cover

བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །

བློ་སྦྱོང་།

མཛད་པ་པོ། རྒྱལ་ཚབ་གྲགས་པ་དོན་གྲུབ།

Palchen Choeling Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

སྒྲིག་པ་པོའི་གཏམ།

འཛམ་གླིང་གི་ཡང་རྩེར་ཆགས་པའི་འུ་ཅག་ཁ་བའི་ལྗོངས་འདིའི་སྣོད་བཅུད་མཛེས་སྡུག་ལྡན་ཞིང་འདོད་ཡོན་ཕུན་སུམ་ཚོགས་པས་འཕགས་ཡུལ་པ་རྣམས་ཀྱིས་ལྷ་གནས་སུམ་ཅུ་རྩ་གསུམ་ཞེས་འབོད། ང་ཚོའི་ཕ་ཁྱིམ་དྲོད་མོ་འདི་རུ་རྐང་རྗེས་བཞག་པའི་བློ་ལྡན་དུ་མ་ཞིག་གིས་ཆོས་ཀྱི་གནས་སྣང་དང་མཐུན་པའི་ཤེས་བྱ་གང་མང་གསར་གཏོད་བྱས་ཤིང་ཤར་ནུབ་ཡུལ་གྲུ་གཞན་པར་དར་བའི་རིག་གཞུང་བཟང་རིགས་རྣམས་འཚོལ་སྡུད་དང་གོང་སྤེལ་བརྒྱུད་མར་བྱས་རྐྱེན་བོད་རིག་པ་ཞེས་འཛམ་གླིང་སྟེང་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་པ་ནི་དོན་ལ་གནས་པ་ཞིག་རེད། དེར་བརྟེན་ང་ཚོ་བོད་པའི་གཞོན་སྐྱེས་རྣམས་ཀྱི་འགན་འཁྲྀ་གཙོ་བོ་ནི་སྔར་ཡོད་བོད་ཀྱི་རིག་གཞུང་རྣམས་ཀྱི་རྒྱུན་འཛིན་ཐོག ཕྱི་ནང་གང་ས་ནས་བྱུང་བའི་རིག་གསར་རྣམས་དར་སྤེལ་བྱ་རྒྱུ་དེ་ཡིན་པས་བག་མེད་སོས་དལ་དུ་སྡོད་ཁོམ་ག་ལ་ཡོད། ཕྲན་གྱིས་ཀྱང་རང་འཁྲིའི་འགན་དུ་བསམས་ཏེ་ཐེངས་འདིར་རྒྱལ་ཚབ་གྲགས་པ་དོན་གྲུབ་ཀྱི་ལམ་སྒྲོན་འགྲེལ་བ་པར་སྐྲུན་བྱ་བའི་ལས་ཀར་ཞུགས་པ་ཡིན། འདི་ནི་རྒྱ་གར་གྱི་མཁས་པ་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མདོ་སྔགས་ཡོངས་སུ་རྫོགས་པའི་སྙིང་དོན་ཕྱོགས་གཅིག་ཏུ་དྲིལ་བའི་གཞུང་ལ་སྔོན་གྱི་བཀའ་གདམས་པ་གོང་མ་རྣམས་ཀྱི་གསུང་སྒྲོས་ཇི་བཞིན་བཀོད་པའི་བསྟན་བཅོས་ལྷད་མེད་ཅིག་ཡིན་སྟབས་རིས་མེད་མཁས་པ་རྣམས་ཀྱི་སྦྱང་བྱའི་གཞུང་གལ་ཆེན་ཞིག་ཡིན་པ་ཆོས་འབྱུང་རྣམས་སུ་གསལ། ཡིན་ནའང་དུས་ཀྱི་འཕེལ་འགྲིབ་ལ་བརྟེན་ནས་དཔེ་རྒྱུན་ཙམ་ཡང་མཐོང་དཀོན་པའི་ཚད་དུ་བསླེབས་འདུག་པ་མྱུར་སྐྱོབ་དང༌། རང་གཞན་ཐམས་ཅད་བདེ་བ་ནས་བདེ་བར་བགྲོད་པར་འདོད་པའི་ལྷག་བསམ་ཁོ་ནས་བཤད་པའི་བླ་མ་དམ་པ་རྣམས་ཀྱི་གསུང་ཚིག་དུམ་བུ་རེས་ཀྱང་གཏན་བདེར་དགོད་པའི་ནུས་པ་དམིགས་བསལ་རེ་ཡོད་པ་དེས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཟབ་ཅིང་རྒྱ་ཆེ་བའི་བློ་གྲོས་དང་ལུས་སེམས་ཞི་བདེའི་ཚོར་བ་རང་ཤུགས་འཐོབ་ཀྱི་ཡོད་ཕྱིར་བྱ་བ་དོན་ལྡན་ཞིག་ཏུ་རློམ། མ་དཔེ་དབུ་ཅན་ལག་བྲིས་ཆེས་རྙིང་པ་ཞིག་ལག་སོན་བྱུང་བར་མཚན་བྱང་མི་བདོག་ནའང་བཤད་པར་དམ་བཅའ་བའི་ཚིག་ལ་གཞི་བཅོལ་ཏེ། བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །ཞེས་པ་བཀོད་ཡོད། ཡུམ་རྒྱན་གྱི་ལུང་དྲངས་པ་ལས། བྱང་ཆུབ་སེམས་དཔའ་གང་དག་གནས། །ཞེས་པ་ཆད་པ་དང༌། དྲག་ཤུལ་ཅན་གྱིས་ཞུས་པའི་མདོའི་ལུང་དྲངས་པ་ལས། གང་ཞིག་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་པའི་ཚིགས་སུ་བཅད་པ་གཅིག་ཐོས་ནས། ཞེས་པ་ལྷག་པ་ལྟ་བུ་ཆད་ལྷག་ཤོར་བའི་རིགས་འགའ་ཞིག་སྡེ་དགེའི་བཀའ་བསྟན་དུ་བཞུགས་པའི་གཞུང་སོ་སོར་ཁུངས་བཅོལ་ཏེ་དག་པར་བྱས་པ་ཙམ་ལས། དང་པོ་མངལ་དུ་ཞུགས་པའི་ནུབ་མོ་ནས། །སོགས་ཀྱི་ལུང་སྐྱེས་རབས་ནས་ཡིན་ནའང་སློབ་མ་ལ་སྤྲིངས་པ་ལས་གསུངས་པ་དང༌། མ་དྲཽས་པས་ཞུས་པའི་མདོ་བོད་འགྱུར་རང་དུ། རྐྱེན་ལས་སྐྱེས་པ་གང་ཡིན་དེ་མ་སྐྱེས། །དེ་ལ་སྐྱེ་བ་ངོ་བོ་ཉིད་ཀྱིས་མེད། །རྐྱེན་ལ་རག་ལས་གང་ཡིན་སྟོང་པར་གསུངས། །སྟོང་ཉིད་གང་ཤེས་དེ་ནི་བག་ཡོད་པའོ། །ཞེས་པ་ཡོད་ནའང༌། བསྟན་བཅོས་སུ་ལུང་དྲངས་པའི་བོད་འགྱུར་རྣམས་སུ། གང་ཞིག་བརྟེན་ནས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་ཡོད་པ་བཞིན་འདིར་ཡང་འདུག་པ་དང༌། དེང་སང་གི་དག་སྦྱོར་དང་མི་མཐུན་པའི་འབྲི་སྲོལ་འགའ་རེ་བདོག་པ་རྣམས་ཀྱང་སྔར་རྒྱུན་རང་སོར་བཞག་པ་ལས་རས་གཅོད་མ་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་བློ་ལྡན་དག་གིས་ཡིད་ཆེས་ཀྱི་གནས་སུ་བཟུང་བར་འོས་སོ་སྙམ་མོད། ད་དུང་བློ་རྒྱ་ཆུང་ཞིང་དུས་ཡུན་ཐུང་བས་ཞུ་སྒྲིག་གི་ཐད་ཞན་ཆ་མི་ཉུང་བ་ཡོད་ངེས་ཕྱིར་དགོངས་འཆར་ལྷུག་སྩོལ་ཡོང་བའི་འབོད་སྐུལ་ཞུ་བ་ཡིན། གཞུང་འདིའི་མ་དཔེ་འཚོལ་སྒྲུབ་ཀྱིས་རྩིས་འཕྲུལ་དུ་བཅུག་སྟེ། གཞི་རྩའི་དཔེ་བསྡུར་དང་ཞུ་དག་གི་ཕྱག་ལས་སྐུ་ཞབས་བསྟན་ཆོས་ལགས་ནས་བགྱིས་ཤིང༌། འགྲོ་སོང་གི་སྦྱིན་བདག་སྐུ་ཞབས་བརྩོན་འགྲུས་ལགས་ཀྱིས་གནང་བ་དག་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་མ་ཚད་བསམ་དོན་ལྷུན་འགྲུབ་ཡོང་བའི་སྨོན་ལམ་བྱའོ། །


ཞེས་སྐྱོ་བྲག་དཔའ་བརྟན་གྱིས།

སྤྱི་ལོ༢༠༠༩ལོའི་ཟླ༡༢པའི་ཚེས༢༣ཉིན་སྦྱར་བའོ།།

མཆོད་པ་བརྗོད་པ།

རྒྱལ་བ་དམ་ཆོས་དགེ་འདུན་དཀོན་མཆོག་གསུམ། །ཐུགས་གསུང་སྐུ་ཡི་ངོ་བོར་ལྷུན་གྲུབ་པས། །འབངས་གྱུར་འགྲོ་འདིའི་སྐྱབས་འོས་དགེ་བའི་བཤེས། །བཀའ་དྲིན་མཉམ་མེད་དེ་ལ་གུས་པས་འདུད། །དེའི་གསུང་ལས་ཐོས་ལམ་གྱི་རིམ་པ་འདི། །གང་ལས་བྱུང་བའི་བརྒྱུད་པ་རྣམ་གསུམ་དང༌། །གཞུང་མཛད་བསྟན་པའི་མངའ་བདག་ཨ་ཏི་ཤ། །ཡབ་སྲས་སློབ་མར་བཅས་ལ་ཕྱག་འཚལ་ནས། །སྐྱེས་བུ་གསུམ་གྱིས་དོན་དུ་གཉེར་བྱའི་འབྲས། །མཐོ་རིས་ཐར་དང་བྱང་ཆུབ་ཆེན་པོ་ཡི། །ལམ་གྱི་བླང་དོར་གསལ་བྱེད་སྒྲོན་མ་མཆོག །རྣམ་འགྲེལ་མར་གྱི་ཉིང་ཁུས་རབ་གསལ་བྱ། །དེ་ཡང་གཞུང་འདིའི་མཛད་པ་པོ་ཇོ་བོ་རྗེ་ལྷ་གཅིག་གི་ཐུགས་ཀྱི་དགོངས་པ་ཙེན་གྱིས་ཕྱག་ལེན་དུ་ཐེབས་པ་དགེ་བཤེས་སྟོན་པའི་བཤད་སྲོལ་དགེ་བཤེས་ཆེན་པོ་པུ་ཏོ་བ་ལས་བརྒྱུད་པ་དེ་ཉིད་ཀྱི་སློབ་མའི་མཆོག་དགེ་བའི་བཤེས་གཉེན་ཤ་ར་བ་ཆེན་པོ་ཡོན་ཏན་གྲགས། མཚན་གྱི་རྣམ་གྲངས་དགེ་བཤེས་ཤ་ར་བའམ་ཞང་རོམ་མོ་བར་ཡང་གྲགས་པའི་གསུང་སྒྲོས་ཀྱི་འགྲེལ་བ་དག་ལས་ཇི་སྐད་འབྱུང་བའི་ཚིག་དང་དོན་གྱི་ཆ་ཅུང་ཟད་ཅིག་བསྡུས་ཏེ་འཆད་པ་ལ། སངས་རྒྱས་ཀྱིས་བསྟན་པའི་ཆོས་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་དུ་འདུ་ཚུལ། དེ་ཉིད་བརྗོད་བྱར་སྟོན་པའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མ་འདི་ཇོ་བོས་ཇི་ལྟར་མཛད་པའི་ཚུལ་ལས་བརྩམས་ཏེ་དམ་པའི་ཆོས་ཀྱི་བྱུང་ཚུལ། ཆོས་ཀྱི་དབུ་དགེ་བའི་བཤེས་གཉེན་ཇི་ལྟར་དུ་བསྟེན་པའི་ཚུལ། བཤད་བྱ་བསྟན་བཅོས་ཀྱི་གཞུང་དངོས་བཤད་པ་དང་བཞི།

དང་པོ། སངས་རྒྱས་ཀྱིས་བསྟན་པའི་ཆོས་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་དུ་འདུ་ཚུལ།

ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཤ་ར་བའི་ཞལ་ནས། སངས་རྒྱས་ཀྱིས་བསྟན་པའི་ཆོས་ཐམས་ཅད་སྐྱེས་བུ་གསུམ་གྱི་རིམ་པར་འདུ་བ་ཡིན་གསུངས་ཏེ། དེའི་རྒྱུ་མཚན་ཆོས་ལ་འཇུག་པའི་རྟེན་གྱི་གང་ཟག་གི་དབང་དུ་བྱས་ན་ཡང་འཁོར་བའི་བདེ་བ་དོན་དུ་གཉེར་བ་དང་ཐར་པ་དོན་དུ་གཉེར་བ་གཉིས་ལས་མེད་ཅིང༌། ཐར་པ་འདོད་པ་ལའང་རང་དོན་དུ་ཐར་པ་འདོད་པ་དང་གཞན་དོན་དུ་ཐར་པ་འདོད་པ་གཉིས་ཏེ་གང་ཟག་གི་རིགས་གསུམ་པོ་དེ་ལས་མེད་པས། འཕགས་པ་ཐོགས་མེད་ཀྱིས་ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་བར། མདོར་བསྡུ་ན་སེམས་ཅན་གྱི་ཚོགས་ན་སེམས་ཅན་རྣམ་པ་འདི་གསུམ་ཡོད་དེ། སྲིད་པ་འདོད་པ་དང༌། སྲིད་པ་དང་བྲལ་བར་འདོད་པ་དང༌། དེ་གཉིས་ཀ་མངོན་པར་མི་འདོད་པའོ། །ཞེས་གསུངས་པའི་སྲིད་པ་འདོད་པ་ནི་འཁོར་བའི་བདེ་བ་ཙམ་དོན་དུ་གཉེར་བའི་སྐྱེས་བུ་ཐ་མ་དང༌། སྲིད་པ་དང་བྲལ་བར་འདོད་པ་ནི་རང་དོན་དུ་སྲིད་པ་དང་བྲལ་བ་ཙམ་གྱི་ཐར་པ་དོན་དུ་གཉེར་བའི་སྐྱེས་བུ་འབྲིང་དང༌། དེ་གཉིས་ཀ་མངོན་པར་མི་འདོད་པ་ནི་རང་དོན་དུ་འཁོར་བའི་བདེ་བ་དང་སྲིད་པ་དང་བྲལ་བ་ཙམ་གྱི་ཐར་པ་གཉིས་ཀ་མི་འདོད་པར་གཞན་དོན་དུ་ཐར་པའི་མཆོག་སྲིད་ཞིའི་མཐའ་ལ་མི་གནས་པའི་མྱ་ངན་ལས་འདས་པ་རྫོགས་པའི་སངས་རྒྱས་འདོད་པ་སྟེ་སྐྱེས་བུ་མཆོག་ཡིན་ཅིང༌། སྐྱེས་བུ་དེ་དག་གིས་ཐོབ་བྱའི་ཆོས་ཀྱི་དབང་དུ་བྱས་ན་ཡང༌།འཕགས་པ་ཀླུ་སྒྲུབ་ཀྱིས་རིན་པོ་ཆེའི་འཕྲེང་བར། དམ་པའི་ཆོས་ཀྱི་སྣོད་ལ་ནི། །ཆོས་འགྲུབ་འགྱུར་ཏེ་གང་ཞིག་ལ། །དང་པོར་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བ། །གང་ཕྱིར་མངོན་པར་མཐོ་ཐོབ་ནས། །རིམ་གྱིས་ངེས་པར་ལེགས་པ་འོངས། །ཞེས་ཐོབ་བྱའི་ཆོས་ཐམས་ཅད་མངོན་མཐོ་དང་ངེས་ལེགས་གཉིས་སུ་འདུས་པར་གསུངས་པའི་མངོན་པར་མཐོ་བ་ནི་ལྷ་དང་མིའི་བདེ་བ་སྟེ་སྐྱེས་བུ་ཆུང་ངུའི་ཐོབ་བྱའི་ཆོས་དང༌། ངེས་པར་ལེགས་པ་ལ་གཉིས་ཀྱི་ཉན་ཐོས་ཀྱི་བྱང་ཆུབ་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ནི་སྲིད་པ་དང་བྲལ་བའི་ཐར་པ་ཙམ་སྟེ་སྐྱེས་བུ་འབྲིང་གིས་ཐོབ་བྱའི་ཆོས་དང༌། སྲིད་ཞིའི་མཐའ་དེ་གཉིས་ལ་མི་གནས་པའི་བྱང་ཆུབ་ནི་སྐྱེས་བུ་ཆེན་པོའི་ཐོབ་བྱའི་ཆོས་ཏེ་གསུམ་པོ་དེ་ལས་མེད་པས། དེ་འཐོབ་བྱེད་ཀྱི་ལམ་ཡང་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། གསུམ་པོ་འདི་ནི་ངེས་པར་འབྱིན་པར་བྱེད་པའི་ཐེག་པ་ཡིན་ཏེ། འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌།ཐེག་པ་ཆེན་པོའོ། །ཞེས་གསུངས་པའི་ཉན་རང་གི་ཐེག་པ་གཉིས་པོ་ནི་རང་དོན་དུ་ཐར་པ་སྒྲུབ་པར་མཚུངས་པའི་ཕྱིར་ཐེག་པ་ཆུང་ངུ་ཞེས་བྱ་བ་སྐྱེས་བུ་འབྲིང་གི་ལམ་དང༌། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་ཐེག་པ་ནི། ཇོ་བོ་ཉིད་ཀྱིས་སྤྱོད་པ་བསྡུས་པའི་སྒྲོན་མར། གསང་སྔགས་ཕ་རོལ་ཕྱིན་པ་ལ། །བརྟེན་ནས་བྱང་ཆུབ་སྒྲུབ་བོ་ཞེས། །བླ་མ་སངས་རྒྱས་གསུངས་པས་ན། །དེ་དོན་འདིར་ནི་བྲི་བར་བྱ། །ཞེས་པ་ལྟར་གཞན་དོན་དུ་རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཐེག་པར་མཚུངས་པའི་སྐྱེས་བུ་མཆོག་གི་ལམ་ཡིན་ཅིང༌། སྐྱེས་བུ་ཆུང་ངུས་དོན་དུ་གཉེར་བྱ་མངོན་མཐོའི་ལམ་ནི་དེ་རྣམས་ཉིད་ཀྱི་ཞར་ལས་སྟོན་པས་ན་སངས་རྒྱས་ཀྱིས་བསྟན་པའི་ཆོས་མ་ལུས་པ་སྐྱེས་བུ་གསུམ་གྱི་ལམ་དུ་འདུ་ལ། དེ་ཐམས་ཅད་ཀྱང་ཇོ་བོས་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མའི་མན་ངག་ལ་བརྟེན་ནས་གང་ཟག་གཅིག་གི་རྒྱུད་ལ་རིམ་གྱིས་བསྐྱེད་དུ་བཏུབ་པར་མཛད་པ་ཡིན་པས། ལོ་བྱ་ཡུལ་གྱི་གདན་རབས་བཅུ་གཉིས་པ་རིན་པོ་ཆེ་ཚུལ་ཁྲིམས་མགོན་པོའི་ཞལ་ནས། ཇོ་བོ་ཆེན་པོ་དེ་གདམས་ངག་ཤིན་ཏུ་ཆེ་བའི་སྟོབས་ཀྱིས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ཆོས་ཐམས་ཅད་ཧྲིལ་ཏེ་དྲིལ་ནས་གང་ཟག་གཅིག་གིས་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་པ་ལ་ལམ་གྱི་རིམ་པ་འདི་མཛད་པ་ཡིན་གསུངས་པར་གདའ་བས། སྤྱིར་ཇོ་བོའི་ལམ་གྱི་རིམ་པ་འདི་གཅིག་སྒོམ་དུ་བཏུབ་ན་ཆོས་ཤིག་ཡོང༌། འདི་གཅིག་སྒོམ་དུ་མ་བཏུབ་ན་ཆོས་ཡོང་བའི་ཐབས་ཡེ་མེད། དེའི་ནང་ནས་ཀྱང་མི་རྟག་པ་དང་འཆི་བ་རྗེས་སུ་དྲན་པ་འདི་ལ་སོ་ཞིག་མ་ཐེབས་ན་ཡོན་ཏན་ཐམས་ཅད་སྐྱོན་དུ་སྤུང་གིས་འགྲོ་བ་ཡིན། འདི་ལ་སོ་ཞིག་ཐེབས་ན་སྐྱོན་ཐམས་ཅད་ཡོན་ཏན་དུ་འགྲོ་བ་ཡིན་པས། དེ་གདམས་ངག་སྤྱིའི་རྣམ་པར་བཞག་པ་བྱ་བ་ཡིན་གསུངས།

གཉིས་པ། བྱང་ཆུབ་ལམ་གྱི་སྒྲོན་མ་འདི་ཇོ་བོས་ཇི་ལྟར་མཛད་པའི་ཚུལ་ལས་བརྩམས་ཏེ་དམ་པའི་ཆོས་ཀྱི་བྱུང་ཚུལ།

སངས་རྒྱས་ཀྱིས་བསྟན་པའི་ཆོས་ཐམས་ཅད་ཀྱི་སྙིང་པོ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དེ་ཉིད་བརྗོད་བྱར་སྟོན་པའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མ་འདི་ཇོ་བོས་ཇི་ལྟར་མཛད་པའི་ཚུལ་ལས་བརྩམས་ཏེ་དམ་པའི་ཆོས་ཀྱི་བྱུང་ཚུལ་བཤད་པ་ལ། དེ་ལ་སྟོན་པ་སངས་རྒྱས་འཇིག་རྟེན་དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ། བཀའ་བསྡུ་དང་བསྟན་པ་གནས་ཚད་ཀྱི་རྣམ་གཞག བོད་དུ་བསྟན་པ་བྱུང་ཚུལ། ཇོ་བོས་གཞུང་འདི་ཇི་ལྟར་མཛད་པའི་ཚུལ་དང་བཞི།

གཅིག སྟོན་པ་སངས་རྒྱས་འཇིག་རྟེན་དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ།

ཤ་ར་བ་ཆེན་པོའི་གསུང་ལས། འོ་སྐོལ་གྱིས་ཁྱིམ་མཚེས་ཀྱི་བུ་མོ་བྱད་མི་མཚར་དུ་བྱས་ནས་ཐུགས་རྗེ་ཆེ་བ་རང་དུ་མི་བྱེད་པ་མེད་པ་རང་གི་ངོ་བོ་ལ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ཁོ་ན་ཐུགས་རྗེ་ཆེ་བ་ལགས་པར་གདའ་སྟེ། བུདྡྷ་སྟོང་པོ་གཞན་ཐམས་ཅད་ཀྱིས་བདག་ཞིང་ཁམས་ཡོངས་སུ་དག་པར་སེམས་ཅན་ཡོངས་སུ་སྨིན་པ་རྣམས་འདུལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ། བཅོམ་ལྡན་འདས་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་པའི་དུས་ན། ཕྱི་ཐ་ལ་ཁྱོད་རྣམས་ཐམས་ཅད་ཀྱིས་སྤངས་པའི་ཞིང་ཁམས་སུ་ཁྱོད་རྣམས་ཐམས་ཅད་ཀྱིས་སྙིགས་པའི་སེམས་ཅན་རྣམས་འདུལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་མཆེད་ཟླ་དེ་རྣམས་ཐམས་ཅད་ཐུགས་རྗེ་ལ་རྔེའུ་ལངས་པའམ་འགྲམ་ཆུ་ལངས་པ་བཞིན་དུ་གྱུར་ནས་སྤྱན་ཆབ་བྱུང་བའང་བཞུགས། དེ་ནས་བརྩོན་འགྲུས་ཀྱང་བླ་ལྷག་ཏུ་ཆེ་བས་བཅོམ་ལྡན་འདས་བྱམས་པ་བསྐལ་པ་བཅུ་གཉིས་ཀྱིས་ཐུགས་བསྐྱེད་པ་སྔ་བ་ལགས་པར་གདའ། ཐུགས་རྗེ་དང་བརྩོན་འགྲུས་མཚུངས་ལྡན་དུ་སོང་བས་བསྐལ་པ་བཅུ་གཉིས་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྔོན་དུ་སངས་རྒྱས་པ་ལགས་པར་གདའ། དེ་ལྟར་བཅོམ་ལྡན་འདས་ཀྱིས་སྔོན་གྱི་སྨོན་ལམ་གྲུབ་པས་སྐྱེ་དགུ་ཚེ་ལོ་བརྒྱ་པའི་དུས་སུ། ཞིང་ཁམས་ཀྱང་མ་དག་པ། སེམས་ཅན་ཡང་མ་སྨིན་པ། སྙིགས་མ་ལྔ་བདོ་བའི་དུས་སུ་མངོན་པར་རྫོགས་པར་སངས་རྒྱས། ཞིང་ཁམས་ཡོངས་སུ་མ་དག་པས་ཚེར་མ་དང་གཡང་ས་དང་སྡོང་དུམ་གྱོ་མོ་ལ་སོགས་པས་གང་ནས་ཡོད། ཞིང་ཁམས་དག་པ་ཀུན་ན་ས་གཞི་ཐམས་ཅད་ཀྱང་ཤེལ་དང༌། བཻཌཱུརྻའི་རང་བཞིན་དུ་ཡོད་པར་གསུངས། དུས་ཀྱང་ཚེ་དང༌། ལྟ་བ་དང༌། ཉོན་མོངས་དང༌། སེམས་ཅན་དང༌། དུས་ཀྱི་སྙིགས་དང་སྙིགས་མ་ལྔ་བདོ་བའི་དུས། ཞིང་ཁམས་དག་པ་ཀུན་ན་ངན་སོང་དང་བུད་མེད་དང་ཉན་ཐོས་དང་རང་བུདྡྷ་དང༌། ཐེག་པ་གསུམ་དང༌། ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒྲ་ཙམ་ཡང་མི་གྲགས་པར་ལམ་བདེ་བ་འཇུག་པ་བདེ་བ་ཐེག་པ་བདེ་བ་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ལམ་ཉག་གཅིག་ལ་སློབ་པ་ལགས་པར་གདའ། སེམས་ཅན་ཡང་ས་ཐོབ་པ་ཡན་ཆད་ཀྱི་བོདྷི་ས་ཏྭར་ཡོངས་སུ་སྨིན་པ་ཤ་སྟག་ཡོད་པ་ལགས་པར་གདའ། དེ་ལ་འོ་སྐོལ་གྱི་འདི་ལྟ་བཅོམ་ལྡན་འདས་ཀྱི་སྨོན་ལམ་གྲུབ་པའི་དབང་དུ་ལགས་ཏེ། སྤྱིར་སེམས་ཅན་གྱི་རྒྱུད་དང་སྣང་བ་དག་མ་དག་ཡིན། བདེ་བ་ཅན་པ་འོ་སྐོལ་གྱི་འདིར་བྱོན་པ་ཡིན་ཡང་ཁོང་རང་གི་བདེ་བ་ཅན་པ་ཉིད་ཀྱི་སྣང་བ་ཡོད་པ་ཡིན། འོ་སྐོལ་བདེ་བ་ཅན་དུ་བསྐྱལ་ནས་བཞག་ཀྱང་གྲམ་སྒང་འདི་རང་གི་སྣང་བ་ཡོང་བ་ཡིན། སྣང་བ་དག་ན། དག་པ་རྣམས་ཀྱི་མཐོང་བ་དག །སངས་རྒྱས་གཟིགས་པ་རྣམ་དག་ཕྱིར། །བུདྡྷ་ཞིང་ཡང་རྣམ་པར་དག །གསུངས་པ་བཞིན་དུ་ལགས། ཞེས་འབྱུང་བ་ལྟར་འཕགས་པ་བསྐལ་པ་བཟང་པོ་པའི་མདོ་ལས་སྤྱིར་བསྐལ་པ་འདི་ལ་སངས་རྒྱས་སྟོང་འབྱུང་བར་གསུངས་པའི་བཞི་པ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐུགས་རྗེ་མཆོག་ཏུ་ཆེ་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དེས། དང་པོ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་པ་གསུམ་མམ། སུམ་ཅུ་རྩ་གསུམ་མམ་དུས་ཐུག་པ་མེད་པར་ཚོགས་བསགས། ཐ་མར་སྔོན་གྱི་སྨོན་ལམ་བཞིན་བསྐལ་པ་བཟང་པོ་འདིའི་སྐྱེ་དགུ་རྣམས་མར་འགྲིབ་ཀྱི་ཚེ་ལོ་བརྒྱ་པའི་དུས་སྙིགས་མ་ལྔ་དང་ལྡན་པའི་ཚེ་ཤཱཀྱའི་རིགས་སུ་སྐུ་བལྟམས་ཤིང་སའི་སྙིང་པོ་རྡོ་རྗེའི་གདན་གྱི་སྤོ་ལ་བཞུགས་ཏེ་སྲོད་ལ་བདུད་བྱེ་བ་དུང་ཕྱུར་བྱམས་པའི་ཏིང་ངེ་འཛིན་གྱིས་བཏུལ་ནས་ཐོ་རངས་ཟག་པ་མེད་པའི་ཡེ་ཤེས་མངོན་དུ་མཛད་དེ་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བ་ཡང་ཤ་ར་བ་ཉིད་ཀྱི་ཞལ་ནས་ཐེག་པ་ཐུན་མོང་གི་དབང་དུ་བྱས་ན། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་དམ་པའི་ཆོས་དཀོན་པར་བསྟན་པ་དང་གཅེས་སྤྲས་སུ་བྱ་བའི་ཆེད་དུ་ཞག་བཞི་བཅུ་རྩ་དགུའི་བར་ཆོས་མ་གསུངས་པར་བསྐུལ་བའི་ས་ལ་བཞེས་ཏེ་བཞུགས་པ་ལ་བསྐལ་པ་བཟང་པོ་འདིའི་སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་པོར་སྨོན་ལམ་བཏབ་པ་ཚངས་པ་མི་མཇེད་ཀྱི་བདག་པོས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས་གསོལ་བ་བཏབ་པས་བཅོམ་ལྡན་འདས་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་གཤེགས་ནས་ལྔ་སྡེ་བཟང་པོ་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ལན་གསུམ་རྣམ་པ་བཅུ་གཉིས་ཀྱི་ཚུལ་དུ་བསྐོར་ཏེ། དེ་ལྟར་ལྔ་སྡེ་བཟང་པོ་ལ་དམ་པའི་ཆོས་ཐོག་མར་སྟོན་པའི་རྒྱུ་མཚན་ཡང་བཅོམ་ལྡན་འདས་རྒྱལ་པོ་བྱམས་པའི་སྟོབས་སུ་གྱུར་ཙ་ན་ལྔ་སྡེ་བཟང་པོ་གནོད་སྦྱིན་ལྔར་གྱུར་པས་བསམ་པ་ངན་པས་བགྲོངས་པའི་བསམ་པས་སྐུ་ཤ་དང་སྐུ་ཁྲག་བླངས་པ་དང་དེ་གནང་བས་ཁོང་ཚིམས་ནས། བདག་ཅག་གིས་ཁྱེད་འོ་བརྒྱལ་བར་བྱས་པས་བཟོད་པར་མཛོད་ཅིག གཞན་ཡང་བློན་པོ་དག་ལ་བག་ཕབ་ནས་བཀའ་ཇི་ལྟར་སྩོལ་བ་བཞིན་དུ་བདག་ཅག་ལ་ཡང་བཀའ་སྩལ་དུ་གསོལ། ཁྱེད་ཀྱིས་བདུད་རྩི་བརྙེས་ཙ་ན་བདག་ཅག་རྣམས་ལ་ཡང་བགོ་བར་ཞུ་བྱས་པའི་ལན་དུ་ང་ལ་གནོད་པ་ཡིན་ན་མི་བཟོད་པ་ཡིན་པ་ལས། འདི་ནི་ང་ལ་ཕན་པ་ཡིན་གྱི་གནོད་པ་མ་ཡིན་པས་མི་བཟོད་དུ་དོགས་པ་མ་བྱེད་ཅིག གཞན་ཡང༌། ང་ནི་དེ་ལ་དགའ་བར་ཤེས་གྱིས་ལ། །ཁྱོད་ཀྱིས་སྲོག་གཅོད་དུག་བཞིན་སྤང་བར་འོས། །གཞན་ནོར་ཆུང་མ་དག་ལ་ཆགས་པ་དང༌། །བརྫུན་དུ་སྨྲ་དང་ཆང་ལ་དགའ་བ་སྤོངས། །གསུངས་ནས་དགེ་བསྙེན་གྱི་གཏན་ཁྲིམས་ལྔ་ཕོག ད་ལྟ་སྡོམ་པ་འབོགས་པ་པོའང་དགེ་སློང་ཞིག་དགོས་པར་གསུངས་ཏེ། འདིར་རྒྱལ་པོ་ཁྱིམ་པ་ཞིག་གིས་ཕོག སྔོན་ཞང་སེངྒེ་རྒྱལ་མཚན་ལ་གཅིག་བསྙེན་གནས་ཞུར་བྱུང་བ་ལས་ཆོ་གའི་ཡི་གེ་ཁྱེར་ལ་ཤོག་གསུངས་ནས། ཡེ་གེ་འདི་ན་བཙུན་པ་དགོངས་སུ་གསོལ་ཟེར་བ་སྣང༌། དགེ་བསྙེན་དགོངས་སུ་གསོལ་མི་ཟེར། ངས་མི་ཡོང་བར་སྣང་གསུངས་སྐད་དེ། དགེ་བསྙེན་དང་དགེ་ཚུལ་གྱིས་དགེ་སློང་ཡེ་མེད་པའི་ས་མིན་པ་ཡོད་པའི་སར་སྡོམ་པ་འབོགས་པ་བྱར་ཡེ་མི་རུང༌། དེ་ནས་འཕགས་པ་ཐོགས་མེད་ཀྱིས་སྐྱེ་བ་བརྗོད་པ་ལན་གཅིག་གིས་ཀྱང་སྐྱེ་སྟེ་ངེས་པར་བྱ་བའི་ཆེད་དུ་བརྗོད་པ་ལན་གསུམ་བྱ་བར་གསུངས་པ་ལས། འདིར་བརྗོད་པ་ལན་གཅིག་གིས་སྐྱེས་པར་གསུངས། མི་མ་ཡིན་པ་ལ་ཡང་འདིར་སོ་སོར་ཐར་པའི་སྡོམ་པ་སྐྱེས་པར་གསུངས། དེ་ནས་ཞུ་བ་གསུམ་པའི་ལན་དུ། རྒྱུ་ཡི་དུས་སུ་འདི་འདྲའི་ཕན་བཏགས་པ། །འབྲས་བུའི་དུས་སུ་བརྗེད་པར་ག་ལ་འགྱུར། །རྣམ་པར་ཐར་པའི་ཆོས་ཀྱི་བདུད་རྩི་འདི། །ཐོག་མ་ཉིད་དུ་ཁྱེད་ཅག་ཉིད་ལ་བགོ །ཞེས་ཞལ་གྱིས་བཞེས་པ་ཡིན་པར་གསུངས། དེ་ནས་གནས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་སོགས་པར་མཚན་མ་མེད་པའི་ཆོས་ཀྱི་འཁོར་ལོ་དང༌། ངེས་པའི་དོན་གྱི་ཆོས་ཀྱི་འཁོར་ལོ་རྣམས་རིམ་གྱིས་བསྐོར་བར་བཤད། ཐེག་པ་ཆེན་པོའི་དབང་དུ་བྱས་ན་དང་པོ་ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་བཞུགས་པའི་དུས་ཉིད་དུ་ཡང་ལྷ་མ་སྲིན་སྡེ་བརྒྱད་ཀྱི་གཙོ་བོ་རྣམས་ལ་ཤིན་ཏུ་རྒྱས་པའི་སྡེ་སྣོད་དཔག་ཏུ་མེད་པ་གསུངས་པར་བཤད་པའང་ཡོད་གསུངས།

