུ་ཁྲིད་པ། དེའི་མདུན་ནས་གཡས་སྐོར་དུ་ལྷ་ཆེན་ཚངས་པ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་མདའ་དར་དང་། གཡོན་པས་མདུང་དར་བསྣམས་པ། དབུ་ལ་རྨོག་གསོལ་བ། སྐུ་ལ་དར་དཀར་དང་དུང་ཁྲབ་གསོལ་བ། སྟག་རལ་གཡས་ལ་གཟིགས་ཤུབ་གཡོན་དུ་འཕྱངས་བ། དུང་བྱ་དཀར་པོ་ཀླད་དུ་ལྡིང་བ། དུང་ཁྱི་དཀར་པོ་རོལ་དུ་ཁྲིད་པ། དུང་རྟ་དཀར་པོ་ལ་ཆིབས་པ། ལྷ་དམག་བྱེ་བ་འབུམ་གྱིས་བསྐོར་བ། གཉན་ཆེན་སྐུ་ལྷ་གེ་འཛོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་མདའ་དར་དང་། གཡོན་མདུང་དར་བསྣམས་པ། དབུ་ལ་བསེ་རྨོག་དང་། སྐུ་ལ་བེར་སེར་དང་། བསེ་ཁྲབ་གསོལ་བ། བསེ་ཕུབ་དང་། གསེར་མདའ། གསེར་གཞུས་བརྒྱན་པ། ཀླད་ལ་གསེར་བྱ་ལྡིང་བ། གསེར་ཁྱི་སེར་པོ་རོལ་དུ་ཁྲིད་པ། སྟག་རལ་གཡས་ལ་གཟིགས་ཤུབ་གཡོན་དུ་འཕྱངས་བ། གཉན་རྟ་ཁྲ་བོ་ལ་ཆིབས་པ། འཁོར་དུ་གཉན་དམག་འབུམ་གྱིས་བསྐོར་བ། ཀླུ་རྒྱལ་གཙུག་ན་རིན་ཆེན། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་མདའ་དར་དང་། གཡོན་མདུང་དར་ཅན། དབུ་ལ་གཡུ་རྨོག་དང་། སྐུ་ལ་བེར་སྔོན་དང་གཡུ་ཁྲབ་གསོལ་བ། གཡུ་ཕུབ་དང་གཡུ་མདའ། གཡུ་གཞུས་བརྒྱན་པ། ཀླད་ལ་གཡུ་བྱ་ལྡིང་བ། གཡུ་ཁྱི་སྔོན་པོ་རོལ་དུ་ཁྲིད་པ། སྟག་རལ་གཡས་ལ་གཟིགས་ཤུབ་གཡོན་དུ་འཕྱངས་བ། ཆུ་རྟ་སྔོན་པོ་ལ་ཆིབས་པ། འཁོར་དུ་ཀླུ་དམག་བྱེ་བ་འབུམ་གྱིས་བསྐོར་བ། ཕུ་བོ་དུང་ཁྱུང་དཀར་པོ། ཞལ་གཅིག་ཕྱག་གཉིས་ཐར་སྦྱར་གྱི་ནོར་བུ་ཐུགས་ཀར་འཛིན་པ། རྟ་རག་པ་གསེར་གྱི་གདོང་ཚོམས་ཅན་ལ་བཅིབས་པ། ཁྱུང་མགོ་ཅན་འབུམ་གྱིས་བསྐོར་བ། ནུ་བོ་ཀླུ་ཕྲུག་འོད་ཆེན་མི་ལུས་སྦྲུལ་གྱི་མགོ་བོ་ཅན། ཕྱག་ན་གཡུ་སྦྲུལ་གྱི་ཞགས་པ་བསྣམས་པ། གཡུ་རྟ་གཟི་མིག་ལ་ཆིབས་པ། སྦྲུལ་མགོ་ཅན་འབུམ་གྱིས་བསྐོར་བ། སྲིང་མོ་ཐལ་ལེ་འོད་འཕྲོ། ཕྱག་ན་མུ་ཏིག་གི་ཞགས་པ་བསྣམས་པ། བྱ་རྒྱལ་ཐང་དཀར་རྒོད་པོ་ལ་ཆིབས་པ། མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར་བ། མ་ཨ་ནེ་གནམ་སྨན་དཀར་མོ་ཞལ་གཅིག་ཕྱག་གཉིས་པ། གཡས་སེང་ལྡེང་ཌཱ་མ་རུ་སྟོང་གསུམ་སྙན་པར་ཁྲོལ་བ། གཡོན་དངུལ་དཀར་གྱི་དྲིལ་བུ་སིལ་སིལ་དཀྲོལ་བ། སེང་གེ་དཀར་མོ་ལ་ཆིབས་པ། རོལ་དུ་མ་ཧེ་སྔོན་པོ་ཁྲིད་པ། ལུང་བསྟན་མཁའ་འགྲོ་འབུམ་གྱིས་བསྐོར་བ། དགྲ་ལྷའི་མེ་སྟག་དམར་པོ། མི་དམར་ཁྲག་གི་རལ་བ་ཅན། ཞལ་གཅིག་ཕྱག་གཉིས་པ། གཡས་པས་མདུང་དར། གཡོན་ཞགས་པ་བསྣམས་པ། ཞལ་ནས་མེ་འབར་བ། ཤངས་ནས་དུད་པ་འཐུལ་བ། སྤྱན་ནས་མེའི་ཚྭ་ཚྭ་འཕྲོ་བ། རྟ་དམར་བྱེ་རུའི་གདོང་ཅན་ལ་ཆིབས་པ། དགྲ་ལྷ་སྟོང་དང་ལྔ་བརྒྱའི་འཁོར་གྱིས་བསྐོར་བ། མ་ཡུམ་འགོག་གཟའ་ལྷ་དཀར། སྟོང་ཉིད་མགར་བཟའ་ཆོས་སྒྲོན། ཟི་མ་གཡང་སྨན་རྒྱལ་མོ་དང་། རྒྱ་གར་ཆོས་མོ་མཚོ། རྒྱ་ནག་ཁྲི་མོ་མཚོ། དཔོན་ཆེན་བུ་མོ་གཡུང་དྲུང་མཚོ། བློན་པོའི་བུ་མོ་ཧ་ཤང་མཚོ། ཁ་མཚར་ཀླུ་མོ་མཚོ་སྟེ་ཡུམ་མཆོག་དྭངས་སྨན་མཆེད་ལྔ་དང་། སེང་ལྕམ་འབྲུག་མོ། དགུང་མ་ཡག་སེང་ལྕམ། སྤྱི་དཔོན་གཡུ་སྒྲོན། འདན་མའི་དར་ལུ། འབྲུ་རབ་དཀར་སྟོན་པའི་བུ་མོ། ཕ་ཆེན་རག་གཟའ་དགེ་མཚོ། ནེའུ་ཆུང་ལུ་གུའི་མཚར་ཡག་ཏེ་དྭངས་སྨན་མཆེད་བདུན། དེ་ཐམས་ཅད་ཕྱག་གཡས་པ་ན་མདའ་དར། གཡོན་པ་ན་ཕྱེ་མར་བསྣམས་པ། དེ་དག་གི་འཁོར་དུ་མོ་སྨན་སུམ་ཅུའི་གཙོས། མོ་སྨན་མཁའ་འགྲོའི་ཚོགས་ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟ་བུར་བཞུགས་པར་གྱུར། དེའི་ཕྱི་རོལ་ཤར་ཕྱོགས་སུ་རྣམ་འབྱོར་ཡོངས་ཀྱི་དགྲ་ལྷ་ཆེན་པོ་དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོ། སྐུ་མདོག་མཐིང་ནག་དབྱར་གྱི་ཆར་སྤྲིན་ལྟ་བུ་ཤིན་ཏུ་འཇིགས་པའི་ཉམས་ཅན། གཡས་ཙནྡན་གྱི་བིང་དང་། གཡོན་ཐོད་ཁྲག་བསྣམས་ཤིང་ཁྲོ་ཆས་ཡོངས་སུ་རྫོགས་པ། དར་དམར་ནག་གི་འཇོལ་བེར་སུམ་བརྩེགས་གྱོན་པ། ཞབས་ལ་སག་ལྷམ་གསོལ་ཞིང་ལྷ་ཀླུ་གཉན་གྱི་དམག་ཚོགས་བྱེ་བ་དུང་ཕྱུར་འགྱེད་པ། དེའི་གཡོན་དུ་ལྷ་མོ་དུང་སྐྱོང་དབང་མོ། ཕྱོགས་མཚམས་སོགས་སུ་སྐྱེས་བུ་ཕྲག་ལྷ་དཀར་པོ། དགྲ་ལྷ་མ་ལྷ་བུ་རྫི་སེར་པོ། ཐབ་ལྷ་ཡུ་མོ་སྔོན་མོ། ཁྱིམ་ལྷ་གེའུ་ཐུང་དཀར་པོ། རྒྱལ་ཆེན་རྣམ་སྲས་སེར་པོ། ཨརྱ་ཛམ་ལྷ་སེར་པོ། ཚོང་ལྷ་ཚོགས་བདག་གླང་སྣ་དཀར་པོ། འགྲོན་ལྷ་དཀར་པོ། དགྲ་ལྷ་འཐབ་སྐྱེན་སྣ་ནག་མཐོང་ག མགོན་པོ་ཇག་ལྷ་དཀར་པོ། དགྲ་ལྷ་མགོན་པོ་དམར་པོ། མགོན་པོ་ཟས་ལྷ་དམར་པོ། མགོན་པོ་སྲོག་ལྷ་དཀར་པོ་སྟེ། མགོན་པོ་དགྲ་ལྷ་བཅུ་གསུམ་ལྷ་དམག་བྱེ་བའི་ཚོགས་མེ་དཔུང་གི་དབུས་ན་སྒྲུབ་པ་པོའི་རྣམ་བཞིའི་ཕྲིན་ལས་སྒྲུབ་ཅིང་། སྡེ་བཞིའི་དགའ་སྟོན་སྤེལ་བའི་རང་བཞིན་ཅན་གྱི་རྣམ་འགྱུར་དཔག་དུ་མེད་པས་བསྐོར་བ། ལྷོ་ཕྱོགས་སུ་དགྲ་ལྷ་མཆེད་དགུའི་དཔའ་བརྟན་དམག་དཔོན་ཆེན་པོ་རླུང་གི་ཤུགས་ལྡན་རྟ་མཆོག་གངས་རི་ལྟར་དཀར་བ་ལ་རིན་པོ་ཆེའི་སྒ་སྲབ་ཀྱིས་སྤྲས་པའི་སྟེང་དུ། སྐུ་མདོག་དཀར་ལ་འོད་དུ་འཚེར་བ། ཞལ་གཅིག་ཕྱག་གཉིས་པ། གཡས་པས་སྦ་ལྕག་དཀར་པོ་ཚིག་གསུམ་བསྣམས་ཤིང་། གཡོན་པས་སྲབ་མདའ་འཛིན་པ། སྐུ་ལ་གསེར་ཁྲབ་སེར་བོ་དང་། དབུ་ལ་གནམ་ལྕགས་ཀྱི་རྨོག་གསོལ་བ། ཞབས་ལ་སག་ཆེན་ཡུ་རིང་གསོལ་ཞིང་། སྟག་རལ་གཡས་ལ་གཟིག་ཤུབ་གཡོན་དུ་བཅིང་བ། དགྲ་འཇོམས་རལ་གྲི་རྐེད་ལ་བཏགས་པ། ལྕགས་ཀྱི་བྱ་ཁྲ་ཀླད་ན་ལྡིང་ཞིང་། ཕྲག་གོང་གཡས་ན་སེང་ཆེན་འགྱིང་ཞིང་། ཕྲག་གོང་གཡོན་ན་རྒྱ་སྟག་གྲུས་མ་འཕྱོ་བ། ཁྱི་ནག་དོམ་དྲེད་ཕྱི་ནས་འབྲང་བ། སྡེ་བརྒྱད་མང་པོ་མདུན་ནས་རྒྱུག་པ། སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་འགྱེད་པ། དེའི་ཤར་དུ་མཐུ་ཆེན་དགྲ་འདུལ། ལྷོར་སྣང་གྲགས་འབྲུག་ལྡིར། ནུབ་ཏུ་དྲག་རྩལ་ཐོགས་འབེབས། བྱང་དུ་སྐྱེས་པ་སྲོག་འདོན། ཤར་ལྷོར་སྡང་བ་སྲོག་གཅོད། ལྷོ་ནུབ་ཏུ་སྐྱེས་བུ་རང་ཆས། ནུབ་བྱང་དུ་བྱ་ཁྲ་སྔོན་པོ། བྱང་ཤར་དུ་དགྲ་སྨན་གཤོག་རྩོལ་དཀར་མོ་སྟེ། དེ་ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་རང་མདོག་དང་མཚུངས་པའི་རྟ་ལ་ཞོན་པ། ཕྱག་གཡས་སྦ་ལྕག་དཀར་པོ་ཚིགས་གསུམ་བསྣམས་ཤིང་། གཡོན་པས་སྲབ་མདའ་འཛིན་པ། སྐུ་ལ་གསེར་ཁྲབ་དང་། དབུ་ལ་ལྕགས་རྨོག་གསོལ་བ། ཞབས་ལ་སག་ལྷམ་གྱོན་ཞིང་། སྟག་དོང་གཡས་དང་གཟིག་ཤུབ་གཡོན་དུ་འཕྱངས་བ། དགྲ་འཇོམས་རལ་གྲི་རྐེད་ལ་བཏགས་པ། ཀླད་ན་ལྕགས་ཀྱི་བྱ་ཁྲ་ལྡིང་བ། ཕྲག་གོང་གཡས་ན་སེང་ཆེན་འགྱིང་ཞིང་། ཕྲག་གོང་གཡོན་ནས་རྒྱ་སྟག་གྲུས་མ་འཕྱོ་བ། ཁྱི་ནག་དོམ་དྲེད་ཕྱི་ནས་འབྲང་བ། སྡེ་བརྒྱད་མང་པོ་མདུན་ནས་རྒྱུག་པ། སྤྲུལ་པ་ཡང་སྤྲུལ་བསམ་གྱི་མི་ཁྱབ་པར་འགྱེད་ཅིང་། ཀུན་ཀྱང་དཀར་ཕྱོགས་སྐྱོང་བའི་ཚུལ་གྱིས་བཞུགས་པ། ནུབ་ཕྱོགས་སུ་མཐུ་ལྡན་དགྲ་ལྷ་བཅུ་གསུམ་གྱི་གཙོ་བོ་ཚེ་སྐྱོབ་པའི་དགྲ་ལྷ་གངས་རི་ལྟར་དཀར་ཞིང་། ཞལ་གཅིག་ཕྱག་གཉིས་པ། གཡས་མདུང་དར་དང་གཡོན་དོན་ཡོད་འཕྲུལ་གྱི་ཞགས་པ་འཛིན་པ། རྟ་དཀར་སྒ་སྲབ་གོང་སྨེད་ཅན་ལ་བཅིབས་པ། མཛེས་བརྗིད་དཔའ་བའི་ཉམས་དང་ལྡན་པ། ཤར་དུ་བསྟན་པ་རྒྱས་པའི་དགྲ་ལྷ་མི་སྔོན་རྟ་སྔོན་བཅིབས་ནས་བ་དན་སྔོན་པོ་བསྣམས་པ། ལྷོར་མི་གྲངས་སྤེལ་བའི་དགྲ་ལྷ་མི་དམར་རྟ་དམར་བཅིབས་ནས་དར་སྨུག་ལྕེ་བརྒྱད་བསྣམས་པ། ནུབ་ཏུ་དགྲ་སྡང་འདུལ་བའི་དགྲ་ལྷ་མི་ནག་རྟ་ནག་བཅིབས་ནས་བ་དན་ནག་པོ་བསྣམས་པ། བྱང་དུ་གནོད་བྱེད་འདུལ་བའི་དགྲ་ལྷ་མི་སྨུག་རྟ་སྨུག་བཅིབས་ནས་དར་སྨུག་ལྕེ་བརྒྱད་བསྣམས་པ། ཤར་ལྷོར་དཀོར་ནོར་སྤེལ་བའི་དགྲ་ལྷ་མི་སེར་རྟ་སེར་བཅིབས་ནས་མདུང་དར་སེར་པོ་བསྣམས་པ། ལྷོ་ནུབ་ཏུ་མི་ཚེ་བསྲིངས་བའི་དགྲ་ལྷ་མི་དམར་རྟ་དམར་བཅིབས་ནས་བདུད་རྩིའི་བུམ་པ་འཛིན་པ། ནུབ་བྱང་དུ་མཛེས་བརྗིད་རྔམས་པའི་དགྲ་ལྷ་མི་དཀར་རྒྱ་སྟག་བཅིབས་ནས་རུ་མཚོན་འཛིན་པ། བྱང་ཤར་དུ་དཔའ་རྩལ་བསྐྱེད་པའི་དགྲ་ལྷ་མི་དཀར་དུང་གི་སེང་གེ་བཅིབས་ནས་ཤེས་རབ་གྱི་རལ་གྲི་འཛིན་པ། སྟེང་ཕྱོགས་སུ་དཔའ་བརྗིད་བཙུན་པའི་དགྲ་ལྷ་མི་དཀར་རྒྱ་སྟག་བཅིབས་ནས་དར་ཁྲ་འཛིན་པ། འོག་ཕྱོགས་སུ་ཀུན་གྱིས་བཀུར་བའི་དགྲ་ལྷ་མི་དཀར་གླང་ཆེན་བཅིབས་ནས་དར་མདུང་འཛིན་པ། རྒྱབ་ཕྱོགས་སུ་སྙན་པ་ཐོབ་པའི་དགྲ་ལྷ་མི་དཀར་གཡུ་འབྲུག་བཅིབས་ནས་དུང་དཀར་འཛིན་པ། ཐམས་ཅད་ཀྱི་སྔོན་དུ་བསམ་དོན་འགྲུབ་པའི་དགྲ་ལྷ་མི་དཀར་དུང་ཁྱུང་བཅིབས་ནས་ཡིད་བཞིན་གྱི་ནོར་བུ་བསྣམས་པ། ཐམས་ཅད་ཀྱི་གཡོན་པས་ཞགས་པ་འཛིན་པ། སྐྱེས་དར་མའི་ཉམས་ཅན། གོ་ཁྲབ་དང་སྟག་རལ་གཟིག་ཤུབ་བཅིང་བ། སག་ལྷམ་གསོལ་ཞིང་རྔམ་བརྗིད་དཔའ་བའི་རྒྱན་ཆ་ལུགས་དུ་མ་ཡོངས་སུ་རྫོགས་པ། བྱང་ཕྱོགས་སུ་རྨ་ཡུལ་ཡངས་བའི་ཟོ་དོར་གྱི་རྒྱལ་པོ་རྨ་ཆེན་སྤོམ་ར། ས་བརྒྱད་ཐོབ་པའི་གནོད་སྦྱིན་ཡོངས་ཀྱི་རྒྱལ་པོ། སྐུ་མདོག་དཀར་པོ་ལ་དབང་གི་གཟི་བྱིན་ཆགས་པས་ཅུང་ཟད་དམར་འོད་འབར་བ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་ནོར་བུ་འབར་བ་དང་། ཕྱག་གཡོན་པས་མདུང་དར་བསྣམས་པ། དབུ་ལ་ཟངས་རྨོག་བྱེ་རུའི་ཏོག་ཁེབ་ཅན་གསོལ་བ། སྐུ་ལ་ལྗང་དམར་བརྩེགས་པའི་བེར་གསོལ་བ། ཞབས་ལ་སག་ལྷམ་གསོལ་བ། ཅང་ཤེས་ངང་དམར་རླུང་གི་གཤོག་རྩལ་དང་ལྡན་པ། གསེར་སྒ་གསེར་སྲབ་གཡུ་མཐུར་བྱེ་རུས་བརྒྱན་པ་ལ་བཅིབས་པ། གཡས་སུ་དགེ་བསྙེན་བཙུན་པ་ཆོས་གོས་མཐིང་ཤམ་ཆབ་རིལ་ཅན། དབུ་ལ་བསེ་ཐེབ་གསོལ་བ། རྟ་དཀར་པོ་ལ་ཞོན་པ། རྒྱབ་ཏུ་ལྷུང་བཟེད་ཁུར་བ། ཕྱག་ན་མཁར་གསིལ་དང་གཏེར་གྱི་ཕྲེང་བ་འདྲེན་པ། གཡོན་དུ་ཚངས་པ་གཞོན་ནུ་བེར་དཀར་གསོལ་བ། རྟ་དཀར་དངུལ་གྱི་རྨོག་རུ། ཕྱག་ན་དངུལ་སྒྲོམ། མདུང་དར་དཀར་པོ་བསྣམས་པ། ཅང་ཤེས་དཀར་པོ་ལ་ཞོན་པ། མདུན་དུ་བཙུན་མོ་གཞོན་ནུ་དུང་མདོག་ཞལ་མཛེས། ནོར་བུའི་ཐོར་ཚུགས་སྐྲ་འཕྱང་མུ་ཏིག་གིས་བརྒྱན་པ། གོས་དཀར་གཡང་ལུག་མུ་ཏིག་གི་དོ་ཤལ་གསོལ་བ། ཕྱག་གཡས་ན་གཡུ་ཡི་སྒྲོམ་བུ། གཡོན་མདའ་དར་བསྣམས་པ། རྟ་མཆོག་ངང་པ་ལ་ཞོན་པ། རྒྱབ་དུ་སྤྲུལ་པ་ཆེན་པོ་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་པས་གསེར་སྒྲོམ་དང་། གཡོན་པས་ནེའི་ལེའི་རྐྱལ་བ་འཛིན་པ། དབུ་ལ་གསེར་རྨོག་གསོལ་བ། སྐུ་ལ་གསེར་ཁྲབ་དང་ལྗང་བེར་བརྩེགས་པའི་བེར་གསོལ་བ། གཞན་ཡང་འཁོར་དུ་སྨན་མོ་ལ་སོགས་སྣ་ཚོགས་གཟུགས་སྤྲུལ་ཅན་དང་། ཀླུ་བཙན་གཉན་བདུད་འབུམ་ཕྲག་ཡངས་པའི་འཁོར་དང་བཅས་པ་བཞུགས་པ། དེ་དག་གི་འཁོར་དུ་འགོ་བའི་ལྷ་ལྔ། རིག་འཛིན་བན་སྐྱོང་བོན་སྐྱོང་། གཞན་ཡང་སྲོག་ལུས་དབང་ཐང་ཀླུང་རྟ་ལ་དབང་བྱེད་ལྷ་དང་། འཛམ་གླིང་སྐྱོང་བའི་ཡུལ་ལྷ་ཟོ་དོར། མཁར་ཁྱིམ་གོ་མཚོན་ཞིང་དང་ཕྱུག་ལྷས། སྒོ་ཁྱིམ་ལམ་སྲང་ཐབ་ཀ་སོགས་ལ་གནས་པའི་ལྷ། སྤྲུལ་བ་ཡང་སྤྲུལ་དང་ཉིང་སྤྲུལ་གྱི་ལྷ་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། གཞན་ཡང་ཕྱོགས་དང་ཕྱོགས་མཚམས་སྟེང་འོག་བར་གསུམ་ཐམས་ཅད་དུ། དགྲ་ལྷ་ཝེར་མའི་དམག་ཚོགས། མགྲོན་ཡག་དར་མའི་ཚོགས་དང་བཅས་པ་སོ་སོའི་གནས་སུ་འཁོར་བ་ནི། ནམ་མཁའི་ཝེར་མ་འབྲུག་ཆིབས། ངར་སྐད་ཅན་གྱི་དགྲ་ལྷ། བར་སྣང་ཝེར་མ་གློག་ཆིབས། ཐོག་སེར་ཅན་གྱི་དགྲ་ལྷ། གངས་དཀར་ཝེར་མ་སེང་ཆིབས། གཡུ་རལ་ཅན་གྱི་དགྲ་ལྷ། རྫ་ཁྲ་ཡག་ཝེར་མ་འབྲོང་ཆིབས། རུ་ཐུར་ཅན་གྱི་དགྲ་ལྷ། སྤང་དཀར་ཝེར་མ་རྐྱང་ཆིབས། རྔ་རྔོག་ཅན་གྱི་དགྲ་ལྷ། ལ་ཁ་བཞིའི་ཝེར་མ་ཤ་ཆིབས། མགོ་རྭ་དར་ཅན་གྱི་དགྲ་ལྷ། ནགས་ཙནྡན་ཝེར་མ་སྟག་ཆིབས། འཛུམ་དྲུག་གྱི་དགྲ་ལྷ། བྲག་དཀར་ཝེར་མ་རྒོད་ཆིབས། གཤོག་དྲུག་ཅན་གྱི་དགྲ་ལྷ། ས་གཞིའི་ཝེར་མ་གླང་ཆིབས། སྣ་ཞགས་ཅན་གྱི་དགྲ་ལྷ། ཆུ་བོའི་ཝེར་མ་ཉ་ཆིབས། གསེར་མིག་ཅན་གྱི་དགྲ་ལྷ། རྒྱ་མཚོའི་ཝེར་མ་ཆུ་སྲིན་ཆིབས། རྔམ་བརྗིད་ཅན་གྱི་དགྲ་ལྷ། རྒྱ་ཤོད་ཝེར་མ་རྒྱ་བྱ་ཆིབས། ཀོ་བཟོ་ཅན་གྱི་དགྲ་ལྷ། རྨ་ཤོད་ཝེར་མ་རྨ་བྱ་ཆིབས། སྒྲོ་མདོངས་ཅན་གྱི་དགྲ་ལྷ། ལྷོ་བྲག་ཝེར་མ་ནེ་ཙོ་ཆིབས། སྨ་བརྗོད་བདེ་བའི་དགྲ་ལྷ། སྐྱིད་སེར་ཝེར་མ་རླུང་ཆིབས། མྱུར་མགྱོག་ཅན་གྱི་དགྲ་ལྷ། མིའུ་རིན་ཆེན་ཝེར་མ་རྟ་ལ་ཆིབས། མགྱོག་དར་ཅན་གྱི་དགྲ་ལྷ། དགྲ་ལྷ་ལྔ་གསུམ་བཅོ་ལྔ་དང་། ལྷ་འཁོར་སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས་པ། ཕོ་ཐང་གཡུ་འབྲུག་སྔོན་མོ། རྩ་རླུང་འཁོར་བའི་དགྲ་ལྷ། ལྕགས་ཀྱི་ཕོ་རོག་ནག་པོ། ཆོས་སྐྱོང་འཁོར་བའི་དགྲ་ལྷ། གསེར་གྱི་འུག་པ་སེར་པོ། མུན་པ་སེར་བའི་དགྲ་ལྷ། ཤ་ཟ་ཐང་དཀར་རྒོད་པོ། གནམ་འཕང་གཅོད་པའི་དགྲ་ལྷ། འཛུམ་ཡག་རྒྱ་སྟག་དམར་པོ། འཛུམ་དྲུག་ཅན་གྱི་དགྲ་ལྷ། ལྕགས་ཀྱི་བྱ་ཁྲ་ཧོར་བ། བློ་གྲོས་རྒྱས་པའི་དགྲ་ལྷ། མྱུར་མགྱོག་བྱ་གླག་རོག་མོ། གསོད་བྱེད་ཅན་གྱི་དགྲ་ལྷ། མདུར་རོགས་སྤྱང་ཐོང་སྔོན་མོ། ཟ་ཁ་དར་བའི་དགྲ་ལྷ། རྩལ་ཆེན་སེང་གེ་དཀར་མོ། གཡུ་རལ་ཅན་གྱི་དགྲ་ལྷ། འཁྱིལ་རོགས་གསེར་སྦྲུལ་སེར་པོ། ཞེ་སྡང་ཅན་གྱི་དགྲ་ལྷ། འགྱིང་རོགས་ཤ་བ་རྒྱ་འཛོང་། རྭ་དར་ཅན་གྱི་དགྲ་ལྷ། འཕགས་རོགས་གླ་བ་སྨུག་ཆུང་། བཟང་དྲུག་ཅན་གྱི་དགྲ་ལྷ། གབ་རོགས་རི་བོང་དཀར་པོ། རྣ་མཆོག་ཅན་གྱི་དགྲ་ལྷ། རྔམས་བརྗིད་དྲེད་མོ་སོག་དཀར། ཁྲོ་གཏུམ་ཅན་གྱི་དགྲ་ལྷ། དཔའ་བོ་དོམ་བུ་སྙིང་དཀར། དཔའ་སྙིང་ཆེ་བའི་དགྲ་ལྷ་ཟོ་དོར། སྟོབས་ཆེན་འབྲོང་གཡག་དར་མ། རུ་ཐུར་ཅན་གྱི་དགྲ་ལྷ། ཟིལ་གནོན་བྱ་ཁྱུང་རྒྱལ་པོ། སྙན་གྲགས་རྒྱས་པའི་དགྲ་ལྷ། འགྱིང་གི་གཟིག་ཐང་རི་བཀྲ། དྲག་རྩལ་ཅན་གྱི་དགྲ་ལྷ། གསེར་གྱི་ཉ་མོ་གཤོག་དྲུགཆབ་སྲིད་མཚོ་ལྟར་རྒྱས་པའི་དགྲ་ལྷ། རབ་བརྟན་གླང་ཆེན་ཐལ་དཀར། དབང་ཐང་ཅན་གྱི་དགྲ་ལྷ་སོགས་ཝེར་མ་སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས་པས་ཕྱོགས་དང་ཕྱོགས་འཚམས་ས་གཞི་བར་སྣང་གི་ཁྱོན་ཐམས་ཅད་ཡོངས་སུ་གང་བར་གྱུར། ༈ སེང་བློན་ག་མ་རིག་ཤེས། རྟ་ཕོ་དགུ་བརྒྱ་རྭ་གཅིག་ལ་ཆིབས་པ། རོང་ཚ་ནོར་བུ་ལྷ་དར། རྟ་ཕོ་ཐང་དཀར་གཤོག་ཡག་ལ་ཆིབས་པ། སྤྱི་དཔོན་རོང་ཚ་ཁྲ་རྒན། རྟ་ཕོ་སྨུག་ཆུང་དྲེལ་མགོ་ལ་ཞོན་པ། སྣང་ངུ་གཡུ་ཡི་མེ་ཏོག་རྟ་ཕོ་རྨ་བྱ་ཁྲི་ཆེན་ལ་ཞོན་པ། སྟོད་གླིང་ཉི་འབུམ་དར་ཡག མགྱོགས་པ་ངང་པ་གསེར་སྒང་ལ་བཅིབས་པ། བར་གླིང་ཨ་ནུ་སེང་སྟག མགྱོགས་པའི་གསེར་མདངས་ཉི་མའི་འཁྲུལ་འཁོར་ལ་ཞོན་པ། སྨད་གླིང་མུ་སྤྱང་དར་ལུ། མགྱོགས་པའི་གཡུ་རྟ་ཁྲི་འཕེལ་ལ་ཆིབས་པ། གདོང་བེ་རུ་ཉི་མ་རྒྱལ་མཚན། བེར་རྟ་གློག་དམར་འཁྱུག་ཤེས་ལ་ཆིབས་པ། འབྲུག་རྗེ་ཐར་པ་རྒྱལ་མཚན། འབྲུ་རྟ་གསེར་མདངས་རག་དཀར་ལ་ཆིབས་པ། གླིང་ཨ་ཡག་ཤཱཀྱ་རྒྱལ་མཚན། རྟ་ཕོ་ནམ་མཁའི་མདོག་ཅན་ལ་ཆིབས་པ། གོ་འཇོའི་བླ་མ་རྒྱལ་མཚན། རྟ་ཕོ་སྤྲིན་གྱི་ཤུགས་ཅན་ལ་ཆིབས་པ། མུ་པའི་དར་འཇམ་ངོ་ལུག གཡུ་རྟ་ནོར་བུ་འཕུར་ཤེས་ལ་ཆིབས་པ། འོམ་བུ་ཚངས་པའི་ངོ་ལུག རྟ་ཕོ་རྒ་བ་རྒས་རིང་ལ་ཆིབས་པ། སྟག་རོང་སྤྲིན་ཚ་ངོ་ལུག རྟ་ཕོ་སྔོན་པོ་ཆུ་མདོག་ལ་ཆིབས་པ། གྲི་ལ་དབང་ཐོབ་འབུམ་པའི་ཞལ་དཀར། རྒྱ་རྒྱུག་རྒྱ་བྱ་སོག་དཀར་ལ་ཆིབས་པ། མདའ་ལ་དབང་ཐོབ་འདན་མ་སྤྱང་ཁྲ། མདོ་བ་དངུལ་འཕྲུག་ལྡེམ་པ་ལ་ཆིབས་པ། མདུང་ལ་དབང་ཐོབ་གདོང་ཆོས་ལུ་བུ་ཡི་དར་འཕེན། རྟ་ཕོ་ཁྱུང་ནག་དགུ་འགྲོས་ལ་ཆིབས་པ། སྒྱོག་ལ་དབང་ཐོབ་འབྲུ་དགའ་བདེའི་ཆོས་སྐྱོང་བེར་ནག རྟ་ཕོ་རླུང་ནག་ཤ་ཟན་ལ་ཆིབས་པ། དཔའ་ཡ་མེད་སེང་སྟག་ཨ་དོམ། རྟ་སྟོང་རི་ནོར་གྱི་བང་མཛོད་ལ་ཆིབས་པ། ལྷ་སྲས་དགྲ་ལྷ་རྩེ་རྒྱལ། མདོ་བ་ཁྱུང་གཤོག་རླུང་ལྡན་ལ་ཆིབས་པ། རོང་སྲས་ལྷ་རྒོད་འབུམ་ལི། ཆིབས་ཆེན་སྨུག་ནག་རླུང་འཛིན་ལ་ཆིབས་པ། འཇང་སྲས་གཡུ་ཁྲི་གོང་སྔོན། འདོ་ཆེན་གཡུ་འབྲུག་སྤྲིན་ཤུགས་ལ་ཆིབས་པ། སྡིག་གཅོད་ཤན་པ་མེ་རི། དམར་རྐྱང་ཁ་ལ་མེ་འབར་ལ་ཆིབས་པ། འཇང་ཕྲུག་གཡུ་ལྷ་ཐོག་འགྱུར། མདོ་བ་གནའ་གཡག་སྔོན་པོ་ལ་ཆིབས་པ། སོག་གི་རྟ་དམར་སྟོབས་ཆེན། སོག་རྟ་ངང་པ་འཁྱམས་ཤེས་ལ་ཆིབས་པ། དུང་སྐྱོང་རྟག་ལྷ་ཁྲི་དཀར། འདོ་བ་བྱ་ཁྲ་འཕུར་ཤེས་ལ་ཆིབས་པ། འབྲུ་མི་དཀར་ལྷ་བུ་བསམ་འགྲུབ། རྟ་ངང་དཀར་གྲོ་སྐྱིད་ལ་ཆིབས་པ། རྨ་ཉིན་རྫོང་དཔོན་པོ་ལྷ་ཀླུ། འདོ་བ་རྨ་བྱ་མཚལ་ལུ་ལ་ཆིབས་པ། སྟག་རོང་ཨ་ནུ་སྟག་འཕེན། མགྱོགས་པ་ཕོ་རོག་སྟོང་འཁྱམས་ལ་ཆིབས་པ། སྟག་རོང་ཨ་ནུ་ཁྲ་ཤོག འདོ་བ་སྤྱང་ཁྲ་འཁྱམས་ཤེས་ལ་ཆིབས་པ། སྟག་རོང་ཁྲོ་ཚ་འཁྱིལ་ཆེན། རྟ་ཕོ་ནོར་བུ་ཁྲི་དཀར་ལ་ཞོན་པ། སྟག་རོང་གཟུ་བ་རིན་ཆེན། རྟ་ཕོ་སྲམ་ནག་འཛུམ་ཤེས་ལ་ཞོན་པ། ཁྲོ་ཐུང་ཉ་ཚ་ཨ་བརྟན། རྟ་ཕོ་ནམ་མཁའི་གློག་དམར་ལ་ཆིབས་པ། མུ་བའི་དར་འཕེན་ནག་པོ། དྲེལ་རྟ་གསེར་མདངས་ཡ་མེད་ལ་ཆིབས་པ། གདོང་བཙུན་སྣང་ངུ་ཨ་འཕེལ། ཏིས་ཆུང་ཁྲི་འཇམ་ཡ་མེད་ལ་ཆིབས་པ། མི་ཆེན་རྒྱལ་བའི་ལྷུན་གྲུབ། རྟ་ཕོ་ཤ་བ་རྒྱ་འཛོང་ལ་ཞོན་པ། བརྒྱ་དཔོན་ཁྲོ་ཚ་དམར་ལེབ། བརྒྱ་རྒྱུག་གསེར་མདངས་ཡ་མེད་ལ་ཞོན་པ། སྟོང་དཔོན་ཡ་མི་སོ་ཁྲ། སྟོང་རྟ་ཤུག་པ་འཕེལ་པོ་ལ་ཆིབས་པ། འབུམ་དཔོན་ཐོག་རྒོད་འབར་བ། འབུམ་རྟ་གློག་དམར་འཁྱུག་ཤེས་ལ་ཆིབས་པ། འབྲུ་དགའ་བདེའི་མི་ཆེན་སེར་པོ། མདོ་བ་གསེར་བྱ་འཕུར་ཤེས་ལ་ཆིབས་པ། བཅོ་ལྔའི་དཔའ་གསར་ཟླ་བ། རྟ་ཕོ་ས་ལ་འབྲོས་ཆེན་ལ་ཆིབས་པ། འབུམ་པའི་རོང་ཚ་དམར་ལེབ། མགྱོགས་པ་སྟོང་རི་རག་དཀར་ལ་ཆིབས་པ། སྐྱ་ལོའི་ཁེར་བུ་འབྲུག་རྒྱལ། རྟ་ཕོ་ནོར་བུ་འཇམ་ཤེས་ལ་ཆིབས་པ། བཙན་པོ་བུ་ཡི་ཨ་དཔལ། མགྱོགས་པ་གཡུ་བྱ་རྟིས་སྔོན་ལ་ཆིབས་པ། བཙན་རྒོད་ཕུར་པ་ཁེར་སྐྱེས། བཙན་རྟ་གློག་དམར་འཁྱུག་ཤེས་ལ་ཆིབས་པ། སྡེ་བ་སྒྲོ་རྒོད་མདའ་བཙན། རྒྱ་བྱ་གྱི་ལིང་འཁྲུལ་འཁོར་ལ་ཆིབས་པ། ཤོང་ཚ་ཨ་ནུ་ཁྲ་རྒོད། ཤོ་རྟ་གྲུ་གུ་མགྱོགས་ཆེན་ལ་ཆིབས་པ། ཨ་སྐྱིད་ནམ་མཁའི་སེན་ཞལ། དུང་རྟ་ནོར་བུ་འཁྱམས་ཤེས་ལ་ཆིབས་པ། བོད་ཕྲུག་མི་ཆུང་ཁ་བདེ། རྟ་ཕོ་ཁམ་སྐྱ་མཆུ་དཀར་ལ་ཆིབས་པ། མ་བཞི་དཔོན་པོ་ཁྲོ་ཐུང་། རྟ་ཕོ་གུ་གུ་རོག་འཛོང་ལ་ཞོན་པ། གཟུ་ཆེན་ཝེར་མ་ལྷ་དར། རྟ་ཕོ་བྱ་དཀར་ལྡིང་ཤེས་ལ་ཆིབས་པ། དེ་དག་ཐམས་ཅད་གཡས་པས་སྦ་ལྕགས་དང་། གཡོན་པས་སྲབ་མདའ་འཛིན་པ། སྐུ་ལ་རྡོ་རྗེའི་གོ་ཁྲབ་དང་། དབུ་ལ་ལྕགས་རྨོག་གསོལ་བ། ཞབས་ལ་སག་ལྷམ་གྱོན་ཞིང་། སྟག་རལ་གཡས་ལ། གཟིག་ཤུབ་གཡོན་དུ་བཅིང་བ། དགྲ་འཇོམས་རལ་གྲི་སྐེད་ལ་བཏགས་པ། གླད་ནས་སྤྲུལ་པའི་བྱ་རིགས་སྣ་ཚོགས་ལྡིང་བ། རང་རང་གི་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པ། གཅེས་ཕྲུག་དགྲ་ལྷ་རྩེ་རྒྱལ་སོགས། གཅེས་ཕྲུག་དར་མ་བཅུ་གསུམ་དང་། གཞན་ཡང་སྤྱི་དཔོན་བླ་མ་ཀུན་དགའ་སོགས་བླ་མ་སུམ་ཅུ། ཨ་ཁུ་སྒོམ་ཆེན་ཏིང་མེད་སོགས་སྒོམ་ཆེན་སུམ་ཅུ། སྐྱ་ལོའི་སྟོན་པ་རྒྱལ་མཚན་སོགས་སྟོན་པ་སུམ་ཅུ། ལྷ་རྗེ་ཀུན་དགའ་ཉི་མ་སོགས་ལྷ་རྗེ་སུམ་ཅུ། མོ་མ་ཀུན་ཤེས་བཟང་པོ་སོགས་མོ་མ་སུམ་ཅུ། ལས་བྱེད་ཀྱི་ཚོགས་འཁོར་དུ་གཏོགས་པ་ཐམས་ཅད་ཀྱང་ཉི་མའི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་བཞུགས་པའོ། །དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། བདག་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ཁང་། བྱང་ཤམ་བྷ་ལ་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས། གེ་སར་དགྲ་ལྷའི་རྒྱལ་པོ་འཁོར་དང་བཅས་པ་སྐད་ཅིག་གི་དམ་ཚིག་དབང་གིས་བཛྲ་ས་མཱ་ཛཿ དོན་གཉིས་པ་སྤྱན་འདྲེན་པའི་ཡན་ལག་ནི། ཧཱུྃ། རང་བཞིན་ཆོས་ཀྱི་དབྱིངས་ཀྱི་གནས་མཆོག་ནས། །རྒྱལ་བའི་དབང་པོ་པདྨ་སམ་བྷ་ཝ། །རིགས་གསུམ་ཞི་ཁྲོའི་སྒྱུ་འཕྲུལ་རོལ་མོའི་སྤྲིན། །དབྱེར་མེད་གཅིག་བསྡུས་དགྲ་ལྷ་ཀུན་གྱི་གཙོ། །གེ་སར་ནོར་བུ་དགྲ་འདུལ་ཡེ་ཤེས་སྐུ། །དགྲ་ལྷ་ཀུན་གྱི་རྒྱལ་པོ་ཁྱོད་ཉིད་ནི། །རེས་འགའ་རབ་མཛེས་ཞི་ཞིང་དྭངས་བའི་ཉམས། །རེས་འགའ་ཁྱོད་ནི་སྒེག་ཅིང་བརྗིད་པའི་ཉམས། །རེས་འགའ་འཛུམ་ཞིང་ཅུང་ཟད་ཆགས་པའི་ཉམས། །རེས་འགའ་འཇིགས་བྱེད་རབ་ཁྲོས་སྲིན་པོའི་ཚུལ། །གནམ་ས་བར་སྣང་ཡངས་བའི་ཁྱོན་ཀུན་ཏུ། །མ་ངེས་ཅིར་ཡང་སྤྲུལ་བའི་ཟློས་གར་ནི། །ཉི་མའི་ཟེར་གྱི་རྡུལ་ལྟར་བསམ་ལས་འདས། །མཆེད་ཟླ་ཡབ་ཡུམ་སྲས་དང་བཙུན་མོའི་ཚོགས། །ལྷ་ཀླུ་གཉན་གསུམ་ལྕམ་དྲལ་དགྲ་ལྷའི་ཚོགས། །དགྲ་ལྷ་དྲྭ་མ་མཆེད་དགུ་གཤེགས་སུ་གསོལ། །ཤར་ཕྱོགས་ནམ་མཁའ་ཡངས་པའིདཀྱིལ་འཁོར་ནས། །རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་ཀུན་གྱི་གཙོ། །ཚོགས་རྗེ་ཚོགས་བདག་མ་ཧཱ་ཀ་ལ་ནི། །ཡུམ་མཆོག་ལྷ་མོ་དུང་སྐྱོང་དབང་མོ་ཆེ། །སྐྱེས་བུའི་ཕྲག་ལྷ་ཚོགས་བདག་གླང་སྣ་སོགས། །མཐུ་ཆེན་དགྲ་ལྷའི་རྒྱལ་པོ་བཅུ་གསུམ་ཚོགས། །ལྷ་དམག་བྱེ་བ་འཁོར་བཅས་གཤེགས་སུ་གསོལ། །ལྷོ་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །དགྲ་ལྷ་དཔའ་བརྟན་དམག་དཔོན་ཆེན་པོ་ལ། །འཁོར་དུ་མཐུ་ཆེན་དགྲ་འདུལ་ཆེན་པོ་དང། །མཐུ་ཆེན་དགྲ་ལྷའི་རྒྱལ་པོ་མཆེད་དགུའི་ཚོགས། །སྤྲུལ་བ་ཡང་སྤྲུལ་འཁོར་བཅས་གཤེགས་སུ་གསོལ། །ནུབ་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །ཚེ་སྲོག་སྐྱོབས་པའི་དགྲ་ལྷ་ཆེན་པོ་ལ། །འཁོར་དུ་བསྟན་པ་རྒྱས་པའི་དགྲ་ལྷ་སོགས། །མཐུ་ལྡན་དགྲ་ལྷའི་རྒྱལ་པོ་བཅུ་གསུམ་ཚོགས། །རང་རང་སྤྲུལ་འཁོར་བཅས་པ་གཤེགས་སུ་གསོལ། །བྱང་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །ཟོ་དོར་གཙོ་བོ་རྨ་རྒྱལ་སྤོམ་ར་ནི། །ཚངས་པ་དགེ་བསྙེན་སྤྲུལ་པ་བཙུན་མོ་དང་། །ཀླུ་གཉན་བཙན་བདུད་དམག་དཔུང་བྱེ་བ་འབུམ། །ཉིང་སྤྲུལ་བྲན་སྡེ་འཁོར་བཅས་གཤེགས་སུ་གསོལ། །གཞན་ཡང་སྲོག་ལུས་དབང་ཐང་རླུང་རྟ་ལ། །དབང་བྱེད་ལྷ་དང་ཡུལ་གྱི་ཟོ་དོར་གཙོ། །འགོ་བའི་ལྷ་ལྔ་མཁར་ཁྱིམ་གོ་མཚོན་དང་། །ཞིང་དང་ཕྱུག་ལྷའི་སྒོ་ཁྱིམ་ལམ་གསུམ་ལ། །གནས་པའི་ལྷ་དང་སྤྲུལ་པ་ཡང་སྤྲུལ་དང་། །ཉིང་སྤྲུལ་བྲན་སྡེ་འཁོར་བཅས་གཤེགས་སུ་གསོལ། །སྟེང་འོག་ཕྱོགས་མཚམས་བར་ཁྱམས་འཁོར་ཡུག་ལ། །འཁྱིལ་རོགས་གསེར་སྦྲུལ་སེར་པོ་ལ་སོགས་པའི། །མཐུ་ཆེན་མགྲོན་ཡག་དར་མ་བཅུ་གསུམ་དང་། །ནམ་མཁའི་ཝེར་མ་འབྲུག་ཆིབས་ལ་སོགས་པ། །ཝེར་མ་སུམ་བརྒྱ་དྲུག་ཅུ་གཤེགས་སུ་གསོལ། །ཕྱོགས་བཅུ་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །སྟོད་སྨད་བར་གསུམ་གླིང་ཆེན་རྣམ་གསུམ་གྱི། །རང་རང་ལས་ལ་དབང་བྱེད་དཔའ་ཐུལ་གསུམ། །གྲི་ལ་དབང་ཐོབ་འབུམ་པའི་ཞལ་དཀར་དང་། །མདའ་ལ་དབང་ཐོབ་ཁྲི་གཅེས་བསམ་འགྲུབ་དང། །མདུང་ལ་དབང་ཐོབ་ཆོས་ལུ་དར་འཕེན་དང། །སྒྱོགས་ལ་དབང་ཐོབ་ཆོས་སྐྱོང་བེར་ནག་དང། །བཀའ་ཡི་བློན་པོ་དཔའ་ཐུལ་སུམ་ཅུ་ལ། །རང་རང་སྤྲུལ་འཁོར་དཔུང་བཅས་གཤེགས་སུ་གསོལ། །སྣང་ཆུང་གཡུ་སྟག་དགྲ་ལྷ་རྩེ་རྒྱལ་སོགས། །གཅེས་ཕྲུག་དར་མ་བཅུ་གསུམ་གཤེགས་སུ་གསོལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་ཞི་ཕྱིར་གཤེགས་སུ་གསོལ། །ཚེ་བསོད་སྙན་གྲགས་རྒྱས་ཕྱིར་གཤེགས་སུ་གསོལ། །ཁམས་གསུམ་དབང་དུ་སྡུད་ཕྱིར་གཤེགས་སུ་གསོལ། །ལོག་འདྲེན་བདུད་སྡེ་སྒྲོལ་ཕྱིར་གཤེགས་སུ་གསོལ། །སྔོན་གྱི་དམ་བཅའ་མ་གཡེར་རྗེས་དགོངས་ལ། །དད་དང་དམ་ཚིག་དབང་གིས་སྤྱན་འདྲེན་ན། །སྐད་ཅིག་ཉིད་ལ་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ ཞེས་སྤྱན་དྲངས། དོན་གསུམ་པ་བཞུགས་སུ་གསོལ་བའི་ཡན་ལག་ནི། ཧཱུྃ། རབ་མཛེས་རིན་ཆེན་ཕོ་བྲང་གཞལ་ཡས་དབུས། །རང་རང་དགྱེས་པའི་གདན་ཁྲི་ཡངས་པའི་སྟེང་། །འཛམ་གླིང་སེང་ཆེན་རྒྱལ་པོ་འཁོར་དང་བཅས། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། དོན་བཞི་པ་ཕྱག་འཚལ་བའི་ཡན་ལག་ནི། ཧཱུྃ། སྙིང་རྗེ་ཆེན་པོའི་དབང་ཕྱུག་སྐུར་བཞེངས་པ། །ནག་ཕྱོགས་བདུད་སྡེའི་དཔུང་ཚོགས་ཐལ་བར་བརླག །བདུད་ལས་རྣམ་པར་རྒྱལ་བའིདཔའ་བོ་ཆེ། །འཛམ་གླིང་སེང་ཆེན་རྒྱལ་པོར་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ། པྲ་ཏིཙྪ་ཧོ། དོན་ལྔ་པ་མཆོད་པ་འབུལ་བའི་ཡན་ལག་ནི། ཧཱུྃ། རབ་འབྱམས་ཞིང་གི་རྒྱ་མཚོ་དཔག་མེད་ན། །ཡན་ལག་བརྒྱད་ལྡན་རྒྱ་མཚོའི་མཆོད་ཡོན་སྦྲེངས། །རབ་བསིལ་དྭངས་བའི་ཞབས་བསིལ་གངྒའི་རྒྱུན། །མཚར་སྡུག་ཡིད་དབང་མེ་ཏོག་མདངས་རེ་བཀྲ། །གྲུབ་དང་སྦྱར་བའི་བདུག་སྤོས་སྤྲིན་ཕུང་འཕྲོ། །མུན་སེལ་སྒྲོན་མེའི་འོད་སྟོང་ཉིན་མོར་བྱེད། །དྲི་ཞིམ་ངད་ལྡན་བྱུགས་པ་མཚོ་ལྟར་བསྐྱིལ། །རོ་བརྒྱའི་ཞལ་ཟས་ལྷུན་པོའི་སྤོ་དང་མཉམ། །སྙན་བརྗིད་རོལ་མོའི་བྱེ་བྲག་བསམ་ཡས་ཤིང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་ཚོགས་དཔལ། །བཀྲ་ཤིས་རྟག་བརྒྱད་རྒྱལ་སྲིད་རིན་ཆེན་བདུན། །ཉེ་བའི་རིན་ཆེན་སྣ་བདུན་བཀྲ་ཤིས་རྫས། །རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ཟུང་། །བུམ་བཟང་དཔག་བསམ་ཤིང་དང་འདོད་འཇོའི་བ། །དར་གོས་སྣམ་རས་སྟག་གཟིག་གུང་གཡའི་ལྤགས། །སྲ་བརྟན་གོ་མཚོན་རྣོ་ངར་ཁྲབ་རྨོག་ཕུབ། །སྟག་རལ་གཟིག་ཤུབ་སྦ་ལྕག་མདུང་དར་ཞགས། །སྟག་སེང་ཁྱུང་འབྲུག་གླང་ཆེན་དུད་འགྲོའི་ཚོགས། །བྱ་རྒོད་ཁྲུང་ཁྲུང་བཞད་སོགས་འཕུར་ཞིང་ལྡིང་། །དཀར་གསུམ་མངར་གསུམ་འབྲུ་སྨན་རིན་ཆེན་རིགས། །སྨན་ལེབ་འབྲང་རྒྱས་ཁྲབ་བྱང་ནོར་བུ་དང་། །གཡུ་བྱང་མིག་མེད་དཀར་མོ་ལག་གཡས་སོགས། །བཟའ་བཅའ་བཏུང་བའི་རིག་བྱེད་བསམ་མི་ཁྱབ། །སྟོང་གསུམ་བྷནྡྷ་ཡངས་པའི་སྣོད་མཆོག་ཏུ། །དུག་ལྔ་ཡེ་ཤེས་ལྔ་རུ་སྦྱར་བའི་རྫས། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀ་ཏ། །མཚན་དང་ལྡན་པ་དབྱིངས་ཀྱི་བྷནྡྷ་རུ། །ཤ་ལྔ་བདུད་རྩི་དམ་ཚིག་ལྔ་ཡི་དངོས། །འདོད་དགུའི་ཆར་འབེབས་རོ་བརྒྱའི་བྷ་ལིང་ཏ། །དུང་ཆེན་བྷནྡྷ་རློན་པའི་སྣོད་མཆོག་ཏུ། །ཉོན་མོངས་རྒྱུ་དྲུག་དབྱིངས་སུ་བསྒྲལ་བ་ཡི། །རཀྟ་ཁྲག་གི་རྒྱ་མཚོ་མེ་རེ་རེ། །ཐབས་དང་ཤེས་རབ་འདུ་འཕྲོའི་ཕྱག་རྒྱ་ལས། །དབྱེར་མེད་བདེ་བ་ཆེན་པོ་མཆོད་པའི་སྤྲིན། །ང་བདག་གཟུང་འཛིན་རུ་ཏྲར་སྐྱེ་བའི་རྒྱུ། །གཉིས་སུ་མེད་པ་དབྱིངས་སུ་སྒྲོལ་པས་མཆོད། །མདོར་ན་དངོས་བཤམས་ཡིད་ཀྱི་རྣམ་རོལ་སྤྲིན། །རབ་འབྱམས་ནམ་མཁའི་ཁམས་ཀུན་ཡོངས་བཀང་ནས། །དགྲ་ལྷའི་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །ཐུགས་རྗེའི་ཐུགས་དམ་དབང་གིས་བཞེས་ནས་ཀྱང་། །སྒྲུབ་ལ་ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་ཨརྒྷ་ནས་ཤབྟརཱུ་པ་གྷནྡྷེ་ར་ས་སྤར་ཤེ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་མཆོད་ལ། གེ་སར་དགྲ་ལྷའི་རྒྱལ་པོ་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པ་དམར་པོའི་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨཱཿཧཱུྃ་ཤ་ཏྲཱཾ་དེ་ཝ་ས་པཱ་རི་ཝ་ར་ཨེ་དམ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧོ། དགྲ་ལྷའི་རྒྱལ་པོ་གེ་སར་ནོར་བུ་དགྲ་འདུལ་འཁོར་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུང་། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོང་། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྡོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབ། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམ། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་འཕྲིན་ལས་མཛོད་ཅིག དོན་དྲུག་པ་བསྟོད་པའི་ཡན་ལག་ནི། ཧཱུྃ། ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས། །སྐྱེ་བའི་ཆོ་འཕྲུལ་དགྲ་ལྷ་ཀུན་གྱི་གཙོ། །རིགས་གསུམ་པདྨའི་སྒྱུ་འཕྲུལ་དྲེགས་པའི་རྗེ། །རིག་འཛིན་འཛམ་གླིང་རྒྱན་གཅིག་ཕྱག་འཚལ་བསྟོད། །དགྱེས་པའི་གར་གྱིས་སྲིད་གསུམ་ཟིལ་གྱིས་གནོན། །རྔམས་པའི་སྒྲ་ཡིས་ཁམས་གསུམ་དབང་དུ་སྡུད། །མཁྱེན་བརྩེ་ཡེ་ཤེས་ནམ་མཁའི་མཐའ་དང་མཉམ། །འཛམ་གླིང་སེང་ཆེན་རྒྱལ་པོར་ཕྱག་འཚལ་བསྟོད། །སྡང་དགྲ་ཆོམ་ཞིང་བགེགས་དཔུང་ཐལ་བར་རློག །གཞན་སྡེ་ཕམ་ཤིང་རང་ཉིད་རྒྱལ་བ་དང་། །ཆབ་སྲིད་སྙན་གྲགས་ཕྱོགས་བཅུར་རྒྱས་མཛད་པའི། །འཛམ་གླིང་དབང་བསྒྱུར་གེ་སར་རྒྱལ་པོ་བསྟོད། །དགྲ་ལྷ་ཁྱོད་ནི་ཞི་ཞིང་དྭངས་བའི་ཉམས། །མཐོང་བས་ཡིད་འཕྲོག་བསྒྲུབ་པའི་དཔལ་བསྐྱེད་ཅིང། །བཀྲ་ཤིས་ཀུན་གྱི་འབྱུང་གནས་བཀྲ་ཤིས་དཔལ། །དཔའ་བོ་བདུད་དགྲ་བདུད་དཔུང་འདུལ་ལ་བསྟོད། །རེས་འགའ་བརྗིད་ཅིང་ཚིམ་པའི་ཉམས་དང་ལྡན། །སྣང་སྲིད་འདོད་དགུར་བསྒྱུར་བའི་རྒྱལ་པོ་ཁྱེད། །ཚེ་བསོད་སྙན་གྲགས་ལོངས་སྤྱོད་རྒྱས་མཛད་པའི། །སེང་ཆེན་ཡིད་བཞིན་ནོར་བུ་བསམ་འཕེལ་བསྟོད། །དབང་གི་ཚུལ་གྱིས་འཛུམ་ཞིང་ཆགས་པའི་ཉམས། །བདེ་སྟོང་རྡོ་རྗེ་ཆགས་པའི་ཏིང་འཛིན་གྱིས། །སྣང་སྲིད་ཡིད་སྣང་དབང་མེད་འཕྲོག་པར་བྱེད། །དབང་མཛད་དབང་གི་རྒྱལ་པོ་ཁྱོད་ལ་བསྟོད། །དྲག་པོའི་སྟོབས་ཀྱིས་འཇིགས་བྱེད་ཁྲོས་པའི་ཚུལ། །གནམ་ལྕགས་རལ་གྲི་འབར་བའི་གྲི་གུག་གིས། །མི་མཐུན་བདུད་སྡེའི་དཔུང་ཚོགས་རྩད་ནས་བཅད། །སྒྲོལ་བྱེད་དྲག་པོ་ནོར་བུ་དགྲ་འདུལ་བསྟོད། །སྟེང་ཕྱོགས་རྣམ་པར་རྒྱལ་བའི་ཁང་བཟང་ནས། །དྲི་མེད་དུང་ཁྲི་དཀར་པོའི་གདན་སྟེང་དུ། །སྐུ་ལྷ་ལྷ་ཆེན་ཚངས་པ་དཀར་པོ་ལ། །ལྷ་དམག་བྱེ་བ་འབུམ་གྱིས་བསྐོར་ལ་བསྟོད། །གཉན་ཡུལ་རི་དམར་དབང་ཞུའི་ནང་ཤེད་དུ། །རི་རབ་ཆེན་པོའི་ཁོང་གསེང་ཡངས་པ་ན། །གཉན་གྱི་རྒྱལ་པོ་སྐུ་ལྷ་གེར་འཛོ་ལ། །གཉན་དམག་བྱེ་བ་འབུམ་གྱིས་བསྐོར་ལ་བསྟོད། །འོག་ཕྱོགས་མ་དྲོས་ཀླུ་ཡི་ཞིང་ཁམས་སུ། །རབ་རྒྱས་དཔག་བསམ་ལྗོན་པའི་རྩ་བ་རུ། །ཀླུ་ཡི་རྒྱལ་པོ་གཙུག་ན་རིན་ཆེན་ལ། །ཀླུ་དམག་བྱེ་བ་འབུམ་གྱིས་བསྐོར་ལ་བསྟོད། །དགྲ་ལྷ་ཆེན་པོའི་ཁྲ་ཚང་གོང་མ་ན། །མི་ཡི་ལུས་ལ་ཁྱུང་གི་མགོ་བོ་ཅན། །དུང་ཁྱུང་དཀར་པོ་གསེར་མདོག་རྟ་ལ་ཞོན། །ཁྱུང་གདོང་ཅན་ནི་འབུམ་གྱིས་བསྐོར་ལ་བསྟོད། །དགྲ་ལྷ་ཆེན་པོའི་ཁྲ་ཚང་བར་མ་ནས། །མི་ཡི་ལུས་ལ་སྦྲུལ་གྱིས་མགོ་བོ་ཅན། །ཀླུ་ཕྲུག་འོད་ཆེན་གཡུ་རྟ་གཟི་མིག་ཆིབས། །སྦྲུལ་གྱི་མགོ་ཅན་འབུམ་གྱིས་བསྐོར་ལ་བསྟོད། །དགྲ་ལྷ་ཆེན་པོའི་ཁྲ་ཚང་འོག་མ་ན། །སྲིང་ལྕམ་ཆེན་མོ་ཐལ་ལེ་འོད་འཕྲོ་ནི། །ལྡིང་བྱེད་བྱ་དཀར་རྒོད་པོ་ཆིབས་སུ་ཆིབས། །མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར་ལ་བསྟོད། །སྣ་ཚོགས་སྤྲིན་འཇའ་ཤར་བའི་དུར་ཁྲོད་དུ། །ཡིད་འོང་སེང་ལྕམ་དཀར་མོའི་གོང་རོལ་ནས། །གནམ་སྨན་དཀར་མོ་དུང་གི་སེང་གེ་ཆིབས། །ལུང་བསྟན་མཁའ་འགྲོ་འབུམ་གྱིས་བསྐོར་ལ་བསྟོད། །རབ་འཇིགས་དགྲ་ལྷའི་རི་དམར་དབང་ཞུ་ནས། །མེ་དཔུང་དམར་ནག་འབར་བའི་ཀློང་དཀྱིལ་དུ། །དགྲ་ལྷ་གཉན་སྟག་དམར་པོ་རྟ་དམར་ཆིབས། །དགྲ་ལྷ་སྟོང་དང་ལྔ་བརྒྱས་བསྐོར་ལ་བསྟོད། །བདེ་ཆེན་ཆོས་དབྱིངས་འདུ་འབྲལ་མེད་པའི་ཀློང་། །རྒྱལ་བའི་བསྐྱེད་ཡུམ་ཀུན་ཏུ་བཟང་མོ་དང་། །གཉིས་མེད་བདེ་ཆེན་ཀློང་དུ་རོ་གཅིག་པ། །དྭངས་སྨན་ཡུམ་དང་ཌཱཀྐིའི་ཚོགས་ལ་བསྟོད། །སྒྲུབ་ལ་རྟག་ཏུ་མགོན་མཛད་དགྲ་ལྷའི་གཙོ། །ཚོགས་ཀྱི་བདག་པོ་ཕྲག་ལྷ་དཀར་པོ་དང་། །དཔའ་བརྟན་དམག་དཔོན་རྨ་རྒྱལ་སྤོམ་ར་སོགས། །ཕྱོགས་བཞིའི་དགྲ་ལྷ་སྤྲུལ་འཁོར་བཅས་ལ་བསྟོད། །སྟེང་འོག་ཕྱོགས་མཚམས་བར་ཁྱམས་འཁོར་ཡུག་ཏུ། །སྒྲུབ་མཆོག་རྣལ་འབྱོར་འགོ་ཞིང་སྐྱོབས་པའི་ལྷ། །དགྲ་ལྷ་མགྲོན་ཡག་དར་མ་བཅུ་གསུམ་དང་། །དགྲ་ལྷ་ཝེར་མའི་དམག་ཚོགས་བཅས་ལ་བསྟོད། །མི་ཤིག་སྐུ་ཡི་རྡོ་རྗེའི་དཔའ་རྫོང་ལས། །འགྲོ་དྲུག་ཐབས་ཀྱིས་འདུལ་བར་ཞལ་བཞེས་པའི། །འཕགས་ཡུལ་གྲུབ་ཆེན་རྣམས་ཀྱི་སྤྲུལ་པའི་ཚོགས། །སེང་བློན་ལ་སོགས་དཔའ་ཐུལ་ཚོགས་ལ་བསྟོད། །གཞན་ཡང་དཀྱིལ་འཁོར་ཆེན་པོའི་བཀའ་འཁོར་ན། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་འཛིན་པའི། །བཀའ་ཉན་ལས་བྱེད་འཁོར་ཚོགས་བསམ་མི་ཁྱབ། །མཐུ་སྟོབས་དབང་ཕྱུག་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ཅིང་། བཟླས་པར་བྱ་བ་ནི། གེ་སར་དགྲ་ལྷའི་རྒྱལ་པོ་འཁོར་དང་བཅས་པའི་ཐུགས་ཀར་ཟླ་བ་ལ་གནས་པའི་སྲོག་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་བདག་ཉིད་ལྷར་གསལ་བའི་ཐུགས་ཀའི་འོད་ཀྱིས་བསྐུལ་བས། ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་གྱུར་པར་བསམ་ལ། ཨོཾ་ཨཱ་ཧཱུྃ།ཤ་ཏྲཱུཾ་དེ་ཝ་མ་ཧཱ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བཟླས་མཐར། ཨོཾ་བཛྲ་ཨགྷྃ་སོགས་ཀྱིས་མཆོད་ཅིང་། སྡང་དགྲ་ཆོམ་ཞིང་བགེགས་དཔུང་ཐལ་བར་བརླག །གཞན་སྡེ་ཕམ་ཞིང་རང་ཉིད་རྒྱལ་བ་དང་། །ཆབ་སྲིད་སྙན་གྲགས་ཕྱོགས་བཅུར་རྒྱས་མཛད་པའི། །འཛམ་གླིང་དབང་བསྒྱུར་གེ་སར་རྒྱལ་པོར་བསྟོད། །ཅེས་བསྟོད་ཅིང་། སྐབས་འདིར་སྤྲོ་ན། འཇམ་མགོན་རྡོ་རྗེ་འཆང་མི་ཕམ་རིན་པོ་ཆེས་མཛད་པའི་གེ་སར་སྐྱེས་བུ་ཆེན་པོའི་གསོལ་མཆོད་ཆེན་མོ་ཕྲིན་ལས་མྱུར་འགྲུབ་བཏོན་ན་ལེགས། དོན་བདུན་པ་ཕུད་གསོལ་གྱི་རིམ་པ་ནི། མཚམས་རྣམས་སུ་བྷ་ལིང་དང་ཕུད་སྐྱེམས་ལན་གྲངས་སུ་ཕུལ་བཞིན་པར། ཧོ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས། བྱང་ཤམ་བྷ་ལ་སོགས་རང་བཞིན་གར་བཞུགས་ཀྱི་གནས་ན་བཞུགས་པའི། དགྲ་ལྷ་ཡོངས་ཀྱི་རྒྱལ་པོ། ཝེར་མ་ཡོངས་ཀྱི་སྲོག་སྙིང་། སྡེ་བརྒྱད་ཡོངས་ཀྱི་སྤྱི་རྗེ། དྲེགས་པ་ཡོངས་ཀྱི་སྲོག་བདགགེ་སར་སྐྱེས་བུ་ཆེན་པོ། རིག་འཛིན་ནོར་བུ་དགྲ་འདུལ། སྐུ་དགྱེས་པའི་གར་གྱིས་བདུད་སྡེ་ཕྱེ་མར་བརླག་པ། གསུང་རྔམས་པའི་ང་རོས་ཁམས་གསུམ་དབང་དུ་སྡུད་པ། ཐུགས་དགོངས་ཀློང་རྣམ་པར་དག་པའི་ཀློང་ན་མཁྱེན་བརྩེའི་འོད་སྟོང་ཕྱོགས་བཅུར་རྒྱས་པ། ཆིབས་སུ་རྡོ་རྗེ་རྐྱང་རྒོད་ཕེར་པོ་ཆིབས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །རིག་འཛིན་རྣལ་འབྱོར་པ་བདག་ཅག་གི་ནད་གདོན་བར་ཆད་སོལ་ཅིགཚེ་བསོད་སྙན་གྲགས་རྒྱས་པར་མཛོད་ཅིག ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས་ཤིག ལོག་འདྲེན་དགྲ་བགེགས་ཚར་གཅོད་པར་མཛོད་ཅིག ཧོ། སྟེང་ཕྱོགས་རྣམ་དག་ལྷ་ཡི་གཞལ་ཡས་ནས། སྐུ་ལྷ་ལྷ་ཆེན་ཚངས་པ་དཀར་པོ། ལྷ་དམག་འབུམ་དང་བཅས་པ་ལ་གསོལ་ལོ། །བར་སྣང་གཉན་ཡུལ་རི་དམར་དབང་ཞུ་ནས། གཉན་གྱི་རྒྱལ་པོ་སྐུ་ལྷ་གེ་འཛོ། གཉན་དམག་འབུམ་དང་བཅས་པ་ལ་གསོལ་ལོ། །འོག་ཕྱོགས་མ་དྲོའི་ཀླུ་ཡི་ཞིང་ཁམས་ན། ཀླུ་ཡི་རྒྱལ་པོ་གཙུག་ན་རིན་ཆེན་ལ་གསོལ་ལོ། །ཀླུ་དམག་བྱེ་བ་འབུམ་གྱིས་བསྐོར་བ་ལ་གསོལ་ལོ། །དགྲ་ལྷ་ཆེན་པོའི་ཁྲ་ཚང་གོང་མ་ན། ཕུ་བོ་དུང་ཁྱུང་དཀར་པོ་ཁྱུང་གདོང་ཅན་འབུམ་དང་བཅས་པ་ལ་གསོལ་ལོ། །དགྲ་ལྷ་ཆེན་པོའི་ཁྲ་ཚང་བར་མ་ན། ནུ་བོ་ཀླུ་ཕྲུག་འོད་ཆེན་སྦྲུལ་མགོ་ཅན་འབུམ་དང་བཅས་པ་ལ་གསོལ་ལོ། །དགྲ་ལྷ་ཆེན་པོའི་ཁྲ་ཚང་འོག་མ་ནས། སྲིང་ལྕམ་ཆེན་མོ་ཐལ་ལེ་འོད་འཕྲོ། མཁའ་འགྲོ་བྱེ་བ་འབུམ་དང་བཅས་པ་ལ་གསོལ་ལོ། །སྣ་ཚོགས་སྤྲིན་འཇའ་ཤར་བའི་དུར་ཁྲོད་ནས། མ་ཨ་ནེ་གནམ་སྨན་དཀར་མོ། ལུང་བསྟན་མཁའ་འགྲོ་འབུམ་དང་བཅས་པ་ལ་གསོལ་ལོ། །རབ་འཇིགས་དགྲ་ལྷའི་རི་དམར་དབང་ཞི་ནས། བན་གྱི་ཆོས་སྐྱོང་ལྟར་ན་གནོད་སྦྱིན་བྲག་བཙན། བོན་གྱི་སྲུང་མ་ལྟར་ན་ཨ་བསེ་རྒྱལ་པོ། སྒྲུབ་རྒྱུད་འབྲུག་པའི་སྲུང་མ་ལྟར་ན། བཙན་རྒོད་ཇག་པ་མེ་ལེན། མི་སྲོག་བཅོད་པའི་དགྲ་ལྷ། རང་སྲོག་ཁེབ་པའི་དགྲ་ལྷ་ཆེན་པོ། དཔའ་དགྲ་ལྷའི་རྒྱལ་པོ་གཉན་སྟག་དམར་པོ། འཁོར་དགྲ་ལྷ་སྟོང་དང་ལྔ་བརྒྱ་དང་བཅས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །རིག་འཛིན་རྣལ་འབྱོར་པ་བདག་ཅག་གི་ནད་གདོན་བར་ཆད་སོལ་ཅིག ཚེ་བསོད་སྙན་གྲགས་རྒྱས་པར་མཛོད་ཅིག ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས་ཤིག ལོག་འདྲེན་དགྲ་བགེགས་ཚར་གཅོད་པར་མཛོད་ཅིག ཧོ། མ་ཡུམ་འགོག་ཟ་ལྷ་དཀར་ལ་གསོལ་ལོ། །སྟོང་ཉིད་མགར་བཟའ་ཆོས་སྒྲོན་ལ་གསོལ་ལོ། །ཟི་མ་གཡང་སྨན་རྒྱལ་མོ་ལ་གསོལ་ལོ། །རྒྱ་གར་ཆོས་མོ་མཚོ་སོགས་དྭངས་སྨན་མཆེད་ལྔ་ལ་གསོལ་ལོ། །སེང་ལྕམ་འབྲུག་མོ་སོགས་དྭངས་སྨན་ཌཱཀྐི་ཆེ་བདུན་ལ་གསོལ་ལོ། །མོ་སྨན་སུམ་ཅུ་སོགས་མོ་སྨན་མཁའ་འགྲོའི་རིགས་སུ་གྱུར་པ་ཐམས་ཅད་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །རིག་འཛིན་རྣལ་འབྱོར་པ་བདག་ཅག་གི་ནད་གདོན་བར་ཆད་སོལ་ཅིག ཚེ་བསོད་སྙན་གྲགས་རྒྱས་པར་མཛོད་ཅིག ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས་ཤིག ལོག་འདྲེན་དགྲ་བགེགས་ཚར་གཅོད་པར་མཛོད་ཅིག ཧོ། ཤར་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་ཆེན་པོ་ཚོགས་རྗེ་ཚོགས་བདག་མ་ཧཱ་ཀ་ལ་ལ་གསོལ་ལོ། །ལྷ་མོ་དུང་སྐྱོང་དབང་མོ་ལ་གསོལ་ལོ། །སྐྱེས་བུ་ཕྲག་ལྷ་དཀར་པོ་ལ་གསོལ་ལོ། །དགྲ་ལྷ་མ་ལྷ་བུ་རྫི་ལ་གསོལ་ལོ། །ཐབ་ལྷ་ཡུ་མོ་སྔོན་མོ་ལ་གསོལ་ལོ། །ཁྱིམ་ལྷ་གེལ་ཐུང་དཀར་པོ་ལ་གསོལ་ལོ། །རྒྱལ་ཆེན་རྣམ་སྲས་སེར་པོ་ལ་གསོལ་ལོ། །ཨརྱ་ཛམ་ལྷ་སེར་པོ་ལ་གསོལ་ལོ། །ཚོང་ལྷ་ཚོགས་བདག་གླང་སྣ་དཀར་པོ་ལ་གསོལ་ལོ། །མགྲོན་ལྷ་དཀར་པོ་ལ་གསོལ་ལོ། །དགྲ་ལྷ་འཐབ་སྐྱེན་སྣ་ནག་མཐིང་ནག་ལ་གསོལ་ལོ། །མགོན་པོ་ཇག་ལྷ་དཀར་པོ་ལ་གསོལ་ལོ། །ཟས་ལྷ་དམར་པོ་ལ་གསོལ་ལོ། །མགོན་པོ་སྲོག་ལྷ་དཀར་པོ་སྟེ། མགོན་པོ་དགྲ་ལྷ་བཅུ་གསུམ། ལྷ་དམག་བྱེ་བ་ཚོགས་དང་བཅས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །རིག་འཛིན་རྣལ་འབྱོར་པ་བདག་ཅག་གི་ནད་གདོན་བར་ཆད་སོལ་ཅིག ཚེ་བསོད་སྙན་གྲགས་རྒྱས་པར་མཛོད་ཅིག ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས་ཤིག ལོག་འདྲེན་དགྲ་བགེགས་ཚར་གཅོད་པར་མཛོད་ཅིག ཧོ། ལྷོ་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། དགྲ་ལྷ་མཆེད་དགུའི་གཙོ་བོ་དཔའ་བརྟན་དམག་དཔོན་ཆེན་པོ་ལ་གསོལ་ལོ། །མཐུ་ཆེན་དགྲ་འདུལ་ལ་གསོལ་ལོ། །སྣང་གྲགས་འབྲུག་ལྡིར་ལ་གསོལ་ལོ། །དྲག་རྩལ་ཐོག་འབེབས་ལ་གསོལ་ལོ། །སྐྱེས་བུ་སྲོག་འདོན་ལ་གསོལ་ལོ། །སྡང་བ་སྲོག་གཅོད་ལ་གསོལ་ལོ། །སྐྱེས་བུ་རང་ཆས་ལ་གསོལ་ལོ། །བྱ་ཁྲ་སྔོན་མོ་ལ་གསོལ་ལོ། །དགྲ་སྨན་གཤོག་རྩལ་དཀར་མོ་སྟེ་སྤྲུལ་བ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །རིག་འཛིན་རྣལ་འབྱོར་པ་བདག་ཅག་གི་ནད་གདོན་བར་ཆད་སོལ་ཅིག ཚེ་བསོད་སྙན་གྲགས་རྒྱས་པར་མཛོད་ཅིག ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས་ཤིག ལོག་འདྲེན་དགྲ་བགེགས་ཚར་གཅོད་པར་མཛོད་ཅིག ཧོ། ནུབ་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། མཐུ་ལྡན་དགྲ་ལྷ་བཅུ་གསུམ་གྱི་གཙོ་བོ་ཚེ་སྲོག་སྐྱོབས་པའི་དགྲ་ལྷ་ཆེན་པོ་ལ་གསོལ་ལོ། །བསྟན་པ་རྒྱས་པའི་དགྲ་ལྷ་ལ་གསོལ་ལོ། །མི་གྲངས་སྤེལ་བའི་དགྲ་ལྷ་ལ་གསོལ་ལོ། །སྡང་དགྲ་འདུལ་བའིདགྲ་ལྷ་ལ་གསོལ་ལོ། །གནོད་བྱེད་འདུལ་བའི་དགྲ་ལྷ་ལ་གསོལ་ལོ། །དཀོར་ནོར་སྤེལ་བའི་དགྲ་ལྷ་ལ་གསོལ་ལོ། །མི་ཚེ་སྲིང་བའི་དགྲ་ལྷ་ལ་གསོལ་ལོ། །མཛེས་བརྗིད་རྔམ་པའི་དགྲ་ལྷ་ལ་གསོལ་ལོ། །དཔལ་རྩལ་བསྐྱེད་པའི་དགྲ་ལྷ་ལ་གསོལ་ལོ། །དཔའ་བརྗིད་བཙུན་པའི་དགྲ་ལྷ་ལ་གསོལ་ལོ། །ཀུན་གྱིས་བཀུར་བའི་དགྲ་ལྷ་ལ་གསོལ་ལོ། །སྙན་པ་ཐོབ་པའི་དགྲ་ལྷ་ལ་གསོལ་ལོ། །བསམ་དོན་འགྲུབ་པའི་དགྲ་ལྷ་ལ་གསོལ་ལོ། །མཐུ་ཆེན་དགྲ་བཅུ་གསུམ་རང་རང་གི་འཁོར་སྤྲུལ་པ་ཡང་སྤྲུལ་དང་བསམ་གྱིས་མི་ཁྱབ་པའི་ཚོགས་ཐམས་ཅད་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །རིག་འཛིན་རྣལ་འབྱོར་པ་བདག་ཅག་གི་ནད་གདོན་བར་ཆད་སོལ་ཅིག ཚེ་བསོད་སྙན་གྲགས་རྒྱས་པར་མཛོད་ཅིག ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས་ཤིག ལོག་འདྲེན་དགྲ་བགེགས་ཚར་གཅོད་པར་མཛོད་ཅིག ཧོ། བྱང་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ན། ས་བརྒྱད་ཐོབ་པའི་གནོད་སྦྱིན་ཡོངས་ཀྱི་རྒྱལ་པོ། རྨ་རྒྱལ་སྤོམ་ར་ལ་གསོལ་ལོ། །གཡས་སུ་དགེ་བསྙེན་བཙུན་པ་ལ་གསོལ་ལོ། །གཡོན་དུ་ཚངས་པ་གཞོན་ནུ་ལ་གསོལ་ལོ། །མདུན་དུ་བཙུན་མོ་དུང་མདོག་ཞལ་མཛེས་ལ་གསོལ་ལོ། །རྒྱབ་དུ་སྤྲུལ་བ་ཆེན་པོ་གནོད་སྦྱིན་རྔམས་པ་ལ་གསོལ་ལོ། །དེ་དག་གི་འཁོར་དུ་སྨན་མོ་ཀླུ་བཙན་གཉན་བདུད་འབུམ་ཕྲག་དང་བཅས་པ་ལ་གསོལ་ལོ། །གཞན་ཡང་འགོ་བའི་ལྷ་ལྔ། རིག་འཛིན་བན་སྐྱོང་བོན་སྐྱོང་། སྲོག་ལུས་དབང་ཐང་རླུང་རྟ་ལ་དབང་བྱེད་ལྷ་དང་། འཛམ་གླིང་སྐྱོང་བའི་ཡུལ་ལྷ་ཟོ་དོར། མཁར་ཁྱིམ་གོ་མཚོན་ཞིང་དང་། ཕྱུག་ལྷས་སྒོ་ཁྱིམ་ལམ་སྲང་ཐབ་ཀ་སོགས་ལ་གནས་པའི་ལྷ་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དང་བཅས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །རིག་འཛིན་རྣལ་འབྱོར་པ་བདག་ཅག་གི་ནད་གདོན་བར་ཆད་སོལ་ཅིག ཚེ་བསོད་སྙན་གྲགས་རྒྱས་པར་མཛོད་ཅིག ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས་ཤིག ལོག་འདྲེན་དགྲ་བགེགས་ཚར་གཅོད་པར་མཛོད་ཅིག ཧོ། གཞན་ཡང་ཕྱོགས་དང་ཕྱོགས་མཚམས་སྟེང་འོག་བར་གསུམ་ཐམས་ཅད་དུ་ནམ་མཁའི་ཝེར་མ་འབྲུག་ཆིབས། ངར་སྐད་ཅན་གྱི་དགྲ་ལྷ་སོགས། དགྲ་ལྷ་ལྔ་གསུམ་བཅོ་ལྔ། ལྷ་འཁོར་སུམ་བརྒྱ་དྲུག་ཅུ། དགྲ་ལྷ་ཝེར་མའི་ཚོགས་དང་བཅས་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །རིག་འཛིན་རྣལ་འབྱོར་པ་བདག་ཅག་གི་ནད་གདོན་བར་ཆད་སོལ་ཅིག ཚེ་བསོད་སྙན་གྲགས་རྒྱས་པར་མཛོད་ཅིག ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས་ཤིག ལོག་འདྲེན་དགྲ་བགེགས་ཚར་གཅོད་པར་མཛོད་ཅིག ཧོ། ཕོ་ཐང་གཡུ་འབྲུག་སྔོན་མོ་རྩ་རླུང་འཁོར་བའི་དགྲ་ལྷ་སོགས། མགྲོན་ཡག་དར་མའི་ཚོགས་ཕྱོགས་དང་ཕྱོགས་མཚམས་ས་གཞི་བར་སྣང་གི་ཁྱོན་ཀུན་ཡོངས་སུ་གང་བ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །རིག་འཛིན་རྣལ་འབྱོར་པ་བདག་ཅག་གི་ནད་གདོན་བར་ཆད་སོལ་ཅིག ཚེ་བསོད་སྙན་གྲགས་རྒྱས་པར་མཛོད་ཅིག ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས་ཤིག ལོག་འདྲེན་དགྲ་བགེགས་ཚར་གཅོད་པར་མཛོད་ཅིག ཧོ། ཡབ་ཆེན་སེང་བློན་ག་མ་རིག་ཤེས་ལ་གསོལ་ལོ། །རོང་ཚ་ནོར་བུ་ལྷ་དར་ལ་གསོལ་ལོ། །སྤྱི་དཔོན་རོང་ཚ་ཁྲ་རྒན་ལ་གསོལ་ལོ། །དཔའ་ཐུལ་སུམ་ཅུའི་བླ་གནས་སྣང་ངུ་གཡུ་ཡི་མེ་ཏོག་ལ་གསོལ་ལོ། །སྟོད་གླིང་ཉི་འབུམ་དར་ཡག་ལ་གསོལ་ལོ། །བར་གླིང་ཨ་ནུ་དཔའ་སེང་ལ་གསོལ་ལོ། །སྨད་གླིང་མུ་སྤྱང་དར་ལུ་ལ་གསོལ་ལོ། །འབྲུ་རྗེ་ཐར་པ་རྒྱ་མཚན་སོགས་རྒྱལ་མཚན་ཐོག་པའི་མི་བཞི་ལ་གསོལ་ལོ། །མུ་པའི་དར་འཇམ་ངོ་ལུག་སོགས་ངོ་ལུག་ཐོགས་པའི་མི་གསུམ་ལ་གསོལ་ལོ། །གྲི་ལ་དབང་ཐོབ་གདོང་འབུམ་པའི་ཞལ་ལུ་དཀར་པོ་སོགས་བཀའ་ཡི་བློན་པོ་དཔའ་ཐུལ་སུམ་ཅུའི་ཚོགས་དང་བཅས་པ་ལ་གསོལ་ལོ། །རང་རང་གི་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་གསོལ་ལོ། །འབུལ་ལོ། །མཆོད་དོ། །རིག་འཛིན་རྣལ་འབྱོར་པ་བདག་ཅག་གི་ནད་གདོན་བར་ཆད་སོལ་ཅིག ཚེ་བསོད་སྙན་གྲགས་རྒྱས་པར་མཛོད་ཅིག ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས་ཤིག ལོག་འདྲེན་དགྲ་བགེགས་ཚར་གཅོད་པར་མཛོད་ཅིག ཧོ། གཅེས་ཕྲུག་དགྲ་ལྷ་རྩེ་རྒྱལ་སོགས། གཅེས་ཕྲུག་དར་མ་བཅུ་གསུམ་ལ་གསོལ་ལོ། །སྤྱི་དཔོན་བླ་མ་ཀུན་དགའ་སོགས། བླ་མ་སུམ་ཅུ་ལ་གསོལ་ལོ། །ཨ་ཁུ་སྒོམ་ཆེན་ཏིང་མེད་སོགས་སྒོམ་ཆེན་སུམ་ཅུ་ལ་གསོལ་ལོ། །སྐྱ་ལོའི་སྟོན་པ་རྒྱལ་མཚན་སོགས་སྟོན་པ་སུམ་ཅུ་ལ་གསོལ་ལོ། །ལྷ་རྗེ་ཀུན་དགའ་ཉི་མ་སོགས་ལྷ་རྗེ་སུམ་ཅུ་ལ་གསོལ་ལོ། །མོ་མ་ཀུན་ཤེས་བཟང་པོ་སོགས་མོ་མ་སུམ་ཅུ་ལ་གསོལ་ལོ། །མདོར་ན་སེང་ཆེན་དགྲ་འདུལ་རྒྱལ་པོའི་དཀྱིལ་འཁོར་དུ་ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་ཚུལ་འཛིན་པའི་བཀའ་འཁོར་ལས་བྱེད་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །རིག་འཛིན་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་དུས་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་ཕྲིན་ལས་གཡེལ་བ་མེད་པར་འདོད་དོན་མ་ལུས་པ་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་དངོས་གྲུབ་སྩོལ་ཅིག ཕུད་ཕྱོགས་བཅུར་གཏོར་ལ། དོན་བརྒྱད་པ་འཕྲིན་ལས་བཅོལ་བའི་ཡན་ལག་ནི། ཧཱུྃ་ཧྲཱིཿ སྔོན་ཚེ་རིགས་གསུམ་པདྨ་འབྱུང་གནས་ཀྱི། །ཡེ་ཤེས་ཐུགས་རྗེའི་རོལ་བ་ལས་བྱུང་བ། །དྲེགས་པ་སྡེ་བརྒྱད་ཀུན་གྱི་སྲོག་གི་སྙིང་། །རིག་འཛིན་སྲོག་ཤིང་རྣལ་འབྱོར་དགྲ་ལྷའི་གཙོ། །ནག་ཕྱོགས་བདུད་སྡེ་ཀུན་གྱི་ཤན་པ་སྟེ། །དྲན་པ་ཙམ་གྱིས་དངོས་གྲུབ་སྤྲིན་འཁྲིགས་པ། །སྐུ་ཡི་གར་གྱིས་བདུད་སྡེ་ཕྱེ་མར་བརླག །དགྱེས་པའི་གད་མོས་ས་གསུམ་གཡོ་བར་བྱེད། །ཐུགས་ཉིད་མཚན་མའི་སྤྲོས་པ་ཀུན་བྲལ་ཡང་། །སྲིད་ཞིའི་དགེ་མཚན་དཔལ་ཡོན་མ་ལུས་པ། །ཅི་འདོད་དངོས་གྲུབ་ཆར་ལྟར་འབེབས་མཛད་པའི། །སེང་ཆེན་ཉི་ཟླའི་དཀྱིལ་འཁོར་ཁྱོད་ཉིད་ནི། །མ་འོང་རིག་ལྡན་དྲག་པོའི་སྐུར་བཞེངས་ནས། །འཇིགས་རུང་དྲག་པོའི་གཡུལ་གྱི་བཀོད་པ་ཡིས། །མཐའ་ཁོབ་ཀླ་ཀློའི་རྩ་བ་དྲུང་ནས་ཕྱུང་། །གསང་སྔགས་སྒྲོན་མེ་ཕྱོགས་བཅུར་རྒྱས་པར་མཛོད། །ཀི་ལ་འདུ་ཞིང་བསྭོ་ལ་དགྱེས་པར་བྱེད། །རྡོ་རྗེའི་ཚེ་དང་སྙན་གྲགས་དབང་ཐང་དང་། །བརྒྱུད་འཛིན་བུ་སློབ་ཡར་ངོའི་ཟླ་ལྟར་རྒྱས། །རྡོ་རྗེ་ལྕགས་ཀྱུ་ཞགས་པའི་འཕྲུལ་ཐབས་ཀྱིས། །སྲིད་ཞིའི་དྭངས་བཅུད་དཔལ་ཡོན་མཐའ་དག་ཀུན། །དྲན་པ་ཙམ་གྱིས་དབང་མེད་འགུགས་པར་བྱེད། །ཕས་རྒོལ་བསམ་ངན་སྦྱོར་རྩུབ་འཆང་བ་ཡི། །སྡང་ཞིང་གདུག་པའི་མི་བསྲུན་ལོག་འདྲེན་རིགས། །དགྲ་རྐུན་དམག་ཇག་འཁྲུགས་པའི་གཡུལ་ངོ་བཟློག །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་མཛོད། །ལེགས་པ་སྤྲོད་ལ་ཉེས་པ་སྟོང་དང་བསྣོལ། །གཞི་ལ་བཀྲ་ཤིས་ལོངས་སྤྱོད་ཕུན་སུམ་ཚོགས། །བྱེས་སུ་འགྲོ་ན་མགོན་སྐྱབས་མ་གཡེལ་བར། །མདོར་ན་བྱང་ཆུབ་སྒྲུབ་པའི་གེགས་གྱུར་པའི། །ཕྱི་ནང་མི་མཐུན་ཉེ་བར་འཚེ་བའི་རིགས། །མ་ལུས་ལྷག་མེད་དབྱིངས་སུ་ཞི་ནས་ཀྱང་། །ཕུན་ཚོགས་བདེ་དགའི་དཔལ་ལ་སྤྱོད་པར་ཤོག །ཕུད་དང་གཏོར་མ་གཙང་སར་གཤེགས། ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །ཞེས་གེ་སར་ནོར་བུ་དགྲ་འདུལ་གྱི་གསོལ་མཆོད་ཆེན་མོ་ཕྲིན་ལས་དོན་བརྒྱད་དགེ་ལེགས་དཔལ་སྟེར་ཞེས་བྱ་བ་འདི་ནི། རྫ་རྒྱལ་མཚམས་སྤྲུལ་རིན་པོ་ཆེའི་འདི་ལྟར་དགོས་ཞེས་བཀའ་ཕེབས་ནན་གྱིས་གནང་བ་དང་། ཨ་ཐུབ་ཚེ་དབང་ཕུན་ཚོགས་དང་། འཇུ་ཆུང་འཇམ་དབྱངས་ཕུན་ཚོགས་གཉིས་ནས། འདི་ལྟར་དགོས་ཞེས་ལྷ་རྫས་ཟླ་བའི་མདངས་ལྡན་དང་། རིན་ཆེན་གཉིས་པའི་རྟེན་དང་བཅས་བསྐུལ་བ་ལ་བརྟེན་ནས། གནས་དུས་ལོངས་སྤྱོད་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པར་འགྲིགས་པ་དང་། ཁྱད་པར་རང་གི་རྨི་ལམ་དུ་ཡང་། ཡུལ་གཞན་ཞིག་ལ་བདག་ཕྱིན་པ་ན། མི་དང་མི་མིན་གྱི་འདུ་བ་ཆེན་པོ་ཞིག་གི་ནང་ནས། མི་ངོ་མི་ཤེས་པ་ཞིག་གིས། གེ་སར་དགྲ་ལྷའི་རྒྱལ་པོོས་མི་དང་མི་མིན་གྱི་འགྲོ་བ་མཐའ་དག་དབང་དུ་འདུ་བ་ལགས་པས། དེས་ན་རྣལ་འབྱོར་ཁྱོད་ཀྱི་ཇི་ལྟར་བསྒོ་བ་བཞིན་བདག་གིས་སྒྲུབ་པོ་ཞེས་ཟེར་བས། དེ་ནི་འཛམ་གླིང་གེ་སར་རྒྱལ་པོ་ཡིན་པའི་སྣང་བ་ཤར། ཡང་དར་དཀར་ལ་ཐོད་ཅན། དར་དཀར་པོའི་གོས་གྱོན་པ་ཞིག་གིས་བདག་ལ་དགའ་བའི་རྣམ་འགྱུར་གྱིས། དར་དཀར་པོ་རིང་མོ་ཞིག་བྱིན་ནས། བདག་ལ་རྟ་ནག་པོ་འཛམ་གླིང་འདི་ན་གྲགས་ཆེ་བ་ཞིག་ཡོད་པ་དེ་ཁྱེད་ལ་འབུལ་ཟེར་བས། བདག་གི་སྣང་བ་ལ་མི་དེ་སྟག་རོང་ཨ་ནུ་སྟག་འཕེན་དང་རྟ་དེ་མགྱོགས་པའི་ཕོ་རོག་སྟོང་འཁྱམས་ཟེར་བ་དེ་ཡིན་སྙམ་པའི་སྣང་བ་བྱུང་བ་དང་། གཞན་ཡང་རྟེན་འབྲེལ་གྱི་ལེགས་ཚོགས་དུ་མ་ཞིག་བྱུང་བའི་རྐྱེན་གྱིས། མེ་མོ་ལུག་གི་ལོའི་ཟླ་བ་གཉིས་པའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན། རུ་དམ་ཨོ་རྒྱན་བསམ་བརྟན་ཆོས་གླིང་གི་ཕོ་བྲང་ཆེན་པོའི་ཡང་རྩེར་འཆི་མེད་གྲུབ་པའི་དགའ་ཚལ་དུ་པདྨ་ཐེག་མཆོག་བསྟན་འཛིན་ནམ་མིང་གཞན་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ། །