གཉིས། བཀའ་བསྡུ་དང་བསྟན་པ་གནས་ཚད་ཀྱི་རྣམ་གཞག

བཅོམ་ལྡན་འདས་དེ་སངས་རྒྱས་ཀྱི་མཛད་པ་མཐར་ཕྱིན་ནས་དགོངས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་རྗེས་སུ་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་བཀའ་ལན་གསུམ་གྱི་བར་དུ་བསྡུས་པ་ལས། ཐེག་པ་ཐུན་མོང་གི་དབང་དུ་བྱས་ན་བཀའ་བསྡུ་དང་པོ་འཕགས་པ་འོད་སྲུངས་དང་ཀུན་དགའ་བོ་དང་ཉེ་བར་འཁོར་གསུམ་གྱིས་མཛད་པ་དང༌། ཐེག་པ་ཆེན་པོའི་དབང་དུ་བྱས་ན་བཅོམ་ལྡན་འདས་རིགས་གསུམ་མགོན་པོ་དང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཀུན་གྱིས་བསྡུས་པར་ཡང་བཞེད་དེ། དེ་ལྟར་སངས་རྒྱས་འཇིག་རྟེན་དུ་བྱོན་ནས་དམ་པའི་ཆོས་བསྟན་པའི་བསྟན་པ་དེ་ཡང་སྤྱིར་འབྲས་བུའི་དུས་ལ་ལོ་ལྔ་བརྒྱ་པ་ཕྲག་གསུམ། དེ་བཞིན་དུ་སྒྲུབ་པ་དང་ལུང་གི་དུས་གཉིས་ལ་ཡང་ལྔ་བརྒྱ་པ་ཕྲག་གསུམ་རེ། རྟགས་ཙམ་འཛིན་པའི་དུས་ལ་ལྔ་བརྒྱ་པ་ཕྲག་གཅིག་དང་ལྔ་བརྒྱ་པ་ཕྲག་བཅུར་གནས་པར་གསུངས་པ་ལས། གང་ཟག་གི་བློའི་འཕེལ་འགྲིབ་ལ་བརྟེན་ནས་བསྟན་པའི་འཕེལ་འགྲིབ་མང་པོ་རྒྱ་གར་ཉིད་དུ་ཡང་བྱུང་བར་གདའ། སངས་རྒྱས་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་པར་རུང་བ་མ་ཡིན་པའི་གཞི་བཅུ་ཀུན་ཡང་བྱུང་བར་གསུངས། བསྟན་པའི་འཕེལ་འགྲིབ་ལ་བརྟེན་ནས་ཐེག་པ་ཆེན་པོའི་མདོ་རྣམས་ཀླུས་སྤྱན་དྲངས། དུས་ཕྱིས་སློབ་དཔོན་གྱིས་དེ་ནས་སྤྱན་དྲངས་པས་ཐེག་པ་ཆེན་པོ་བཀར་མི་འདོད་པ་དག་དགེ་སློང་ཀླུ་སྒྲུབ་ཅེས་པ་སྒྲའི་སྡེབ་སྦྱོར་དང་སྙན་ངག་ལ་མཁས་པ་ཞིག་གིས་རང་བཟོར་སྦྱར་བ་ཡིན་ནོ་ཞེས་ཟེར་བ་ཡང་བྱུང་ཞེས་ཤ་ར་བ་ཆེན་པོས་གསུངས་སོ། །

གསུམ། བོད་དུ་བསྟན་པ་བྱུང་ཚུལ།

པུ་ཏོ་བའི་ཞལ་ནས། རྒྱ་གར་དུ་གྲོང་ཁྱེར་དྲུག་གི་ས་སྐོར་དུ་བཅོམ་ལྡན་འདས་ལྷ་མ་སྲིན་སྡེ་བརྒྱད་ཀྱི་འཁོར་དང་བཅས་པས་འར་ཡ་འུར་ཡ་དེ་ཙམ་ཞིག་མཛད་པ་ལ། འོ་ཅག་ལ་དེ་ལྟ་བུ་བྱུང་བྱུང་རང་ཡང་མི་འདྲ་བ་འདི་ཁོ་ན་ཡི་རེ་མུག་གསུངས་པ་བཞིན་དུ་ཤ་ར་བའི་ཞལ་ནས་ཀྱང༌། བསྟན་པའི་སྙིང་པོ་ལྟ་བུ་འབྲས་བུ་དང་སྒྲུབ་པའི་དུས་ཀུན་ཏུ་བོད་དུ་བསྟན་པ་མ་བྱོན། མ་དྲོས་པའི་མཚོ་འགྲམ་དུ་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་པ་བྱོན་ནས་ལས་ཀྱི་རྒྱུ་བ་ལུང་བསྟན་པ་དང༌། ཀླུའི་རྒྱལ་པོ་དེས་བཅོམ་ལྡན་འདས་སྤྱན་དྲངས་ནས་དེས་ཞུས་པའི་མདོ་སྡེ་གསུངས། མ་དྲོས་པ་ད་ལྟ་མ་ཕམ་དུ་གྲགས་པ་དེ་ཡིན་པར་གདའ། དེའི་ཕྱོགས་བཞི་ནས་ཆུ་བོ་བཞི་འབབ། གངྒཱའི་མགོ་ཅི་ནས་ཀྱང་དེ་ལ་ཟུག་ནས་ཡོད་པར་གདའ་སྟེ་དེ་ཀུན་ཙ་ན་ཡང་སངས་རྒྱས་ཀྱི་བསྟན་པ་བོད་དུ་རྒྱས་པར་མ་གྱུར་གསུངས་པས་དང་པོ་འབྲས་བུའི་དུས་དང་གཉིས་པ་སྒྲུབ་པའི་དུས་ཀུན་ན་བོད་འདིར་སངས་རྒྱས་ཀྱི་བསྟན་པ་མ་བྱོན། འོ་ན་དུས་ནམ་གྱི་ཚེ་བོད་འདིར་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་དུ་དར་བར་གྱུར་ཅཻ་ན། ཤ་ར་བ་ཉིད་ཀྱི་ཞལ་ནས། དེ་ལ་བཅོམ་ལྡན་འདས་ཀྱི་བསྟན་པ་ལྔ་བརྒྱ་པ་ཕྲག་བཅུ་གནས་པ་ལ། འབྲས་བུའི་དུས་ལ་གསུམ། སྒྲུབ་པའི་དུས་ལ་གསུམ། ལུང་གི་དུས་ལ་གསུམ། རྟགས་ཙམ་འཛིན་པའི་དུས་ལ་གཅིག་ལགས་པར་གདའ་བ་ལས། འོ་སྐོལ་བོད་ལ་སྒྲུབ་པའི་ཕྱི་ཐ་ལ་གདོད་བྱུང་བ་ལགས་པར་གདའ་སྟེ། དེ་ཡང་འོ་སྐོལ་བོད་ལ་ཆོས་མ་བྱོན་པའི་གོང་དུ་ཚེ་འདི་དང་ཕྱི་མས་བསྡུས་པའི་དོན་ལ་རྨོངས་པའི་མུན་པ་ཆེན་པོས་གཏིབས་ནས་ཟ་འཐུང་ཤེས་ཙམ་དུད་འགྲོ་དང་ཁྱད་པར་མེད་པར་འདུག་པའི་དུས་སུ། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས། མེས་སྲོང་བཙན་སྒམ་པོའི་སྐུ་རིང་ལ་སྲོལ་བཏོད། ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་དར་ཞིང་རྒྱས་པར་མཛད། མངའ་བདག་རལ་པ་ཅན་གྱི་སྐུ་རིང་ལ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པས་རྒྱལ་པོ་མེས་དབོན་འོ་སྐོལ་བོད་ལ་བཀའ་དྲིན་ཆེ་ཟེར་བ་ཡང་དེ་ཙུག་ལགས་གསུངས་པ་ལྟར་འབྲས་བུ་དང་སྒྲུབ་པའི་དུས་ཀྱི་ལྔ་བརྒྱ་པ་སྔ་མ་གཉིས་འདས་པའི་རྗེས་ནས་གདོད་བོད་འདིར་སངས་རྒྱས་ཀྱི་བསྟན་པ་བྱོན་ཏེ། དེ་ཡང་དང་པོ་རྗེ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་རིང་ལ་ཟ་མ་ཏོག་བཀོད་པའི་མདོ་སྡེ་ལ་སོགས་པ་ཉུང་ཤས་ཤིག་འོད་དང་སྒྲ་དང་བཅས་པར་དེའི་ཁབ་ཏུ་བྱོན། གཉན་པོ་གསང་བ་ཞེས་བོན་གྱི་ཐ་སྙད་ཀྱིས་བཏགས་ནས་གསེར་གྱི་སྐྱེམས་དང་གཡུའི་སྔོན་གྱིས་མཆོད་པ་བྱས་པས་དེའི་བྱིན་བརླབས་ཀྱིས་རྒྱལ་པོ་དེ་བགྲེས་པོ་ལས་གཞོན་ནུ་ཟུར་ཕུད་ཅན་ཞིག་ཏུ་གྱུར་ཏེ། དེ་ནས་ཡང་སྐུ་ཚེ་གཏུགས་པའི་བར་དུ་བཞུགས། དེ་ལ་ཤ་ར་བའི་ཞལ་ནས། དེ་ཀུན་ཡང་རང་ཅག་ལ་ཡིད་ཆེས་པ་བསྐྱེད་པའི་ཐབས་ཁོ་ན་ཡིན། རྒྱལ་པོ་དེ་ཀུན་ཏ་ས་བཅུའི་བྱང་ཆུབ་སེམས་དཔའ་ཡིན་པར་ཡང་གསུངས་གསུངས། དེ་ནས་རྒྱལ་པོ་དེ་འདའ་བའི་དུས་ན་ཞལ་ཆེམས་སུ་ང་རྒས་པ་ལས་གཞོན་ནུར་གྱུར་ནས་སྐྱེ་བ་གཅིག་ལ་མི་ཚེ་གཉིས་སུ་བསྡད་དུ་བྱུང་བ་ཡང་གཉན་པོ་གསང་བ་ལ་མངོན་མཆོད་བྱས་པའི་བྱིན་བརླབས་ཡིན་པས། ད་ཕྱིན་ཆད་ཀྱང་འདི་ལ་མཆོད་པ་བྱས་ན་བདེ་ལེགས་ཐམས་ཅད་འབྱུང༌། མི་བདེ་བ་དང་བཀྲ་མི་ཤིས་པ་བྱུང་ན་ཡང་འདི་ལ་མཆོད་པ་དང་གསོལ་བ་གདབ་པ་བྱས་ན་བཟློག་སྟེ་ཡོང༌། མི་རབས་ལྔ་ཙམ་ན་འདིའི་དོན་གོ་བར་ཡང་ཡོང་གི་བྱ་བ་གསུངས། དེ་ནས་མི་རབས་དེ་ཙམ་ན་མེས་སྲོང་བཙན་བྱུང་སྟེ་རྒྱ་གར་གྱི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར། དེ་ཡང་དང་པོ་ཆོས་ལ་མ་ཚད་པར་ལུང་ཆོས་སྒྲུང་དང་རིགས་པའི་ཆོས་ལྡེབས་དག་ལ་ཚད་ཟེར་ཏེ། ཤ་ར་བའི་ཞལ་ནས། དེ་ཀུན་ཡང་མན་ངག་ཡིན་གསུངས། ཚད་པས་བསྒྱུར་དུ་བཏུབ་པར་དགོངས་ནས་ཆོས་བསྒྱུར། དོན་གྱི་གོ་བ་ཡང་སྐྱེས་པས་རྒྱལ་པོའི་བཀའ་ཁྲིམས་ལ་བརྟེན་ནས་རྒྱལ་འབངས་རྣམས་དགེ་བ་བཅུ་ལ་བཀོད་པས་ཆར་ཆུ་དུས་སུ་བབ་ཅིང་ལོ་ཐོག་དུས་སུ་སྨིན། མི་ནད་དང་ཕྱུགས་ནད་རྒྱུན་ཆད་པ་ལ་སོགས་པའི་བདེ་ལེགས་ཐམས་ཅད་བྱུང༌། དེ་ནས་ཡང་མི་རབས་ལྔ་ཙམ་ན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བྱོན་ཏེ་དེའི་སྐུ་རིང་ལ་འཛམ་བུ་གླིང་ཐམས་ཅད་མངར་འདུས་པ་ལྟ་བུ་ཞིག་བྱུང༌། རྒྱལ་པོ་འདི་དགུང་ལོ་བཅུ་གསུམ་པ་ཞིག་གིས་རྒྱལ་སྲིད་བཞེས། རྒྱ་གར་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་མཁན་པོ་བོ་དྷི་ས་ཏྭ་ཞི་བ་འཚོ་སྤྱན་དྲངས་ནས་འབངས་སད་མི་བདུན་ལ་རབ་བྱུང་ཚད་པས་བཏུབ་པར་བྱུང་བས། ཞབས་ཀྱི་ཆགས་འོག་ནས་རྡེའུ་ཕྱུང་ནས་དབུའི་མཆོད་གནས་སུ་བྱས་ཏེ། དགེ་འདུན་དེ་ནས་གཟོད་བྱུང་བ་ཡིན་ཏེ། དེ་ལ་པུ་ཏོ་བའི་ཞལ་ནས། རང་ཅག་ཕོར་རེ་སྟེ། རང་ཅག་མིའི་འགྲོ་བ་པ་ཡིན་པ་ལ་རབ་ཏུ་འབྱུང་བཏུབ་མི་བཏུབ་ཚང་བ་ཡིན། བཏུབ་བྱས་ཀྱང་ཅི་བཏུབ་ནས་སྐྲ་བཞར་བ་དང་གོས་ཁ་དོག་བསྒྱུར་དུ་བཏུབ་པ་ཙམ་ཞིག་ཡིན་གསུངས། ཤ་ར་བའི་ཞལ་ནས། དེ་ཙམ་གྱི་དུས་ན་ཏ་ལྷ་མི་ཉིད་དུ་འདུག་པའི་སྦ་མང་པོ། རྗེ་གསལ་སྣང་ལྟ་བུ་ལ་སོགས་པ་ལ་ཚང་པས་སྦ་ཡེ་ཤེས་དབང་པོ་ཟེར་བཏུབ་ཉིད་ཀྱང་བྱུང་བར་སྣང་སྟེ། ངན་མར་གྱི་ཀུན་ལ་མཛེས་ཀྱང་གཅིག་མཛེས་པ་ལ་ཟེར་བའི་ཚོད་ཀ་ལས་ཅི་ཡང་བཏུབ་པ་མེད་གསུངས། རྒྱལ་པོ་འདི་དང་སྦ་ཡེ་ཤེས་དབང་པོ་དང་སློབ་དཔོན་བོདྷི་ས་ཏྭ་གསུམ་བཅོམ་ལྡན་འདས་འོད་བསྲུངས་ཀྱི་བསྟན་པ་ལ་གཙུག་ལག་ཁང་གི་བརྒྱན་བསྲུངས་སུ་གྱུར་པའི་དུས་ན་འོ་ཅག་གསུམ་བྲམ་ཟེའི་ཁྱེའུ་བླ་མ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ན་གདོང་དམར་གྱི་ཡུལ་དུ་བསྟན་པ་སྤེལ་ལོ་གསུངས། ཕྱིས་སློབ་དཔོན་གྱིས་རྒྱལ་པོ་ལ་སྔོན་གྱི་ཐུགས་དམ་བཞེས་པ་མ་བསྙེལ་ལམ་གསུངས་པ་ལ། དར་ཅིག་སྐྱེ་བ་མ་དགོངས་ནས་ཏུ་རེ་བཞུགས། དེ་ནས་ཐུགས་ཀྱིས་སྐྱེ་བ་དགོངས་ནས་དབུ་ཅོག་མཛད་སྐད། རྒྱལ་པོ་མེས་དབོན་དེ་གསུམ་ཡང་ཆོས་ཀྱི་མེས་དབོན་ཡིན། བར་ན་མི་རབས་ལྔ་ཙམ་ཡོད། རྒྱལ་པོ་མེས་དབོན་གསུམ་པོ་འདི་བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་སྤྲུལ་པ་ཡིན་པར་གདའ་སྟེ། རྒྱལ་པོ་སྲོང་བཙན་སྒམ་པོ་འདི་ཇོ་བོ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་ངེས་ཞེས་ཤ་ར་བས་གསུངས། དེ་ནས་མངའ་བདག་རལ་པ་ཅན་གྱི་སྐུ་རིང་ལ་ཆོས་སྔར་མ་འགྱུར་པ་མང་པོ་ཡང་བསྒྱུར། སྔར་བསྒྱུར་བའི་ཞུ་ཆེན་མ་གྲུབ་པ་ཐམས་ཅད་ལ་ཞུ་ཆེན་མཛད་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ། རྒྱལ་པོ་མེས་དབོན་དེ་རྣམས་ཀྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་བྱིན་བརླབས་ལ་བརྟེན་ནས་རྗེའི་མངའ་ཐང་ནི་དགུང་དང་མཉམ། འབངས་ཀྱི་བདེ་འཆམ་ནི་ལྷ་བས་སྐྱིད། ཤེས་རྒྱ་ཡང་ལྷོ་བལ་ཀུན་ལས་ལྷག་པ་བཞིན་དུ་གྱུར། བཀྲ་ཤིས་དང་བདེ་ལེགས་ཐམས་ཅད་བྱུང་བ་ལགས་སྐད། དེ་ལྟར་སངས་རྒྱས་ཀྱི་བསྟན་པ་དར་ནས་དགེ་འདུན་བོད་དུ་བྱུང་བ་ལ་མངའ་བདག་ཁྲི་སྲོང་གི་སྐུ་ཚེའི་སྨད། འཇིང་ཡོན་གྱི་སྐུ་ཚེ་རིལ་པོ། ཁྲི་གཙུག་ལྡེ་རལ་པ་ཅན་གྱི་སྐུ་ཚེའི་སྟོད་དེ་ལོ་བརྒྱ་ཙམ་ལས་མ་ལོན་པར་རྒྱལ་པོ་དར་མས་བསྟན་པ་བསྣུབས་ཏེ་རབ་ཏུ་བྱུང་བ་རྣམས་ལྷ་ཁང་ཀུན་ན་ཆོས་ཉན་འཕྲོ་ལ་ཀེའུ་རོག་གེ་བཞག་ནས་དབུ་རུ་གཡོ་རུའི་འཁྲུག་པ་དང༌། རྒྱལ་འཁྲུག་དག་གིས་དམག་ལ་ཁྲིད་ཅིང་ཕབ། དེའི་དུས་ན་ཕྱི་རོལ་པ་སྔགས་སུ་བཅོས་པའི་སྔགས་ཉིད་དུ་གྲགས་པ་སྦྱོར་སྒྲོལ་ལ་སོགས་པའི་ཆོས་ལོག་ཐམས་ཅད་ཀྱང་འཕེལ་བས་བཀྲ་མི་ཤིས་པ་མང་པོ་བྱུང་ཞིང་ལོངས་སྤྱོད་ཐམས་ཅད་ཀྱང་འགྲིབ་པར་གདའ་སྟེ། ཤ་ར་བའི་ཞལ་ནས་བསྟན་པ་སྙིང་དེ་ལ་གཤའ་མ་ཞིག་བྱུང་སྟེ་ནུབ་གསུངས། དུས་དེ་ཙ་ན་དབུས་པ་ཉིད་ཀྱི་གཡོ་དགེ་འབྱུང་ལ་སོགས་པའི་དགེ་སློང་གཉིས་གསུམ་ཁམས་སུ་བྱོན་པ་ལ་བླ་ཆེན་པོས་སྡོམ་པ་བཞེས་བྱ་བ་ཡང་ཟེར། འདུལ་བའི་གླེགས་བམ་ལ་བརྟེན་ནས་ཉིད་ཀྱིས་སྡོམ་པ་བཞེས། དེ་ནས་གཞན་ལ་བཀའ་དྲིན་གནང༌། དགེ་འདུན་དུ་ལོངས་ཙ་ན་དེ་ཀུན་ལས་སྡོམ་པ་བཞེས་བྱ་བ་ཡང་ཟེར་བ་ལ། ཤ་ར་བའི་ཞལ་ནས་སྔ་མ་ཉིད་ཡིན་པ་འདྲ་གསུངས། འདིས་མཛད་པའི་མདོ་མཆོད་བྱ་བ་དེ་ཀུན་ཇོ་བོས་གཟིགས་པས་ཁྱོད་བོད་ཀྱིས་འདི་ལྟ་བུ་ག་ནས་ཤེས་པ་པཎྜི་ཏས་མཛད་པ་ཞིག་སྣང་གསུངས་ནས་མཉེས་སྐད། དེ་ནས་མཁན་པོ་བླ་ཆེན་པོ་དེས་ཡང་གོང་ཡེ་ཤེས་གཡུང་དྲུང་ལ་བསྟན་པ་གཏད་ནས་ཁོ་རང་དན་ཏིག་གི་དགོན་པར་གཤེགས། ཡང་གོང་གིས་ཀྱང་དྲུམ་ཡེ་ཤེས་རྒྱལ་མཚན་ལ་བསྟན་པ་གཏད་ནས་ཁོ་རང་དམར་ཟངས་ཀྱི་བྲག་ལ་གཤེགས་ཏེ། དེ་གཉིས་ཀྱི་རིང་ལ་དགེ་འདུན་ཡང་རྒྱས་པ་ཁོ་ནར་མ་གྱུར་ཅིང་ཚོགས་ཀྱང་ཡུན་རིང་པོ་མ་བསྡུས། དྲུམ་གྱིས་ཚོགས་ཡུན་རིང་དུ་བསྡུས། དེའི་དུས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། སུམ་པ་ཡེ་ཤེས་བློ་གྲོས། འབྲིང་རྫི་དཀར་བ། ལོ་སྟོན་རྡོ་རྗེ་དབང་ཕྱུག །ཚོང་ཚོར་ཤེས་རབ་སེངྒེ་སྟེ་དབུས་གཙང་གི་མི་ལྔ་བྱོན་ནས་དྲུམ་ལ་བཀའ་དྲིན་ཞུས་ཏེ་ཡར་བྱོན་པའི་ཤུལ་ཁར་སྦ་དང་རག་ཤ་མཆེད་གཉིས་དང་མཇལ་བ་ཀླུ་མེས་ཀྱིས་མཁན་པོ་མཛད། གཞན་གྱིས་སློབ་དཔོན་དང་དགེ་འདུན་མཛད་ནས་རབ་ཏུ་བྱུང༌། རྨ་དབུས་ཉིད་དུ་ཀླུ་མེས་ཀྱིས་མཁན་པོ་མཛད་ནས་རབ་ཏུ་བྱུང༌། དེ་ནས་ཕལ་ཆེར་ཡེར་བར་སྟབས་སུ་བཞུགས་པ་ལས། ཕྱིས་ཀླུ་མེས་དང་སུམ་པ་གཉིས་ཀྱིས་སྤྱིལ་གྱི་ལྗིམ་པ་ལུང་ཟེར་བ་དེ་མཛད། སྦས་ཞྭའི་ལྷ་ཁང་བཟུང༌། རག་ཤས་ལན་པ་སྤྱིལ་བུ་བཟུང༌། ལོ་སྟོན་གྱིས་ཀྱང་གཙང་དུ་དགེ་འདུན་གྱི་སྡེ་དར་བར་བྱ་བའི་ཆེད་དུ་དཀའ་སླ་ཆེ་བའི་ཚད་མཛད། འབྲིང་གིས་ཡུན་རིང་དུ་དགོན་པ་བརྟེན། ཕྱིས་གནས་གཞི་བཟུང་ནས་མཁན་པོ་ཡང་མཛད། རྨས་ཀྱང་གནས་གཞི་དང་མཁན་པོ་མཛད་པས་དེ་རྣམས་ཀྱི་རིང་ལ་དབུས་གཙང་དུ་ཀླུ་མེས་སྦ་རག་འབྲིང་སྡེ། རྨ་ཚོ་ཟེར་བ་ལ་སོགས་པའི་དགེ་འདུན་གྱི་སྡེ་དར་བར་གྱུར། མངའ་རིས་སུ་ཡང་དེ་གོང་དུ་རྒྱལ་པོ་དེ་ཀུན་གྱིས་པཎྜི་ཏ་དང་སྤྱན་དྲངས་ཀྱིན་དགེ་འདུན་སྤེལ་བས་དེ་ཙམ་དར་བ་མ་ནུས་པ་ལས། ཇོ་བོ་དྲུམ་གྱི་སྤྱན་སྔ་ནས་ཞེ་ཀུ་མ་ར་བྱ་བ་ཞིག་བྱང་ལམ་ནས་མངའ་རིས་སུ་བཞུད་པས་དེའི་མོད་རང་ལ་དགེ་འདུན་དར་བར་གྱུར་ཏེ་མདོ་སྨད་ཀྱི་ཁམས་ནས་བསྟན་པའི་མེ་རོ་སླར་སོས་ཟེར། དེ་ནས་ཀླུ་མེས་ཆེན་པོ་དེས་མཁན་པོ་མང་དུ་མཛད་ནས་དགེ་འདུན་གྱི་སྡེ་འདུལ་བ་བཞིན་དུ་བསྐྱང་བར་བཞེད་པ་ལ་མ་བཏུབ་པས་ཐུགས་མུག་སྟེ་ད་དགེ་འདུན་གྱི་སྡེ་ཆོས་བཞིན་དུ་བསྐྱང་དུ་མི་བཏུབ་པར་སྣང༌། གང་ཟག་སོ་སོའི་བསླབ་པ་ལ་ནན་ཏན་གྱིས། རྒྱ་གར་མཐའ་འཁོབ་ཏུ་འགྲོ་གསུངས་ནས་བཞུད་པས་བཤུལ་ཁར་གཡོ་རུར་འདས། དེ་ལ་པུ་ཏོ་བའི་ཞལ་ནས། ཀླུ་མེས་ཆེན་པོ་འདྲ་བ་ལ་འཇུ་འཆང་མི་བྱེད་པ་དེ་ཀུན་ཙ་ན་མི་རྩིས་ཆུང་ངམ། ད་ལྟ་བཙུན་ཆུང་རེ་ལ་ཡང་གྲོས་འདེབས་ན་གསུངས།