རླུང་རྟའི་གསེར་སྐྱེམས་ཀུན་དགའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།

ཧོ། ཆོས་དབྱིངས་བདེ་བ་ཆེན་པོའི་ངང་ཉིད་ལས། །མ་འགགས་རོལ་བའི་ཕྲིན་ལས་ཀུན་ཏུ་ཁྱབ། །ཡེ་ཤེས་འཇིག་རྟེན་ཡོངས་ཀྱི་འཁོར་ལོས་བསྒྱུར། །སྐལ་ལྡན་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཚེ་བསོད་དཔལ་འབྱོར་དབང་ཐང་སྙན་གྲགས་ཀྱི། །རླུང་གི་རྒྱལ་མཚན་སྲིད་རྩེར་བསྒྲེངས་མཛད་པའི། །སྣང་ལ་རང་བཞིན་དངོས་པོ་མ་གྲུབ་པ། །དྭངས་བའི་མཚོ་ནང་ཟླ་གཟུགས་ཤར་བ་བཞིན། །དབུས་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ན། །རྫུ་འཕྲུལ་རྐང་པ་བཞི་ལ་མངའ་བརྙེས་པ། །སྟོང་གསུམ་སྐད་ཅིག་ཡུད་ལ་བགྲོད་པར་བྱེད། །རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་རིན་པོ་ཆེ། །རླུང་གི་རྩལ་ལྡན་སྤྲིན་གྱི་ཤུགས་ལྡན་རྟ། །མཛེས་པའི་གཟུགས་འཆང་སྟོང་གསུམ་གང་བར་བྱེད། །མདོག་སྔོན་ཨིནྡྲ་ནི་ལའི་ལྷུན་པོ་ལ། །རྟ་བདུན་བདག་པོའི་འོད་ཀྱིས་འཁྱུད་པ་བཞིན། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བ། །རྔོག་མ་ལྕང་ལོ་གཡས་སུ་འཁྱིལ་བ་ལས། །རྣམ་མང་རིན་ཆེན་སྣ་ཚོགས་ཆར་བ་འབེབས། །སྟེང་དུ་ཡིད་བཞིན་ནོར་བུ་བསམ་འཕེལ་ནི། །རིན་ཆེན་ངོ་བོ་ལྷ་རྫས་བཻཌཱུརྱ། །འོད་དང་འོད་ཟེར་ཉི་མ་འབུམ་ལས་ལྷག །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །རྟག་ཏུ་མུན་པའི་སྣང་བ་གསལ་བར་བྱེད། །འོད་ཟེར་ཕོག་པས་འགྲོ་བའི་ནད་རྣམས་སེལ། །དྲོ་ན་བསིལ་ཞིང་གྲང་ན་དྲོ་བར་བྱེད། །འདོད་རྒུའི་ལོངས་སྤྱོད་དངོས་གྲུབ་ཆར་པ་འབེབས། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །གསེར་གྱི་ཉ་མོ་དུང་གི་གཤོག་པ་མཛེས། །བུམ་པ་བཟང་པོ་དཔག་བསམ་ནོར་བུའི་རྒྱན། །མ་ཆགས་སྐྱོན་བྲལ་མདངས་ལྡན་པདྨའི་ཚལ། །དྲི་མེད་དཀར་གསལ་ཡིད་འོང་གཡས་འཁྱིལ་དུང་། །དཔལ་གྱི་བེའུ་བཀྲ་ཤིས་དཔལ་གྱི་མཆོག །བདུད་བཞི་གཡུལ་ལས་རྒྱལ་བའི་རྒྱལ་མཚན་བསྒྲེངས། །གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་སོགས། །ཡིད་འོང་རིན་ཆེན་བཀྲ་ཤིས་རྟགས་བརྒྱད་ཀྱི། །གཟུགས་ཀྱི་རྣམ་འགྱུར་ཕྱོགས་བཅུར་ཀུན་ནས་བཀྲ། །རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་རིན་པོ་ཆེ། །མྱུར་མགྱོགས་ཆེ་བའི་རླུང་རྟ་ཡར་ལ་བསྐྱེད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ཕུལ་བས་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །རླུང་རྟའི་དཔལ་གཡང་མ་ལུས་བསྐྱེད་དུ་གསོལ། །སྙན་པའི་བ་དན་སྲིད་པའི་རྩེར་མོར་བསྒྲེངས། །གྲགས་པའི་འབྲུག་སྒྲ་ནམ་མཁའི་མཐའ་དང་མཉམ། །མཐུ་སྟོབས་ནུས་པ་རླུང་གི་མེ་བཞིན་སྦར། །འགྱུར་མེད་རླུང་གི་དཔལ་ཡོན་རབ་སྒྲུབ་ནས། །ཆོས་སྲིད་ལེགས་ཚོགས་ཕྱོགས་བཅུར་རྒྱས་པར་མཛོད། །ཤར་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ན། །འཇིགས་རུང་མེ་ཡི་ཚྭ་ཚྭ་འཁྲུགས་པ་ཡི། །མེ་ཁམས་རླུང་གི་དཔལ་སྟེར་བསྐྱེད་མཛད་པ། །དཔའ་རྩལ་སྟོབས་བསྐྱེད་རྒྱ་སྟག་ཁྲ་བོ་ནི། །མདོག་དམར་དུས་མཐའི་མེ་ལྟར་འབར་བ་ལ། །མིག་སྨན་མདོག་ཅན་རི་མོ་ཀུན་ཏུ་བཀྲ། །རྔམ་པའི་སྒྲ་ཡིས་སྟོང་གསུམ་གང་བར་བྱེད། །དཔའ་སྙིང་ཆེ་བའི་རླུང་རྟ་ཡར་ལ་བསྐྱེད། །ལྷོ་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ན། །ཆུ་ལྡན་ཆར་སྤྲིན་ཟབ་མོའི་ཀློང་ཡངས་ན། །ཆུ་ཁམས་རླུང་གི་དཔལ་སྟེར་བསྐྱེད་མཛད་པ། །ངར་སྐད་སྟོབས་བསྐྱེད་གཡུ་འབྲུག་སྔོན་མོ་སྟེ། །མདོག་ལྗང་རིན་ཆེན་མར་གད་ཞུན་མའི་མདོག །སྒྲ་ཡིས་སྲིད་པ་གསུམ་པོ་གཡོ་བར་བྱེད། །གློག་གི་ཕྲེང་བས་སྟོང་གསུམ་གསལ་བྱེད་པ། །ལག་ན་དགོས་འདོད་ཡིད་བཞིན་ནོར་བུ་བསྣམས། །སྙན་གྲགས་ཆེ་བའི་རླུང་རྟ་ཡར་ལ་བསྐྱེད། །ནུབ་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ན། །ཤེལ་བྲག་གངས་ཆེན་ལྕགས་རིའི་ཟམ་གནས་ནས། །ལྕགས་ཁམས་རླུང་གི་དཔལ་སྟེར་བསྐྱེད་མཛད་པ། །དཔའ་རྔམས་སྟོབས་བསྐྱེད་དུང་སེང་གཡུ་རལ་ཅན། །སྟོབས་ཀྱི་རྒྱལ་པོ་སྡེར་ཆགས་ཡོངས་ཀྱི་གཙོ། །གངས་རིའི་མདངས་ལྡན་ཉི་མ་འབུམ་གྱི་གཟི། །གཡུ་ཡི་རལ་བ་སྔོན་པོ་སྤྲིན་ལྟར་གཏིབས། །སྟོབས་ལྡན་སེངྒེའི་ངར་སྐད་ལྷངས་སེ་ལྷང་། །གཟི་བརྗིད་ཆེ་བའི་རླུང་རྟ་ཡར་ལ་བསྐྱེད། །ལྷོ་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །དཔག་བསམ་ལྗོན་པའི་ཚལ་ན་རྒྱུ་བ་ཡིས། །ཤིང་ལ་རླུང་གི་དཔལ་སྟེར་བསྐྱེད་མཛད་པ། །སྟོབས་ཤུགས་བང་བསྐྱེད་ཁྱུང་ཆེན་འབར་བ་ནི། །གཡུ་ཡི་མདོག་ཅན་འོད་ཟེར་ཕྱོགས་བཅུར་འཕྲོ། །གཡུ་ཡི་གཤོག་པ་བར་སྣང་མཁའ་ལ་བརྐྱངས། །ཕྱོགས་བཅུར་ལྡིང་ཞིང་བང་ནི་གློག་ལས་མྱུར། །གསེར་གྱི་མིག་ལ་ནོར་བུའི་ཐོར་ཚུགས་ཅན། །ཡོན་ཏན་ལྡན་པའི་རླུང་རྟ་ཡར་ལ་བསྐྱེད། །སྟག་སེང་ཁྱུང་འབྲུག་རླུང་རྟའི་ལྷ་རྣམས་ལ། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ཕུལ་བས་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །རླུང་རྟའི་དཔལ་གཡང་མ་ལུས་བསྐྱེད་དུ་གསོལ། །སྙན་པའི་བ་དན་སྲིད་པའི་རྩེར་མོར་བསྒྲེངས། །གྲགས་པའི་འབྲུག་སྒྲ་ནམ་མཁའི་མཐའ་དང་མཉམ། །མཐུ་སྟོབས་ནུས་པ་རླུང་གི་མེ་བཞིན་སྦར། །འགྱུར་མེད་རླུང་གི་དཔལ་ཡོན་རབ་སྒྲུབ་ནས། །ཆོས་སྲིད་ལེགས་ཚོགས་ཕྱོགས་བཅུར་རྒྱས་པར་མཛོད། །ཡེ་སྨོན་རྒྱལ་པོ་གསང་བདག་རྒྱལ་མོ་གཉིས། །སྨོན་ལམ་ལྷ་ལས་རླུང་རྟ་གསལ་བ་ནི། །ལྕགས་ཟངས་ཤིང་དང་ཆུ་ཡི་མི་ཕོ་བཞི། །རང་རང་མདོག་ཅན་འཕན་དར་ལྡེམ་འཕྲུ་ཅན། །ཕྱག་བརྙན་སྤྲུལ་པ་སྤྲེལ་སྦྲུལ་སྟག་དང་ཕག །སྲིད་པའི་སྙན་གྲགས་ཕྱོགས་བཅུ་ཀུན་ཏུ་སྤེལ། །ཆིབས་སུ་སྟག་རྟ་ཀུ་ཀུ་ར་ཛ་ཆིབས། །ནུབ་ཕྱོགས་རླུང་ཁྲི་དགུ་འབུམ་བདག་པོ་ནི། །རླུང་རྟའི་སྲས་པོ་ལྕགས་ཀྱི་མི་ཕོ་ལ། །མདུང་དར་བསྣམས་ནས་སྟག་རྟ་ཁྱི་གསུམ་ཆིབས། །ཕྱག་བརྙན་སྤྲེལ་མགོ་ཡང་སྤྲུལ་ཕོ་ཉར་འགྱེད། །ནུབ་ཕྱོགས་རླུང་རྟ་བསྐྱེད་ལ་སྙན་གྲགས་སྤེལ། །ལྷོ་ཕྱོགས་རླུང་ཁྲི་དགུ་འབུམ་བདག་པོ་ནི། །རླུང་རྟའི་སྲས་པོ་ཟངས་ཀྱི་མི་ཕོ་ལ། །མདུང་དར་བསྣམས་ཤིང་ཕག་ལུག་ཡོས་གསུམ་ཆིབས། །ཕྱག་བརྙན་སྦྲུལ་མགོ་ཡང་སྤྲུལ་ཕོ་ཉར་འགྱེད། །ལྷོ་ཕྱོགས་རླུང་རྟ་བསྐྱེད་ལ་སྙན་གྲགས་སྤེལ། །ཤར་ཕྱོགས་རླུང་ཁྲི་དགུ་འབུམ་བདག་པོ་ནི། །རླུང་རྟའི་སྲས་པོ་ཆུ་ཡི་མི་ཕོ་ལ། །མདའ་དར་བསྣམས་ཤིང་བྱི་འབྲུག་སྤྲེལ་གསུམ་ཆིབས། །ཕྱག་བརྙན་སྟག་མགོ་ཡང་སྤྲུལ་ཕོ་ཉར་འགྱེད། །ཤར་ཕྱོགས་རླུང་རྟ་བསྐྱེད་ལ་སྙན་གྲགས་སྤེལ། །བྱང་ཕྱོགས་རླུང་ཁྲི་དགུ་འབུམ་བདག་པོ་ནི། །རླུང་རྟའི་སྲས་པོ་ཆུ་ཡི་མི་ཕོ་ནི། །མདུང་དར་བསྣམས་ནས་བྱ་གླང་སྦྲུལ་གསུམ་ཆིབས། །ཕྱག་བརྙན་ཕག་མགོ་ཡང་སྤྲུལ་ཕོ་ཉར་འགྱེད། །བྱང་ཕྱོགས་རླུང་རྟ་བསྐྱེད་ལ་སྙན་གྲགས་སྤེལ། །བར་སྣང་གཉན་གྱི་རླུང་རྟ་རྣམ་པ་གཉིས། །གཡས་ཕྱོགས་བར་སྣང་ཁམས་ན་གནས་པ་ཡི། །རླུང་ཁྲི་དགུ་འབུམ་མ་ལུས་ཀུན་གྱི་བདག །སྟག་གི་མགོ་ཅན་མདུང་དར་ཚེ་བུམ་བསྣམས། །རླུང་རྟའི་དཔལ་གཡང་མ་ལུས་བསྐྱེད་དུ་གསོལ། །གཡོན་ཕྱོགས་བར་སྣང་ཁམས་ན་གནས་པ་ཡི། །རླུང་ཁྲི་དགུ་འབུམ་མ་ལུས་ཀུན་གྱི་བདག །སྐྱེས་བུ་ཆེན་པོ་མདོག་དཀར་འོད་ཟེར་འབར། །བེར་དཀར་གསོལ་ཞིང་མདུང་དར་ཕྱག་ན་བསྣམས། །རླུང་གི་རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེངས། །ཡི་སྨོན་རྒྱལ་པོ་གསང་བདག་རྒྱལ་མོ་གཉིས། །རླུང་རྟ་བཞི་དང་ལྷ་སྲས་རྣམ་པ་བཞི། །ཕྱག་བརྙན་སྡེ་བཞི་ཡང་སྤྲུལ་ཕོ་ཉའི་ཚོགས། །བར་སྣང་གཉན་གྱི་རླུང་རྟ་རྣམ་གཉིས་བཅས། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ཕུལ་བས་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །རླུང་རྟའི་དཔལ་གཡང་མ་ལུས་བསྐྱེད་དུ་གསོལ། །སྙན་པའི་བ་དན་སྲིད་པའི་རྩེར་མོར་བསྒྲེངས། །གྲགས་པའི་འབྲུག་སྒྲ་ནམ་མཁའི་མཐའ་དང་མཉམ། །མཐུ་སྟོབས་ནུས་པ་རླུང་གི་མེ་བཞིན་སྦར། །འགྱུར་མེད་རླུང་གི་དཔལ་ཡོན་རབ་སྒྲུབ་ནས། །ཆོས་སྲིད་ལེགས་ཚོགས་ཕྱོགས་བཅུར་རྒྱས་པར་མཛོད། །ཕ་ལྷ་མ་ལྷ་ཞང་ལྷ་སྲོག་ལྷ་དང་། །ཡུལ་ལྷ་ལ་སོགས་འགོ་བའི་ལྷ་ལྔ་དང་། །ཚེ་སྲོག་སྐྱོབ་དང་བསྟན་པ་རྒྱས་པ་དང་། །མི་གྲངས་སྤེལ་སོགས་དགྲ་ལྷ་བཅུ་གསུམ་པོ། །མ་ལྷ་བུ་རྫི་སྐྱེས་ཀྱི་ཕྲག་ལྷ་དཀར། །ཐབ་ལྷ་ཡུ་མོ་ཁྱིམ་ལྷ་གེ་ཐུང་དང་། །རྣམ་མང་ཐོས་སྲས་ཨརྱ་ཛམ་བྷ་ལ། །ཚོང་ལྷ་ཚོགས་བདག་གླང་སྣ་མགྲོན་ལྷ་དཀར། །དགྲ་ལྷ་ཐབ་སྐྱེན་རྣ་གསང་ཆེན་པོ་དང་། །ཇག་ལྷ་དར་མ་དགྲ་ལྷ་མགོན་པོ་དམར། །ཟས་ལྷ་དམར་པོ་དགྲ་ལྷ་སྲོག་ལྷ་དཀར། །འགོ་བའི་ལྷ་ལྔ་དགྲ་ལྷའི་ཚོགས་རྣམས་ལ། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ཕུལ་བས་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །རླུང་རྟའི་དཔལ་གཡང་མ་ལུས་བསྐྱེད་དུ་གསོལ། །སྙན་པའི་བ་དན་སྲིད་པའི་རྩེར་མོར་བསྒྲེངས། །གྲགས་པའི་འབྲུག་སྒྲ་ནམ་མཁའི་མཐའ་དང་མཉམ། །མཐུ་སྟོབས་ནུས་པ་རླུང་གི་མེ་བཞིན་སྦར། །འགྱུར་མེད་རླུང་གི་དཔལ་ཡོན་རབ་སྒྲུབ་ནས། །ཆོས་སྲིད་ལེགས་ཚོགས་ཕྱོགས་བཅུར་རྒྱས་པར་མཛོད། །བྱི་བ་ལ་སོགས་ལོ་སྐོར་བཅུ་གཉིས་དང་། །ལི་ཁོན་དཱ་ཁེན་གིན་སོགས་སྤར་ཁ་བརྒྱད། །ལྔ་སེར་གཉིས་ནག་སུམ་མཐིང་བཞི་ལྗང་དང་། །དྲུག་དཀར་བདུན་དམར་ལ་སོགས་སྨེ་བ་དགུ། །ལོ་ལྷ་དོན་གཉིས་ས་བདག་ལག་ཆེན་དང་། །ས་བདག་ཉེར་གཅིག་ལྷ་མོ་བརྟན་མ་སོགས། །ལོ་འཁོར་ས་བདག་བིཥྚི་ཟིན་ཕུང་དང་། །ནུ་རུ་ལུགས་དང་རྣོ་མྱུར་དུས་མཚན་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བྱེད་པའི། །ས་བདག་མཐུ་སྟོབས་དབང་ཕྱུག་ཅན་རྣམས་དང་། །ཕན་གནོད་ལ་དབང་ཀོ་ལོང་གདུག་སེམས་ཅན། །རླུང་རྟ་ཆེན་པོའི་བཀའ་འཁོར་ལ་གནས་པའི། །ཉི་མའི་ཟེར་གྱི་རྡུལ་ལྟར་འཁྲིགས་པ་བཞིན། །སྲིད་གསུམ་གང་བར་བྱེད་པའི་ཚོགས་རྣམས་ལ། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ཕུལ་བས་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །རླུང་རྟའི་དཔལ་གཡང་མ་ལུས་བསྐྱེད་དུ་གསོལ། །སྙན་པའི་བ་དན་སྲིད་པའི་རྩེར་མོར་བསྒྲེངས། །གྲགས་པའི་འབྲུག་སྒྲ་ནམ་མཁའི་མཐའ་དང་མཉམ། །མཐུ་སྟོབས་ནུས་པ་རླུང་གི་མེ་བཞིན་སྦོར། །འགྱུར་མེད་རླུང་གི་དཔལ་ཡོན་རབ་སྒྲུབ་ནས། །ཆོས་སྲིད་ལེགས་ཚོགས་ཕྱོགས་བཅུར་རྒྱས་པར་མཛོད། །ཅེས་རླུང་རྟའི་གསེར་སྐྱེམས་ཀུན་ཏུ་དགའ་བའི་དཔལ་སྟེར་ཞེས་བྱ་བ་འདི་ནི་རྟེན་འབྲེལ་གྱི་ལེགས་ཚོགས་འགའ་ཞིག་འགྲིགས་པའི་རྐྱེན་གྱིས་ས་ཕོ་རྟ་ལོའི་ཟླ་༣ཚེས་རེས་བཟའ་པ་སངས་ཉིན་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རུ་དམ་ཨོ་རྒྱན་བསམ་བསྟན་ཆོས་གླིང་གི་ཕོ་བྲང་ཆེན་པོའི་ཡང་རྩེ་འཆི་མེད་གྲུབ་པའི་དགའ་ཚལ་དུ་བསྟན་ལ་ཕན་པའི་ལྷག་བསམ་བཟང་པོས་བྲིས་པ་དགེ །

རླུང་རྟའི་ལྷ་ཚོགས་རྣམས་ལ་ཕྲིན་ལས་བཅོལ་བ་ནི།

ཧཱུྃ་ཧྲཱིཿ དཀོན་མཆོག་རྩ་གསུམ་ནོར་ལྷ་གཏེར་བདག་དང་། །དཔལ་མགོན་བདུན་ཅུ་འགོ་བའི་ལྷ་ལྔའི་ཚོགས། །དགྲ་ལྷ་བཅུ་གསུམ་ཡུལ་ལྷ་གཞི་བདག་བཅས། །ཤུགས་ལྡན་རྟ་མཆོག་ཕྱོགས་བཞིའི་བདག་པོ་ལྷ། །ལོ་སྐོར་བཅུ་གཉིས་སྤར་སྨེ་ས་བདག་སོགས། །ལོ་ཟླ་ཞག་དུས་ཚེས་ལ་དབང་བྱེད་པ། །མདོར་ན་རྣལ་འབྱོར་རླུང་རྟ་བསྐྱེད་པའི་ལྷ། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱི། །དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་ལ། །རླུང་རྟའི་དཔལ་གཡང་མ་ལུས་བསྐྱེད་དུ་གསོལ། །ཕོ་མོ་བུ་ཚ་ཟས་ནོར་དབྱིག་སོགས་པའི། །རླུང་རྟ་ཆགས་ཉམས་རྒུད་ཐོར་ཞིག་པ་དང་། །བུག་རལ་གས་ཆག་འབྱུང་ཁམས་མི་མཐུན་པ། །གཅིག་བདུད་གཅིག་བཅད་ནང་འཕྲད་དགྲར་གྱུར་སོགས། །མི་མཐུན་ལོག་པར་གྱུར་པའི་རིགས་རྣམས་ཀུན། །ད་ལྟ་ཉིད་དུ་ཞི་བའི་ཕྲིན་ལས་མཛོད། །བདག་ཅག་འདི་དང་ཕྱི་མར་གྱུར་པའི་གེགས། །མདོར་ན་མི་མཐུན་སྔོན་ལས་ངན་པ་དང་། །འཕྲལ་རྐྱེན་བར་ཆད་རྐྱེན་ཁ་ཟུག་པ་རྣམས། །བཟློག་ཅིང་བསྒྱུར་ཅིག་བར་ཆད་དབྱིངས་ནས་སོལ། །རྣལ་འབྱོར་བསམ་པ་ཡིད་བཞིན་སྒྲུབ་ཏུ་གསོལ། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པ་པདྨ་ཐེག་མཆོག་བསྟན་འཛིན་གྱིས་བྲིས་པ་དགེའོ། །

བོད་སྐྱོང་དམ་ཅན་བསྟན་མ་བཅུ་གཉིས་ཀྱི་སྒྲུབ་ཐབས་ཕྲིན་ལས་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ།།

ཨོཾ་སྭ་སྟི། ཡེ་ཤེས་དབྱིངས་ལས་གདུལ་དཀའི་ངོར། །བསྟན་སྲུང་གཙོ་བོའི་སྐུར་བཞེངས་པ། །བོད་སྐྱོང་བརྟན་མ་བཅུ་གཉིས་ལ། །དང་བའི་ཡིད་ཀྱི་གུས་པས་འདུད། །དེ་ལ་བོད་སྐྱོང་བརྟན་མ་བཅུ་གཉིས་མཆོད་པར་འདོད་པའི་གང་ཟག་གིས།བདུད་མོ་བཞི་ལ་གྲུ་གསུམ་ནག་པོ། གནོད་སྦྱིན་བཞི་ལ་གྲུ་བཞི་རྩེ་ཟླུམ་དམར་པོ། སྨན་བཙུན་བཞི་ལ་དཀར་ཟླུམ་སོ་སོའི་མདུན་དུ་རང་མདོག་དང་མཐུན་པའི་མཐེབ་ཀྱུ་སུམ་བརྩེགས་ཀྱིས་བརྒྱན་པ། སྨན་རག་སོགས་མཁོ་བའི་ཡོ་བྱད་འདུ་བྱས་ལ། རང་ཉིད་དཔལ་ཆེན་པོའི་ང་རྒྱལ་དང་ལྡན་པའི་སྒོ་ནས། བྷྱོ། རང་སྣང་འོད་གསལ་སྤྲུལ་པའི་གནས་མཆོག་ཏུ། །སྤང་ལྗོངས་གངས་རི་སྐྱེད་ཚལ་རིན་ཆེན་བྲག །ལྗོན་ཤིང་ཆུ་མཚོས་བརྒྱན་པའི་ཉམས་དགའ་བ། །རང་མདུན་འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་། །སྣ་ཚོགས་པདྨ་འདབ་མ་བཅུ་གཉིས་པ། །དབུས་ཀྱི་ལྟེ་བ་རིན་ཆེན་ཁྲི་རྐང་སྟེང་། །རིན་ཆེན་དར་ཟབ་པདྨ་ཉི་ཟླའི་སྟེང་། །སངས་རྒྱས་ཀུན་འདུས་རྒྱལ་དབང་པདྨ་འབྱུང་། །སྐུ་མདོག་དཀར་དམར་ཁྲོ་འཛུམ་ཆགས་པའི་ཉམས། །ཕྱག་གཡས་གསེར་གྱི་རྡོ་རྗེ་མཁའ་ལ་ཕྱར། །གཡོན་པས་མཉམ་བཞག་བདེ་སྐྱོང་ཐོད་བུམ་བསྣམས། །མཆན་ཁུང་གཡོན་དུ་ལྷ་ལྕམ་སྦས་པའི་ཚུལ། །ཐོད་མཁར་དགུ་བརྩེགས་ཁ་ཊཾ་རྩེ་གསུམ་བསྣམས། །དབུ་ལ་འདབ་ལྡན་པདྨའི་སྙན་ཞུ་གསོལ། །སྐུ་ལ་ཆོས་གོས་ཕོད་ཁ་བེར་ཕྱམས་ཅན། །ཞབས་གཉིས་རྒྱལ་པོ་རོལ་བའི་སྟབས་ཀྱིས་བཞུགས། །སྐུ་ཡི་གཟི་བརྗིད་ཉི་མ་འབུམ་ལས་ལྷག །ཚངས་པའི་གསུང་དབྱངས་བཞད་སྒྲ་དི་རི་རི། །ཐུགས་ཀྱི་བརྩེ་བས་སེམས་ཅན་བུ་བཞིན་སྐྱོང་། །སྤྱི་གཙུག་འཇའ་ཟེར་ཐིག་ལེའི་ཀློང་ཡངས་ན། །ལོངས་སྤྱོད་རྫོགས་སྐུ་འཕགས་པ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་སྟོན་ཀའི་ཟླ་བའི་མདོག །ཞལ་གཅིག་ཕྱག་བཞི་མཛེས་ཤིང་འཛུམ་པའི་ཉམས། །དང་པོ་གཉིས་ཀྱིས་ཐུགས་ཀར་ཐར་མོ་སྦྱར། །འོག་མ་གཉིས་ཀྱིས་ཤེལ་ཕྲེང་པད་དཀར་བསྣམས། །རལ་བའི་ཐོར་གཙུག་རིན་ཆེན་པྲོག་ཞུ་ཅན། །སྣ་ཚོགས་དར་གྱི་སྟོད་གཡོག་སྨད་དཀྲིས་གསོལ། །རིན་ཆེན་རྒྱན་ཆས་བཅུ་གསུམ་དག་གིས་སྤྲས། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །དེ་ཡི་སྤྱི་བོར་པདྨ་ཉི་ཟླའི་སྟེང་། །ཆོས་སྐུའི་སྟོན་པ་འོད་སྣང་མཐའ་ཡས་དམར། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་ལྷུང་བཟེད་བསྣམས། །སྤྲུལ་སྐུའི་ཆ་བྱད་ཆོས་གོས་རྣམས་གསུམ་གསོལ། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །དཀྱིལ་འཁོར་གཙོ་མཆོག་པདྨ་འབྱུང་གནས་ཀྱི། །ཕྱི་རོལ་པདྨའི་འདབ་མ་བཅུ་གཉིས་ལ། །ཤར་ནས་རིམ་བཞིན་བདུད་མོ་ཆེན་མོ་བཞི། །བྱང་གི་གནམ་མཚོ་ཕྱུག་མོ་གསང་བའི་མཚན། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །སྐུ་མདོག་མཐིང་ནག་བཻཌཱུརྱ་ཡི་མདོག །བདུད་ཀྱི་བེར་ཆེན་ནག་པོ་སྐུ་ལ་གསོལ། །ཆུ་སྲིན་རྒྱལ་མཚན་དང་ནི་མེ་ལོང་བསྣམས། །གཡུ་འབྲུག་ཆིབས་ནས་བསྟན་པའི་བྱ་ར་མཛད། །མགོ་ཡུལ་ཇོ་མོ་ལྷ་རི་གསང་བའི་མཚན། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། །སྐུ་མདོག་ལྗང་སྔོན་ཨིནྡྲ་ནི་ལིའི་མདོག །ཟ་འོག་སྔོ་བཀྲའི་བེར་ཆེན་སྐུ་ལ་གསོལ། །ཤང་ལང་དང་ནི་ཞགས་པ་བསྣམས་ནས་སུ། །རྐྱང་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད། །ཟིན་གྱི་བཀྲ་ཤིས་ཚེ་རིང་གསང་བའི་མཚན། །གངས་ཀྱི་་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །གངས་རིའི་མདོག་འདྲ་མཛེས་འཛུམ་ཆགས་པའི་ཉམས། །སྐུ་ལ་དར་དཀར་ན་བཟའ་གཡང་ལུགས་གསོལ། །རྡོ་རྗེ་རྩེ་ལྔ་ཚེ་བུམ་བསྣམས་ནས་ནི། །སེངྒེ་ཆིབས་ནས་བསྟན་པའི་བྱ་ར་མཛད། །ཡར་འབྲོག་གཡུ་མཚོའི་བདག་མོ་གསང་བའི་མཚན། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །སྐུ་མདོག་ལྗང་ནག་མར་གད་ཞུན་མའི་མདོག །ལྷབ་ལྷུབ་དར་གྱི་ན་བཟའ་སྐུ་ལ་གསོལ། །རུ་མཚོན་རྩེ་ལྔ་དང་ནི་ཞགས་པ་བསྣམས། །དྲེལ་རྟ་ཆིབས་ནས་བསྟན་པའི་བྱ་ར་མཛད། །ལྷ་ཕུའི་གངས་དཀར་མ་ནི་གསང་བའི་མཚན། །གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ། །སྐུ་མདོག་དཀར་ལྗང་ཀུནྡའི་མདོག་འདྲ་བ། །དར་གྱི་ན་བཟའ་དཀར་པོ་སྐུ་ལ་གསོལ། །ཟོར་བ་དང་ནི་ཞགས་པ་ཐོགས་ནས་སུ། །ཤྭ་བ་ཆིབས་ནས་བསྟན་པའི་བྱ་ར་མཛད། །རོང་གི་ཇོ་མོ་ཁ་རག་གསང་བའི་མཚན། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །ཉི་མ་འཆར་ཁའི་མདོག་འདྲ་ཆགས་པའི་ཉམས། །དམར་སེར་དར་གྱི་ན་བཟའ་སྐུ་ལ་གསོལ། །ཌ་མ་རུ་དང་མེ་ལོང་བསྣམས་ནས་ནི། །ཁྱུང་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད། །རྨ་ཆེན་སྤོམ་ར་སྲིང་གཅིག་གསང་བའི་མཚན། །རྨ་རི་རབ་འབྱམས་རྡོ་རྗེ་གྲགས་མོ་རྒྱལ། །སྐུ་མདོག་དཀར་པོ་ཟླ་བ་ཞུན་མའི་མདོག །དར་དཀར་བེར་ཆེན་ལྷབ་ལྷུབ་སྐུ་ལ་གསོལ། །བེ་ཅོན་དང་ནི་རིན་ཆེན་གཞོང་པ་འཛིན། །འཕར་བ་ཆིབས་ནས་བསྟན་པའི་བྱ་ར་མཛད། །བྱང་སྟོད་དམར་གྱི་མཚོ་བདག་གསང་བའི་མཚན། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་ནི། །གསེར་གྱི་མདོག་ཅན་ཁྲོ་འཛུམ་ཆགས་པའི་ཉམས། །སེར་ནག་དར་གྱི་ན་བཟའ་སྐུ་ལ་གསོལ། །བེ་ཅོན་དང་ནི་མཁར་གཞོང་བསྣམས་ནས་ནི། །རྟ་མཆོག་ཆིབས་ནས་བསྟན་པའི་བྱ་ར་མཛད། །ཀོང་པོའི་ཀོང་བཙུན་དེ་མོ་གསང་བའི་མཚན། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །མཛེས་སྡུག་འཕྲུལ་ཆགས་པད་དཀར་རྒྱས་པའི་མདོག །ལྷབ་ལྷུབ་དར་གྱི་འཇོལ་བེར་སྐུ་ལ་གསོལ། །མདའ་དར་རིན་ཆེན་སྒྲོམ་བུ་བསྣམས་ནས་ནི། རྟ་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད། །ཨེ་ཉམས་ར་མདོའི་སྦི་ན་གསང་བའི་མཚན། །བཙན་ལ་རོལ་བའི་རྡོ་རྗེ་སྨན་གཅིག་མ། །སྐུ་མདོག་དཀར་ལྗང་ཆགས་ཤིང་འདུད་པའི་ཚུལ། །སྐུ་ལ་དར་དཀར་བེར་ཆེན་ལྷབ་ལྷུབ་གསོལ། །ལྷབ་ལྷུབ་དར་དང་དངོས་གྲུབ་འབྲང་རྒྱས་བསྣམས། །མཛོ་མོ་ཆིབས་ནས་བསྟན་པའི་བྱ་ར་མཛད། །གཙང་གི་ཇོ་མོ་ནགས་རྒྱལ་གསང་བའི་མཚན། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ། །མཚམས་སྤྲིན་མདངས་ལྡན་ཡིད་འཕྲོག་ལྟ་ན་སྡུག །རིན་ཆེན་འབར་བ་སྒྲ་སྙན་ཏིང་ཤགས་བསྣམས། །དམར་སེར་དར་གྱི་ན་གཟའ་སྐུ་ལ་གསོལ། །ཡུ་མོ་ཆིབས་ནས་བསྟན་པའི་བྱ་ར་མཛད། །བདུད་ཀྱི་ཇོ་མོ་གཡུ་ཏིང་གསང་བའི་མཚན། །གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་སྨན། །གཡུ་ཡི་མདོག་ཅན་ཟ་བེར་སྐུ་ལ་གསོལ། །ལྗང་སེར་དར་གྱི་ན་གཟའ་སྐུ་ལ་གསོལ། །སྙན་པའི་དྲིལ་བུ་རིན་ཆེན་པདྨ་བསྣམས། །སྟག་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད། །བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་རྣམས། རང་རང་བྲན་དང་གཡོག་འཁོར་མང་པོའི་ཚོགས། །ལྷབ་ལྷུབ་རིན་ཆེན་མང་པོའི་རྒྱན་དང་བཅས། །ལ་ལ་ནག་མོ་ཁྲོ་གཏུམ་བདུད་མོའི་ཚོགས། །ལ་ལ་དམར་མོ་གནོད་སྦྱིན་བུ་མོའི་ཚོགས། །ལ་ལ་དཀར་མོ་བཞིན་བཟང་སྨན་མོའི་ཚོགས། །ལ་ལ་སྔོ་བསངས་ནམ་མཁའི་མདོག་ཅན་ཚོགས། །རང་རང་བཞུགས་པའི་གནས་མཆོག་དམ་པ་ནས། །སྔོན་གྱི་ཐུགས་དམ་དམ་ཚིག་རྗེས་དགོངས་ལ། །བྲན་དང་གཡོག་འཁོར་མང་པོའི་ཚོགས་བཅས་ནི། །ལྷབ་ལྷུབ་རིན་ཆེན་སྣ་ཚོགས་རྒྱན་དང་བཅས། །བརྩེ་བའི་ཚུལ་གྱི་གནས་འདིར་གཤེགས་སུ་གསོལ། །སྤྱན་འདྲེན་པ་ནི། ཧཱུཾ། རང་བཞིན་བདེ་ཆེན་རྣམ་པར་དག་པའི་དབྱིངས། །ཆོས་དབྱིངས་སྤྲོས་པ་བྲལ་བའི་ཕོ་བྲང་ནས། །ཆོས་སྐུ་སྟོན་པ་སྣང་བ་མཐའ་ཡས་ལ། །ཆོས་སྐུའི་ལྷ་ཚོགས་མ་ལུས་འཁོར་དང་བཅས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །རི་བོ་པོ་ཏ་ལ་ཡི་གནས་མཆོག་ནས། །ལོངས་སྐུའི་སྟོན་པ་སྤྱན་རས་གཟིགས་དབང་ལ། །ལོངས་སྐུའི་ལྷ་ཚོགས་མ་ལུས་འཁོར་དང་བཅས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས། །ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ལ། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །རང་རང་གར་བཞུགས་གནས་མཆོག་དམ་པ་ནས། །བོད་ཁམས་སྐྱོང་བའི་མ་ཡུམ་བརྟན་མའི་ཚོགས། །བདུད་མོ་བཞི་དང་གནོད་སྦྱིན་སྨན་མོ་བཞི། །རང་རང་སྡེ་བརྒྱད་དུ་མའི་འཁོར་དང་བཅས། །ལྷབ་ལྷུབ་རིན་ཆེན་མང་པོའི་རྒྱན་དང་བཅས། །སྔོན་གྱི་དམ་ཚིག་གཉན་པོ་རྗེས་དགོངས་ལ། །རྣལ་འབྱོར་བསམ་པ་བསྒྲུབ་ཕྱིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ བཞུགས་གསོལ་ནི། ཧཱུྃ། གཉིས་འཛིན་སྐྱོན་བྲལ་ཡེ་ཤེས་དག་པའི་སྐུ། །གཉིས་སྣང་ཡེ་ཤེས་དམ་ཚིག་སེམས་དཔའ་གཉིས། །གཉིས་མེད་མཉམ་པ་ཆེན་པོའི་རང་བཞིན་ལ། །གཉིས་སུ་མེད་པའི་ཚུལ་གྱིས་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃཿ ཆོས་སྐུའི་དབྱིངས་ལ་རྟོག་པ་མི་མངའ་ཡང་། །མ་འགག་རོལ་རྩལ་ལོངས་སྤྱོད་རྫོགས་སྐུ་ཤར། །ཐུགས་རྗེའི་གང་ལ་གང་འདུལ་སྤྲུལ་པའི་སྐུ། །རྟེན་འབྲེལ་བཅུ་གཉིས་གནས་དག་བརྟན་མའི་ཚོགས། །འཁོར་དང་བཅས་པ་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏིཙྪ་ཧོཿ མཆོད་པ་ནི། ཧཱུྃ། སྟོང་གསུམ་འདི་འམ་སྟོང་གསུམ་གཞན་དག་ན། །མེ་ཏོག་སྣ་ཚོགས་བདུག་པའི་སྤྲིན་ཕུང་སྤྲོ། །འོད་འབར་སྣང་གསལ་བྱུག་པའི་ལྦུ་ཕྲེང་གཡོ། །ཞལ་ཟས་བཅུད་ལྡན་སྙན་བརྗིད་རོལ་མོའི་སྒྲ། །ཤ་ཁྲག་རུས་གསུམ་དོན་སྙིང་ནང་རོལ་ཚོགས། །སྨན་དང་རཀྟའི་བཏུང་བ་མཚོ་ལྟར་བསྐྱིལ། །གཟུགས་སྒྲ་དྲི་རོ་རེག་བྱ་བཀྲ་ཤིས་རྫས། །ལྷ་མིའི་བསོད་ནམས་ལས་བྱུང་མཆོད་པའི་སྤྲིན། །དང་བའི་བློ་ཡིས་གུས་པས་འབུལ་ལགས་ན། །དགྱེས་བར་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད། །ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཁ་ཧི༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། བཛྲ་ཨ་ར་ལི་ཛཿ བཛྲ་ཨ་ར་ལི་ཧཱུྃ། བཛྲ་ཏི་ཏི་དྷེ། བཛྲ་བྷ་ར་དྷ། བཛྲ་ས་བྱ་ཧཱུྃ། བཛྲ་ཏི་ཏི་ཧཱུྃ། བཛྲ་མ་ཏི་ཧཱུྃ། བཛྲ་ཏི་ད་ས་ཧཱུྃ། བཛྲ་ཁ་ར་ལི་ཧཱུྃ། བཛྲ་སིང་སོ་ཧཱུྃ། བཛྲ་ཡཀྴ་ཕྱིར། བཛྲ་དུ་ཕྱིར་ས་ར་ན་ཕཊ། མ་དུད་བྷྱོ། མ་དུད་བྷྱོ། ཧཱུྃ་ཧཱུྃ་ཛཿ་ཛཿ ས་པ་རི་ཝ་ར་ཨེ་དམ་བྷ་ལིངྟ་སོགས་ལན་གསུམ། བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕངས་བསྟོད༴ སོགས་ནས། ཕྲིན་ལས་མཛོད་ཅིག །བསྟོད་པ་ནི། ཧཱུྃ། ཆོས་སྐུའི་ཞིང་ཁམས་རབ་འབྱམས་དཔག་མེད་ན། །གདུལ་བྱ་དཔག་མེད་དབྱིངས་སུ་འདུལ་མཛད་པ། །ཆོས་སྐུའི་སྟོན་པ་སྣང་བ་མཐའ་ཡས་ལ། །དམིགས་མེད་མཁའ་ལྟར་ཁྱབ་ལ་ཕྱག་འཚལ་བསྟོད། །ལོངས་སྤྱོད་རྫོགས་སྐུ་མཚན་དང་དཔེ་བྱད་ལྡན། །ཚངས་དབྱངས་ཀ་ལ་པིངྐའི་སྒྲ་དབྱངས་ཀྱིས། །དཔག་ཡས་འདུལ་བྱ་རྒྱལ་མཚོར་སྨིན་མཛད་པ། །ལོངས་སྐུ་ཐུགས་རྗེ་ཆེན་པོར་ཕྱག་འཚལ་བསྟོད། །དྷ་ན་ཀོ་ཥ་པདྨའི་མཚོ་གླིང་དུ། །སྐུ་གསུམ་རིག་འདུས་པདྨ་འབྱུང་གནས་སྐུ། །སྣ་ཚོགས་ཐབས་ཀྱིས་འགྲོལ་བ་འདུལ་མཛད་པ། །ཨོ་རྒྱན་རིན་པོ་ཆེ་ལ་ཕྱག་འཚལ་བསྟོད། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །དཔལ་མོ་ཐང་གི་དཔལ་ཐང་གཙང་གི་སྟོད། །ལྷ་མཚོ་སྲིན་མཚོ་གཉན་པོའི་རྩ་བ་རུ། །དམ་ལ་བཏགས་པའི་བརྟན་མའི་ཚོགས་ལ་བསྟོད། །ལ་ལ་ནག་མོ་མི་སྡུག་སྲིན་མོའི་ཚོགས། །ལ་ལ་དམར་མོ་གནོད་སྦྱིན་ཁྲོ་གཉེར་ཅན། །ལ་ལ་དཀར་མོ་བཞིན་བཟང་མཛེས་མའི་གཟུགས། །ལ་ལ་སྔོན་མོ་སྔོ་བསངས་བུ་མོའི་ཚུལ། ཞི་རྒྱས་དབང་དྲག་སོ་སོའི་རྣམ་འགྱུར་ཅན། །མ་མོ་བཅུ་གཉིས་ཚོགས་ལ་ཕྱག་འཚལ་བསྟོད། །བོད་ཡུལ་གཞི་བདག་ཡོངས་ཀྱི་གཙོ་མོ་སྟེ། །མུ་སྟེགས་རྒྱུ་བའི་སྒོ་འཕྲང་བཅད་པ་དང་། །ནད་ཡམས་དམག་འཁྲུགས་མུ་གེ་ཞི་མཛད་པ། །དགྲ་དང་བགེགས་རྣམས་འདུལ་མཛད་ཁྱོད་ལ་བསྟོད། །ཕྲིན་བཅོལ་ནི། བྷྱོ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ་དཔལ་གྱི། །དཀྱིལ་འཁོར་ཡོངས་ཀྱི་སྲུང་མ་མཐུ་བོ་ཆེ། །ཁྱད་པར་དུར་ཁྲོད་ཆེན་པོ་བསིལ་ཚལ་དུ། །ཡེ་ཤེས་མཁའ་འགྲོ་སེངྒེའི་གདོང་ཅན་གྱི། །བསྟན་པར་སྲུང་བར་དབང་བསྐུར་གཉེར་དུ་བཏད། །ཕྱིས་སུ་བལ་ཡུལ་ཁ་ལ་རོང་སྒོ་རུ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །དམ་ལ་བཏགས་ནས་བསྟན་པའི་སྲུང་མར་བསྐོས། །བོད་ཁམས་སྐྱོང་བའི་མ་ཡམས་བརྟན་མའི་ཚོགས། །སྙིང་རྗེ་ཆེན་པོའི་དབྱིངས་ལས་མ་གཡོས་ཀྱང་། །ཁྲག་འཁྲུགས་རྔམ་པའི་ཚུལ་གྱིས་སྐུར་བཞེངས་ལ། ལྟ་ལོག་མུ་སྟེགས་རྒོལ་ངན་ཚར་བཅད་ནས། །འགོང་པོ་སྤུན་དགུ་རྒྱ་འདྲེའི་གནོད་པ་བཟློག །སངས་རྒྱས་བསྟན་དང་བསྟན་འཛིན་སྐྱོང་བ་ལ། །ལོག་པར་སེམས་པའི་དམ་སྲིའི་ཚོགས་རྣམས་ཀྱིས། །མི་དང་མི་མིན་སྣང་བ་དབང་བསྒྱུར་ནས། །བསྟན་སེལ་སྡེ་འཁྲུགས་སློང་བར་བྱེད་པའི་རིགས། །ཁ་དཀར་སྙིང་ནག་ལེགས་ན་མི་དགའ་བའི། །ཉེས་ན་དགའ་བའི་བསམ་ངན་གདུག་རྩུབ་ཅན། །རྣལ་འབྱོར་བདག་ལ་ལྷ་མེད་ཟེར་བ་དང་། །ལྷ་ལ་མཐུ་མེད་ཟེར་བའི་དམ་ཉམས་ཚོགས། །དོ་བརྡོ་ཕོད་དུ་བཙུག་པའི་དགྲ་བོ་རྣམས། །མ་ཡམས་བརྟན་མའི་ཚོགས་ཀྱི་མཐུ་སྟོབས་དང་། །རྒྱུ་འབྲས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །མི་འདོད་ཕུང་ཀྲོལ་ངན་པ་ཚར་བཅད་ནས། །མིང་ཙམ་མེད་པར་བརླག་པའི་ཕྲིན་ལས་མཛོད། །ཁྱད་པར་སྔོན་ཚེ་པདྨ་འབྱུང་གནས་དང་། །དྲེགས་པའི་བཀའ་བབ་རླང་ཆེན་དཔལ་སེང་གེ །དཀྱིལ་འཁོར་མཐའ་རུ་ཞིང་ཆེན་སྟན་ལ་བཞག །གསང་བའི་མཚན་གསོལ་སྤྱི་བོར་ཅོད་པན་བཏགས། །ལག་ཏུ་རྡོ་རྗེ་གཏད་ནས་བཀའ་བསྒོས་བཞིན། །ཇི་ལྟར་ཁས་བླང་དམ་བཅས་ཇི་བཞིན་དུ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་གི །ཡིད་ལ་ཅི་བསམ་ལྷུན་གྱིས་གྲུབ་པ་དང་། །བཅོལ་བའི་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། །ཅེས་བོད་སྐྱོང་བརྟན་མ་བཅུ་གཉིས་འདི་དུས་སྙིགས་མའི་སྐབས་འདིར་གསོལ་མཆོད་བྱས་ན་ལེགས་ཆའི་མཚན་ལྟས་རེ་ཤར་བས། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ས་ཕོ་རྟ་ལོའི་ཟླ་བ་བརྒྱད་པའི་ཚེས་གསུམ་ལ་བྲིས་པ་དགེའོ། །