བཞི། ཇོ་བོས་གཞུང་འདི་ཇི་ལྟར་མཛད་པའི་ཚུལ།

ཤ་ར་བ་དེ་དང་པོ་ཙ་ན་དུས་དེ་ཙམ་ཀུན་ན་འདུལ་བའི་ལག་ལེན་གཞུང་གསལ་པོ་ལ་བརྟེན་ནས་ངལ་ཞིང་དུབ་པའི་མཐར་ཅི་ལྷུང་ཙམ་ལས་འདོད་པ་བསོད་ཉམས་སུ་ཡེ་མ་ཤོར་བར་ཡོད་པར་འདུག་ཀྱང་གསུངས། ཕྱིས་དགེ་གོང་དུ་ལན་གཅིག དེ་ལྟར་མངའ་རིས་སྟོད་དང་དབུས་གཙང་འདིར་རབ་ཏུ་བྱུང་བ་ལྕིབས་ཀྱིས་བྱུང་བ་ལགས་པར་གདའ། དེ་ལྟར་བྱུང་ཡང་འདྲ་མི་འདྲ་སྣ་ཚོགས་པ་བྱུང༌། གཏན་ལ་ཡེ་མ་ཕེབས། དམ་པའི་ཆོས་འདུལ་བ་ཀུན་ལ་ཆང་མ་མྱོས་ཙམ་དུ་འཐུང་བའམ་གང་སྡོམ་པ་ཟེར་བ་བྱུང་བར་གདའ། དེ་བས་ཕྱིས་ཇོ་བོ་བྱོན་ནས་བྲག་རྒྱབ་པའི་བགྲེས་པོ་གཅིག་ཤེད། ཁྱོད་ཀྱིས་དཔྱད་དཔྱད་པ་ལ་དཔྱད་དུ་ཡོད་པ་ངེས་ཀྱི་རིང་ལ་ཤམ་ཐབས་རང་ཡང་གོན་ལུགས་མི་འདྲ་བ་གསུམ་བྱུང་བ་ཡིན་གསུངས་སྐད། ཅེས་ཀྱང་གསུངས་ཏེ། གང་ལྟར་ཡང་གསང་སྔགས་ལ་སྔགས་རྙིང་དང་ཨ་ཙ་ར་དམར་པོ་ཀུན་གྱི་ཆོས་ལོག་དང་འདྲེས་པའི་བཅོས་སྲུབས་མང༌། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་ཡང་མནའ་མཆན་འདྲ་བ་དང་དེལ་བརྟེན་པའི་གཞུང་བཤད་འདྲ་བ་རེ་བྱེད་ཀྱང་ལག་ལེན་ཅི་ཡང་མེད་པར་གྱུར་པ་དེ་ཀུན་ལྷ་བཙུན་པས་གསན་པས། ལྷ་བཙུན་པ་དེ་བོད་མགོ་ནག་གི་སྤྱི་རྗེ་བསྟན་པའི་མངའ་བདག་ཏུ་བཞུགས་པས་ཐུགས་མ་བདེ་ནས་གཞུང་བསྲུང་བར་བཞེད་དེ། ད་ཡོད་རྒྱ་གར་ནས་པཎྜི་ཏ་བློས་ཐུབ་ཅིག་སྤྱན་དྲངས་དགོས་དགོངས་ནས་ཕོ་ཉ་བ་མང་པོ་བཏང་བ་ལ་པཎྜི་ཏ་སྤྱན་མ་དྲོངས་པར་བང་ཆེན་ཀུན་ཤི་བའི་དུས་ན་སླར་དགེ་བཤེས་ནག་ཚོ་ལ་གསེར་སྦྲམ་བརྫངས་ནས་ཨ་ཏི་ཤ་སྤྱན་འདྲེན་དུ་བཏང་བས། ནག་ཚོའི་སློབ་དཔོན་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་དེ་རྒྱ་གར་ཉིད་དུ་བཞུགས་པས་ནང་བྱན་མཛད་ནས། བི་ཀྲ་མ་ལ་ཤཱི་ལའི་གནས་བརྟན་རཏྣ་ཨཱ་ཀ་ར་ལ་གནས་འཆའ་བ་དང་མཐུན་འཇུག་མཛད་དུ་བཅུག ཇོ་བོ་ལ་ཡང་ལྐོག་ཏུ་ཞུ་རྟེན་གསེར་སྦྲམ་ཕུལ་ནས་ཞུ་བ་མཛད་པས་ཞལ་གྱིས་བཞེས་ཏེ། རང་བྱུང་ལ་མཆི་ཕྱག་ལ་བྱོན། དེ་ནས་མཉེལ་རང་ཡང་མ་སོས་པར་སྟོན་པ་ལ་མཆི་ཕྱག་ལ་བཞུད་པས། བི་ཀྲ་མ་ལ་ཤཱི་ལའི་གནས་བརྟན་ཤེད། ཁྱོད་ཨ་ཏི་ཤ་སྤྱན་འདྲེན་པར་སྣང༌། ཨ་ཏི་ཤ་ཡང་བཞུད་པར་སྣང་བ་ལ། ངས་བཅག་ན་བཅག་ཏུ་ཡོད་དེ། ཁྱོད་བོད་སྙིང་རྗེ་བས་ད་རེས་བཏང་གི་ད་སྟེ་ཟླ་བ་དགུ་ན་ཚུར་སྐྱོལ་ཅིག་གསུངས་ནས་རྩིགས་བཟུང༌། དེ་ནས་ལོ་ཙཱའ་བས་ཇོ་བོ་སྤྱན་དྲངས་ཏེ་ཚུར་མངའ་རིས་སུ་བྱོན་ནས་ཐོ་ལིང་གི་གཙུག་ལག་ཁང་དུ་ཆགས་ཕབ་པའི་དུས་ན་ལྷ་བཙུན་པས་བོད་ཀྱི་འདྲ་མི་འདྲ་ཐམས་ཅད་སྙན་དུ་གསོལ་ནས་དེ་ཀུན་གྱི་གཞུང་བསྲང་བའི་བསྟན་བཅོས་ཤིག་བརྩམ་པར་ཞུ་བ་ཕུལ་བས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་སམ་སྡེ་སྣོད་རྣམ་པ་གསུམ་གྱི་སྙིང་པོ་ཕྱུང་བ་ལྟ་བུའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མ་འདི་མཛད་པ་ཡིན་ཏེ། དེ་ལ་པུ་ཏོ་བའི་ཞལ་ནས། ཁ་ཅིག་ལྷ་བཙུན་པས་བོད་ཀྱི་འདྲ་མི་འདྲ་མང་པོ་སྙན་དུ་གསོལ་བ་དེ་རེ་རེའི་ལན་དུ་ལམ་སྒྲོན་མཛད་ཟེར་ཏེ། དགེ་བཤེས་སྟོན་པ། དེ་ཙམ་གྱི་ཏི་ཏི་ནི་ནི་ཁོ་ན་མི་གསུངས། སྤྱིར་ལོག་རྟོག་མཐའ་དག་དགག་པའི་ཕྱིར་མཛད་པ་ནི་ལགས་གསུངས་ཤིང༌། ཤ་ར་བའི་ཞལ་ནས། ད་ལྟ་བྱང་རིས་འདི་ཀུན་ན་བན་པོ་ཞིག་གཏམ་བཤད་དང་གཏོང་ཡང་ཇོ་བོ་རྗེ་ལྷ་གཅིག་བཀའ་དྲིན་ཆེ་ཟེར་བ་དེ་ཆོས་འདི་ཁོ་ན་བཀའ་དྲིན་ཆེ་བ་ཡིན། ཆོས་འདི་བཀའ་དྲིན་ཆེ་བ་ཡང་དགེ་བཤེས་སྟོན་པ་བཀའ་དྲིན་ཆེ་བ་ཡིན། དགེ་བཤེས་ཀྱིས་ཇོ་བོའི་ཐུགས་དགོངས་དང་མན་ངག་ཙེན་གྱིས་ལོན་ནས་ཐམས་ཅད་ཕྱག་བཞེས་སུ་མཛད་པས། ད་ལྟ་བསྙེན་གནས་ཉི་མ་རེ་བསྲུང་བ་དང་བཞི་སྡེ་རེ་ལ་ཆོས་སྟོན་རེ་འདྲེན་པ་ཡན་ཆད་ཀྱི་ལག་ལེན་ཅག་ཅག་དུ་ཡོད་པ་འདི་དགེ་བཤེས་སྟོན་པའི་བཀའ་དྲིན་ཡིན་ཏེ། པུ་ཏོ་བས། ད་ལྟ་འུ་ཅག་གི་རི་ཐེལ་འདི་ན་དེ་རིང་སྐྲ་བཞར་བའི་རྣ་བ་དཀར་ལྟར་རེ་བ་ཞིག་ལ་ཡང་བྱ་རྒྱུ་ཅག་ཅག་པོ་ཞིག་ཡོད། ཡ་གི་ཀུན་གྱི་བྱ་རྒྱུ་ཡང་ཆུང་ཞིག་ཡོད་ཅེས་གསུངས་པ་བཞིན་དུ་ཡིན། དགེ་བཤེས་སྟོན་པ་དེ་དགུང་ལོ་བཅུ་དྲུག་ལོན་ནས་ཇོ་བོ་སེ་བཙུན་དབང་ཕྱུག་གཞོན་ནུ་ཅན་དུ་ཁམས་སུ་བྱོན། སེ་བཙུན་དེ་ཡང་དྲུམ་གྱི་མཁན་བུ་ཡིན་པས་དྲུམ་གྱི་གཏམ་རྒྱུད་ཀུན་གཞན་པས་དགེ་བཤེས་སྟོན་པ་ཞི་བ་དགེ་བཤེས་སྟོན་པས་ཁམས་སུ་ལོ་ཉི་ཤུ་ལོན་ནས་ཁོང་རང་དགུང་ལོ་སུམ་ཅུ་རྩ་དྲུག་བཞེས་ཙ་ན་ཇོ་བོ་སེ་བཙུན་གྱི་ཞལ་ནས། ཨ་ཅོ་ཁྱོད་ཀྱི་ཕ་དེ་ད་རུང་ཡོད་པར་འདུག་པས་ཕ་དེ་དང་ལན་གཅིག་འཕྲོད་གསུངས་ནས་ཡར་ལ་བྱོན། དེ་ཙ་ན་ཨ་ཏི་ཤ་མངའ་རིས་སུ་བྱོན་པའི་གཏམ་གསན་པས་དབུས་སུ་འགྲོ་ན་པཎྜི་ཏ་དེ་དང་ཅིག་གཏུག་དགོངས་ནས་ཡར་བཤུལ་ལ་ཡབ་དང་ཡུག་ཅིག་མཇལ་ནས་གཡས་རུ་ངོས་ཁ་ན་ཡར་བྱོན་པས་ཇོ་བོ་དཔོན་སློབ་ཟླ་བ་དགུའི་འཁོར་ཞག་ཐེམ་ནས་དགུང་བདུན་ན་རྒྱ་གར་དུ་བཞུད་རྒྱུའི་དུས་ཞང་ཞུང་གི་ཡུལ་དུ་སླེབ་སྟེ་སླེབས་པ་ཙམ་གྱིས་བཤོལ་བཏབ་པས་ནི་མི་ཐེབས། སྐུ་འཆག་པ་དང་གི་ཕྱག་ཕྱི་ལ་བྱོན་ཡིན་བོད་ལ་རབ་ཏུ་བྱུང་བ་འདི་ཙམ་བཞུགས་བྱ་བ་སྙན་དུ་གསོལ་བས་ཇོ་བོ་མཉེས་ནས་རབ་བྱུང་གྲངས་དེ་ཙམ་ཡོད་ན་དེའི་ནང་ནས་དགྲ་བཅོམ་པ་འབྱུང་བ་ཆོས་ཉིད་དུ་ཆོས་ལས་གསུངས་པས་བོད་ན་དགྲ་བཅོམ་པ་བཞུགས་ཏེ་མཆི་གསུངས་ནས་བོད་ལ་ཕྱག་བཞེས། དེ་ནས་ཀྱང་དེ་ཐམས་ཅད་ཐེག་པ་ཆེན་པོ་བ་ལགས། ཕལ་ཆེར་གྲུབ་མཐའ་དབུ་མ་འཛིན་པ་ལགས་ཞུས་པས་ཇོ་བོ་ཤིན་ཏུ་མཉེས། དེ་ཀུན་གྱིས་སྤོབས་པ་སྐྱེས་ནས་བོད་ལ་འབྱོན་པར་ཞུ་བ་ཕུལ་བས། ངས་དགེ་འདུན་གྱི་ཐུགས་དགོངས་སྒྲུབ་པར་དམ་བཅས་པ་ཡིན་ཏེ། དགེ་འདུན་ལ་ཕན་ན་འདྲ་བས་འགྲོ་ཡིས་གསུངས་ནས་གནང༌། དེ་ནས་དགེ་བཤེས་སྟོན་པས་བོད་སྟོན་རྣམས་ལ་བསུ་བ་ལ་བྱོན་བྱ་བའི་བཀའ་འཕྲིན་དང་བརྫངས་ཏེ། ཇོ་བོ་སྤྱན་དྲངས་ནས་བྱོན་པ་ལགས་པར་གདའ། ཕྱིས་ནི་རབ་ཏུ་བྱུང་བ་ལ་ཡང་མ་མཉེས་ཏེ། སྟོན་པས་བོད་ཀྱི་རབ་ཏུ་བྱུང་བ་ཅི་ཙུག་གདའ་ཞུས་པས་ཨ་ཝ་དྷཱུ་ཏིས་འབྲིང་པོ་ཙམ་གསུངས། དེ་ཙ་ན་བོད་ཐམས་ཅད་ཀྱི་ལྟ་བའི་ཐུགས་རྒྱུས་ཆོས་ཀྱི་རྒྱལ་པོ་ལ་བྱེད་པ་ལ་དྷརྨ་རཱ་ཛས་དེ་ཡང་སེམས་ཙམ་དུ་སྣང་གསུངས་སྐད། དེ་ལྟར་དགེ་བཤེས་སྟོན་པས་མ་སླེབས་པར་ཕར་བཞུད་ན་ཆོས་འདི་ཀུན་ལ་ད་ལྟ་མཚན་ཉིད་པའི་གྲྭ་ན་ཉན་བཤད་བྱེད་པའི་ཚོད་ཅིག་ལས་མི་ཡོང་བ་ཡིན། དགེ་བཤེས་སྟོན་པ་ལ་ཆོས་འདིའི་ཟེར་མཆུ་མཐུན་མི་མཐུན་དང་སྙན་དུ་གསོལ་ཙ་ན་གཞན་ཅི་ཡང་མི་གསུངས་པར་མཛད་པ་པོ་དངོས་ཀྱི་སློབ་མ་ཡིན་གསུངས། འདི་ལ་འགྲེལ་བ་གཅིག་ཁོ་ན་ཡོད་ན་བྱས་ཀྱིན་ཡིད་སྨོན་དང་བྱས་ཙ་ན་འདིའི་འགྲེལ་བ་ཁོ་ན་ད་ལྟ་ང་ཡིན་གསུངས་སྐད་དེ། དེ་ཤིན་ཏུ་ཡང་ཡིན། འགྲེལ་བ་ཞིག་ཡོད་ཀྱང་དེ་ལས་གཞུང་གི་འཐེམས་སྦྱོར་དང་མཛེས་ཆོས་ཤིག་ལས་གདམས་ངག་མི་ཡོང༌། ཆོས་འདི་ན་སྐྱེས་བུ་ཆུང་ངུ་དང་འབྲིང་གཉིས་ཤོ་ལོ་ཀ་རེ་ལས་མེད་དེ་དགེ་བཤེས་སྟོན་པ་ལ་ཨ་ཏི་ཤའི་མན་ངག་སྐུ་ཉམས་སུ་བཞེས་པ་མངའ་ཞིང་ཕར་བརྟེན་ཚུར་བརྟེན་མཛད་པས་དགེ་བཤེས་ཉིད་ཀྱིས་བསྐྱངས་པའི་སྐུ་མཆེད་ཀུན་ཡན་ཆད་ལ་དེ་གཉིས་ཀྱི་དོན་མངོན་སུམ་དུ་གཟིགས་པ་འདྲ་བ་མངའ་བར་གདའ། ད་ལྟ་ལྷབ་སྟོན་གྱི་ཟིན་བྲིས་ཀྱི་རྗེས་སུ་འབྲངས་ནས་བསྟན་པའི་སྲོལ་ཁ་ཟེར་བ་དང༌། ཐུན་བརྒྱད་མ་དང༌། རིམ་གྱིས་པ་དང༌། སྐྱེས་བུ་གསུམ་དང༌། ལམ་རིམ་དང༌། སྦྲེང་ཞེས་པའི་མིང་མང་པོར་བཏགས་པ་ཐམས་ཅད་འདི་ལ་བརྟེན་པ་ཡིན། ཆོས་འདི་ཀུན་གྱི་དོན་དགེ་བའི་བཤེས་གཉེན་པ་དེ་ཀུན་གྱི་བཀའ་དྲིན་ལ་བརྟེན་ནས་འཕྲིག་བཅུག་གིན་ནན་ཏན་དུ་མཉན་པ་དང་བསམ་པ་བྱས་ན་མདོ་སྡེ་དང་བསྟན་བཅོས་ཐམས་ཅད་ཀྱི་ལྡེ་མིག་བཞིན་དུ་སོང་ནས་གོ་ཡུལ་སྐྱེ་བ་ཡོང་བ་ཡིན། གོ་ཡུལ་ཆེ་གྲགས་ནས་འདི་ཉིད་དུ་ཐམས་ཅད་སྦྲན་ན་འདི་ཉིད་ཀྱང་བཟླད་པར་འགྱུར་བས་དགེ་བཤེས་ཀུན་གསུང་ཚོད་རེའི་བཤད་པ་དང་བྱ། དགེ་བཤེས་ཀྱང་མང་པོའི་ཟེར་མཆུ་བཟླས་པས་གང་ལ་ཡང་བློ་གཏོད་ངོ་མི་ཤེས་པས་རེ་རེའི་ལུས་ལ་ནན་ཏན་བྱ། ཆོས་འདི་ཀུན་གྱི་འཕྲིག་བཅུག་ཙ་ན་མདོ་སྡེ་དང་བསྟན་བཅོས་ཐམས་ཅད་ལམ་རིམ་དུ་གསུངས་ནས་འདུག་སྟེ། ལྷབ་སྟོན་གྱི་ཞལ་ནས་ཀྱང༌། དགེ་བའི་བཤེས་གཉེན་དེའི་བཀའ་ལུང་ཁ་ཡར་བོ་དེ་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་ལྡེ་མིག་བཏུབ་པ་ཞིག་ནི་བྱུང་གསུངས་སྐད། དེ་ཡང་གཞུང་ཟང་མར་བཤད་ནས་མན་ངག་ལྷན་པར་སློན་པ་མིན། བཀའ་དང་བསྟན་བཅོས་ཐམས་ཅད་གོ་རིམ་དུ་བབ་པ་དུས་ཚོད་དང་འཚམ་པར་ལག་ལེན་དུ་བྱེད་པའི་མན་ངག་ཅིག་ལ་བཀའ་གདམས་ཟེར་བ་ཡིན། ཆུང་ངུ་ཉུང་ངུ་ཞིག་ལ་ཟེར་བ་མིན། ཆོས་འདི་ཀུན་གྱི་འཕྲིག་མེད་པར་མཉན་བཤད་ཅི་ཙམ་བྱས་ཀྱང་རང་འཇིལ་མཁན་དང་གཞན་ཞིག་གཞིལ་བྱར་བྱས་ནས་རང་གི་ལག་ལེན་དུ་གོ་བ་ཡེ་མེད་པར་འགྲོ་བ་ཡིན་གསུངས།

གསུམ་པ། ཆོས་ཀྱི་དབུ་དགེ་བའི་བཤེས་གཉེན་ཇི་ལྟར་དུ་བསྟེན་ཚུལ།

ཇོ་བོ་ཉིད་ཀྱི་ཞལ་ནས། རིགས་ལ་གནས་པའི་གང་ཟག་དེས། །བཤེས་གཉེན་དམ་པ་བསྟེན་བྱས་ལ། །གསུངས་པ་བཞིན་དུ། ད་ལྟ་རང་ཅག་མི་ཁོམ་པ་བརྒྱད་སྤངས་ཤིང་རང་དང་གཞན་གྱི་འབྱོར་བ་བཅུ་དང་ལྡན་པའི་དལ་འབྱོར་གྱི་རྟེན་ཐོབ་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་མཇལ། ཁྱད་པར་དུ་སངས་རྒྱས་ནས་བརྒྱུད་པ་ཟམ་མ་ཆད་པ། བཟང་བར་ངན་གྱིས་མ་ཆོད་པ། བཟང་བརྒྱུད་ངན་ན་མ་བབས་པ། ཇོ་བོ་རྗེ་ལྷ་གཅིག་གི་བཀའ་བརྒྱུད་འདི་ལྟ་བུ་དང་མཇལ་བའི་དུས་སུ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ཆོས་འདི་ལ་བརྟེན་ནས་དམ་པའི་ཆོས་ལ་ཐོས་བསམ་སྒོམ་པའི་སྒྲུབ་པ་གཤའ་མ་གཅིག་བྱེད་པ་ལ་རང་སྣོད་དུ་རུང་བར་འདུག་ཀྱང་ལམ་མཁན་དགེ་བའི་བཤེས་གཉེན་ཞིག་ཅིས་ཀྱང་དགོས་པས། སློབ་དཔོན་གྱིས་བཤེས་པའི་སྤྲིངས་ཡིག་ཏུ། དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པར་ཐུབ་པས་བཀའ་སྩལ་ཏེ། །སྐྱེས་བུ་དམ་པ་བསྟེན་བགྱི་རྒྱལ་བ་ལ། །བརྟེན་ནས་རབ་ཏུ་མང་པོས་ཞི་བ་ཐོབ། །བགྱི་བ་གསུངས་ཤིང༌། དགེ་བའི་བཤེས་གཉེན་མེད་ན། ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང༌། །བླ་མ་མེད་པར་སྲིད་མཐར་མིན། །གསུངས་པ་བཞིན་དུ་འགྲོ་བས། སྔོན་པུ་ཏོ་བས་དབུ་མཛད་ཚན་ཅིག་འབྲོམ་བན་དེ་བའི་ས་ནས་མར་ལ་བཞུད་པ་ཆུ་པུག་ཏུ་ཆུད་པས་པུ་ཏོ་བའི་ཐུགས་དགོངས་ལ་ཉི་དཀར་ས་དཀར་ལ་འགྲོ་བ་ལའང་ལམ་སྣ་མེད་པར་མི་ཡོང་བར། ཐོག་མ་མེད་པའི་དུས་ནས་བགྲོད་ཡེ་མ་མྱོང་བའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་བགྲོད་པ་ལ་ལམ་མཁན་དགེ་བའི་བཤེས་གཉེན་དགོས་པ་ཡོད་ངེས་སྙམ་དུ་འཁྲུངས་གསུངས། དེ་བས་ན་དགེ་བཤེས་དོལ་པས། མན་ངག་ཐམས་ཅད་བསྡུས་པའི་མགོ་ནི། དགེ་བའི་བཤེས་གཉེན་མི་བཏང་བ་ཡིན། གསུངས་པ་ལྟར་འོག་ནས་ཆོས་ཁུངས་བཙུན་པའི་དགོས་པ་སྟོན་པའི་སྐབས་སུ་འབྱུང་བ་ལྟ་བུའི་བླ་མ་མཚན་ཉིད་དང་ལྡན་པ་ཞིག་ཚུལ་བཞིན་དུ་བསྟེན་པར་བྱ་སྟེ། དེ་ཡང་བཅོམ་ལྡན་འདས་བྱམས་པས། བཀུར་སྟི་རྙེད་པ་དག་དང་རིམ་འགྲོ་དང༌། །སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། །ཞེས་གསུངས་པ་དང༌། སྤྱོད་པ་ལ་འཇུག་པ་ནས། དཔལ་འབྱུང་བ་ཡི་རྣམ་ཐར་ལས། །བླ་མ་བསྟེན་པའི་ཚུལ་ལྟར་བསླབ། །ཅེས་པ་དང༌། ཇོ་བོས་གཞུང་འདི་ཉིད་དུ། བསྙེན་བཀུར་རིན་ཆེན་སོགས་སྦྱིན་དང༌། །བཀའ་སྒྲུབ་ལ་སོགས་ཐམས་ཅད་ཀྱིས། །བླ་མ་དམ་པ་མཉེས་པར་བྱ། །ཞེས་གསུངས་པ་བཞིན་དུ་དགེ་བཤེས་སྟོན་པས། སེ་བཙུན་དང་ཇོ་བོ་བསྟེན་པ་ལྟར་བསྟེན་ཅིང༌། ཁྱད་པར་དུ་ཆོས་ཉན་པའི་དུས་ན་སྣོད་ཀྱི་ཉེས་པ་གསུམ་བསལ་ནས་ཆོས་དང་ཆོས་སྨྲ་བ་ལ་གུས་པ་ཆེན་པོ་ཉེ་བར་བཞག་ལ་མཉན་ཏེ། དེ་ཡང་ཤ་ར་བའི་ཞལ་ནས། སྣོད་ཁ་སྦུབ་པ་ལྟ་བུའི་ཉེས་པ་དེ་དུས་གཅིག་ཁོ་ནར་བསལ་དུ་མི་བཏུབ་ཀྱང༌། གང་ཞིག་འདོན་དང་འདྲི་དང་དཔྱོད་པ་དང༌། །གཞན་ལ་འདྲི་ཞིང་ཐོས་པ་འཛིན་བྱེད་པ། །དེ་ཡི་བློ་ནི་ཉི་མའི་འོད་ཟེར་གྱིས། །པདྨ་འབྱེད་པ་བཞིན་དུ་ཁ་དབྱེའོ། །ཞེས་གསུངས་པ་བཞིན་དུ་ནན་ཏན་གྱིས་མཉན་ཞིང་གཟུངས་སུ་བཟུང་ན་ཤེས་བྱ་ལ་ཤེས་རབ་ཇེ་རྣོར་འགྲོར་རུང་བ་སྔོན་ཞང་བཙུན་སངས་རྒྱས་འབར་བྱ་བ་ཡང་དང་པོ་དབང་པོ་རྣོན་པོ་མིན་པ་ལ་ཕུ་ཆུང་བ་དང་ཀ་མ་པའི་གསུང་ལ་བརྟེན་ཅིང་ནན་ཏན་ཆེན་པོས་འབད་པས་ཕྱིས་ཀ་མ་པའི་ཐིལ་ན་གནས་པ་ལ་བློ་གནས་ཆེ་བར་བྱུང་བ་བཞིན་དུ་ཡིན། སྣོད་མི་གཙང་བ་དང་འདྲ་བར་རང་ལྟ་མཆོག་ཏུ་བཟུང་ནས་རང་གི་ངན་གྱིས་སྦགས་པ་ལ་གོ་བ་ཡང་མི་ཡོང༌། ཅུང་ཟད་གོ་བ་སྙམ་བྱེད་ཀྱང་སྒྲུབ་པ་ཕྱིན་ཅི་མ་ལོག་པའི་རྒྱུར་མི་འགྱུར་བས་གཟུ་བོའི་བློས་མཉན། སྣོད་ཞབས་རྡོལ་བ་བཞིན་དུ་མི་གཏང་བར་རྟག་ཏུ་ནན་ཏན་གྱིས་བསྐྱང་གསུངས་པ་རྣམས་ཀྱིས་སྣོད་ཀྱི་ཉེས་པ་གསུམ་སྤང་ཞིང༌། སྡོང་པོ་བཀོད་པའི་མདོར་ཁྱེའུ་དཔལ་འབྱུང་དང་བུ་མོ་དཔལ་གྱི་བློ་གྲོས་མས་ནོར་བཟང་ལ་གསུངས་པ་བཞིན་དུ་དགེ་བའི་བཤེས་གཉེན་དང༌། རང་དང༌། ཆོས་དང༌། ནན་ཏན་ཉམས་སུ་ལེན་པ་རྣམས་ལ་རིམ་པ་ལྟར་སྨན་པ་དང༌། ནད་པ་དང༌། སྨན་དང༌། ནད་འཚོ་བའི་འདུ་ཤེས་སམ། ཡང་ན་དཔའ་བོ་དང༌།འཇིགས་པ་དང༌། མཚོན་ཆ་དང༌། དགྲ་སེལ་བའི་འདུ་ཤེས་སམ། ཡང་ན་དགེ་བཤེས་སྟོན་པས་གསུངས་པ་བཞིན་དུ་དགེ་བའི་བཤེས་གཉེན་ལ་སྟོན་པ། ཆོས་ལ་ལུང༌། རང་ལ་འཁོར་གྱི་འདུ་ཤེས་བཞག་ནས་ཆོས་དང་ཆོས་སྨྲ་བ་ལ་གུས་པ་ཆེན་པོ་བསྐྱེད་ཅིག བཅོམ་ལྡན་འདས་བྱམས་པས། ཤེས་བསམ་དུས་སུ་འདུད་པས་བཤེས་གཉེན་བརྗོད།། ཅེས་གསུངས་པ་བཞིན་དུ་ཀུན་ཤེས་པར་འདོད་པའི་བསམ་པས་དུས་སུ་བབ་པ་ན་འདུད་པའི་སྒོ་ནས་བསྟེན་པ་ཞིག་དགོས་ཏེ། ཤ་ར་བའི་ཞལ་ནས། དེ་ཡང་ཀུན་ཤེས་པར་འདོད་པའི་བསམ་པས་བསྟེན་པ་ཞིག་དགོས་པ་ལགས། ཤེས་ན་ཡང་ཡག མ་ཤེས་ན་ཡང་ནད་ཁྱག་སྙམ་པས་མི་ཡོང༌། རྒྱ་ཚ་སྟག་དར་གྱིས་ནག་པོའི་ཆོས་བཞི་དང་དཀར་པོའི་ཆོས་བཞི་མ་ཟིན་པ་བཞིན་དུ་འགྲོ་བ་ལགས། དུས་སུ་བསྟེན་པ་ཅི་ལགས་ཏེ། མདོ་སྡེ་རྒྱན་གྱི་ཊཱིཀ་ནས། བླ་མ་ཟན་ཟ་བ་ལ་སོགས་པའི་དུས་སུ་ནི་མ་ཡིན་ནོ། །བྱ་བར་གསུངས་པ་ལ་དགེ་བཤེས་ཁུའི་ཞལ་ནས། ལྟོས་ཤིག་བླ་མ་ཟན་ཟ་བའི་དུས་སུ་ནི་མ་ཡིན་ནོ་གསུངས་པ་ལགས་པར་གདའ། དུས་མ་ཡིན་པར་ཞུས་པས་ཡིན་ན་རང་གི་དོན་ཡང་མི་འགྲུབ། བླ་མ་དེ་ཡང་མི་མཉེས་པ་ལགས་ཏེ། སློབ་མ་ཞིག་གིས་སློབ་དཔོན་ཞིག་མ་སྐབས་པའི་དུས་ཤིག་ཏུ་ཆོས་ཞུར་ཕྱིན་པས་ཕྱག་ཕྱིར་དེང་མཛད་ནས། མ་རི་ལ་ཛ་གསུངས་པས། ཁོའི་ཡིད་ལ་ཕྱག་རྒྱ་ཡིན་སྙམ། མ་རི་ལ་ཛ་སྙིང་པོ་ཡིན་སྙམ་ནས་དེ་ཁོ་ན་ཙུག་བྱས་པས་ཐུན་མོང་གི་དངོས་གྲུབ་ཐོབ་པར་གདའ། དེ་བས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལམ་གྱིས་འགྲོ་བ་ལ་དད་པ་གཙོ་བོ་ཡིན། ཁོའི་དེ་ད་ཡག་པར་བྱུང་གདའ་སྟེ། སྤྱིར་བླ་མ་བྲེལ་བ་དང་མ་མཉེས་བཞིན་དུ་ཞུས་ན་རང་གི་དོན་ཡང་མི་འགྲུབ་སྟེ། པུ་ཏོ་བ་ལ་ཅིག་གིས་ཇོ་བོ་མི་གཡོ་བའི་སྒྲུབ་ཐབས་ཤིག་མི་དགྱེས་བཞིན་དུ་ཞུས་པས་ཕྱིས་མཛེས་ཁྱེར་ནས་ཤི་བ་ལ་དེ་ལ་དེ་ཙུག་ཡོང་ངེས་ང་ལ་ཇོ་བོ་མི་གཡོ་བའི་སྒྲུབ་ཐབས་ཤིག་མི་དགའ་བཞིན་དུ་ནན་བྱས་གསུངས་སྐད། ཐེག་པ་ཆེན་པོ་བྱ་བ་སྔགས་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་བྱིན་གྱིས་རླབས་པ་ལ་བརྟེན་པ་ལགས། བྱིན་གྱིས་རློབ་པ་ལ་བླ་མ་དེ་མཉེས་པ་ཞིག་ཁོ་ན་དགོས་པ་ལགས། འདུད་པས་བསྟེན་པ་ཞིག་ལགས་ཏེ། རང་ཅག་ཨ་ཝ་རུ་བསྒོམས་ནས། ང་ཐག་རིང་ནས་ཡོང་བ་ཡིན་སྙམ་པའི་ཡུས་སྒོམ་པ་དང༌། ང་རིགས་དང་རུས་འདི་ལྟ་བུ་ཡིན་སྙམ་པ་དེ་ལྟ་བུ་ལ་འཇིགས་ངོ་ཆེ་ལ་ཆོས་བཤད་པ་ཡིན་ཡང་ལམ་དུ་ཡེ་མི་འགྲོ། ང་རྒྱལ་རླབས་ཀྱིས་བཅག་ནས། བཅོམ་ལྡན་འདས་བྱམས་པས་འཕགས་པ་ནོར་བཟང་ལ་གསུངས་པ་བཞིན་དུ། དགེ་བའི་བཤེས་གཉེན་གྱི་ངོར་ང་རྒྱལ་དང་ཆེ་བའི་ང་རྒྱལ་ཐམས་ཅད་བཅག་པས་ཁྱི་ལྟ་བུའི་སེམས་དང༌།དགེ་བའི་བཤེས་གཉེན་དེའི་དམན་ལས་ཐམས་ཅད་བྱེད་པ་ལ་གདོལ་བུ་ལྟ་བུའི་སེམས་དང༌། དགེ་བའི་བཤེས་གཉེན་གྱི་བྱ་བ་ལ་འགྲོ་ཞིང་འོང་བས་མི་སྐྱོ་བ་གྲུ་ལྟ་བུའི་སེམས་ཟེར་ཏེ། དགེ་བཤེས་རྣལ་འབྱོར་པ་ཆེན་པོས། ཇོ་བོའི་བཟོ་བོ་རྡོ་རྗེ་གདན་གྱི་ལྷ་བཟོ་པས་བྱས། མཆོད་རྟེན་བརྒྱད་པ་དང༌། འགྲོ་བ་མཛད་པ་དང༌། ཇོ་མོ་འཇིགས་བརྒྱད་སྐྱོབ་དེ་བཞེངས་པ་དང༌། རྒྱ་གར་དུ་གསེར་སྐྱིལ་དུ་ལན་གསུམ་གྱི་བར་བྱོན་པ་ལགས་པར་གདའ། དགེ་བཤེས་སྟོན་པས་ཇོ་བོ་སེ་བཙུན་དང་ཇོ་བོ་གཉིས་ཀྱི་ཕྱི་ནང་བར་གསུམ་ཐམས་ཅད་གཏན་ལ་འབེབས་པར་གདའ་སྟེ། དེ་བཞིན་དུ་མཛད་པ་ཡིན་ཡང༌། འདི་བཞིན་དུ་བྱས་པས་འདི་ཀུན་གྱི་ཐུགས་དགོངས་ཅི་སྐོངས་སྙམ་པ་མིན་པ། འདི་བཞིན་དུ་བྱས་ན་འདི་ཀུན་མཉེས་ནས་ང་ལ་མན་ངག་གནང་སྟེ་འོང་སྙམ་པའི་རྟོག་པ་རང་ཡང་སྐད་ཅིག་ཀྱང་སྐྱེ་མ་མྱོང་བ་ལགས་པར་གདའ། དགེ་བཤེས་སྟོན་པ་འདའ་ཙ་ན་ཨ་མེ་སྨན་རྒན་ཤེད། ང་ཨ་རུ་ར་རློན་པ་ཞིག་ཡོད་ན་ཇི་སྲིད། དེ་མིན་མི་འཚོ་ཟེར་བས། གྲྭ་པ་དང་དྲུག་ཅུ་ཙམ་ལས་མེད་དེ། བལ་ཡུལ་དུ་ཨ་རུ་ར་ཚོལ་བ་ལ་ལམ་དུ་ཤད་ཀྱིས་ཞུགས་པ་མང་པོ་བྱུང་བ་དགེ་བཤེས་ཉིད་ཀྱིས་བཅག་པར་གདའ། འོ་མའི་ནང་དུ་བཅུག་པས་སྐམ་ཡང་མི་སྐམ། ཁ་དོག་དང༌། དྲི་རོ་དང༌། ནུས་པ་ཡང་མི་ཉམས་པར་འོང་བ་ལགས་པར་གདའ། རྡོ་རྗེ་སློབ་དཔོན་བཀའ་བྱུང་ན། །ཡི་གེ་ན་ཡང་ཕྱེད་མར་གཅོད། །གསུངས་པ་བཞིན་དུ་བྱེད་དགོས་པ་ནི་ལགས། གཞན་ཡང་རྒྱལ་བུ་ཟླ་བས། རབ་ཏུ་དམའ་བའི་སྟན་ལ་འདུག །དགའ་དང་ལྡན་པའི་མིག་གིས་ལྟ། །དུལ་བའི་དཔལ་ནི་རབ་ཏུ་བསྟེན། ཚིག་གི་བདུད་རྩི་འཐུང་བ་བཞིན། གསུངས་པ་བཞིན་དུ་ཡིན་པས། དཱ་སའི་བུས་ཀྱང་ཁོ་རང་གི་རྔུལ་གཟན་ཕུད་རྡོ་ལེབ་ཀྱི་སྟེང་དུ་བཏིང༌། དེའི་སྟེང་དུ་རྒྱལ་བུ་ཟླ་བ་བཞུགས། ཁོ་རང་དམའ་ས་ན་བསྡད་ནས་མཛད། བཤད་པ་པོ་སྟན་མཐོན་པོ་ལ་བསྡད་པར་གསུངས་པ་དམ་པའི་ཆོས་འདུལ་བ་ནས་ཀྱང༌། སྟན་མཐོ་རིན་ཆེན་འོད་ཀྱིས་སྤྲས་པ་ལ། །འདུ་བྱེད་འཇིག་པའི་ངང་ཅན་འདིར་བསམ་སྟེ། །འཛེགས་ནས་ཆོས་སྒྲོགས་པ་ཡིས་ཉེས་མེད་དེ། །བདེ་གཤེགས་ཆོས་ནི་མཆོད་པ་བྱས་ཡིན་པས། །ཞེས་གསུངས། ཐེག་པ་ཆེན་པོ་ནས་ཀྱང་སྟན་མཐོན་པོ་ཇི་ལྟར་བྱ་བ་གསུངས། བཀའ་བསྡུ་མཛད་པའི་དུས་ན་ཡང་གདན་ཇི་ལྟར་བཏིང་བ་དང་གསུངས། བཤད་པ་པོ་དམའ་སར་བསྡད། ཉན་པ་པོ་མཐོ་སར་བསྡད་ན་རྒྱལ་པོ་ཤ་ར་བའི་བཙུན་མོ་དང་བྲན་མོ་སྒུར་མཆོག་གི་གཏམ་བཞིན་དུ་ཡོན་ཏན་རྒྱུད་ལ་ཡེ་མི་སྐྱེད། དགའ་དང་ལྡན་པའི་མིག་གིས་ལྟ་ཟེར་ཏེ། གང་གི་རྒྱ་གར་ན་སློབ་དཔོན་དེའི་སྨིན་མཚམས་སུ་ཅེ་རེ་བལྟས་ནས་ཕ་ལ་ཕ་ལ་ཟེར་བ་ཡིན། ལེགས་པར་གསུངས་སོ་ལེགས་པར་གསུངས་སོ་བྱ་བའི་དོན། འཕྲལ་ལ་རང་ཚིག་གི་གཏང་རག་གཏོང་ཡིན་གཏོང་ཡིན་བྱེད་པ་ལགས་པར་གདའ། འོ་སྐོལ་ཡང་ཆོས་ཐུན་བཏང་རྟིང་ལ་ལེགས་པར་གསུངས་སོ་བྱ་བ་རེ་ཟེར་དགོས་པ་ལགས། ཇོ་བོའི་སློབ་མ་གྲོགས་པོ་པཎ་ཆུང་དེ་ལ་ཁོ་རང་བཞེད་པའི་སྡེ་པ་མན་ཆད་པའི་གསུངས་ཙ་ན་བ་སྤུ་དམར་ཟིང་ངེ་སེ་གོལ་ཏོག་ཏོག་མཛད་པ་ཡིན་ཤིན་ཏུ་དགྱེས་པའི་བཀའ་སྩལ་གསུངས། དུལ་བའི་དཔལ་ནི་རབ་ཏུ་བསྟེན། །ཟེར་ཏེ། ཨ་ཝ་རུ་མི་སྒོམ་པར་བླ་མ་དེའི་འོག་ཏུ་ཧྲིལ་གྱིས་བཞུགས་ནས་ཨོ་དནྟ་པཱུ་རིའི་དགེ་ཚུལ་དེ་བཞིན་དུ་བྱེད་དགོས་པ་ལགས། ཚིག་གི་བདུད་རྩི་འཐུང་བ་འདི་ཡང་ནད་ཀྱིས་ནད་ཕུལ་དུ་གོ་ན་འོང་བས། དང་པོ་འཁོར་བ་མཐའ་སྡུག་བསྔལ་ཅན་དེ་དག་སྤངས་ནས། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ལ་ལམ་བསླབ་པ་གསུམ་ལ་སློབ་དགོས། དེ་ལ་མང་དུ་ཐོས་པ་དགོས་པར་གོ་བ་ཡིན་ན་གདོད་ཚིག་གི་བདུད་རྩི་འཐུང་བར་ཡོང་བ་ཡིན། དེ་ནས་སློབ་མ་དེས་བར་དུ་གཅོད་པ་སྤོང་དུ་བཅུག ངེས་པར་འབྱུང་བ་སྒྲུབ་ཏུ་བཅུག་པས། ངན་སོང་དང་འཁོར་བ་དང༌། ཐེག་པ་དམན་པར་མི་ལྷུང་བར། བདེ་འགྲོ་དང༌། ཐར་པ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་ནས་འཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་བར་དུ་འབྱུང་གསུངས་ཏེ། འདི་ཀུན་ལ་སྟོད་ཀླུངས་པ་ཆེན་པོས་ཀྱང༌། དགེ་བའི་བཤེས་གཉེན་བསྟེན་པ་ཆོས་ཀྱི་དབུ། །བགྱི་བར་གསུངས།