མ་སྲིང་བརྟན་མ་བཅུ་གཉིས་ཀྱི་བསྐང་བ་རྒྱས་བ་མི་མཐུན་གཡུལ་འཇོམས་ཞེས་བྱ་བ་བཞུགས་སོ།།

སྣང་བ་མཐའ་ཡས་བྱམས་བརྩེའི་ཐུགས་བསྐྱེད་འཕྲུལ། །ལྔ་ལྡན་འོད་ཟེར་ལས་གྲུབ་སྙིགས་འགྲོའི་མགོན། །དྷ་ན་ཀོ་ཥར་པད་སྡོང་རྩེར་འཁྲུངས་པའི། །པདྨ་སཾ་བྷས་བྱིན་རླབས་དེང་འདིར་སྩོལ། །ལྔ་བདོའི་དུས་མཐའི་རྒྱལ་བསྟན་ལ་འཚེ་བའི། །ནག་ཕྱོགས་མི་བསྲུན་མཐར་སྐྲོད་ཁས་བླངས་བའི། །མཐུ་ཆེན་རྡོ་རྗེ་དྲག་པོའི་བཀའ་སྡོད་པ། །དམ་ཅན་བརྟན་མ་བཅུ་གཉིས་གསོལ་མཆོད་རྩོམ། །ཧཱུྃ་ཧྲཱིཿ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །རྣམ་འཕྲུལ་ཞིང་གི་བཀོད་པ་བསམ་ཡས་དབུས། །རྣམ་རྒྱལ་ཕོ་བྲང་ལྟ་བུ་བཀོད་ལེགས་པ། །རྣམ་མང་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ལྷ་མིའི་བསོད་ནམས་སྟོབས་ལས་བྱུང་བ་ནི། །ལྷ་ཆེན་འཕྲུལ་དགའི་ལོངས་སྤྱོད་ཇི་བཞིན་དུ། །ལྷ་དང་མི་ཡི་ཡོ་བྱད་མཆོད་པའི་སྤྲིན། །ལྷ་རྫས་ཉེར་སྤྱོད་འདོད་ཡོན་སྣ་ལྔ་དང་། །ཤ་ཆེན་ལྔ་ནི་ལྷུན་པོའི་སྤོ་དང་མཉམ། །བདུད་རྩི་རྣམ་ལྔ་རྒྱ་མཚོ་ལྟ་བུར་བསྐྱིལ། །དམ་རྫས་བཟའ་དང་བཅའ་བའི་ཚོགས་རྣམས་དང་། །མདོར་ན་རྟེན་རྫས་མཐུན་རྫས་བསྐང་བའི་རྫས། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྫས། །དངོས་འབྱོར་ཡིད་སྤྲུལ་ལས་བྱུང་མཆོད་པའི་སྤྲིན། །རྣམ་མང་ནམ་མཁའ་མཛོད་ཀྱི་འཁོར་ལོ་འདི། །བོད་ཁམས་སྐྱོང་བའི་མ་ཡམས་བརྟན་མའི་ཚོགས། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་བའི་ཕྱིར། །རྣམ་དག་དང་བའི་བློ་ཡིས་འབུལ་ལགས་ན། །བརྩེ་བའི་ཐུགས་རྗེས་གནས་འདིར་གཤེགས་སུ་གསོལ། །ཧཱུྃ་ཧྲཱིཿ འདུ་ཤེས་ལས་བྱུང་བདེ་འབྱུང་འཁྲིག་པའི་ཁྱིམ། །གནོད་སྦྱིན་གངས་ཕུག་ཡུལ་གྱི་བདག་མོ་ནི། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །མཐིང་ནག་བདུད་ཀྱི་བེར་ཆེན་སྐུ་ལ་གསོལ། །ཆུ་སྲིན་རྒྱལ་མཚན་དང་ནི་མེ་ལོང་བསྣམས། །མར་གད་མདོག་ཅན་གཡུ་འབྲུག་སྔོན་མོ་ཆིབས། །འཁོར་དུ་བདུད་མོ་ཆེན་མོ་འབུམ་གྱིས་བསྐོར། །ཧཱུྃ་ཧྲཱིཿ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །ཕྱི་ཡི་མཆོད་པ་འདོད་ཡོན་རྣམ་པ་ལྔ། །ནང་གི་མཆོད་པ་སྨན་རཀ་བྷ་ལིངྟ། །གསང་བའི་མཆོད་པ་གྷ་ན་ཙཀྲ་སོགས། །བདེ་ཆེན་དགའ་བ་བཞི་ཡི་མཆོད་པ་དང་། །ང་བདག་མཚན་མ་དབྱིངས་སུ་བསྒྲལ་བས་མཆོད། །ཡོལ་བ་བླ་བྲེ་རྒྱལ་མཚན་འཕན་ཕུར་མཛེས། །རིན་ཆེན་སྣ་ཚོགས་ཟ་འོག་དར་ཟབ་གོས། །འབྲུ་སྣ་ཕྱེ་མར་དྲི་ཞིམ་སྤོས་ཀྱི་རིགས། །རིན་ཆེན་རི་རབ་གླིང་བཞི་གླིང་ཕྲན་དང་། །གསེར་རི་རོལ་མཚོ་ཉི་ཟླ་རྒྱུ་སྐར་བཀྲ། །ཕྱི་ཡི་ལྕགས་རི་མུ་ཁྱུད་རྒྱ་མཚོ་དང་། །དཔག་བསམ་ཤིང་དང་ནོར་འཛིན་ནེའུ་ལེ། །འདོད་འཇོའི་བ་མོ་རིན་ཆེན་གཏེར་གྱི་བུམ། །མ་རྨོས་ལོ་ཏོག་རྫིང་བུ་འབྲུ་སྨན་སྤོས། །གཞལ་མེད་ཕོ་བྲང་བསྟོད་དབྱངས་སྙན་པའི་སྒྲ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །མདའ་དར་མདུང་དར་མེ་ལོང་ཞགས་པ་བུམ། །མཁའ་ལྡིང་འདབ་ཆགས་སྣ་ཚོགས་འཕུར་ལྡིང་གཡོ། །སྟག་གཟིག་དོམ་དྲེད་འཕར་སྤྱང་གཅན་གཟན་སོགས། །ཤ་རྐྱང་མ་ཧེ་རྟ་དང་གླང་ཆེན་འབྲོང་། །ཆུ་སྲིན་ཉ་དུང་ལ་སོགས་ཆུ་གནས་རིགས། །ཙ་ར་ཤེལ་སྒོང་མཛོ་དྲེལ་བ་གླང་དང་། །རྟ་མཆོག་རྒྱལ་པོ་ལ་སོགས་དུད་འགྲོའི་རིགས། །གསེར་དངུལ་བྱུ་རུ་མརྒད་བཻཌཱུརྱ། །རྡོ་རྗེ་ཕ་ལམ་ཨིནྡྲ་ནི་ལ་སོགས། །རྣམ་མང་རིན་ཆེན་སྣ་ཚོགས་སྐར་ལྟར་བཀྲམ། །ཟ་འོག་དར་ཟབ་སྣ་ཚོགས་གཅལ་དུ་བཀྲམ། །སྤྱི་དང་ཁྱད་པར་མཐུན་པའི་དམ་ཚིག་རྫས། །འཁོར་བཅས་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ཧཱུྃ་ཧྲཱིཿ ཁྱད་པར་ཐུགས་དམ་བསྐང་བའི་དམ་རྫས་ནི། །མིག་སྨན་མདོག་ཅན་ལྷབ་ལྷུབ་དར་ནག་བེར། །རྔམས་བྱེད་འཛིན་པ་ཆུ་སྲིན་རྒྱལ་མཚན་དང་། །དངུལ་དཀར་མེ་ལོང་སྣང་སྲིད་གསལ་བར་བྱེད། །སྟོང་གསུམ་སྒྲ་ཡི་བཀང་བའི་གཡུ་འབྲུག་བཅས། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །ནག་མོ་ཆེན་མོ་འབུམ་གྱི་འཁོར་དང་བཅས། །ཐུགས་དམ་བསྐང་ལ་རྐྱེན་ངན་བར་ཆད་སོལ། །ཧཱུྃ་ཧྲཱིཿ རྣམ་པར་ཤེས་པ་ལས་བྱུང་གླང་ཁྱིམ་དུ། །ལ་སྟོད་ཞང་ཞུང་ཡུལ་གྱི་བདག་མོ་ནི། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། །ལྗང་སྔོན་བེར་ཆེན་སྔོ་ཁྲ་སྐུ་ལ་གསོལ། །ཤང་ལང་དང་ནི་བདུད་ཀྱི་ཞགས་པ་བསྣམས། །མཚམས་སྤྲིན་མདོག་ཅན་རྐྱང་བུ་ཁ་དཀར་ཆིབས། །འཁོར་དུ་བདུད་མོ་ཆེན་མོ་འབུམ་གྱིས་བསྐོར། །ཧཱུྃ་ཧྲཱིཿ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །ཕྱི་ཡི་མཆོད་པ་འདོད་ཡོན་རྣམ་པ་ལྔ། །ནང་གི་མཆོད་པ་སྨན་རཀ་བྷ་ལིངྟ། །གསང་བའི་མཆོད་པ་གྷ་ན་ཙཀྲ་སོགས། །བདེ་ཆེན་དགའ་བ་བཞི་ཡི་མཆོད་པ་དང་། །ང་བདག་མཚན་མ་དབྱིངས་སུ་བསྒྲལ་བས་མཆོད། །ཡོལ་བ་བླ་བྲེ་རྒྱལ་མཚན་འཕན་ཕུར་མཛེས། །རིན་ཆེན་སྣ་ཚོགས་ཟ་འོག་དར་ཟབ་གོས། །འབྲུ་སྣ་ཕྱེ་མར་དྲི་ཞིམ་སྤོས་ཀྱི་རིགས། །རིན་ཆེན་རི་རབ་གླིང་བཞི་གླིང་ཕྲན་དང་། །གསེར་རི་རོལ་མཚོ་ཉི་ཟླ་རྒྱུ་སྐར་བཀྲ། །ཕྱི་ཡི་ལྕགས་རི་མུ་ཁྱུད་རྒྱ་མཚོ་དང་། །དཔག་བསམ་ཤིང་དང་ནོར་འཛིན་ནེའུ་ལེ། །འདོད་འཇོའི་བ་མོ་རིན་ཆེན་གཏེར་གྱི་བུམ། །མ་རྨོས་ལོ་ཏོག་རྫིང་བུ་འབྲུ་སྨན་སྤོས། །གཞལ་མེད་ཕོ་བྲང་བསྟོད་དབྱངས་སྙན་པའི་སྒྲ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །མདའ་དར་མདུང་དར་མེ་ལོང་ཞགས་པ་བུམ། །མཁའ་ལྡིང་འདབ་ཆགས་སྣ་ཚོགས་འཕུར་ལྡིང་གཡོ། །སྟག་གཟིག་དོམ་དྲེད་འཕར་སྤྱང་གཅན་གཟན་སོགས། །ཤ་རྐྱང་མ་ཧེ་རྟ་དང་གླང་ཆེན་འབྲོང་། །ཆུ་སྲིན་ཉ་དུང་ལ་སོགས་ཆུ་གནས་རིགས། །ཙ་ར་ཤེལ་སྒོང་མཛོ་དྲེལ་བ་གླང་དང་། །རྟ་མཆོག་རྒྱལ་པོ་ལ་སོགས་དུད་འགྲོའི་རིགས། །གསེར་དངུལ་བྱུ་རུ་མརྒད་བཻཌཱུརྱ། །རྡོ་རྗེ་ཕ་ལམ་ཨིནྡྲ་ནི་ལ་སོགས། །རྣམ་མང་རིན་ཆེན་སྣ་ཚོགས་སྐར་ལྟར་བཀྲམ། །ཟ་འོག་དར་ཟབ་སྣ་ཚོགས་གཅལ་དུ་བཀྲམ། །སྤྱི་དང་ཁྱད་པར་ཐུན་པའི་དམ་ཚིག་རྫས། །འཁོར་བཅས་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག ། ཧཱུྃ་ཧྲཱིཿ ཁྱད་པར་ཐུགས་དམ་བསྐང་བའི་དམ་རྫས་ནི། །བེར་ཆེན་སྔོ་ཁྲ་ཨིནྡྲ་ནི་ལའི་མདོག །མིག་སྨན་མདོག་ཅན་བདུད་ཀྱི་ཞགས་པ་དང་། །རྣོ་ངར་ལྡན་པའི་གནམ་ལྕགས་རལ་གྲི་སོགས། །རྫུ་འཕྲུལ་ཤུགས་ལྡན་རྐྱང་བུ་ཁ་དཀར་བཅས། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། །ནག་མོ་ཆེན་མོ་འབུམ་གྱི་འཁོར་དང་བཅས། །ཐུགས་དམ་བསྐང་ལ་རྐྱེན་ངན་བར་ཆད་སོལ། །ཧཱུྃ་ཧྲཱིཿ མ་རིག་ལས་བྱུང་གཡང་མོ་ལུག་ཁྱིམ་དང་། །བོད་ཁམས་བལ་ཡུལ་སྐྱོང་བའི་མངའ་བདག་པོ། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་བཟང་མོ། །སྐུ་མདོག་དཀར་པོ་དར་དཀར་ན་བཟའ་གསོལ། །ཕྱག་གཉིས་རྡོ་རྗེ་རྩེ་ལྔ་ཚེ་བུམ་འཛིན། །ཆིབས་སུ་གངས་ཀྱི་སེང་གེ་དཀར་མོ་ཆིབས། །འཁོར་དུ་བདུད་མོ་ཆེན་མོ་འབུམ་གྱིས་བསྐོར། །ཧཱུྃ་ཧྲཱིཿ ཁྱད་པར་ཐུགས་དམ་བསྐང་བའི་དམ་རྫས་ནི། །ཕྱི་ཡི་མཆོད་པ་འདོད་ཡོན་རྣམ་པ་ལྔ། །ནང་གི་མཆོད་པ་སྨན་རཀ་བྷ་ལིངྟ། །གསང་བའི་མཆོད་པ་གྷ་ན་ཙཀྲ་སོགས། །བདེ་ཆེན་དགའ་བ་བཞི་ཡི་མཆོད་པ་དང་། །ང་བདག་མཚན་མ་དབྱིངས་སུ་བསྒྲལ་བས་མཆོད། །ཡོལ་བ་བླ་བྲེ་རྒྱལ་མཚན་འཕན་ཕུར་མཛེས། །རིན་ཆེན་སྣ་ཚོགས་ཟ་འོག་དར་ཟབ་གོས། །འབྲུ་སྣ་ཕྱེ་མར་དྲི་ཞིམ་སྤོས་ཀྱི་རིགས། །རིན་ཆེན་རི་རབ་གླིང་བཞི་གླིང་ཕྲན་དང་། །གསེར་རི་རོལ་མཚོ་ཉི་ཟླ་རྒྱུ་སྐར་བཀྲ། །ཕྱི་ཡི་ལྕགས་རི་མུ་ཁྱུད་རྒྱ་མཚོ་དང་། །དཔག་བསམ་ཤིང་དང་ནོར་འཛིན་ནེའུ་ལེ། །འདོད་འཇོའི་བ་མོ་རིན་ཆེན་གཏེར་གྱི་བུམ། །མ་རྨོས་ལོ་ཏོག་རྫིང་བུ་འབྲུ་སྨན་སྤོས། །གཞལ་མེད་ཕོ་བྲང་བསྟོད་དབྱངས་སྙན་པའི་སྒྲ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །མདའ་དར་མདུང་དར་མེ་ལོང་ཞགས་པ་བུམ། །མཁའ་ལྡིང་འདབ་ཆགས་སྣ་ཚོགས་འཕུར་ལྡིང་གཡོ། །སྟག་གཟིག་དོམ་དྲེད་འཕར་སྤྱང་གཅན་གཟན་སོགས། །ཤ་རྐྱང་མ་ཧེ་རྟ་དང་གླང་ཆེན་འབྲོང་། །ཆུ་སྲིན་ཉ་དུང་ལ་སོགས་ཆུ་གནས་རིགས། །ཙ་ར་ཤེལ་སྒོང་མཛོ་དྲེལ་བ་གླང་དང་། །རྟ་མཆོག་རྒྱལ་པོ་ལ་སོགས་དུད་འགྲོའི་རིགས། །གསེར་དངུལ་བྱུ་རུ་མརྒད་བཻཌཱུརྱ། །རྡོ་རྗེ་ཕ་ལམ་ཨིནྡྲ་ནི་ལ་སོགས། །རྣམ་མང་རིན་ཆེན་སྣ་ཚོགས་སྐར་ལྟར་བཀྲམ། །ཟ་འོག་དར་ཟབ་སྣ་ཚོགས་གཅལ་དུ་བཀྲམ། །སྤྱི་དང་ཁྱད་པར་མཐུན་པའི་དམ་ཚིག་རྫས། །འཁོར་བཅས་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག ། ཧཱུྃ་ཧྲཱིཿ ཁྱད་པར་ཐུགས་དམ་བསྐང་བའི་དམ་རྫས་ནི། །ལྷབ་ལྷུབ་འཇོལ་བེར་ཟླ་བ་ཞུན་མའི་མདོག །རིན་ཆེན་གསེར་གྱི་རྡོ་རྗེ་རྩེ་ལྔ་དང་། །ཚེ་ཡི་བུམ་པ་བདུད་རྩིའི་བཅུད་ཀྱིས་གཏམས། །སྟོབས་དང་ལྡན་པའི་གངས་ཀྱི་སེང་གེ་བཅས། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་བཟང་མོ། །ནག་མོ་ཆེན་མོ་འབུམ་གྱི་འཁོར་དང་བཅས། །ཐུགས་དམ་བསྐང་ལ་རྐྱེན་ངན་བར་ཆད་སོལ། ཧཱུྃ་ཧྲཱིཿ འདུ་བྱེད་ལས་བྱུང་རིན་ཆེན་ཀ་ཊིའི་ཁྱིམ། །ཡར་འབྲོག་གཡུ་མཚོ་ཕྱུགས་ཀྱི་བདག་མོ་ནི། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །ལྗང་ནག་ལྷབ་ལྷུབ་བེར་ཆེན་སྐུ་ལ་གསོལ། །ཕྱག་ན་རུ་མཚོན་རྩེ་ལྔ་ཞགས་པ་བསྣམས། །མིག་སྨན་མདོག་ཅན་ཤུགས་ལྡན་དྲེལ་ནག་ཆིབས། །འཁོར་དུ་བདུད་མོ་ཆེན་མོ་འབུམ་གྱིས་བསྐོར། །ཧཱུྃ་ཧྲཱིཿ ཐུགས་དམ་མཉན་པོ་བསྐང་བའི་དམ་རྫས་ནི། །ཕྱི་ཡི་མཆོད་པ་འདོད་ཡོན་རྣམ་པ་ལྔ། །ནང་གི་མཆོད་པ་སྨན་རཀ་བྷ་ལིངྟ། །གསང་བའི་མཆོད་པ་གྷ་ན་ཙཀྲ་སོགས། །བདེ་ཆེན་དགའ་བ་བཞི་ཡི་མཆོད་པ་དང་། །ང་བདག་མཚན་མ་དབྱིངས་སུ་བསྒྲལ་བས་མཆོད། །ཡོལ་བ་བླ་བྲེ་རྒྱལ་མཚན་འཕན་ཕུར་མཛེས། །རིན་ཆེན་སྣ་ཚོགས་ཟ་འོག་དར་ཟབ་གོས། །འབྲུ་སྣ་ཕྱེ་མར་དྲི་ཞིམ་སྤོས་ཀྱི་རིགས། །རིན་ཆེན་རི་རབ་གླིང་བཞི་གླིང་ཕྲན་དང་། །གསེར་རི་རོལ་མཚོ་ཉི་ཟླ་རྒྱུ་སྐར་བཀྲ། །ཕྱི་ཡི་ལྕགས་རི་མུ་ཁྱུད་རྒྱ་མཚོ་དང་། །དཔག་བསམ་ཤིང་དང་ནོར་འཛིན་ནེའུ་ལེ། །འདོད་འཇོའི་བ་མོ་རིན་ཆེན་གཏེར་གྱི་བུམ། །མ་རྨོས་ལོ་ཏོག་རྫིང་བུ་འབྲུ་སྨན་སྤོས། །གཞལ་མེད་ཕོ་བྲང་བསྟོད་དབྱངས་སྙན་པའི་སྒྲ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །མདའ་དར་མདུང་དར་མེ་ལོང་ཞགས་པ་བུམ། །མཁའ་ལྡིང་འདབ་ཆགས་སྣ་ཚོགས་འཕུར་ལྡིང་གཡོ། །སྟག་གཟིག་དོམ་དྲེད་འཕར་སྤྱང་གཅན་གཟན་སོགས། །ཤ་རྐྱང་མ་ཧེ་རྟ་དང་གླང་ཆེན་འབྲོང་། །ཆུ་སྲིན་ཉ་དུང་ལ་སོགས་ཆུ་གནས་རིགས། །ཙ་ར་ཤེལ་སྒོང་མཛོ་དྲེལ་བ་གླང་དང་། །རྟ་མཆོག་རྒྱལ་པོ་ལ་སོགས་དུད་འགྲོའི་རིགས། །གསེར་དངུལ་བྱུ་རུ་མརྒད་བཻཌཱུརྱ། །རྡོ་རྗེ་ཕ་ལམ་ཨིནྡྲ་ནི་ལ་སོགས། །རྣམ་མང་རིན་ཆེན་སྣ་ཚོགས་སྐར་ལྟར་བཀྲམ། །ཟ་འོག་དར་ཟབ་སྣ་ཚོགས་གཅལ་དུ་བཀྲམ། །སྤྱི་དང་ཁྱད་པར་མཐུན་པའི་དམ་ཚིག་རྫས། །འཁོར་བཅས་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ཧཱུྃ་ཧྲཱིཿ ཁྱད་པར་ཐུགས་དམ་བསྐང་བའི་དམ་རྫས་ནི། །མརྒད་མདངས་ལྡན་དར་ནག་འཇོར་བེར་བརྗིད། །མིག་སྨན་མདོག་ཅན་བདུད་ཀྱི་ཞགས་པ་དང་། །རབ་ཏུ་འབར་བ་རུ་མཚོན་རྩེ་ལྔ་པ། །མྱུར་མགྱོགས་ཤུགས་ལྡན་དྲེའུ་ནག་པོ་བཅས། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །ནག་མོ་ཆེན་མོ་འབུམ་གྱི་འཁོར་དང་བཅས། །ཐུགས་དམ་བསྐང་ལ་རྐྱེན་ངན་བར་ཆད་སོལ། །ཧཱུྃ་ཧྲཱིཿ ལེན་པ་ལས་བྱུང་སྟོབས་ལྡན་སེང་གེའི་ཁྱིམ། །ཡུལ་ནི་ལྷ་ཕུའི་གངས་དཀར་བདག་མོ་ནི། །གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ། །དཀར་ལྗང་སྐུ་ལ་དར་དཀར་ན་བཟའ་གསོལ། །ཕྱག་ན་ཟོར་བ་དང་ནི་ཞགས་པ་བསྣམས། །རྔམས་བརྗིད་ལྡན་པའི་ཤྭ་བ་རྭ་བཅུ་ཆིབས། །འཁོར་དུ་གནོད་སྦྱིན་ཆེན་མོ་འབུམ་གྱིས་བསྐོར། །ཧཱུྃ་ཧྲཱིཿ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །ཕྱི་ཡི་མཆོད་པ་འདོད་ཡོན་རྣམ་པ་ལྔ། །ནང་གི་མཆོད་པ་སྨན་རཀ་བྷ་ལིངྟ། །གསང་བའི་མཆོད་པ་གྷ་ན་ཙཀྲ་སོགས། །བདེ་ཆེན་དགའ་བ་བཞི་ཡི་མཆོད་པ་དང་། །ང་བདག་མཚན་མ་དབྱིངས་སུ་བསྒྲལ་བས་མཆོད། །ཡོལ་བ་བླ་བྲེ་རྒྱལ་མཚན་འཕན་ཕུར་མཛེས། །རིན་ཆེན་སྣ་ཚོགས་ཟ་འོག་དར་ཟབ་གོས། །འབྲུ་སྣ་ཕྱེ་མར་དྲི་ཞིམ་སྤོས་ཀྱི་རིགས། །རིན་ཆེན་རི་རབ་གླིང་བཞི་གླིང་ཕྲན་དང་། །གསེར་རི་རོལ་མཚོ་ཉི་ཟླ་རྒྱུ་སྐར་བཀྲ། །ཕྱི་ཡི་ལྕགས་རི་མུ་ཁྱུད་རྒྱ་མཚོ་དང་། །དཔག་བསམ་ཤིང་དང་ནོར་འཛིན་ནེའུ་ལེ། །འདོད་འཇོའི་བ་མོ་རིན་ཆེན་གཏེར་གྱི་བུམ། །མ་རྨོས་ལོ་ཏོག་རྫིང་བུ་འབྲུ་སྨན་སྤོས། །གཞལ་མེད་ཕོ་བྲང་བསྟོད་དབྱངས་སྙན་པའི་སྒྲ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །མདའ་དར་མདུང་དར་མེ་ལོང་ཞགས་པ་བུམ། །མཁའ་ལྡིང་འདབ་ཆགས་སྣ་ཚོགས་འཕུར་ལྡིང་གཡོ། །སྟག་གཟིག་དོམ་དྲེད་འཕར་སྤྱང་གཅན་གཟན་སོགས། །ཤ་རྐྱང་མ་ཧེ་རྟ་དང་གླང་ཆེན་འབྲོང་། །ཆུ་སྲིན་ཉ་དུང་ལ་སོགས་ཆུ་གནས་རིགས། །ཙ་ར་ཤེལ་སྒོང་མཛོ་དྲེལ་བ་གླང་དང་། །རྟ་མཆོག་རྒྱལ་པོ་ལ་སོགས་དུད་འགྲོའི་རིགས། །གསེར་དངུལ་བྱུ་རུ་མརྒད་བཻཌཱུརྱ། །རྡོ་རྗེ་ཕ་ལམ་ཨིནྡྲ་ནི་ལ་སོགས། །རྣམ་མང་རིན་ཆེན་སྣ་ཚོགས་སྐར་ལྟར་བཀྲམ། །ཟ་འོག་དར་ཟབ་སྣ་ཚོགས་གཅལ་དུ་བཀྲམ། །སྤྱི་དང་ཁྱད་པར་མཐུན་པའི་དམ་ཚིག་རྫས། །འཁོར་བཅས་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ཧཱུྃ་ཧྲཱིཿ ཁྱད་པར་ཐུགས་དམ་བསྐང་བའི་དམ་རྫས་ནི། །རབ་མཛེས་ཡིད་འོང་དར་དཀར་འཇོལ་བེར་དང་། །རིན་ཆེན་འོད་འབར་གསེར་གྱི་ཟོར་བ་དང་། །འཕྲུལ་ལྡན་རིན་པོ་ཆེ་ཡི་ཞགས་པ་དང་། །དུང་གི་རྭ་བཅུ་ལྡན་པའི་ཤྭ་བ་བཅས། །གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ། །གནོད་སྦྱིན་ཆེན་མོ་འབུམ་གྱི་འཁོར་དང་བཅས། །ཐུགས་དམ་བསྐང་ལ་རྐྱེན་ངན་བར་ཆད་སོལ། །ཧཱུྃ་ཧྲཱིཿ ཚོར་བ་ལས་བྱུང་སྲང་གི་ཁྱིམ་ཆེན་དུ། །གཙང་གི་ཇོ་མོ་ཁ་རག་བདག་མོ་ནི། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །དམར་སེར་སྐུ་ལ་ལྷབ་ལྷུབ་བེར་དམར་གསོལ། །ཕྱག་ན་ཌ་མ་རུ་དང་མེ་ལོང་བསྣམས། །འདབ་ཆགས་རྒྱལ་པོ་གྷ་རུ་ཊ་ལ་ཆིབས། །འཁོར་དུ་གནོད་སྦྱིན་ཆེན་མོ་འབུམ་གྱིས་བསྐོར། །ཧཱུྃ་ཧྲཱིཿ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །ཕྱི་ཡི་མཆོད་པ་འདོད་ཡོན་རྣམ་པ་ལྔ། །ནང་གི་མཆོད་པ་སྨན་རཀ་བྷ་ལིངྟ། །གསང་བའི་མཆོད་པ་གྷ་ན་ཙཀྲ་སོགས། །བདེ་ཆེན་དགའ་བ་བཞི་ཡི་མཆོད་པ་དང་། །ང་བདག་མཚན་མ་དབྱིངས་སུ་བསྒྲལ་བས་མཆོད། །ཡོལ་བ་བླ་བྲེ་རྒྱལ་མཚན་འཕན་ཕུར་མཛེས། །རིན་ཆེན་སྣ་ཚོགས་ཟ་འོག་དར་ཟབ་གོས། །འབྲུ་སྣ་ཕྱེ་མར་དྲི་ཞིམ་སྤོས་ཀྱི་རིགས། །རིན་ཆེན་རི་རབ་གླིང་བཞི་གླིང་ཕྲན་དང་། །གསེར་རི་རོལ་མཚོ་ཉི་ཟླ་རྒྱུ་སྐར་བཀྲ། །ཕྱི་ཡི་ལྕགས་རི་མུ་ཁྱུད་རྒྱ་མཚོ་དང་། །དཔག་བསམ་ཤིང་དང་ནོར་འཛིན་ནེའུ་ལེ། །འདོད་འཇོའི་བ་མོ་རིན་ཆེན་གཏེར་གྱི་བུམ། །མ་རྨོས་ལོ་ཏོག་རྫིང་བུ་འབྲུ་སྨན་སྤོས། །གཞལ་མེད་ཕོ་བྲང་བསྟོད་དབྱངས་སྙན་པའི་སྒྲ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །མདའ་དར་མདུང་དར་མེ་ལོང་ཞགས་པ་བུམ། །མཁའ་ལྡིང་འདབ་ཆགས་སྣ་ཚོགས་འཕུར་ལྡིང་གཡོ། །སྟག་གཟིག་དོམ་དྲེད་འཕར་སྤྱང་གཅན་གཟན་སོགས། །ཤ་རྐྱང་མ་ཧེ་རྟ་དང་གླང་ཆེན་འབྲོང་། །ཆུ་སྲིན་ཉ་དུང་ལ་སོགས་ཆུ་གནས་རིགས། །ཙ་ར་ཤེལ་སྒོང་མཛོ་དྲེལ་བ་གླང་དང་། །རྟ་མཆོག་རྒྱལ་པོ་ལ་སོགས་དུད་འགྲོའི་རིགས། །གསེར་དངུལ་བྱུ་རུ་མརྒད་བཻཌཱུརྱ། །རྡོ་རྗེ་ཕ་ལམ་ཨིནྡྲ་ནི་ལ་སོགས། །རྣམ་མང་རིན་ཆེན་སྣ་ཚོགས་སྐར་ལྟར་བཀྲམ། །ཟ་འོག་དར་ཟབ་སྣ་ཚོགས་གཅལ་དུ་བཀྲམ། །སྤྱི་དང་ཁྱད་པར་མཐུན་པའི་དམ་ཚིག་རྫས། །འཁོར་བཅས་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ཧཱུྃ་ཧྲཱིཿ ཁྱད་པར་ཐུགས་དམ་བསྐང་བའི་དམ་རྫས་ནི། །མཚམས་སྤྲིན་མདངས་འཛིན་ལྷབ་ལྷུབ་བེར་ཆེན་དང་། །སྟོང་གསུམ་སྒྲ་ཡིས་བསྐང་བའི་ཌཱ་མ་རུ། །སྣང་སྲིད་ལེགས་ཉེས་གསལ་བའི་མེ་ལོང་དང་། །བཻཌཱུར་མདངས་ལྡན་མཁའ་ལྡིང་ག་རུ་ཊ། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །གནོད་སྦྱིན་ཆེན་མོ་འབུམ་གྱི་འཁོར་དང་བཅས། །ཐུགས་དམ་བསྐང་ལ་རྐྱེན་ངན་བར་ཆད་སོལ། །ཧཱུྃ་ཧྲཱིཿ སྐྱེ་བ་ལས་བྱུང་རབ་འཇིགས་སྡིག་པའི་ཁྱིམ། །བྱང་ཕྱོགས་རྨ་ཡུལ་ཀུན་གྱི་མངའ་བདག་པོ། །རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །མདོག་དཀར་བེར་ཆེན་ལྷབ་ལྷུབ་སྐུ་ལ་གསོལ། །ཕྱག་ན་བེ་ཅོན་རིན་ཆེན་ཞགས་པ་བསྣམས། །གློག་དམར་འཁྱུག་འདྲའི་ཟ་བྱེད་འཕར་བ་ཆིབས། །འཁོར་དུ་གནོད་སྦྱིན་ཆེན་མོ་འབུམ་གྱིས་བསྐོར། །ཧཱུྃ་ཧྲཱིཿ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །ཕྱི་ཡི་མཆོད་པ་འདོད་ཡོན་རྣམ་པ་ལྔ། །ནང་གི་མཆོད་པ་སྨན་རཀ་བྷ་ལིངྟ། །གསང་བའི་མཆོད་པ་གྷ་ན་ཙཀྲ་སོགས། །བདེ་ཆེན་དགའ་བ་བཞི་ཡི་མཆོད་པ་དང་། །ང་བདག་མཚན་མ་དབྱིངས་སུ་བསྒྲལ་བས་མཆོད། །ཡོལ་བ་བླ་བྲེ་རྒྱལ་མཚན་འཕན་ཕུར་མཛེས། །རིན་ཆེན་སྣ་ཚོགས་ཟ་འོག་དར་ཟབ་གོས། །འབྲུ་སྣ་ཕྱེ་མར་དྲི་ཞིམ་སྤོས་ཀྱི་རིགས། །རིན་ཆེན་རི་རབ་གླིང་བཞི་གླིང་ཕྲན་དང་། །གསེར་རི་རོལ་མཚོ་ཉི་ཟླ་རྒྱུ་སྐར་བཀྲ། །ཕྱི་ཡི་ལྕགས་རི་མུ་ཁྱུད་རྒྱ་མཚོ་དང་། །དཔག་བསམ་ཤིང་དང་ནོར་འཛིན་ནེའུ་ལེ། །འདོད་འཇོའི་བ་མོ་རིན་ཆེན་གཏེར་གྱི་བུམ། །མ་རྨོས་ལོ་ཏོག་རྫིང་བུ་འབྲུ་སྨན་སྤོས། །གཞལ་མེད་ཕོ་བྲང་བསྟོད་དབྱངས་སྙན་པའི་སྒྲ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །མདའ་དར་མདུང་དར་མེ་ལོང་ཞགས་པ་བུམ། །མཁའ་ལྡིང་འདབ་ཆགས་སྣ་ཚོགས་འཕུར་ལྡིང་གཡོ། །སྟག་གཟིག་དོམ་དྲེད་འཕར་སྤྱང་གཅན་གཟན་སོགས། །ཤ་རྐྱང་མ་ཧེ་རྟ་དང་གླང་ཆེན་འབྲོང་། །ཆུ་སྲིན་ཉ་དུང་ལ་སོགས་ཆུ་གནས་རིགས། །ཙ་ར་ཤེལ་སྒོང་མཛོ་དྲེལ་བ་གླང་དང་། །རྟ་མཆོག་རྒྱལ་པོ་ལ་སོགས་དུད་འགྲོའི་རིགས། །གསེར་དངུལ་བྱུ་རུ་མརྒད་བཻཌཱུརྱ། །རྡོ་རྗེ་ཕ་ལམ་ཨིནྡྲ་ནི་ལ་སོགས། །རྣམ་མང་རིན་ཆེན་སྣ་ཚོགས་སྐར་ལྟར་བཀྲམ། །ཟ་འོག་དར་ཟབ་སྣ་ཚོགས་གཅལ་དུ་བཀྲམ། །སྤྱི་དང་ཁྱད་པར་མཐུན་པའི་དམ་ཚིག་རྫས། །འཁོར་བཅས་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག ། ཧཱུྃ་ཧྲཱིཿ ཁྱད་པར་ཐུགས་དམ་བསྐང་བའི་དམ་རྫས་ནི། །སྤྲིན་དཀར་གསར་བའི་མདངས་འཛིན་ལྷབ་ལྷུབ་བེར། །སྣ་ཚོགས་ནོར་བུའི་བཀང་བའི་མཁར་གཞོང་དང་། །ཟ་བྱེད་ཟངས་ཀྱི་འཕར་བ་མེ་འོད་འཕྲོ། །རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །གནོད་སྦྱིན་ཆེན་མོ་འབུམ་གྱི་འཁོར་དང་བཅས། །ཐུགས་དམ་བསྐང་ལ་རྐྱེན་ངན་བར་ཆད་སོལ། །ཧཱུྃ་ཧྲཱིཿ སྲིད་པ་ལས་བྱུང་རབ་མཛེས་བུ་མོའི་ཁྱིམ། །བྱང་ཕྱོགས་གནམ་མཚོ་ཕྱུགས་ཀྱི་བདག་མོ་ནི། །གསེར་ཅན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་རྒྱལ། །གསེར་མདོག་སེར་ནག་བེར་ཆེན་སྐུ་ལ་གསོལ། །ཕྱག་ན་བེ་ཅོན་དང་ནི་མཁའ་གཞོང་ཐོགས། །ཤུགས་ལྡན་གསེར་གྱི་མདོག་ཅན་རྟ་མཆོག་ཆིབས། །འཁོར་དུ་གནོད་སྦྱིན་ཆེན་མོ་འབུམ་སྡེས་བསྐོར། །ཧཱུྃ་ཧྲཱིཿ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །ཕྱི་ཡི་མཆོད་པ་འདོད་ཡོན་རྣམ་པ་ལྔ། །ནང་གི་མཆོད་པ་སྨན་རཀ་བྷ་ལིངྟ། །གསང་བའི་མཆོད་པ་གྷ་ན་ཙཀྲ་སོགས། །བདེ་ཆེན་དགའ་བ་བཞི་ཡི་མཆོད་པ་དང་། །ང་བདག་མཚན་མ་དབྱིངས་སུ་བསྒྲལ་བས་མཆོད། །ཡོལ་བ་བླ་བྲེ་རྒྱལ་མཚན་འཕན་ཕུར་མཛེས། །རིན་ཆེན་སྣ་ཚོགས་ཟ་འོག་དར་ཟབ་གོས། །འབྲུ་སྣ་ཕྱེ་མར་དྲི་ཞིམ་སྤོས་ཀྱི་རིགས། །རིན་ཆེན་རི་རབ་གླིང་བཞི་གླིང་ཕྲན་དང་། །གསེར་རི་རོལ་མཚོ་ཉི་ཟླ་རྒྱུ་སྐར་བཀྲ། །ཕྱི་ཡི་ལྕགས་རི་མུ་ཁྱུད་རྒྱ་མཚོ་དང་། །དཔག་བསམ་ཤིང་དང་ནོར་འཛིན་ནེའུ་ལེ། །འདོད་འཇོའི་བ་མོ་རིན་ཆེན་གཏེར་གྱི་བུམ། །མ་རྨོས་ལོ་ཏོག་རྫིང་བུ་འབྲུ་སྨན་སྤོས། །གཞལ་མེད་ཕོ་བྲང་བསྟོད་དབྱངས་སྙན་པའི་སྒྲ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །མདའ་དར་མདུང་དར་མེ་ལོང་ཞགས་པ་བུམ། །མཁའ་ལྡིང་འདབ་ཆགས་སྣ་ཚོགས་འཕུར་ལྡིང་གཡོ། །སྟག་གཟིག་དོམ་དྲེད་འཕར་སྤྱང་གཅན་གཟན་སོགས། །ཤ་རྐྱང་མ་ཧེ་རྟ་དང་གླང་ཆེན་འབྲོང་། །ཆུ་སྲིན་ཉ་དུང་ལ་སོགས་ཆུ་གནས་རིགས། །ཙ་ར་ཤེལ་སྒོང་མཛོ་དྲེལ་བ་གླང་དང་། །རྟ་མཆོག་རྒྱལ་པོ་ལ་སོགས་དུད་འགྲོའི་རིགས། །གསེར་དངུལ་བྱུ་རུ་མརྒད་བཻཌཱུརྱ། །རྡོ་རྗེ་ཕ་ལམ་ཨིནྡྲ་ནི་ལ་སོགས། །རྣམ་མང་རིན་ཆེན་སྣ་ཚོགས་སྐར་ལྟར་བཀྲམ། །ཟ་འོག་དར་ཟབ་སྣ་ཚོགས་གཅལ་དུ་བཀྲམ། །སྤྱི་དང་ཁྱད་པར་མཐུན་པའི་དམ་ཚིག་རྫས། །འཁོར་བཅས་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ཧཱུྃ་ཧྲཱིཿ ཁྱད་པར་ཐུགས་དམ་བསྐང་བའི་དམ་རྫས་ནི། །གསེར་གྱི་མདོག་ཅན་བརྗིད་པའི་བེར་ཆེན་དང་། །ཙནྡན་བེང་ཆེན་རྡོ་རྗེའི་ཏོག་གིས་མཛེས། །བཟའ་དང་བཅའ་བས་བཀང་བའི་མཁར་གཞོང་དང་། །གསེར་གྱི་མདོག་ཅན་ཅང་ཤེས་རྟ་མཆོག་བཅས། །གསེར་ཅན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་རྒྱལ། །གནོད་སྦྱིན་ཆེན་མོ་འབུམ་གྱི་འཁོར་དང་བཅས། །ཐུགས་དམ་བསྐང་ལ་རྐྱེན་ངན་བར་ཆད་སོལ། །ཧཱུྃ་ཧྲཱིཿ རྒ་ཤི་ལས་བྱུང་མཆོག་དཀར་གཞུ་ཡི་ཁྱིམ། །ཡུལ་ནི་ཀོང་ཡུལ་ཀོང་ཕུག་བདག་མོ་ནི། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །མདོག་དཀར་འཇོལ་བེར་དཀར་པོ་སྐུ་ལ་གསོལ། །ཕྱག་ན་མདའ་དར་རིན་ཆེན་སྒྲོམ་བུ་བསྣམས། །རྫུ་འཕྲུལ་ཤུགས་ལྡན་ཅང་ཤེས་རྟ་དཀར་ཆིབས། །འཁོར་དུ་སྨན་བཙུན་ཆེན་མོ་འབུམ་གྱིས་བསྐོར། །ཧཱུྃ་ཧྲཱིཿ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །ཕྱི་ཡི་མཆོད་པ་འདོད་ཡོན་རྣམ་པ་ལྔ། །ནང་གི་མཆོད་པ་སྨན་རཀ་བྷ་ལིངྟ། །གསང་བའི་མཆོད་པ་གྷ་ན་ཙཀྲ་སོགས། །བདེ་ཆེན་དགའ་བ་བཞི་ཡི་མཆོད་པ་དང་། །ང་བདག་མཚན་མ་དབྱིངས་སུ་བསྒྲལ་བས་མཆོད། །ཡོལ་བ་བླ་བྲེ་རྒྱལ་མཚན་འཕན་ཕུར་མཛེས། །རིན་ཆེན་སྣ་ཚོགས་ཟ་འོག་དར་ཟབ་གོས། །འབྲུ་སྣ་ཕྱེ་མར་དྲི་ཞིམ་སྤོས་ཀྱི་རིགས། །རིན་ཆེན་རི་རབ་གླིང་བཞི་གླིང་ཕྲན་དང་། །གསེར་རི་རོལ་མཚོ་ཉི་ཟླ་རྒྱུ་སྐར་བཀྲ། །ཕྱི་ཡི་ལྕགས་རི་མུ་ཁྱུད་རྒྱ་མཚོ་དང་། །དཔག་བསམ་ཤིང་དང་ནོར་འཛིན་ནེའུ་ལེ། །འདོད་འཇོའི་བ་མོ་རིན་ཆེན་གཏེར་གྱི་བུམ། །མ་རྨོས་ལོ་ཏོག་རྫིང་བུ་འབྲུ་སྨན་སྤོས། །གཞལ་མེད་ཕོ་བྲང་བསྟོད་དབྱངས་སྙན་པའི་སྒྲ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །མདའ་དར་མདུང་དར་མེ་ལོང་ཞགས་པ་བུམ། །མཁའ་ལྡིང་འདབ་ཆགས་སྣ་ཚོགས་འཕུར་ལྡིང་གཡོ། །སྟག་གཟིག་དོམ་དྲེད་འཕར་སྤྱང་གཅན་གཟན་སོགས། །ཤ་རྐྱང་མ་ཧེ་རྟ་དང་གླང་ཆེན་འབྲོང་། །ཆུ་སྲིན་ཉ་དུང་ལ་སོགས་ཆུ་གནས་རིགས། །ཙ་ར་ཤེལ་སྒོང་མཛོ་དྲེལ་བ་གླང་དང་། །རྟ་མཆོག་རྒྱལ་པོ་ལ་སོགས་དུད་འགྲོའི་རིགས། །གསེར་དངུལ་བྱུ་རུ་མརྒད་བཻཌཱུརྱ། །རྡོ་རྗེ་ཕ་ལམ་ཨིནྡྲ་ནི་ལ་སོགས། །རྣམ་མང་རིན་ཆེན་སྣ་ཚོགས་སྐར་ལྟར་བཀྲམ། །ཟ་འོག་དར་ཟབ་སྣ་ཚོགས་གཅལ་དུ་བཀྲམ། །སྤྱི་དང་ཁྱད་པར་མཐུན་པའི་དམ་ཚིག་རྫས། །འཁོར་བཅས་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག ། ཧཱུྃ་ཧྲཱིཿ ཁྱད་པར་མཆོག་གི་བསྐང་བའི་དམ་རྫས་ནི། །དར་དཀར་གསེར་གྱི་ཐིག་ལེ་སྣ་ལྔས་བརྒྱན། །མདའ་དར་མེ་ལོང་རིན་ཆེན་གཡང་ལུག་བེར། །གཏེར་གྱིས་གཏམས་པའི་རིན་ཆེན་གསེར་གྱི་སྒྲོམ། །གངས་རིའི་མདངས་ལྡན་ཅང་ཤེས་རྟ་མཆོག་བཅས། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །བཞིན་བཟང་སྨན་བཙུན་ཆེན་མོ་འབུམ་གྱིས་བསྐོར། །ཐུགས་དམ་བསྐང་ལ་རྐྱེན་ངན་བར་ཆད་སོལ། །ཧཱུྃ་ཧྲཱིཿ སྲིད་པ་ལས་བྱུང་འཛིན་པ་ཆུ་སྲིན་ཁྱིམ། །འབྲོག་ཆེན་བཙན་ཡུལ་ཀུན་བདག་སྨན་གཅིག་མ། །དཀར་ལྗང་དར་དཀར་བེར་ཆེན་སྐུ་ལ་གསོལ། །ལྷབ་ལྷུབ་དར་དང་དངོས་གྲུབ་འབྲང་རྒྱས་བསྣམས། །འདོད་འབྱུང་གཡང་གི་མཛོ་མོ་དཀར་མོ་ཆིབས། །འཁོར་དུ་སྨན་བཙུན་ཆེན་མོ་འབུམ་གྱིས་བསྐོར། ཧཱུྃ་ཧྲཱིཿ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །ཕྱི་ཡི་མཆོད་པ་འདོད་ཡོན་རྣམ་པ་ལྔ། །ནང་གི་མཆོད་པ་སྨན་རཀ་བྷ་ལིངྟ། །གསང་བའི་མཆོད་པ་གྷ་ན་ཙཀྲ་སོགས། །བདེ་ཆེན་དགའ་བ་བཞི་ཡི་མཆོད་པ་དང་། །ང་བདག་མཚན་མ་དབྱིངས་སུ་བསྒྲལ་བས་མཆོད། །ཡོལ་བ་བླ་བྲེ་རྒྱལ་མཚན་འཕན་ཕུར་མཛེས། །རིན་ཆེན་སྣ་ཚོགས་ཟ་འོག་དར་ཟབ་གོས། །འབྲུ་སྣ་ཕྱེ་མར་དྲི་ཞིམ་སྤོས་ཀྱི་རིགས། །རིན་ཆེན་རི་རབ་གླིང་བཞི་གླིང་ཕྲན་དང་། །གསེར་རི་རོལ་མཚོ་ཉི་ཟླ་རྒྱུ་སྐར་བཀྲ། །ཕྱི་ཡི་ལྕགས་རི་མུ་ཁྱུད་རྒྱ་མཚོ་དང་། །དཔག་བསམ་ཤིང་དང་ནོར་འཛིན་ནེའུ་ལེ། །འདོད་འཇོའི་བ་མོ་རིན་ཆེན་གཏེར་གྱི་བུམ། །མ་རྨོས་ལོ་ཏོག་རྫིང་བུ་འབྲུ་སྨན་སྤོས། །གཞལ་མེད་ཕོ་བྲང་བསྟོད་དབྱངས་སྙན་པའི་སྒྲ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །མདའ་དར་མདུང་དར་མེ་ལོང་ཞགས་པ་བུམ། །མཁའ་ལྡིང་འདབ་ཆགས་སྣ་ཚོགས་འཕུར་ལྡིང་གཡོ། །སྟག་གཟིག་དོམ་དྲེད་འཕར་སྤྱང་གཅན་གཟན་སོགས། །ཤ་རྐྱང་མ་ཧེ་རྟ་དང་གླང་ཆེན་འབྲོང་། །ཆུ་སྲིན་ཉ་དུང་ལ་སོགས་ཆུ་གནས་རིགས། །ཙ་ར་ཤེལ་སྒོང་མཛོ་དྲེལ་བ་གླང་དང་། །རྟ་མཆོག་རྒྱལ་པོ་ལ་སོགས་དུད་འགྲོའི་རིགས། །གསེར་དངུལ་བྱུ་རུ་མརྒད་བཻཌཱུརྱ། །རྡོ་རྗེ་ཕ་ལམ་ཨིནྡྲ་ནི་ལ་སོགས། །རྣམ་མང་རིན་ཆེན་སྣ་ཚོགས་སྐར་ལྟར་བཀྲམ། །ཟ་འོག་དར་ཟབ་སྣ་ཚོགས་གཅལ་དུ་བཀྲམ། །སྤྱི་དང་ཁྱད་པར་མཐུན་པའི་དམ་ཚིག་རྫས། །འཁོར་བཅས་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག ། ཧཱུྃ་ཧྲཱིཿ ཁྱད་པར་ཐུགས་དམ་བསྐང་བའི་དམ་རྫས་ནི། །དར་དཀར་ལྷབ་ལྷུབ་བརྗིད་པའི་བེར་ཆེན་དང་། །ལྷབ་ལྷུབ་དར་ཟབ་སྣ་ཚོགས་བསམ་མི་ཁྱབ། །དངོས་གྲུབ་འདོད་འབྱུང་འབྲང་རྒྱས་ཞལ་དཀར་ཚོགས། །འདོད་འབྱུང་གཡང་གི་མཛོ་མོ་དཀར་མོ་བཅས། །བཙན་ལ་རོལ་བའི་རྡོ་རྗེ་སྨན་གཅིག་མ། །བཞིན་བཟང་སྨན་བཙུན་ཆེན་མོ་འབུམ་གྱིས་བསྐོར། །ཐུགས་དམ་བསྐང་ལ་རྐྱེན་ངན་བར་ཆད་སོལ། །ཧཱུྃ་ཧྲཱིཿ མིང་གཟུགས་ལས་བྱུང་རིན་ཆེན་བུམ་པའི་ཁྱིམ། །ཡུལ་ནི་ཇོ་མོ་ནགས་རྒྱལ་བདག་མོ་ནི། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ། །དམར་སེར་མཚམས་སྤྲིན་མདངས་འཛིན་བེར་ཆེན་གསོལ། །ཕྱག་ན་རིན་ཆེན་སྒྲ་སྙན་ཏིང་ཤགས་བསྣམས། །ཆིབས་སུ་རྩལ་ལྡན་གསེར་ཤྭ་ཡུ་མོ་ཆིབས། །འཁོར་དུ་སྨན་མོ་ཆེན་མོ་འབུམ་གྱིས་བསྐོར། །ཧཱུྃ་ཧྲཱིཿ ཁྱད་པར་ཐུགས་དམ་བསྐང་བའི་དམ་རྫས་ནི། །ཉི་མ་འཆར་ཀའི་མདངས་འཛིན་ལྷབ་ལྷུབ་བེར། །རིན་ཆེན་རྣམ་མང་སྣ་ཚོགས་བཅལ་དུ་བཀྲམ། སྒྲ་སྙན་ཏིང་ཤགས་རོལ་མོའི་རིགས་བྱེད་དང་། །རྫུ་འཕྲུལ་ལྡན་པའི་གསེར་ཤྭ་ཡུ་མོ་བཅས། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ། །བཞིན་བཟང་སྨན་བཙུན་འབུམ་གྱི་འཁོར་དང་བཅས། །ཐུགས་དམ་བསྐང་ལ་རྐྱེན་ངན་བར་ཆད་སོལ། །ཧཱུྃ་ཧྲཱིཿ སྐྱེ་མཆེད་ལས་བྱུང་སྒྱུ་འཕྲུལ་གར་མཁན་ཁྱིམ། །ཡུལ་ནི་དབུ་རུ་གཡུ་རུའི་བདག་མོ་ནི། །གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་སྨན། །མདོག་ལྗང་སྐུ་ལ་ལྗང་སེར་བེར་ཆེན་གསོལ། །ཕྱག་ན་དྲིལ་བུ་རིན་ཆེན་པདྨ་བསྣམས། །ཆིབས་སུ་མི་བཟད་སྟག་མོ་རི་བཀྲ་ཆིབས། །འཁོར་དུ་སྨན་མོ་ཆེན་མོ་འབུམ་གྱིས་བསྐོར། །ཧཱུྃ་ཧྲཱིཿ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །ཕྱི་ཡི་མཆོད་པ་འདོད་ཡོན་རྣམ་པ་ལྔ། །ནང་གི་མཆོད་པ་སྨན་རཀ་བྷ་ལིངྟ། །གསང་བའི་མཆོད་པ་གྷ་ན་ཙཀྲ་སོགས། །བདེ་ཆེན་དགའ་བ་བཞི་ཡི་མཆོད་པ་དང་། །ང་བདག་མཚན་མ་དབྱིངས་སུ་བསྒྲལ་བས་མཆོད། །ཡོལ་བ་བླ་བྲེ་རྒྱལ་མཚན་འཕན་ཕུར་མཛེས། །རིན་ཆེན་སྣ་ཚོགས་ཟ་འོག་དར་ཟབ་གོས། །འབྲུ་སྣ་ཕྱེ་མར་དྲི་ཞིམ་སྤོས་ཀྱི་རིགས། །རིན་ཆེན་རི་རབ་གླིང་བཞི་གླིང་ཕྲན་དང་། །གསེར་རི་རོལ་མཚོ་ཉི་ཟླ་རྒྱུ་སྐར་བཀྲ། །ཕྱི་ཡི་ལྕགས་རི་མུ་ཁྱུད་རྒྱ་མཚོ་དང་། །དཔག་བསམ་ཤིང་དང་ནོར་འཛིན་ནེའུ་ལེ། །འདོད་འཇོའི་བ་མོ་རིན་ཆེན་གཏེར་གྱི་བུམ། །མ་རྨོས་ལོ་ཏོག་རྫིང་བུ་འབྲུ་སྨན་སྤོས། །གཞལ་མེད་ཕོ་བྲང་བསྟོད་དབྱངས་སྙན་པའི་སྒྲ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །མདའ་དར་མདུང་དར་མེ་ལོང་ཞགས་པ་བུམ། །མཁའ་ལྡིང་འདབ་ཆགས་སྣ་ཚོགས་འཕུར་ལྡིང་གཡོ། །སྟག་གཟིག་དོམ་དྲེད་འཕར་སྤྱང་གཅན་གཟན་སོགས། །ཤ་རྐྱང་མ་ཧེ་རྟ་དང་གླང་ཆེན་འབྲོང་། །ཆུ་སྲིན་ཉ་དུང་ལ་སོགས་ཆུ་གནས་རིགས། །ཙ་ར་ཤེལ་སྒོང་མཛོ་དྲེལ་བ་གླང་དང་། །རྟ་མཆོག་རྒྱལ་པོ་ལ་སོགས་དུད་འགྲོའི་རིགས། །གསེར་དངུལ་བྱུ་རུ་མརྒད་བཻཌཱུརྱ། །རྡོ་རྗེ་ཕ་ལམ་ཨིནྡྲ་ནི་ལ་སོགས། །རྣམ་མང་རིན་ཆེན་སྣ་ཚོགས་སྐར་ལྟར་བཀྲམ། །ཟ་འོག་དར་ཟབ་སྣ་ཚོགས་གཅལ་དུ་བཀྲམ། །སྤྱི་དང་ཁྱད་པར་མཐུན་པའི་དམ་ཚིག་རྫས། །འཁོར་བཅས་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག ། ཧཱུྃ་ཧྲཱིཿ ཁྱད་པར་ཐུགས་དམ་བསྐང་བའི་དམ་རྫས་ནི། །གསེར་གྱི་མདངས་ལྡན་ལྷབ་ལྷུབ་བརྗིད་པའི་བེར། །སྟོང་གསུམ་སྙན་པས་ཁྱབ་པའི་དྲིལ་བུ་དང་། །པདྨ་དཀར་དམར་ཡིད་བཞིན་ནོར་བུའི་ཚོགས། །མཚམས་སྤྲིན་མདངས་ལྡན་སྟག་མོ་རི་བཀྲ་བཅས། །གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་སྨན། །བཞིན་བཟང་སྨན་བཙུན་འབུམ་གྱི་འཁོར་དང་བཅས། །ཐུགས་དམ་བསྐང་ལ་རྐྱེན་ངན་བར་ཆད་སོལ། །ཧཱུྃ་ཧྲཱིཿ དེ་ལྟར་ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །ཕྲིན་ལས་ཆེན་པོའི་ས་སྟེང་ཡོངས་ལ་ཁྱབ། །ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ། །ཕྱོགས་དུས་གནས་སྐབས་ཀུན་ཏུ་རྒྱས་པ་དང་། །འདུ་བའི་ཚོགས་རྣམས་དབྱར་གྱི་མཚོ་ཆེན་ལྟར། །གོང་ནས་གོང་དུ་རབ་ཏུ་རྒྱས་པར་མཛོད། །སྔོན་ལས་འཕྲལ་གྱི་རྐྱེན་ལས་གྱུར་པ་ཡི། །ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་དང་། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱིས་འཚེ་བའི་རིགས། །ཕོ་གདོན་མོ་གདོན་ལ་སོགས་གདོན་ཀྱི་ཚོགས། །མདོར་ན་མི་མཐུན་གནོད་པའི་ཚོགས་རྣམས་ཀུན། །ཞི་བ་ཆེན་པོའི་ཕྲིན་ལས་མཛད་དུ་གསོལ། །ཚེ་དང་བསོད་ནམས་རླུང་རྟ་དགུང་དུ་བསྐྱེད། །ཁ་རྗེ་དབང་ཐང་གཟི་བརྗིད་ཆེ་བ་དང་། །སྙན་དང་གྲགས་པས་ཕྱོགས་བཅུ་ཀུན་ཏུ་ཁྱབ། །འཁོར་དང་ལོངས་སྤྱོད་བུ་སློབ་རབ་ཏུ་རྒྱས། །བུ་ཚ་རིགས་རྒྱུད་ཆུ་བོའི་རྒྱུན་བཞིན་འཕེལ། །རྒྱས་པའི་ཕྲིན་ལས་ཆེན་པོར་མཛད་དུ་གསོལ། །སྲིད་པ་གསུམ་གྱི་བརྟན་གཡོའི་དངོས་པོའི་བཅུད། །གླིང་བཞི་མི་ཡི་ཞིང་ཁམས་མཐའ་དག་དང་། །འདོད་ཁམས་གཟུགས་ཁམས་སྐྱེ་མཆེད་མུ་བཞིའི་རིགས། །མི་མ་ཡིན་གྱི་ཞིང་ཁམས་མཐའ་དག་ན། །མཁོ་རྒུའི་ལོངས་སྤྱོད་ཡིད་ལ་ཅི་འདོད་པ། །དབང་དུ་འདུ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསྟན་དང་སེམས་ཅན་ཡོངས་ལ་འཚེ་བ་ཡི། །བར་དུ་གཅོད་པའི་དགྲ་བགེགས་མཐའ་དག་དང་། །ཁྱད་པར་བདག་ལ་བརྣགས་པའི་ལོག་སྤྱོད་མཁན། །སྔ་དགྲ་ལག་བརྡར་ད་དགྲ་ཐད་དུ་ལོང་། །ཕྱི་དགྲ་ཡིད་ལ་ཤོམ་པའི་དགྲ་བགེགས་དང་། །བྱད་ཕུར་རྦོད་གཏོང་གཏོང་བའི་ཕྲ་མེན་ཚོགས། །མངོན་སྤྱོད་ཤུགས་ཀྱིས་སྒྲོལ་བའི་ཕྲིན་ལས་མཛོད། །ཧཱུྃ་ཧྲཱིཿ སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་པོ། །ཀུན་གྱི་ཡོངས་རྗེ་ཆེ་བཙུན་འགྲན་ཟླ་བྲལ། །མཐུ་སྟོབས་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །བོད་ཁམས་སྐྱོང་བའི་མ་ཡམས་བརྟན་མའི་ཚོགས། །ཐུགས་རྗེ་བརྩེ་བས་བདག་ལ་རྗེས་དགོངས་ཏེ། །རྩོད་ལྡན་སྙིགས་མ་ལྔ་བདོའི་ཡང་མཐའ་འདིར། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་གིས། །བསྟན་དང་འགྲོ་བའི་དོན་ཆེན་སྒྲུབ་པ་ལ། །བར་ཆད་འབྱུང་པོའི་ཚོགས་ནི་རླུང་ལྟར་འཚུབས། །མི་ནད་ཕྱུགས་ནད་སྣ་ཚོགས་སྤྲིན་ལྟར་གཏིབས། །གློ་བུར་ཡེ་འབྲོག་ཚོགས་ནི་ཆུ་ལྟར་འཁྲུགས། །མི་ཁ་བྲ་མཆུ་མེ་ལྟར་འབར་བ་དང་། །ཁྱད་པར་མུ་སྟེགས་ཀླ་ཀློས་འཚེ་བ་སོགས། །ཤིན་ཏུ་གདུལ་དཀའ་འདུལ་བའི་ལྷ་གཅིག་པུ། །བསམ་བཞིན་འཇིག་རྟེན་དྲེགས་པའི་ཚུལ་སྟོན་པ། །བདུད་མོ་བཞི་དང་གནོད་སྦྱིན་སྨན་མོ་བཞི། །ནག་མོ་ཆེན་མོ་ཁྲོ་གཏུམ་བདུད་མོའི་ཚོགས། །དམར་མོ་ཆགས་ལྡན་གནོད་སྦྱིན་བུ་མོའི་ཚོགས། །དཀར་མོ་བཞིན་བཟང་རབ་ཞི་སྨན་མོའི་ཚོགས། །རང་རང་བྲན་དང་གཡོག་འཁོར་མང་པོའི་ཚོགས། །ཁྱེད་ཅག་སྔོན་ཚེ་དཔལ་མོ་དཔལ་ཐང་གི །ལྷ་མཚོ་སྲིན་མཚོ་གཉན་པོའི་རྩ་བ་རུ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །དྲེགས་པའི་བཀའ་བབ་རླང་ཆེན་དཔལ་སེང་གིས། །དཀྱིལ་འཁོར་མཐའ་རུ་ཞིང་ཆེན་སྟན་བཞག་སྟེ། །གསང་བའི་མཚན་གསོལ་སྤྱི་བོར་རྡོ་རྗེ་བཞག ། ངག་ཏུ་དམ་རྫས་བདུད་རྩི་ལྕེར་བཞག་སྟེ། །རུ་བཞི་བོད་ཀྱི་རྒྱལ་ཁམས་ཆེན་པོ་རུ། །མུ་སྟེགས་འགྱུ་བའི་སྒོ་འཕྲང་བཅད་པ་དང་། །རྒྱལ་བའི་བསྟན་པ་བསྲུང་བར་ཞལ་བཞེས་པའི། །གཡར་དམ་ཕོག་པའི་མ་སྲིང་བརྟན་མའི་ཚོགས། །བདག་ཅག་བག་མེད་ལེ་ལོའི་དབང་གིས་ནི། །ཁྱེད་རྣམས་ཐུགས་དང་འགལ་བའི་ལས་བགྱིས་པ། །བཅས་དང་རང་བཞིན་འགལ་བའི་ཉེས་པ་ཀུན། །མི་འཆབ་མི་སྦེད་སྙིང་ནས་བཤགས་ལགས་ན། ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། ཞེས་མ་སྲིང་བརྟན་མ་བཅུ་གཉིས་ཀྱི་བསྐང་བ་རྒྱས་པ་འདི་ཉིད་འདན་སེང་གེ་གནམ་རྫོང་གི་ཉེ་ཞོལ་དུ་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རང་ལོ་ཞེ་དགུ་པ་ལྕགས་ཕོ་སྤྲེལ་ལོའི་ས་ག་ཟླ་བའི་ཚེས་༧གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་བསྟན་འགྲོར་ཕན་པའི་ལྷག་བསམ་རྣམ་པར་དག་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །

མ་སྲིང་བརྟན་མ་བཅུ་གཉིས་བསྐང་བ་ཕྲིན་ལས་འདོད་འབྱུང་བཞུགས་སོ།།

ཀ་དག་སྐྱེ་མེད་སྤྲོལ་བྲལ་ཀློང་ཡངས་ནས། །ཁ་བ་ཅན་གྱི་ཡུལ་ལྷའི་ཚུལ་བསྟན་པ། །ག་རུ་བཞུགས་ཀྱང་བརྟན་མ་བཅུ་གཉིས་ཚོགས། །ང་ཅག་སྒྲུབ་ལ་བུ་བཞིན་སྐྱོང་མཛད་པ། །ཅ་ག་རིན་ཆེན་ལྷབ་ལྷུབ་རྒྱན་དང་བཅས། །ཆ་ལུགས་བདུད་དང་གནོད་སྦྱིན་སྨན་མོའི་ཚུལ། །ཇ་དངུལ་རིན་ཆེན་ལ་སོགས་ནོར་གྱི་བདག །ཉ་རྒྱས་ཇི་བཞིན་འདིར་གཤེགས་དགྱེས་པར་བཞུགས། །ཏ་ཐཱ་ག་ཏ་མཚོ་སྐྱེས་རྡོ་རྗེ་དང་། །ཐ་མལ་མི་ཡི་ཟོལ་འཛིན་དཔལ་སེང་དྲུང་། །ད་ལྟ་རྩོད་ལྡན་སྙིགས་མའི་ཡང་མཐའ་འདིར། །ན་མར་བསྟན་པ་སྲུང་བར་ཞལ་བཞེས་པ། །པ་ནའི་རྒྱུན་བཞིན་རྣམ་མང་མཆོད་པའི་ཚོགས། །ཕ་མཐའ་ཡས་པའི་ཀུན་བཟང་མཆོད་པའི་སྤྲིན། །བ་མཆོག་དཔག་བསམ་ཤིང་དང་གཏེར་གྱི་བུམ། །མ་རྨོས་ལོ་ཏོག་འབྲུ་སྨན་ཐུགས་དམ་བསྐང་། །ཙ་མ་ར་སོགས་རྐང་བཞི་དུད་འགྲོའི་རིགས། །ཚ་ལུ་བྱ་སོགས་འདབ་ཆགས་སྣ་ཚོགས་དང་། །ཛ་ཧུའི་རྒྱུན་བཞིན་བཏུང་བའི་དམ་རྫས་ཚོགས། །ཝ་སྤྱང་སྟག་གཟིག་ཚོགས་ཀྱི་ཐུགས་དམ་བསྐང་། །ཞྭ་ལྷམ་ཁྲབ་རྨོག་གོ་དང་ཕུབ་ཀྱི་རིགས། །ཟ་འོག་དར་ཟབ་ཡོལ་བ་བླ་བྲེ་དང་། །འུ་འུར་དབྱངས་དང་རོལ་མོ་མཆོད་པའི་སྤྲིན། །ཡ་ལད་མཚོན་གྱི་རིགས་ཀྱིས་ཐུགས་དམ་བསྐང་། །ར་ཅན་གདེང་བའི་རྡོ་རྗེ་ཀཱ་པ་ལར། །ལ་དུ་ལ་ཕུག་སྨན་ལེབ་འབྲང་རྒྱས་དང་། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མའི་ཚོགས། །ས་དང་བར་སྣང་གང་བའི་མཆོད་པའི་སྤྲིན། །ཧ་ཧིའི་དགྱེས་པ་ཆེན་པོའི་སྒྲ་དབྱངས་ཀྱིས། །ཨ་ལ་ལ་ཞེས་དགའ་བའི་ངོ་མཚར་གྱི། །ནམ་མཁའ་མཛོད་ཀྱི་འཁོར་ལོ་ཡོངས་ཤར་བའི། །སོ་སོའི་བརྟེན་རྫས་མཐུན་རྫས་བསྐང་བའི་རྫས། །དངོས་འབྱོར་ཡིད་སྤྲུལ་བསམ་གྱིས་མི་ཁྱབ་པས། །བདག་ཅག་བློ་ཡིས་བླངས་ཏེ་འབུལ་ལགས་ན། །མ་སྲིང་བསྟན་སྐྱོང་འཁོར་ཚོགས་རྒྱ་མཚོ་ཡིས། །མ་ལུས་ལྷག་མ་མེད་པར་བཞེས་སུ་གསོལ། །ཅེས་པ་འདིའང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པ་དགེའོ། །

བརྟན་མ་བཅུ་གཉིས་བསྐང་བསྡུས་བསོད་ནམས་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས།།

བྷྱོ། མ་སྲིང་བརྟན་མ་ཆེན་མོ་བཅུ་གཉིས་ནི། །རང་རང་གཡོག་འཁོར་བྲན་དང་ཕོ་ཉར་བཅས། །འདིར་གཤེགས་དམ་རྫས་མཆོད་པ་འདི་བཞེས་ལ། །ཕྲིན་ལས་རྣམ་བཞིའི་ལས་རྣམས་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་བས་སོ། །

བོད་སྐྱོང་བསྟན་མ་བཅུ་གཉིས་ཀྱི་ཕྲིན་བཅོལ་ནི།

བྷྱོ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ་དཔལ་གྱི། །དཀྱིལ་འཁོར་ཡོངས་ཀྱི་སྲུང་མ་མཐུ་བོ་ཆེ། །ཁྱད་པར་དུར་ཁྲོད་ཆེན་པོ་བསིལ་ཚལ་དུ། །ཡེ་ཤེས་མཁའ་འགྲོ་སེདྒེའི་གདོང་ཅན་གྱི། །བསྟན་པར་སྲུང་བར་དབང་བསྐུར་གཉེར་དུ་གཏད། །ཕྱིས་སུ་བལ་ཡུལ་ཁ་ལ་རོང་སྒོ་རུ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །དམ་ལ་བཏགས་ནས་བསྟན་པའི་སྲུང་མར་བསྐོས། །བོད་ཁམས་སྐྱོང་བའི་མ་ཡམས་བརྟན་མའི་ཚོགས། །སྙིང་རྗེ་ཆེན་པོའི་དབྱིངས་ལས་མ་གཡོས་ཀྱང་། །ཁྲག་འཁྲུག་རྔམ་པའི་ཚུལ་གྱིས་སྐུར་བཞེངས་ལ། །ལྟ་ལོག་མུ་སྟེགས་རྒོལ་ངན་ཚར་བཅད་ནས། །འགོངས་པོ་སྤུན་དགུ་རྒྱ་འདྲེའི་གནོད་པ་བཟློག །སངས་རྒྱས་བསྟན་དང་བསྟན་འཛིན་སྐྱོང་བ་ལ། །ལོག་པར་སེམས་པའི་དམ་སྲིའི་ཚོགས་རྣམས་ཀྱིས། །མི་དང་མི་མིན་སྣང་བ་དབང་བསྒྱུར་ནས། །བསྟན་སེལ་སྡེ་འཁྲུགས་སློང་བར་བྱེད་པའི་རིགས། །ཁ་དཀར་སྙིང་ནག་ལེགས་ན་མི་དགའ་བའི། །ཉེས་ན་དགའ་བའི་བསམ་ངན་གདུགས་རྩུབ་ཅན། །རྣལ་འབྱོར་བདག་ལ་ལྷ་མེད་ཟེར་བ་དང་། །ལྷ་ལ་མཐུ་མེད་ཟེར་བའི་དམ་ཉམས་ཚོགས། །དོ་བརྡོ་ཕོད་དུ་བཙུགས་པའི་དགྲ་བོ་རྣམས། །མ་ཡམས་བརྟན་མའི་ཚོགས་ཀྱི་མཐུ་སྟོབས་དང་། །རྒྱུ་འབྲས་བསླུ་བ་མེད་བའི་བདེན་སྟོབས་ཀྱིས། །མི་འདོད་ཕུང་ཀྲོལ་ངན་པས་ཚར་བཅད་ནས། །མིང་ཙམ་མེད་པར་བརླག་པའི་ཕྲིན་ལས་མཛོད། །ཁྱད་པར་སྔོན་ཚེ་པདྨ་འབྱུང་གནས་དང་། །དྲེགས་པའི་བཀའ་བབ་རླང་ཆེན་དཔལ་སེང་གེ །དཀྱིལ་འཁོར་མཐའ་རུ་ཞིང་ཆེན་བསྟན་ལ་བཞག །གསང་བའི་མཚན་གསོལ་སྤྱི་བོར་ཅོད་པན་བཏགས། །ལག་ཏུ་རྡོ་རྗེ་གཏད་ནས་བཀའ་བསྒོས་བཞིན། །ཇི་ལྟར་ཁས་བླང་དམ་བཅས་ཇི་བཞིན་དུ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་གི །ཡིད་ལ་ཅི་བསམ་ལྷུན་གྱིས་གྲུབ་པ་དང་། །བཅོལ་བའི་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། །ཅེས་བོད་སྐྱོང་བསྟན་མ་བཅུ་གཉིས་འདི་དུས་སྙིགས་མའི་སྐབས་འདིར་གསོལ་མཆོད་བྱས་ན་ལེགས་ཆའི་མཚན་ལྟས་རེ་ཤར་བས་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ས་ཕོ་རྟ་ལོའི་ཟླ་ཚེས་༣་ལ་བྲིས་པ་དགེའོ། །

བསྟན་སྲུང་ཆོས་སྐྱོང་རྣམས་ཀྱི་གསོལ་བསྡུས་ཕྲིན་ལས་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།།

རྟ་མགྲིན་ལྕགས་རལ་ཅན་གྱི་གསོལ་བསྡུས་བཞུགས། ཧྲཱིཿ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །མདུན་དུ་གྲུ་གསུམ་མཐིང་ནག་དཀྱིལ་འཁོར་དབུས། །པད་ཉི་དགྲ་བགེགས་བསྣོལ་བའི་གདན་སྟེང་དུ། །དབང་ཆེན་རྟ་མཆོག་པདྨ་ཧེ་རུ་ཀ །ཤིན་ཏུ་ཁྲོས་པ་ལྕགས་ཀྱི་རལ་བ་ཅན། །མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །ཞལ་གདངས་ལྗགས་འདྲིལ་མཆེ་བ་རབ་ཏུ་གཙིགས། །ཕྱག་གཡས་རལ་གྲི་གཡོན་པས་ལྕགས་ཀྱུ་བསྣམས། །དར་ནག་བེར་གསོལ་སྟག་ལྤགས་ཤམ་ཐབས་ཅན། །སྤྱི་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་སྒྲོག །ཞབས་གཉིས་འདོར་སྟབས་མེ་དཔུང་ཀློང་ན་བཞུགས། །དྲེགས་པ་སྡེ་བརྒྱད་འཁོར་བཅས་གནས་འདིར་གཤེགས། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྡོ་རྗེ། །སྨན་གཏོར་རཀྟ་ག་ཎའི་ལོངས་སྤྱོད་དང་། །ཕྱི་ནང་གསང་བའི་མཆོད་ཚོགས་བླ་ན་མེད། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་ཁམས་ཀུན་ཁྱབ། །གུས་པས་བློ་ཡིས་བླངས་ཏེ་འབུལ་ལགས་ན། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ་བ་དང་། །ཁྱད་པར་ས་བདག་ཀླུ་ཡི་གནོད་པ་དང་། །བྱད་ཕུར་རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

རྒྱུད་མགོན་ལེགས་ལྡན་གསོལ་བསྡུས་བཞུགས།།

ཧཱུྃ་ཧྲཱིཿ སྔོན་ཚེ་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའི། །སྤྱན་སྔར་སྲུང་མར་ཞལ་བཞེས་དམ་ཚིག་ཅན། །ལེགས་ལྡན་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག །མཐིང་ནག་མི་སྲུན་གར་དགུའི་ཉམས་དང་ལྡན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་སྡང་མིག་བསྒྲད། །གྲི་གུག་ཐོད་ཁྲག་ཐུགས་ཀར་སྟེང་འོག་བསྣོལ། །གྲུ་མོ་གཡས་སུ་ཙནྡན་བིང་འཆང་བ། །དར་ནག་འཇོལ་བེར་སྦྲུལ་དང་ཐོད་ཕྲེང་བརྒྱན། །ཁྱུང་དང་སེང་སྟག་འཕར་དྲེད་སྤྲུལ་པ་སྤྲོ། །གཡོན་ནས་ཡུམ་ཆེན་ཀྲོ་དྷཱི་ཤྭ་རི་མ། །སྔོ་སྐྱ་སྦྲུལ་ཞགས་ཐོད་པ་ཁྲག་བཀང་བསྣམས། །ཤར་ཕྱོགས་ཁྲོ་བོའི་རྒྱལ་པོ་ཀིང་ཀ་ར། །ལྷོ་ཕྱོགས་ཡབ་གཅིག་གནོད་སྦྱིན་ཟངས་མདོག་ཅན། །ནུབ་ཕྱོགས་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །བྱང་ཕྱོགས་དཔལ་ལྡན་གཉན་གྱི་རེ་མ་ཏཱི། །སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ། །སྐད་ཅིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །སྤྱི་དང་ཁྱད་པར་མཐུན་པའི་དམ་རྫས་ནི། །ཤ་ལྔ་བདུད་རྩི་ཞུན་ཆེན་མར་མེ་དང་། །མཁྲིས་པའི་དྲི་ཆབ་ཤ་ཁྲག་རུས་པའི་ཟས། །ཞིང་ཆེན་གཡང་གཞི་མི་རྐང་གླིང་བུའི་སྒྲ། །གཡག་ནག་རྟ་ནག་བྱ་ནག་ཁྱི་ནག་ལུག །མདོར་ན་སྤྱི་དང་མཐུན་པའི་དམ་རྫས་ནི། །དངོས་སུ་བཤམས་དང་ཡིད་ལས་བྱུང་བ་ཡི། །ནམ་མཁའི་ཁམས་ཀུན་གང་བར་འབུལ་ལགས་ན། །དགྱེས་པར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

རཏ་གླིང་མགོན་པོ་མ་ནིང་གསོལ་བསྡུས་བཞུགས།།

ཧཱུྃཿ རང་མདུན་པད་ཉི་དགྲ་བགེགས་བསྣོལ་བའི་སྟེང་། །དཔལ་མགོན་མ་ནིང་མཐིང་ནག་ཆར་སྤྲིན་མདོག །ཁྲོ་གཏུམ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །ཕྱག་གཡས་རུ་མཚོན་གཡོན་པས་སྙིང་ཞགས་བསྣམས། །དར་ནག་བེར་གསོལ་སྙིང་སྦྲུལ་དོ་ཤལ་འཆང་། །ཙནྡན་བིང་ཆེན་སྐེད་གཙུགས་ལྷ་དམག་འགྱེད། །གཡས་སུ་སྲོག་བདུད་ནག་པོ་རྟ་ནག་ཞོན། །ཁ་ཊྭཱྃ་གྲི་གུག་ལྕགས་ཀྱི་སྤར་བུ་བསྣམས། །གཡོན་དུ་ཡུམ་ཆེན་ལྷ་མོ་དཔལ་འབར་མ། །སྐུ་མདོག་དམར་མོ་རལ་གྲི་ཐོད་ཁྲག་བསྣམས། །མི་ལྤགས་གོས་དང་སྟག་ཤམ་ཉི་ཟླས་བརྒྱན། །དྲེགས་པ་སྡེ་བརྒྱད་འཁོར་བཅས་གཤེགས་སུ་གསོལ། །དགྱེས་པར་བཞུགས་ལ་གུས་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་སྤྱི་ཡི་མཆོད་པ་དང་། །ཁྱད་པར་ཁྱེད་དང་མཐུན་པའི་དམ་རྫས་ནི། །བཤོས་བུ་ནག་པོ་སྙིང་གི་རྒྱལ་མཚན་དང་། །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །རྨད་བྱུང་གཏོར་མ་སྨན་རཀ་བདུད་རྩིའི་མཚོ། །ཁྱི་ནག་དུང་དཀར་ཅང་ཤེས་གཡག་ལུག་ནག །སྤྱི་དང་ཁྱད་པར་ལྷག་པའི་དམ་རྫས་ནི། །དངོས་བཤམས་ཡིད་ཀྱིས་སྤྲུལ་ཏེ་འབུལ་ལགས་ན། །བཞེས་ནས་རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

དཔལ་མགོན་ཚོགས་བདག་གསོལ་བསྡུས་བཞུགས།།

ཧཱུྃཿ བསྐལ་བ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཧཱུྃ་ཡིག་ལས་བྱུང་དཔལ་མགོན་ཚོགས་ཀྱི་བདག །ཆར་སྤྲིན་མདོག་འདྲ་ཞལ་གཅིག་སྤྱན་གསུམ་པ། །ཕྱག་གཉིས་ཙནྡན་བིང་དང་ཐོད་ཁྲག་བསྣམས། །མཐིང་ནག་བེར་གསོལ་དུར་ཁྲོད་ཆས་ཀྱིས་སྤྲས། །གཡོན་དུ་ཡུམ་ཆེན་ཡཀྴ་བཻ་ཏ་ལི། །སྐུ་གསུང་ཐུགས་མགོན་ཕྱོགས་བཅུའི་མགོན་པོ་དང་། །སྡེ་བརྒྱད་དྲེགས་པའི་དམག་དཔུང་ཚོགས་དང་བཅས། །འདིར་གཤེགས་དགྱེས་པར་བཞུགས་ལ་ཕྱག་འཚལ་ལོ། །ཞིང་ཆེན་གཡང་གཞི་རཀྟ་དམར་གྱི་མཚོ། །དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས་ཀྱི་རྒྱུན། །གཡབ་དར་ནག་པོ་སྙིང་གི་རྒྱལ་མཚན་དང་། །མཁའ་ལྡིང་ཤེལ་སྒོང་གཡག་རོག་རྟ་ནག་གི །གྲི་སྙིང་ཉ་ཤ་ལ་དུ་ལ་ཕུག་སོགས། །སྤྱི་དང་མཐུན་པའི་དམ་རྫས་བསམ་མི་ཁྱབ། །གུས་པས་བློ་ཡིས་བླངས་ཏེ་འབུལ་ལགས་ན། །རྣམ་བཞིའི་ཕྲིན་ལས་ཡིད་བཞིན་བདག་ལ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

ཉང་གཏེར་མགོན་པོ་ཕྱག་བཞིའི་གསོལ་བསྡུས་བཞུགས།།

ཧཱུྃཿ དཔལ་ཆེན་ཁྲོ་རྒྱལ་ཆེ་མཆོག་ཧེ་རུ་ཀ །སྙིང་རྗེ་ཆེན་པོའི་དབང་ཕྱུག་སྐུར་བཞེངས་པ། །དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་བཞི་པ། །མཐིང་ནག་ལོག་འདྲེན་འདུལ་བའི་གཤེད་པོ་ཆེ། །ཕྱག་བཞི་གཡས་གཉིས་ཙིཏྟ་རལ་གྲི་ཕྱར། །གཡོན་གཉིས་ཐོད་པ་ཁ་ཊྭཱྃ་རྩེ་གསུམ་བསྣམས། །པང་དུ་ཡུམ་ཆེན་ལྷ་མོ་ཙནྚི་ནག །ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས། །འཁྲིལ་སྦྱོར་དུར་ཁྲོད་འབར་བའི་ཆས་ཀྱིས་སྤྲས། །གཡས་ཕྱོགས་ལས་ཀྱི་མགོན་པོ་བྱ་རོག་གདོང་། །གཡོན་དུ་རུ་ལས་འབར་མ་བྱ་ཞོན་མ། །མདུན་དུ་བདུད་མགོན་སེང་གེའི་གདོང་པ་ཅན། །རྒྱབ་ཏུ་གཟའ་བདུད་ཆེན་པོ་རཱ་ཧུ་ལ། །ཕྱོགས་བཞིར་ཚངས་པ་གཤིན་རྗེ་བཙན་རྗེ་དང་། །གནོད་སྦྱིན་ལ་སོགས་སྤྲུལ་པ་ཡང་སྤྲུལ་བཅས། །ཉི་མའི་ཟེར་གྱི་རྡུལ་ལྟར་འཁྲིགས་པར་གསལ། །དམ་ཡེ་གཉིས་མེད་ངོ་བོར་བརྟན་པར་བཞུགས། །འདོད་ཡོན་ལྔ་དང་སྨན་རཀ་གཏོར་གསུམ་དང་། །ཤེལ་སྒོང་ནག་པོ་བྱ་རོག་རྒྱལ་མཚན་དང་། །ག་ཎའི་ལོངས་སྤྱོད་སྐར་ལྟར་བཀྲམ་ལགས་ན། །དགྱེས་པར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

བདུད་མགོན་ཞིང་སྐྱོང་གསོལ་བསྡུས་བཞུགས།།

ཧཱུྃཿ ཨུ་ཙ་ལ་ཡི་དུར་ཁྲོད་ཆེན་པོ་ནས། །ཧཱུྃ་ལས་བདུད་མགོན་ཞིང་སྐྱོང་སེང་གེའི་གདོང་། །ཞལ་གདངས་མཆེ་གཙིགས་སྡང་མིག་ཁྲག་ལྟར་གཡོ། །གཡུ་རལ་བསིགས་པའི་གསེབ་ནས་སེང་ཆུང་འཕྲོ། །དར་ནག་བེར་གསོལ་དུར་ཁྲོད་ཆས་ཀྱིས་སྤྲས། །མདུང་དང་དམར་གཏོར་འཛིན་ཅིང་རྟ་ནག་ཞོན། །ཡུམ་ཆེན་བདུད་མོ་དམར་ནག་ཁྲག་རལ་ཅན། །ལས་བྱེད་རོ་ལངས་ཕོ་མོ་དགྲ་བོའི་གཤེད། །བཀའ་སྡོད་དྲེགས་ཚོགས་འཁོར་བཅས་གཤེགས་སུ་གསོལ། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །འབྲོང་གཡག་ཞོལ་ཆེན་རྟ་ནག་ཁྱི་ནག་ལུག །སྐུ་དང་གླེགས་བམ་རུ་མཚོན་ནག་པོ་དང་། །གོ་ཁྲབ་བེར་ནག་དུར་ཁྲོད་དྲག་པོའི་ཆས། །དོམ་ནག་ཙིཏྟ་སྲོག་གི་འཁོར་ལོ་སོགས། །ཕྱི་ནང་གསང་མཆོད་སྨན་རཀ་བ་ལིངྟ། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་པའི་ཟས། །མཆོད་སྤྲིན་ནམ་མཁའ་གང་བར་འབུལ་ལགས་ན། །དགྱེས་པར་བཞེས་ལ་ལས་བཞིའི་དངོས་གྲུབ་ཀུན། །ཐོགས་པ་མེད་པར་མྱུར་དུ་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

སྔགས་སྲུང་མའི་གསོལ་བསྡུས་བཞུགས།།

བྷྱོ། རང་མདུན་རཀྟའི་རྒྱ་མཚོའི་ཀློང་དཀྱིལ་དབུས། །ཀེང་རུས་འབུམ་ཕྲག་བརྩེགས་པའི་ཁྲི་སྟེང་ན། །པད་ཉི་དགྲ་བགེགས་ཕོ་མོ་བསྣོལ་བའི་སྟེང་། །མ་མོ་སྔགས་ཀྱི་སྲུང་མ་ནམ་མཁའི་མདོག །ཞལ་གཅིག་ཚེམས་གཅིག་སྤྱན་གཅིག་རལ་བ་གཅིག །ཕྱག་གཡས་ཙིཏྟ་གཡོན་པས་ཞིང་དབྱུག་ཕྱར། །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་འཕྱང་། །སྟག་ཤམ་ཞིང་དང་ལྷོ་སྤྲིན་གོ་ཟུ་གྱོན། །བདུན་འབུམ་འཁོར་གྱི་ཚོགས་དང་བཅས་པ་རྣམས། །འཁོར་བཅས་འདིར་གཤེགས་བརྟན་པར་བཞུགས་སུ་གསོལ། །འདོད་ཡོན་རྣམ་ལྔ་སྨན་དང་རཀྟའི་མཚོ། །ཏ་ན་ག་ཎའི་མཆོད་པ་བླ་ན་མེད། །ཁྱད་པར་སྐུ་གཟུགས་སྔགས་བྱང་རྩེ་གསུམ་མདུང་། །སྦ་ལྕག་ཚིགས་གསུམ་པདྨ་རཀྟ་དང་། །བྱང་སེམས་ནལ་བུ་རྨ་བྱའི་རྒྱལ་མཚན་བསྒྲེངས། །ལེ་བརྒན་གུར་དང་དུར་ཁྲོད་དྲག་པོའི་ཆས། །དབང་པོ་རྣམ་ལྔ་དོན་སྙིང་ནང་རོལ་ཚོགས། །ཞིང་གི་གཡང་གཞི་ཞུན་ཆེན་མར་མེ་དང་། །ཚིལ་ཆེན་དུད་པ་ཤ་ཁྲག་རུས་པའི་ཟས། །རབ་འབྱམས་ནམ་མཁའི་ཁམས་བཀང་འབུལ་ལགས་ན། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

ཉི་གྲགས་ལྷ་མོ་སྔགས་བདག་མའི་གསོལ་བསྡུས་བཞུགས།།

བྷྱོ། ཁྲག་ཞག་རྒྱ་མཚོ་འཁྱིལ་པའི་ཀློང་དཀྱིལ་ནས། །ཐོད་པའི་སྐུ་མཁར་མེ་རླུང་འཚུབས་མའི་དབུས། །དཔལ་ལྡན་ལྷ་མོ་ཆེན་མོ་སྔགས་བདག་མ། །མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །ཕྱག་གཡས་ཁ་ཊྭཱྃ་དར་ནག་གཡོན་ནད་རྐྱལ། །ཞིང་དང་སྟག་ཤམ་མི་རྩིབ་རེ་ལྡེ་གསོལ། །ཐོད་པ་སྐམ་རློན་སྦྲུལ་གྱི་དོ་ཤལ་འཕྱང་། །སྤྱི་གཙུག་རྨ་བྱ་ཟླ་བ་ཚེས་པས་བརྒྱན། །ལྟེ་བར་གསེར་གྱི་ཉི་མས་སྟོང་ཁམས་ཁྱབ། །སྙན་ཆ་སྦྲུལ་དང་དུང་གི་སེང་གེས་བརྒྱན། །རྒྱ་བོང་དམར་གྭའི་སྟེང་ལ་ཕྱེད་སྐྱིལ་བཞུགས། །བ་ལམ་དྲེལ་སྣ་སྟག་སྨན་གཟེར་འདེབས་མ། །ཁྲི་སྨན་སི་ལི་རྡོ་རྗེ་ཕ་ལམ་མ། །དུང་གི་ཐོར་ཚུགས་བྷེ་བ་ས་ཏྭ་དང་། །བྱེ་བ་དགུ་རིང་ལ་སོགས་དྲེགས་པའི་ཚོགས། །འཁོར་གྱི་ནག་མོ་ཆེན་མོ་འབུམ་དང་བཅས། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཕྱི་ཡི་མཆོད་པ་འདོད་ཡོན་རྣམ་པ་ལྔ། །ནང་གི་མཐུན་རྫས་དྲག་པོའི་མཆོད་པའི་སྤྲིན། །གསང་བའི་མཆོད་པ་སྨན་རཀ་བྷ་ལིངྟ། །ཁྱད་པར་ཤ་ཁྲག་རུས་པ་གླད་སྣ་འབུམ། །ག་བུར་གྲི་སྙིང་མི་དབང་འབྲས་བུའི་ཤ །འཚུབས་ནག་རླུང་གིས་བསྡུས་པའི་རྫས་ཀྱིས་མཆོད། །དེ་ལྟར་མཆོད་པ་ཕུལ་བའི་བྱིན་རླབས་ཀྱིས། །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །འདུས་པའི་སྡེ་རྒྱས་བཤད་སྒྲུབ་བསྟན་པ་འཕེལ། །མདོར་ན་བྱང་ཆུབ་གོ་འཕང་མ་ཐོབ་པར། །ཅི་བསམ་དོན་རྣམས་ལྷུན་གྱིས་གྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

གཤོག་རྒོད་མའི་གསོལ་བསྡུས་བཞུགས།།

བྷྱོ། འཇིགས་རུང་དུར་ཁྲོད་ཆེན་པོའི་གཞལ་ཡས་ནས། །དཔལ་ལྡན་ལྷ་མོ་རྡོ་རྗེ་གཤོག་རྒོད་རྩལ། །སྨུག་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། །ཕྱག་གཡས་རལ་གྲི་གཡོན་པས་ཐོད་ཁྲག་འཛིན། །མཆན་དུ་དགོས་འདོད་ཀུན་འབྱུང་ནེའུ་ལེ་བཟུང་། །རྡོ་རྗེའི་གཤོག་པ་ལྡིང་ཞིང་མི་ལྤགས་དང་། །བ་གླང་ལྤགས་པ་རེ་ལྡེའི་སྨད་དཀྲིས་ཅན། །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་མཛེས། །སྦྲུལ་དང་རུས་པའི་ཕྲེང་བས་སྐུ་ལ་བརྒྱན། །སྤྱི་བོ་ཉི་མ་ལྟེ་བར་ཟླ་བ་ཤར། །རྫུ་འཕྲུལ་ཤུགས་ལྡན་དྲེལ་རྟ་རྐང་གསུམ་ཆིབས། །མ་མོ་འབུམ་སྡེའི་འཁོར་དང་བཅས་པ་རྣམས། །རྣལ་འབྱོར་བདག་ལ་བརྩེ་བས་འདིར་གཤེགས་ལ། །ཕྱི་ནང་གསང་བ་བླ་མེད་མཆོད་པའི་སྤྲིན། །རབ་འབྱམས་ནམ་མཁའི་ཁམས་བཀང་འབུལ་ལགས་ན། །དགྱེས་པར་བཞེས་ལ་ལས་བཞིའི་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

སྲོག་སྒྲུབ་མའི་གསོལ་བསྡུས་བཞུགས།།

བྷྱོ། རང་མདུན་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། །མེ་རླུང་འཚུབས་མ་འབར་བའི་ཀློང་དཀྱིལ་དུ། །བྷྱོ་ལས་ཤན་པ་སྲོག་སྒྲུབ་ནག་མོ་ནི། །མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། །ཕྱག་གཡས་ཆུ་གྲི་གཡོན་པས་གློ་སྙིང་ཟ། །མི་ལྤགས་གོས་དང་ཐོད་རུས་སྦྲུལ་གྱིས་བརྒྱན། །སྲིད་པའི་རླུང་ནག་འཚུབས་མ་ལ་ཞོན་པ། །གཙོ་མོའི་གཡས་ན་ཅེ་སྤྱང་གདོང་མོ་དང་། །གཡོན་ན་ཝ་གདོང་མདུན་དུ་འུག་གདོང་མ། །གསུམ་ཀ་ཕོ་ཉའི་གཟུགས་ཅན་མཚོན་ཆ་ཐོགས། །འཁོར་དུ་ཤ་ཟ་མ་མོ་འབུམ་སྡེའི་ཚོགས། །བསམ་གྱིས་མི་ཁྱབ་སྐུ་རུ་ལམ་གྱིས་གསལ། །འདིར་གཤེགས་དགྱེས་བཞུགས་གུས་པས་ཕྱག་འཚལ་ལོ། །ཨ་མྲྀ་ཏ་དང་རཀྟ་དམར་གྱི་མཚོ། །བྷ་ལིང་གཏོར་མ་སྦྱོར་སྒྲོལ་མཆོད་པའི་ཚོགས། །གུས་པའི་བློ་ཡིས་བླངས་ཏེ་འབུལ་ལགས་ན། །དགྱེས་པར་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

བརྟན་མ་བཅུ་གཉིས་གསོལ་བསྡུས།།

ཀྱཻ། རང་མདུན་འཇའ་ཟེར་འཁྲིགས་པའི་ཀློང་དཀྱིལ་དུ། །བོད་ཁམས་སྐྱོང་བའི་མ་ཡམས་བརྟན་མའི་ཚོགས། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་རྒྱལ། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །བཙན་ལ་རོལ་བའི་རྡོ་རྗེ་སྨན་གཅིག་མ། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ། །གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་སྨན། །རང་རང་བྲན་དང་གཡོག་འཁོར་མང་པོའི་ཚོགས། །བརྩེ་བའི་ཚུལ་གྱིས་གནས་འདིར་གཤེགས་སུ་གསོལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ། །ཤ་ཁྲག་རུས་གསུམ་དོན་སྙིང་ནང་རོལ་ཚོགས། །སྨན་རཀ་གཏོར་མ་གསེར་སྐྱེམས་ཇ་ཆང་ཕུད། །གཟུགས་སྒྲ་དྲི་རོ་བཀྲ་ཤིས་རྫས་རྟགས་བརྒྱད། །དང་བའི་བློ་ཡིས་འབུལ་ལོ་དགྱེས་པར་བཞེས། །རྣམ་བཞིའི་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

སྙིང་ཐིག་ཚེ་རིང་མའི་གསོལ་བསྡུས་བཞུགས།།

ཀྱཻ། ཡིད་འོང་སྨན་ལྗོངས་ནེའུ་སེང་ལྗོན་པའི་ཚལ། །འཁོར་ཡུག་གངས་ཀྱི་རི་བོས་བསྐོར་བའི་གནས། །རིན་ཆེན་གཡུ་ཡི་ཁང་བཟང་མཛེས་པ་ལ། །ཤེལ་གྱི་ཐེམ་སྐས་བྱུ་རུའི་ཁ་བད་ཅན། །རིན་ཆེན་སྣ་ཚོགས་བརྡལ་བའི་ཁྲི་སྟེང་དུ། །སྨན་བཙུན་ཆེན་མོ་བཀྲ་ཤིས་ཚེ་རིང་མ། །དཀར་དམར་མདངས་ལྡན་ཞལ་གཅིག་ཕྱག་གཉིས་པ། །ཕྱག་ན་ནོར་བུ་མདའ་དར་དུང་ཤྭ་ཅན། །སྲིད་གསུམ་གསལ་བའི་དངུལ་དཀར་མེ་ལོང་བསྣམས། །དར་དཀར་ན་བཟའ་རྨ་བྱའི་སྒྲོ་ཐུལ་ཅན། །རིན་ཆེན་པྲོག་ཞུ་དར་གྱི་ཅོད་པཎ་འཕུར། །མཛེས་སྡུག་འཁྲིལ་ཆགས་མཉམ་པའི་སྟབས་ཀྱིས་བཞེངས། །མཐིང་གི་ཞལ་བཟང་མི་གཡོ་གླང་བཟང་མ། །ཅོད་པཎ་མགྲིན་བཟང་གཏལ་དཀར་འགྲོ་བཟང་བཅས། །མཐའ་སྐོར་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དང་། །རང་རང་བྲན་སྡེ་འཁོར་བཅས་གཤེགས་སུ་གསོལ། །ཉེར་སྤྱོད་འདོད་ཡོན་བཟའ་བཅའ་བཏུང་བའི་ཚོགས། །སྨན་གཏོར་རཀྟ་ཕྱེ་མར་སྤོས་ཀྱི་རིགས། །སྐྱེད་ཚལ་ཟས་གོས་དཀོར་ཆ་ལོངས་སྤྱོད་དང་། །ཤ་རྐྱང་མ་ཧེ་དྲེལ་དང་འདོད་འཇོའི་བ། །ཅང་ཤེས་རྟ་དང་འབྲོང་གཡག་སྤོས་ཀྱི་གླང་། །རྨ་བྱ་ལྕུང་ཀ་དར་གྱི་ལྡ་ལྡི་སོགས། །ཐུན་མོང་ཁྱད་པར་རྨད་བྱུང་མཆོད་པའི་སྤྲིན། །རྣམ་མང་ཞིང་རྡུལ་གྲངས་སྙེད་ཕུལ་བའི་མཐུས། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །བདེ་ལེགས་འབྲས་བུ་རྒྱས་པའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

རྡོ་རྗེ་གཡུ་སྒྲོན་མའི་གསོལ་བསྡུས་བཞུགས།།

ཀྱཻ། མདུན་དུ་གངས་རི་སྐྱེད་ཚལ་རྒྱས་པའི་དབུས། །རིན་ཆེན་ཁང་བཟང་རཏྣའི་ཁྲི་སྟེང་དུ། །རྒྱལ་བའི་ཡུམ་ཆེན་རྡོ་རྗེ་གཡུ་སྒྲོན་མ། །སྟོན་ཟླ་གསར་བའི་ལང་ཚོའི་དཔལ་སྟེར་ཅན། །ཕྱག་གཡས་ནོར་བུ་དངུལ་དཀར་མེ་ལོང་འཛིན། །དར་དཀར་ན་བཟའ་རིན་ཆེན་སྣ་ཚོགས་བརྒྱན། །ཞབས་གཉིས་མཉམ་པའི་སྟབས་ཀྱིས་མཛེས་པར་བཞེངས། །ཕྱོགས་བཞིར་མཆེད་བཞི་གཙོ་མོ་ཉིད་དང་མཚུངས། །ཀུན་ཀྱང་བཅུ་དྲུག་གཞོན་ནུའི་ན་ཚོད་ཅན། །སྒེག་ཅིང་མཛེས་འཛུམ་དགྱེས་པའི་ཚུལ་དུ་བཞུགས། །མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །འདོད་ཡོན་རྣམ་ལྔ་བཀྲ་ཤིས་རྫས་རྟགས་བརྒྱད། །རྒྱལ་སྲིད་བདུན་དང་རྡོ་རྗེའི་ལྷ་མོའི་ཚོགས། །སྨན་དང་རཀྟ་བ་ལིང་གཏོར་མའི་ཚོགས། །ཕྱི་ནང་གསང་བའི་མཆོད་པ་བླ་ན་མེད། །ནམ་མཁའ་མཛོད་ཀྱི་འཁོར་ལོར་འབུལ་ལགས་ན། །དགྱེས་པར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

སྨིན་གླིང་ལྷ་ཆེན་གསོལ་བསྡུས་བཞུགས།།

ཧྲཱིཿ མདུན་དུ་པདྨ་རཱ་གའི་ཁང་བཟང་དབུས། །ཆུ་སྐྱེས་དམར་སེར་ཉི་མའི་གདན་གྱི་སྟེང་། །ལྷ་ཆེན་དབང་ཕྱུག་མ་ཧཱ་དེ་ཝ་ནི། །སྐུ་མདོག་པདྨ་རཱ་གའི་མདངས་ལྡན་པ། །ཆགས་པའི་ཉམས་ལྡན་སྒེག་ཅིང་ཁྲོ་འཛུམ་ཅན། །ཞལ་གཅིག་ཕྱག་གཉིས་ཉི་ཟླའི་སྤྱན་གསུམ་བསྒྲད། །ཕྱག་གཡས་ལྕགས་ཀྱུ་གཡོན་པས་ཞགས་པ་བསྣམས། །ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་དོར་སྟབས་ཅན། །དབུ་སྐྲ་ཐོར་ཚུགས་ཟུར་ཕུད་ཟླ་བས་མཚན། །གཅེར་བུ་བདེ་བ་རྒྱས་པའི་ལིང་ག་བསྒྲེངས། །སྣ་ཚོགས་དར་གྱི་སྟོད་གཡོག་རིན་ཆེན་བརྒྱན། །རབ་མཛེས་ཨུཏྤལ་དམར་པོའི་དོ་ཤལ་ཅན། །དབང་ཕྱུག་ཆེན་པོའི་སྐུ་ཡི་གཡོན་ཟུར་ན། །གསང་བའི་ཡུམ་ཆེན་ལྷ་མོ་དཀའ་བཟློག་མ། །དམར་མོ་མཛེས་འཛུམ་གཞོན་ནུའི་ལང་ཚོ་ཅན། །གཅེར་མོ་སྐྲ་དཀྲོལ་ལྕགས་ཀྱུ་ཞགས་པ་བསྣམས། །སྣ་ཚོགས་དར་དང་མེ་ཏོག་དམར་པོས་བརྒྱན། །བཞེངས་སྟབས་ཡབ་ལ་འདུད་ཅིང་ཆགས་པའི་ཚུལ། །ཕྱོགས་བཞིར་གནས་པའི་གསང་བའི་ཌཱཀྐི་བཞི། །འགུགས་དང་འཆིང་དང་རྨོངས་དང་མྱོས་བྱེད་ཚོགས། །བཞི་ཀ་མདོག་དམར་ཞལ་གཅིག་ཕྱག་གཉིས་མ། །ཕྱག་གཡས་ལྕགས་ཀྱུ་གཡོན་པས་ཞགས་པ་བསྣམས། །རབ་མཛེས་བཅུ་དྲུག་ལང་ཚོའི་དཔལ་སྟེར་ཅན། །སྲིད་པ་གསུམ་གྱི་འཁོར་ཚོགས་སྤྲིན་ལྟར་གཏིབས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཕྱི་ནང་གསང་བའི་མཆོད་པ་བླ་ན་མེད། །ཁྱད་པར་མེ་ཏོག་ཕྲེང་བ་རིན་ཆེན་དབྱིག །འབྲུ་ལྔའི་ཕྱེ་མར་མྱོས་བྱེད་མངར་གསུམ་གྱི། །དྲི་ཞིམ་སྨན་གྱིས་བཏབ་པའི་དཔལ་གྱི་བཤོས། །ལ་དུ་རང་བྱུང་མེ་ཏོག་ཏིལ་མར་སྒྲོན། །དཀར་གསུམ་མངར་གསུམ་ཤ་ཆེན་ཁུར་བ་དང་། །འབྲས་ཆང་རྒུན་ཆང་ཙནྡན་དམར་པོའི་ཆབ། །བྱང་སེམས་དཀར་དམར་བཙོས་དང་རྗེན་ཤ་སོགས། །རྣམ་མང་སྣ་ཚོགས་མཆོད་པའི་སྤྲིན་ཕུང་འདི། །ཕུལ་བས་བདག་ཅག་ནད་མེད་ལང་ཚོ་ལྡན། །ཚེ་དཔལ་རྒྱས་ཤིང་ཁམས་གསུམ་དབང་དུ་བསྡུས། །མ་རུང་དགྲ་ལས་རྣམ་པར་རྒྱལ་གྱུར་ཏེ། །དངོས་གྲུབ་མ་ལུས་ཡིད་བཞིན་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

རཏ་གླིང་གཟའི་གསོལ་བསྡུས་བཞུགས།།

ཧཱུྃ། བདག་ཉིད་རྡོ་རྗེ་གཏུམ་པོ་གསལ་བའི་མདུན། །ཁྲག་ཞག་རྒྱ་མཚོ་འཁྱིལ་པའི་ཀློང་དཀྱིལ་དབུས། །གཟའ་བདུད་དུད་ཁ་དབུ་དགུ་བྱ་རོག་གདོང་། །ཕྱག་བཞི་རལ་གྲི་མདའ་གཞུ་ཆུ་སྲིན་ཞགས། །སྤྱན་སྟོང་ལྡན་ཞིང་སྐུ་སྨད་སྦྲུལ་དུ་འཁྱིལ། །ཞིང་ཆེན་སྟོད་གཡོག་སྟག་ལྤགས་ཤམ་ཐབས་དཀྲིས། །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་འཕྱང་། །སྦྲུལ་ཆུན་ལྔ་སོགས་འབར་བའི་ཆས་ཀྱིས་སྤྲས། །གཡས་སུ་ཡབ་གཅིག་རཀྴ་ཛྭ་ལ་དང་། །གཡོན་དུ་ཡུམ་ཆེན་རྡོ་རྗེ་གློག་འགྱུ་མ། །ཕྱོགས་མཚམས་བརྒྱད་དུ་ལྗང་སྔོན་ཆེན་པོ་དང་། །དྲང་སྲོང་བདུད་པོ་རོག་ཏི་བིཥྚི་པ། །བི་ན་རཱ་ཛ་དུ་བ་མཇུག་རིང་དང་། །ཁྱབ་འཇུག་ཆེན་པོ་མི་བཟད་སྒྲ་གཅན་འཛིན། །སྟག་སྲིན་ཟོར་གདོང་བམ་སྲིན་དྲེད་ཀྱི་གདོང་། །ཀོང་སྲིན་གླང་གདོང་འབྲོག་སྲིན་ཆུ་སྲིན་གདོང་། །གཞན་ཡང་ཕྱི་རོལ་དཔལ་མགོན་བདུན་ཅུ་སོགས། །སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ། །དུར་ཁྲོད་རོལ་བའི་གནས་འདིར་གཤེགས་སུ་གསོལ། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །ཕྱི་ནང་མཆོད་རྫས་ནམ་མཁའི་སྐར་ལྟར་བཀྲ། །ཁྱད་པར་ཤ་རུལ་ཁྲག་དང་ཉ་རུལ་དང་། །བཙོས་དང་རྗེན་ཤ་ར་མཆིན་ཁྲག་སྣ་སྟོང་། །ཤ་སྣ་སྟོང་དང་སྙིང་སྣ་སྟོང་གིས་མཆོད། །དཀར་གསུམ་མངར་གསུམ་ཀླུ་སྨན་ག་བུར་སྤོས། །ལ་སྨན་རྩི་སྨན་འབྲུ་སྣ་སྨན་སྣ་སྟོང་། །སྟག་དོམ་བ་ལང་ཉ་སྙིང་ལ་སོགས་པ། །བཞེས་ནས་ཕྱི་ནང་བར་ཆད་ཟློག་པ་དང་། །མཐུ་སྟོབས་དྲག་པོའི་དངོས་གྲུབ་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

རཏྣའི་དམ་ཅན་སེང་ཞོན་གསོལ་བསྡུས་བཞུགས།།

ཀྱཻ། མདུན་དུ་རཀྟའི་རྒྱ་མཚོ་འཁྲུགས་པའི་དབུས། །རབ་མཛེས་ཕ་ཝང་ལོང་བུའི་སྐུ་མཁར་དབུས། །སྐྱེས་མཆོག་ཆེན་པོ་དམ་ཅན་རྡོ་རྗེ་ལེགས། །སྐུ་མདོག་དམར་ནག་ཤིན་ཏུ་ཁྲོས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས། །ཕྱག་གཡས་རྡོ་རྗེ་རྩེ་དགུས་དགྲ་སྙིང་གཟིར། །གཡོན་པས་དམ་ཉམས་དགྲ་བོའི་ཙིཏྟ་བསྣམས། །དབང་གི་མདོག་ཅན་ལྷབ་ལྷུབ་བེར་ཆེན་གསོལ། །དབུ་སྐྲ་སྨ་ར་དམར་སེར་སྭག་ཞུ་ཅན། །སྟོབས་ལྡན་གངས་ཀྱི་སེང་གེ་དཀར་མོ་ཆིབས། །འཁོར་དུ་སྤྲུལ་པའི་གིང་ཆེན་སྡེ་བཞི་དང་། །ཐུགས་ཀྱི་དགྱེས་སྡེ་ཡུམ་ཆེན་བཅུ་གཉིས་ཚོགས། །མཆེད་ཟླ་དགེ་བསྙེན་སུམ་བརྒྱ་དྲུག་ཅུ་དང་། །གཞན་ཡང་འཁོར་དུ་གཏོགས་པའི་ལྷ་སྲིན་ཚོགས། །ནམ་མཁའི་ཁྱོན་ཀུན་གང་བར་བསམ་མི་ཁྱབ། །སྐད་ཅིག་ཙམ་གྱིས་འདིར་གཤེགས་གདན་ལ་བཞུགས། །དང་བའི་ཡིད་ཀྱི་ངང་ནས་ཕྱག་འཚལ་ལོ། །རབ་འབྱམས་ཞིང་གི་མཆོད་པའི་སྤྲིན་ཕུང་ནི། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །ཁྱད་པར་ར་ཤ་ཁྲག་དང་ར་གསུར་སྤོས། །སྨན་རཀ་གཏོར་མ་སྟག་རས་གཟིག་རས་དང་། །སྨྱུག་རྒོད་ཁྲབ་བྱང་རྔ་ཁྲ་རིན་ཆེན་ལྔ། །ར་ཡི་དབང་པོ་རྣམ་ལྔ་ནང་རོལ་དང་། །མཚམས་སྤྲིན་མདངས་འཛིན་ར་སྐྱེས་ལ་སོགས་པ། །སྤྱི་དང་བྱེ་བྲག་མཆོད་པའི་སྤྲིན་ཕུང་ནི། །མ་ཚང་མེད་པ་གུས་པས་འབུལ་ལགས་ན། །དགྱེས་པར་བཞེས་ལ་ཉམས་ཆགས་བསྐང་བ་དང་། །བདག་ཅག་བསམ་དོན་ལྷུན་གྱིས་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

ཉི་གྲགས་དམ་ཅན་ར་ཞོན་གསོལ་བསྡུས་བཞུགས།།

ཧཱུྃ། རང་མདུན་ཐོད་མཁར་མེ་རླུང་འཚུབས་མའི་ཀློང་། །དགྲ་བགེགས་ཉི་ཟླ་པདྨའི་གདན་སྟེང་དུ། །ཏྲིཿ་ལས་སྐྱེས་མཆོག་རྡོ་རྗེ་དགྲ་འཇོམས་རྩལ། །སྐུ་མདོག་སྨུག་ནག་མི་བཟད་ཁྲོས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས། །སྨ་ར་སྨིན་མ་དམར་སེར་མེ་འོད་འཁྲིགས། །རྡོ་རྗེ་མདུང་དར་མགར་གྱི་སྦུད་པ་བསྣམས། །སྨུག་བེར་ཟ་འོག་སྔོ་བཀྲའི་བེར་ཕྱམ་ཅན། །སྟག་རལ་གཟིག་ཤུབས་འཁོར་གསུམ་སྐེད་ལ་སྤྲས། །དབུ་སྐྲ་དམར་སེར་སྭག་ཞུ་སྨུག་པོ་གསོལ། །ཞབས་གཉིས་སྭག་ལྷམ་གསོལ་ཞིང་ར་སྐྱེས་ཞོན། །དམར་ནག་མེ་དཔུང་འབར་བའི་ཀློང་ན་བཞུགས། །དྲེགས་པ་སྡེ་བརྒྱད་འཁོར་དང་བཅས་པ་རྣམས། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །རྨད་བྱུང་དྲག་པོའི་མཆོད་པ་བསམ་མི་ཁྱབ། །བྷནྡྷའི་སྣོད་དུ་དཔལ་གྱི་བཤོས་བུ་ལ། །དགྲ་བོའི་ཙིཏྟ་ཞིང་གི་རྒྱལ་མཚན་བཙུགས། །ཛ་གད་རྒྱ་ཇའི་བཏུང་བ་མེ་རེ་རེ། །བསད་པའི་ཤ་ཁྲག་གོ་རོ་ཙ་ན་དང་། །གཉིས་མེད་མཉམ་པར་སྦྱོར་བའི་དཀར་དམར་བཅུད། །ང་བདག་གཟུང་འཛིན་བསྒྲལ་བའི་རཀྟ་དང་། །འཆི་མེད་བདུད་རྩི་པཉྩ་ཨ་མྲྀ་ཏ། །མཚལ་བུ་རྟིང་དཀར་ར་སྐྱེས་ཤེལ་སྒོང་ནག །ཞོལ་གཡག་འབྲི་དང་འདབ་ཆགས་མིག་སྨན་མདོག །བྱ་རོག་རྒྱལ་མཚན་སྨྱུག་རྒོད་ལོ་རྒྱས་སོགས། །སྤྱི་དང་ཁྱད་པར་དངོས་འབྱོར་ཡིད་ལས་བྱུང་། །ཀུན་བཟང་མཆོད་པའི་སྤྲིན་ལྟར་འབུལ་ལགས་ན། །སངས་རྒྱས་བསྟན་སྲུང་གཙུག་ལག་ཆོས་འཁོར་སྐྱོངས། །རྣལ་འབྱོར་བདག་ལ་ཉིན་མཚན་དུས་དྲུག་ཏུ། །སྲུང་སྐྱོབས་སྡོང་གྲོགས་ཕྲིན་ལས་མ་གཡེལ་ཞིག །རྫོགས་སྤྲུལ་ལྔ་པས་སོ། །

ཉི་གྲགས་ལྷ་བཙན་གསོལ་བསྡུས་བཞུགས།།

ཧཱུྃ། རང་ཉིད་ལྷར་གསལ་མདུན་དུ་སྐད་ཅིག་གིས། །ལྷ་བཙན་ཆེན་པོ་ཇོ་བོ་རྡོ་རྗེ་འབར། །སྐུ་མདོག་དཀར་དམར་ཞལ་གཅིག་ཕྱག་གཉིས་པ། །ཁྲོ་འཛུམ་སྤྱན་གསུམ་བསྒྲད་ཅིང་ཨམ་གཙིགས་བསྡམས། །དབུ་ལ་དར་དཀར་ལ་ཐོད་རྒོད་འཕྲུ་ཅན། །ཕྱག་གཡས་མདུང་དར་གཡོན་པས་སྤར་བུ་བསྣམས། །བེར་དཀར་གསོལ་ཞིང་འཁོར་གསུམ་གསེར་སྐེད་སྤྲས། །ཆིབས་སུ་གློག་དམར་རྩལ་ལྡན་ཅང་ཤེས་ཆིབས། །མི་དམར་བྱ་དམར་ཁྱི་དམར་ཕོ་ཉར་འགྱེད། །བཙན་རྒོད་མཆེད་བདུན་སྤྲུལ་དང་ཡང་སྤྲུལ་བཅས། །འཁོར་བཅས་སྤྱན་འདྲེན་གནས་འདིར་བཞུགས་སུ་གསོལ། །མེ་ཏོག་སྤོས་དང་མར་མེ་དྲི་ཆབ་བཤོས། །སྒྲ་སྙན་རོལ་མོ་གཟུགས་སྒྲ་དྲི་རོ་རེག །ཤ་ཁྲག་དམར་གྱི་གཏོར་མ་རི་ལྟར་སྤུངས། །སྨན་རཀ་ཛ་གད་བཏུང་བ་རྒྱ་མཚོར་བསྐྱིལ། །ག་ཎ་ཙཀྲའི་ལོངས་སྤྱོད་སྤྲིན་ལྟར་གཏིབས། །གཞན་ཡང་ཕྱི་ནང་མཆོད་པའི་བྱེ་བྲག་ཚོགས། །རྣམ་དག་མཆོད་པའི་སྤྲིན་ཕུང་བསམ་ཡས་པ། །དང་བའི་བློ་ཡིས་འབུལ་ལོ་དགྱེས་བཞེས་ལ། །བར་ཆད་ཀུན་སོལ་བསམ་དོན་ལྷུན་གྲུབ་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

མ་ཏིའི་སེང་དམར་བཀའ་སྲུང་དམ་ཅན་ནོར་སྒྲུབ་གསོལ་བསྡུས་བཞུགས།།

ཀྱཻ། མདུན་དུ་རིན་པོ་ཆེ་ཡི་གཞལ་ཡས་ཁང་། །སྣ་ཚོགས་འཇའ་ཟེར་འོད་ཕུང་འཁྲིགས་པའི་དབུས། །དམ་ཅན་ནོར་བདག་དགེ་བསྙེན་ཆེན་པོ་ནི། །སྐུ་མདོག་དཀར་དམར་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་ལྕགས་ཀྱུ་ཡིད་བཞིན་ནོར་བུ་བསྣམས། །གཡོན་པས་འཕྲུལ་གྱི་ལྡེའུ་མིག་ནེའུ་ལེ། །སྐུ་ལ་བེར་དཀར་མེ་ཏྲི་དམར་པོ་གསོལ། །གསེར་སྐེད་རིན་པོ་ཆེ་ཡི་སྐུ་རགས་བཅིངས། །དབུ་ལ་སྟག་ཞུ་དར་དམར་ཅོད་པཎ་འཕུར། །ཞབས་ལ་སྭག་ཏིའི་ལྷམ་ཆེན་འཇའ་རིས་འཁྱིལ། །པང་དུ་ཡུམ་ཆེན་ཀོང་བཙུན་སྨན་གཅིག་ནི། །དམར་མོ་མཛེས་འཛུམ་ཞལ་གཅིག་ཕྱག་གཉིས་མ། །མེ་ལོང་མདའ་དར་བསྣམས་ནས་ཡབ་ལ་འཁྱུད། །སྐུ་ལ་དར་དཀར་གསེར་གྱི་ཐིག་ལེ་ཅན། །དབུ་ཞྭ་གཡུ་ཐོད་མུ་ཏིག་རྒྱན་ཅན་མནབས། །གཉིས་ཀ་སེང་ཆེན་ཁྲི་ལ་བདེ་བར་རོལ། །སྒ་གོང་རིན་པོ་ཆེ་ཡི་སྟག་སྒྲོ་བཀལ། །འཁོར་དུ་ནོར་བདག་ཛམ་ལྷ་མཆེད་བརྒྱད་དང་། །དགེ་བསྙེན་ཉེར་གཅིག་བརྟན་མ་བཅུ་གཉིས་སོགས། །མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས། །བརྩེ་བའི་ཐུགས་རྗེས་གནས་འདིར་གཤེགས་སུ་གསོལ། །མཁར་ཐབས་བཤོས་བུ་ར་ཡི་དབང་པོ་ལྔ། །མདའ་དར་མེ་ལོང་རིན་ཆེན་རྣམ་པ་ལྔ། །ཤེལ་ལུག་རིན་ཆེན་ར་སྐྱེས་རྟ་མཆོག་གླང་། །ཕོ་ཆས་མོ་ཆས་རྒྱན་གྱི་བྱེ་བྲག་དང་། །སྤྱན་གྱི་ལྷ་མོ་བརྒྱད་ལ་སོགས་པ་ཡིས། །མཆོད་པའི་བྱེ་བྲག་ནམ་མཁའི་མཐའ་ཀླས་པ། །ཕུལ་བས་གང་བཅོལ་ལས་རྣམས་སྒྲུབ་པ་དང་། །ཁྱད་པར་རྣམ་མང་ནོར་གྱི་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

རཏ་གླིང་ཤན་དམར་གསོལ་བསྡུས་བཞུགས།།

ཨེ། རང་མདུན་རཀྟའི་རྒྱ་མཚོ་འཁྲུགས་པའི་ཀློང་། །ཟངས་ཀྱི་སྐུ་མཁར་འོད་ཟེར་འཕྲོ་བའི་དབུས། །རིན་ཆེན་བཻཌཱུརྱ་ཡི་བྲག་རི་དང་། །པད་ཉི་དགྲ་བགེགས་གདན་ལ་ཁྱུང་དམར་སྟེང་། །གནོད་སྦྱིན་ཤན་དམར་ཞལ་གཅིག་ཕྱག་བཞི་པ། །གཡས་ཀྱི་ཕྱག་གཉིས་རལ་གྲི་གྲི་གུག་དང་། །གཡོན་གཉིས་ཐོད་པ་དམ་ཉམས་སྙིང་ཞགས་འཛིན། །དར་དམར་བེར་དང་དུར་ཁྲོད་ཆས་ཀྱིས་སྤྲས། །མེ་རླུང་དམར་ནག་འཚུབས་མའི་ཀློང་ན་བཞུགས། །ཕྱི་ལྟར་ལྷ་སྲིན་སྡེ་བརྒྱད་ཡོངས་ཀྱི་གཙོ། །ནང་ལྟར་རྒྱལ་ཆེན་རྣམ་སྲས་མདུང་དམར་ཅན། །གསང་བ་གཟའ་རྒོད་དྲག་པོ་མིག་དམར་གྲགས། །བཀའ་འཁོར་སྐྱོང་བའི་དྲེགས་པ་སྡེ་བརྒྱད་ནི། །རྒྱལ་པོ་སྟག་གི་མགོ་ཅན་དཀར་པོ་དང་། །སྲིན་མོ་ནེ་ཙོའི་མགོ་ཅན་དུད་ཁའི་མདོག །གཤིན་རྗེ་གཟིག་གི་མགོ་ཅན་པད་རག་མདོག །མ་མོ་རྨ་བྱའི་མགོ་ཅན་ལྗང་ནག་མདོག །བཙན་རྒོད་དོམ་གྱི་མགོ་ཅན་བེེཌཱུར་མདོག །གཟའ་བདུད་ཤང་ཤང་མགོ་ཅན་དུད་ཁའི་མདོག །བདུད་པོ་འབྲོང་གི་མགོ་ཅན་མིག་སྨན་མདོག །ཀླུ་བདུད་ཉ་ཡི་མགོ་ཅན་ནམ་མཁའི་མདོག །ཀུན་ཀྱང་རང་མདོག་མཚུངས་པའི་རྟ་ལ་ཞོན། །གཡས་པས་དར་མདུང་གཡོན་པས་སྙིང་ཞགས་འཛིན། །སྣ་ཚོགས་བེར་དང་སྟག་རལ་གཟིག་ཤུབས་འཆང་། །སྡེ་བརྒྱད་དྲེགས་པའི་དམག་དཔུང་ཚོགས་ཀྱིས་བསྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །དང་བའི་ཡིད་ཀྱིས་གུས་པས་ཕྱག་འཚལ་ལོ། །ཉམས་པའི་ཤ་ཆེན་རཀྟ་བཤོས་བུ་དམར། །ཤ་སྣ་ཁྲག་སྣ་སྨན་སྣ་ཆུ་སྣ་འབུམ། །བྷནྡྷ་རུས་པའི་ཚིལ་ཆེན་བ་ལིངྟ། །དར་དམར་གཡབ་མོ་ག་ཎ་ཙཀྲའི་ཚོགས། །འོམ་མདའ་རྒྱན་ལྡན་ཁྱི་ནག་སྙིང་ལ་སོགས། །མདོར་ན་ཕྱི་ནང་གསང་བའི་དམ་ཚིག་རྫས། །ཕུལ་བས་རྐྱེན་ངན་བར་ཆད་བཟློག་པ་དང་། །བཀྲ་ཤིས་བདེ་ལེགས་འཕེལ་བར་མཛད་དུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

སངས་རྒྱས་གླིང་པའི་བླ་མ་དགོངས་འདུས་བཀའ་སྲུང་རིག་འཛིན་ལྷ་མོའི་གསོལ་བསྡུས་བཞུགས།།

བྷྱོཿ མདུན་དུ་པདྨ་ཟླ་བའི་གདན་སྟེང་དུ། །བྷྱོཿ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས། །ཨ་མ་རིག་འཛིན་ལྷ་མོ་རལ་གཅིག་མ། །ཞི་འཛུམ་ཆགས་པའི་ཉམས་ལྡན་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་ཌཱ་རུ་མེ་ལོང་འཛིན། །དབུ་སྐྲ་ཐོར་ཚུགས་རིན་ཆེན་པྲོག་ཞུ་ཅན། །ཟ་འོག་ཁ་དོག་ལྔ་ལྡན་ཤ་གོས་ལ། །གསེར་གྱི་སྐ་རགས་རིན་པོ་ཆེ་ཡིས་སྤྲས། །དེ་སྟེང་དར་དཀར་རྩེ་གོས་ཕུ་དུང་ཅན། །ལྷབ་ལྷུབ་གཡོ་བ་ཟ་འོག་མཐའ་འཇག་ཅན། །རིན་ཆེན་དོ་ཤལ་ཕྱག་ཞབས་གདུ་བུས་སྤྲས། །ཞབས་གཉིས་མཉམ་པའི་སྟབས་ཀྱིས་འགྱིངས་ཏེ་བཞུགས། །འཁོར་དུ་མ་མོ་འབུམ་དང་ཤ་ཟ་སྟོང་། །སྣང་སྲིད་དྲེགས་པའི་དམག་ཚོགས་བསམ་མི་ཁྱབ། །ཉི་མའི་ཟེར་གྱི་རྡུལ་ལྟར་འཁྲིགས་པར་གྱུར། །གློག་ལྟར་མྱུར་བའི་སྟོབས་ཀྱིས་འདིར་གཤེགས་ལ། །སྣ་ཚོགས་དར་གྱི་གཡབ་མོ་སྤྲིན་ལྟར་གཏིབས། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ། །གཟུགས་སྒྲ་དྲི་རོ་རེག་བྱ་བསམ་མི་ཁྱབ། །བ་ལིང་གཏོར་མ་སྨན་དང་རཀྟའི་མཚོ། །དགྱེས་པའི་དམ་རྫས་མཆོག་ཏུ་འབུལ་ལགས་ན། །བཞེས་ནས་ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

སངས་རྒྱས་གླིང་པའི་དགོངས་འདུས་བཀའ་སྲུང་དགོངས་བཙན་གསོལ་བསྡུས་བཞུགས།།

ཧྲཱིཿ མདུན་དུ་ལྗོན་ཤིང་བྲག་རི་གཏམས་པའི་གནས། །རིན་ཆེན་སྣ་ཚོགས་ལས་གྲུབ་སྐུ་མཁར་དབུས། །ཕྱི་ལྟར་ཀླུ་བཙན་འབར་བ་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་སྦྲུལ་མགོའི་གདེངས་ཀ་ཅན། །ཕྱག་གཉིས་ཟངས་མདུང་ཙིཏྟ་ལྡེའུ་མིག་བསྣམས། །སྐུ་ལ་དར་དམར་བེར་ཆེན་བསེ་ཁྲབ་དང་། །གོ་མཚོན་སྟག་རལ་གཟིག་ཤུབས་དར་སྣས་བརྒྱན། །རྟ་དམར་ཞོན་ཅིང་འཁོར་དུ་ཀླུ་བཙན་དྲུག །བཙན་འཁོར་སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས། །གཡས་སུ་རཱ་ཙ་དགེ་བསྙེན་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་བ་དན་གཏེར་སྒྲོམ་བསྣམས། །སྐུ་ལ་དར་དཀར་བེར་དང་ཆོས་གོས་གསོལ། །དབུ་ལ་རལ་མཛེས་པཎ་ཞུ་དཀར་པོ་མནབས། །རྟ་དཀར་ཞོན་ཅིང་འཁོར་དུ་དགེ་བསྙེན་དྲུག །དཀོར་བདག་ཆེན་པོ་སྐྱེས་བུ་སྟོང་གིས་བསྐོར། །གཡོན་དུ་གནོད་སྦྱིན་ནོར་བདག་རྒྱལ་པོ་ནི། །སྐུ་མདོག་ལྗང་སེར་ནོར་བུ་ནེའུ་ལེ་བསྣམས། །སྣ་ཚོགས་བེར་གསོལ་རིན་ཆེན་ཁྲི་ལ་འགྱིངས། །འཁོར་དུ་གནོད་སྦྱིན་ཆེན་པོ་རང་འདྲ་དྲུག །གནོད་སྦྱིན་དམག་ཚོགས་བྱེ་བ་འབུམ་གྱིས་བསྐོར། །འདིར་བྱོན་དགྱེས་བཞུགས་གུས་པས་ཕྱག་འཚལ་ལོ། །སྤྱི་དང་ཁྱད་པར་མཐུན་པའི་དམ་རྫས་ནི། །དར་དམར་པཎ་དང་སྨྱུག་རྒོད་ལོ་རྒྱས་དར། །སྟག་གཟིག་ལྤགས་པ་གོ་མཚོན་དུར་ཁྲོད་བརྒྱན། །མི་རྟ་ཁྱི་གསུམ་ཤ་ཁྲག་རུས་པ་དང་། །དབང་པོ་རྣམ་ལྔའི་ཕྲེང་བ་ར་ཡི་གསུར། །དཀར་མངར་སྐྱུར་སོགས་ཇ་ཆང་ཁྲག་སྣའི་སྐྱེམས། །གཏོར་མ་བརྗིད་ལྡན་ར་ཤ་དག་གིས་བརྒྱན། །གླིང་བུ་རོལ་ཆ་ཕྱག་རྒྱ་གླུ་གར་དབྱངས། །དར་དཀར་འཕན་གདུགས་བླ་བྲེ་ཡོལ་བ་དང་། །སྟག་གཟིག་རྒྱལ་མཚན་བ་དན་དར་ཟབ་སོགས། །སྨྱུག་རྒོད་སྟག་གཟིག་རིན་ཆེན་རྒྱན་གྱིས་སྤྲས། །མདའ་དར་སྣ་ལྔ་མདུང་དར་གསེར་གཡུས་བརྒྱན། །འབྲུ་སྨན་ཤིང་ཏོག་དཔལ་གྱི་གཏོར་མ་སོགས། །རང་རང་དགྱེས་པའི་མཆོད་པ་འདི་བཞེས་ལ། །ཡིད་ལ་ཅི་བསམ་ལྷུན་གྱིས་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

རཏ་གླིང་ཕུར་སྲུང་གསོལ་བསྡུས་བཞུགས།།

ཛཿ་བྷྱོཿ དཔལ་ཆེན་ཁྲག་འཐུང་བཛྲ་ཀཱི་ལ་ཡའི། །བཀའ་ཉན་སྲུང་མ་ཤྭ་ན་མཆེད་བཞི་ནི། །ལྕགས་ཀྱི་སྤྱང་མོ་འཇིགས་པའི་མགོ་དགུ་མ། །གསེར་གྱི་འཕར་བ་མྱུར་བའི་ལྕེ་བརྒྱད་མ། །ཟངས་ཀྱི་ཝ་མོ་མགྱོགས་པའི་རྐང་གསུམ་མ། །གཡུ་ཡི་ཁྱི་མོ་ཟུག་པའི་སྒྲ་སྒྲོག་མ། །དགྲ་བོའི་སྲོག་གཅོད་རེ་ཏི་མཆེད་བཞི་ནི། །འཇིགས་བྱེད་མཐིང་ནག་རྡོ་རྗེ་རེ་མ་ཏཱི། །གསོད་བྱེད་སེར་ནག་རྡོ་རྗེ་རེ་མ་ཊི། །ཟ་བྱེད་དམར་ནག་རྡོ་རྗེ་རེ་མ་ཛ། །སྲོག་གཅོད་ལྗང་ནག་རྡོ་རྗེ་རེ་མ་ཛུ། །ནག་མོ་ཆེན་པོ་བསེ་ཡི་བུ་མོ་བཞི། །བདུད་ཀྱི་བུ་མོ་ཡ་བྱིན་མཐུ་མོ་ཆེ། །གཟའ་ཡི་བུ་མོ་དེ་བྱིན་དྲག་རྩལ་ཅན། །བཙན་གྱི་བུ་མོ་བསེ་བྱིན་རྫུ་འཕྲུལ་ཅན། །ཀླུ་ཡི་བུ་མོ་ཕག་བྱིན་གདུག་རྩུབ་ཅན། །མ་མོ་རྣམས་ཀྱི་མིང་པོ་གིང་ཆེན་རྣམས། །འཛིན་གིང་དམར་པོ་འཛིན་པའི་ལྕགས་ཀྱུ་ཐོགས། །འཆིང་གིང་ནག་པོ་འཆིང་བའི་ཞགས་པ་ཐོགས། །སྒྲོལ་གིང་དཀར་པོ་ཤེལ་གྱི་སྤུ་གྲི་ཕྱར། །ཟ་གིང་སྔོན་པོ་དུག་གི་མཆེ་བ་གཙིགས། །མགྱོགས་ཤིང་རྒྱུག་པའི་གློག་དམར་གདུག་པའི་ཚོགས། །ཕུར་སྲུང་ལྕམ་དྲལ་འཁོར་བཅས་འདིར་གཤེགས་ལ། །ལྷ་རྫས་ཕྱི་ཡི་མཆོད་པ་སྤྲིན་ལྟར་གཏིབས། །རང་བྱུང་ནང་གི་མཆོད་པ་དྭངས་རེ་སྤྲོ། །དམ་རྫས་གསང་བའི་མཆོད་པ་སྤུངས་སེ་སྤུང་། །གཉིས་མེད་བྱང་ཆུབ་སེམས་ཀྱི་མཆོད་པ་དང་། །ཉམས་པ་བསྒྲལ་བའི་རཀྟ་དམར་གྱི་མཚོ། །སྤྱི་དང་རང་རང་ཁྱད་པར་མཐུན་པའི་རྫས། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་ཁྱོན་གང་བ། །ཕུལ་བས་བདག་ལ་སྡོ་བའི་དགྲ་བགེགས་རྣམས། །ད་ལྟ་ཉིད་དུ་སྒྲོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

རཏ་ཕུར་གཏེར་སྲུང་ལྡང་ལྷའི་གསོལ་བསྡུས་བཞུགས།།

ཧཱུྃ། བདག་ཉིད་ལྷར་གསལ་མདུན་དུ་སྐད་ཅིག་གིས། །ལྷ་ཡི་དགེ་བསྙེན་རྡོ་རྗེ་དྲག་པོ་རྩལ། །མདོག་དཀར་ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་བརྗིད། །ཕྱག་གཉིས་དུང་མདོག་རུ་མཚོན་ཙིཏྟ་བསྣམས། །སྐུ་ལ་ཟ་འོག་དར་དཀར་རལ་ཀ་གསོལ། །ཆིབས་སུ་ལྷ་རྟ་ངང་དཀར་རྣ་སྔོན་ཆིབས། །འཁོར་དུ་བཙན་རྒོད་བྱ་ར་སྟོང་གིས་བསྐོར། །གནམ་ས་བར་སྣང་ས་གཞིའི་ཁྱོན་ཀུན་གང་། །བོས་པ་ཙམ་གྱིས་འདིར་གཤེགས་བརྟན་པར་བཞུགས། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་པའི་སྤྲིན། །མར་མེ་བྱུག་པ་ཞལ་ཟས་རོལ་མོའི་སྒྲ། །ཁྲག་ཆང་ཨརྒྷཾ་དུག་ཆུའི་ཞབས་བསིལ་དང་། །དབང་ལྔའི་མེ་ཏོག་ཚིལ་ཆེན་དུད་པའི་སྤྲིན། །ཞུན་ཆེན་མར་མེ་མཁྲིས་ཆེན་བྱུག་པའི་མཚོ། །ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔའི་སྒྲ། །སྨན་དང་རཀྟ་གསེར་སྐྱེམས་གཡུ་སྐྱེམས་དང་། །ཇ་ཆང་འོ་སྐོལ་མྱོས་བྱེད་མ་ད་ན། །བ་ལིང་གཏོར་མ་ཚོགས་ཀྱི་ཡོ་བྱད་སོགས། །སྤྱི་དང་ཁྱད་པར་མཆོག་གི་མཆོད་པའི་སྤྲིན། །འཁོར་ཡུག་བཅས་པའི་འཇིག་རྟེན་ཁྱོན་གང་བ། །ལྷ་ཆེན་འཕྲུལ་དགའི་ལོངས་སྤྱོད་ཇི་བཞིན་དུ། །ཕུལ་བས་བདག་ཅག་ནད་གདོན་ཀུན་ཞི་ཞིང་། །ཚེ་བསོད་རྒྱས་ཤིང་ཁམས་གསུམ་དབང་དུ་སྡུད། །བར་ཆད་རྐྱེན་གྱི་རྣམ་སྨིན་ཅི་བྱུང་ཡང་། །མངོན་སྤྱོད་ཤུགས་ཀྱིས་སྒྲོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

གནོད་སྦྱིན་ཙིའུ་དམར་པོའི་གསོལ་བསྡུས་བཞུགས།།

ཀྱཻ། རང་མདུན་བཙན་ཡུལ་ཟངས་ཐང་དམར་པོ་རུ། །བཙན་གྱི་བྲག་དམར་དགུང་ལ་བསྙེགས་པའི་ནང་། །རབ་བརྗིད་སྐུ་མཁར་འཇིགས་སུ་རུང་བའི་དབུས། །ཏྲིཿ་ལས་གནོད་སྦྱིན་ཙིའུ་དམར་པོ་ནི། །སྐུ་མདོག་དམར་ལྗང་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་བཙན་ཞགས་གཡོན་པས་ཟངས་མདུང་གིས། །མ་རུང་དམ་ཉམས་དགྲ་བགེགས་སྙིང་ལ་བསྣུན། །སྐུ་ལ་ཟ་འོག་དམར་ཁྲའི་བེར་ཆེན་ལ། །གསེར་གྱི་སྐ་རགས་རིན་ཆེན་དུས་མས་སྤྲས། །གོ་མཚོན་སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །དབུ་ལ་ལེ་བརྒན་དར་གྱི་འགྱིང་ཐོད་ལ། །ཐོད་སྐམ་དབུ་རྒྱན་རིན་ཆེན་སྣ་ཚོགས་སྤྲས། །ཞབས་ལ་སྭག་ལྷམ་འཇའ་རིས་འཁྱིལ་བ་གསོལ། །ཆིབས་སུ་ཅང་ཤེས་བྲ་ནག་རླུང་གཤོག་ཆིབས། །འཁོར་དུ་ལུས་ལས་བྱུང་བའི་བཙན་དྲུག་ནི། །སྐུ་ལྷ་ཞལ་གྱི་ལྷ་བཙན་དཀར་སེར་ནི། །བེར་དམར་གསོལ་ཞིང་བསེ་མདའ་བསེ་གཞུ་བསྣམས། །ཆིབས་སུ་སྨུག་པོ་ཤ་གདོང་ཅན་ལ་ཆིབས། །གྲོ་ཤོད་བོད་ཀྱི་སྒང་དམག་སྐུ་མདོག་དམར། །ལེ་བརྒན་བེར་གསོལ་ཟངས་ཞགས་ཤང་ལང་བསྣམས། །ཆིབས་སུ་མཚལ་ལུ་རྟིང་དཀར་ཅན་ལ་ཆིབས། །རཱ་ཙ་གོང་སྔོན་ཀླུ་བཙན་སྐུ་མདོག་དམར། །དར་སྔོན་བེར་གསོལ་ལྕགས་མདུང་སྦྲུལ་ཞགས་བསྣམས། །གསེར་གྱི་མདོག་ཅན་ཅང་ཤེས་རྩལ་ལྡན་ཆིབས། །རྡོ་རིང་དམར་པོའི་གྲི་བཙན་སྐུ་མདོག་དམར། །བེར་དམར་གསོལ་ཞིང་བསེ་མདུང་རྒྱུ་ཞགས་བསྣམས། །རྐྱང་དམར་སྤོ་དཀར་མྱུར་མགྱོགས་ཅན་ལ་ཆིབས། །ཀང་ཀ་ཐོད་ནག་བདུད་བཙན་སྐུ་མདོག་ལྗང་། །དར་ནག་བེར་གསོལ་རུ་མཚོན་འབྲིང་ཞགས་བསྣམས། །ཆིབས་སུ་རག་པ་གཞུང་ནག་རྩལ་ལྡན་ཆིབས། །རྩལ་ཐོགས་རྒྱུག་གི་གྲི་བཙན་ཁྲག་གི་མདོག །ཟངས་ཁྲབ་གསོལ་ཞིང་བསེ་མདུང་འོད་འཕྲོ་བསྣམས། །ཆིབས་སུ་རྟ་མཆོག་རླུང་གི་ཤུགས་ཅན་ཆིབས། །ཀུན་ཀྱང་སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །རང་རང་དཔུང་གི་དམག་ཚོགས་བསམ་མི་ཁྱབ། །རུ་འདྲེན་སྡེ་བཞིའི་འཁོར་གྱི་ཚོགས་བཅས་གསལ། །སྤྱན་འདྲེན་གཤེགས་གསོལ་གནས་འདིར་བརྟན་པར་བཞུགས། །དང་བའི་བློ་ཡིས་གུས་པས་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་པ་བླ་ན་མེད། །ཁྱད་པར་ཁྱེད་དང་མཐུན་པའི་དམ་རྫས་ནི། །གསེར་སྐྱེམས་གཡུ་སྐྱེམས་བསད་པའི་སྙིང་ཁྲག་རྒྱུན། །ལུག་དམར་ཤ་ཁྲག་སྙིང་གི་མཆོད་པ་དང་། །དམར་གྱི་ཨརྒྷཾ་དུག་ཆུའི་ཞབས་བསིལ་མཚོ། །དབང་ལྔའི་མེ་ཏོག་ཚིལ་གསུར་དུད་པའི་སྤྲིན། །ཚིལ་ཆེན་མར་མེ་མཁྲིས་ཆེན་བྱུག་པའི་མཚོ། །ཤ་རུས་ཞལ་ཟས་སྣ་ཚོགས་རོལ་མོའི་སྒྲ། །སྲིན་ཕྱོགས་བཙན་མཁར་ཤ་རུས་ཟངས་ཡག་བརྒྱན། །ལེ་བརྒན་དར་ལ་སྲོག་གི་ཙཀྲ་དང་། །ལྷ་འདྲེའི་བླ་རྡོ་ཏྲི་ཡིག་སྙིང་པོ་ཅན། །རྦ་ལྕག་ནང་དུ་གཏམས་པ་དར་སྣས་བརྒྱན། །ནུབ་ཕྱོགས་བཙན་མཁར་སྲོག་ཤིང་ལ་བརྟེན་པའི། །རྩེ་མོར་རུ་མཚོན་དམར་པོ་གཡོ་བའི་ཉམས། །སྲོག་གི་ཙཀྲ་བླ་རྡོ་ཏྲི་ཡིག་ཅན། །གསེར་གཡུ་དུམ་བུ་སྣ་ལྔའི་དར་གྱིས་དྲིལ། །མཁར་གྱི་སྙིང་པོར་བྱས་པ་གསང་བའི་རྟེན། །མདུང་ཞགས་དམར་པོ་སེ་བའི་གནམ་རུ་དང་། །དུག་ཁྲག་ཐུན་རྫས་སྐྱེར་པའི་ཉག་ཕྲན་མདའ། །མདའ་མོ་སྒྲོ་ལྡན་ལུག་གི་སུག་བྲང་གདགས། །ཟ་འོག་དམར་ཁྲའི་ཁུག་མར་རིན་ཆེན་ལྔ། །གསེར་གཡུ་འབྲུ་སྨན་རྒྱ་སྤོས་ཡུངས་ཀར་བླུག །སྟག་རས་གཟིག་རས་ལེ་བརྒན་ཅོད་པཎ་འཕུར། །མི་རྟ་གྲི་སྙིང་ཁྲག་གིས་བྱས་པ་ཡིས། །གནོད་བྱེད་གདུག་ཅན་ལིངྐ་གཏའ་རུ་གཟུགས། །ཞིང་ཀུན་དོག་པོར་བྱེད་པའི་མཆོད་པའི་སྤྲིན། །ལྷ་མིའི་བསོད་ནམས་སྟོབས་ལས་བྱུང་བ་ཡི། །བཞེད་རྒུར་འཆར་བའི་ཡོ་བྱད་ཇི་སྙེད་ཀུན། །དགྱེས་པར་བཞེས་ལ་དངོས་གྲུབ་སྩོལ་བ་དང་། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །བཅོལ་བའི་ཕྲིན་ལས་མཐའ་དག་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