བཞི་པ། བཤད་བྱ་བསྟན་བཅོས་ཀྱི་གཞུང་དངོས་བཤད་པ།

དེ་ལ་མཚན་དང༌། འགྱུར་ཕྱག གཞུང་དོན་བཤད་པ་གསུམ་ལས།

གཅིག མཚན།

རྒྱ་གར་སྐད་དུ། བོ་དྷི་པཱ་ཐ་པྲ་དཱི་པ། བོད་སྐད་དུ། བྱང་ཆུབ་ལམ་གྱི་སྒྲོན་མ། ཞེས་བྱ་བ་སྟེ། དེ་ལ་མཚན་ཀླད་དུ་བྲིས་པའི་དགོས་པ་དང༌། མཚན་གྱི་དོན་བཤད་པ་གཉིས་ཀྱི། དང་པོ་ནི། ཤ་ར་བའི་ཞལ་ནས། དགེ་བཤེས་སྟོན་པའི་ཐུགས་ཀྱི་དགོངས་པས། གཞུང་འདིའི་མགོ་རྒྱ་གར་སྐད་དུ་ནས་མཇུག་རྫོགས་སོའི་བར་ཐམས་ཅད་ཉི་མ་དེ་རིང་ནས་ཀྱི་སྒོམ་རྒྱུའམ་ཉམས་སུ་བླང་རྒྱུ་ཞིག་ཏུ་རང་གི་རྒྱུད་ལ་བསྐོར་གྱིས་བསྐོར་ནས་འཆད་པ་ལགས་པས་དེ་ལ་ལོ་ཙཱ་བའི་བཀའ་ལུང་གིས་རྒྱ་གར་སྐད་ཀླད་དུ་བྲིས་པ་འདི་ཡང་ལོ་ཙཱ་བ་ཀུན་གྱི་རང་བཟོ་མིན། སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་དང་བཀའ་གྲོས་སུ་བྱས་ནས་དགོས་པ་ཆེན་པོ་གསུམ་ལ་གཏད་ནས་བྲིས་པ་ཡིན་ཏེ། བྱས་པ་ཤེས་ཤིང་བྱས་པ་དྲིན་དུ་གཟོ་བར་བྱ་བ་དང༌། ཁུངས་བཙུན་པའི་དང༌། ད་ལྡོབས་པ་ལ་དགོས་པ་དང་གསུམ་ལས། དང་པོ་བྱས་པ་ཤེས་ཤིང་བྱས་པ་དྲིན་དུ་གཟོ་བའི་དགོས་པ་ནི། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང༌། །མི་དང་ལྷ་ཡི་ཐེམ་སྐས་ལས། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་གསུངས་པ་ལས། དམ་པའི་ཆོས་མ་དར་བའི་གོང་དུ་བོད་ཐམས་ཅད་དུད་འགྲོ་དང་ཁྱད་མེད་པར་སྐྱེ་བ་སྔ་མ་གང་ནས་འོངས་དང་ཕྱི་མ་གང་དུ་འགྲོ་བ་མི་ཤེས་ཤིང༌། ལས་གང་ལས་བདེ་སྡུག་གང་འབྱུང་བ་ཡང་མི་ཤེས། འཁོར་བ་དང་མྱ་ངན་ལས་འདས་པའི་མཚན་ཉིད་དང་དེ་གཉིས་ཀྱི་རྒྱུ་འབྲས་ཐམས་ཅད་ལ་དཔྱོད་པ་བྲལ་ཞིང་རྨོངས་པའི་མུན་པས་གཏིབས་ནས་འདུག་པ་ལ། མིའི་ཆོས་ལུགས་ལེགས་པར་སྤྱད་པ་དང༌། དེས་ལྷ་ཡུལ་བགྲོད་པ་བདེ་འགྲོ་སྒྲུབ་པའི་གོ་ཡུལ་དང༌། དེ་གཉིས་ཀྱི་ཐེམ་སྐས་ལ་བརྟེན་ནས། ཐར་པ་སྒྲུབ་པའི་གོ་ཡུལ་དང༌།ཐམས་ཅད་མཁྱེན་པ་སྒྲུབ་པའི་གོ་ཡུལ་དང༌། ཤེས་རབ་ཀྱི་སྣང་བ་ཅུང་ཟད་སྐྱེས་པ་དེ་དམ་པའི་ཆོས་ཀྱི་བཀའ་དྲིན་ཡིན། ཆོས་དེ་ཡང་རྒྱ་གར་ནས་བྱུང་བ་ཡིན་པས་རྒྱ་གར་བ་ལ་དྲིན་དུ་གཟོ་བར་བྱ་དགོས་པའི་དོན་ཡིན་ཏེ། དེ་ཡང་སྔོན་བྱོན་པ་དེ་རྣམས་ཀྱིས་རྒྱ་གར་བའི་སྤྲང་པོ་ཡན་ཆད་ལ་ཨཱ་ཙརྱ་ཞེས་སློབ་དཔོན་དུ་བོས། གྲལ་མགོ་ལ་ཕྱུང༌། ཞང་ཆེན་པོ་ལ་སོགས་པ་རྒྱ་གར་བ་བྱུང་ཚད་ལ་གསེར་གནང་བའི་ཐུགས་དམ་བཞེས་པའང་མང་དུ་བྱུང་བ་དེ་ཀུན་གྱིས་དྲིན་དུ་གཟོ་བ་མཛད་ཟིན། བསྟན་བཅོས་ཀྱི་ཀླད་དུ་རྒྱ་གར་སྐད་ཡི་གེ་བྲིས་པ་འདི་རང་ཅག་ཕྱི་རབས་པ་ཀུན་ཀྱང་དེ་བཞིན་དུ་སློབ་དགོས་པར་བསྟན་པའི་ཆེད་དུ་ཡིན་པས། སྔོན་མདོ་ཁམས་སུ་འདུ་བ་ཞིག་གི་ཚེ་བྱག་ཙེ་མང་པོ་སྟིང་བ་ལ་ཨཱ་ཙརྱ་ཞིག་བྱུང་ནས་ནངས་ཀྱི་དང་པོ་ལ་ལུགས་མ་ཅི་བཞུགས། དེའི་འོག་མ་ལ་ཁོང་རང་བཞུགས་པ་ལ་ཁྱེད་དེར་མ་འདུག་མི་གཞན་ཡོད་བྱས་པས་ཁོ་ཤེད། འུ་ཅག་ཆོས་ཞལ་ཕྱེ་ལ་དབུ་ན་རྒྱ་གར་སྐད་འདུག་ན་ང་འདིར་སྡོད་མི་འདུག་ན་མི་སྡོད་ཟེར་སྐད་པ་དེ་ཀུན་ཡང་རང་ཅག་ལ་བསམ་རྒྱུའི་མན་ངག་ཁོ་ན་ཡིན་ཏེ་ཁོང་གྲལ་མགོ་ལ་སྡོད་དབང་བ་ཡིན། གཞུང་གི་སྐབས་དོན་དེ་ཙམ་གྱིས་ཆུན་ཏེ། རང་ཅག་གིས་ལག་ལེན་དུ་བྱ་རྒྱུ་ནི་གཞན་ཡང་རང་ཆོས་དང་ཕྲད་པའི་རྐྱེན་བྱས་པ་ཡིན་ན་གནོད་པ་བྱས་པའི་རྐྱེན་གྱིས་ཕྲད་པ་ཡིན་ཡང་དེ་ལ་བྱས་པ་ཤེས་པར་བྱ། དེ་ལྟར་བྱས་ན་ཡོན་ཏན་དང་བདེ་ལེགས་ཐམས་ཅད་འབྱུང༌། ཆོས་ཀྱིས་ཕན་བཏགས་པ་ལ་བྱས་པ་ཤེས་པ་མེད་ན་ཡོན་ཏན་དང་བདེ་བ་སྐྱེ་བ་ཡང་མི་ཡོང་ལ། སྔར་ཅུང་ཟད་སྐྱེས་པ་ཡང་ཉམས་པར་འགྱུར་བ་ཆོས་ཉིད་ཡིན། དེ་བས་འཇིག་རྟེན་པའི་ཟས་གོས་ཀྱིས་ཕན་བཏགས་པ་དང་ནད་གཡོག་ལ་སོགས་པའི་དགོས་པའི་གྲོགས་བྱས་པ་དག་ལ་ཡང་དྲིན་འོག་ནས་ཐོན་མེད་པ་འདྲ་བ་བྱེད་དགོས་པ་ཡིན། དེ་དག་ལ་བྱས་པ་དྲིན་དུ་གཟོ་བ་ཡོད་ན་འཇིག་རྟེན་གྱི་ཁ་བསྔགས་ལས། ཆུ་གང་གཉེན་ལ་བཏགས་ན་གཉེན་པས་ཀྱང་དགྲ་སྨོན་ཟེར་བ་བཞིན་དུ་ཕྱིས་ཀྱང་དེ་ལ་ཕན་འདོགས་པ་ཡོང་སྟེ་ཕུན་སུམ་ཚོགས་པ་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་འཕེལ། དེ་དག་གཙོ་བོའི་ཞིང་ཡིན་པས་བསོད་ནམས་ཀྱང་དཔག་ཏུ་མེད་པ་སོགས་པར་འགྱུར་བས། ཤེས་རབ་བརྒྱ་པ་དང་རྔའི་ཚིགས་སུ་བཅད་པ་ལས་ཀྱང༌། བྱས་པ་ཤེས་ཤིང་བྱས་པ་གཟོ། །བྱས་པ་ཆུད་གཟོན་མི་བྱེད་པའི། །མི་ལ་དཔལ་མགོན་ཉེ་བར་གནས། །གསུངས་ཏེ། དཔལ་ནི་ཚེ་འདི་ལ་དང༌། མགོན་ནི་ཚེ་ཕྱི་མ་ལ་ཡིན་གསུངས། དེ་དག་ལ་དྲིན་དུ་གཟོ་བ་མ་བྱས་ན་འདི་ཉིད་ལ་མི་དགའ་བ་མེད་ཀྱང་དེ་ལ་ཕྱིས་ཕན་འདོགས་པ་ཡེ་མི་ཡོང་གི་ཁར་དེ་འདྲ་བ་ཁྲེལ་མེད་གདོང་མེད་བྱས་མི་སྣང་སྦུར་བ་བཞིན་དུ་ཕྱི་མིག་ལྟ་མི་ཤེས་པ་ཞིག་ཡིན། སྣུམ་གྱིས་བྱུགས་པ་དང་ཆུས་བྱུགས་པ་ཁྱད་མེད་པ་ཞིག་ཡིན་ཟེར་ནས་ཡོང༌། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་ཟླ་བ་མར་གྱི་ངོ་བཞིན་དུ་འགྲིབས་པ་རྟེན་འབྲེལ་གྱི་ཆེ་བ་ཡིན་པས་ན། ཤེས་རབ་བརྒྱ་པ་དང་རྔའི་ཚིགས་སུ་བཅད་པ་ལས་ཀྱང༌། རྒྱ་མཚོ་དང་ནི་རི་རབ་དང༌། །ས་རྣམས་བདག་གི་ཁུར་མིན་གྱི། །བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་ཡིན། །ཞེས་གསུངས་ཏེ། རྒྱ་མཚོ་ལ་སོགས་པ་དེ་རྣམས་ཁུར་དུ་བསྐུར་ཡང་ཚེ་འདི་ཉིད་རང་ལ་ཁུར་དེ་རྣམས་ཀྱི་འོག་ནས་ཐོན་སྲིད། འདི་ལ་མ་ཐོན་ཡང་ཚེ་འཕོས་ནས་ནམ་ཡང་ཁུར་དེ་དག་གི་འོག་ཏུ་མི་ལུས། བྱས་པ་མི་ཤེས་པའི་ཁུར་ནི་ལས་ཀྱི་རྣམ་སྨིན་དུ་སོང་བས་ལས་དེ་མ་ཟད་ཀྱི་བར་དུ་ཚེ་འཕོས་ཀྱང་དེའི་ཁུར་འོག་ནས་ཐོན་མེད་པ་ཡིན་པས། རང་ཅག་ད་ལྟ་འཇིག་རྟེན་སྟོན་པའི་ཕ་མ་དང་ས་འོག་ནས་འདོན་མཁན་གྱི་འདྲེན་པའི་སློབ་དཔོན་ནས་བཟུང་སྟེ་གང་དྲིན་ཆེ་ཆེ་དང་མ་འཁོན་པ་མེད་པ་ལ་ཡོན་ཏན་ཅི་ཡང་མི་ཡོང༌། དང་པོ་ཡ་ཏ་ན་མོའི་རྐང་གསུམ་པ་འདི་ཀ་ཡིན་བྱས་ཀྱིན་ཡང་དང་ཡང་དུ་བསླབས་ཀྱང་མི་ཤེས་པ་ཞིག་ཕྱིས་ཙ་ན་སངས་རྒྱས་ལ་ཡེ་ཤེས་ཡོད་མིན་ཚུན་ཆད་ཀྱང་གཏན་ལ་ཕེབས་པར་ཤེས་རབ་འཕེལ་བ་དེ་ཆོས་གྲྭའི་སློབ་དཔོན་གྱི་བཀའ་དྲིན་ཡིན་ཏེ། རང་ཅག་དང་པོ་ཀ་བ་ལི་ཁ་ག་ན་འབྱེད་པའི་རྩར་ཕྱིན་ནས་ཆོས་གང་མཉན་པ་དང་ཟབ་པའི་འབྲེལ་བྱེད། དེ་ནས་དེ་དག་ལ་བླ་འོག་དང་གཉན་གུས་ཅི་ཡང་མི་བྱེད་པར་མིང་རང་ཡང་བླ་དྭགས་རེ་ནས་བོད་ཀྱིས་སྐྱོན་བརྗོད་བྱེད་པ་དེ་ལ་ཕྱི་མ་ཕན་ཆད་དུ་ཆོས་སྨྲ་བ་དང་ཕྲད་རེ་ཡེ་མེད་པས་མུན་ནག་རབ་འབྱམས་ལས་མི་ཡོང༌། ཁྱད་པར་གྱིས་ཀྱང་གསང་སྔགས་ཀྱི་དབང་བསྐུར་བ་དང་རྒྱུད་འཆད་པ་དང་གདམས་ངག་སྟེར་བ་གསུམ་སངས་རྒྱས་དང་མཉམ་པར་གསུངས་ཏེ། རང་ཅག་ནི་ཆོས་ལ་བརྡ་མ་ཕྲད་པ་ཤེད་ཀྱིས་བསྟན་པ་ལ་ཞུགས་མ་ཁད་ནས་དཀྱིལ་འཁོར་ཆེན་པོར་འཇུག དེ་ནས་དེ་ལྟ་བུ་མཛད་པའི་བླ་མ་དང་ཡང་མ་འཁོན་པ་མེད་པ་ལ་ཚེ་འདི་རང་ལའང་མཉན་ཡང་གོ་བ་མི་ཡོང༌། བསྒྲུབས་ཀྱང་འབྲས་བུ་མི་ཡོང༌། ཕྱི་མ་ཕན་ཆད་དུ་ཆོས་ཀྱིས་ཕན་འདོགས་པ་ཏ་ག་ལ་ཡོད་དེ་རྡོ་རྗེ་དམྱལ་བར་སྐྱེ། ཆོས་དང་མ་ཕྲད་ན་མིར་སྐྱེས་ཀྱང་ཡོན་ཏན་དང་བདེ་བ་གང་ཡང་མི་ཡོང༌། གསང་སྔགས་གསར་རྙིང་གཉིས་གདམས་ངག་གསར་མ་ཆེ་བར་བྱེད་དེ་དངོས་གྲུབ་ཐོབ་པ་རྙིང་མ་མང་ངོ༌། །དེ་ཡང་བླ་མ་ལ་གུས་པའི་ཕན་ཡོན་ཡིན། དེ་བས་ན་ད་ཕྱིན་ཆད་རང་སློབ་དཔོན་དང་ཆོས་ཀྱིས་མི་འཕོངས་པར་བྱ་བའི་ཆེད་དུ་དགེ་བཤེས་སྟོན་པ་བཞིན་དུ་ཆོས་འབྲེལ་བྱས་པ་ཉུང་བར་བྱས་ལ། གང་ལ་ཆོས་འབྲེལ་བྱས་པ་དེ་ལ་གཉན་གུས་ཆེན་པོ་བྱ། སྔར་མ་གུས་པ་བྱས་པའི་སྒྲིབ་པ་སྦྱངས། དེ་ཡང་དེ་ཉིད་བཞུགས་ན་དེ་ཉིད་ལ་སྦྱངས། དེ་ཉིད་མི་བཞུགས་ན་རིགས་རྒྱུད་དང་སློབ་རྒྱུད་ཚུན་ཆད་ལ་སྦྱངས། དེ་དག་ཀྱང་མེད་ན་ཕྱིས་ཀྱི་བླ་མ་དེ་དང་གཅིག་པར་བསམས་ལ་དེ་ལ་སྦྱང༌། འདས་མཆོད་བྱ། དེ་བཞིན་དུ་བྱས་ན་འདི་ཉིད་ལ་ཡང་དགེ་བའི་བཤེས་གཉེན་དང་མཇལ། མ་འོངས་པ་ན་དེས་མི་འཕོངས་ཤིང༌། དེ་ལ་བརྟེན་ནས་ཡོན་ཏན་ཐམས་ཅད་འབྱུང་བ་ཡིན། དགེ་བཤེས་སྟོན་པ་ལ་སློབ་དཔོན་ཉིད་ཁམས་ཀྱི་སེ་བཙུན་དབང་ཕྱུག་གཞོན་ནུ་དང་ལ་སྟོད་ཀྱི་སྐག་སྟོན་ཆེན་པོ་སྟེ་བོད་གཉིས། པཎྜི་ཏ་སྒྲའི་ཚེར་མ་བྱ་བ་གྲགས་ལྷག་ཧ་ཅང་མི་ཆེ་བ་ཞིག་དང་ཇོ་བོ་སྟེ་རྒྱ་གར་བ་གཉིས་དང་བཞི་ལས་མི་བཞུགས། དེ་བཞི་ཅར་ལ་སངས་རྒྱས་དང་ཁྱད་མེད་པའི་དད་གུས་མཛད། དང་པོ་ཡི་གེ་བསླབས་པའི་གཡུང་དེའི་བུ་ལ་ཡང་ཇོ་བོ་ཆོས་མགོན་གསུངས་ནས་ཉེ་ཚིག་དང་མི་འབྲལ། འབྲུ་ལྡོག་རྒྱལ་བུ་བྱ་བ་དགེ་བཤེས་སྟོན་པ་ལ་ཆོས་ཞུར་བྱུང་བ། བླ་མ་སྔ་མ་ཞིག་ལ་ཞུས་ལ་ཤོག་གསུངས། བོད་དབུས་གཙང་ན་མི་བདོག་ཞུས་པས། འོ་ན་ཁམས་ན་ཡོད་དེ་འོང་བས་ཞུས་ལ་ཤོག་གསུངས། མི་བདོག་ཞུས་པས་འོ་ན་ཁྱོད་སྐྱེ་བ་ཐོབ་པ་ཡིན་ཏེ་མི་ཡོང་བས་ཡི་གེ་སློབ་པའི་སློབ་དཔོན་ཞིག་ཡོད་པ་མིན་ནམ་དེ་ལ་ཞུས་ལ་ཤོག གསུངས་པ་བཞིན་དུ་སློབ་དཔོན་སྔ་མའི་སྟེང་དུ་ཕྱི་མ་གཞན་འཚོལ་ན་ཡང་སྔ་མ་ལ་ཞུ་དགོས་པ་ངེས་དོན་ཡིན་པ་ཡུམ་གྱི་གླེང་གཞི་ལས་གསུངས་པ་དེས་ཤེས་པ་ཡིན། དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། གང་ཞིག་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་པའི་ཚིགས་སུ་བཅད་པ་གཅིག་ཐོས་ནས། དེ་ལ་ཡིག་འབྲུ་ཇི་སྙེད་ཡོད་པའི་བསྐལ་པར་འཇིག་རྟེན་པའི་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཀྱང་དེའི་དྲིན་མི་འཁོར། དེ་ཅིའི་ཕྱིར་ན་དེ་ནི་བསླུ་བའི་ཆོས་ཅན་ཡིན་ལ། སྔ་མ་ནི་སྟོན་མཁན་གྱི་བསམ་པ་ཅི་འདྲ་ཡང་རུང་སྟེ། ཐོས་པ་དེ་ནམ་ཞིག་ན་ཆོས་ཀྱི་དབྱིངས་རྟོགས་པའི་རྒྱུར་འགྱུར་ཏེ། ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཡིན་པའི་ཕྱིར། ཞེས་གསུངས་པ་དེ་ཀུན་ཁོ་ན་ངེས་པའི་དོན་ཡིན། ལུང་གི་ཆོས་བསྟན་པ་ཡང་དེ་འདྲ་ན་སྒྲུབ་པ་ལ་སྦྱོར་བའི་བླ་མ་དྲིན་ཆེ་བ་ལྟ་ཅི་སྨོས། དེ་ལྟར་ཡིན་པས་པུ་ཏོ་བ་ཀོ་རུ་ན་བཞུགས་ཙ་ན་ཁམས་པ་འཛི་འདུལ་བྱ་བ་ཁམས་སུ་འགྲོ་བ་ལ་གདམས་ངག་ཏུ། དབུས་འདི་ཀུན་ན་བརྟེན་ས་མེད་པས་ཁམས་སུ་སོང་ལ་སྟོན་པ་དབང་ཕྱུག་འབར་ལ་བསྟེན། ཁོང་གིས་གནང་ན་རིམ་པ་ཡང་ཞུས། ངེད་གཞན་ནི་ཕྱིའི་འཚམས་པ་ཡིན། དགེ་བཤེས་སྟོན་པའི་སློབ་མ་དངོས་ནི་ཁོང་ཡིན། དགེ་བཤེས་ཉིད་ཀྱང་གསང་སྔགས་ཀྱི་དཔོན་སློབ་བྱ་བ་ནི་རང་ཅག་གཉིས་ཡིན་གསུངས། ཁོང་ལ་བརྟེན་ནས་བཀའ་དྲིན་ཞུས་པའི་རྗེས་ལ་དད་གུས་ཆེན་པོ་ནི་བྱེད་དགོས། ངེད་ཀྱི་དགེ་བཤེས་སྟོན་པའི་ཞལ་ནས། རང་གི་བླ་མ་ལ་གཞན་གྱིས་སྐྱོན་བརྗོད་བྱེད་ན་ཐལ་མོ་སྦྱར་ནས་དེ་ངའི་བླ་མ་ཡིན་པས་མི་གསུང་བར་ཞུ་འཚལ་བྱས་ནས་གསོལ་བ་འདེབས། གསོལ་བ་མ་ཐེབས་ན་རྣ་ཁུང་བཀག་ནས་མི་ཐོས་པར་བྱེད་པ་ཡིན། ཐོས་ན་དམྱལ་བར་འགྲོ་བ་ཡིན་གསུངས། ཇོ་བོ་དབང་ཕྱུག་གཞོན་ནུས་གཡོན་ཆིངས་འདྲ་བ་ཞིག་མཛད་པས་ཕྱོགས་སུ་བསྒྱུར་བ་ཞིག་བྱུང་བར་གདའ། དེ་ཕྱིས་དགེ་བཤེས་སྟོན་པའི་སྙན་དུ་གསོལ་བ་ལ་དེ་འདྲ་བ་ང་ལ་ཡེ་མ་ཟློ་ཤིག ང་དེ་ཐོས་པ་མིན་ན་འདིར་ཡེ་མི་སྡོད་མདོ་ཁམས་སུ་འགྲོ་བ་ཡིན་ཏེ། དེ་ཐོས་པས་ཕྱིན་ན་ཇོ་བོ་ཆེན་པོའི་སྐྱོན་ནས་བརྗོད་པ་ཐོས་ནས་དམྱལ་བར་འགྲོ་བས་མ་ཕྱིན་པ་ཡིན་གསུངས་ནས་ཇོ་བོ་ཆེན་པོ་ལ་དེ་ཙམ་དུ་གུས་པར་མཛད་བགྱི་བ་གསུངས། དེ་ལྟར་བྱས་པ་ཤེས་ཤིང་བྱས་པ་དྲིན་དུ་གཟོ་བ་འདི་ཡོད་ན་དེ་ལ་བརྟེན་ནས་བྱམས་པ་དང་སྙིང་རྗེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་བར་རངས་པ་ཡང་བཟང་གི་སྐྱེ་བས་ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་ཡང་འདི་ཡིན། གསང་སྔགས་ཀྱི་དམ་ཚིག་དང༌། དམ་པའི་ཆོས་འདུལ་བ་ནས་གནས་དང་གནས་པའི་ཚུལ་ཁྲིམས་གསུངས་པ་ཐམས་ཅད་ཀྱང་འདིར་འདུ་བ་ཡིན་གསུངས། གཉིས་པ་ཁུངས་བཙུན་པའི་དགོས་པ་ཡང༌། ཤ་ར་བ་ཉིད་ཀྱི་ཞལ་ནས། བོད་རྣམས་ཀྱང་ཆོས་ཀྱི་ཁུངས་མིན། རྒྱ་ནག་ཀྱང་རང་བཟོ་དང་བསྣོན་འདེབས་ལ་དགའ་ཞིང་ལན་གཉིས་སུ་ལྡབ་རྒྱང་དུ་བསྒྱུར་བ་ཡིན་པས་ཁུངས་མི་བཙུན། ཆོས་ཀྱི་ཁུངས་རྒྱ་གར་ཡིན་ལ། རྒྱ་གར་སྐད་ཀླད་དུ་བྲིས་པས་ཆོས་དེ་དེ་ནས་བྱུང་བ་ཡིན་པས་ཁུངས་བཙུན་པའི་དོན་དུ་སྟེ། སྔོན་རྣམ་གཞག་མ་ཉམས་པའི་དུས་ན་བོད་མ་ལ་གང་ཡང་མེད། རྒྱ་ནག་མ་ལ་རྒྱ་སྐད་དུ་ཟེར། རྒྱ་གར་ནས་འགྱུར་ཡང་སྐད་གསར་བཅད་ཀྱིས་བཅོས་མ་གྲུབ་པ་དང་ཞུ་ཆེན་མ་བྱས་པ་ལ་རྒྱ་གར་སྐད་དང་ཞུས་རྒྱ་དང་རྒྱལ་པོའི་མཐེབ་རྒྱ་ཀུན་ཕྱི་ནས་མེད། དེ་ཀུན་ཐམས་ཅད་ཀྱིས་གཏན་ལ་ཕབ་པ་ལ་དབུ་རུ་རྒྱ་གར་སྐད་བྲིས། ཞབས་སུ་ཞུས་རྒྱ་དང་རྒྱལ་པོའི་མཐེབ་རྒྱས་ཀྱང་བཏབ་ནས་བཞུགས་པ་ལགས་པར་གདའ་སྟེ། བར་དུ་བསྟན་པ་ལ་སྐེད་ཉག་བྱུང༌། རྒྱལ་པོའི་ཁྲིམས་ནི་མེད་པས་བོད་མ་ལྡག་ལྡོག་ཀུན་ལ་ཡང་རྒྱ་གར་སྐད་བཅུག རྒྱ་ནག་མ་ཀུན་ལ་ཡང་གར་དེ་ཆད་པ་ཡིན་སྙམ་ནས་བཅུག་པས་དེང་སང་ན་ཐམས་ཅད་འདྲེས་ནས་སོང་བ་ཡིན། སྐབས་དོན་དེ་ཙམ་གྱིས་ཆུན་ཏེ། ལག་ལེན་དུ་བྱ་རྒྱུ་གཞན་ཡང་སྔོན་ཙ་ན་འཇིག་རྟེན་པའི་གཉེན་འདོགས་པ་ཀུན་ཡང་ཚ་གནད་ཟེར་ནས་ཁུངས་བཙུན་པ་ཞིག་གལ་ཆེ་བར་བྱེད་ན་རང་རེ་རྣམ་པར་གྲོལ་བ་དང་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་ཁུངས་བཙུན་པ་མེད་པར་སུ་ཐོད་ཐོད་ཀྱི་དྲུང་དུ་ཕྱིན་གྱི་ཅི་ཐོད་ཐོད་བསླབས་པས་མི་ཡོང༌། ཁུངས་བཙུན་པ་ཞིག་གལ་ཆེ་སྟེ། དེ་ཡང་པུ་ཏོ་བའི་ཞལ་ནས། དང་པོ་སྐྱབས་སུ་འགྲོ་བའི་སྡོམ་པ་ལེན་པ་ལ་སློབ་དཔོན་སངས་རྒྱས་པ་ཉིད་དུ་གྲུབ་པ་ཞིག་དགོས། དེ་ཨ་པོ་ལ་མ་གྲུབ་པས་མི་ཡོང༌། སོ་སོར་ཐར་པའི་དབང་དུ་བྱས་ན་དགེ་བསྙེན་གྱི་སྡོམ་པ་ལེན་པ་ལ། སློབ་དཔོན་ལས་དང་འབྲས་བུའི་ཆེ་བ་ལ་ཡིད་ཆེས་པ་ཞིག་དགོས། རབ་ཏུ་འབྱིན་པ་དང་བསྙེན་པར་རྫོགས་པའི་མཁན་པོ་དང་གནས་ཀྱི་སློབ་དཔོན་ཞུ་བ་ལ་འདུལ་བ་ཉིད་ནས། ཚུལ་ཁྲིམས་ལྡན་དང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང༌། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང༌། །དུས་སུ་འདོམས་པ་དེ་དག་བླ་མར་བསྔགས། །གསུངས་པ་བཞིན་དུ་དགེ་སློང་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་ལྔ་ཕྲུགས་ཉི་ཤུ་རྩ་གཅིག་ལས་གང་ཡང་རུང་བ་དང་ལྡན་པ་ཞིག་དགོས། སློབ་དཔོན་ལ་ཡང་ལྔ་ཕྲུགས་དགོས། དགེ་འདུན་ཐུགས་བརྩེ་བ་ཅན་ཟེར་བས་ཟང་ཟིང་ལ་མི་ལྟ་ཞིང་ཁ་སྐོང་གི་ཆོས་དང་ལྡན་པ་ཞིག་དགོས། ཀློག་པའི་སློབ་དཔོན་ཡང་རིགས་པ་གླེགས་བམ་ལས་བླངས་པ་དང་དཔོན་སློབ་དམ་ཚིག་ཉམས་ཤིང་རང་སྒྲུབ་པ་དང་བྲལ་བ་ལ་མཉན་པས་ཉེས་དམིགས་ལས་དངོས་སུ་ཕན་ཡོན་མི་ཡོང་བས། རྒན་རབས་བརྟེན་པ་ལས་ལུང་གིས་ཕྱུག་པར་གྱུར་ཅིང༌། རང་སྒྲུབ་པ་ལ་གནས་ནས་སྙིང་བརྩེ་བས་གཞན་ལ་སྟོན་པ་ཞིག་དགོས་གསུངས་པ་ལ། བསྒྲུབས་པས་བརྒྱན་པ་ཁོ་ནར་མི་འདུག་པ་ལ་ཐེག་པ་ཆེན་པོའི་ཆོས་འབྲེལ་དང་མང་དུ་བྱས་ན་ཇི་ལྟར་བགྱི་ཞུས་པས། གུས་པ་ཆེན་པོ་ནི་བྱ་ལ། དེ་དང་ལྷན་ཅིག་ཏུ་མི་འགྲོགས་པ་མན་ངག་ཡིན། འགྲོགས་ན་དེའི་མཛད་སྤྱོད་ལ་མ་དད་པ་སྐྱེ་ཉེན་ཡོད་གསུངས་ནས། མ་ཤེས་པའི་དུས་ན་ཆོས་འབྲེལ་བྱས་པ་ཐམས་ཅད་ལ་ཡང་དད་གུས་བྱ་བ་ལས་རང་ཅག་གི་བཀའ་གདམས་པ་ཟེར་བ་སྐད་བཅུ་བཅུ་ལ་ཆུ་ལ་བོར་ལ་བཞག་ཡེ་མི་གསུང་བས། སྔར་ཆོས་འབྲེལ་བྱས་པ་སྒྲུབ་པས་བརྒྱན་པ་ཁོ་ནར་མི་འདུག་ཀྱང་དད་གུས་ཆེན་པོ་བྱེད་དགོས་ཏེ་ཐ་ན་ཡིག་འབྲུ་གཅིག་ཙམ་གྱི་ཆོས་འབྲེལ་ལས་མེད་ཀྱང་ངོ༌། །ཞེས་གསུངས་ཤིང༌། བྱང་ཆུབ་སེམས་དཔའི་སྨོན་འཇུག་གི་སྡོམ་པ་ལེན་པ་ལ་ནི་དེ་ཀུན་པས་ཆེས་ཁྱད་པར་དུ་འཕགས་པ་ཐེག་པ་ཆེན་པོའི་ཆོས་ལས་གསུངས་པའི་མཚན་ཉིད། སྡོམ་པ་ཉི་ཤུ་པར། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལ་བླང་བར་བྱ། །ཞེས་པའམ། སྤྱོད་པ་ལ་འཇུག་པ་ནས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང༌། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་བཏང་བ། །ཞེས་པའམ། གཞུང་འདི་ཉིད་ནས་ཀྱང་སྟོན་པར་འགྱུར་བ་ལྟ་བུ་དང་ལྡན་པས་བྱང་ཆུབ་སེམས་དཔའ་ཉིད་དུ་འདུག་པ། སྡོམ་པ་དེ་དག་འབོགས་པའི་འོས་ཉིད་དུ་གྱུར་པ་ཞིག་དགོས། གསང་སྔགས་ཀྱི་བླ་མ་བྱེད་པ་ལ། བླ་མ་སངས་རྒྱས་ཀུན་དང་མཉམ། །བྱ་བའམ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། སློབ་དཔོན་འཇིག་རྟེན་ཆོས་སྤངས་ཤིང༌། །དེ་ཉིད་བཅུ་ནི་རབ་ཏུ་རིག །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །སློབ་དཔོན་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པ་ལྟ་བུའི་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ཉིད་ཅིག་དགོས་པ་ཡིན། ཁྱད་པར་སྒོམ་གྱི་གདམས་ངག་ཞུ་བ་ལ་ཁུངས་བཙུན་པ་མེད་པར་ཅི་ཡང་མི་ཡོང༌། ཁུངས་བཙུན་པ་དང་ཕྲད་པ་ལ་ཡང་བསོད་ནམས་བསགས་པ་ཞིག་དགོས། བསོད་ནམས་མ་བསགས་པའི་དད་དད་པོ་འདྲ་བ་རེ་བྱུང་ཙ་ན་རྣལ་འབྱོར་པ་རེའི་ཕྱིར་འབྲངས་ཏེ། རྣལ་འབྱོར་པར་བཏགས་པ་བན་དབྱིབས་ན་ཡང་རུང༌། སྐྲ་ཅན་ན་ཡང་རུང༌། མི་ཏྲི་བའི་འབྲམ་ཟེར་དང༌། མ་འདྲེས་པ་ཡེ་མི་ཡོང༌། ད་ལྟ་རང་ཅག་སྦྲེང་ལ་སོགས་པའི་མིང་མང་པོ་བཏགས་པ་ཅན་འདི་ཀུན་ཞུ་བ་ལ་ཕྱོགས་ཐམས་ཅད་ནས་སློབ་མས་ཚོད་བཟུང་བར་མི་ནུས་པ་ཞིག་དགོས་པ་ཡིན། སློབ་མས་ཚོད་བཟུང་དུ་བཏུབ་པ་ཞིག་ལ་ཞུས་པས་ཅི་ཡང་མི་ཡོང༌། ས་ལས་གང་ཟག་གི་ཉེས་པ་ཆོས་ལ་མི་འགོ་བར་གསུངས་ཏེ་དེང་སང་ནི་འགོ་བ་ཁོ་ནར་སྣང༌། ཁུངས་བཙུན་པ་དགོས་པ་འདི་ཡང་མིས་མི་གོ་བར་སྣང༌། པུ་ཏོ་བའི་སྤྱན་སྔ་ན་འདུག་པ་དེ་རྣམས་དེའི་གསུང་ལ་ཚད་མར་འཛིན་སྙམ་པ་ལ་ཡང་མི་འཛིན་པར་མཚན་གྱི་འདོགས་ལུགས་ཀུན་རང་ལ་སུན་འབྱིན་པ་ཁོ་ནར་ཡོད་ཟེར། དེ་ཉིད་ནི་དགེ་བཤེས་སྟོན་པ་ལ་ཚད་མར་འཛིན་པས་ཨ་ཕའི་སྐད་དུ་ཁྱི་ཟ་བ་དང༌། དགའ་ལྡེང་ང་ལ་ཏ་ཆ་མེད་དེ། ཨ་པོའི་ཟེར་ཚོད་ཀྱི་རི་ཕ་ཀི་རྨ་ཆེན་སྤོམ་ར་ཡིན་ཏེ་འོང༌། ཞེས་པ་ཀུན་དཔེར་མཛད་ནས༌། ང་ལ་ཏ་ཆ་མེད་དེ་དགེ་བསྙེན་རྒད་པོ་དེ་སྐད་གསུང་ཁོ་ན་གསུངས། དེ་སྙན་ཡང་སྙན། དེ་བཞིན་པ་ཞིག་གིས་ཕན་ཏེ་ཡང་ཡོང་བ་ཡིན། སློབ་དཔོན་སུན་འབྱིན་གྱིན་པ་དེ་ལ་ཅི་ཡང་མི་ཡོང༌། ཁམས་པའི་མགར་བའི་ཁབ་མིག་བཞིན་དུ་ཕ་རྗེས་ནས་བུ་སློབ་པ་ཞིག་དགོས་པ་ཡིན་གསུངས།གསུམ་པ་སྐད་ལྡོབས་པ་ལ་ཕན་པའི་དགོས་པ་ནི། རྒྱ་གར་གྱི་སྐད་དུ་བོ་དྷི་བྱ་བ་དེ་བོད་སྐད་དུ་བྱང་ཆུབ། པཱ་ཐ་ལམ་གྱི། པྲ་དཱི་པ་སྒྲོན་མ་བྱ་བར་བསྒྱུར་ཏེ། དེ་ལ་ཤ་ར་བའི་ཞལ་ནས། སྔོན་ཙ་ན་རྗེ་བློན་ལོ་ཙཱ་ཤེས་པ་ཉིད་ཀྱང་ཉི་ཤུ་རྩ་བགྲངས་པ་ཡོད། པཎྜི་ཏ་ལ་རྒྱ་དཔེ་བཀྲམ་གྱིན་ཉན་པའི་འདི་ཙམ་རེ་ཤེས་པས་ཀྱང་མང་པོ་ཕན། དེ་ལ་དགོངས་ནས་དགེ་བཤེས་སྟོན་པས་ཀྱང་འབྲུ་དང་རྒུར་བ་ཀུན་ལ་རྒྱ་གར་གྱི་ཡི་གེ་ལ་འདི་སྐད་བྱ་བ་ཞིག་ཡོད། དེ་དོན་འདི་ལ་འཇུག་པ་ཡིན། ཁོང་གི་ལ་སངས་པ་ཞིག་ཡོད་དེ་བོད་སྐད་ལ་འདི་ལས་མ་བཏུབ་བྱ་བ་རེ་གསུངས་པ་ལ། པུ་ཏོ་བའི་ཞལ་ནས། དང་པོ་ཙ་ན་བླ་ཐབས་འདྲ་བ་ཞིག་གསུང་བ་སྙམ་བྱེད། ཕྱིས་ཙ་ན་དེ་བཞིན་དུ་གསུངས་པས་དོན་དེ་སལ་གྱི་གོ་བ་རེ་བྱུང་བས་དྲིན་དུ་ཆགས་པ་རེ་བྱུང་བ་ལ་དེར་ཁོང་བྲོས་ནས་མེད་གསུངས། ཀ་མ་བ་དང་ཉང་པོ་དར་མ་བོ་དྷི་ཀུན་གྱིས་ཀྱང་རྒྱ་གར་སྐད་ཀླད་དུ་བྲིས་པ་འདི་ཀུན་ལ་བི་ཝརྡྷ་བྱས་པས་ལོ་ཙཱ་བ་ཉིད་ཀྱང་མང་པོ་མཁྱེན། གུ་རུ་ལོ་ཙཱ་བས་འདི་རྣམས་ཁོ་ན་ལ་བི་ཝརྡྷ་བྱས་པས་ལོ་ཙཱའ་ཤེས་པ་ཡིན་སྐད། ད་ལྟ་རང་ཅག་ལ་དེ་ལྟ་བུའི་ཕན་པ་དང་མི་ཡོང་སྟེ། ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་རང་ཅག་གི་འདྲེ་སྐད་འདྲ་བ་འདིས་མི་ཡོང༌། མ་འོངས་པ་ན་བུདྡྷའི་གསུང་ཉིད་དང་ཕྲད་དགོས། ད་ལྟ་ས་བོན་བཏབ་པས་མ་འོངས་པ་ན་ཚུལ་ཁྲིམས་དང་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་གཉིས་ཀྱི་གོ་བཅད་ནས་མི་ལུས་ཐོབ་ཅིང༌། བུདྡྷའི་གསུང་དང་ཕྲད་ན་ལྡོབས་སྐྱེན་པའི་རྒྱུར་འགྲོ་ལ་ཕྲད་པའི་རྐྱེན་དུ་ཡང་འགྲོ་བ་ཡིན། དེ་ལྟར་ན་སངས་རྒྱས་ཀྱིས་ཆོས་སྐད་ཐམས་ཅད་ཀྱིས་གསུང་བ་བཟང་པོ་སྤྱོད་པ་ནས་འབྱུང་བ་བཞིན་མ་ཡིན་ནམ་སྙམ་ན། སྤྱིར་དེ་ལྟར་ཡིན་ཡང་ཐེག་པ་ཆེན་པོའི་ཆོས་ལེགས་པར་སྦྱར་བའི་སྐད་ཁོ་ནས་གསུང་བ་ཡུམ་གྱི་གཞི་ཤེས་པའི་མཐོང་ལམ་གླེང་བསླང་བའི་སྐབས་ལས། མ་འོངས་པ་ན་བཅོམ་ལྡན་འདས་བྱམས་པ་ཡང་སའི་ཕྱོགས་འདི་ཉིད་དུ་མིང་འདི་དག་ཉིད་དང་ཚིག་དང་ཡི་གེ་འདི་དག་ཉིད་ཀྱིས་ཡུམ་འདི་སྟོན་པར་འགྱུར་ལ། བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་ཀྱང་དེ་བཞིན། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་མིང་ལ་སོགས་པ་འདི་དག་ཉིད་ཀྱིས་ཡུམ་འདི་སྟོན་པ་ལྷའི་བུ་དེ་དག་གི་སེམས་ལ་སྣང་བར་གྱུར་ཏོ་ཞེས་གསུངས་པ་དང༌། དགེ་བཤེས་སྟོན་པའི་ཞལ་ནས། ཌོམྦྷི་བས་ནཱ་རོ་པའི་བྱིན་རླབས་ལ་བརྟེན་ནས་ཡོན་ཏན་ཁྱད་པར་ཅན་བརྙེས་པའི་དུས་ན་སྔགས་པ་ཞིག་གི་རྟོག་པ་ལ་ཌོམྦྷི་བས་དེ་སྔ་ནི་ཀ་ཁ་ཡང་ངོ་མི་ཤེས། ལྷ་ཤངྐ་ར་ལ་ཡིད་དད་ཙམ་ཡིན། ནཱ་རོ་པའི་བཀའ་དྲིན་གྱིས་ཏིང་ངེ་འཛིན་འདྲ་བ་ཞིག་ནི་ཐོབ་ན་ནན་ཏར་ན་འདི་ཕྱི་རོལ་པ་ཡིན་ནམ་སངས་རྒྱས་པ་ཡིན་རང་ཡང་ཆ་མེད་སྙམ་ནས་མཚན་ཡང་དག་པར་བརྗོད་པ་ན་སྒྲའི་གནད་དཀའ་བ་མང་པོ་ཡོད་པ་རྣམས་བློ་ལ་བསྡཽགས་ནས་འདྲིར་ཕྱིན་ཙ་ན་འདྲི་མ་དགོས་པར་སྒྲ་དེ་དག་ལ་བཅོམ་ལྡན་འདས་འོད་སྲུངས་ཀྱིས་དེ་བཞིན་དུ་གསུངས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་འཕགས་པ་འོད་སྲུངས་ཆེན་པོ་དང་འཕགས་པ་ཀུན་དགའ་བོས་འདི་སྐད་གསུངས་བྱ་བ་ནས་ད་ལྟར་པཎྜི་ཏ་འདི་འདི་སྐད་འཆད་བྱ་བ་ཡན་ཆད་དང༌། དེ་ལྟར་ཕྱོགས་བཅུའི་སངས་རྒྱས་རྣམས་འདི་སྐད་གསུངས། དོན་འདི་ལྟ་བུ་ཅིག་ཡིན་བྱ་བ་གསུངས། དེར་སྔགས་པ་དེ་ཁོ་སྐྱིད་པས་བཟང་པོ་སྤྱོད་པ་ན་བཞུགས་པའི་སྒྲའི་གནས་དཀའ་བ་ཐམས་ཅད་ཀྱང་ཞུས་གསུངས་པ་དང༌། པུ་ཏོ་བས་ཕུ་ཆུང་ལ་ཀྱལ་ཀའི་མཚན་སྒོམ་རྙོག་གསུངས་པས། ངའི་སྒོམ་རྙོག་ན་རེ། རྒྱ་གར་དུ་སྐྱེར་བཏུབ་ན་སྐས་ཀྱི་གདང་དུ་ཐ་མ་ལ་འཛེག་ནུས་ཙ་ན་ལྡོག་ཕོར་མཐོང་ནས་ཁུས་འདེབས་པའི་དུས་ན་ཨ་མས་སློབ་ཟེར་ཏེ། ཨ་མས་སློབ་པ་དེ་འཕྲལ་སྐད་ཡིན། སཾ་སྐྲྀ་ཏའི་སྐད་ལོགས་ན་ཡོད་གསུངས་ཏེ། དོན་སྔ་མའི་ཤེད་བྱེད་ཡིན་གསུངས།