རྒྱལ་པོ་ཕྲིན་ལས་དོན་བཅུའི་གསོལ་བསྡུས་བཞུགས།།

ཧཱུྃ། རིན་ཆེན་སྣ་ཚོགས་ལས་གྲུབ་གཞལ་ཡས་ཁང་། །དབུས་སུ་པད་ཉི་མ་ཊཾ་བསྣོལ་བའི་སྟེང་། །ཐུགས་ཀྱི་བརྒྱ་བྱིན་རྒྱལ་ཆེན་སྐུ་མདོག་མཐིང་། །བདུད་ཞགས་བསྣམས་ཤིང་སྤུ་གྲི་དགྲ་ལ་འདེབས། །ཐིབ་ཞུ་གསོལ་ཞིང་དོམ་གྱི་སློག་པ་གསོལ། །ཆིབས་སུ་མི་བཟད་གླང་ཆེན་སྨྱོན་པ་ཆིབས། །ཤར་ཕྱོགས་སྐུ་ཡི་རྒྱལ་པོ་མོན་བུ་མཐིང་། །མན་ཏྲི་གསོལ་ཞིང་རྡོ་རྗེ་གསེག་ཤང་ཐོགས། །དབུ་ལ་ཐིབ་ཞུ་དོམ་ནག་སྨྱོན་པ་ཁྲིད། །ལྷོ་ཕྱོགས་རྒྱལ་ཆེན་གནོད་སྦྱིན་ཤིང་བྱ་ནག །སྤུ་གྲི་བདུད་ཞགས་བསྣམས་ཤིང་གཡང་གཞིས་བརྒྱན། །ཁྱུང་མགོས་དབང་སྡུད་རོལ་དུ་གཡུ་འབྲུག་ཁྲིད། །ནུབ་ཕྱོགས་རྒྱལ་ཆེན་དགྲ་ལྷ་སྐྱེས་གཅིག་དམར། །དར་ནག་གསོལ་ཞིང་རྦ་མཁར་བིང་ཆེན་བསྣམས། །སྤྱང་མོ་ཁྲིད་ཅིང་ཕོ་ཉ་བྱ་ཁྲ་བཏང་། །བྱང་ཕྱོགས་ཕྲིན་ལས་བེ་ཧར་སྭག་ཞུ་གསོལ། །དར་དཀར་གསོལ་ཞིང་ལྕགས་ཀྱུ་མདའ་རལ་དང་། །སྤུ་གྲི་གཞུ་དབྱུག་ཐོག་ནས་སེང་གེ་ཆིབས། །ནང་བློན་ཤ་གྲོལ་ཁྱི་གྲོལ་སྡེ་ཚོགས་དང་། །རྡོ་རྗེ་ཐོག་འབེབས་ཁྱུང་ཆེན་ཀླུ་འབྲུག་སོགས། །རྒྱལ་མཚན་རྣམ་དགུ་ཕྱར་བའི་ཕོ་ཉའི་ཚོགས། །རུ་འདྲེན་སྡེ་བཞི་དམག་དཔུང་སྤྲིན་ལྟར་གཏིབས། །ས་དང་བར་སྣང་ཁྱོན་ཀུན་གང་བར་གྱུར། །དམ་ཚིག་དབང་གིས་འདིར་གཤེགས་བརྟན་པར་བཞུགས། །ཕྱི་མཆོད་འདོད་ཡོན་ནང་མཆོད་སྨན་རཀ་གཏོར། །གསང་མཆོད་བདེ་སྟོང་བླ་མེད་མཆོད་པ་དང་། །དར་གྱི་ལྡ་ལྡི་རྒྱལ་མཚན་བླ་བྲེ་གདུགས། །མ་ད་ན་དང་གསེར་སྐྱེམས་ཕུད་རྒོད་ཚོགས། །སྤོས་དཀར་ཚིལ་ཆེན་དུད་པ་ཟ་འོག་གུར། །མི་རྐང་གླིང་བུ་པི་ཝཾ་ཅང་ཏེའུ། །རྔ་དང་དུང་དང་ཕེག་རྡོབ་ཆ་ལང་སོགས། །སྣ་ཚོགས་སྒྲ་ཡི་མཆོད་པ་བསམ་མི་ཁྱབ། །ཤ་ཆེན་ལ་སོགས་ཕྱི་ནང་མཆོད་པའི་ཚོགས། །སོ་སོར་དགྱེས་པ་བསྐྱེད་པའི་མཆོད་སྤྲིན་འདི། །དང་བའི་ཡིད་ཀྱིས་ཕུལ་བས་དགྱེས་བཞེས་ལ། །བཅོལ་བའི་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

ཉི་གྲགས་རྒྱལ་པོའི་གསོལ་བསྡུས་བཞུགས།།

ཧཱུྃ། བདག་ཉིད་ལྷར་གསལ་མདུན་དུ་སྐད་ཅིག་གིས། །རིན་ཆེན་ལས་གྲུབ་གྲུ་བཞི་སྒོ་བཞི་པ། །སྐུ་ཡི་རྒྱལ་ཆེན་དགྲ་བཅོམ་གཞོན་ནུའི་ཚུལ། །སྐུ་མདོག་དཀར་གསལ་བཞིན་བཟང་མཛེས་འཛུམ་ཅན། །ཕྱག་གཡས་འཁར་བསིལ་གཡོན་པས་ལྷུང་བཟེད་བསྣམས། །རྒྱས་པའི་མདངས་ལྡན་ཆོས་གོས་གསེར་རིས་ཅན། །སྐུ་སྨད་མཐང་གོས་ནམ་མཁའི་མདོག་ཅན་གསོལ། །གླང་ཆེན་ཐལ་དཀར་མཆེ་བ་དྲུག་པ་ལ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན་པ་ཆིབས། །རེས་འགའ་མངོན་སྤྱོད་དྲག་པོའི་ཚུལ་སྟོན་པ། །ཆོས་རྒྱལ་ཚངས་པ་དུང་གི་ཐོར་ཚུགས་ཅན། །ཤར་ཕྱོགས་ཐུགས་ཀྱི་རྒྱལ་ཆེན་བརྒྱ་བྱིན་དང་། །ལྷོ་ཕྱོགས་ཡོན་ཏན་གནོད་སྦྱིན་ཤིང་བྱ་ཅན། །ནུབ་ཕྱོགས་རྒྱལ་ཆེན་དགྲ་བླ་སྐྱེས་གཅིག་པུ། །བྱང་ཕྱོགས་ཕྲིན་ལས་རྒྱལ་ཆེན་བཻ་ཧ་ར། །ཤར་ལྷོར་ཡུམ་ཆེན་ཤན་ཏིང་རོ་ཟན་མ། །ལྷོ་ནུབ་ཡུམ་ཆེན་གསེར་གྱི་སྤུ་གྲི་མ། །ནུབ་བྱང་ཡུམ་ཆེན་འཛིན་བྱེད་པདྨ་སྐྱེས། །བྱང་ཤར་ཡུམ་ཆེན་དམ་ཤིང་བྷན་ཛཱ་ཅན། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །བཀའ་ཡི་བློན་པོ་ཆེན་པོ་རྣམ་པ་ལྔ། །གཡས་ཀྱི་རུ་འདྲེན་བནྡེ་ནག་པོའི་ཚོགས། །གཡོན་གྱི་རུ་འདྲེན་བུད་མེད་ནག་མོའི་ཚོགས། །སྔོན་གྱི་ཤུལ་མཚོན་ཤན་ཏི་བདུད་མོ་འབུམ། །སླད་ཀྱི་རྗེས་འབྲང་ཨ་ཙར་ཚོགས་དང་བཅས། །ཁོལ་བོ་སྟག་ཆས་གཟིག་ཆས་འབུམ་ཕྲག་སྟོང་། །སྐུ་ཡི་སྐྱོ་རོགས་འབག་སེང་གར་མཁན་ཚོགས། །རྒྱལ་པོ་ཆེན་པོའི་ཕྱི་ཡི་འཁོར་ཡུག་ན། །ཕྱི་ནང་ལྷ་སྲིན་དྲེགས་པ་མ་ལུས་ཚོགས། །ཉི་མའི་ཟེར་གྱི་རྡུལ་ལྟར་བསམ་མི་ཁྱབ། །ལས་བཞིའི་ཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །ཕྱི་ནང་མཆོད་ཚོགས་སྨན་རཀ་བ་ལིངྟ། །དམ་ཤིང་དགྲ་སྟ་ཤེལ་དཀར་ཕྲེང་བ་དང་། །དགྲ་བཅོམ་ལྷུང་བཟེད་འཁར་བསིལ་ཀ་པཱ་ལ། །སྤྲ་སྤྲེའུ་བྱི་ལ་སྤྱན་གཟིགས་སྣ་ཚོགས་སོགས། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྫས། །འབུལ་གྱིས་བཞེས་ལ་རྣམ་བཞིའི་ཕྲིན་ལས་ཀུན། །ཐོགས་མེད་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

གསུང་གི་བློན་པོ་རྡོ་རྗེ་གྲགས་ལྡན་གསོལ་བསྡུས་བཞུགས།།

ཧཱུྃ་ཧྲཱིཿ དབང་ཆེན་རྟ་མཆོག་ཧྱ་གྷྲི་ཝ་ཡིས། །དབང་དྲག་ཁྲོས་པའི་རྣམ་རོལ་ལས་བྱུང་བ། །དབང་གི་ལྷ་མཆོག་རྡོ་རྗེ་གྲགས་ལྡན་ནི། །དབང་མདོག་ཟ་འོག་དམར་ཁྲའི་བེར་ཆེན་ལ། །རྣམ་མང་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས། །རྣམ་མཛེས་བསེ་ཁྲབ་བསེ་རྨོག་རུ་དར་ལྔ། །རྣམ་འཕྲུལ་བཀོད་ལེགས་རིན་ཆེན་རྒྱལ་མཚན་ལ། །རྣམ་མང་འདོད་འབྱུང་ནོར་བུའི་ཏོག་གིས་མཛེས། །འབར་བའི་སྐུ་ལ་རྒྱལ་མཚན་རྣམ་དགུའི་བརྒྱན། །འབར་བ་ཆེན་པོའི་དགྲ་བགེགས་གདན་དུ་བཏིངས། །འབར་བའི་རུ་མཚོན་འཆིང་བྱེད་ཞགས་པ་བསྣམས། །འབར་བྱེད་དམར་ནག་མེ་ཡི་ཀློང་ན་བཞུགས། །གསང་བའི་ཡུམ་ཆེན་གཟི་བརྗིད་ཆེན་མོ་ནི། །གསང་བ་དགའ་བཞིའི་ཡེ་ཤེས་སྟེར་བྱེད་ཅིང་། །གསང་གོས་དཀར་པོ་གསོལ་ཞིང་རྩེ་གསུམ་དང་། །གསང་རྫས་བདུད་རྩིའི་ཐོད་པ་ཡབ་ལ་སྟོབ། །བཀའ་ཉན་སྤྲུལ་པ་རབ་བྱུང་ཆ་ལུགས་ཅན། །བཀའ་ཡི་བློན་པོ་བདུད་ནག་མི་སྡུག་པ། །བཀའ་བཞིན་སྒྲུབ་པའི་རུ་འདྲེན་སྡེ་བཞིའི་ཚོགས། །བཀའ་འཁོར་སྐྱོང་བའི་དྲེགས་པའི་དམག་དཔུང་བཅས། །ཉི་མའི་ཟེར་གྱི་རྡུལ་ལྟར་འདི་གཤེགས་ལ། །ཉིན་བྱེད་སྣང་བའི་དཔལ་ལ་འགྲན་ནུས་པ། །ཉི་མ་འཆར་ཁའི་མདངས་འཛིན་གཡབ་མོ་དང་། །ཉི་ཟླ་རྒྱུ་སྐར་གླིང་བཞི་གླིང་ཕྲན་སོགས། །འདོད་རྒུའི་ཆར་འབེབས་ཡིད་བཞིན་ནོར་བུ་དང་། །འདོད་འབྱུང་དཔལ་གཏོར་སྨན་དང་རཀྟའི་མཚོ། །འདོད་ཡོན་ལྔ་དང་བཀྲ་ཤིས་རྫས་རྟགས་བརྒྱད། །འདོད་འཇོའི་བ་དང་བུམ་བཟང་དཔག་བསམ་ཤིང་། །རབ་མཛེས་རི་དྭགས་གཡུང་དྭགས་ཆུ་གནས་རིགས། །རབ་མྱུར་ཅང་ཤེས་དྲེལ་དང་འདབ་ཆགས་བྱ། །རབ་འཇིགས་མི་བཟད་གཅན་གཟན་རོ་ལ་རྔམས། །རབ་ཏུ་རྣོ་བའི་མདའ་མདུང་མཚོན་ཆའི་རིགས། །དྲི་མེད་ནམ་མཁའི་ལྷ་ལམ་ཡངས་པ་རུ། །དྲི་བྲལ་མཆོད་པའི་སྤྲིན་ཕུང་མཐའ་ཀླས་པ། །དྲི་བསུང་ངད་ལྡན་ཕྱོགས་བཅུར་འཕྲོ་བ་འདི། །དྲི་མ་མེད་པའི་བློ་ཡིས་འབུལ་བར་བགྱི། །གང་དག་བདག་ལ་སྡང་བའི་དགྲ་བགེགས་རྣམས། །གང་ཞིག་རྟག་ཏུ་བསམ་སྦྱོར་ངན་པའི་རིགས། །གང་ལ་གང་འཚམས་མངོན་སྤྱོད་ཕྲིན་ལས་ཀྱིས། །གང་གི་མིང་ཙམ་མེད་པར་བརླག་པར་མཛོད། །བདག་སོགས་འདི་ནས་བྱང་ཆུབ་མ་ཐོབ་པར། །བདག་མེད་རྟོགས་པའི་ལྷ་མཆོག་ཁྱོད་ཉིད་ཀྱིས། །བདག་ཅག་ངར་འཛིན་དབྱིངས་སུ་བསྒྲལ་བ་དང་། །བདག་ལ་སྲུང་སྐྱོབ་ཕྲིན་ལས་མ་གཡེལ་བར། །རྒྱལ་བའི་དབང་པོ་སངས་རྒྱས་གཉིས་པ་ཡིས། །རྒྱལ་བསྟན་སྐྱོང་བར་བཀའ་བསྒོས་ཇི་བཞིན་དུ། །རྒྱལ་གསུང་ལུང་དང་རྟོགས་པའི་དམ་པའི་ཆོས། །རྒྱལ་བའི་ཕྲིན་ལས་ཕྱོགས་བཅུར་རྒྱས་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

གྲི་བཙན་གསོལ་བསྡུས་བཞུགས།།

ཀ་དག་སྐྱེ་མེད་ཆོས་སྐུའི་ཀློང་ཡངས་ནས། །ཁ་དོག་མཚན་མའི་སྤྲོས་པ་མི་མངའ་ཡང་། །ག་ལ་བ་དེར་སྒྱུ་མའི་རོལ་གར་ནི། །ང་བདག་གཟུང་འཛིན་འདུལ་བའི་གཤེད་པོ་ཆེ། །ཅ་ཅོ་ཧཱུྃ་དང་ཕཊ་ཀྱི་སྒྲ་དང་བཅས། །ཆ་ལུགས་ཤིན་ཏུ་ཁྲོས་པ་ཤྭ་བའི་དབུ། །ཇ་རིལ་སྐམ་རློན་བརྩེགས་པའི་དུར་ཁྲོད་འདིར། །ཉ་ཉིལ་ཞིང་ཆེན་བཀྲམ་པའི་གནས་འདིར་བཞུགས། །ཏ་ཐཱ་ག་ཏ་སངས་རྒྱས་གཉིས་པ་ཡིས། །ཐ་ཚིག་དམ་ལ་བཞག་པའི་མཐུ་བོ་ཆེ། །ད་ལྟར་དྲེགས་པའི་གཙོ་བོ་ཁྱོད་ཉིད་ལ། །ན་མར་ཆུ་བོའི་རྒྱུན་བཞིན་མཆོད་པའི་མཐུས། །པ་ར་མི་ཏ་དབྱེར་མེད་ཁྲོ་རྒྱལ་གྱིས། །ཕ་རོལ་ལོག་འདྲེན་མི་བསྲུན་བདུད་སྡེའི་དཔུང་། །བ་མོ་རྟ་བདུན་དབང་པོས་བཅོམ་པ་བཞིན། །མ་ལུས་ལྷག་མེད་དབྱིངས་སུ་སྒྲོལ་བར་མཛོད། །ཙརྱ་ངན་པའི་ལམ་དུ་ཞུགས་པ་རྣམས། །ཚ་ཟེར་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས། །ཛ་ཡའི་བསྟན་ལ་འཁུ་བའི་དགྲ་བགེགས་རྣམས། །ཝ་སྐྱེས་ལྟ་བུར་ཞུམ་ཅིང་སྒྲོལ་བར་མཛོད། །ཞྭ་དམར་སྔ་འགྱུར་བསྟན་པ་རིན་པོ་ཆེ། །ཟ་བྱེད་དྲེགས་པའི་གཙོ་བོ་ཁྱོད་ཉིད་ཀྱིས། །འ་འུར་རླུང་གིས་ཁྱབ་པའི་ཞིང་དག་ཏུ། །ཡ་མཚན་བསྟན་པ་དར་ཞིང་རྒྱས་པར་མཛོད། །ར་ཛཱ་རྒྱལ་འགོང་སྙིང་ལ་ཞུགས་པ་རྣམས། །ལ་ལ་ཞི་དང་ཁྲོ་བོའི་ཚུལ་སྟོན་པ། །ཤ་ཟ་དྲེགས་པའི་དམག་གི་དཔུང་བཅས་ཀྱིས། །ས་འདིར་གནས་པའི་གོ་སྐབས་མེད་པར་མཛོད། །ཧ་ལའི་ཉོན་མོངས་གཟིར་བའི་འགྲོ་བ་རྣམས། །ཨ་དོན་ཆོས་སྐུའི་ཀློང་དུ་གྲོལ་ནས་ཀྱང་། །ཕན་བདེའི་དཔལ་ལ་སྤྱོད་པའི་གྲོགས་མཛོད་ཅིག །རྫོགས་སྤྲུལ་ལྔ་པས་སོ། །

ཉི་གྲགས་ནོར་བདག་གསོལ་བསྡུས་བཞུགས།།

བཻ། རིན་ཆེན་ལས་གྲུབ་གཞལ་ཡས་ཁང་གི་དབུས། །པད་ཉི་ཟླ་སྟེང་ནོར་བུ་བྷཻ་ཡིས་མཚན། །སྐད་ཅིག་གནས་འགྱུར་རྒྱལ་ཆེན་རྣམ་ཐོས་སྲས། །མཐིང་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་བཞད། །ཕྱག་གཡས་རྒྱལ་མཚན་གཡོན་པས་ནེའུ་ལེ་བསྣམས། །སྣ་ཚོགས་དར་གྱི་བེར་ཆེན་དགུ་བརྩེགས་གསོལ། །རིན་ཆེན་རྒྱན་སྤྲས་ལྷབ་ལྷུབ་དར་དཔྱངས་ཅན། །རལ་བའི་ཐོར་ཚུགས་རིགས་ལྔའི་པྲོག་ཞུས་སྤྲས། །ཞབས་གཉིས་ཕྱེད་སྐྱིལ་འོད་ཟེར་ཕྱོགས་བཅུར་འཕྲོ། །ཡུམ་ཆེན་བཞི་དང་རྣམ་སྲས་རིགས་བཞི་དང་། །ཛམ་ལྷ་རིགས་བཞི་རྟ་བདག་རྣམ་པ་བརྒྱད། །ཀླུ་ཆེན་བརྒྱད་དང་སྒོ་སྐྱོང་རྣམ་པ་བཞི། །ལྷ་ཀླུ་གནོད་སྦྱིན་བྱེ་བ་འབུམ་དང་བཅས། །ལྕང་ལོ་ཅན་གྱི་གནས་ནས་གཤེགས་སུ་གསོལ། །འདོད་ཡོན་རྣམ་ལྔ་སྨན་གཏོར་རཀྟའི་ཚོགས། །རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ཟུང་། །གསེར་རི་རོལ་མཚོ་ལྕགས་རི་མུ་ཁྱུད་སོགས། །བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་རིན་ཆེན་བདུན། །ཡན་ལག་བརྒྱད་ལྡན་རྫིང་བུ་དཔག་བསམ་ཤིང་། །གཏེར་གྱི་བུམ་པ་མ་རྨོས་ལོ་ཏོག་དང་། །འདོད་འབྱུང་ནེའུ་ལེ་རིན་ཆེན་གཞལ་ཡས་ཁང་། །ཕོ་ཆས་མོ་ཆས་ཀ་ཆ་དཀོར་ཆ་སོགས། །རྔ་དུང་ཆ་ལང་པི་ཝཾ་རྫ་རྔ་སོགས། །སོ་སོར་གང་ལ་གང་འདོད་དེར་འཆར་བའི། །དགྱེས་ཚིམ་མཉེས་ཏེ་བདག་དང་མཐའ་ཡས་ཀུན། །བཀྲེས་སྐོམ་དབུལ་ཕོངས་སྡུག་བསྔལ་ཀུན་སེལ་ནས། །རྣམ་མང་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

གྲྭ་པ་མངོན་ཤེས་ཛམ་དམར་གསོལ་བསྡུས་བཞུགས།།

བཻ། རང་མདུན་ཟླ་བ་ཉི་མའི་དཀྱིལ་འཁོར་སྟེང་། །ཛམ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས། །སེམས་ཅན་དབུལ་བའི་སྡུག་བསྔལ་སེལ་མཛད་པ། །དབང་གི་ཕྲིན་ལས་རྫོགས་མཛད་ཛམ་ལྷ་དམར། །ཞལ་གསུམ་ཕྱག་དྲུག་སྒེག་ཅིང་ཆགས་པའི་ཉམས། །ཀླུ་ཆེན་བརྒྱད་དང་རིན་ཆེན་དུ་མས་བརྒྱན། །གཡས་དཀར་གཡོན་སྔོ་རྩ་ཞལ་པད་རག་མདོག །གཡས་གཉིས་དང་པོ་རིན་ཆེན་ལྕགས་ཀྱུ་དང་། །གཡོན་གཉིས་དང་པོ་ཐོད་པ་རིན་ཆེན་བཀང་། །བར་བས་ཞགས་པ་ཐ་གཉིས་ནེའུ་ལེ་བསྣམས། །ཞབས་བཞིས་གནོད་སྦྱིན་ནོར་སྐྱུག་ཕོ་མོ་མནན། །ཡུམ་ཆེན་ལྷ་མོ་ཀུ་རུ་ལུལླེ་ནི། །སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ། །དང་པོའི་མདའ་གཞུ་འོག་གཉིས་ལྕགས་ཀྱུ་ཞགས། །རིན་ཆེན་མེ་ཏོག་དམར་པོའི་རྒྱན་གྱིས་སྤྲས། །ནོར་ལྷ་བྱེ་བ་འབུམ་གྱི་འཁོར་བཅས་གསལ། །གར་བཞུགས་གནས་ནས་འདིར་གཤེགས་བརྟན་པར་བཞུགས། །ཨརྒྷཾ་མེ་ཏོག་བདུག་སྤོས་མར་མེ་དྲི། །རོ་ལྡན་ཞལ་ཟས་སྒྲ་དབྱངས་འདོད་ཡོན་ལྔ། །དབང་ལྔའི་མེ་ཏོག་གསུར་ཆེན་དུད་པའི་སྤྲིན། །ཞུན་ཆེན་མར་མེ་མཁྲིས་པའི་གྷནྡྷེ་དང་། །གདུགས་དང་གསེར་ཉ་བུམ་བཟང་པདྨའི་ཚལ། །དུང་དཀར་དཔལ་བེའུ་རྒྱལ་མཚན་འཁོར་ལོ་དང་། །བྱང་སེམས་དཀར་དམར་ཕྱག་མཚན་གླེགས་བམ་སྐུ། །སྲིད་པའི་གཡང་རྟེན་ཙནྡན་དམར་པོའི་ཆབ། །དབང་གི་གའུ་མཚན་ལྡན་ཐོད་པ་རུ། །སྲོག་གི་འཁོར་ལོ་སེམས་རྟེན་ཀ་ཆ་དང་། །སྐོམ་པའི་གདུང་སེལ་ཆུ་ཡི་མཆོད་པ་སོགས། །སྤྱི་དང་ཁྱད་པར་མཐུན་རྫས་ཕུལ་བའི་མཐུས། །ཟས་གོས་འབྲུ་དང་རྐང་བཞི་ཕྱུགས་ཀྱི་གཡང་། །སྙན་གྲགས་གཟི་བརྗིད་དཔལ་འབྱོར་དབང་ཐང་དང་། །ཁྱད་པར་ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

རྟ་ལྷའི་གསོལ་བསྡུས་བཞུགས།།

ཧཱུྃ། རྡོ་རྗེ་ཁྲོ་རྒྱལ་ཨརྱ་རེ་མནྟ། །སྐུ་མདོག་དམར་པོ་བསེ་ཡི་ཁྲབ་རྨོག་གསོལ། །ཕྱག་གཡས་རལ་གྲི་གཡོན་པས་འཁོར་ལོ་བསྣམས། །ཆིབས་སུ་རྟ་མཆོག་སྔོན་པོ་ཆུ་རིས་ཆིབས། །རྟ་བདག་ཁྲོ་བོའི་རྒྱལ་པོ་ཀུ་བཻ་ར། །མདོག་ནག་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི། །གཡོན་པས་རྟ་ཡི་དར་གྱི་སྲབ་མདའ་འཛིན། །སྐུ་ལ་ཁྲབ་རྨོག་གསོལ་ཞིང་རྟ་ནག་ཆིབས། །འཁོར་དུ་རང་འདྲ་གནོད་སྦྱིན་འབུམ་དང་བཅས། །སྤྲུལ་པ་ཁྱུང་དང་བྱ་ཁྲ་སྟག་སེང་འགྱེད། །དངོས་གྲུབ་སྩོལ་ཕྱིར་འདིར་གཤེགས་བརྟན་པར་བཞུགས། །འཇིག་རྟེན་ཚངས་པའི་མགོན་པོ་སྐུ་མདོག་དཀར། །ཨརྱ་རེ་མན་བཙོ་མ་གསེར་གྱི་མདོག །མ་ཧཱ་ཀྲོ་ཏ་གནོད་སྦྱིན་གང་བ་བཟང་། །ལྷ་ཆེན་མ་ཧཱ་ཀཱ་ལ་ལ་སོགས་པ། །རྔོག་ཆགས་སྲུང་ཞིང་སྐྱོབ་པའི་ལྷ་རྣམས་ལ། །རྩ་བརྒྱད་སྟོང་སྦྱར་པཉྩ་ཨ་མྲྀ་ཏ། །ཉོན་མོངས་རྒྱུ་དྲུག་བསྒྲལ་བའི་རཀྟ་དང་། །རོ་བཅུད་ཕུན་སུམ་ཚོགས་པའི་བྷ་ལིངྟ། །ཉེར་སྤྱོད་བདུན་དང་གཟུགས་སྒྲ་དྲི་རོ་རེག །རྟེན་འབྲེལ་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །རྡོ་རྗེ་ལྷ་མོའི་རྣམ་འཕྲུལ་སྣ་ཚོགས་པ། །མདོར་ན་ཕྱི་ནང་གསང་བའི་མཆོད་པའི་རྫས། །ཕྱོགས་བཅུ་རབ་འབྱམས་ཞིང་ན་མཆོད་པའི་སྤྲིན། །ཕུལ་བས་རྔོག་ཆགས་སྲུང་ཞིང་སྐྱོབ་པ་དང་། །རྟ་དྲེལ་གོད་ཁ་བཟློག་པའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

གཉན་ཆེན་ཐང་ལྷའི་གསོལ་བསྡུས་བཞུགས།།

ཧཱུྃ། རང་ཉིད་དབང་ཆེན་པདྨ་ཧེ་རུ་ཀ །མདུན་དུ་གཉན་ཆེན་ཐང་ལྷ་ཡར་ཞུར་ནི། །སྐུ་མདོག་དཀར་གསལ་ཁྲོ་འཛུམ་བཞད་པའི་ཞལ། །ཕྱག་གཡས་རྦ་ལྕག་གཡོན་པས་ཤེལ་ཕྲེང་འདྲེན། །སྐུ་ལ་རབ་མཛེས་དར་དཀར་རལ་ཀ་གསོལ། །ཆིབས་སུ་ཅང་ཤེས་ལྷ་རྟ་ངང་དཀར་ཆིབས། །ཆོ་འཕྲུལ་ལྷ་དམག་བྱེ་བ་དུང་ཕྱུར་འགྱེད། །དམ་ཉམས་གཤེད་མ་དམ་ཅན་ཀུན་གྱི་མགོན། །སྨྱོ་འདྲེ་རྒྱལ་འགོང་འདུལ་བའི་ལྷ་གཅིག་པུ། །ཡུམ་དང་སྲས་བློན་སྤྲུལ་པ་ཡང་སྤྲུལ་བཅས། །འདིར་གཤེགས་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཕྱོགས་བཅུ་རབ་འབྱམས་རྒྱ་མཚོའི་ཞིང་ཁམས་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་རོ་དང་སྙན་འཇེབས་སྒྲ། །ཛ་གད་སྨན་དང་རཀྟ་ཁྲག་གི་མཚོ། །དཔལ་གཏོར་བཅུད་ལྡན་སྨན་སྤོས་ཕབ་ཀྱིས་བྲན། །གཡའ་ཆུ་གངས་ཆུ་དྭངས་བསིལ་གཙང་མའི་ཆུ། །སྤོས་དཀར་བསྲེགས་པས་དུད་པའི་སྤྲིན་ཕུང་དང་། །གསེར་དངུལ་ཟངས་ལྕགས་རིན་ཆེན་རྣམ་པ་ལྔ། །སྣ་ཚོགས་དར་ཟབ་སྣ་ལྔ་ཟ་འོག་གོས། །གཙང་ལུག་འབྲས་དཀར་ཕྱེ་མར་འབྲུ་སྨན་སྤོས། །རང་བྱུང་མན་ཤེལ་འོད་འཕྲོ་གསང་བའི་རྟེན། །རྦ་ལྕག་ཤེལ་ཕྲེང་རྔ་ཡབ་ནོར་བུའི་ཕྲེང་། །རིན་ཆེན་བཻཌཱུརྱ་ཡི་རྒྱུད་མངས་དང་། །དྲི་མེད་པཉྩ་ལི་ཀའི་ན་བཟའི་ཚོགས། །ཤེལ་ཁྲབ་ཤེལ་རྨོག་ཀ་ཆ་དཀོར་ཆ་སོགས། །གཞན་ཡང་ཁྱེད་དང་མཐུན་པའི་དམ་ཚིག་རྫས། །རང་བྱུང་མཆོད་པའི་སྤྲིན་ཕུང་བསམ་ཡས་པ། །ཕུལ་བས་དགྱེས་པར་བཞེས་ཏེ་བདག་ཅག་ལ། །མི་དང་མི་མིན་གནོད་པར་བྱེད་པ་ཀུན། །མངོན་སྤྱོད་དྲག་པོའི་ཤུགས་ཀྱིས་སྒྲོལ་ནས་ཀྱང་། །ཁྱད་པར་སྨྱོ་འདྲེ་རྒྱལ་འགོང་འཚེ་བ་རྣམས། །ལྷ་མཆོག་ཁྱེད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས། །དམིགས་མེད་ཀ་ནས་དག་པའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

གཉན་ཆེན་རྡོ་རྗེ་གཡུང་དྲུང་རྩལ་གྱི་གསོལ་བསྡུས་བཞུགས།།

ཀྱཻ། འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་ཡངས་དབུས། །ལྷ་གཉན་ཆེན་པོ་རྡོ་རྗེ་གཡུང་དྲུང་རྩལ། །སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། །དཀར་ཕྱོགས་སྲིད་རྩེར་བསྒྲེངས་བའི་བ་དན་ཕྱར། །དུང་ཁྲབ་དུང་རྨོག་གསོལ་ཞིང་འཁོར་གསུམ་སྤྲས། །སྤྲིན་གྱི་ཤུགས་ལྡན་རྟ་མཆོག་ངང་དཀར་ཆིབས། །གསང་བའི་ཡུམ་ཆེན་རྒོད་ལྕམ་ཤེལ་རུ་སྨན། །དཀར་དམར་མཛེས་འཛུམ་ལྷ་ཡི་བུ་མོའི་ཚུལ། །ཕྱག་ན་འདོད་འབྱུང་རིན་ཆེན་ཟས་གཞོང་བསྣམས། །དམར་མཐིང་དར་གྱི་ན་བཟའ་ལྷབ་ལྷུབ་གསོལ། །ཞབས་གཉིས་མཉམ་པའི་སྟབས་ཀྱིས་གཙོ་ལ་འདུད། །ང་འདྲ་མོ་ནམ་གཙང་དཀར་ལ་སོགས་པའི། །ཕྱི་ནང་བློན་པོ་སྤྲུལ་པ་ཡང་སྤྲུལ་དང་། །ལྷ་གཉན་བཙན་གྱི་དམག་དཔུང་འབུམ་གྱི་ཚོགས། །འཁོར་དུ་དཔུང་ཚོགས་བཞི་ཡི་དམག་གིས་བསྐོར། །སྤྱན་འདྲེན་འདིར་གཤེགས་གཡོ་མེད་བརྟན་པར་བཞུགས། །སྟོང་གསུམ་སྟོང་གི་གཏོར་གཞོང་ཡངས་པ་རུ། །རི་རབ་འབར་བའི་དཔལ་གྱི་བཤོས་བུ་ལ། །སྨན་དང་རཀྟའི་རྒྱ་མཚོ་ཆིལ་ལི་ལི། །མི་རྟ་ཁྱི་དང་གླང་ཆེན་བ་ལང་ཤ།དྲི་ཆེན་དྲི་ཆུ་རཀྟ་མཾ་ས་དང་། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་དྲི་མ་མེད། །མ་ད་ན་དང་དཀར་གསུམ་མངར་གསུམ་ཕུད། །གསེར་སྐྱེམས་གཡུ་སྐྱེམས་རྒྱ་ཇ་ངད་ལྡན་གྱི། །བཏུང་བའི་རིགས་བྱེད་རླབས་ཀྱི་ཕྲེང་བ་ཅན། །དར་ཟབ་སྣ་ཚོགས་ཁྲབ་རྨོག་གོ་མཚོན་རིགས། །རིན་ཆེན་སྣ་ལྔ་དྲི་ཞིམ་སྨན་སྣའི་ཚོགས། །བ་དན་རྒྱལ་མཚན་འཕན་གདུགས་བླ་བྲེ་དང་། །འདབ་ཆགས་ཆུ་གནས་རྐང་བཞི་དུད་འགྲོའི་ཚོགས། །ངོ་མཚར་མཆོད་པའི་སྤྲིན་ཕུང་བསམ་ཡས་པ། །ཕུལ་བས་བདག་ཅག་བྱང་ཆུབ་སྒྲུབ་པ་ལ། །གཟུགས་ཅན་མི་དང་གཟུགས་མེད་བགེགས་ཀྱི་ཚོགས། །བར་དུ་གཅོད་པའི་དགྲ་བགེགས་མཐའ་དག་ཀུན། །ཞི་རྒྱས་དབང་དང་མངོན་སྤྱོད་ཕྲིན་ལས་ཀྱིས། །མིང་ཙམ་མེད་པར་བརླག་པའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

རྒོད་ལྕམ་གསོལ་བསྡུས་བཞུགས།།

ཧཱུྃ། སྔོན་ཚེ་རིག་འཛིན་པདྨ་འབྱུང་གནས་ཀྱི། །བཀའ་ཉན་ཆད་ཐོ་དམ་ཚིག་ལ་གནས་པའི། །སྨན་བཙུན་ཆེན་མོ་རྒོད་ལྕམ་ཤེལ་རུ་སྨན། །མདོག་དཀར་བཅུ་དྲུག་ལོན་པའི་ན་ཚོད་ལ། །མཛེས་འཛུམ་དགའ་ཞིང་ཆགས་པའི་རྣམ་འགྱུར་ཅན། །ཕྱག་ན་འདོད་འབྱུང་རིན་ཆེན་ཟས་གཞོང་བསྣམས། །སྐུ་ལ་མཚམས་སྤྲིན་མདངས་ལྡན་ཤ་གོས་ལ། །ནམ་མཁའི་མདོག་ཅན་ན་བཟའ་ལྷབ་ལྷུབ་གཡོ། །དེ་ལ་རིན་ཆེན་གསེར་གྱི་མེ་ཏོག་བཀྲ། །གསེར་དངུལ་མུ་ཏིག་དཀར་དམར་མར་གད་དུང་། །པད་རཀ་གཡུ་སོགས་རིན་ཆེན་རྒྱན་གྱིས་སྤྲས། །ཤིན་ཏུ་ཉེ་བའི་བྱན་མོ་གཉིས་པོ་ཡང་། །གཙོ་མོའི་གཡས་སུ་ལྷ་མོ་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་རིན་ཆེན་ཟས་གཞོང་བསྣམས། །དམར་སེར་ཤ་གོས་མཐིང་གི་ན་བཟའ་གསོལ། །རྣམ་མང་རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས། །གཡོན་དུ་མཛེས་སྡུག་ལྷ་མོ་སྐུ་མདོག་མཐིང་། །ཡིད་འོང་གཞོན་ནུ་ཕྱག་ན་ཟས་གཞོང་བསྣམས། །དམར་སེར་མཐིང་གའི་ན་བཟའ་ལྷུབས་སེ་ལྷུབ། །སྣ་ཚོགས་རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས། །ཡུལ་ལྷ་སྨན་མོ་ཀླུ་གཉན་ཚོགས་དང་བཅས། །དགྱེས་པའི་ཚུལ་གྱིས་གནས་འདིར་གཤེགས་སུ་གསོལ། །ཡིད་འོང་ཆུ་སྐྱེས་སྣ་ཚོགས་ཚར་དུ་དངར། །དྲི་ཞིམ་སྨན་གྱི་དུད་པ་སྤྲིན་ལྟར་གཏིབ། །སྣང་གསལ་མར་མེའི་འོད་ཟེར་ཕྱོགས་བཅུར་འཕྲོས། །དྲི་ཆབ་བྱུག་པ་རྒྱ་མཚོ་ལྟ་བུར་བསྐྱིལ། །རོ་བཅུད་ཞལ་ཟས་ལྷུན་པོའི་སྤོ་དང་མཉམ། །སྟོང་གསུམ་སྙན་པར་ཁྱབ་པའི་རོལ་མོའི་སྒྲ། །དུག་ལྔ་རྣམ་དག་ཡེ་ཤེས་བདུད་རྩིའི་མཚོ། །ཉོན་མོངས་རྒྱུ་དྲུག་བསྒྲལ་བའི་རཀྟ་དང་། །རོ་བཅུད་ཕུན་སུམ་ཚོགས་པའི་བྷ་ལིངྟ། །ལྷ་ཡི་བུ་མོའི་སྒྱུ་འཕྲུལ་རོལ་རྩེད་སོགས། །བཞེས་ནས་བདག་གི་དཀོར་ཆ་ལོངས་སྤྱོད་རྣམས། །ཉིན་མཚན་དུས་དྲུག་མེལ་ཚེ་བྱ་ར་མཛོད། །གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛོད། །རྟ་ཕྱུགས་ནོར་གྱི་གོད་ཁ་ཞི་བ་དང་། །བསམ་དོན་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

གནས་བདག་ནོར་བུ་གཡུལ་རྒྱལ་གྱི་གསོལ་བསྡུས་བཞུགས།།

ཧཱུྃ། མདུན་དུ་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །དབུས་སུ་གནས་བདག་ནོར་བུ་གཡུལ་རྒྱལ་ནི། །སྐུ་མདོག་དཀར་དམར་ཡུལ་གྱི་མི་དཔོན་འདྲ། །སྐུ་ལ་མིག་སྨན་མདོག་ཅན་ན་བཟའ་གསོལ། །དར་ལྗང་སྐེད་འཆིང་སྐེད་ལ་རལ་གྲི་བསྣམས། །གསེར་གྱི་རྣ་རྒྱན་བྱི་རུའི་རྒྱན་ཆ་ཅན། །ཞྭ་ལ་མུ་ཏིག་གཡུ་ཡི་ལན་ཚར་མཛེས། །ཞབས་ལ་སྭག་ལྷམ་གསོལ་ཞིང་ཕྱེད་སྐྱིལ་བཞུགས། །གཡོན་དུ་བཙུན་མོ་བཀྲ་ཤིས་ལྷ་མོ་ནི། །ཁམ་མོ་དབང་མོའི་ཆས་ཅན་ཡིད་འོང་མ། །དཔའ་བོ་དཔའ་མོའི་སྨན་མོ་སུམ་བརྒྱས་བསྐོར། །གཡས་ཕྱོགས་རྣལ་འབྱོར་གཡུང་དྲུང་བོན་ཆས་ཅན། །འཁོར་དུ་དཀར་དམར་བཙན་དམག་མང་པོའི་བསྐོར། །སྤྲུལ་པ་ཁྱི་ནག་ངར་སྒྲ་འུར་ཆོམ་སྒྲོག །ལྷ་ཀླུ་གཉན་གཙན་དམག་ཚོགས་བསམ་མི་ཁྱབ། །འདིར་གཤེགས་བཞུགས་ལ་དངོས་གྲུབ་སྩལ་དུ་གསོལ། །རྩིབས་སྟོང་ལྡན་པ་གསེར་གྱི་ཙཀྲ་དང་། །དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུ་མཆོག །མཛེས་སྡུག་འཕྲུལ་ཆགས་བཙུན་མོ་རིན་པོ་ཆེ། །མཁྱེན་པའི་གཏེར་མཛོད་བློན་པོ་རིན་པོ་ཆེ། །གངས་རིའི་མདངས་ལྡན་རབ་བརྟན་གླང་པོ་ཆེ། །བཻཌཱུར་མདོག་ལྡན་རྟ་རྒྱལ་བྷ་ལ་ཧ། །ཕ་རོལ་རྒོལ་འཇོམས་དམག་དཔོན་རིན་པོ་ཆེ། །རིན་ཆེན་གདུགས་མཛེས་གསེར་གྱི་ཉ་མོ་དང་། །གཏེར་གྱི་བུམ་བཟང་འདབ་སྟོང་པདྨའི་ཚལ། །རབ་མཛེས་དུང་དཀར་འདོད་འབྱུང་དཔལ་བེ་འུ། །མི་ནུབ་རྒྱལ་མཚན་ཙཀྲ་རྩིབས་སྟོང་ལྡན། །དངུལ་དཀར་མེ་ལོང་ཡིད་འོང་བཅུད་ལྡན་ཞོ། །སྡུག་བསྔལ་ནད་སེལ་གྷི་ཝཾ་བིལ་བ་དང་། །ཚེ་འཕེལ་དུར་ཝ་རབ་དཀར་དུང་གཡས་འཁྱིལ། །དབང་རྫས་ལི་ཁྲི་བགེགས་འཇོམས་ཡུངས་ཀར་དང་། །སྨན་དང་རཀྟ་རོ་བཅུད་བྷ་ལིངྟ། །གཞན་ཡང་ཁྱེད་ལ་དགྱེས་པའི་མཆོད་པ་ནི། །རྣམ་དག་བློ་ཡིས་བླངས་ཏེ་འབུལ་ལགས་ན། །དགྱེས་པར་བཞེས་ལ་དངོས་གྲུབ་སྩོལ་བ་དང་། །ཨོ་རྒྱན་བསམ་གཏན་ཆོས་གླིང་ཆོས་གྲྭ་འདིར། །ཆོས་སྲིད་བསྟན་པ་ཕྱོགས་བཅུར་རྒྱས་པ་ལ། །ཕྲིན་ལས་ཆེན་པོའི་ས་སྟེང་ཁྱབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

གཏེར་སྲུང་དགེ་བསྙེན་སྙོན་ཁའི་གསོལ་བསྡུས་བཞུགས།།

ཧཱུྃ། རང་མདུན་ཁྲག་ཞག་རྒྱ་མཚོའི་ཀློང་ཡངས་དབུས། །གཏེར་སྲུང་དགེ་བསྙེན་སྙོན་ཁ་མཐུ་རྩལ་ཅན། །ཤིན་ཏུ་ཁྲོས་པ་མུན་ནག་དུད་ཁའི་མདོག །ཞལ་གཅིག་ཕྱག་གཉིས་གཡས་པས་གསེར་འཁོར་དང་། །གཡོན་པས་མིག་སྨན་མདོག་ཅན་སྦྲུལ་ཞགས་བསྣམས། །རོ་སྟོད་མི་ལ་རོ་སྨད་སྦྲུལ་མཇུག་ཅན། །མགོ་ལུས་མེད་པར་སྤྱན་སྟོང་སྡང་མིག་བསྒྲད། །ཆིབས་སུ་ཅང་ཤེས་བྲ་ནག་རྟིང་དཀར་ཆིབས། །གོང་ཐག་གློ་སྙེད་ཐམས་ཅད་སྦྲུལ་ལས་བྱས། །རྔ་རྔོག་གསེབ་ནས་སྦལ་སྦྲུལ་སྡོམ་སྡིག་འཕྲོ། །གཏེར་སྲུང་ཆེན་པོ་འཁོར་དང་བཅས་པ་རྣམས། །དམ་ཚིག་དབང་གིས་གནས་འདིར་ས་མ་ཛ། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །དམར་ཆེན་ཨརྒྷཾ་མཆོད་ཡོན་མཚོ་ལྟར་བསྐྱིལ། །དུག་ཆུས་ཞབས་བསིལ་ཁྲག་ཞག་རྦ་རླབས་འཁྲུག །དབང་པོ་ལྔ་ཡི་མེ་ཏོག་ཚར་དུ་དངར། །ཚིལ་ཆེན་གསུར་དུད་མུན་པ་ལྟ་བུར་འཚུབ། །ཞུན་མར་མཆོག་གི་མཆོད་པ་མེ་ལྟར་འབར། །མཁྲིས་ཆེན་བདུད་རྩིའི་བྱུག་པ་མཚོ་ལྟར་བསྐྱིལ། །ཤ་ཁྲག་རུས་པའི་ཞལ་ཟས་ལྷུན་པོར་སྤུངས། །མི་རྐང་གླིང་བུ་ཐོད་རྔ་ཁྲོ་ལོ་ལོ། །དུང་ཆེན་བྷནྡྷ་རློན་པའི་སྣོད་མཆོག་ཏུ། །ཉོན་མོངས་འཁོར་བ་དབྱིངས་སྒྲོལ་བྷ་ལིངྟ། །རང་བྱུང་བྷནྡྷ་འབར་བའི་སྣོད་མཆོག་ཏུ། །དུག་ལྔ་སེལ་བའི་པཉྩ་ཨ་མྲྀ་ཏ། །རིན་ཆེན་སྣ་ལྔའི་གཏོར་གཞོང་ཡངས་པ་རུ། །དཔལ་གྱི་བཤོས་བུ་ནག་པོ་སྙིང་གིས་མཚན། །གཡག་རོག་ཞིང་བཀལ་ཅང་ཤེས་རྟ་ནག་དང་། །ཉམས་པ་བསྒྲལ་བའི་ཤ་སྣ་སྙིང་སྣ་སྟོང་། །དོན་སྙིང་ནང་ཁྲོལ་ལྷུ་དུམ་བམ་གྱི་ཚོགས། །སྤྱི་དང་ཁྱད་པར་མཐུན་པའི་དམ་ཚིག་རྫས། །ཕུལ་བས་རྐྱེན་ངན་བར་ཆད་ཞི་བ་དང་། །ཚེ་བསོད་རྒྱས་ཤིང་སྲིད་གསུམ་དབང་དུ་སྡུས། །ལོག་འདྲེན་དགྲ་བགེགས་རྡུལ་དུ་བརླག་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

དྲེགས་པའི་སྡེ་དཔོན་སུམ་ཅུའི་ཕྲིན་ལས་བསྡུས་པ་བཞུགས།།

ཧཱུྃ། རང་མདུན་དུར་ཁྲོད་རོལ་བའི་གཞལ་ཡས་དབུས། །དབང་ཕྱུག་མ་ཧཱ་དེ་ཝ་སྐུ་མདོག་མཐིང་། །དར་ནག་བེར་གསོལ་གྲི་གུག་ཐོད་ཁྲག་བསྣམས། །ཆིབས་སུ་གངས་ཀྱི་སེང་གེ་དཀར་མོ་ཆིབས། །ཡུམ་ཆེན་རྒྱལ་མོ་ཨུ་མ་དེ་ཝ་མཐིང་། །སྐུ་ལ་བེར་ལྗང་གསོལ་ཞིང་ཐོད་ཁྲག་བསྣམས། །ཤར་ཕྱོགས་གཤིན་རྗེ་ཡ་མ་ར་ཛ་ནག །སྦྱོར་བའི་ཡུམ་ཆེན་གཤིན་རྗེ་ཟ་བྱེད་མ། །ལྷོ་ཕྱོགས་བརྐོས་རྗེ་བྲང་དཀར་སྐུ་མདོག་ནག །སྦྱོར་བའི་ཡུམ་ཆེན་བདུད་མོ་རེ་ཏི་ནག །ནུབ་ཕྱོགས་སྲིན་པོ་ནག་པོ་གློག་ཕྲེང་ནག །སྦྱོར་བའི་ཡུམ་ཆེན་སྦལ་མགོ་ཁྲག་མིག་དམར། །བྱང་དུ་གནོད་སྦྱིན་ཡཀྵ་མེ་དབལ་ནག །སྦྱོར་ཡུམ་གནོད་སྦྱིན་མོན་མོ་ནག་མོ་དང་། །སྟེང་ཕྱོགས་གཟའ་བདུད་ཆེན་པོ་དུད་ཁའི་མདོག །ཡུམ་ཆེན་གནམ་སྨན་ཐོག་གི་བུ་ཡུག་དམར། །འོག་ཕྱོགས་ཀླུ་བདུད་མགོ་དགུ་དུད་ཁའི་མདོག །སྦྱོར་བའི་ཡུམ་ཆེན་ཡཀྵ་སྐུ་མདོག་ནག །ཕྱི་རོལ་ཤར་སྟོད་ཡར་ལྷ་ཤམ་པོ་དཀར། །ཤར་གྱི་དབུས་སུ་གནམ་ཐེལ་སྐུ་མདོག་དཀར། །ཤར་སྨད་སྤྱི་བདུད་གུ་རུམ་སྐུ་མདོག་དཀར། །ལྷོ་སྟོད་མ་མོ་སྲིད་པའི་རྒྱལ་མོ་ནག །ལྷོ་དབུས་སྔགས་བདག་ཨེ་ཀ་ཙ་ཏི་མཐིང་། །ལྷོ་སྨད་དཔལ་ལྡན་ནག་མོ་མགྱོགས་བྱེད་ནག །ནུབ་སྟོད་བམ་ཆེན་རྡོ་རྗེ་བདུད་འདུལ་དམར། །ནུབ་དབུས་བྲག་བཙན་སྲོག་གཟན་སྐུ་མདོག་དམར། །ནུབ་སྨད་བཙན་འགོང་ཡམ་ཤུད་སྐུ་མདོག་དམར། །བྱང་སྟོད་བགེགས་རྒྱལ་བི་ན་ཡ་ཀ་ནག །བྱང་དབུས་མུ་སྟེགས་ཀ་ལ་མིག་སྨན་མདོག །བྱང་སྨད་དམུ་བདུད་ནག་པོ་བཀྲག་མེད་ནག །ཤར་སྒོར་ལྷ་ཆེན་ཚངས་པ་སྐུ་མདོག་དཀར། །ལྷོ་སྒོར་རྒྱལ་པོ་ཆེན་པོ་བེ་ར་དཀར། །ནུབ་སྒོ་སྐུ་ལྷ་ཆེན་པོ་གསང་བ་དཀར། །བྱང་སྒོར་མགོན་པོ་མ་ཧཱ་ཀཱ་ལ་མཐིང་། །སྤྲིན་གྱི་ཤུགས་ཅན་སྣ་ཚོགས་ཞོན་པ་བཅས། །རང་རང་གནས་ནས་འདིར་གཤེགས་བརྟན་པར་བཞུགས། །ཉེར་སྤྱོད་བདུན་དང་འདོད་ཡོན་རྣམ་པ་ལྔ། །ཕྱི་མཆོད་འདོད་ཡོན་ལྔ་དང་ཉེར་སྤྱོད་བདུན། །ནང་མཆོད་དྲག་པོའི་མཆོད་པ་བླ་ན་མེད། །གསང་མཆོད་སྨན་རཀ་གཏོར་གསུམ་སྦྱོར་སྒྲོལ་སོགས། །ཕུལ་བས་བདག་ཅག་བསམ་དོན་ལྷུན་གྲུབ་ཅིང་། །ཕྱི་ནང་བར་ཆད་རྐྱེན་ངན་ཞི་བ་དང་། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

དུར་ཁྲོད་ལྷ་མོའི་གསོལ་བསྡུས་བཞུགས།།

ཧཱུྃ། རང་མདུན་འཇིགས་སུ་རུང་བའི་དུར་ཁྲོད་དབུས། །པད་ཉིའི་སྟེང་དུ་བྷྱོ་ཡིག་ཡོངས་གྱུར་ལས། །མ་གཅིག་དུར་ཁྲོད་ལྷ་མོ་ངན་ནེ་མ། །སྐུ་མདོག་སྨུག་ནག་ཤིན་ཏུ་ཁྲོས་པའི་ཚུལ། །ཕྱག་གཡས་དགྲ་སྙིང་ཁྲག་འཛག་དྲོན་མོ་ཟ། །གཡོན་པས་སྲིད་གསུམ་གསལ་བའི་མེ་ལོང་འཛིན། །དར་དཀར་སྟོད་གཡོགས་སྟག་ལྤགས་ཤམ་ཐབས་ཅན། །མི་ལྤགས་གཡང་གཞི་རློན་པ་གོས་སུ་གྱོན། །རལ་བ་ཁམ་ནག་མེ་འབར་ཐུར་དུ་འཕྱང་། །རྣ་བ་གཉིས་ལ་དུང་གི་ཨ་ལོང་བརྒྱན། །ཐོད་སྐམ་དབུ་རྒྱན་རློན་པའི་དོ་ཤལ་ཅན། །རུས་པའི་ཕྲེང་བ་སེ་རལ་ཁར་འཕྱང་ཞིང་། །གཡས་བསྐུམ་གཡོན་བརྐྱང་ཞིང་གི་གདན་ལ་འགྱིང་། །འཁོར་དུ་དུར་ཁྲོད་མ་མོ་ཆེན་མོ་བཞི། །དཀར་སེར་དམར་ལྗང་སྙིང་དང་མེ་ལོང་འཛིན། །གཅེར་མོའི་སྐུ་ལ་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཤྭ་ན་ཝ་སྤྱང་དྲེད་སོགས་སྤྲུལ་པ་འགྱེད། །མ་རུང་དྲེགས་པའི་འཁོར་ཚོགས་བསམ་མི་ཁྱབ། །བརྩེ་བའི་ཐུགས་ཀྱིས་གནས་འདིར་གཤེགས་སུ་གསོལ། །དམར་ཆེན་མཆོད་ཡོན་དབང་ལྔའི་མེ་ཏོག་དང་། །སྣ་ཚོགས་གསུར་དུད་ཞུན་ཆེན་སྦར་བའི་མེ། །མཁྲིས་ཆེན་བྱུག་པ་ཤ་ཁྲག་རུས་པའི་ཟས། །རྐང་གླིང་རོལ་མོའི་སྒྲ་དབྱངས་མཆོད་པའི་སྤྲིན། །སྨན་རཀ་ཚོགས་དང་གཏོར་མའི་ལོངས་སྤྱོད་དང་། །དྲེལ་ནག་བོང་བུ་ཅང་ཤེས་མིག་སྨན་མདོག །འཕར་སྤྱང་དྲེད་སོགས་བརྗིད་པའི་ཞོལ་མོ་དང་། །སྨྱུག་རྒོད་མདའ་དར་ནལ་བུའི་རྒྱལ་མཚན་བསྒྲེངས། །རབ་འབྱམས་ནམ་མཁའ་གང་བའི་མཆོད་པ་འདི། །ཕུལ་བས་ཉམས་ཆགས་འགལ་འཁྲུལ་བཤགས་པ་དང་། །བདག་ལ་སྲུང་སྐྱོབ་ཕྲིན་ལས་མ་གཡེལ་བར། །མི་མཐུན་གནོད་པའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་བསམ་དོན་མྱུར་དུ་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