གཉིས་པ། མཚན་གྱི་དོན་བཤད་པ་ནི། ཇོ་བོ་ལ་དགེ་བཤེས་སྟོན་པས་གཞུང་འདིའི་མཚན་བྱང་ཆུབ་ལམ་གྱི་སྒྲོན་མར་གསོལ་བའི་རྒྱུ་མཚན་ཞུས་པ་ལ། རོལ་རྙེད་མ་ཕྲོགས་པ་དང་གནོད་སྦྱིན་མཁར་བ་བསད་པའི་གཏམ་རྒྱུད་བཞིན་དུ་དོན་ལས་མཚན་དུ་གསོལ་བ་ཡིན་གསུངས་པས་གཞུང་འདིའི་མཚན་རྒྱ་གར་གྱི་སྐད་རིགས་ཆེན་པོ་བཞི་ལས་ལེགས་པར་སྦྱར་བ་སཾ་སྐྲྀ་ཏའི་སྐད་དུ་བོ་དྷི་པ་ཐ་པྲ་དཱི་པ་ཞེས་པ་དེ་རང་ཅག་བོད་ཀྱི་སྐད་དུ་བསྒྱུར་བའི་དོན་ཐོབ་བྱའི་འབྲས་བུ་མཐར་ཐུག་མི་གནས་པའི་མྱ་ངན་ལས་འདས་པ་བྱང་ཆུབ་ཆེན་པོ་དེ་ཐོབ་པར་བྱེད་པའི་ལམ་གྱི་བླང་དོར་གྱི་གནས་གསལ་བར་བྱེད་པའི་སྒྲོན་མ་ཞེས་པ་སྟེ། དེ་ཡང་དང་པོར་སྐྱེ་ཤིའི་རྒྱུན་གྱི་སྐྲག་པ་སྒོམ། དེས་སྐྲག་པ་དང་སྐྱབས་གནས་དཀོན་མཆོག་གསུམ་གྱི་ཆེ་བ་ལ་ཡིད་ཆེས་པར་བྱས་ནས་སྐྱབས་གནས་སུ་འཛིན། སྐྱབས་སུ་སོང་ནས་སྒྲུབ་པ་བྱེད་པ་ལ་ངན་སོང་གི་རྟེན་གྱིས་མི་ཡོང་བས་ལས་དང་འབྲས་བུའི་ཆེ་བ་ལ་ཡིད་ཆེས་པ་བསྒོམས་ནས་ངན་སོང་གི་རྒྱུ་སྤོང་ཞིང་བདེ་འགྲོའི་རྒྱུ་སྒྲུབ། བདེ་འགྲོ་ཙམ་ཐོབ་ཀྱང་སྡུག་བསྔལ་དང་བསླུ་བའི་ཆོས་ཅན་དུ་ཤེས་ནས་སྲིད་པ་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་ཤིང་དེའི་རྒྱུ་སྤོང་བ་དང༌། དེ་ལྟར་བྱས་པས་རང་གི་རྣམ་གྲོལ་ཙམ་ཐོབ་ཀྱང་ཉེ་ཐུ་བྱེད་བྱེད་པའི་སེམས་ཅན་འཁོར་བ་ན་འཁྱམ་པ་བོར་ནས་རང་ཉིད་ཐར་པ་ཙམ་སྒྲུབ་ན་དེ་ལས་ཁྲེལ་བོར་བ་ཡང་མེད་པས། རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱི་ཉམས་ལ་སྤགས་ནས་སེམས་ཅན་གྱི་སྡུག་བསྔལ་མི་བཟོད་པའི་སྙིང་རྗེས་སེམས་ཅན་བསྒྲལ་བའི་དོན་དུ་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པས་སྦྱོར་བའི་ཆོ་ག་ཕྱག་དང་མཆོད་པ་སྔོན་དུ་འགྲོ་བས་སྐྱབས་འགྲོ་ཁྱད་པར་ཅན་བྱས་ནས་བསླབ་བྱ་ལ་སློབ་པ་དང༌། དེ་ནས་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་སྔོན་དུ་འགྲོ་བས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དམ་འཆའ་བ་སྨོན་པའི་སེམས་བསྐྱེད་ནས་བསླབ་བྱ་ལྔ་ལ་སློབ་པ་དང༌། སྨོན་པ་འབྲས་བུ་ལ་དམ་བཅས་པ་ཙམ་ཡོད་ཀྱང་འཇུག་པའི་སྡོམ་པ་མ་བླངས་ན་སྨོན་པ་འཕེལ་བའི་མཐར་ཐུག་པའི་སངས་རྒྱས་མི་ཐོབ་པས། རྟེན་སོ་སོར་ཐར་པ་རིས་བདུན་གང་རུང་དང་ལྡན་པས་སྦྱོར་བའི་ཆོ་ག་ཕྱག་དང་མཆོད་པ་སྔོན་དུ་བཏང་སྟེ། ཡུལ་དགེ་བའི་བཤེས་གཉེན་མཚན་ཉིད་བཞི་ལྡན་ཡོད་ན་དེ་ཉིད་དང༌། མེད་ན་ཕྱོགས་བཅུའི་སངས་རྒྱས་ལས་རྒྱུ་ལ་དམ་འཆའ་བ་འཇུག་པའི་སྡོམ་པ་བླངས་ནས་ཚུལ་ཁྲིམས་བསླབ་པ་གསུམ་ལ་སློབ་པ་དང༌། དེ་ཙམ་ལ་བསླབས་ཀྱང་མངོན་པར་ཤེས་པ་མེད་ན་རང་གི་ཚོགས་ཀྱང་མི་རྫོགས་ལ་སེམས་ཅན་གྱི་དོན་ཡང་མི་འགྲུབ་པས་མངོན་ཤེས་སྒྲུབ་དགོས། དེ་ལ་ཞི་གནས་ཐོབ་དགོས། དེ་ལ་དེའི་ཚོགས་ལ་གནས་དགོས་པས་ཚོགས་ལ་གནས་ནས་ཞི་གནས་སྒྲུབ་པ་སྟེ་ཐབས་ཀྱི་ཆ་རྣམས་བརྟན་པར་བྱ་བ་དང༌། དེ་དག་བརྟན་པར་གྱུར་ཀྱང་ཤེས་རབ་ཀྱིས་དངོས་པོར་འཛིན་པ་མ་སྤངས་ན་ཐམས་ཅད་མཁྱེན་པ་མི་ཐོབ་པས། ཐབས་ཀྱིས་ཟིན་པའི་བདག་མེད་གཉིས་རིམ་གྱིས་བསྒོམས་པ་དང༌། དེ་ལྟར་དེ་གཉིས་ཟུང་དུ་འཇུག་པ་ཉིད་བསྒོམས་པ་ལས་དང་པོར་ཐར་པའི་ཆ་དང་མཐུན་པ་སྐྱེ། དེ་ནས་རིམ་གྱིས་དྲོད་ལ་སོགས་པ་ངེས་པར་འབྱེད་པའི་ཆ་བཞི་བགྲོད་པ་ལས་དང་པོ་རབ་ཏུ་དགའ་བ་ཐོབ་ལ། དེས་མཐོང་བའི་དོན་སྒོམ་ལམ་ས་དགུས་གོམས་པར་བྱས་པ་ལས་རྫོགས་པའི་བྱང་ཆུབ་ཐོབ་པ་ཕ་རོལ་ཏུ་ཕྱིན་པའི་ཚུལ་དང༌། གསང་སྔགས་ཀྱི་སྒོ་ནས་བྱ་བ་བྱེད་པ་ལ་དབང་ཐོབ་དགོས་པ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ཚངས་སྤྱོད་པ་ཅན་གྱིས་བྱར་མི་རུང་བ་དང༌། སློབ་དཔོན་གྱི་དབང་ཐོབ་ཅིང་བླ་མ་ལས་གནང་བ་ཐོབ་པ་དང༌། སློབ་དཔོན་གྱི་ཆོས་དེ་ཉིད་བཅུ་རིག་པ་ལ་སོགས་པ་ཞིག་དགོས་པ་རྣམས་གང་ཟག་གི་རྒྱུད་ལ་རིམ་གྱིས་སྐྱེ་བ་ནི་སྒྲོན་མ་དངོས་ཡིན་ལ། དེའི་སྒྲ་དོན་གྱི་སྤྱི་བློ་ལ་སྣང་བ་དང་གཞུང་ཡི་གེར་བཀོད་པ་འདི་ལ་ཡང་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བཏགས་ནས་དེ་སྐད་ཅེས་བྱ་བ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་བརྒྱད་སྟོང་དོན་བསྡུས་སུ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དེ་དོན་སྦྱོར་བའི་ཕྱིར། །གཞུང་ལམ་དག་ནི་དེ་སྒྲ་ཡིན། །ཞེས་གསུངས་པ་བཞིན་ཏེ། བསྟན་བཅོས་ཀྱི་དོན་ཐམས་ཅད་མཚན་གྱི་ནང་དུ་འདུ་བར་བྱ་བའི་དོན་དུ་ཡང་མཚན་ཀླད་དུ་བྲིས་པ་ཡིན། ཞེས་ཤ་ར་བས་གསུངས་ཤིང༌། པུ་ཏོ་བའི་ཞལ་ནས། ད་འདི་མན་ཆད་ལམ་སྒྲོན་ཞིག་རེ་ན་བརྩེས་མགོ་དེ་རྣམས་ལས་མེད་གསུངས་སྐད།

གཉིས། འགྱུར་གྱི་ཕྱག

བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། དེ་ཡང་ཡུམ་བསྡུས་པ་ལས། ཅི་ཕྱིར་འདི་ནི་བྱང་ཆུབ་སེམས་དཔའ་བྱ་ཞེ་ན། །