ལས་གཤིན་གྱི་གསོལ་བསྡུས་བཞུགས།།

ཨཻ། རང་མདུན་ཐོད་མཁར་ལྕགས་ཀྱི་གྲོང་ཁྱེར་དབུས། །པདྨ་ཉི་ཟླ་དགྲ་བགེགས་གདུགས་པ་ཅན། །དེ་སྟེང་སྲིན་གྱི་མ་ཧེ་སེར་ནག་སྟེང་། །ཡ་ཡིག་གནས་འགྱུར་ལས་ཀྱི་གཤིན་རྗེ་གཤེད། །སྨུག་ནག་བཟོད་པར་དཀའ་བའི་ལང་ཚོ་ཅན། །ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་སྡང་མིག་བསྒྲད། །སྨིན་མ་ཨག་ཚོམ་དམར་པོ་མེ་འབར་ཞིང་། །རལ་བའི་གསེབ་ནས་གཤིན་རྗེའི་ཕོ་ཉ་སྤྲོ། །ཕྱག་གཡས་ཐོད་དབྱུག་གཡོན་པས་ཐོད་ཁྲག་བསྣམས། །མི་ལྤགས་སྟོད་གཡོག་སྟག་ལྤགས་ཤམ་ཐབས་ཅན། །མགོ་རློན་དོ་ཤལ་རུས་པའི་ཕྲེང་བས་བརྒྱན། །དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན། །ཞབས་གཉིས་གཡས་བརྐྱངས་གཡོན་བསྐུམས་སྟབས་ཀྱིས་བཞེངས། །གཡོན་དུ་ཡུམ་ཆེན་གཏུམ་མོ་དུག་ཧྲུལ་མ། །མི་ལྤགས་གོས་གྱོན་འཁོར་ལོ་ཐུན་ཁྲག་འཛིན། །འཁོར་དུ་ཡ་བ་མིག་དམར་ཆོས་རྒྱལ་དང་། །ཕྱྭ་གསང་ཏེལ་པ་རྨིག་པ་གླང་མགོ་ཅན། །རལ་བ་ཚར་དགུ་གཤིན་རྗེའི་སྡེ་དཔོན་བརྒྱད། །རང་རང་ཆུང་མ་དང་བཅས་ཕྱོགས་མཚམས་འཁོད། །ཡབ་རྣམས་ཐོད་དབྱུག་གཡས་དང་གཡོན་ཞིང་དབྱུག །ཡུམ་རྣམས་སྤུ་གྲི་ཐོད་པ་ཁྲག་བཀང་བསྣམས། །ལོ་ཟླ་ཞག་གཤེད་གཤིན་རྗེའི་དམག་ཚོགས་ནི། །གཏུམ་དྲག་འཇིགས་པའི་ཚོགས་དང་བཅས་པ་རྣམས། །ཚུར་བྱོན་ཚུར་བྱོན་གནས་འདིར་གཤེགས་སུ་གསོལ། །ཉམས་པ་བསྒྲལ་བའི་ཁྲག་དང་དབང་པོ་ལྔ། །ཚིལ་ཆེན་དུད་པ་ཞུན་ཆེན་མར་མེ་དང་། །མཁྲིས་ཆེན་བདུད་རྩི་སྨན་དང་རཀྟའི་སྐྱེམས། །ཤ་རུས་གཏོར་མ་སྦྱོར་སྒྲོལ་མཆོད་པ་དང་། །རྟ་ནག་ཁྱི་ནག་ལུག་ནག་གཡག་རྒོད་དང་། །གནམ་ལ་འཕུར་དགུ་ས་ལ་འཛུལ་དགུ་སོགས། །སྲིད་ཞིའི་འབྱོར་ཚོགས་དཔག་མེད་ནམ་མཁའ་མཛོད། །ཕུལ་བས་དགྱེས་པར་བཞེས་ཏེ་བདག་ཅག་ལ། །གནོད་པར་བྱེད་པའི་དགྲ་བགེགས་ཀུན་སྒྲོལ་ནས། །དུས་མིན་འཆི་བའི་འཇིགས་པ་བཟློག་ཏུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

ཉང་གི་ཁྲོས་ནག་གཏེར་སྲུང་མཁའ་འགྲོ་སྤྱང་ཞོན་མཆེད་གསུམ་གྱི་གསོལ་བསྡུས་བཞུགས་སོ།།

བྷྱོ། རང་ཉིད་ཁྲོས་མ་ནག་མོ་གསལ་བའི་མདུན། །ཐོད་པའི་སྐུ་མཁར་ཟུར་གསུམ་མེ་རླུང་འཚུབས། །དེ་དབུས་མི་རོ་བམ་གྱི་ཁྲི་སྟེང་ནས། །ཉི་དཀྱིལ་སྟེང་དུ་མ་ཡིག་ཡོངས་གྱུར་ལས། །མཁའ་འགྲོ་ཆེན་མོ་སྤྱང་ཞོན་གཅེར་བུ་ནག །ཕྱག་གཉིས་གྲི་གུག་ཐོད་ཁྲག་སྙིང་བཅས་འཛིན། །རལ་བ་གྱེན་འཁྱིལ་ལྷག་མ་ཐུར་དུ་འཕྱང་། །སྦྲུལ་དང་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །སྐུ་སྟོད་ཞིང་ཆེན་གཡང་གཞི་སྟག་ཤམ་གསོལ། །ཤིན་ཏུ་མི་བཟད་ལྕགས་སྤྱང་མགོ་དགུ་ཆིབས། །དེ་ཡི་གཡས་སུ་བྷྱོ་ཡིག་ཡོངས་གྱུར་ལས། །བཙན་མོ་དམར་མོ་གཅེར་བུ་སྟག་ཤམ་ཅན། །ཕྱག་གཡས་གྲི་གུག་གཡོན་པས་བཙན་ཞགས་འཛིན། །ཤིན་ཏུ་རྔམ་པའི་མཚལ་སྟག་མགོ་དགུ་ཆིབས། །གཡོན་དུ་ཛཿ་ཡིག་ཡོངས་གྱུར་བདུད་མོ་ནི། །སྔོན་མོ་གཅེར་བུ་གཟིག་གི་ཤམ་ཐབས་ཅན། །ཕྱག་གཡས་གྲི་གུག་གཡོན་པས་བདུད་ཞགས་བསྣམས། །འཇིགས་རུང་འཇིགས་བྱེད་ཟངས་འཕར་མགོ་དགུ་ཆིབས། །གཞན་ཡང་གཡས་སུ་མི་ནག་འབུམ་སྡེ་དང་། །གཡོན་ཏུ་བྲོ་བརྡུང་མོན་མོ་ནག་མོ་འབུམ། །མདུན་དུ་ཨ་ཙར་གླུ་ལེན་གར་བྱེད་འབུམ། །ཤ་ཟ་འབུམ་གྱི་ཚོགས་ནི་རྐན་སྒྲ་སྒྲོག །མ་མོ་མཁའ་འགྲོ་འཁོར་བཅས་གཤེགས་སུ་གསོལ། །ལྷ་རྫས་ཕྱི་ཡི་མཆོད་པ་ཉེར་སྤྱོད་བདུན། །རང་བྱུང་ནང་གི་མཆོད་པ་དྲག་པོའི་རྫས། །གཉིས་མེད་གསང་བའི་མཆོད་པ་བླ་ན་མེད། །གཞན་ཡང་མཐུན་རྫས་མ་ཚང་མེད་པ་ཀུན། །ཕུལ་བས་བདག་ཅག་དཔོན་སློབ་འཁོར་བཅས་ལ། །མ་དང་མཁའ་འགྲོའི་བཀའ་ཆད་བཟློག་པ་དང་། །བཅོལ་བའི་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། །ཅེས་རྫོགས་སྤྲུལ་ལྔ་པས་སོ། །

གཅོད་ཀྱི་བཀའ་སྲུང་ཟངས་རི་བཙན་རྒོད་གསོལ་བསྡུས་བཞུགས།།

ཧཱུྃ། བདག་ཉིད་ཡི་དམ་ལྷ་རུ་གསལ་བའི་མདུན། །སྐད་ཅིག་དྲན་རྫོགས་ཟངས་རི་བཙན་རྒོད་ནི། །ཤིན་ཏུ་ཁྲོས་པ་དམར་ནག་ཁྲག་གི་མདོག །ཞལ་གཅིག་ཕྱག་གཉིས་དབུ་ལ་གསེར་རྨོག་གསོལ། །སྐུ་ལ་བསེ་ཁྲབ་གསོལ་ཞིང་འཁོར་གསུམ་སྤྲས། །ཕྱག་ན་མདུང་དམར་བ་དན་མེ་ལྟར་འབར། །ཆིབས་སུ་བཙན་རྟ་དམར་པོ་གློག་འདྲ་ཆིབས། །མཆེད་ཟླ་ཟངས་རི་བཙན་རྒོད་དྲུག་པོ་ཡང་། །ཀུན་ཀྱང་མདོག་དམར་ཞལ་གཅིག་ཕྱག་གཉིས་པ། །གོ་ཁྲབ་གསོལ་ཞིང་ཕྱག་ན་མདུང་དམར་བསྣམས། །ཆིབས་སུ་བཙན་རྟ་གློག་དམར་འཁྱུགས་ཤེས་ཆིབས། །འཁོར་དུ་བཙན་འཁོར་སུམ་བརྒྱ་དྲུག་ཅུའི་ཚོགས། །དབྱིངས་ནས་སྤྱན་དྲངས་བརྟན་པར་བཞུགས་སུ་གསོལ། །དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བ། །དམར་ཆེན་ཁྲག་གི་མཆོད་ཡོན་རྦ་རླབས་འཁྲུགས། །དུག་ཆུའི་ཞབས་བསིལ་མིག་སྨན་མདོག་ལྟར་གནག །དབང་ལྔའི་མེ་ཏོག་རབ་མཛེས་རྣམ་པར་བཀྲ། །ཞུན་ཆེན་མར་མེ་དུས་མཐའི་མེ་ལྟར་འབར། །མཁྲིས་ཆེན་བདུད་རྩིའི་དྲི་ཆབ་བྱུག་པའི་མཚོ། །ཤ་ཁྲག་རུས་པའི་ཞལ་ཟས་རི་ལྟར་སྤུངས། །གསང་བའི་རྔེའུ་ཆུང་མི་རྐང་གླིང་བུའི་སྒྲ། །དུག་ལྔ་ནད་སེལ་པཉྩ་ཨ་མྲྀ་ཏ། །འདོད་ཆགས་རྣམ་དག་རཀྟ་དམར་གྱི་མཚོ། །བཙན་བཤོས་དམར་པོ་ཤ་སྣ་སྙིང་སྣས་བརྒྱན། །མདོར་ན་ཕྱི་ནང་གསང་བའི་མཐུན་པའི་རྫས། །མཆོད་པ་འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་། །སངས་རྒྱས་བསྟན་པ་སྤྱི་དང་ཁྱད་པར་དུ། །ཟབ་མོ་གཅོད་ཡུལ་བསྟན་པ་དར་ཞིང་རྒྱས། །བདུད་བཞིའི་འཇིགས་པ་དབྱིངས་སུ་ཞི་བ་དང་། །གང་བསམ་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

ཉི་གྲགས་ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ་གཏེར་སྲུང་ཀླུ་མོ་གཟི་འབར་མའི་གསོལ་བསྡུས་བཞུགས།།

ཕཻཾ། རང་མདུན་རྒྱ་མཚོ་ཆེན་པོའི་ཀློང་ཡངས་སུ། །རིན་ཆེན་སྣ་ལྔའི་ཕོ་བྲང་ཆེན་པོའི་དབུས། །གཏེར་སྲུང་ཀླུ་མོ་ཆེན་མོ་གཟི་འབར་མ། །སྐུ་མདོག་དཀར་དམར་ཡིད་འོང་མཛེས་འཛུམ་ལྡན། །སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ་དུ་འཁྱིལ། །ཕྱག་གཡས་ནོར་བུ་གཡོན་པས་གཏེར་སྒྲོམ་བསྣམས། །དར་དཀར་ན་བཟའ་རིན་ཆེན་རྒྱན་གྱིས་བརྒྱན། །དབུ་སྐྲ་ཕྱེད་བཅིངས་ལྷག་མ་ཐུར་དུ་འཕྱང་། །ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོས་བརྒྱན། །སྣ་ཚོགས་དར་གྱི་ཅོད་པཎ་པུ་རུ་རུ། །ཡིད་འོང་ཀླུ་སྨན་འབུམ་གྱི་འཁོར་གྱིས་བསྐོར། །ད་ཚུར་ད་ཚུར་གནས་འདིར་བརྟན་པར་བཞུགས། །ཕྱི་ཡི་མཆོད་པ་རིན་ཆེན་རྣམ་པ་ལྔ། །ནང་མཆོད་དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད། །གསང་མཆོད་ཟླུམ་བཤོས་དཀར་པོ་མར་གྱིས་བརྒྱན། །ཤེལ་ཚིག་ཁྲི་དཀར་ཟ་འོག་དར་ཟབ་དང་། །ཀླུ་རྟ་རྒྱན་ལྡན་ལ་སོགས་ཆུ་གནས་རིགས། །ཀླུ་ལ་དབང་བའི་ཀླུ་ནོར་ཉེར་གཅིག་སོགས། །གཞན་ཡང་ཀླུ་ཡི་མཐུན་པའི་ཡོ་བྱད་དང་། །སྲིད་ཞིར་གནས་པའི་མཆོད་རྫས་ཇི་སྙེད་ཀུན། །དངོས་འབྱོར་ཡིད་སྤྲུལ་ཕུལ་བའི་བྱིན་རླབས་ཀྱིས། །བདག་ཅག་ཚེ་དང་བསོད་ནམས་དཔལ་འབྱོར་དང་། །ཁྱད་པར་ཀླུ་ཡི་ཕྱུག་གཡང་འཕེལ་གཡང་སོགས། །ཅི་འདོད་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

རྨ་རྒྱལ་སྤོམ་རའི་གསོལ་བསྡུས་བཞུགས།།

ཀྱཻ། མདུན་དུ་བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང་། །སྣ་ཚོགས་པདྨ་ཉི་མ་ཟླ་བའི་སྟེང་། །སྐུ་ལྷ་རྨ་རྒྱལ་སྤོམ་ར་གསེར་གྱི་མདོག །ཞལ་གཅིག་ཕྱག་གཉིས་ཕྱག་གཡས་མདའ་དར་བསྣམས། །གཡོན་པས་གསེར་གྱི་ནོར་འཛིན་ནེའུ་ལེ་བསྣམས། །སྐུ་ལ་བེར་ཆེན་གསེར་ཁྲབ་ལྷབ་ལྷུབ་གསོལ། །ཞབས་ལ་སྭག་ལྷམ་འཇའ་རིས་འཁྱིལ་བ་གསོལ། །འཁོར་དུ་རྩེ་ལྷ་བཅུ་གསུམ་རྨ་སྲས་དགུ། །སྲིང་གཅིག་རྡོ་རྗེ་དྲག་མོ་རྨ་སྨན་ཚོགས། །རྨ་འཁོར་འབུམ་དང་ལྷ་ཀླུ་གཉན་གྱི་དམག །གནམ་ས་བར་སྣང་ཁྱོན་ཀུན་གང་བའི་ཚོགས། །སྤྱན་འདྲེན་འདིར་གཤེགས་དགྱེས་པར་བཞུགས་སུ་གསོལ། །དྭངས་བསིལ་རྙོག་མེད་ཨརྒྷཾ་བདུད་རྩིའི་རྒྱུན། །དག་བྱེད་ཞབས་བསིལ་དྲི་ལྡན་རྒྱ་མཚོར་བསྐྱིལ། །རབ་མཛེས་རྣམ་བཀྲའི་མེ་ཏོག་ལྟ་ན་སྡུག །ལྷན་ཅིག་སྐྱེས་དང་སྦྱར་བའི་བདུག་པའི་སྤྲིན། །སྣང་གསལ་མར་མེ་འོད་ཟེར་ཕྱོགས་བཅུར་འཕྲོ། །དྲི་ཞིམ་སྨན་གྱིས་སྦྱར་བའི་བྱུག་པའི་མཚོ། །སྣ་ཚོགས་རོལ་མོ་སྙན་པའི་སྒྲ་དང་བཅས། །སྨན་གཏོར་རཀྟ་ཚོགས་ཀྱི་ལོངས་སྤྱོད་དང་། །རིན་ཆེན་བདུན་དང་ཉེ་བའི་རིན་ཆེན་བདུན། །ཁྲུས་ཀྱི་རྫིང་བུ་མ་རྨོས་ལོ་ཏོག་དང་། །བུམ་བཟང་དཔག་བསམ་ཤིང་དང་འདོད་འཇོའི་བ། །ཕོ་ཆས་མོ་ཆས་ཀ་ཆ་དཀོར་ཆ་སོགས། །སྲིད་ཞི་དངོས་པོའི་ཡོ་བྱད་ཇི་སྙེད་པ། །ཕུལ་བས་བདག་ལ་ནོར་གྱི་ལོངས་སྤྱོད་དང་། །ཚེ་གཡང་དཔལ་གྱི་དངོས་གྲུབ་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

གཡུ་ཐོག་སྙིང་ཐིག་གི་ཆ་ལག་ལྷ་སྨན་གསོལ་བསྡུས་བཞུགས།།

ཧཱུྃ། བདག་ཉིད་སྨན་པའི་རྒྱལ་པོ་གསལ་བའི་མདུན། །སྨན་དང་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །དབུས་སུ་ཡེ་ཤེས་ཁྱེའུ་ཆུང་སྐུ་མདོག་དཀར། །རབ་མཛེས་སྐུ་ལ་དར་ཟབ་གོ་ཟུ་གསོལ། །ཕྱག་གཡས་མདའ་དར་སྣ་ལྔ་མེ་ལོང་བསྣམས། །གཡོན་པས་རྦ་གླིང་འཁྲོལ་ཞིང་བཞེངས་སྟབས་ཅན། །ཤར་དུ་ཡེ་ཤེས་ལྷ་མོ་ཟླ་བའི་མདོག །ལྷོ་རུ་སྨྲ་བྱེད་ལྷ་མོ་གསེར་གྱི་མདོག །ནུབ་ཏུ་མཐོང་བྱེད་ལྷ་མོ་པད་རཀ་མདོག །བྱང་དུ་སྨན་པྲ་སྟེར་ནུས་དྲང་སྲོང་ཚོགས། །ལྷ་མོ་གསུམ་ནི་གཞོན་ཚུལ་ལང་ཚོ་རྒྱས། །ཨུཏྤལ་སྐེད་ཆིངས་པདྨའི་ཕྲེང་བ་ཅན། །རིན་ཆེན་མུ་ཏིག་སྣ་ཚོགས་རྒྱན་གྱིས་སྤྲས། །སྐུ་ལ་དར་དཀར་གོ་ཟུ་མཚལ་ཐིག་ཅན། །གསེར་གྱི་གོང་རས་གཡུ་ཡི་ཐིག་ཕྲན་ཅན། །ཕྱག་གཡས་རྦ་གླིང་སྙན་པའི་སྒྲ་དང་བཅས། །གཡོན་པས་སྣང་སྲིད་གསལ་བའི་མེ་ལོང་བསྣམས། །འཁོར་བཅས་འགྲོ་བའི་ནད་རྣམས་བསལ་བའི་ཕྱིར། །འདིར་གཤེགས་དགྱེས་པ་ཆེན་པོར་བཞུགས་སུ་གསོལ། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །སྨན་བཤོས་རྩེ་རྒྱལ་ཕྱེ་མར་འོ་སྐོལ་ཕུད། །ཟས་སྣ་འབྲུ་སྣ་རིན་ཆེན་རྣམ་པ་ལྔ། །དཀར་གསུམ་མངར་གསུམ་དྲི་ཞིམ་སྨན་གྱི་རིགས། །རྟ་དང་བ་ལང་ནོར་གྱི་རིགས་བྱེད་དང་། །ཤ་རྐྱང་མ་ཧེ་རི་དྭགས་རྐང་བཞིའི་ཚོགས། །ངང་པ་དཀར་སེར་མཐིང་རིལ་འདབ་ཆགས་ཚོགས། །ཆུ་སྲིན་རྒྱལ་པོ་དུང་དང་ཆུ་གནས་རིགས། །མཐུན་པའི་དམ་རྫས་མ་ཚང་མེད་པ་ཀུན། །ཕུལ་བས་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ཞི་བ་དང་། །པྲ་མཐོང་དངོས་གྲུབ་མྱུར་དུ་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

ཉི་གྲགས་སྨན་ལྷའི་གཏེར་སྲུང་ཁོལ་པོ་ཁའི་གསོལ་བསྡུས་བཞུགས།།

ཧཱུྃ། ཡན་ལག་བརྒྱད་ལྡན་རྒྱ་མཚོ་ཆེན་པོའི་དབུས། །དཔག་བསམ་ཤིང་དྲུང་པདྨ་ཉི་མའི་སྟེང་། །ཧཱུྃ་ཡིག་ཡོངས་གྱུར་གཏེར་སྲུང་ཁོལ་པོ་ཁ། །སྐུ་མདོག་མཐིང་སྔོན་བཻཌཱུརྱ་ཡི་མདོག །ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་འགྱིང་བག་ལྡན། །སྨ་ར་སྨིན་མ་དམར་སེར་མཚམས་སྤྲིན་མདོག །གཡུ་རལ་གྱེན་བརྫེས་ལྷག་མ་ཐུར་དུ་འཕྱང་། །ཕྱག་གཡས་ནོར་བུ་གཡོན་པས་སྒྲོམ་བུ་འཛིན། །སྐུ་ལ་ལྗང་ནག་དར་གྱི་བེར་ཆེན་གསོལ། །ཞབས་གཉིས་ཕྱེད་སྐྱིལ་འགྱིང་བག་གཟི་འོད་འབར། །དགྱེས་སྡེ་ཡུམ་སྲས་བཀའ་འཁོར་མང་པོ་བཅས། །མངོན་སུམ་ཁྲོམ་ཚོགས་ལྟ་བུར་གསལ་བར་གྱུར། །སྤྱན་འདྲེན་འདིར་གཤེགས་དགྱེས་པར་བཞུགས་སུ་གསོལ། །ཕྱི་ནང་གསང་མཆོད་སྨན་རཀ་བྷ་ལིངྟ། །མཛེས་སྡུག་ཡིད་འོང་དངུལ་དཀར་མེ་ལོང་གཟུགས། །བཻཌཱུར་རྒྱུད་མངས་གླིང་བུ་སྙན་པའི་སྒྲ། །ཙནྡན་དཀར་དམར་དྲི་ཞིམ་ངད་ལྡན་པ། །རོ་བརྒྱ་ལྡན་པའི་ཞལ་ཟས་རི་ལྟར་སྤུངས། །ལྷ་ཡི་རེག་བྱ་བཀྲ་ཤིས་རི་མོ་བཀྲ། །རྣམ་མང་མཆོད་པའི་དམ་རྫས་དཔག་མེད་པ། །དགྱེས་པར་བཞེས་ལ་བསྟན་པ་བསྲུང་བ་དང་། །མདོ་སྔགས་བསྟན་པ་ཕྱོགས་བཅུར་རྒྱས་པར་མཛོད། །སྔོན་ལས་འཕྲལ་རྐྱེན་ངན་པ་བཟློག་པ་དང་། །འཇིག་རྟེན་བདེ་ཞིང་ལོ་ལེགས་ཕྱུགས་འཕེལ་ཞིང་། །བསམ་དོན་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

གེ་སར་ནོར་བུ་དགྲ་འདུལ་གསོལ་བསྡུས་བཞུགས།།

ཧྲཱིཿ འཛམ་གླིང་གེ་སར་ནོར་བུ་དགྲ་འདུལ་རྩལ། །མདོག་དཀར་ཞི་འཛུམ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་རྦ་ལྕག་གཡོན་པས་མདུང་དར་བསྣམས། །དབུ་ལ་དངུལ་རྨོག་ཕུབ་དམར་ལེབ་ཆེན་བསྣམས། །མགུལ་དུ་མགུལ་གྭབ་ནོར་བུ་འབར་བས་བརྒྱན། །སྐུ་ལ་བེར་སྨུག་རྡོ་རྗེའི་གོ་ཁྲབ་གསོལ། །སྐེད་ཆིངས་ཚེ་མདུད་སྟག་རལ་གཟིག་ཤུབས་བརྒྱན། །སྐེད་གྲི་འཇིག་རྟེན་ཆོས་སོད་ཤེལ་གྱི་གྲི། །འུར་རྡོ་ཕ་ཝཾ་སྟོང་འཁོར་གནམ་ལྕགས་མདའ། །མདུང་མོ་ཁམས་གསུམ་དགྲ་འདུལ་ལ་སོགས་པ། །སྐུ་ལ་དགྲ་བླའི་གོ་མཚོན་སྣ་དགུས་བརྒྱན། །ཞབས་ལ་སྭག་ལྷམ་འཇའ་རིས་འཁྱིལ་བ་སོགས། །རྫུ་འཕྲུལ་ཤུགས་ལྡན་རྡོ་རྗེ་རྐྱང་རྒོད་ཆིབས། །མདུན་ནས་རིམ་བཞིན་ལྷ་ཆེན་ཚངས་པ་དཀར། །གཉན་ཆེན་སྐུ་ལྷ་གེ་མཛོ་སྐུ་མདོག་སེར། །ཀླུ་རྒྱལ་གཙུག་ན་རིན་ཆེན་མར་གད་མདོག །ཕུ་བོ་དུང་ཁྱུང་ནུབ་བོ་ཀླུ་ཕྲུག་དང་། །སྲིང་ལྕམ་ཐ་ལེ་འོད་འཕྲོ་གནམ་སྨན་དཀར། །དགྲ་ལྷའི་མེ་སྟག་མ་ཡུམ་འགོག་བཟའ་དང་། །མགར་བཟའ་ཆོས་སྒྲོན་ཟི་མ་གཡང་སྨན་རྒྱལ། །རྒྱ་གར་ཆོས་མཚོ་རྒྱ་ནག་ཁྲི་མོ་མཚོ། །ཧ་ཤང་མཚོ་སོགས་དང་སྨན་མཆེད་ལྔ་དང་། །འབྲུག་མོ་སེང་ལྕམ་གཡུ་སྒྲོན་དར་ལི་དང་། །རག་དཀར་བུ་མོ་རག་གཟའ་གསེར་མཚོ་དང་། །ནེའུ་ཆུང་ལ་སོགས་དྭངས་སྨན་མཆེད་བདུན་དང་། །འགོ་བའི་ལྷ་ལྔ་རླུང་རྟ་ཡུལ་ལྷའི་གཙོ། །དགྲ་ལྷ་ཝེར་མ་སྤྲུལ་པ་ཡང་སྤྲུལ་དང་། །བཀའ་ཡི་བློན་པོ་དཔའ་ཐུལ་སུམ་ཅུ་སོགས། །གཞན་ཡང་དགྲ་ལྷ་ཆེན་པོའི་འཁོར་གཡོག་ཏུ། །གནས་པའི་སྡེ་བརྒྱད་དམག་དཔུང་སྤྲིན་ལྟར་གཏིབས། །ནམ་མཁའི་ཁྱོན་ཀུན་གང་བར་འདིར་གཤེགས་ལ། །དྲི་ཞིམ་རྒྱ་ཇ་ངད་ལྡན་མ་ད་ན། །གཙང་སྦྱར་འོ་སྐོལ་བཏུང་བ་མེ་རེ་རེ། །དཀར་གསུམ་མངར་གསུམ་ཕྱེ་མར་སྤུངས་སེ་སྤུང་། །དར་སྣ་ལྔ་ཡི་བ་དན་པུ་རུ་རུ། །རོལ་མོ་སིལ་སྙན་མང་པོ་སི་ལི་ལི། །སྤྱན་གཟིགས་ཀ་ཆ་དཀོར་ཆ་ཁྲ་ལ་ལ། །གཡུ་ཤུག་བསང་གི་དུད་པ་སྤྲིན་ལྟར་གཏིབས། །སྨན་ལེབ་འབྲང་རྒྱས་ཁྲབ་བྱང་སྐར་ལྟར་བཀྲ། །དཀར་མོ་ལག་གཡས་འབྲུ་སྣ་གཅལ་དུ་བཀྲམ། །སྨན་གཏོར་རཀྟ་སྦྱོར་སྒྲོལ་མཆོད་པ་དང་། །དགྲ་ལྷའི་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་ལ། །ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བ་དང་། །སྙན་པའི་བ་དན་འཇིག་རྟེན་གསུམ་ན་མཐོ། །གྲགས་པའི་འབྲུག་ཆེན་སྲིད་པ་གསུམ་ན་ཁྱབ། །ཕ་རོལ་དགྲ་བགེགས་ལོག་འདྲེན་ཟིལ་གྱིས་གནོན། །དགེ་ལེགས་བཀྲ་ཤིས་ཕྱོགས་བཅུར་རྒྱས་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

རླུང་རྟའི་གསོལ་བསྡུས་བཞུགས།།

ཧཱུྃ། རྣམ་དག་ནམ་མཁའ་ཡངས་པའི་ཀློང་དཀྱིལ་ན། །རྣམ་རོལ་མ་འགགས་རོལ་བའི་རྒྱན་དུ་ཤར། །རྣམ་པ་ཀུན་ཏུ་སྒྲུབ་ལ་མགོན་མཛད་པའི། །རྣམ་མཛེས་རྫུ་འཕྲུལ་ཤུགས་ལྡན་ཅང་ཤེས་རྟ། །སྟེང་དུ་ཡིད་བཞིན་ནོར་བུ་བསམ་འཕེལ་ལ། །བར་མཚམས་བཀྲ་ཤིས་རྟགས་ཀྱི་རི་མོ་བཀྲ། །མྱུར་མགྱོགས་ཆེ་བའི་རླུང་རྟ་ཡར་ལ་སྐྱེད། །ཤར་ཕྱོགས་མེ་ཁམས་རླུང་རྟ་བསྐྱེད་མཛད་པ། །དཔལ་རྩལ་སྟོབས་བསྐྱེད་རྒྱ་སྟག་འཚལ་རིས་ཅན། །དཔའ་སྙིང་ཆེ་བའི་རླུང་རྟ་ཡར་ལ་སྐྱེད། །ལྷོ་ཕྱོགས་ཆུ་ཁམས་རླུང་རྟ་བསྐྱེད་མཛད་པ། །ངར་སྐད་སྟོབས་བསྐྱེད་གཡུ་འབྲུག་སྔོན་མོ་ཡིས། །སྙན་གྲགས་ཆེ་བའི་རླུང་རྟ་ཡར་ལ་སྐྱེད། །ནུབ་ཕྱོགས་ལྕགས་ཁམས་རླུང་རྟ་བསྐྱེད་མཛད་པ། །དཔའ་རྔམས་སྟོབས་བསྐྱེད་དུང་སེང་གཡུ་རལ་ཅན། །གཟི་བརྗིད་ཆེ་བའི་རླུང་རྟ་ཡར་ལ་སྐྱེད། །བྱང་ཕྱོགས་ཤིང་ཁམས་རླུང་རྟ་བསྐྱེད་མཛད་པ། །སྟོབས་ཤུགས་དབང་བསྐྱེད་ཁྱུང་ཆེན་འབར་བ་འདི། །ཡོན་ཏན་ལྡན་པའི་རླུང་རྟ་ཡར་ལ་སྐྱེད། །ལྕགས་ཟངས་ཤིང་དང་ཆུ་ཡི་མི་ཕོ་ནི། །ཕྱག་བརྙན་སྤྲུལ་པ་སྤྲེལ་སྦྲུལ་སྟག་དང་ཕག །བར་སྣང་གཉན་གྱི་རླུང་རྟ་རྣམ་པ་གཉིས། །རླུང་གི་རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེངས། །འགོ་བའི་ལྷ་ལྔ་དགྲ་ལྷ་བཅུ་གསུམ་དང་། །ལོ་སྐོར་བཅུ་གཉིས་སྤར་ཁའི་ཁམས་བརྒྱད་དང་། །སྨེ་བ་དགུ་དང་ལོ་ལྷ་བདུན་ཅུ་གཉིས། །ས་འཛིན་ལག་ཆེན་ས་བདག་ཉི་ཤུ་གཅིག །བརྟན་མ་ལ་སོགས་ས་འོག་རིམ་དགུའི་བདག །ལོ་འཁོར་ཟླ་འཁོར་ཚེས་གྲངས་དུས་མཚན་བདག །ལོ་ཟླ་ཞག་དུས་དབང་བྱེད་ས་བདག་སྟེ། །ཕན་གནོད་ལ་དབང་ཀོ་ལོང་གདུག་སེམས་ཅན། །རླུང་རྟའི་དཔལ་གཡང་སྩོལ་ཕྱིར་གཤེགས་སུ་གསོལ། །རླུང་རྟ་བསྐྱེད་ཅིང་དགྲ་ལྷ་གསོལ་བའི་རྟེན། །རིན་ཆེན་སྐུ་མཁར་རྦ་ལྕག་ཁྲབ་དཀར་དང་། །སྨྱུག་རྒོད་ལོ་རྒྱས་མདའ་མོ་སྒྲོ་ལྡན་ལ། །དར་སྣ་ལྔ་དང་རིན་ཆེན་ལྔ་ཡིས་བརྒྱན། །རིན་ཆེན་སྣ་ལྔའི་གསེར་འཕང་གཡུ་ལོ་ཅན། །གཏེར་གྱི་བུམ་པ་འཕན་གདུགས་རྒྱལ་མཚན་བསྒྲེངས། །ནམ་མཁའ་རྒྱང་རིང་ཕོ་ཆས་མོ་ཆས་སོགས། །བརྔན་དུ་འབུལ་ལོ་རླུང་རྟ་མཆོད་པའི་མཐུས། །ཕོ་མོ་བུ་ཚ་ཟས་ནོར་དབྱིག་སོགས་པའི། །རླུང་རྟ་འཐོར་ཞིང་ཉམས་རྒུད་བུག་རལ་གསོས། །འབྱུང་ཁམས་མི་མཐུན་ནང་འཕྲད་དགྲར་གྱུར་པ། །མི་མཐུན་སོལ་ཞིང་རླུང་རྟ་སྐྱེད་དུ་གསོལ། །ཞེས་བསྟན་སྲུང་ཆོས་སྐྱོང་རྣམས་ཀྱི་གསོལ་བསྡུས་དགེ་ལེགས་མཆོག་སྩོལ་རྫོགས་སྤྲུལ་ལྔ་པས་སོ། །དགེའོ། །དགེའོ། །དགེའོ།།

ཆོས་སྐྱོང་གསོལ་བསྡུས་ཉུང་ངུར་བསྡུས་པ་གཏེར་གྱི་བུམ་བཟང་ཞེས་བྱ་བ་བཞུགས་སོ།།

ཧྲཱིཿ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །མདུན་གྱི་ནམ་མཁའ་མེ་རླུང་འཚུབ་མའི་དབུས། །པད་ཉི་དགྲ་བགེགས་བསྣོལ་བའི་གདན་སྟེང་དུ། །རང་རིག་ཧྲཱིཿ་ལས་སྐད་ཅིག་དྲན་རྫོགས་སུ། །ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན། །དྲེགས་པའི་ཡོངས་རྗེ་དྲེགས་པ་ཀུན་གྱི་གཙོ། །དབང་ཆེན་རྟ་མགྲིན་ནག་པོ་ལྕགས་རལ་ཅན། །སྐུ་མདོག་མཐིང་ནག་་་འདི་ནས་མ་དཔེའི་ལྡེབ་གཅིག་ཆད་ཡོད།

མགོན་ལེགས་ལྡན་དཔལ་མགོན་མ་ནིང་ནག །གཏེར་མགོན་ཕྱག་བཞི་མ་མོ་སྔགས་སྲུང་མ། །སྔགས་ཀྱི་བདག་མོ་ཚེ་རིང་མཆེད་ལྔའི་ཚོགས། །མ་ཧཱ་དེ་ཝ་གཟའ་བདུད་ར་ཧུ་ལ། །སྐྱེས་མཆོག་སེང་ཞོན་དམ་ཅན་མགར་བ་ནག །ལྷ་བཙན་ཆེན་པོ་དམ་ཅན་ནོར་གྱི་བདག །བཙན་རྒོད་ཆེན་པོ་དགེ་བསྙེན་གནོད་སྦྱིན་རྒྱལ། །གཏེར་སྲུང་ལྡང་ལྷ་ཕུར་སྲུང་བཅུ་གཉིས་དང་། །གནོད་སྦྱིན་ཙིའུ་དམར་རྒྱལ་ཆེན་བེ་ཧ་ར། །སྐུ་ཡི་རྒྱལ་ཆེན་རྡོ་རྗེ་གྲགས་ལྡན་རྒྱལ། །གྲིབ་བཙན་ཆེན་པོ་རྣམ་མང་ནོར་གྱི་བདག །རྡོ་རྗེ་གཡུང་དྲུང་རྒོད་ལྕམ་ཤེལ་རུ་སྨན། །ནོར་བུ་གཡུལ་རྒྱལ་དཔྱལ་བྲག་ལྕམ་དྲལ་དང་། །དགྲ་ལྷ་གེ་སར་རླུང་རྟ་སྡེ་ལྔའི་ཚོགས། །གཞན་ཡང་བདག་ལ་འགོ་ཞིང་སྐྱོབ་བྱེད་པའི། །ཆོས་སྐྱོང་སྲུང་མ་གཏེར་བདག་གཞི་བདག་ཚོགས། །ཡུལ་འདིར་གནས་པའི་དཀར་ཕྱོགས་སྐྱོང་བའི་རིགས། །རང་རང་འཁོར་ཚོགས་སྤྲུལ་པ་ཡང་སྤྲུལ་བཅས། །ཇི་ལྟར་མཁའ་ལ་ཆར་སྤྲིན་གཏིབས་པ་བཞིན། །རང་རང་དགྱེས་པའི་གདན་ཁྲི་ཡངས་པའི་སྟེང་། །བདག་གི་མཆོད་པའི་གནས་འདིར་སྤྱན་འདྲེན་ན། །དགྱེས་པའི་ཚུལ་གྱིས་བརྟན་པར་བཞུགས་སུ་གསོལ། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །དམར་ཆེན་ཨརྒྷཾ་དུག་ཆུའི་ཞབས་བསིལ་དང་། །དབང་ལྔའི་མེ་ཏོག་ཚིལ་ཆེན་གསུར་གྱི་དུད། །ཞུན་ཆེན་མར་མེ་མཁྲིས་ཆེན་བྱུག་པའི་མཚོ། །ཤ་རུས་ཞལ་ཟས་ཐོད་རྔ་ལྟག་སྤྲོད་དང་། །མི་བཟད་སྒྲ་དབྱངས་མི་རྐང་གླིང་བུའི་སྒྲ། །རང་བྱུང་སྣོད་མཆོག་བྷནྡྷ་ཡངས་པའི་ནང་། །ཉོན་མོངས་དུག་ལྔ་དབྱིངས་སུ་སྦྱངས་བའི་རྫས། །ར་ས་ཡ་ན་སྦྱར་བའི་སྨན་ཆེན་པོ། །དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བ། །ཉོན་མོངས་རྒྱུ་དྲུག་བསྒྲལ་བའི་རཀྴ་ནི། །ཐུགས་རྗེ་ཆགས་པའི་ཁ་དོག་དམར་ལ་དྭངས། །དམ་ཉམས་ཞིང་བཅུ་བསྒྲལ་བའི་ཕུང་པོའི་རྫས། །རོ་བཅུད་ལྡན་པའི་བྷ་ལིང་གཏོར་མའི་ཚོགས། །རྔམས་བརྗིད་རི་རབ་ལྷུན་པོ་བས་ཀྱང་མཐོ། །དར་ནག་གཡབ་མོ་ཕྱར་དར་ནག་པོའི་ཚོགས། །ཉི་ཟླ་པདྨ་རི་རབ་བམ་གྱི་གདན། །ཐོད་ཕྲེང་མི་མགོ་ཞིང་ཆེན་གཡང་གཞི་དང་། །གླང་ཆེན་ཀོ་རློན་སྟག་གི་ཤམ་ཐབས་མཛེས། །གཡག་རོག་ཞོལ་ཆེན་ལུག་ནག་སྤྱི་དཀར་ཅན། །ཁྱི་ནག་སྙིང་དཀར་བྱ་ནག་རྟ་ནག་སོགས། །དྲག་པོའི་ཐུན་ཟོར་བེར་ནག་གྲི་གུག་སྙིང་། །སྦ་ལྕག་ཚིགས་གསུམ་སྐུ་གཟུགས་སྔགས་བྱང་དང་། །ནལ་བུའི་རྒྱལ་མཚན་བྱང་སེམས་རང་བྱུང་མཚལ། །རྨ་བྱའི་རྒྱལ་མཚན་ཙིཏྟའི་ཏོག་གིས་མཛེས། །མི་དབང་སྙིང་དང་ནམ་མཁའ་མཐིང་གི་གུར། །ཐལ་ཆེན་ཚོམ་བུ་རཀྟའི་ཐིག་ལེ་དང་། །ཞག་གི་ཟོ་རིས་ནལ་བུའི་ཤ་ཁྲག་སྙིང་། །སེང་ལྤགས་རུས་རྒྱན་དུང་གི་རྨོག་ཞུ་དང་། །དར་ནག་གོས་ཟུང་རེ་ལྡེ་ཁྱི་དཀར་སྙིང་། །རྒྱ་བོང་ཁ་དཀར་ཆུ་གླང་ཁྲམ་ཤིང་སོགས། །ཤ་རྐྱང་མ་ཧེ་རྟ་མཆོག་དྲེའུ་དང་། །སྤོས་ཀྱི་གླང་པོ་འབྲོང་གཡག་ཞོལ་ཆེན་དང་། །བྱ་ནག་མཆུ་སེར་རྨ་བྱའི་ཟློས་གར་བསྒྱུར། །ལེ་བརྒན་དར་གྱི་ལྷབ་ལྷུབ་གཡབ་མོ་དང་། །རང་བྱུང་མེ་ཏོག་ཏིལ་གྱི་སྒྲོན་མེ་སྦར། །ལ་དུ་ལ་བུག་ཙནྡན་དམར་པོའི་ཆབ། །འབྲས་ཆང་རྒུན་ཆང་མེ་ཏོག་དམར་པོའི་ཕྲེང་། །མྱོས་བྱེད་ཛ་གད་དཀར་གསུམ་མངར་གསུམ་སོགས། །གཟུགས་འཚོང་ལས་བྱུང་ལྕགས་ཀྱུ་ལེ་བརྒན་རྒྱན། །སྐུ་གཟུགས་གླེགས་བམ་བགྲང་ཕྲེང་གསར་བའི་རྟེན། །སྐུ་གླུད་སྤྱན་གཟིགས་རྔ་མོང་བྱ་མོའི་ཚོགས། །གསེར་དངུལ་དར་ཟབ་དཀར་གསུམ་ཀླུ་སྨན་སྤོས། །སྟག་དོམ་བ་གླང་ཉ་སྙིང་ར་ཡི་མཆིན། །སྙུག་རྒོད་ཁྲབ་བྱང་རྔ་ཁྲབ་མཁར་ཐབ་དང་། །ར་ཡི་གསུར་ཆེན་ར་ཤ་ར་ཚིལ་དང་། །བྱ་རོག་རྒྱལ་མཚན་ར་ཡི་དབང་པོ་ལྔ། །ར་སྐྱེས་ཁམ་པ་རླུང་གི་གཤོག་པ་ཅན། །མདའ་དར་སྣ་ལྔ་ཤེལ་ལུག་རིན་ཆེན་ར། །སྟག་གཟིག་རྒྱལ་མཚན་དར་དམར་འཕན་གདུགས་བསྒྲེངས། །མདུང་དམར་ལེ་བརྒན་མདོག་ཅན་གཡབ་མོ་དང་། །སྙུག་རྒོད་ལོ་རྒྱས་དར་དང་རྨ་བྱས་བརྒྱན། །མདུང་ལ་བ་དན་གཡབ་དར་གསེར་གཡུའི་ཕྲེང་། །མི་རྟ་ཁྱི་གསུམ་ཤ་ཁྲག་རུས་པའི་ཚོགས། །མདུང་ཞགས་དམར་པོ་རྦ་ལྕག་མདའ་དར་དང་། །ལྷ་འདྲེའི་བླ་རྡོ་གྲུ་བཞི་ཏྲིཿ་ཡིག་ཅན། །ཕྱི་ནང་གསང་བའི་རྟེན་རྫས་སྣ་ཚོགས་པ། །མཚམས་སྤྲིན་མདངས་ལྡན་དར་གྱི་གཡབ་མོ་དང་། །སྤོས་དཀར་བསྲེགས་པའི་དུད་སྤྲིན་ཕྱོགས་བཅུར་འཕྲོ། །བཤུག་པའི་གླུ་ལེན་མི་རྐང་གླིང་བུའི་སྒྲ། །མཁར་བསིལ་ལྷུང་བཟེད་སྤྱི་བླུག་ཀཱ་པ་ལ། །ཤེལ་དཀར་ཕྲེང་བ་དམ་ཤིང་དགྲ་སྟ་སོགས། །གཡུ་ཤུག་ཕྱེ་མར་བསང་གསུར་དུད་པའི་སྤྲིན། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་གཞལ་ཡས་སྐྱེད་ཚལ་འདོད་འཇོའི་བ། །འདོད་འབྱུང་ནེའུ་ལེ་མ་རྨོས་ལོ་ཏོག་དང་། །དཔག་བསམ་ཤིང་ཆེན་ཡན་ལག་བརྒྱད་ལྡན་མཚོ། །གཞན་ཡང་མཆོད་པར་འོས་པའི་དམ་རྫས་ཚོགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་བྱེ་བྲག་ནི། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ལྟ་བུར། །བློ་ཡི་བླང་ནས་གུས་པས་འབུལ་ལགས་ན། །དགྱེས་པ་ཆེན་པོའི་ཚུལ་གྱིས་བཞེས་ནས་ཀྱང་། །བདག་ཅག་ལས་བཞིའི་ཕྲིན་ལས་སྒྲུབ་ཏུ་གསོལ། །ཧོཿརང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །གདོད་ནས་སྙིང་རྗེའི་ཤུགས་དང་མ་བྲལ་བ། །མ་རུང་གདུལ་དཀའ་འདུལ་བའི་གཤེད་པོ་ཆེ། །སྣ་ཚོགས་སྤྲུལ་པའི་རོལ་གར་ཅིར་ཡང་སྟོན། །ལ་ལ་ཞི་དང་ལ་ལ་ཁྲོ་བོའི་ཚུལ། །ལ་ལ་ཞི་མ་ཁྲོ་ཡི་ཉམས་དང་ལྡན། །སྐུ་ཡི་གར་གྱིས་བདུད་སྡེ་ཕྱེ་མར་བརླག །འགགས་མེད་གསུང་གི་སྒྲ་དབྱངས་སྣ་ཚོགས་པ། །ཐུགས་ནི་དོན་དམ་སྐྱེས་མེད་སྤྲོས་དང་བྲལ། །མངོན་ཤེས་རྫུ་འཕྲུལ་མངའ་བའི་མཐུ་སྟོབས་ཅན། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པ། །མཐུ་ཆེན་སྲུང་མའི་དབང་པོ་ཁྱེད་རྣམས་ཀྱིས། །རྣལ་འབྱོར་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ཅག་མ་རིག་དུག་ལྔའི་དབང་གྱུར་པས། །དངོས་གྲུབ་ཀུན་བདག་དཔལ་ལྡན་བླ་མ་ལ། །བརྙས་དང་ཐུགས་དཀྲུགས་སྙིང་ནས་སྨད་པ་དང་། །ཆགས་སྡང་དབང་གིས་མཆེད་ལ་ཚིག་རྩུབ་ཤོར། །གསང་བ་སྔགས་ཀྱི་དཀྱིལ་འཁོར་སྒོར་ཞུགས་ནས། །བསྙེན་སྒྲུབ་གཡེལ་ཞིང་ཚོགས་གཏོར་ཆགས་པ་དང་། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྫས། །བླ་རྡོ་སྲོག་འཁོར་ཕྱི་ནང་གསང་བའི་རྟེན། །དགོས་པའི་དམ་རྫས་ཡོ་བྱད་མ་ཚང་པ། །གཟུ་ལུམ་རས་ཆོད་གསང་བ་སྒྲོག་པ་དང་། །བག་མེད་ལེ་ལོ་སྙོམས་ལས་དབང་གིས་ནི། །འབག་རྩོག་ཉམས་པར་གྱུར་པ་གང་མཆིས་དང་། །སྣང་སྟོང་སྐུ་ཡི་ཕྱག་རྒྱ་མ་གསལ་བ། །བཟླས་བརྗོད་མ་དག་ལོང་གཏམ་སྨྲས་པ་དང་། །ཐུགས་ནི་ཆོས་སྐུ་སྐྱེ་མེད་སྤྲོས་བྲལ་ལ། །ཨ་འཐས་གཉིས་འཛིན་ཤར་བ་གང་མཆིས་པ། །མདོར་ན་བཅས་དང་རང་བཞིན་འགལ་བ་ཡི། །ཉམས་གྲིབ་སྐྱོན་གྱིས་ཕོག་པའི་རྐྱེན་དབང་གིས། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །འཇིན་རྟེན་མཐུ་ཆེན་དྲེགས་པ་ཀུན་གྱི་ཚོགས། །ཕོག་ཐུག་འགལ་འཁྲུལ་གྱུར་པ་ཅི་མཆིས་པ། །སྙིང་ནས་ཚངས་པ་ཆེན་པོར་བཤགས་ལགས་ན། །མི་དམིགས་ཀ་དག་དབྱིངས་སུ་ཞི་བར་མཛོད། །གཞན་ཡང་བདག་ལ་གདུག་པའི་སེམས་འཆང་བ། །མ་རུང་ལོག་སྤྱོད་ཕྱིན་ཅི་ལོག་པ་ཡི། །རྐུ་འཕྲོག་བཅོམ་ཞིང་དབྱེན་བཅུག་ཕྲ་མ་མཁན། །བདག་ལ་སྡང་བར་བྱེད་པའི་ཚོགས་རྣམས་ལ། །གཞན་ཕན་བྱང་སེམས་སྙིང་རྗེ་ཆེན་པོ་ཡིས། །དགྲ་གཉེན་ཕྱོགས་རིས་བྲལ་བ་བཏང་སྙོམས་ཀྱང་། །འོན་ཀྱང་སྤངས་ལེན་སྲུང་སྐྱོང་བྱེད་པ་རྣམས། །འོས་སམ་མི་འོས་སྤྱན་ལྡན་ཚོགས་རྣམས་ཀྱིས། །སྒྲིབ་མེད་སྤྱན་གྱིས་ས་ལེར་མཁྱེན་ལགས་ན། །བདག་གིས་ཕ་རོལ་ཟས་ནོར་ལོངས་སྤྱོད་རྣམས། །ལེན་ཞིང་མགོན་སྐྱབས་སྲུང་བའི་དམ་རྫས་སྦྱིན། །འགྲོགས་དང་ཉམས་གྲིབ་རྟོག་པ་གང་མཆིས་པ། །མཐོལ་ཞིང་བཤགས་སོ་བྱང་ཞིང་དག་པར་མཛོད། །དམ་ཚིག་ཉམས་པར་གྱུར་པ་སོར་ཆུད་ནས། །འཁུ་ལྡོག་ཐུགས་དང་འགལ་བ་ཅི་མཆིས་པ། །སྤྲོས་བྲལ་ཀ་དག་དབྱིངས་སུ་ཞི་བར་མཛོད། །ཅེས་པ་འདི་མཁན་དཀོན་མཆོག་བཟང་པོ་ནས་འདི་ལྟར་དགོས་ཞེས་ལྷ་རྫས་དང་རིན་ཆེན་གཉིས་པ་དབྱར་རྔའི་གཟུགས་བརྙན་བཅས་ཡང་ཡང་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ལྕགས་རྟ་ལོར་དཔྱིད་ཟླ་བ་དང་པོའི་ཡར་ཚེས་བཟང་པོར་བྲིས་པ་དགེ །

མ་མགོན་གསོལ་མཆོད་ཉུང་བསྡུས་བཞུགས་སོ།།

བྷྱོཿ སྔགས་ཀྱི་སྲུང་མ་མ་མོ་རལ་གཅིག་མ། །དཔལ་མགོན་མ་ནིང་རྡོར་ལེགས་ར་ཧུ་ལ། །དུར་ཁྲོད་ལྷ་མོ་འཁོར་དང་བཅས་པ་རྣམས། །འཁོར་བཅས་མཐུན་པའི་དམ་རྫས་འདི་བཞེས་ལ། །ཇི་ལྟར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་ནི་ཀ་ཁོག་ནས་སོགས་དགོན་པའི་འདུས་སྡེ་རྣམས་ལ་སྙིང་ཐིག་དབང་ཆོས་སྐྱོང་རྣམས་ཀྱི་སྲོག་གཏད་དང་བཅས་པ་བསྐུར་བའི་སྐབས། བེར་ཚང་ཚུལ་ཁྲིམས་རིན་ཆེན་གཅས་དོན་གཉེར་ཅན་འགས་བསྐུར་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པའོ། །དགེའོ། །

ཉང་གཏེར་རྟ་ནག་ལྕགས་རལ་ཅན་གྱི་བསྐང་བསྡུས་འདོད་ཡོན་སྤྲིན་ཕུང་བཞུགས་སོ།།

ཧྲཱིཿ གར་གྱི་དབང་ཕྱུག་རྟ་མགྲིན་ནག་པོ་ཆེ། །དྲེགས་པ་སྡེ་བརྒྱད་འཁོར་དང་བཅས་པ་ཀུན། །ཕྱི་ནང་གསང་བའི་མཆོད་པ་ཕུལ་བའི་མཐུས། །ཐུགས་དམ་བསྐང་ལ་བཅོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

རྟ་མགྲིན་ནག་པོ་ལྕགས་རལ་གྱི་བསྐང་བསྡུས།

ཧྲཱིཿ དབང་ཆེན་རྟ་མཆོག་ཧེ་རུ་ཀ །སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅས། །དམ་རྫས་མཆོད་པ་འདི་བཞེས་ལ། །བར་ཆད་སོལ་ལ་ཕྲིན་ལས་སྒྲུབས། །རྫོགས་སྤྲུལ་ལྔ་པས་སོ། །

རྒྱུད་མགོན་ལེགས་ལྡན་བསྐང་བསྡུས་འདོད་ཡོན་སྤྲིན་གྱི་རོལ་མོ་བཞུགས་སོ། །

ཧཱུྃ། ས་བཅུའི་དབང་ཕྱུག་ལེགས་ལྡན་ནག་པོ་ཆེ། །འཁོར་བཅས་དམ་རྫས་མཆོད་པ་འདི་བཞེས་ལ། །ཕྱི་ནང་ཉེར་འཚེའི་བར་ཆད་ཀུན་ཞི་ཞིང་། །དུས་ཀུན་རྟག་ཏུ་མ་གཡེལ་མེལ་ཚེ་མཛོད། །རྫོགས་སྤྲུལ་ལྔ་པས་སྨྲས་པའོ། །

རཏྣའི་མགོན་པོ་མ་ནིང་གསོལ་བསྡུས་གཡུལ་ལས་རྣམ་རྒྱལ་བཞུགས་སོ། །

ཧཱུྃ། དཔལ་མགོན་མ་ནིང་ནག་པོ་འཁོར་བཅས་ལ། །ཁྱེད་ལ་དགྱེས་པའི་མཆོད་པ་འདི་འབུལ་བས། །ཕྱོགས་བཅུར་གནས་པའི་དགྲ་བགེགས་ཀུན་སྒྲོལ་ལ། །གནོད་པའི་བར་ཆད་མིང་ཡང་མེད་པར་མཛོད། །རྫོགས་སྤྲུལ་ལྔ་པས་གསུངས་སོ། །

མ་ནིང་བསྐང་བསྡུས་ནི།

མ་ནིང་ནག་པོ་ཀུན་གྱི་རྗེ། །ཡུམ་དང་སྲས་བློན་སྤྲུལ་འཁོར་བཅས། །དམ་རྫས་མཆོད་པ་འདི་བཞེས་ལ། །རྣལ་འབྱོར་བསམ་པ་སྒྲུབ་ཏུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

ཉང་གཏེར་ཕྱག་བཞིའི་བསྐང་བསྡུས་ཁྲག་ཞག་འཁྲུགས་པའི་རླབས་ཕྲེང་བཞུགས་སོ།།

ཧཱུྃ། དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ཡབ་ཡུམ་སྲས་དང་སྤྲུལ་འཁོར་བསམ་མི་ཁྱབ། །འདོད་དགུའི་འབྱོར་བ་རྒྱ་མཚོས་ཀུན་ཚིམས་ནས། །ཐུགས་དམ་བསྐང་ལ་རྐྱེན་ངན་བར་ཆད་ཟློག །རྫོགས་སྤྲུལ་ལྔ་པས་སོ།།

སྔགས་སྲུང་མའི་བསྐང་བསྡུས་ཀུན་བཟང་མཆོད་པའི་སྤྲིན་ཕུང་བཞུགས་སོ། །

བྷྱོཿ མ་མོ་སྔགས་ཀྱི་སྲུང་མ་རལ་གཅིག་མ། །ཁོལ་མོ་ཡང་ཁོལ་བྲན་གཡོག་འབུམ་དང་བཅས། །ཟག་མེད་འདོད་ཡོན་རྒྱ་མཚོའི་མཆོད་པ་འདིས། །ཐུགས་དམ་གཉན་བསྐང་བསམ་དོན་ལྷུན་གྲུབ་མཛོད། །རྫོགས་སྤྲུལ་ལྔ་པས་སྨྲས་པའོ། །

ཉི་གྲགས་ལྷ་མོ་སྔགས་བདག་མའི་གསོལ་བསྡུས་རྐྱེན་ངན་ཀུན་སེལ་བཞུགས་སོ། །

བྷྱོཿ འདོད་ཁམས་དབང་སྒྱུར་མ་མོ་ཡོངས་ཀྱི་རྗེ། །བསྟན་སྲུང་གཙོ་མོ་དཔལ་ལྡན་སྔགས་བདག་མ། །དྲེགས་པ་བདུན་དང་མ་མོ་བྱེ་བ་བཅས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །འདོད་དགུའི་བསམ་པ་ལྷུན་གྱིས་འགྲུབ་པ་དང་། །མི་མཐུན་རྐྱེན་ངན་སེལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

ཉི་གྲགས་ལྷ་མོའི་བསྐང་བསྡུས་ནི།

བྷྱོཿ འདོད་པའི་ཁམས་ལ་དབང་སྒྱུར་མ། །དཔལ་ལྡན་ལྷ་མོ་སྔགས་ཀྱི་བདག །འཁོར་བཅས་མཆོད་པ་འདི་བཞེས་ལ། །འདོད་དོན་འཕྲིན་ལས་མྱུར་དུ་སྒྲུབས། །རྫོགས་སྤྲུལ་ལྔ་པས་སོ། །

འཁྲུགས་བསྐང་བསྡུས་པ་ནི།

བྷྱོཿ དཔལ་ལྡན་ལྷ་མོ་འཁོར་བཅས་བདག་ལ་དགོངས། །བདག་ནི་ཉོན་མོངས་དུག་ལྔའི་དབང་གྱུར་པས། །བག་མེད་ལེ་ལོས་དབང་དུ་གྱུར་པ་ཡིས། །ཁྱེད་རྣམས་ཐུགས་དང་འགལ་བ་ཅི་མཆིས་པ། །ཡེ་ཤེས་སྤྱན་ལྡན་རྣམས་ལ་བཟོད་པར་གསོལ། །ནད་གདོན་བར་ཆད་རྐྱེན་ངན་ཀུན་སོལ་ལ། །མཐུན་རྐྱེན་ལེགས་ཚོགས་དངོས་གྲུབ་སྩལ་དུ་གསོལ། །འཁྲུགས་བསྐང་གྲངས་གསོག་སྐབས་ཉུང་ངུར་བྲིས་པ་འདི་ནི་རྫོགས་སྤྲུལ་ལྔ་པས་སོ། །

སྨན་བཙུན་ཚེ་རིང་མཆེད་ལྔའི་བསྐང་བསྡུས་ཡོངས་འདུས་འཁྲི་ཤིང་བཞུགས་སོ། །

བྷྱོཿ དབྱིངས་ཀྱི་ཡུམ་ཆེན་སྨན་བཙུན་མཆེད་སྡེ་ལྔ། །ཞིང་སྔགས་ལྷན་སྐྱེས་ཤ་ཟ་སྨན་མོའི་ཚོགས། །རོ་བརྒྱ་ལྡན་པའི་མཆོད་སྤྲིན་རྒྱ་མཚོ་ཡིས། །ཐུགས་དམ་བསྐང་ལ་ལས་རྣམས་མ་གཡེལ་ཞིག །རྫོགས་སྤྲུལ་ལྔ་པས་སོ། །

ལྷ་ཆེན་བསྐང་བསྡུས་འདོད་ཡོན་ངོ་མཚར་རྒྱན་གྱི་རོལ་མོ་བཞུགས།

ཧྲཱིཿ སྣང་བ་མཐའ་ཡས་དག་ཆེན་སྒྱུ་འཕྲུལ་གར། །ལེགས་བསྒྱུར་ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས། །གཙང་མ་ཕུད་ཀྱི་མཆོད་པ་འདི་ཕུལ་བས། །མི་མཐུན་ཀུན་ཞི་བསམ་དོན་ལྷུན་གྲུབ་ཤོག །རྫོགས་སྤྲུལ་ལྔ་པས་སྨྲས་པ་དགེ།

ལྷ་ཆེན་གསོལ་བསྡུས་བཞུགས་སོ། །

ཧྲཱིཿ དབང་ཕྱུག་མ་ཧཱ་དེ་ཝ་དང་། །ཡུམ་དང་འཁོར་གྱི་མཁའ་འགྲོའི་ཚོགས། །དམ་རྫས་མཆོད་པ་འདི་བཞེས་ལ། །སྣང་སྲིད་དབང་དུ་འདུ་བར་མཛོད། །ཅེས་པ་འདི་དབུ་རྒྱལ་པོ་ནས་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་པས་མེ་ཡོས་ཟླ་ཚེས་ལ་བྲིས་པ་དགེ །

གཟའ་ཡི་བསྐང་བསྡུས་ཤ་ཟ་ཁྲོས་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །

ཧྲཱིཿ རྒྱལ་བའི་བསྟན་སྲུང་ཁྱབ་འཇུག་རཱ་ཧུ་ལ། །སྲིད་ཞིའི་སྡེ་བརྒྱད་འཁོར་དང་བཅས་པ་རྣམས། །དགྱེས་པའི་དམ་རྫས་མཆོད་པ་འདི་བཞེས་ལ། །ཐུགས་དམ་བསྐང་ལ་ལས་བཞིའི་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

གཟའ་ཡི་བསྐང་བསྡུས་ནི།

ཧཱུྃཿ ཁྱབ་འཇུག་ཆེན་པོ་ར་ཧུ་ལ། །སྤྲུལ་པ་གཟའ་བརྒྱད་གདོང་མོ་བཞི། །འཁོར་བཅས་མཆོད་པ་འདི་བཞེས་ལ། །འདོད་དོན་མྱུར་དུ་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

རཏྣའི་དམ་ཅན་སེང་ཞོན་གསོལ་བསྡུས་ཕྲིན་ལས་མྱུར་འགྲུབ་བཞུགས་སོ། །

ཧཱུྃ། སློབ་དཔོན་པདྨའི་བཀའ་ཉན་ཐ་ཚིག་ཅན། །རྡོ་རྗེ་ལེགས་པ་མཆེད་འཁོར་ཚོགས་བཅས་ལ། །དམ་རྫས་དགྱེས་པའི་མཆོད་སྤྲིན་འདི་ཕུལ་བས། །ལས་བཞིའི་འཕྲིན་ལས་སྒྲུབ་པའི་སྡོང་གྲོགས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

ཉི་གྲགས་དམ་ཅན་ར་ཞོན་བསྐང་བསྡུས་དགྲ་ལས་རྣམ་རྒྱལ་བཞུགས་སོ། །

ཧཱུྃ། གསང་བདག་ཐུགས་སྤྲུལ་དམ་ཅན་རྡོ་རྗེ་ལེགས། །འཁོར་བཅས་དམ་རྫས་མཆོད་པ་འདི་བཞེས་ལ། །མི་མཐུན་གནོད་པའི་བར་ཆད་ཀུན་སོལ་ལ། །ཡིད་ལ་བསམ་པ་ལྷུན་གྱིས་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ།།

དམ་ཅན་ར་ཞོན་བསྐང་བསྡུས་ནི།

ཀྱཻཿ གསང་བདག་ཐུགས་སྤྲུལ་རྡོ་རྗེ་ལེགས། །མཆེད་འཁོར་ཡུམ་སྲས་བློན་པོ་བཅས། །དགྱེས་པ་ཆེན་པོའི་མཐུན་རྫས་འདི། །བཞེས་ལ་བསམ་དོན་ལྷུན་གྲུབ་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

ལྷ་བཙན་གྱི་བསྐང་བསྡུས་བཞུགས་སོ། །

ཧཱུྃཿ གངས་དཀར་ཏི་སེའི་ཞིང་སྐྱོང་དཔལ་མགོན་ཆེ། །ལྷ་བཙན་ཆེན་པོ་ཇོ་བོ་རྡོ་རྗེ་འབར། །བཙན་རྒོད་ཆེན་པོ་མཆེད་བདུན་འཁོར་བཅས་རྣམས། །དམ་རྫས་ཕུད་ཀྱི་མཆོད་པ་འདི་བཞེས་ལ། །ཐུགས་དམ་བསྐང་ལ་བསམ་དོན་ལྷུན་གྲུབ་མཛོད། །ཅེས་པའང་རྫོགས་སྤྲུལ་ལྔ་པས་སོ། །

དམ་ཅན་ནོར་སྒྲུབ་བསྐང་བསྡུས་ནོར་ལྷ་དགྱེས་པའི་གཏེར་མཛོད་བཞུགས་སོ། །

ཀྱཻ །དམ་ཅན་ནོར་བདག་དགེ་བསྙེན་སྤྲུལ་འཁོར་བཅས། །ཀུན་བཟང་མཆོད་པའི་སྤྲིན་ལྟར་འབུལ་ལགས་ན། །མི་མཐུན་འགལ་རྐྱེན་གནོད་པ་ཀུན་ཞི་ནས། །མཐུན་རྐྱེན་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་མཛོད། །མཆོད་རིག་འཛིན་ངག་དབང་ནས་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་པས་སྨྲས་པའོ། །

དགོང་བཙན་བསྐང་བསྡུས་བྱད་མ་གཡུལ་འཇོམས་བཞུགས།

ཧྲཱིཿ གཏེར་སྲུང་བཙན་རྒོད་འབར་བ་མཆེད་བདུན་དང་། །གནོད་སྦྱིན་ནོར་བདག་བསམ་མི་ཁྱབ་པའི་འཁོར། །རང་རང་མཐུན་པའི་དམ་རྫས་འདི་འབུལ་བས། །ཐུགས་དམ་བསྐང་ལ་ཕྲིན་ལས་མ་གཡེལ་ཞིག །རྫོགས་སྤྲུལ་ལྔ་པས་སོ།།

གཏེར་སྲུང་ལྡང་ལྷའི་བསྐང་བསྡུས་བཞུགས་སོ། །

ཧཱུྃ། སྔོན་ཚེ་པདྨའི་བཀའ་ཉན་ཐ་ཚིག་ཅན། །ལྷ་ཡི་དགེ་བསྙེན་རྡོ་རྗེ་དྲག་པོ་རྩལ། །བཙན་རྒོད་བྱ་ར་སྟོང་གི་ཚོགས་དང་བཅས། །དམ་རྫས་ཕུད་ཀྱི་མཆོད་པ་རྒྱ་ཆེན་འདིས། །ཐུགས་དམ་གཉན་བསྐང་རྣལ་འབྱོར་དབུ་འཕང་བསྟོད། །རྫོགས་སྤྲུལ་ལྔ་པས་སོ། །

དྲག་ཤུལ་སྟོབས་ལྡན་དབང་པོའི་གསོལ་བསྡུས་ནི།

ཛཿ དྲེགས་པའི་ཡོངས་རྗེ་དྲག་རྩལ་དབང་པོ་ཡིས༔ དམ་རྫས་བྷ་ལིང་མཆོད་གཏོར་འདི་བཞེས་ལ༔ རྣལ་འབྱོར་བསམ་དོན་ཆོས་བཞིན་འགྲུབ་པ་དང༔ ཚེ་དཔལ་སྟོབས་འབྱོར་ལུང་རྟོགས་སྣང་བ་རྒྱས༔ སྨྱོ་འདྲེ་རྒྱལ་འགོང་རྡུལ་དུ་བརླག་པ་དང༔ ལྷ་འདྲེ་མི་གསུམ་དབང་སྡུད་ཕྲིན་ལས་མཛོད༔ཅེས་པ་འདི་ནི་གཏེར་གཞུང་གཞིར་བཞག་ནས་ཚིག་རྐང་གཉིས་ནི་མཁན་དཀོན་བཟང་ནས་བསྐུལ་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་སྨྲས་པའོ། །

རྒྱལ་ཆེན་སྐུ་ལྔའི་བསྐང་བསྡུས་བདུད་སྡེ་ཕྱེར་འཐག་བཞུགས་སོ། །

ཧྲཱིཿ རྒྱལ་ཆེན་སྐུ་ལྔ་ཡབ་ཡུམ་བློན་པོ་དང་། །རུ་འདྲེན་སྡེ་བཞིའི་འཁོར་ཚོགས་བསམ་མི་ཁྱབ། །མཆོད་པ་འབུལ་ལོ་ཐུགས་དམ་དགྱེས་སྐོངས་ཤིག །རྣལ་འབྱོར་བསམ་པ་ཡིད་བཞིན་སྒྲུབ་ཏུ་གསོལ། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་གསུངས་པའོ། །

རྒྱལ་ཆེན་སྐུ་ལྔའི་བསྐང་བསྡུས།

ཧྲཱིཿ རྒྱལ་ཆེན་སྐུ་ལྔ་ཡབ་ཡུམ་ནི། །བློན་པོ་རུ་འདྲེན་འཁོར་དང་བཅས། །བཟའ་བཅའ་བཏུང་བའི་བྱེ་བྲག་འདི། །ཕུལ་བས་ཅི་འདོད་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

གསུང་བློན་རྡོ་རྗེ་གྲགས་ལྡན་བསྐང་བསྡུས་ཕྲིན་ལས་མྱུར་འགྲུབ་བཞུགས་སོ། །

ཧྲཱིཿ ཁམས་གསུམ་དབང་སྒྱུར་སྲིད་གསུམ་སྲོག་གི་གཤེད། །བློན་པོ་རྡོ་རྗེ་གྲགས་ལྡན་འཁོར་དང་བཅས། །མཐུན་པའི་དམ་རྫས་ནམ་མཁའི་ཁྱོན་བཀང་སྟེ། །ཐུགས་དམ་བསྐང་ལ་ལས་རྣམས་མྱུར་དུ་སྒྲུབས། །རྫོགས་སྤྲུལ་ལྔ་པས་སོ། །

གསུང་བློན་རྡོ་རྗེ་གྲགས་ལྡན་བསྐང་བསྡུས་ནི།

ཧྲཱིཿ རྒྱལ་ཆེན་རྡོ་རྗེ་གྲགས་ལྡན་ནི། །ཡུམ་དང་སྲས་བློན་སྤྲུལ་འཁོར་བཅས། །རྣམ་མང་དགྱེས་པའི་མཆོད་སྤྲིན་འདི། །ཕུལ་བས་བསམ་དོན་ལྷུན་གྲུབ་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

གྲི་བཙན་རྡོ་རྗེ་དགྲ་འཇོམས་རྩལ་གྱི་བསྐང་བསྡུས་དམ་ཉམས་འཇོམས་པའི་འཕྲུལ་འཁོར་བཞུགས་སོ། །

ཧྲཱིཿ དབང་ཆེན་ཐུགས་སྤྲུལ་གྲི་བཙན་དགྲ་འཇོམས་རྩལ། །མཆེད་ཟླ་ཡུམ་སྲས་བློན་འཁོར་རྒྱ་མཚོའི་ཚོགས། །མཆོད་པའི་བྱེ་བྲག་རྣམ་མང་རྒྱ་མཚོ་ཡིས། །ཐུགས་དམ་བསྐང་ལ་དངོས་གྲུབ་མ་ལུས་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

གྲི་བཙན་བསྐང་བསྡུས་ནི། །

ཧྲཱིཿ དབང་ཆེན་བཀའ་སྡོད་དྲེགས་པའི་གཙོ། །གྲི་བཙན་རྡོ་རྗེ་དགྲ་འཇོམས་རྩལ། །འཁོར་བཅས་མཆོད་པ་འདི་བཞེས་ལ། །བསམ་དོན་ལྷུན་གྱིས་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

ཉི་གྲགས་ནོར་བདག་བསྐང་བསྡུས་དངོས་གྲུབ་འདོད་རྒུའི་གཏེར་མཛོད་བཞུགས་སོ། །

བཻ། ནོར་བདག་ཡིད་བཞིན་ནོར་བུ་རྣམ་ཐོས་སྲས། །དགྱེས་སྡེ་ཡུམ་སྲས་ནོར་ལྷ་རྒྱ་མཚོའི་ཚོགས། །རྣམ་མང་མཆོད་སྤྲིན་རྒྱ་མཚོ་འདི་བཞེས་ལ། །ཐུགས་དམ་བསྐང་ལ་ནོར་གྱི་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

ནོར་བདག་བསྐང་བསྡུས་ནི།

བཻ། རྣམ་མང་ཐོས་སྲས་འཁོར་བཅས་ཀྱིས། །རྣམ་དག་མཆོད་པ་འདི་བཞེས་ལ། །རྣམ་ཀུན་ཐུགས་དམ་དགྱེས་བསྐང་བས། །རྣམ་བཞིའི་ཕྲིན་ལས་བདག་ལ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

རྟ་ལྷའི་བསྐང་བསྡུས་བཞུགས་སོ། །

ཧཱུྃ། རྟ་ལྷའི་རྒྱལ་པོ་ཨཱརྱ་རེ་མནྟ། །རང་འདྲ་ལྔ་བརྒྱའི་འཁོར་ཚོགས་བཅས་པ་རྣམས། །ཁྱེད་དང་མཐུན་པའི་དམ་རྫས་འབུལ་ལགས་ན། །ཐུགས་དམ་བསྐང་ལ་གཞི་བྱེས་ལམ་གསུམ་གྱི། །རྟ་དྲེལ་གོད་ཁ་བཟློག་པའི་ཕྲིན་ལས་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སོ། །

གཉན་ཆེན་ཐང་ལྷའི་བསྐང་བསྡུས་བཞུགས།

ཀྱཻ། ས་བརྒྱད་སེམས་དཔའ་ཡུལ་ལྷའི་ཚུལ། །གཉན་ཆེན་རྡོ་རྗེ་འབར་བ་རྩལ། །འཁོར་བཅས་མཆོད་པ་འདི་བཞེས་ལ། །བསམ་དོན་ལྷུན་གྱིས་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

ལྷ་གཉན་ཆེན་པོ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་བསྐང་བསྡུས་བཞུགས་སོ། །

ཀྱཻ། རྒྱལ་དབང་པདྨའི་བཀའ་ཉན་ཡུལ་སྐྱོང་གཙོ། །ལྷ་གཉན་ཆེན་པོ་རྡོ་རྗེ་གཡུང་དྲུང་རྩལ། །བཙུན་མོ་སྲས་བློན་རུ་འདྲེན་འཁོར་ཚོགས་བཅས། །དམ་རྫས་ཕུད་ཀྱི་མཆོད་པ་རྒྱ་ཆེན་འདིས། །ཐུགས་དམ་བསྐང་ལ་བཀྲ་ཤིས་བདེ་ལེགས་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

དཀོར་བདག་ཆེན་མོ་རྒོད་ལྕམ་ཁ་རག་བསྐང་བསྡུས་འདོད་རྒུའི་རྡུལ་འཚུབ་བཞུགས་སོ།།

ཧཱུྃ། སྨན་བཙུན་ཆེན་མོ་རྒོད་ལྕམ་ཤེལ་རུ་སྨན། །དཀོར་བདག་ཚུལ་འཛིན་ཀླུ་གཉན་སྨན་མོའི་གཙོ། །འཁོར་བཅས་དམ་རྫས་མཆོད་པ་འདི་བཞེས་ལ། །ཐུགས་དམ་བསྐང་ལ་འདོད་དོན་མྱུར་དུ་སྒྲུབས། །རྫོགས་སྤྲུལ་ལྔ་པས་སོ།།

གནས་བདག་ནོར་བུ་གཡུལ་རྒྱལ་བསྐང་བསྡུས་ནོར་བུའི་ཕྲེང་བ་ནི།

ཧཱུྃ། གནས་བདག་ཆེན་པོ་ཟོ་དོར་ཡོངས་ཀྱི་གཙོ། །ལྷ་ཀླུ་གཉན་བཅས་འཁོར་ཚོགས་བསམ་མི་ཁྱབ། །ནམ་མཁའི་ཁམས་བཀང་མཆོད་སྤྲིན་རྒྱ་མཚོ་ཡིས། །ཐུགས་དམ་གཉན་བསྐང་རྣལ་འབྱོར་བསམ་དོན་སྒྲུབས། །རྫོགས་སྤྲུལ་ལྔ་པས་སོ། །

ནོར་བུ་གཡུལ་རྒྱལ་བསྐང་བསྡུས།

ཧཱུྃ། གནས་བདག་ནོར་བུ་གཡུལ་རྒྱལ་ནི། །ཡུམ་དང་བློན་པོ་དམག་དཔུང་བཅས། །བཟའ་བཏུང་མཆོད་པ་འདི་བཞེས་ལ། །ཡིད་ལ་ཅི་འདོད་ལྷུན་གྲུབ་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

དཔྱལ་བྲག་བསྐང་བསྡུས་དཔག་བསམ་ལྗོན་ཤིང་བཞུགས།

ཧཱུྃ། ལྕམ་མོ་ཆེན་མོ་སྨན་བཙུན་གཞོན་ནུ་མ། །མིང་པོ་ལྷ་ཡི་དགེ་བསྙེན་དྲག་རྩལ་ཅན། །འཁོར་བཅས་དམ་རྫས་མཆོད་པ་འདི་བཞེས་ལ། །ཐུགས་དམ་བསྐང་ལ་ཕྲིན་ལས་སྡོང་གྲོགས་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སོ། །

དུར་ཁྲོད་ལྷ་མོའི་བསྐང་བསྡུས་མ་མོ་དགྱེས་པའི་གླུ་དབྱངས་བཞུགས་སོ། །

བྷྱོཿ དུར་ཁྲོད་མ་མོ་ཞིང་སྐྱོང་ཀུན་གྱི་གཙོ། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་འཁོར་དང་བཅས། །སྨན་གཏོར་རཀྟའི་མཆོད་པ་འདི་བཞེས་ལ། །ཐུགས་དམ་བསྐང་ལ་ཕྲིན་ལས་མྱུར་དུ་སྒྲུབས། །རྫོགས་སྤྲུལ་ལྔ་པས་སོ། །

གེ་སར་མངའ་གསོལ་བསྡུས་པ་བཞུགས་སོ།

ཧཱུྃ། དགྲ་བླ་གེ་སར་ནོར་བུ་དགྲ་འདུལ་རྩལ། །རྫུ་འཕྲུལ་རྡོ་རྗེ་རྐྱང་རྒོད་འཕེལ་བོ་དང་། །དཔའ་བརྟུལ་དང་སྨན་བཀའ་སྡོད་ཕོ་ཉ་བཅས། །ཚོགས་ཀྱི་བདག་པོ་དགྲ་ལྷ་བཅུ་གསུམ་སོགས། །དགྲ་ལྷ་མཆེད་དགུ་འགོ་བའི་ལྷ་ལྔ་དང་། །འབྲོང་གཡག་དར་མ་དགྲ་བླ་ཉེར་གཅིག་སོགས། །རྨ་རྒྱལ་སྤོམ་ར་མཆེད་སྲས་བཙུན་མོར་བཅས། །ལྷ་འཁོར་ཀླུ་འཁོར་འབུམ་དང་བཅས་པ་རྣམས། །དམ་རྫས་ཕུད་ཀྱི་མཆོད་པ་རྒྱ་ཆེན་འདིས། །ཐུགས་དམ་བསྐང་ལ་འགལ་རྐྱེན་བར་ཆད་སོལ། །དབུ་འཕང་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྟོད། །ཕ་རོལ་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །མི་ཕམ་པས་མཛད་པ་ལ་ཅུང་ཟད་ཁ་བསྐངས་པ་རྫོགས་སྤྲུལ་ལྔ་བས་སོ། །

གེ་སར་གསོལ་མཆོད་བདུད་བཞིའི་གཡུལ་རྒྱལ།

ཨེ་མ་ཧོ། དག་པ་ལྷུན་གྲུབ་འོད་གསལ་ལུས་ཀྱི་སྦུབ། །མི་ཤིགས་ཐིག་ལེ་མཆོག་ཏུ་བདེ་བའི་དབྱིངས། །སྙིང་དབུས་པདྨ་འོད་གླིང་སྤྲུལ་པའི་ཞིང་། །རིག་རྩལ་མ་འགགས་དཔའ་བོ་མཁའ་འགྲོའི་གྲོང་། །རང་རིག་མི་འགྱུར་ཨོ་རྒྱན་སེང་ཆེན་རྗེ། །རྣལ་འབྱོར་མོས་པའི་བུ་ལ་བརྩེར་དགོངས་ནས། །ཡུལ་སྣང་བདེན་འཛིན་ཞིག་པའི་འདོད་ཡོན་དང་། །གཉིས་རྟོག་མཉམ་པར་སྦྱར་བའི་ཨ་མྲྀ་ཏ། །རེ་དོགས་ཚར་གཅོད་དམར་ཆེན་རཀྟའི་མཚོ། །ཚོགས་དྲུག་རྒྱན་དུ་ཤར་བའི་གཏོར་ཚོགས་བཅས། །གཉིས་མེད་མཉམ་པའི་ཀློང་དུ་བཞེས་མཛད་ནས། །རིག་སྟོང་ཡེ་ཤེས་ཟུང་འཇུག་ཕྱག་རྒྱ་ཆེ། །མངོན་གྱུར་སྐྱེས་མཆོག་བདུད་འདུལ་དགྲ་ལྷའི་རྒྱལ། །འབྲལ་མེད་སྙིང་གི་འཁོར་ལོ་དགྱེས་བཞུགས་ནས། །གསང་བ་གསུམ་གྱི་ཐེག་ལེར་མཉམ་སྦྱོར་ལ། །སྐུ་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་སྨིན། །ཆོས་བརྒྱད་རོ་མཉམ་རྟོགས་པའི་རྩལ་ཆེན་འབར། །རང་སྣང་དབང་འདུས་གཞན་སྣང་ཟིལ་ནོན་ཞིང་། །བདུད་བཞིའི་གཡུལ་རྒྱལ་གཞན་ཕན་མཁར་ཁྱབ་པས། །ལས་བཞིའི་ཕྲིན་ལས་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་པ་འདིའང་དུས་ཚེས་དགེ་བར་རྫོགས་སྤྲུལ་ལྔ་པས་སོ། །

གེ་སར་སྐྱེས་བུའི་གསོལ་བསྡུས་དགྲ་ལྷ་དགྱེས་པའི་མཆོད་སྤྲིན་བཞུགས་སོ། །

བསྭོ། སྣང་སྲིད་དགྲ་ལྷ་ཡོངས་ཀྱི་ཆེ་བཙན་པ། །གེ་སར་ནོར་བུ་དགྲ་འདུལ་འཁོར་བཅས་ལ། །མཆོད་སྤྲིན་ནམ་མཁའ་མཛོད་དུ་འབུལ་ལགས་ན། །གཡུལ་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ།།

གེ་སར་བསྐང་བསྡུས་ནི།

བསྭོ། སྣང་སྲིད་དགྲ་བླ་ཀུན་གྱི་གཙོ། །གེ་སར་ནོར་བུ་དགྲ་འདུལ་རྩལ། །འཁོར་བཅས་མཆོད་པ་འདི་བཞེས་ལ། །གཡུལ་ལས་རྒྱལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

རླུང་རྟའི་བསྐང་བསྡུས་ནི།

ཧོཿ རྫུ་འཕྲུལ་མྱུར་མགྱོགས་ཤུགས་ལྡན་རྟ། །སྟག་སེང་ཁྱུང་འབྲུག་རླུང་རྟའི་ལྷ། །དགྱེས་རྒུའི་མཆོད་པ་འདི་བཞེས་ལ། །སྙན་གྲགས་ཕྱོགས་བཅུར་རྒྱས་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

ཆོས་སྐྱོང་སྤྱི་ཡི་གསོལ་བསྡུས་ནི།

ཧཱུྃ། ཆོས་ཉིད་དབྱིངས་ལས་བཞེངས་པ་ཡི། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །ཐུགས་རྗེ་བརྩེ་བས་རྗེས་དགོངས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས། །དམ་རྫས་མཐུན་པའི་གཏོར་མ་དང་། །ཇ་ཆང་འོ་སྐོལ་བཏུང་བའི་རིགས། །ཕུད་དང་རཀྟའི་རྒྱ་མཚོ་བསྐྱིལ། །མཆོད་ཅིང་བསྟོད་པའི་བྱིན་རླབས་ཀྱིས། །མི་མཐུན་གནོད་པ་ཀུན་ཞི་ནས། །མཐུན་རྐྱེན་ཆོས་དང་མཐུན་པ་ཡི། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པ་འདི་ཡང་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཐུགས་སྤྲུལ་གུ་རུ་ཚེ་དབང་ནས་ཆོས་སྐྱོང་སྤྱི་ཡི་གསོལ་བསྡུས་འདི་ལྟར་དགོས་ཞེས་བསྐུལ་ངོར་རྫོགས་སྤྲུལ་ལྔ་པས་བྲིས་པའོ། །

སྲུང་མ་སྤྱིའི་གསོལ་བསྡུས་བཞུགས་སོ། །

ཧཱུྃ། སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་སྲུང་མར་ཞལ་བཞེས་དམ་ཚིག་ཅན། །མཐུ་ཆེན་བསྟན་སྲུང་དབང་པོ་འཁོར་བཅས་རྣམས། །བདག་གིས་བསྟེན་ཅིང་གསོལ་ཞིང་སྒྲུབ་པ་ན། །ཞི་དང་རྒྱས་དང་དབང་དང་དྲག་པོ་སོགས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །ཅེས་པ་འདིའང་ཕུར་ཚའི་བསྟན་འཛིན་ནས་ལྷ་རྫས་དང་བཅས་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་སྨྲས་པའོ། །

རྨ་རྒྱལ་སྐོང་བསྡུས་ཡིད་བཞིན་འདོད་འཇོའི་བང་མཛོད་ཅེས་བྱ་བ་བཞུགས་སོ། །

ཧྲཱིཿ ལྷ་ཡི་སྲས་པོ་རྨ་རྒྱལ་སྤོམ་ར་ནི། །རྨ་འཁོར་འབུམ་དང་བཅས་པ་གཤེགས་ནས་ཀྱང་། །བསམ་མི་ཁྱབ་པའི་མཆོད་སྤྲིན་རྒྱ་མཚོ་འདི། །ཕུལ་བས་རྨ་གཡང་འདོད་དགུའི་དངོས་གྲུབ་སྩོལ། །ཅེས་རྫོགས་སྤྲུལ་ལྔ་པས་སོ།

རྨ་རྒྱལ་སྐོང་བསྡུས་ནི།

ཧྲཱིཿ རྨ་རྒྱལ་སྤོམ་ར་ལྷ་ཡི་སྲས། །རྨ་འཁོར་འབུམ་དང་བཅས་པ་རྣམས། །འཁོར་བཅས་མཆོད་པ་འདི་བཞེས་ལ། །རྨ་གཡང་དངོས་གྲུབ་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

ལས་གཤིན་སྐོང་བསྡུས་ཕྲིན་ལས་མྱུར་མགྱོགས་བཞུགས་སོ། །

ཨཻ། འཇམ་དཔལ་བཀའ་སྡོད་ལས་ཀྱི་གཤིན་རྗེའི་གཤེད། །གཏུམ་མོ་དུག་ཧྲུལ་ལས་བྱེད་ཕོ་ཉའི་ཚོགས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །ཐུགས་དམ་བསྐང་ལ་མི་མཐུན་ཀུན་སོལ་ཅིག །རྫོགས་སྤྲུལ་ལྔ་པས་སོ།།

ཙིའུ་དམར་པོའི་བསྐང་བསྡུས་ནི།

ཧྲཱིཿགནོད་སྦྱིན་ཆེན་པོ་ཡང་ལེ་བེར། །སྡེ་བརྒྱད་དྲེགས་པའི་དམག་དཔུང་བཅས། །མཐུན་པའི་དམ་རྫས་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

གནོད་སྦྱིན་ཙིའུ་དམར་བསྐང་བསྡུས་བྱད་མ་སྟོབས་བཤིག་བཞུགས་སོ། །

ཧྲཱི༔ དབང་ཆེན་པདྨའི་བཀའ་སྡོད་དྲེགས་པའི་གཙོ། །གནོད་སྦྱིན་ཙིའུ་དམར་པོ་འཁོར་བཅས་ལ། །དམ་རྫས་ཕུད་ཀྱི་མཆོད་པ་འདི་འབུལ་བས། །ཐུགས་དམ་གཉན་སྐོང་རྣལ་འབྱོར་དབུ་འཕང་བསྟོད། །རྫོགས་སྤྲུལ་ལྔ་པས་སོ། །

རྩ་གསུམ་གསང་བ་སྙིང་ཐིག་གི་གཏེར་སྲུང་རྒྱལ་བ་ཐོད་དཀར་བསྐང་བསྡུས་སྙན་པའི་བ་དན་བཞུགས་སོ། །

ཧཱུྃ། གཉན་ཆེན་རྒྱལ་བ་ཐོད་དཀར་མཆེད་ཟླ་བརྒྱད། །གཉན་འཁོར་འབུམ་ཕྲག་མང་པོའི་ཚོགས་དང་བཅས། །མཆོད་སྤྲིན་བསམ་ཡས་ལྷུན་གྲུབ་འབུལ་ལགས་ན། །ཐུགས་དམ་བསྐང་ལ་འདོད་དོན་ལྷུན་འགྲུབ་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

འབར་མ་བྱ་ཞོན་མའི་བསྐང་བསྡུས་མ་མོ་དགྱེས་པའི་མཆོད་སྤྲིན་བཞུགས་སོ། །

བྷྱོཿ མ་ཚོགས་འབུམ་གྱི་མཁའ་འགྲོའི་གཙོ་མོ་ནི། །འབར་མ་ནག་མོ་བྱ་ཞོན་འཁོར་བཅས་ལ། །སྟོང་གསུམ་རབ་འབྱམས་རྒྱ་མཚོའི་མཆོད་སྤྲིན་འདིས། །ཐུགས་དམ་བསྐང་ལ་ནད་རིམས་བཟློག་ཏུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

ཟབ་ཆོས་པདྨ་དྲག་ཁྲོས་ལས་འབར་བ་ལྕམ་དྲལ་བསྐང་བསྡུས་ཡོངས་འདུས་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། །

ཧཱུྃ། བདུད་བཙན་ཀླུ་དང་འབར་བ་ལྕམ་དྲལ་ལ། །ཤ་ཁྲག་རུས་གསུམ་དཀར་མངར་འབྲུ་སྨན་སྤོས། །རིན་ཆེན་སྨན་འབྲུ་དར་ཟབ་སྣ་ཚོགས་ཀྱིས། །ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

གཏེར་སྲུང་ལྷ་མོ་ཆེན་མོའི་བསྐང་བསྡུས་དངོས་གྲུབ་སྤྲིན་འཁྲིགས་ཞེས་བྱ་བ་བཞུགས་སོ།།

བྷྱོཿ ནམ་མཁའ་ཡངས་བའི་ཁམས་ལ་དབང་བསྒྱུར་བའི། །གཏེར་སྲུང་དཔལ་ལྡན་ལྷ་མོ་ཆེན་མོ་ལ། །རབ་འབྱམས་ཞིང་གི་མཆོད་པ་འབུལ་ལགས་ན། །ཐུགས་དམ་བསྐང་ངོ་དངོས་གྲུབ་བདག་ལ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ།།

ཕག་མོ་ནག་མོའི་བཀའ་སྲུང་ཁྲག་རལ་མའི་བསྐང་བསྡུས་ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་རླབས་ཕྲེང་བཞུགས་སོ། །

བྷྱོཿ ལས་ཀྱི་མཁའ་འགྲོ་དམར་མོ་ཁྲག་རལ་ཅན། །ལས་བྱེད་སྤྲུལ་པ་འབུམ་འབུམ་ཚོགས་དང་བཅས། །སྨན་གཏོར་རཀྟའི་མཆོད་པ་འདི་བཞེས་ལ། །ཐུགས་དམ་བསྐང་ལ་དྲག་པོའི་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ།།

གཏེར་སྲུང་ཡང་མ་སྐྱིན་གདོང་བསྐང་བསྡུས་དབྱར་རྔའི་སྒྲ་དབྱངས་

ཞེས་བྱ་བ་བཞུགས་སོ། །

བྷྱོཿ ཟབ་གཏེར་གཉན་གྱི་སྲུང་མ་མཐུ་མོ་ཆེ། །ཡང་མ་སྐྱིན་གདོང་འཁོར་དང་བཅས་པ་ལ། །ཕྱི་ནང་གསང་བའི་མཐུན་པའི་དམ་ཚིག་རྫས། །ཕུལ་བས་རྐྱེན་ངན་བར་ཆད་སེལ་བར་མཛོད། །ཅེས་རྫོགས་སྤྲུལ་ལྔ་པས་སོ། །མངྒ་ལཾ། །

བཀའ་ཡི་བསྲུང་མ་གནོད་སྦྱིན་བཅུ་གཉིས་བསྐང་བསྡུས་གནོད་སྦྱིན་དགྱེས་པའི་མཆོད་སྤྲིན་བཞུགས་སོ། །

ཧཱུྃ། བཀའ་ཡི་སྲུང་མ་གནོད་སྦྱིན་བཅུ་གཉིས་དང་། །བྲན་གཡོག་བདུན་འབུམ་ཉི་ཁྲིའི་འཁོར་བཅས་ལ། །རང་རང་དགྱེས་པའི་མཆོད་པ་འབུལ་ལགས་ན། །ཐུགས་དམ་བསྐང་ལ་ཕྲིན་ལས་མ་གཡེལ་ཞིག །རྫོགས་སྤྲུལ་ལྔ་བས་སོ།།

ཀླུ་རྒྱལ་ནཱ་ག་རཀྴའི་བསྐང་བསྡུས་ཀླུ་གདོན་འཇོམས་པའི་དཔའ་བོ་བཞུགས་སོ། །

ཕེཾ། ཀླུ་སྲིན་ཁྲོས་པ་མི་བཟད་འཇིགས་པའི་སྐུ། །བཅོམ་ལྡན་འཇམ་དཔལ་ནཱ་ག་རཀྴ་ལ། །སྤྱི་དང་ཁྱད་པར་མཆོད་པའི་རྫས་རྣམས་ཀྱིས། །ཐུགས་དམ་བསྐང་ལ་ཀླུ་ནད་འཇོམས་པར་མཛོད། །རྫོགས་སྤྲུལ་ལྔ་པས་སྤེལ་བ་དགེ།

གྲྭ་པའི་འཛམ་དམར་བསྐང་བསྡུས་ནི།

ཧྲཱིཿ དབང་མཛད་ཛམ་དམར་འཁོར་བཅས་ལ། །དགྱེས་པའི་མཆོད་པ་འདི་ཕུལ་བས། །ཐུགས་དམ་བསྐང་ཞིང་ཉམས་ཆགས་བཤགས། །འབྲུ་ནོར་ལོངས་སྤྱོད་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

གནས་བདག་ནོར་བུ་གཡུལ་རྒྱལ་བསྐང་བསྡུས་ནོར་བུའི་ཕྲེང་བ་བཞུགས་སོ། །

ཧཱུྃ། གནས་བདག་ཆེན་པོ་ཟོ་དོར་ཡོངས་ཀྱི་གཙོ། །ལྷ་ཀླུ་གཉན་བཅས་འཁོར་ཚོགས་བསམ་མི་ཁྱབ། །ནམ་མཁའི་ཁམས་ཀུན་མཆོད་སྤྲིན་རྒྱ་མཚོ་ཡིས། །ཐུགས་དམ་གཉན་སྐོང་རྣལ་འབྱོར་བསམ་དོན་འགྲུབ། །རྫོགས་སྤྲུལ་ལྔ་པས་སོ། །

ནོར་བུ་གཡུལ་རྒྱལ་བསྐང་བསྡུས།

ཧཱུྃ། གནས་བདག་ནོར་བུ་གཡུལ་རྒྱལ་ནི། །ཡུམ་དང་བློན་པོ་དམག་དཔུང་བཅས། །བཟའ་བཏུང་མཆོད་པ་འདི་བཞེས་ལ། །ཡིད་ལ་ཅི་འདོད་ལྷུན་འགྲུབ་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

གཏེར་སྲུང་དགེ་བསྙེན་སྙོན་ཁའི་བསྐང་བསྡུས་མེ་ལྕེའི་ཕྲེང་བ་བཞུགས།

ཧཱུྃ། ཁམས་གསུམ་སྐྱེ་འགྲོ་ཡོངས་ཀྱི་སྲོག་གི་བདག །དགེ་བསྙེན་སྙོན་ཁ་འཁོར་དང་བཅས་པ་ཀུན། །རང་རང་མཐུན་པའི་དམ་རྫས་འདི་བཞེས་ལ། །ཐུགས་དམ་སྐོང་ལ་རྐྱེན་ངན་བར་ཆད་སོལ། །རྫོགས་སྤྲུལ་ལྔ་པས་སོ། །

དྲེགས་པའི་སྡེ་དཔོན་སུམ་ཅུའི་བསྐང་བསྡུས་ཕྲིན་ལས་ལྷུན་གྲུབ་བཞུགས།

ཧཱུྃ། དཔལ་ཆེན་བཀའ་སྡོད་སྡེ་དཔོན་སུམ་ཅུའི་ཚོགས། །རང་རང་གཡོག་འཁོར་ལྷ་སྲིན་དྲེགས་པའི་སྡེ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །

ལས་གཤིན་བསྐང་བསྡུས་ཕྲིན་ལས་མྱུར་མགྱོགས་བཞུགས་སོ། །

ཨེེཿ འཇམ་དཔལ་བཀའ་སྡོད་ལས་ཀྱི་གཤིན་རྗེའི་གཤེད། །གཏུམ་མོ་དུག་ཧྲུལ་ལས་བྱེད་ཕོ་ཉའི་ཚོགས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །ཐུགས་དམ་བསྐང་ལ་མི་མཐུན་ཀུན་སོལ་ཅིག །རྫོགས་སྤྲུལ་ལྔ་པས་སོ།།

ཀླུ་མོའི་སྐོང་བསྡུས་ནོར་བུའི་གཏེར་མཛོད་བཞུགས་སོ། །

ཕེཾ། ཀླུ་རྒྱལ་དུང་སྐྱོང་སྲས་མོ་གཟི་འབར་མ། །ནོར་འཛིན་བདག་པོ་ཀླུ་བྲན་ཚོགས་བཅས་ལ། །དཀར་གསུམ་མངར་གསུམ་ལ་སོགས་མཐུན་རྫས་ཀྱིས། །ཐུགས་དམ་སྐོང་ལ་ཕྱྭ་གཡང་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

རྨ་རྒྱལ་བསྐང་བསྡུས་ཡིད་བཞིན་འདོད་འཇོའི་བང་མཛོད་ཞེས་བྱ་བ་བཞུགས་སོ། །

ཧྲཱིཿ ལྷ་ཡི་སྲས་པོ་རྨ་རྒྱལ་སྤོམ་ར་ནི། །རྨ་འཁོར་འབུམ་དང་བཅས་པ་གཤེགས་ནས་ཀྱང་། །བསམ་མི་ཁྱབ་པའི་མཆོད་སྤྲིན་རྒྱ་མཚོ་འདི། །ཕུལ་བས་རྨ་གཡང་འདོད་དགུའི་དངོས་གྲུབ་སྩོལ། །ཞེས་རྫོགས་སྤྲུལ་ལྔ་པས་སོ། །སརྦ་མངྒ་ལཾ། །

རྨ་རྒྱལ་བསྐང་བསྡུས་ནི།

ཧྲཱིཿ རྨ་རྒྱལ་སྤོམ་ར་ལྷ་ཡི་སྲས། །རྨ་འཁོར་འབུམ་དང་བཅས་པ་རྣམས། །འཁོར་བཅས་མཆོད་པ་འདི་བཞེས་ལ། །རྨ་གཡང་དངོས་གྲུབ་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །

རྨ་ཡུལ་སྟོད་ཀྱི་ཡུལ་སྐྱོང་དུག་གི་མཐོན་པོའི་གསོལ་ཀ་ཕྲིན་ལས་ཀུན་འགྲུབ་ཞེས་བྱ་བ་བཞུགས་སོ།།

ཧཱུྃ། རང་བཞིན་རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། རང་རྩལ་མ་འགག་ཤར་བའི་ལྷ་གཅིག་པུའུ། །རང་མདུན་འཇའ་ཟེར་འཁྲིགས་པའི་ཀློང་ཡངས་དབུས། །རང་བཞིན་ཆུ་ཟླའི་གར་བཞིན་ཡོངས་ཤར་བ། །རྒྱལ་བའི་དབང་པོ་པདྨ་སམྦྷ་ཝའི། །རྒྱལ་བསྟན་སྲུང་མར་ཞལ་བཞེས་ཐ་ཚིག་ཅན། །རྒྱལ་ཀུན་ཟབ་གཏེར་སྐྱོང་བའི་མཐུ་ཆེན་པོ། །རྒྱལ་བའི་བཀའ་སྡོད་ཡུལ་སྐྱོང་ཚུལ་འཛིན་པ། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྣ་ཚོགས་དང་། །སྐུ་ཡི་སྤྲུལ་པ་དགེ་བསྙེན་དྲག་པོ་རྩལ། །སྐུ་མདོག་ནག་པོ་ཁྲོ་འཛུམ་བརྗིད་པའི་སྐུ། །སྐུ་ལ་དར་ནག་བེར་ཆེན་གསེར་ཁྲབ་གསོལ། །དབུ་ལ་གསེར་རྨོག་རུ་དར་རྣམ་པ་ལྔ། །དབུས་སུ་འདོད་འབྱུང་མི་ནུབ་རྒྱལ་མཚན་བསྒྲེངས། །ཕྱག་གཡས་མདུང་དར་དགྲ་བོའི་སྙིང་ལ་བརྡེགས། །གཡོན་པས་བསམ་འཕེལ་ཡིད་བཞིན་ནོར་བུ་བསྣམས། །ཞབས་ལ་སག་ལྷམ་འཇའ་རིས་འཁྱིལ་བ་མནབས། །རླུང་གི་ཤུགས་ཅན་རྟ་མཆོག་མུ་མེན་མདོག །ཆིབས་ནས་རྡོ་རྗེའི་གཡར་དམ་མ་གཡེལ་ཞིག །འཁོར་དུ་རང་འདྲ་ལྷ་ཚོགས་གྲངས་མེད་པ། །ཉི་ཟེར་བརྡུལ་ལྟར་བསམ་གྱིས་མི་ཁྱབ་པ། །བདག་ཅག་གསོལ་མཆོད་མགྲོན་ལ་གཤེགས་སུ་གསོལ། །ཕྱི་ཡི་མཆོད་པ་ཉེར་སྤྱོད་སྣ་ཚོགས་དང་། །ནང་གི་མཆོད་པ་སྨན་རཀ་བྷ་ལིང་ཏ། །གསང་བའི་མཆོད་པ་ག་ན་ཙཀྲ་སོགས། །ནམ་མཁའ་གང་བར་བྱས་ཏེ་འབུལ་གྱིས་བཞེས། །ཁྱད་པར་དྲི་ཞིམ་ཤིང་སྣ་ལྷན་གཅིག་དང་། །རིན་ཆེན་སྣ་ལྔ་དར་ཟབ་སྣ་ཚོགས་རིགས། །ཕྱེ་མར་འོ་སྐོལ་སྲེག་པའི་དུད་པའི་སྤྲིན། །རབ་འབྱམས་ནམ་མཁའ་གང་བ་འབུལ་ལགས་ན། །དགྱེས་པ་ཆེན་པོའི་ཚུལ་གྱིས་བཞེས་སུ་གསོལ། །སངས་རྒྱས་བསྟན་དང་དེ་འཛིན་སྐྱོང་བ་དང་། །འཇིག་རྟེན་ཁམས་སུ་ནད་མུག་མཚོན་འཁྲུགས་ཞི། །མི་མཐུན་ཕྱོགས་ངན་ཐམས་ཅད་ཀུན་ཞི་ནས། །ཚེ་དང་བསོད་ནམས་དཔལ་འབྱོར་ཕུན་སུམ་ཚོགས། །དབང་ཐང་རླུང་རྟ་ཕྱོགས་བཅུར་རྒྱས་པ་དང་། །རྒྱལ་བློན་འབངས་འཁོར་མངའ་ཐང་རྒྱས་པ་དང་། །ཟས་ནོར་ལོངས་སྤྱོད་དབང་དུ་འདུ་བ་དང་། །མི་དང་མི་མིན་ལོག་པར་ལྟ་བའི་རིགས། །མངོན་སྤྱོད་ཤུགས་ཀྱིས་དྲག་པོས་འཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་སོ། ། དགེའོ། །དགེའོ། །དགེའོ། །

མཐོན་པོའི་བསྐང་བསྡུས་འདོད་འཇོའི་བུམ་བཟང་བཞུགས།

ཀྱེ་པདྨའི་ཞལ་མཐོང་ཐ་ཚིག་ལ། །གནས་པའི་དགེ་བསྙེན་དྲག་པོ་རྩལ། །འཁོར་བཅས་མ་ལུས་ཐུགས་དམ་བསྐང་། །བསམ་པའི་དོན་ཀུན་འགྲུབ་པར་མཛོད། ། རྫོགས་སྤྲུལ་ལྔ་པས་སོ། །

ལྷ་སྨན་བསྐང་བསྡུས་རིན་ཆེན་མྱུ་གུ་བཞུགས་སོ། །

ཧཱུྃ། ཡེ་ཤེས་ཁྱེའུ་ཆུང་སྨན་སྲུང་ལྷ་སྨན་ཚོགས། །ཕྱེ་མར་འོ་སྐོལ་མདའ་དར་སྨན་ཕུད་སོགས། །སྤྱན་གཟིགས་དཀོར་ཆ་མཐུན་རྫས་སྣ་ཚོགས་ཀྱི། །ཐུགས་དམ་བསྐང་ལ་རྣོ་མཐོང་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །

ཉི་གྲགས་སྨན་བླའི་གཏེར་སྲུང་ཁོལ་པོ་ཁའི་བསྐང་བསྡུས་བཞུགས་སོ། །

ཧཱུྃ། གསང་བདག་བཀའ་ཉན་གཏེར་སྲུང་ཁོལ་པོ་ཁ། །དགྱེས་སྡེ་ཡུམ་སྲས་བཀའ་འཁོར་མང་པོ་བཅས། །ཉེར་སྤྱོད་རྣམ་ལྔ་གཟུགས་སྒྲ་དྲི་རོ་རེག །སྨན་གཏོར་རཀྟ་མཐུན་པའི་དམ་རྫས་ཀྱིས། །ཐུགས་དམ་བསྐང་ལ་བསམ་དོན་མྱུར་འགྲུབ་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སོ། །

སྨན་སྲུང་རྡོ་རྗེ་བདུད་འདུལ་བསྐང་བསྡུས་ནི།

ཧཱུྃ། རྒྱལ་བའི་དབང་པོ་སྨན་པའི་རྒྱལ་པོ་ཡི། །སྲུང་མ་མཐུ་ཆེན་རྡོ་རྗེ་བདུད་འདུལ་ལ། །མཐུན་པའི་དམ་རྫས་མ་ཚང་མེད་པ་ཀུན། །དགྱེས་པར་བཞེས་ལ་ཐུགས་དམ་བསྐང་གྱུར་ཅིག །རྫོགས་སྤྲུལ་ལྔ་པས་སོ། །

ལྷ་རྟ་ལྷ་གཡག་འབུལ་ཚིག་ཕྲིན་ལས་ཆར་འབེབས་བཞུགས་སོ།།

ཧཱུྃ། མིག་སྨན་ལྟར་གནག་ཁྱུང་གི་གོམ་སྟབས་ཀྱིས། །སྟོང་གསུམ་སྐད་ཅིག་གིས་སྐོར་ཅང་ཤེས་རྟ། །ནོར་བུའི་སྒ་སྲབ་དར་གྱི་ལྷབ་ལྷུབ་ཅན། །སྤྲིན་གྱི་ཤུགས་འཆང་རྟ་མཆོག་འདི་ཉིད་འབུལ། །མཐུན་པའི་རྫས་འདིར་རྟེན་བཅས་དགྱེས་བཞུགས་ནས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་བསམ་དོན་སྒྲུབས། །ཆོས་འཁོར་འདི་ཡི་བསྟན་པ་སྡེ་དང་བཅས། །ཁྱེད་ལ་གཏད་དོ་རྟག་ཏུ་གཡེལ་མེད་སྐྱོངས། །མཐུ་རྩལ་ནུས་བསྐྱེད་འགལ་བྱེད་ཆོམ་ལ་ཕོབས། །འདོད་དོན་བཅོལ་བའི་ལས་ཀུན་བསྒྲུབ་པར་མཛོད། །ཧཱུྃ། མུན་རུམ་ལྟར་གཤིགས་རབ་འཇིགས་ཁྲོས་པའི་བཞིན། །གློག་དམར་ལྕེ་བརྐྱངས་དཔའ་བོའི་ངར་སྒྲ་སྒྲོག །རྡོ་རྗེའི་རྭ་རྩེས་རི་རབ་འཕེན་ནུས་པའི། །གཡག་རྒོད་ཞོལ་ཆེན་ལྡན་པ་འདི་ཉིད་འབུལ། །མཐུན་པའི་རྫས་འདིར་རྟེན་བཅས་དགྱེས་བཞུགས་ནས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་བསམ་དོན་སྒྲུབས། །ཆོས་འཁོར་འདི་ཡི་བསྟན་པ་སྡེ་དང་བཅས། །ཁྱེད་ལ་གཏད་དོ་རྟག་ཏུ་གཡེལ་མེད་སྐྱོངས། །མཐུ་རྩལ་ནུས་སྐྱེད་འགལ་བྱེད་ཆོམ་ལ་ཕོབས། །འདོད་དོན་བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད། །ཧཱུྃ། འཇམ་ལེགས་སྤུ་སྡུག་འཁྱིལ་ཞིང་ཉམས་སྟོབས་རྒྱས། །སྙན་འཇེབས་སྒྲ་ཡིས་དམ་ཅན་ཡིད་མགུ་བྱེད། །བེེཌཱུར་རྭ་འཁྱིལ་ཞིང་ལྤགས་ང་རོའི་སྒྲས། །ལུག་ནག་དཔྱི{ཤེལ་སྒོང་ནག་པོ་སྤྱི་དཀར་ཞེས་སྤྱི་སྐོང་ལས་གསུང་}་དཀར་གཡང་ཆས་འདི་ཉིད་འབུལ། །མཐུན་པའི་རྫས་འདིར་རྟེན་བཅས་དགྱེས་བཞུགས་ནས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་བསམ་དོན་སྒྲུབས། །ཆོས་འཁོར་འདི་ཡི་བསྟན་པ་སྡེ་དང་བཅས། །ཁྱེད་ལ་གཏད་དོ་རྟག་ཏུ་གཡེལ་མེད་སྐྱོངས། །མཐུ་རྩལ་ནུས་སྐྱེད་འགལ་བྱེད་ཆམ་ལ་ཕོབས། །འདོད་དོན་བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད། །ཧཱུྃ། མི་བཟད་འཇིགས་གཟུགས་རྣོ་བའི་མཆུ་སྡེར་ཅན། །དགྲ་བགེགས་ཀླད་ཁྲག་ཞིང་ལྤགས་ང་རོའི་སྒྲས། །མ་ལུས་བདུད་སྡེའི་སྙིང་འགས་དགྲ་དཔུང་འཇོམས། །ཁྱི་ནག་སྙིང་དཀར་སྟོབས་ལྡན་འདི་ཉིད་འབུལ། །མཐུན་པའི་རྫས་འདིར་རྟེན་བཅས་དགྱེས་བཞུགས་ནས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་བསམ་དོན་སྒྲུབས། །ཆོས་འཁོར་འདི་ཡི་བསྟན་པ་སྡེ་དང་བཅས། །ཁྱེད་ལ་གཏད་དོ་རྟག་ཏུ་གཡེལ་མེད་སྐྱོངས། །མཐུ་རྩལ་ནུས་བསྐྱེད་འགལ་བྱེད་ཆམ་ལ་ཕོབས། །འདོད་དོན་བཅོལ་བའི་ལས་ཀུན་བསྒྲུབ་པར་མཛོད། །ཅེས་པ་འདི་ནི་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུངས་འདི་ནི་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཆོས་གྲྭ་ཆེན་པོའི་ཟླ་བ་བཅུ་གཅིག་པའི་ཉིན།དགུ་ཆུང་གསར་འཛུགས་སྐབས་གནམ་གང་ཉིན་རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ལྷ་རྟ་ལྷ་གཡག་སོགས་འབུལ་བའི་སྐབས་སྔར་གསར་བསྐོས་ལྕགས་མོ་བྱ་ལོར་རྫོགས་སྤྲུལ་ལྔ་པས་བསྐྲུན་པ་དགེའོ།