ཆགས་པ་གཅོད་བྱེད་ཀུན་ལ་ཆགས་པ་ཟད་པར་འདོད། །རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཆགས་མེད་གྱུར་ལ་རེག །དེས་ན་འདི་ནི་བྱང་སེམས་དཔའི་མིང་འཐོབ་བོ། །ཞེས་གསུངས་པ་ལྟར་ལགས་པས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ནི་མཚན། དང་པོ་ཐུགས་བསྐྱེད་ཙ་ན་སངས་རྒྱས་མ་ཐོབ་ཀྱི་བར་དུ་གྲོང་པའི་ཆོས་ཀྱིས་མ་གོས་པ་ཉིད་དུ་མཛད་པར་ཞལ་གྱིས་བཞེས་པས་གཞོན་ནུར་གྱུར་པ་དེ་ལ་ཕྱག་འཚལ་ལོ། །ཞེས་ལོ་ཙཱ་བ་དགེ་བློས་འགྱུར་མཛད་པའི་དུས་སུ་བཀོད་པ་སྟེ། དེ་ལ་ཤ་ར་བའི་ཞལ་ནས། དང་པོ་ཙ་ན་རྒྱ་གར་གྱི་ཡི་གེ་པ་དང་མཐུན་པར་རང་གང་ལ་དད་པ་ལ་ཕྱག་འཚལ་བ་ལས། ཕྱིས་མངའ་བདག་རལ་པ་ཅན་གྱི་དུས་སུ་མདོའི་འགྲེལ་བ་དང་བསྟན་བཅོས་དག་ན་གཞུང་གི་བརྗོད་བྱ་དང་མཐུན་པར་ཕྱག་བཙལ་བ་བཞུགས་པས་ལོ་ཙཱ་བའི་ཕྱག་འཚལ་བ་ཡང་དེ་བཞིན་དུ་བྱ་བར་བཀས་བཅད་དེ། འདུལ་བ་བསྒྱུར་བ་ན་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ། ཐེག་པ་ཆུང་ངུའི་མདོ་སྡེ་བསྒྱུར་བ་ན་དཀོན་མཆོག་གསུམ་ལ། ཐེག་པ་ཆེན་པོའི་མདོ་སྡེའམ་བསྟན་བཅོས་བསྒྱུར་བ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། སྲིད་པའི་སྡུག་བསྔལ་དང་རྒུད་པ་སྟོན་པའི་མདོ་སྡེའམ་བསྟན་བཅོས་བསྒྱུར་བ་ན་སྤྱན་རས་གཟིགས་ཀྱི་དབང་པོ་ལ། ཆོས་མངོན་བསྒྱུར་བ་ན་བཅོམ་ལྡན་འདས་འཇམ་དཔལ་ལ། གསང་སྔགས་བསྒྱུར་བ་ན་གསང་བའི་བདག་པོ་ལ་ཕྱག་འཚལ་ཏེ། དེ་ལས་དང་པོ་ནི། འདུལ་བའི་བསླབ་པ་འཆའ་བ་དེ་ཐམས་ཅད་མཁྱེན་པ་ཉག་གཅིག་གི་སྤྱོད་ཡུལ་ལས་གཞན་བསྟན་བཅོས་མཁན་ཆེན་པོ་དང་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་སུའི་ཡང་སྤྱོད་ཡུལ་མ་ཡིན་པར་གོ་བའི་ཆེད་དུ་དང༌། གཉིས་པ་ནི། གཞི་མ་ཆོས་ཡིན་ཞིང་སངས་རྒྱས་ཀྱིས་གསུངས་ལ་དགེ་འདུན་ལ་དགོས་པའི་ཕྱིར་དང༌། གསུམ་པ་ནི་སངས་རྒྱས་ཀྱིས་གསུངས་ཤིང་བྱང་ཆུབ་སེམས་དཔའ་ལ་དགོས་པ་དང༌། བཞི་པ་ནི་དངོས་པོ་ལ་སངས་རྒྱས་ཐམས་ཅད་ཐུགས་རྗེ་མཉམ་ཡང་གྲགས་པ་ལ་བརྟེན་ནས་དེ་ཐུགས་རྗེ་ཅན་དུ་གྲགས་ཤིང་ཐུགས་རྗེའི་དམིགས་པ་སྡུག་བསྔལ་ཡིན་པར་གོ་བའི་ཆེད་དུ་དང༌། ལྔ་པ་ནི་དངོས་པོ་ལ་སངས་རྒྱས་ཐམས་ཅད་ཤེས་རབ་མཉམ་ཡང་དེ་ཤེས་རབ་ཅན་དུ་གྲགས་ལ། ཆོས་མངོན་པ་ཤེས་རབ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་གཉིས་ཀྱི་རང་བཞིན་ཡིན་པས་དང༌། དྲུག་པ་ནི། གསང་སྔགས་གསང་ཞེས་བྱ་བ་ནི། །ཆོས་ལ་སྐྱོན་ཡོད་མ་ཡིན་གྱིས། །བློ་དམན་ཤེས་རབ་ཆུང་བ་ལ། །ཐུགས་རྗེ་ཆེན་པོའི་ཐབས་ཀྱིས་གསང༌། །གསུང་བ་བཞིན་དུ་སློབ་དགོས་པར་གོ་བའི་ཆེད་དུ་ཡིན་པ་ལས། དང་པོ་དང་ཐ་མ་འདི་ཉིད་ཁོ་ན་མན་ངག་ཡིན་ཏེ། འདུལ་བའི་གང་ཞིག་སྤྱད་ན་བར་དུ་གཅོད་པ་དང་བསྲུངས་ན་ངེས་པར་འབྱུང་བའི་གནད་དགག་དང་ཉེས་པའི་ན་རིམ་དང་ཉམས་པ་སོར་ཆུད་པའི་ཐབས་གསུངས་པ་ཀུན་ཐམས་ཅད་མཁྱེན་པ་ཉག་གཅིག་གི་སྤྱོད་ཡུལ་དུ་གྱུར་པ་མ་གཏོགས་པར་དགྲ་བཅོམ་པ་ཀུན་གྱི་ཡང་སྤྱོད་ཡུལ་མ་ཡིན་པས་འཕགས་པ་ཤཱ་རིའི་བུས་ཀྱང་རུང་མཐུན་ཙམ་ལས་བསླབ་པ་བཅའ་བ་མི་སྤྱོད་པར་གསུངས། དེ་བས་ས་བཅུའི་དབང་ཕྱུག་གིས་ཀྱང་སྤྱོད་པར་མ་གསུངས་པས། བུདྡྷའི་གསུང་ཁོ་ན་ཚད་མར་བྱས་ལ་ལུང་ལས་ཇི་ལྟར་འབྱུང་བ་བཞིན་དུ་ལག་ལེན་བྱ་བ་ལས་རང་བཟོ་དང་ཅི་ཕྱིར་ཤོད་ས་ཡེ་མེད། གནོན་མདར་བུ་གཅིག་པ་འདུལ་བ་འཛིན་པ་བྱ་བ་ཞིག་གིས་ཆང་བཏུང་དུ་རུང་སྟེ་ཆུ་བཞིན། ཕྱི་དྲོ་ཁ་ཟས་བཟར་རུང་སྟེ་སྔ་དྲོ་བཞིན་བྱས་ཀྱིན་རང་བཟོ་བྱས་པས་རྒྱབ་གས་ནས་ཤི་ལོ། །དེ་བཞིན་དུ་ཡིན་པས་ཁྱིམ་པ་ཀུན་གྱིས་ཇོ་བོའི་རུང་ཆུ་འདི་ལ་ཡོང་བཏང་བ་ཙམ་མི་གདའ་བྱས་པ་ཙམ་གྱིས་ཀྱང་དེ་དང་དུ་བླངས་ནས་ལྷོད་ལྷོད་མི་གཏང༌། སངས་རྒྱས་མངའ་ཆེ་ནས་བསླབ་པ་བཅས་པ་མིན། ངེས་པར་འབྱུང་བ་དང་བར་དུ་གཅོད་པའི་ཆོས་རྟེན་འབྲེལ་གྱི་ཆེ་བ་ཇི་ལྟར་གནས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མཁྱེན་ནས་ཐུགས་རྗེ་ཁོ་ནས་བསླབ་པ་བཅས་པ་ཡིན། ཐ་མ་མན་ངག་ཡིན་པ་ཡང་གསང་སྔགས་བྱ་བ་ཅི་ནས་ཀྱང་གསངས་པས་འགྲུབ་པ་ཡིན་ཏེ། དགེ་བཤེས་སྟོན་པའི་ཞལ་ནས། དཀྱིལ་འཁོར་གཅིག་ཏུ་དུས་གཅིག་ཏུ་ཞུགས་པ་གཉིས་ལ་རྒྱུད་དམ་སྒྲུབ་ཐབས་གཅིག་ཉིད་འཆད་ཀྱང་སོ་སོར་འཆད་དགོས་པ་ཡིན་གསུང་བར་གདའ། དྲུ་གུ་གློག་འབྱུང་གིས་འབྲོག་སྒང་ཞིག་ཏུ་སྦྲ་དཀར་ནག་མང་པོ་ཕུབ་ནས་སྒྲོན་མ་གསལ་བ་ལ་ཁྲོམ་བཤད་བྱས་པ་དགེ་བཤེས་ཀྱིས་གསན་པས། ཇོ་བོ་སྟོན་པས་བག་མེད་པ་ཆེན་པོ་བྱས་གསུངས་ཙ་ན། དུས་དེ་ཉིད་དུ་སྦྲ་གས་པ་ལ་སོགས་པའི་བཀྲ་མི་ཤིས་པ་བྱུང་བ་ལགས་པར་གདའ། འོ་ན་འདིར་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་བས་གཞུང་འདི་ཆོས་མངོན་པར་ཡོང་བ་མིན་ནམ་བྱས་པ་ལ་ཤིན་ཏུ་ཡང་ཡོང་བ་ཡིན་ཏེ། འདི་ཡང་གཏན་ལ་དབབ་པའི་བསྟན་བཅོས་ཡིན་པས་ན་མངོན་པ་ཞེས་བྱ་སྟེ། མངོན་མཐོ་དང་ངེས་ལེགས་ཀྱི་ལམ་གཉིས་ཀ ངེས་ལེགས་ཐེག་པ་གསུམ་ག ཐེག་པ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་ཚུལ་གཉིས་ཀ་གཏན་ལ་ཕབ་པས་སོ་གསུངས་ཤིང༌། ཕྱག་འཚལ་བའི་དགོས་པ་ནི་འོག་ནས་སྟོན་པར་འགྱུར་བ་བཞིན་ཏེ། དེ་རྣམས་ལོ་ཙཱ་བའི་བཀའ་ལུང་ཡིན་ཡང་རེ་རེ་ནས་གལ་ཆེ་བ་ཤ་སྟག་ཡིན་གསུངས།

གསུམ། གཞུང་གི་དོན།

ཕྱག་འཚལ་ཞིང་བསྟན་བཅོས་འབྱུང་བའི་རྒྱུ་གླེང་བསླང་བ། སྒྲུབ་པའི་རྟེན་སྐྱེས་བུ་གསུམ་གྱི་མཚན་ཉིད། སྒྲུབ་པ་ཉམས་སུ་བླངས་པའི་ཐབས། རྩོམ་པ་མཐར་ཕྱིན་པ་མཇུག་གི་དོན་དང་བཞིའི།

༡༽ ཕྱག་འཚལ་ཞིང་བསྟན་བཅོས་འབྱུང་བའི་རྒྱུ་གླེང་བསླང་བ།

དེ་ལའང༌། ཕྱག་འཚལ་བ་དང༌། གླེང་བསླང་བ་གཉིས་ཀྱི། དང་པོ་ཕྱག་འཚལ་བ། དུས་གསུམ་རྒྱལ་བ་ཐམས་ཅད་དག་དང་དེའི་ཆོས་དང༌། །དགེ་འདུན་རྣམས་ལ་གུས་པ་ཆེན་པོས་ཕྱག་འཚལ་ནས། །ཞེས་གསུངས་ཏེ། དེ་ལ་དགོས་པའི་དོན་དང༌། ཚིག་གི་དོན་བཤད་པ་གཉིས་ལས།

དང་པོ་བསྟན་བཅོས་རྩོམ་པའི་སྔོན་དུ་དད་པའི་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་དགོས་པ་ནི། བར་ཆད་ལྡོག་ཅིང་བརྩམས་པ་མཐར་ཕྱིན་པར་འགྱུར་བ་དང༌། ཡ་རབས་དང་བསྟུན་པ་གཉིས་ཏེ། དེ་ཡང་ཤ་ར་བ་ཆེན་པོའི་ཞལ་ནས། ཇོ་བོ་དཀོན་མཆོག་གསུམ་ལ་ཤེས་ནས་དད་པ་ཐོབ་པ་འདྲ་བ་མངའ་བས་རྡོ་རྗེ་གདན་ནས་སིནྡྟུ་བའི་རྒྱལ་ས་ཐག་མི་རིང་བ་ལས་མེད་པར་འདུག་སྟེ། དེ་ཀུན་ཏུ་བཞུད་ཙ་ན་ཡང་ད་ལྟ་གསང་ཕུ་ན་བཞུགས་པའི་མཆོད་རྟེན་དེ་སྤྱན་དྲངས་ནས་བཞུད། ཐུགས་ལ་ཏུར་བ་འདྲ་བ་བྱུང་མ་ཐག་ཏུ་མཎྜལ་མཛད་མཆོད་པ་བཤམས་ནས་ཕྱག་དང་མཆོད་པ་མཛད། གསོལ་བ་བཏབ་ནས་ཐུགས་སོར་ཆུད་པར་མཛད་ནས་བཞུད་གསུངས་ན། འདི་ལྟ་བུའི་བསྟན་བཅོས་བོད་ཐམས་ཅད་ཀྱི་མིག་འབྱེད་པའི་དོན་ཆེན་པོ་དང་ལྡན་པ་རྩོམ་པ་ལ་ཡི་གེར་བྲིས་པ་འདི་ལ་མ་ལྟོས་པའི་ཕྱག་དང་མཆོད་པ་ཆེན་པོ་མཛད་ངེས། ཕྱག་བཙལ་བའི་དགོས་པ་ཡང་གྲུབ་པས་རྩོམ་པ་ལ་བར་ཆད་མ་བྱུང་བ་དེང་སང་གི་བར་དུ་བོད་ཐམས་ཅད་ཀྱང་དད་དད་པོར་བྱེད་ཅིང་ཉན་བཤད་དང་བྱེད་པ་འདི་ཡིན། ཇོ་བོས་བསྟན་བཅོས་ཀྱི་དབུར་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་ཚིག་ཡི་གེར་བྲིས་པ་འདི་རང་ཅག་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཐམས་ཅད་ཀྱིས་བྱ་བ་ཅི་བྱེད་ཀྱི་སྔོན་དུ་དཀོན་མཆོག་གསུམ་ལ་ཕྱག་དང་མཆོད་པ་ཕུལ་གསོལ་བ་བཏབ་ནས་བརྩམས་ན་འགྲུབ་པར་བསྟན་པའི་དོན་ཡིན་ཏེ། ཐ་ན་སྡིག་གི་དངོས་པོ་ཡང་འགྲུབ། སྡིག་གི་དངོས་པོ་ཁོ་ན་བནྡེ་ཚྭ་ཁ་དང་གསེར་ཁ་ཐམས་ཅད་དུ་འགྲོ་བ་ཀུན་ཡིན་ཏེ་དེ་བཞིན་དུ་བྱས་ན་འགྲུབ་པ་ཉམས་སུ་མྱོང་བ་ཡིན། སྔགས་པ་མཐུ་ཁ་བྱེད་པ་ཀུན་ཡིན་ཏེ་ཡང༌། གཅིག་ཁོ་རང་གི་སྙིང་པོ་ཉི་ཚེ་བགྲང༌། གཅིག་རང་གི་དེ་ཡང་བགྲང་ལ་དཀོན་མཆོག་ལ་མཆོད་བགྲང་ཡང་བྱེད་པ་གཉིས་ཡོད་ན། སྔ་མས་ཕྱི་མ་ལ་མཐུ་མི་འཛུག་པར་ཕར་ལ་འཛུག་པ་ཉམས་སུ་མྱོང་བས་གྲུབ་པ་ཡོད་དོ། །དེ་བས་ན་རང་ཅག་དང་པོ་རབ་ཏུ་བྱུང་བའི་དུས་ནས་ཡང་སྲིད་རྒྱུན་བཅད་པར་བརྩམས། བྱང་ཆུབ་ཆེན་པོ་ལ་སེམས་བསྐྱེད་པའི་དུས་ནས་གཞན་དོན་དུ་ཐམས་ཅད་མཁྱེན་པ་སྒྲུབ་པར་བརྩམས་པ་ཡིན་པས། དེ་ཐམས་ཅད་མཐར་ཕྱིན་པར་བྱ་བའི་ཕྱིར་དུས་རྟག་ཏུ་དཀོན་མཆོག་ལ་ཕྱག་འཚལ་མཆོད་པ་འབུལ་གསོལ་བ་གདབ། སྙིང་པོ་བརྒྱ་སྐོར་རེ་ཙམ་བགྲང་ངམ། མདོ་སྡེ་བམ་པོ་རེ་ཙམ་ཀློག་གམ། ཡིད་ལ་བྱེད་པ་ཅུང་ཟད་ཅིག་སྦྱོང་ཡང་དེའི་སྔོན་དུ་དེ་དག་བྱ། དེ་དག་བྱས་པས་ལས་ཀྱི་དངོས་གཞི་དེ་མ་གྲུབ་ན་ཡང་ལས་དོན་མཚུངས་པར་མ་སོང༌། དངོས་གཞི་ཁོ་ན་དེ་ཉིད་ཡིན། དཀོན་མཆོག་གསུམ་གྱི་ཆེ་བ་ལ་ཡིད་ཆེས་ནས་བློ་གཏོད་ནུས་ན་བར་ཆད་སེལ་བ་དང་འདོད་པའི་དོན་སྒྲུབ་པ་གཉིས་ཀ་ལ་འདི་ལས་ནུས་པ་ཆེ་བ་གཞན་མེད་དེ་ཏུག་གིས་གཏུགས་ཙ་ན་འདི་ཡང་དཀའ་བར་ཡོང་བར་སྣང༌། ཡ་རབས་ནི་སྔོན་གྱི་འཕགས་པ་རྣམས་ཡིན་ཏེ། དེ་དག་གིས་དང་པོ་ཐར་པ་དང་ཐམས་ཅད་མཁྱེན་པ་རྩོམ་པའི་དུས་ནས་དེ་བཞིན་དུ་མཛད་པ་དང་མཐུན་པར་རང་ཉིད་ཡ་རབས་ཀྱི་ནང་དུ་ཚུད་པར་འདོད་པས་ཀྱང་དེ་བཞིན་དུ་བྱའོ་གསུངས་སོ། །གཉིས་པ་ཚིག་གི་དོན་ནི། གང་ལ་ཕྱག་འཚལ་བའི་ཡུལ་ཕྱོགས་བཅུ་ན་དུས་གསུམ་དུ་བཞུགས་པའི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དག་དང༌། དེའི་བསྟན་པ་དམ་པའི་ཆོས་དང༌། དེ་སྐུ་ཉམས་སུ་བཞེས་པའི་ཉན་རང་བྱང་སེམས་ཀྱི་དགེ་འདུན་རྣམས་ལ། གང་གིས་ཕྱག་འཚལ་བ་པོ་ཇོ་བོ་རྗེ་ལྷ་གཅིག་ཉིད་ཀྱིས་དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་ཤེས་ནས་དད་པ་དང་ལྡན་པའི་བསམ་པ་དང་སྦྱོར་བ་གུས་པ་ཆེན་པོས་ཕྱག་འཚལ་བར་མཛད་ནས་ཞེས་པ་སྟེ། འདིར་ཕྱག་གི་ཡུལ་སངས་རྒྱས་དཀོན་མཆོག་ལ་རྒྱལ་བ་ཞེས་སྨོས་པ་ནི་སྔོན་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་ཝཱ་རཱ་ཎ་སཱིར་བཞུད་པའི་བཤུལ་ཁར་ཀུན་ཏུ་རྒྱུ་ཉེར་འགྲོ་དང་མཇལ། དེས་ཁྱོད་སུ་ཡིན་གར་འགྲོ་ཞུས་པའི་དུས་ན། སྡིག་དང་ཉོན་མོངས་དག་ལས་ང་རྒྱལ་ཕྱིར། །ཉེར་འགྲོ་དེ་ཕྱིར་ང་ནི་རྒྱལ་བ་ཡིན། །ཞེས་ཉིད་ཀྱིས་ཉིད་ལ་མཚན་བཏགས་པ་སྤངས་པ་ཕུན་སུམ་ཚོགས་པའི་མཚན་ཉིད་དེ། དེ་ཡང་ཤ་ར་བའི་ཞལ་ནས། དེ་གཉིས་བག་ཆགས་དང་བཅས་པ་སངས་ཀྱིས་སྤངས་པ་ནི་སངས་རྒྱས་ཁོ་ན་ཡིན། ལས་ལས་རིང་དུ་སོང་བའི་འཕགས་པ་ཀུན་གྱིས་ཀྱང་དེ་གཉིས་སུན་ཕྱུང་བ་ཙམ། བསམ་གཏན་དང་གཟུགས་མེད་ཐོབ་པ་དག་གིས་ས་འོག་མ་དག་གི་ས་ལས་ཉོན་མགོ་མནན་པ། རང་གི་ས་པའི་མགོ་མནན་པ་ཡང་མེད། ཉན་ཐོས་དང་རང་སངས་རྒྱས་དགྲ་བཅོམ་པ་དག་ལ་ཡང་གནས་ཀྱི་ས་པའི་མ་རིག་པ་ཡོད་ཅིང༌། སྡིག་པའི་ས་བོན་བརྟགས་མིན་དུ་ལུས་པ་ཡང་ཡོད་པར་གསུངས། ས་བཅུའི་བྱང་ཆུབ་སེམས་དཔའ་དག་ལ་ཡང་དེ་དག་གི་ས་བོན་ཕྲ་མོ་ཡོད། སྤངས་པ་ཕུན་སུམ་ཚོགས་པ་དེ་ཡོད་ན་ཉི་མའི་དཀྱིལ་འཁོར་ཤར་ན་འོད་ཟེར་རང་འབྱུང་བའམ་ཉི་མ་སྤྲིན་དང་བྲལ་ན་འོད་ཟེར་རང་འབྱུང་བ་བཞིན་དུ་གེགས་མེད་པས་ཡེ་ཤེས་དང་ཡོན་ཏན་གྱི་ཆེ་བ་ཡང་རང་འབྱུང་བས་ཡོན་ཏན་གྱི་ཆེ་བ་ཡང་དེ་ཉིད་ཀྱི་ཤུགས་ལས་བསྟན་པ་གསུངས་པ་བཞིན་དུ་མཚན་གྱི་སྒོ་ནས་ཕྱག་གི་ཡུལ་སངས་རྒྱས་དཀོན་མཆོག་གི་སྤངས་པ་དང་ཡེ་ཤེས་ཀྱི་ཡོན་ཏན་བརྗོད་ཅིང༌། སངས་རྒྱས་དེས་བསྟན་པའི་ཆོས་ཡིན་པས་ན་དེའི་ཆོས་ནི། དྷརྨ་ཞེས་པ་འཛིན་པའི་དོན་ཡིན་ཏེ། དེ་ཡང་ཤ་ར་བའི་ཞལ་ནས། ལས་རྒྱུ་དང་འབྲས་བུ་བསྟན་པའི་ཆོས་ཀྱིས་ངན་སོང་ལས་འཛིན། བདེན་པ་བཞིའི་དེ་ཉིད་ཀྱི་ཕྱོགས་གཅིག་ཏུ་གྱུར་པ་བསླབ་པ་གསུམ་གྱི་ཆོས་ཀྱིས་འཁོར་བ་མཐའ་དག་ལས་འཛིན། ཐེག་པ་ཆེན་པོ་བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་ཆོས་ཀྱིས་ཐེག་པ་དམན་པ་ལས་ཀྱང་འཛིན། མཐར་ཐུག་ངས་རྒྱས་ཀྱི་ཆོས་ཐོབ་པས་སློབ་པའི་ལམ་ལས་ཀྱང་འཛིན་པ་སྟེ་དེ་རྣམས་སྟོན་པར་བྱེད་པའི་སྡེ་སྣོད་གསུམ་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པ་ལུང་གི་ཆོས་དང༌། འཕགས་པའི་གང་ཟག་རྣམས་ཀྱི་ཐུགས་རྒྱུད་ལ་མངའ་བའི་སྒྲུབ་པ་དང་རྟོགས་པ་དང་འབྲས་བུའི་ཆོས་ཐམས་ཅད་དོ་གསུངས་པ་བཞིན་ཆོས་དཀོན་མཆོག་གི་བྱེད་ལས་ཀྱི་ཡོན་ཏན་དང༌། དགེ་འདུན་ནི་སངྒྷ་ཞེས་པ། སངས་རྒྱས་ཆོས་དང་དགེ་འདུན་རྣམས། །བདུད་རྣམས་བྱེ་བ་བརྒྱ་ཡིས་ཀྱང༌། །གང་ཕྱིར་དབྱེ་བར་མི་ནུས་པ། །དེ་ཕྱིར་དགེ་འདུན་ཞེས་བརྗོད་དོ། །ཞེས་གསུངས་པ་བཞིན་དུ་ཤ་ར་བ་ཆེན་པོ་སྟོན་པ་དང་ལྟ་བ་ལས་མི་ཕྱེད་པ། དགེ་འདུན་གྱི་སྒྲ་དོན་དུ་བཤད་པ་ལྟ་བུའི་ཡོན་ཏན་དང་ལྡན་པ་དང་པོར་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་བཞི་ཡན་ཆད་ནས། བྱང་ཆུབ་ཆེན་པོ་ལ་སེམས་བསྐྱེད་པ་བཞི་ཡན་ཆད་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཐམས་ཅད་དེ་ཡུལ་དེ་གསུམ་ལ་ཇོ་བོས་ཚུལ་ཇི་ལྟར་དུ་ཕྱག་མཛད་ན་བསམ་པ་དང་སྦྱོར་བ་གུས་པ་ཆེན་པོས་ཏེ། དེ་ཡང་ཤ་ར་བའི་ཞལ་ནས། ཇོ་བོའི་དད་གུས་ཙམ་དང་རང་ཅག་རྣམས་ལ་ཀྱང་མི་ཡོང་སྟེ་སྙིང་མཉམ་ཙམ་དང་སླ་ཆོས་སུ་མི་གཏང་བར་དད་པའི་མཐུ་ཡོད་ཚད་ཀྱིས་གུས་པ་བསྐྱེད་ལ་བྱ། ཇོ་བོ་ཆོས་སྤྱོད་ཀྱི་དུས་ཀུན་ན་ཡང་ཞབས་ཀྱིས་བྱིན་པ་མདར་སྲིལ་སྲིལ་བ་མང་པོ་རང་ཅག་ཅི་ལྟ་བུའི་ཁམས་བཟང་པོས་ཀྱང་འཁྲུག་པའི་ཚོད་ཙམ་མཛད་གསུངས་པ་ལགས་པར་གདའ། དགེ་བཤེས་ཆེན་པོ་པུ་ཏོ་བ་དེ་སྟག་ལུང་ཐང་ཀུན་ཏུ་ལན་ཁ་ཡར་སྐྱབས་སུ་འགྲོ་བ་ཐུན་མོང་བའི་ས་བོན་ཡང་འདིས་ཟིན་པ་ཡིན་གསུངས་གསུངས། དེ་ལྟར་ཕྱག་འཚལ་ནས་ཅི་བྱེད་ན།

གཉིས་པ་བསྟན་བཅོས་འབྱུང་བའི་རྒྱུ་གླེང་བསླང་བ་ནི། སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས། །བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། །ཞེས་གསུངས་ཏེ། དེ་ཡང་ཇོ་བོས་བསྟན་བཅོས་འདི་རྩོམ་པའི་རྒྱུ་ནི། བླ་མ་སྒྲུབ་པས་མཉེས་པ་དང་ཀུན་གྱི་ཡིད་ཆེས་པའི་གནས་ཡིན་པས་སློབ་མ་བཟང་པོ་མཚན་བྱང་ཆུབ་འོད་ཀྱིས་བསྐུལ་ཞིང་གསོལ་བ་བཏབ་པར་གྱུར་པས། འབྲས་བུ་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ལམ་གྱི་བླང་དོར་གྱི་གནས་སངས་རྒྱས་ཀྱི་གསུང་རབ་ལས་འབྱུང་བ་ཐམས་ཅད་དཔེ་སྒྲོན་མ་སྦར་བས་ལམ་བདེ་བ་དང་ཡངས་པའི་འཇུག་ལྡོག་གི་ཡུལ་གསལ་བར་བྱེད་པ་ལྟ་བུར་བསྟན་བཅོས་འདིས་རབ་ཏུ་གསལ་བར་བྱ། ཞེས་བརྩམ་པར་ཞལ་གྱིས་བཞེས་པ་སྟེ། དེ་ཡང་བླ་མ་སྒྲུབ་པས་མཉེས་པའི་རྒྱུ་མཚན་ལ། ཤ་ར་བ་ཉིད་ཇོ་བོ་ལ་ལྷ་བཙུན་པས་ཞེ་ས་ཕུལ་ཙ་ན་གཟིགས་པ་ཙུག་ཡང་མི་མཛད། ལྷ་བཙུན་བོ་དྷི་རཱ་ཛས་ཞེ་ས་ཕུལ་ཙ་ན་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པ་ཡང་བཤིག་ནས་བཞེངས། ཁྱོད་བོད་ཀྱི་བཙད་པོ་ལྷ་ཟེར་བ་ལྷ་ཕྱག་འཚལ་བ་ལ་ཡང་མི་ལངས་པ་ང་རྒྱལ་ཆེ་ཟེར་ནས་ཁོ་བོ་ལ་ཁ་ཟེར་དུ་མཆི་གསུངས། འོ་ན་ལྷ་བཙུན་པ་ལ་མི་བཞེངས་པ་ཇི་ལྟར་ལགས་ཞུས་པ་ལ། དེ་ངའི་སློབ་མ་ཡིན་གསུངས། ལྷ་བཙུན་བོ་དྷི་རཱ་ཛས་ཁོ་བོ་སློབ་མ་མ་ལགས་སམ་ཞུས་པ་ལ་ཞལ་རོག་བཞུགས་སྐད་པ་གསུངས་ཏེ། དེ་ལ་སྣར ་ཐང་བ་དཔལ་ལྡན་གྲོའི་ཞལ་ནས། ངོ་བསྲུང་མི་དགོས་པ་དང་མཉེས་པའི་རྟགས་ཡིན། བླ་མས་སློབ་མ་ལ་ངོ་བསྲུང་མི་དགོས་པ་འདི་གལ་ཆེ་བས་གོ་བ་ཆེར་དགོས་པ་ཡིན། བླ་མས་སློབ་མ་ལ་བཙན་རྒོད་བརྟེན་པ་བཞིན་དུས་རྟག་ཏུ་དགོས་པ་དེ་ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབ་པའི་སློབ་དཔོན་དུ་མི་རུང་གསུངས། ལྷ་བཙུན་པས་ཀྱང་ཁོ་བོའི་གསུང་ལ་རྩིས་བྱེད་གསུངས་ནས་མཉེས་པ་ལགས་སྐད། ཀུན་གྱི་ཡིད་ཆེས་པའི་གནས་ཡིན་པ་ཡང༌། ཤ་ར་བའི་ཞལ་ནས། དགེ་བཤེས་སྟོན་པས་མངའ་རིས་ནས་བོད་ཀྱི་མི་ཆེན་རྣམས་ལ་སྟོན་འདི་ཞལ་མཐོང་དང་བཅས་ཏེ་ཇོ་བོ་སྤྱན་འདྲེན་པ་ལ་བྱོན་བྱ་བའི་བཀའ་འཕྲིན་ཉ་བ་དང་དབང་ཕྱུག་མགོན་ལ་བརྫངས་པའི་དུས་སུ་བོད་ཐམས་ཅད་འདུན་མ་བྱས་ནས་རྒྱ་སར་སྒང་གི་སུམ་པ་ཡེ་ཤེས་བློ་གྲོས་དེ་དེ་ཙ་ནའི་བགྲེས་ཐག་ཡིན་པས་ཁོང་ལ་ཇོ་བོ་སྤྱན་དྲངས་པའི་ཞུ་བ་ཕུལ་བ་ལ། ཁད་ཤེད་སྤྱན་མ་དྲང་འཚལ་ཨ་ཙ་ར་གསེར་འདོད་ཅིག་ལགས་ཏེ་མཆི། ལྷུང་བཟེད་ཀྱང་དཀར་པོ་ཞིག་གདའ་མཆི། ཕལ་ཆེར་མུ་སྟེགས་པ་ཞིག་ལགས་སམ་ཡང་མ་འཚལ། གསེར་ཅིག་བསྡུས་པ་ལ་ཡ་ཟད་སྐྱལ་གསུངས་སྐད་པ་ལ་པུ་ཏོ་བའི་ཞལ་ནས། བཟང་ནི་རེ་བཟང་ཅི་ནས་ཀྱང་དེའི་འདོད་པ་ཞིག་བསྐང་བར་བློས་བཅད་གསུངས། དེར་གཞན་ཀུན་གྱིས། དེ་ཙུག་མ་ལགས་ལྷ་བཙུན་པས་སྤྱན་དྲངས་པ་ལགས་སྐད་ཞུས་པས། འོ་ན་བཟང་པོ་ལགས་ཏེ་མཆི་སྤྱན་དྲངས་འཚལ་གསུངས་ནས་ལྷ་བཙུན་པས་སྤྱན་དྲངས་པ་ལ་ངན་པ་ཞིག་འོང་བར་ཐུགས་མི་ཆུད་དེ། ལྷ་བཙུན་པ་བོད་དུ་བྱོན་ཚུན་ཆད་ཇོ་བོ་བོད་ཐམས་ཅད་ལ་དད་པའི་གནས་སུ་གྲུབ་པ་ཡིན་པས། སྔོན་སངས་རྒྱས་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཀྱང་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ལ་མ་གནང༌། ཚངས་པས་དེ་བཞིན་དུ་གསོལ་བ་བཏབ་པས་གནང༌། ཚངས་པ་བས་བརྒྱ་བྱིན་ཞུ་རྟེན་དང་ངོ་ཆུང་བ་མིན་ཏེ། དེའི་དུས་ན་འཛམ་བུ་གླིང་པ་ཐམས་ཅད་ཚངས་པ་ལྷར་འཛིན་པས་དེས་གསོལ་བ་བཏབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ན་འཛམ་བུ་གླིང་པ་ཐམས་ཅད་ཀྱི་ཡིད་ཆེས་པའི་གནས་སུ་གྲུབ་པར་མཛད་པའི་དོན་ཡིན། དེ་བཞིན་དུ་དེ་ཙ་ན་བོད་ཐམས་ཅད་ལྷ་བཙུན་པ་ལ་ཡིད་ཆེས་པའི་གནས་སུ་བྱེད་པས་དེས་གསོལ་བ་བཏབ་ནས་བརྩམས་པས་བོད་ཐམས་ཅད་ཀྱི་ཡིད་རྟོན་པའི་གནས་སུ་གྲུབ་པར་བྱ་བའི་མན་ངག་ཏུ་གྱུར་པ་ཡིན། སྤྱིར་དབང་པོ་རྣོན་པོ་ཆོས་ཀྱི་རྗེས་སུ་འབྲང་བ་ཆོས་ལ་ཡིད་ཆེས་པས་དེ་མཛད་པ་པོ་ལ་ཡིད་ཆེས་པ་དང༌། བརྟུལ་པོ་དད་པའི་རྗེས་སུ་འབྲང་བ་གང་ཟག་ལ་དད་པས་དེའི་ཆོས་ལ་ཡང་དད་ནས་འཇུག་པ་གཉིས་ལས། རང་ཅག་ནི་དད་པ་ཅན་དུ་བྱས་ལ་ཡིད་ཆེས་པའི་གང་ཟག་གི་རྗེས་སུ་འབྲང་བ་ཁོ་ན་ཆབ་སྲིད་བརྟན་པ་ཡིན་གསུངས་ཤིང༌། རྒྱུ་མཚན་དེ་ལ་བརྟེན་ནས་ཇོ་བོས་བསྟན་བཅོས་ཅི་ལྟ་བུ་ཞིག་བརྩམས་ན་བྱང་ཆུབ་ཀྱི་ལམ་རབ་ཏུ་གསལ་བར་བྱེད་པ་ཞིག་སྟེ། བྱང་ཆུབ་ནི་གསུམ་ཆར་ཡང་ཡིན་པ་ལས། གཙོ་བོར་དྲི་མ་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་སངས་རྒྱས་ཀྱི་བྱང་ཆུབ་ཡིན་ཏེ། དེ་ལ་དགེ་བཤེས་སྟོན་པའི་ཞལ་ནས། འོ་སྐོལ་གྱི་སྒྲ་ལ་བྱང་ཆུབ་ཅེས་པ་བས་ཀྱང་བྱང་གྲུབ་བྱ་བ་ཞིག་ཏུ་ཡོང་བར་སྣང༌། བྱང་བ་དེ་བཞིན་ཉིད་རང་བཞིན་གྱིས་རྣམ་པར་བྱང་བ། དེ་ལམ་ལྔས་བསྒྲུབས་པས་གློ་བུར་གྱི་དྲི་མ་ཐམས་ཅད་དང་བྲལ་ནས་རང་གཞན་གང་ཡིན་པ་དེ་ཉིད་དུ་ཙེན་གྱིས་གྲུབ་པའི་དོན་ཡིན་གསུངས་ཤིང༌། དེའི་ལམ་ནི་ལམ་ལྔའམ། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་དེ། སངས་རྒྱས་ཉིད་ཀྱིས་ང་འཇིག་རྟེན་དུ་བྱོན་པ་བདེ་འགྲོ་ཙམ་གྱི་དོན་དུ་མ་ཡིན་ཐར་པའི་དོན་དུ་ཡིན། དེ་ཡང་དམན་པའི་དོན་དུ་མ་ཡིན་མཆོག་གི་དོན་དུ་ཡིན། ཞེས་གསུངས་པ་དང༌། ཇོ་བོ་ཉིད་ཀྱིས་ཀྱང༌། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང༌། །བཞི་སྟོང་གསུངས་པ་ཐམས་ཅད་ཀྱང༌། །ཆོས་ཉིད་འདི་ལ་གཞོལ་ཞིང་འབབ། །ཅེས་གསུངས་པ་དག་དཔེར་ན་སྒྲོན་མས་ལམ་ཡ་ང་བ་དང་བདེ་བ་ཐམས་ཅད་གསལ་བར་བྱས་ནས་ཡ་ང་བ་སྤངས་ཏེ་བདེ་བ་ནས་འགྲོར་ཡོད་པར་བྱེད་པ་བཞིན་གསལ་པོར་བྱ་ཞེས་བརྩམ་པར་ཞལ་གྱིས་བཞེས་ཏེ། འདི་ལ་བོད་ཀྱིས་བཤད་པར་དམ་བཅའ་ཡང་ཟེར། བསྟན་བཅོས་དག་ལས་འདིའི་རིགས་ཅན་ལ་གླེང་བསླང་བ་བྱ་བར་ཡང་གསུང་གསུངས་ཏེ། དེ་ལྟ་བུའི་ཞལ་བཞེས་དེ་ནི་སངས་རྒྱས་ཀྱི་ཞལ་བཞེས་ཙམ་དུ་འདུག་ན་ཇོ་བོས་བྱང་ཆུབ་ཀྱི་ལམ་དེ་གསལ་བར་མཛད་སྤྱོད་དམ་སྙམ་ན། གསལ་བར་མཛད་སྤྱོད་པ་ཁོ་ན་སྟེ། དེའི་རྒྱུ་མཚན་དུ་དགེ་བཤེས་སྟོན་པ་བར་འདིར་ཇོ་བོའི་སྐུ་ཆེ་བའི་ཡོན་ཏན་ཤས་རེ་གསུང་བ་ལགས་པར་གདའ་བས། པུ་ཏོ་བ་དང་ཤ་ར་བ་ཡང་བར་འདིར་ཡོན་ཏན་ཐམས་ཅད་བླ་མར་རག་ལས་པ་ལས་བླ་མ་བཟང་བ་དང༌། རིག་པའི་གནས་ཐམས་ཅད་ལ་སློབ་དཔོན་གྱི་གོ་འཕང་བརྙེས་པ་མཁས་པའི་ཡོན་ཏན་དང༌། བཙུན་པའི་ཡོན་ཏན་དང༌། སྒྲུབ་པ་ལས་བྱུང་བའི་ཡོན་ཏན་དང་ལྡན་པའི་རྒྱུ་བཞི་གསུང་བའི་དང་པོ་ལ་དགེ་བཤེས་པུ་ཏོ་བ་དེ་སྐབས་སུ་བླ་མ་མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པ་གསུངས། སྐྱབས་སུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་གསུང་བ་ལ་ཕྱིས་དེ་གཉིས་དོན་གཅིག་པ་ཡིན་གསུངས་པས། ལོ་བདུན་ཕྱག་ཕྱིར་འབྲངས་པའི་ཨ་ཝ་དྷུ་ཏི་པ་ཆེན་པོ་དང༌། གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་དང་བྱིན་གྱིས་རློབ་པའི་བླ་མ་ཌོམྦྷི་བ་དང་གསུམ་མངའ་བ་ལས། ལྟ་བ་དབུ་མ་འཛིན་པ་ཨ་ཝ་དྷུ་ཏི་པའི་བཀའ་དྲིན་ཡིན་ཏེ། ངས་ཀྱང་འདི་ལ་བརྟེན་ནས་ཆོས་མཐོང་བས་ཁྱོད་ཀྱིས་ཀྱང་འདི་ཟུངས་གསུངས་ནས་བཟུང་བ་ལགས་སྐད། ཇོ་བོས་ཀྱང་ལོ་དྲུག་ཨ་ཝ་དྷུ་ཏི་པའི་སྤྱོད་པ་མཉམ་པོར་མཛད། རྡོ་རྗེའི་གླུ་དང་སྤྱོད་པའི་གླུ་ལ་སོགས་པ་ཀུན་ཡང་དེ་ཙ་ན་མཛད་པར་གདའ། གསང་སྔགས་ཀྱི་ཕལ་ཆེར་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པའི་བཀའ་དྲིན་ཡིན། ཁོང་དང་པོ་གྲུབ་མཐའ་སེམས་ཙམ་བཞེད་པ་ལ་ཕྱིས་དབུ་མར་འགྱུར་ནས་བཞུགས་ན། ལྟ་བ་འགྱུར་བའི་རྒྱུ་གཉིས་ལས་ཆོས་གཟིགས་པ་ཡིན་ཏེ་འོང༌། དུས་དེ་ཙ་ན་དེ་ལ་རིག་པས་སུན་འབྱིན་ནུས་པ་ནི་ཡེ་མེད་གསུངས། ཁོང་ལ་ཆོས་གསན་ཙ་ན་ནང་ཞིག་ཆར་ཆེན་པོ་ཞིག་བྱུང་བས་རྣལ་འབྱོར་མ་གཉིས་འདུག་པའི་གཞོན་ཤོས་དེ་ན་རེ་ད་ནང་གི་རྡོ་རྗེ་སློབ་དཔོན་དང་རྡོ་རྗེ་མཆེད་ཀྱི་དྲོ་དེ་ངས་དྲང་ངོ་གསུངས་ནས་རས་ཤིག་གི་ཕག་ཏུ་བསྒོམས་པས་ཅི་ཙམ་དྲང་དྲང་བྱུང༌། ཡང་ཆར་ཅིག་བྱུང་བའི་དུས་སུ་རྣལ་འབྱོར་མ་ཆེ་ཤོས་དེས་སྒོམ་རང་ཡང་མ་དགོས་པར་དྲང་པས་ཆོག་པ་བྱུང་སྟེ། དེ་གཉིས་ལའང་ཁྱད་དེ་ཙམ་འདུག་གསུང་སྐད། ཌོམྦྷི་བ་དེ་དང་པོ་རིགས་ངན་རྒྱལ་པོའི་གླང་པོ་ཆེ་འཚོ་བའི་རྫི་བོ་ཡིན་པ་ལ། ནཱ་རོ་པ་སྤྱིལ་པོ་ན་བཞུགས་པ་ལ་ཡར་ལམ་མར་ལམ་སྤྱིལ་པོའི་ནང་དུ་མགོ་གཡོན་གྱིན་ལྟ། ནཱ་རོ་པས་མཁྱེན་བཞིན་དུ་ཁྱོད་ང་ལ་དགའ་འམ་དད་དམ་བྱས་པས། དགའ་དད་ཟེར། འོ་ན་ང་ལ་གྲོང་ཁྱེར་ནས་ཆང་ཞིག་སློངས་ལ་དྲོངས་ཤིག་གསུངས། དེ་བཞིན་དུ་བྱས་པས་ཆོས་ཅི་ཡང་མ་གསུངས་པར་བྱིན་རླབས་ཞུགས་ནས་ཡོན་ཏན་ཁྱད་པར་ཅན་བརྙེས། དེ་གཞན་གྱིས་གོ་བར་བྱ་བའི་དོན་དུ་གླང་པོ་ཆེ་འཚོར་མི་བཞུད་པར་སྲང་མདོ་ན་བཞུགས། གསོལ་ཟས་བསྐྱལ་བས་ལ་ལ་གསོལ། ལྷག་རོལ་དེ་བཞིན་དུ་བཞག རིགས་བཟང་པོའི་བྱིས་པ་ཀུན་གྱིས་བཟོས། བྲམ་ཟེའི་སྨྲེང་ལས་རིགས་ངན་གྱི་ལྷག་མ་ཟོས་ན་རིགས་ལད་པར་བཤད་པས། ངེད་ཀྱི་བྱིས་པའི་རིགས་བཟླད་འདིར་མ་སྡོད་བྱས་པས་ཐོས་པ་བཞིན་ཡང་མི་མཛད། དེར་ཐག་པས་གླང་པོ་ཆེའི་མགུལ་དུ་བཏགས་ནས་གླང་པོ་བསྐྲོགས་ཀྱིན་བཏང་བ་ལ་གླང་པོ་ཆེ་ཚུར་ལ་ཀོར་ཀོར་བྱས་ནས་བསྒུལ་དུ་ཡང་མ་ཚུགས་པས། དེར་ཡོན་ཏན་ཁྱད་པར་ཅན་བརྙེས་པར་ཤེས། ཡོན་ཏན་བརྙེས་པ་ཡིན་ན་རིགས་སོར་ཆུད་པས་རིགས་ལ་མི་གནོད་པར་བྲམ་ཟེའི་སྨྲེང་ལས་འབྱུང་བས་དེ་བཞིན་དུ་བཞུགས་སུ་བཅུག་ཙ་ན་གར་བཞུད་ཆ་མེད་པར་བཞུད་སྐད། དེ་ལ་ཤ་ར་བའི་ཞལ་ནས། དེ་ལྟ་བུའི་ལས་འཕྲོ་ཅན་བྱིན་གྱིས་རློབ་པ་ལ་བསྙེན་བཀུར་ཅུང་ཟད་པོ་དེའི་སྣ་སེལ་ལ་ལྟོས་དགོས་པ་ཀུན་ཡང་མན་ངག་ཡིན་གསུངས། ཇོ་བོས་ཌོམྦྷི་བ་དེ་དང་དངོས་སུ་མ་མཇལ་གསོལ་བ་བཏབ་པས་བྱིན་གྱིས་བརླབས་པ་སྔགས་པ་དེའི་གཏམ་རྒྱུད་དང་བཅས་པས་གསུངས་ཏེ། ནུབ་གཅིག་རྨི་ལམ་དུ་དགེ་སློང་ཞིག་མི་ཤ་ཟ་ཞིང་བྱུང་བ་ལ་སངས་རྒྱས་ཀྱི་བསྟན་པ་ལ་རྨ་འབྱིན་པའི་དགེ་སློང་འདི་ལྟ་བུ་སུ་ཡིན་བྱས་ཙ་ན། རྟོགས་པ་མ་མང་བར་ཁྱོད་རང་ཡང་འདི་ཟོ་ཟེར་ནས་ཇོ་བོས་ཀྱང་གསོལ་བ་ཞིག་རྨིས་པ་དང་དེའི་ནུབ་མོ་ནས་ཏིང་ངེ་འཛིན་རྒྱ་ཆེན་པོ་བརྙེས། ཇོ་བོ་ལ་དེ་ཌོམྦྷི་བའི་བྱིན་རླབས་ཡིན་པའི་ཐུགས་ཚོད་མི་མངའ་བ་ལ། ཕྱིས་སྔགས་པ་ཞིག་ཌོམྦྷི་བ་ལ་གདམས་ངག་ཞུས་པས། ང་དང་ཁྱོད་ལ་ལས་འབྲེལ་མེད། ཡུལ་དབུས་ན་ངས་བྱིན་གྱིས་བརླབས་པའི་དགེ་སློང་འདི་ལྟ་བུ་ཞིག་ཡོད་པས་དེ་ལ་ཞུས། ཁོང་ལ་ངས་བྱིན་གྱིས་བརླབས་པའི་མཚན་མ་རྨི་ལམ་མངོན་མཚན་ཅན་འདི་ལྟ་བུ་ཞིག་བྱུང་བ་དང་ཏིང་ངེ་འཛིན་བརྙེས་པ་ཞིག་ཡོད་ཅིག་གསུངས། དེར་སྔགས་པ་དེས་ཉི་མ་བཞི་ལྔར་ཇོ་བོ་ལ་མཎྜལ་རེ་ཕུལ་གྱིན་གསོལ་བ་བཏབ་ནས་ཉིན་ཞིག་ན་བཟའ་འདྲ་བ་སྤན་སྤུན་མངའ་བ་ཀུན་གོ་ལར་བསྒྱུར་ནས་ཐོ་ཕྱི་ན་འདུག་པ་ཀུན་ལ་ཚོགས་སོགས་བྱས་ནས་བཀའ་དྲིན་གྱིས་ཁྱབ་ཟེར། ཇོ་བོས་དེའི་དོན་དྲིས་པས་སྔར་གྱི་ལོ་རྒྱུས་རྣམས་བཤད་ནས་ཧེ་རུ་ཀའི་དཀྱིལ་འཁོར་མངོན་དུ་གྱུར་ཟེར་ཏེ། དེ་ལ་ཤ་ར་བའི་ཞལ་ནས། ཧེ་རུ་ཀའི་དཀྱིལ་འཁོར་མངོན་དུ་གྱུར་ཟེར་བ་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ་མཆེ་བ་ཙལ་ལེ་བ་ཞིག་ལ་མི་ཟེར། ཆོས་རྣམས་ཀྱི་གནས་ལུགས་གཟིགས་པ་ཡིན་གསུངས་པས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ལགས་པར་གདའ། ཇོ་བོས་ཀྱང་སྔར་གྱི་བླ་མ་ཌོམྦྷི་བའི་བྱིན་རླབས་ཡིན་པར་དེ་ཙ་ན་གདོད་མཁྱེན། ཕྱི་ནས་ཇོ་བོ་རྣལ་འབྱོར་པ་དེ་དང་ནམ་མཇལ་བར་བཞེད་ཙ་ན་ཁོ་བོ་འདི་ན་མཆིས་གསུང་ཡིན་འབྱོན་པ་ལ། བོད་དུ་བྱོན་ནས་ཡེ་མ་བྱུང༌། ལོ་ཀ་གཞན་དུ་བཞུད་དམ། སྐད་རིགས་མི་གཅིག་པས་ལན་ནམ་གསུང་སྐད། མདོར་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་འཛམ་བུའི་གླིང་འདིར་ཡ་མཚན་ཅན་ནམ་ངོ་མཚར་ཅན་དུ་བྱེད་པའི་གདམས་ངག་ཐམས་ཅད་ཡི་གེ་འབྲུ་གཅིག་ཀྱང་མ་ཆད་པར་མངའ་བ་ཀུ་སཱ་ལི་ཆེན་པོ་བྱ་བ་ཞིག་བྱུང༌། དེ་ལ་བཅོམ་ལྡན་འདས་ཀྱིས་འཕགས་པ་འོད་སྲུངས་ཆེན་པོ་ལ་བསྟན་པ་གཏད། དེས་འཕགས་པ་ཀུན་དགའ་བོ་ལ་གཏད་པ་ནས་ཀྱི་གདམས་ངག་ཐམས་ཅད་ཡི་གེ་འབྲུ་གཅིག་ཀྱང་མ་ཆད་པར་མངའ། སློབ་དཔོན་ཐོགས་མེད་ཀྱིས་བཅོམ་ལྡན་འདས་བྱམས་པ་མཉེས་པར་མཛད་ནས་གདམས་པ་གནང༌། དེས་གཅུང་དབྱིག་གཉེན་ལ། དེས་སློབ་དཔོན་བློ་གྲོས་བརྟན་པ་ལ་གནང་བ་ནས་ཀྱིས་ཡང་ཡི་གེ་འབྲུ་གཅིག་ཀྱང་མ་ཆད་པར་མངའ། སློབ་དཔོན་ཀླུ་སྒྲུབ་དང༌། སངས་རྒྱས་ཡེ་ཤེས་ཞབས་དང༌། མགྲིན་པ་གསུམ་པ་དང༌། རྒྱལ་པོ་ཨིནྟ་བོ་དྷི་བ་ཞེས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ནས་བརྒྱུད་པའི་གདམས་ངག་ཐམས་ཅད་ཀྱང་ཡི་གེ་འབྲུ་གཅིག་ཀྱང་མ་ཆད་པར་མངའ། དེ་ཀུན་གསང་བ་འདུས་པ་ལ་བརྟེན་པ་ཡིན་གསུངས། དེའི་ཡི་གེ་འབྲུ་གཅིག་ཀྱང་མ་ཆད་པ་ཀུ་སཱ་ལི་ཆུང་བ་ལ་མངའ། དེའི་འབྲུ་གཅིག་ཀྱང་མ་ཆད་པ་གསེར་གླིང་པ་ལ་མངའ། དེ་ལ་ཇོ་བོ་དང་ཛྙཱ་ན་ཤྲཱྀ་མི་ཏྲ་དང་རཏྣ་ཀིརྟི་དང་ཤཱནྟི་པ་དང་བཞིས་གསན། ཤཱནྟི་པ་ལ་གསུམ་པོས་ཀྱང་གསན་པ་ལས། གསེར་གླིང་པའི་ཐུགས་ནང་ན་ཇོ་བོས་ཟིན་པ་ཡིན། དེ་ཡང་སྒྲུབ་པས་མཉེས་པས་ཁྱོད་ལ་འདི་མི་བཟླས་ཏེ་འོང་གསུངས་ནས་ཚུར་ལ་གནང་བ་ཡང་མང༌། ཨཱཿཨཱཿལ་ལ་ལན་གཉིས་གཉིས་གསུམ་གསུམ་དུ་ལྡབས་པ་ཡང་ཡོད་གསུངས་པས། དེའི་འབྲུ་གཅིག་ཀྱང་མ་ཆད་པ་ཇོ་བོ་ལ་མངའ་བ་ལགས། ཞེས་ཤ་ར་བ་ཆེན་པོས་གསུངས་ཏེ། དེ་ལྟར་བླ་མ་བཟང་ལ་མང་བ་ཡོད་ཀྱང་རང་ལ་ཡོན་ཏན་མེད་པས། ཇོ་བོ་གློག་གསང་བྱ་བ་ལ་ལམ་སྒྲོན་དུ་ཐོས་དྲིས་པས་ཐོས་པ་བདུན་ཅུ་ཙམ་ཐོས་ཏེ་ཤེས་པ་གཅིག་ཀྱང་མི་ཤེས་ཟེར་བ་བཞིན་དུ་སོང་ན་མི་ཕན་པ་ལ། ཇོ་བོ་ནི་དེ་ཙུག་ཏུ་མི་འདུག་པས། གཉིས་པ་མཁས་པའི་ཡོན་ཏན་ནི། རྒྱས་པར་དགེ་བཤེས་སྟོན་པས་ཇོ་བོའི་ཆེ་བའི་ཡོན་ཏན་བྲིས་པ་ལས་འབྱུང་བ་བཞིན་དུ་རིག་པའི་གནས་ལྔ་ལ་མཁས་པར་འཇིག་རྟེན་ན་གྲགས་པ་ཐོབ་པས། འཛམ་བུ་གླིང་པ་ཕལ་ཆེར་བའི་སློབ་དཔོན་དུ་གྱུར་པ་ཡིན་ཏེ། རིག་པའི་གནས་ལྔ་ལས་སྒྲ་རིག་པའི་བསྟན་བཅོས་བྲམ་ཟེ་ནོར་ལྷས་བྱས་པའི་ཚིག་གི་སྒྲོན་མ་དང༌། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་ཙནྡྲ་བྱཱ་ཀ་ར་ཎ་ལ་སོགས་པ་ཕྱི་ནང་གི་གཞུང་ལུགས་མང་དུ་མཁྱེན། གཏན་ཚིགས་རིག་པའི་གཞུང༌། དྲང་སྲོང་རྐང་མིག་གིས་བྱས་པའི་རིག་པའི་ལྟ་བ་ལ་སོགས་པ་ཕྱི་རོལ་པའི་ལུགས་ཀྱི་ཚད་མ་དང༌། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང༌། ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་མདོ་དང་ཚད་མ་རྣམ་འགྲེལ་ལ་སོགས་པ་ནང་པའི་ལུགས་ཀྱི་ཚད་མ་མང་དུ་མཁྱེན། གསོ་བ་རིག་པའི་གཞུང་དྲང་སྲོང་ལེགས་ཐོབ་ཀྱིས་མཛད་པའི་ལེགས་ཐོབ་ཅེས་བྱ་བ་ལ་སོགས་པ་དྲང་སྲོང་གིས་བྱས་པ་དང༌། འཚོ་བྱེད་ཀྱིས་ཞུས་ནས་སངས་རྒྱས་ཀྱིས་གསུངས་པ་དང༌། སློབ་དཔོན་ཀླུ་སྒྲུབ་དང་རྟ་དབྱངས་ལ་སོགས་པས་མཛད་པའི་བསྟན་བཅོས་ཀྱང་མང་དུ་མཁྱེན། བཟོ་རིག་པའི་བསྟན་བཅོས་ལྷ་ཆེན་ཤངྐར་གྱིས་བྱས་པའི་མེ་ཧ་ར་ལ་སོགས་པ་ཕྱི་རོལ་པའི་ལུགས་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱུ་སྨྲ་བ་ལ་སོགས་པ་ནང་པའི་ལུགས་ཀྱང་མང་དུ་མཁྱེན་ཏེ་དེ་ཀུན་ཕྱི་རིག་པ་བགྱི་བ་ལགས། ནང་རིག་པ་ལ་ཐེག་པ་ཆུང་ངུའི་མདོ་སྡེ་དང་མངོན་པ་མང་དུ་མཁྱེན་ཅིང༌། དམ་པའི་ཆོས་འདུལ་བ་ལ་དགེ་འདུན་ཕལ་ཆེན་པའི་འཛམ་བུའི་གླིང་ན་བཞུགས་ཚད་མཁྱེན། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུང་སྡེ་བཞི་ལ་སོགས་པ་མཁྱེན། གནས་བརྟན་པ་དང་མང་པོས་བཀུར་བ་ཀུན་ཡང་ཇོ་བོ་ལ་ལུང་ལེན་པ་ལགས་པར་གདའ། དེ་ཐམས་ཅད་ཀྱི་རྩ་བ་བྱེ་བྲག་བཤད་མཚོ་བྱ་བ་ཉིན་རེ་ཐུན་རེ་མ་ཆག་པར་ཉན་ནའང་ལོ་བཅུ་གཉིས་འགོར་བའི་གཞུང་ཚོགས་བཞུགས་པ་དེ་རྨི་ལམ་ཚུན་ཆད་དུ་གསན་པས་མང་པོ་མ་འགོར་བར་མཁྱེན་ཞེས་དང་པོ་གསུངས་ཤིང༌། ཕྱིས་ཀུན་རྨི་ལམ་ན་ནུབ་གཅིག་ལ་ལོ་བསྐོར་གཅིག་གི་སྣང་བ་བྱུང་ནས་གསན་བྱ་བ་ཡང་གསུང་སྟེ་དེ་ཀུན་ཀྱང་ཡོན་ཏན་ཆེ་ཤོས་ལགས་ཞེས་པུ་ཏོ་བ་གསུངས། ཐེག་པ་ཆེན་པོའི་སྡེ་སྣོད་གསུམ་ལ་འཕགས་པ་ཐོགས་མེད་ཀྱིས་སའི་སྐོར་ལ་སོགས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་འགྲེལ་ཏིག་མཐའ་དག་མཁྱེན། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་ལ་ཟླ་བ་གྲགས་པའི་ལུགས་དང་ལེགས་ལྡན་འབྱེད་ཀྱི་ལུགས་ལ་སོགས་པ་ཐམས་ཅད་མཁྱེན། ཐེག་པ་ཆེན་པོའི་གསང་སྔགས་བྱ་བའི་རྒྱུད་ལ་སོགས་པ་རྒྱུད་སྡེ་བཞི་པོ་རེ་རེ་ཡང་དཔག་ཏུ་མེད་པ་མཁྱེན་ཏེ། རིག་པའི་གནས་དེ་དག་ལ་བསླབས་ཤིང་ཐུགས་ཀྱི་རྒྱུད་སྦྱངས་པས་མཁས་པའི་མཆོག་ཏུ་གྱུར། རིག་པའི་གནས་ལྔ་ཁོ་ནར་མ་འདུས་པའི་བརྟག་པའི་བསྟན་བཅོས་དང་ལུགས་ཀྱི་བསྟན་བཅོས་མང་པོ་ལ་མཁས་པ་ཡང་གསུངས། མཁས་པ་ཡིན་རུང་མི་སྒྲུབ་པ་ཡང་ཡོང་བ་ལ་ཇོ་བོ་དེ་ཙུག་ཏུ་མི་འདུག་པས། གསུམ་པ་བཙུན་པའི་ཡོན་ཏན་ནི། དགེ་བཤེས་ལོ་ཙཱ་བས་བསྟོད་པ་ན། ཁྱོད་ནི་ཉན་ཐོས་ཐེག་པའི་སྒོར་ཞུགས་ནས། །ཚུལ་ཁྲིམས་གཡག་རྔ་བཞིན་དུ་བསྲུང་མཛད་ཅིང༌། །ཚངས་སྤྱོད་དཔལ་དང་ལྡན་པའི་དགེ་སློང་མཆོག །གནས་བརྟན་འདུལ་བ་འཛིན་ལ་ཕྱག་འཚལ་ལོ། །ཁྱོད་ནི་ཕར་ཕྱིན་ཐེག་པའི་སྒོར་ཞུགས་ནས། །ལྷག་པའི་བསམ་པ་རྣམ་པར་དག་གྱུར་པས། །བྱང་ཆུབ་སེམས་ཀྱིས་འགྲོ་རྣམས་མི་གཏོང་བའི། །བློ་ལྡན་སྙིང་རྗེ་ཅན་ལ་ཕྱག་འཚལ་ལོ། །ཁྱོད་ནི་གསང་སྔགས་ཐེག་པའི་སྒོར་ཞུགས་ནས། །རང་ལུས་ལྷར་གཟིགས་རྡོ་རྗེའི་ཐུགས་དང་ལྡན། །རྣལ་འབྱོར་དབང་ཕྱུག་ཨ་ཝ་དྷཱུ་ཏི་པ། །སྦས་པའི་བརྟུལ་ཞུགས་འཛིན་ལ་ཕྱག་འཚལ་ལོ། །བྱ་བ་ཡོད་པ་བཞིན་དུ་རབ་ཏུ་བྱུང་ཚུན་ཆད་སྔར་ཨ་ཝ་དྷཱུ་ཏི་ལོ་དྲུག་མཛད་པའི་དབགས་རང་ཡང་མི་མངའ་བར་སོ་སོར་ཐར་པའི་ཉེས་བྱས་ཕྲ་མོ་ཡང་གཡག་རྔའི་རྩེ་མོ་བཞིན་དུ་བསྲུང་བས་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཞེས་བྱ། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན། གསང་སྔགས་ཀྱི་དབང་དུ་བྱས་ན་དགེ་སློང་རྡོ་རྗེ་འཛིན་པ་བྱ་བ་ཡིན་ཞེས་ཤ་ར་བས་གསུངས། སྒྲུབ་པ་ཡིན་ཡང་བསྒྲུབས་པའི་འབྲས་བུ་མ་བརྙེས་པ་ཡང་ཡོང་བ་ལ། ཇོ་བོ་དེ་ཙུག་ཏུ་མི་འདུག་པས། བཞི་པ་བསྒྲུབས་པ་ལས་བྱུང་བའི་ཡོན་ཏན་ལ། ཤ་ར་བའི་ཞལ་ནས།དཔལ་ལྡན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །ཚེ་གཅིག་ཐོགས་ཞེས་རྣལ་འབྱོར་མས་ལུང་བསྟན། །ཞེས་དགེ་བཤེས་སྟོན་པས་བསྟོད་པ་བཞིན་དུ་ཇོ་བོ་སྦྱོར་ལམ་པ་ལགས་པས་ཟག་པ་ཟད་པའི་མངོན་ཤེས་ད་རུང་ཅུང་མི་མངའ། གཞན་མངོན་ཤེས་ལྔ་པོ་ཀུན་རངས་པ་མངའ། ཡི་དམ་གྱི་ལྷ་ཞལ་གཟིགས་པ་དང༌། དེ་ལས་ཆོས་གསན་པ་ལ་སོགས་པ་ཡང་དཔག་ཏུ་མེད་དེ། གཙང་ལ་སྟོད་ན་ཀག་སྟོན་ཆེ་ཆུང་གཉིས། གསང་ཕུ་བ་དང་དགེ་བཤེས་སྟོན་པ་གཉིས་ཏེ་བཞི་ཙམ་ལ་སྒྲུབ་ཐབས་གཅིག་གསུངས་པའི་དུས་ན་ཕྱག་ཡུག་ཡུག་མཛད་ཀྱིན་རྟོག་པ་མང་པོ་མང་པོ་མི་རུང་གསུངས། ཆོས་ཐུན་བཏང་ནས་དྲན་བསྡུར་བས། དེའི་དུས་ན་ངེད་བཞི་རེ་རེ་ལ་རྟོག་པ་མི་འདྲ་བ་རེ་སྐྱེས་ནས་འདུག་སྟེ་མཁྱེན་པ་ཡིན་ནམ་ཟློ་མི་ཞིག་གིས་བཟླས་སམ་ཞེས་དགེ་བཤེས་པས་གསུངས་སྐད་པ་དེ་ཀུན་གཞན་གྱི་སེམས་ཤེས་པའི་མངོན་ཤེས་སུ་བགྲང༌། ལྷ་སར་སྟེང་ཁང་ན་བཞུགས་པ་ལ་རྩིག་པ་ལ་མ་ཐོགས་པར་ཕྱིར་བྱོན་པ་བན་དེ་མོ་ཞིག་གིས་མཐོང༌། དེས་གསང་ཕུ་བ་ལ་བཟླས། གསང་ཕུ་བས་བན་དེ་མོ་འདི་སྐད་མཆི་ན་ཞུས་པ་ལ་བན་དེ་མོ་མིག་འཁྲུལ་བ་ལགས་གསུངས་ནས་སྨྱོན་པ་ལགས་པར་གདའ་སྟེ། མི་དམིགས་པ་གོམས་པ་ལས་བྱུང་བ་ཡིན་པས་ནང་ནས་ན་ཡོན་ཏན་ཆེ། ཡང་ལྷ་ས་ན་ནམ་མཁའ་ལ་བསྐོར་བ་མཛད་པ་མཐོང་བ་གསང་ཕུ་བ་ལ་བཟླས། དེས་ཞུས་པ་ལ་ཁོ་བོ་ལ་རྒྱ་གར་ན་ཡང་དེ་སྐད་ཟེར་གསུངས་ཏེ་ཞལ་གྱིས་བཞེས་པ་ཡིན་གསུངས་པ་དང༌། བསམ་ཡས་ཀྱི་བྱང་ཆུབ་གླིང་དུ་བྱོན་པ་ན་ཇོ་བོ་སངས་རྒྱས་མ་ཆགས་པདྨའི་སྤྱན་གྱི་པདྨའི་གདན་ཁ་ན་ཡར་ཇི་ལྟར་བཞུད་ཆ་མེད་པར་བཞུད་ནས་ཞལ་རས་ཀྱི་རྡུལ་ཆོས་གོས་ཀྱི་ཐུ་བས་འཕྱི་ཞིང་བཞུགས། མར་སྐས་ལ་སྤྱན་དྲངས་གསུང་བ་དེ་ཀུན་རྫུ་འཕྲུལ་གྱི་ཡུལ་ཤེས་པར་ཡོང་བ་ལགས། ཡེར་བ་ན་བཞུགས་པའི་དུས་སུ་སྐྱིད་ཤོད་དེ་ཤེད་ན་ཡོན་བདག་མོ་ཞིག་ཡོད་པ་ལ། ཉིན་ཞིག་ཇོ་བོ་གསེར་སྡེངས་ན་ཡར་འཆག་ཏུ་བྱོན་པའི་དུས་ན་འོ་སྐོལ་གྱི་ཡོན་བདག་མོ་དེ་ཤིའམ་གསུངས། དེར་གཞན་ཀུན་གྱིས་དེ་ཤི་བ་ག་ན་མཆི། ཁར་སང་རང་འོ་སྐོལ་ལ་བསྙེན་བཀུར་བགྱིས་པ་ལགས་མོད་ཞུས་པས། དེ་བས་རྟེན་དམན་པ་ལ་བསོད་ནམས་མ་ཤོང་བར་ཤི་ནས་ང་ལ་དྲིན་ལན་གྱི་མཆོད་པ་བྱེད་དུ་བྱུང་གསུངས་པ་དེ་ཀུན་འཆི་འཕོ་བ་དང་སྐྱེ་བ་ཤེས་པར་འོང་གསུངས། གཉེ་ཐང་དུ་སང་འདྲ་བ་གསང་ཕུ་བས་བང་སྟོན་ལ་བཀའ་འབབ་ཆེན་པོ་མཛད་པའི་དེ་རིང༌། སྟོན་པ་ཆེན་པོ་ཡང་མི་ཁ་ལ་གསན་གྱིན་བྱ་བ་ཡང་ཡང་གསུངས། ཨ་ཏི་ཤས་ཅི་གསན་པ་ལགས་ཞུས་པ་ལ། ཁོ་བོས་ཅི་ཡང་མ་ཐོས་ཏེ་སྟོན་པ་ཆེན་པོ་ཡང་མི་ཁ་ལ་གསན་གྱིན་གསུངས། ཕྱི་ཉིན་གསང་ཕུ་བས་བང་སྟོན་ལ་བཀའ་འབབ་ཆེན་པོ་མཛད། དེར་དགེ་བཤེས་སྟོན་པས་ཁར་སང་ཨ་ཏི་ཤས་དེ་ཙམ་གྱི་ནན་ཏན་མཛད་ནས་དེ་རིང་དེ་གསུངས་པའི་ལུགས་ཅི་བདོག་གསུངས་པ་ལ། གསང་ཕུ་བ་ཤེད་ཡ་ཝི་ཀུན་གྱིས་བྱ་བྱ་ནས་ཁོ་བོ་ཡེ་བརྗེད་གསུངས། ཡ་ཝི་ཀུན་འགྲུལ་ཚན་ཞིག་སོང་བ་དེ་ལ་གསུང་ངམ་རྒྱ་གྲོང་པ་ལ་གསུང་ཆ་མེད་གསུངས། དེ་ཀུན་ཕྱིས་འབྱུང་བ་མཁྱེན་པས་ལྷའི་མིག་གི་མངོན་ཤེས་སུ་འོང༌། ཡང་གཉེ་ཐང་ན་བཞུགས་ཙ་ན་ནུབ་ཅིག་རྒྱ་གར་ན་ངའི་སློབ་མ་ཞིག་དྲིལ་བུ་སིལ་སིལ་ང་ལ་གསོལ་བ་འདེབས་པ་ཁང་རྒྱབ་འདི་ན་ཡོད་པ་ཙམ་དུ་ཐོས་གསུངས་པ་ལ། སྟོན་པའི་ཞལ་ནས་ང་ཉམས་དྲོད་ཆུང་བས་མགོ་བོ་བཏེགས་ནས་ཉན་པ་ཡིན་ནོ་གསུང་བ་དེ་ཀུན་ལྷའི་རྣ་བའི་མངོན་ཤེས་སུ་བགྲང་བ་ལགས་གསུངས། ཡེར་བ་ན་བཞུགས་པའི་དུས་ཉིན་གཅིག་སྦྱང་ཁུ་ལེའུཁར་བྱོན། དེ་ནས་གཡུ་སྒྲོ་མན་ཆད་ཀྱི་སླུ་མེས་ཀྱི་གནས་མང་པོ་གཟིགས་པས། དགེ་བཤེས་སྔོག་གིས་ཡག་གི་ཡང་ཁོ་བོའི་ལགས་ཡག་གི་ཡང་ཁོ་བོའི་ལགས་ཞུས་ཀྱིན་གཟིགས་སུ་ཕུལ་བ་ལ། གནས་བརྟན་ཆེན་པོ་ལ་གནས་མང་ཨང་གསུངས། མང་ལགས་ཞུས་པས། ཁམས་གསུམ་ཀུན་རིལ་གྱིས་ཁོ་བོའི་ལགས་གསུངས། སེམས་ཅན་ཐམས་ཅད་ཐུགས་རྗེས་བདག་ཏུ་བཟུང་བའི་བཀའ་མཆིད་ལགས་ཏེ། པུ་ཏོ་བ་སེམས་ཅན་ཁོ་ན་ལ་རྩེས་ཆེ་བས་ང་ནི་ནངས་ན་ཡང་དེ་ངོ་མཚར་ཆེ་སྙམ་དུ་སེམས་གསུངས། དེ་ལྟར་མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་ཞིང་ནང་ན་བྱང་ཆུབ་ཀྱི་ཐུགས་ཁྱད་པར་ཅན་མངའ་བའི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོའི་ཞལ་གཟིགས་པ་ནི་བསམ་ཡས་ན་བཞུགས་པའི་དུས་ནུབ་གཅིག་རྨི་ལམ་དུ་དགེ་སློང་གཞོན་ནུ་ཞིག་བྱུང་ནས་ཁྱོད་ཀྱིས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཤེས་སམ་ཟེར། ཐོས་བསམ་གྱིས་ནི་ཤེས་ཉམས་སུ་མྱོང་བ་ནི་མེད་གསུངས་པས། ལྟ་བར་འདོད་དམ་གསུངས། འཁུམས་པར་འཚལ་ཞུས་པས། ད་ལྟ་རྭ་སྒྲེང་ན་བཞུགས་པའི་ཇོ་བོ་འཇིགས་པ་བརྒྱད་སྐྱོབ་ཀྱི་རས་གཞི་དེ་ཙམ་ཞིག་ནམ་མཁའ་ལ་ཤར་གྱིས་བརྐྱངས་པའི་ནང་ན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ལ་སོགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བརྙེས་པ་རྣམས་ཀྱི་རྣམ་པར་འཕྲུལ་བ་དང་ཡོན་ཏན་མ་ཚང་བ་མེད་པར་སྣང་བ་ཞིག་གཟིགས་གསུངས་ཏེ། ཤ་ར་བ་ནི་ནངས་ན་དེ་ངོ་མཚར་ཆེ་གསུངས། གསེར་གླིང་དུ་བླ་མ་གསེར་གླིང་པའི་ཞབས་ལ་སྐུ་མཉེ་མཛད་པའི་དུས་ན་གཙུག་ལག་ཁང་དེར་སྤྱན་རས་གཟིགས་གསེར་མདོག་ཏུ་བྱོན་ནས་ཕར་དཀར་པོར་གཤེགས་པ་གཟིགས། དེ་གསེར་གླིང་པ་ལ་ཞུས་པས་ས་བཅུའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རང་བཞིན་གྱི་ཁ་དོག་སེར་པོར་བཞུགས། གདུལ་བྱའི་ངོར་དཀར་པོར་སྟོན་པ་ཡིན་གསུངས་པ་ལ། དེས་གཟིགས་སམ་ལུང་ནས་གསུངས་པ་ཡིན་ནམ་ཕལ་ཆེར་གཟིགས་པ་ཡིན་ཏེ་འོང་གསུངས། རྡོ་རྗེ་གདན་དུ་ཕྱི་རོལ་པ་དང་རྩོད་པ་མཛད་པའི་དུས་ན་ལན་ཞིག་གཏུགས་པ་ཞིག་བྱུང༌། དེར་རིལ་བ་སྤྱི་བླུགས་བསྣམས་ཏེ་འཆག་ཏུ་བཞུད་པ་བཞིན་མཛད་ནས་ནང་དུ་བྱོན་ཇོ་མོ་ལ་གསོལ་བ་བཏབ་པས་བསྙག་པའི་ཐབས་མེད་པར་གྱུར་ཏེ་ཇོ་མོས་བྱིན་གྱིས་བརླབས་པ་ལགས། ཕྱིས་གཉེ་ཐང་ན་བཞུགས་ཙ་ན་ནའི་དཀྱིལ་དུ་བྱོན་ནས་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་བརྒྱ་ཚོ་འགའ་འགའ་ཙམ་བཟླས་པ་མཛད་པས་དེ་བཞིན་གཤེགས་པ་ཅི་ཙམ་བཞེད་པ་གཟིགས། ནུབ་ཅིག་བུད་མེད་ཀྱི་སྒྲ་སིལ་སིལ་གྲགས་པ་བལྟར་མི་རུང་དགོངས་ཙ་ན། མ་ལའང་མི་བལྟའམ་ཟེར། ངའི་མ་འདི་ན་མེད་ན་སྙམ་དུ་དགོངས་པ་ལ། མ་སྒྲོལ་མ་ལ་ཡང་མི་བལྟའམ་གསུངས། གཟིགས་ཙ་ན་ཇོ་མོ་མངོན་སུམ་དུ་བཞུགས་ནས་སྣང་སྐད། སྐུ་ཁམས་ཞན་པའི་དུས། རྗེ་བཙུན་བྱམས་པ་ལ་གསོལ་བ་བཏབ་པས་སྐུའི་སྣང་བ་བྱུང་ཙ་ན་དྲག་ནས་ཡོང་བ་ལ། འདའ་བའི་དུས་སྐུའི་སྣང་བ་བྱུང་ཡང་མ་དྲག་པས་རྗེ་བཙུན་གྱིས་བསུ་བ་ཡིན་ཏེ་འོང་གསུངས། རྨི་ལམ་ན་ཐུགས་དམ་གྱི་ལྷ་དང་དེ་བཞིན་གཤེགས་པ་མང་པོ་ལས་གདམས་ངག་མང་པོ་ཡང་གསན། རྣལ་མོ་ནི་ཞལ་མཐོང་བ་ལས་གདམས་ངག་ཞུས་པ་མི་གསུང་ཡང༌། དེ་ཀུན་དྲང་པའི་དོན་ལགས་ཏེ་མཆིའམ། དེ་མིན་རྡོ་རྗེ་གདན་དུ་བསྐོར་བ་མཛད་ཙ་ན་ཇོ་མོ་སྒྲོལ་མ་དང་ཁྲོ་གཉེར་ཅན་གཉིས་དྲི་བ་དང་ལན་གྱི་ཚུལ་དུ་མཛད་པས་བྱང་ཆུབ་ཀྱི་སེམས་ལ་བསྐུལ་བ་དང༌། སངས་རྒྱས་ཀྱི་ལྡེར་ཚོས་གསུང་ཕྱུང་བ་དང༌། གཉེ་ཐང་དུ་ནངས་མོ་ཞིག་ཚ་བའི་དུས་རྗེ་བཙུན་བྱམས་པ་དང་འཇམ་དཔལ་ཐེག་པ་ཆེན་པོའི་ཆོས་ཀྱི་འགྲོ་བ་མཛད་པ་གཟིགས་པ་ཀུན་རྣལ་མོར་གདམས་ངག་གསན་པ་རང་དུ་ཡོང་ངམ་སེམས། རྨི་ལམ་ན་ཆོས་གསན་པས་རྣལ་མོ་དང་ཁྱད་མེད་པའི་རྟོགས་པ་སྐྱེ་བར་གསུངས་ཏེ་ནངས་ན་ངོ་མཚར་ཆེ་གསུངས། རང་བཞིན་གྱི་རྣལ་འབྱོར་མ་དང་ཡང་ནམ་བཞེད་པ་ན་མཇལ་ཏེ། དང་པོ་ཨ་ཝ་དྷཱུ་ཏི་པ་མཛད་པ་ན། ད་རུང་ཨ་ཝ་དྷཱུ་ཏི་པ་བྱས་ཀྱང་བར་ཆད་འོང་དངོས་གྲུབ་མི་འཐོབ། རབ་ཏུ་བྱུང་ན་བསྟན་པ་ལ་ཕན་གསུངས་ནས་རབ་ཏུ་བྱུང་བ་དང༌། ཕྱིས་བོད་ལ་འབྱོན་ཁར་རྡོ་རྗེ་གདན་དུ་བྱོན་པ་ལ་སྔགས་པ་ཞིག་གིས་མགྲོན་བུ་ཤས་ཤིག་བསྐུར་ནས་འདི་བྱང་ཕྱོགས་ཀྱི་ལྷ་རིས་པའི་གྲོང་དེ་ན་རྣལ་འབྱོར་མ་སྐྲ་རེ་རེ་ནས་འཐོག་པའི་བརྟུལ་ཞུགས་བྱེད་པ་ཞིག་ཡོད། དེ་ཕྱི་རོལ་པ་མིན་རྣལ་འབྱོར་མ་ཞིག་ཡིན་པས་དེ་ལ་གཏོད་ཅིག་ཟེར། རྡོ་རྗེ་གདན་དུ་བྱོན་ཙ་ན་ཕར་ལ་བཙལ་མ་དགོས་པར་སྔགས་པས་བསྐུར་བའི་པ་ན་ག་རེ་ཟེར་ནས་ལེན་དུ་བྱུང༌། དེར་ང་བོད་དུ་འགྲོ་ན་བོད་ལ་ཕན་ནམ་དྲིས་པ་ལ། ཕན་གྱི་ཟེར་བ་དེ་ཀུན་ལས། ཨ་ཝ་དྷཱུ་ཏི་པའི་དུས་ཀྱི་དེ་ནི་བླ་མ་རང་དུ་ཡང་འགྲོ་སྟེ་འོང་ངམ། དེ་མིན་གྱི་དུས་ན་གདམས་ངག་གསུངས་པ་ནི་མེད། རང་བཞིན་གྱི་རྣལ་འབྱོར་མ་བྱ་བ་ཡེ་ཤེས་ཐོབ་པ་ཡིན་གསུངས། བྱང་ཆུབ་སེམས་དཔའ་དྲི་མ་མེད་པ་དང་ལྷ་མོ་ཙུནྡའི་སྤྲ་ཁྱེའུ་དང་བུ་མོ་གཙང་མ་ལ་ཕབ་པས་དུས་གསུམ་གྱི་དངོས་པོ་ཅི་ལྟར་འགྱུར་བ་ས་ལེར་མཁྱེན་པ་མངའ་བ་དེ་ཀུན་ཡང་བསྒྲུབས་པ་ལས་བྱུང་བའི་ཡོན་ཏན་དུ་བགྲང་བ་ལགས་ཏེ། དེ་ལྟར་བླ་མ་བཟང་བ་དང༌། མཁས་པ་དང༌། བཙུན་པ་དང༌། བསྒྲུབས་པ་ལས་བྱུང་བའི་ཡོན་ཏན་དེ་དག་ལ་སོགས་པ་དང་ལྡན་པས་ན་ཇོ་བོས་བྱང་ཆུབ་ཀྱི་ལམ་ཤིན་ཏུ་ཡང་གསལ་པོར་མཛད་སྤྱོད་པ་ཁོ་ན་ཡིན་པས། དེ་ལྟར་དུ་མཛད་པར་ཞལ་གྱིས་བཞེས་པ་བཤད་པར་དམ་བཅའ་བའམ། བསྟན་བཅོས་འབྱུང་བའི་རྒྱུ་གླེང་བསླང་བ་འདིས་ནི་བསྟན་བཅོས་ཀྱི་དགོས་འབྲེལ་བཞི་ཡང་བསྟན་ཏེ། དེ་ཡང་ཤ་ར་བ་ཆེན་པོའི་ཞལ་ནས། འདིའི་བརྗོད་བྱ་ནི་སྐྱེས་བུ་གསུམ་གྱི་རིམ་པ། དགོས་པ་ནི་འདི་ལས་འདི་ཐོས་བསམ་གྱིས་རྟོགས་པ། དགོས་པའི་དགོས་པ་ནི་རིམ་གྱིས་སྒྲུབ་པ་ལ་ཞུགས་པས་གནས་སྐབས་བདེ་འགྲོའི་རྟེན་ཐོབ་པ་ནས་མཐར་མི་གནས་པའི་མྱ་ངན་ལས་འདས་པའི་བར་དུ་ཐོབ་པ། འབྲེལ་པ་ནི་དགོས་པ་བསྟན་བཅོས་དང་འབྲེལ་ལ། དགོས་པའི་དགོས་པ་དགོས་པ་དང་འབྲེལ་བའོ་གསུངས།

༢༽ སྒྲུབ་པའི་རྟེན་སྐྱེས་བུ་གསུམ་གྱི་མཚན་ཉིད་སྤྱིར་བསྟན་པ།

སྒྲུབ་པའི་རྟེན་སྐྱེས་བུ་གསུམ་གྱི་མཚན་ཉིད་དེ་ལ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པ་གཉིས་ཀྱི་དང་པོ་ནི། ཆུང་ངུ་འབྲིང་དང་མཆོག་གྱུར་པའི། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །དེ་དག་མཚན་ཉིད་རབ་གསལ་བར། །སོ་སོའི་དབྱེ་བས་བྲི་བར་བྱ། །ཞེས་གསུངས་ཏེ། དེ་ཡང་ཤ་ར་བའི་ཞལ་ནས། གསལ་པོ་ཉིད་དུ་མཛད་པ་ནི། །ཆུང་ངུ་འབྲིང་དང་མཆོག་གྱུར་པའི། །ཞེས་པ་ལ་སོགས་པ་སྟེ། སྐྱེས་བུ་ཞེས་པ་ནི་པུ་རུ་ཥ་ཞེས་པ་ནུས་པ་ཅན་ནམ་བློ་དང་ལྡན་པའི་དོན་ཡིན་ལ། དེ་ཡང་ཚེ་ཕྱི་མ་ཕན་ཆད་ཀྱི་དོན་སྒྲུབ་པར་ནུས་པ་ལ་བྱ་ཞིང༌། དེ་ལ་ཡང་གནས་སྐབས་གསུམ་ཡོད་དེ། གསུངས་པ་བཞིན་དུ་ལས་རྒྱུ་དང་འབྲས་བུ་ལ་ཡིད་ཆེས་པས་མི་དགེ་བ་སྤོང་ཞིང་དགེ་བ་སྒྲུབ་པ་ལ་གནས་པས་བདེ་འགྲོའི་རྟེན་སྒྲུབ་པར་ནུས་པ་ཆུང་ངུའི་གནས་སྐབས་དང༌། སྲིད་པ་ཐམས་ཅད་སྡུག་བསྔལ་དུ་ཤེས་ནས་དེ་འགྲུབ་པའི་རྒྱུ་སྤངས་པས་རང་གི་རྣམ་གྲོལ་སྒྲུབ་པར་ནུས་པ་འབྲིང་གི་གནས་སྐབས་དང༌། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེས་ཁྱབ་པར་བྱས་ནས་དེ་དག་གི་དོན་དུ་རྫོགས་པའི་བྱང་ཆུབ་སྒྲུབ་པར་ནུས་པ་མཆོག་ཏུ་གྱུར་པའི་གནས་སྐབས་ཏེ། པུ་རུ་ཥའི་སྒྲ་ལས་ཕྱི་མ་ཕན་ཆད་ཀྱི་དོན་སྒྲུབ་པར་ནུས་པ་ལ་སྐྱེས་བུ་ཞེས་བྱ་བའི་གནས་སྐབས་ནི་གསུམ་པོ་དེ་ཉིད་དུ་ཤེས་པར་བྱ་དགོས་པས། སྐྱེས་བུའི་གནས་སྐབས་གསུམ་པོ་དེ་དག་གི་མཚན་ཉིད་རབ་ཏུ་གསལ་བར་དེ་གསུམ་པོ་སོ་སོའི་དབྱེ་བས་བྲི་བར་བྱ། ཞེས་པ་སྟེ། དེ་དག་ལས་གཞན་ཚེ་འདི་འབའ་ཞིག་ལ་མིག་གིས་བལྟས་ནས་འདུག་པ་དག་ལ་སྐྱེས་བུའི་མིང་མེད་པས། པུ་ཏོ་བ་དང་ཤ་ར་བ་ཡབ་སྲས་ཀྱི་ཞལ་ནས་རང་ཅག་ནོར་སོགས་མཁས་པ་ཁོ་ན་ལ་ཁྱོ་གར་བྱེད་དེ། ནོར་སོགས་མཁས་པ་ཏ་མི་བས་ལྷག་པ། བྱང་ཀུན་ན་བྱི་བ་རེ་རེས་བསགས་པའི་གྲོ་མིན་ཡང་གཡག་ཁལ་ལོངས་པ་ཡོད་དོ། །དེ་བཞིན་དུ་ཚེ་འདིའི་སྡེ་རིས་དང་ཆང་ལྡང་དང་ངོས་ཐུབ་པ་ལ་ཁྱོ་ག་ཡིན་ཟེར་ཏེ། དེ་འདྲ་བ་མི་བས་ལྷག་པ་སྐྱ་ཁ་དང་ཕོ་རོག་ཀུན་ལ་ཡང་ཡོད་པས་རྒྱལ་ལྷ་ཁང་དུ་ལོ་སྔ་ཕྱི་ལ་གཅིག་གིས་གཅིག་ལ་དམག་དྲངས་ཀྱིན་གཅིག་གིས་གཅིག་ཡུལ་ཕྱུང་སྟེ། རང་ཕྱོགས་ཀྱི་དམག་ལྷ་ཁང་གི་ལྕགས་རིའི་ནང་ཁེངས་པ་བྱུང་སྐད། དགྲ་ཤ་ལྡོན་རེམ་པ་ལ་དེར་རྩི་སྟེ་མི་ལ་དེ་ཕྱོགས་ཙམ་རྒྱེག་ལས་མེད། འུག་པ་དང་བྱ་རོག་ཀུན་ལ་མི་བས་ལྷག་པ་ཡོད་དེ། ར་བཟླུམ་དང་བྲག་རྒྱབ་བར་གྱི་གྲམ་སྒང་དུ་སྔ་ལོ་བྱ་རོག་གིས་འུག་པའི་ཕྲུ་གུའི་སྙིང་ཕྱུང་ནས་བསད་པས། ཕྱི་ལོ་འུག་པས་བྱ་རོག་གི་ཕྲུ་གུ་དེ་ཉིད་དུ་སྔར་ལྟར་བསད་ཟེར། དགྲ་ཐབས་མཁས་པའང་མི་བས་ལྷག་པ་སྨིགས་བུ་ཀུན་གྱིས་ས་ཁུང་ནས་སྦྲུལ་ལ་གཙེས་གཙེས་ཏེ་སྦྲུལ་གྱི་གནད་དུ་འཇག་མ་བསྣུན་པ་ལྟ་བུ་ཡོད། ཁེངས་དྲེགས་དང་མཐོ་གནོན་མི་བས་ལྷག་པ་རྡོ་རྗེ་གདན་དུ་བྱུང་བའི་གླང་པོ་ཆེ་དེ་ཀུན་ལ་ཡང་ཡོད་གསུངས་ཏེ། འདུ་བ་ཆེན་པོ་ཞིག་བྱུང་བའི་ཐོག་སྔ་ཉིན་རཱ་ཛ་ནར་མ་སོན་པ་ཞིག་གིས་གླང་པོ་ཆེ་ནར་མ་སོན་པ་ཞིག་ཞོན་ནས་བྱུང་བས་ཁྲོམ་ཐོག་ཆོད་པ་ལ། ཕྱི་ཉིན་དེ་གཉིས་ཀ་ནར་སོན་པ་ཞིག་གིས་ཁྲོམ་ཐོག་ཆོད་པས། གླང་པོ་ཆེ་སྔ་མ་དེ་ཁོ་རང་གི་གནས་སུ་སོང༌། ཞག་འགའ་རྩྭ་ཆུ་བཅག་རྨིག་པ་བསྐམས་ནས། གླང་པོ་ཆེ་ཕྱི་མ་ཅི་ཡང་མ་བསམས་པར་ཉལ་བ་ལ་མཆེ་བ་གཅིག་སོག་པར་རྒྱབ། ཡང་མདུན་ནས་གཅིག་རྒྱབ་ནས་སོག་པ་བཅག་སྐད་དེ། གཏམ་རྒྱུད་དེ་ཇོ་བོའི་བཀའ་ལུང་ཡིན་གསུངས། དེ་ལྟར་ན་རང་ཅག་ཕོར་རེ་བ་ཐམས་ཅད་དུད་འགྲོ་དང་ཁྱད་མེད་པར་བྱས་པ་དེ་ཀུན་ཡང་བསམ་རྒྱུ་ཁོ་ན་ཡིན་པས། དགེ་བཤེས་སྤྱིལ་བུ་བའི་ཞལ་ནས། བར་འདིར་རང་གི་རྒྱུད་ལ་རང་གིས་བྱ་ར་བྱས་ལ། རང་གིས་ཀྱང་ཆོས་བྱེད་པར་ཁས་བླངས། མིས་ཀྱང་དགེ་སློང་བྱང་ཆུབ་སེམས་དཔར་རྩེས་ཙ་ན་རང་གི་གནས་ལུགས་དུད་འགྲོ་དང་ཁྱད་མེད་པར་སོང་ནས་འདུག དེ་ལྟར་འབད་ཀྱང་ཚེ་འདི་ལ་སེན་མོའི་རྡུལ་ཙམ་ཡང་མེད། ཕྱི་མ་ཕན་ཆད་ལ་མུ་མཐའ་མེད་པ་ཡིན་སྙམ་དུ་ཡང་ཡང་བསམ་ཞིང༌། རང་གི་བློ་རྩེ་གང་ལ་གཏད་དང་རང་ལ་སྐྱེས་བུའི་དོན་ཚང་ངམ་མ་ཚང་སྙམ་དུ་སོར་བཅུ་བྲང་ལ་བཀྲམ་གྱིན་བསམ། མ་ཚང་ནས་འདུག་ན་ཅི་ནས་ཀྱང་རང་གི་རྒྱུད་ལ་སྐྱེས་བུའི་དོན་ཞིག་བསྐྱེད་པ་ལ་གལ་ཆེ་གསུངས། དེ་ལྟར་སྒྲུབ་པའི་རྟེན་སྐྱེས་བུ་གསུམ་གྱི་མཚན་ཉིད་སྤྱིར་བསྟན་པའི་སྐབས་འདིར་དགེ་བཤེས་སྟོན་པ་དེ་བསྟན་བཅོས་ཀྱི་ལུས་རྣམ་པར་བཞག་པ་ལྟ་བུའི་ཚུལ་དུ་བསྟན་པ་ལ་འཇུག་པའི་རིམ་པ་རེ་གསུང་བར་གདའ་སྟེ། དེ་ཡང་དགེ་བཤེས་དེ་ཉིད་ཀྱི་ཞལ་ནས། འདི་ཀུན་ངའི་བླ་མའི་གདམས་ངག་ཡིན་པས་གར་ཐུག་ཐུག་མི་ཟློ་བ་ཡིན་ཏེ། ད་བསྟན་པ་ཡང་ནུབ་ལ་ཁད། རྒད་པོ་ང་ཡང་ཤི་ལ་ཐུག་གསུངས་ནས་ཚོགས་སུ་ལན་ཁ་ཡར་གསུངས་པ་ནི། སློབ་མ་བཀྲིར་བཏུབ་པ་ཅི་དགེ་བའི་བཤེས་གཉེན་སློབ་མ་ཁྲིད་པར་ནུས་པ་ཞིག་གིས་ཁྲིད་པར་སོང་ན། དང་པོ་དེ་བུདྡྷ་བར་སྒྲུབ་པ་ཡིན་པས་སྐྱེ་ཤིའི་རྒྱུན་གྱིས་ཤིན་ཏུ་སྐྲག་པ་སྒོམ་དུ་འཇུག་པ་ཡིན། འདིས་ཙབ་ལིང་བ་ཞིག་མེད་ན་དེའི་གོང་མ་ཅིས་ཀྱང་མི་ཕན། འཁྱག་པའི་སྟེང་དུ་མཁར་བརྩིགས་པ་དགུན་ལྡེམ་མེ་འདུག་པ་འདྲ་ཡང་དེ་ཞུ་ཙ་ན་འཇིག དེ་བཞིན་དུ་འདི་མེད་པའི་ཆོས་གཞན་ཐམས་ཅད་རྐྱེན་གྱིས་མ་གྲུས་ཙ་ན་ཡགས་རབ་ཏུ་འདུག་པ་སྙམ་བྱེད། རྐྱེན་ཨེན་ཙམ་ཞིག་གིས་གྲུས་མ་ཐག་ཏུ་བཞག་ནས་འཇོག་པ་ཡིན། དེ་བཞིན་དུ་བསྒོམས་པས་ཕོངས་པ་དང་འཇིགས་པ་སྐྱབས་ཚོལ་བའི་བློ་སྐྱེ་བ་ཡིན། རང་མཁར་རྫོང་བཙན་པོ་ན་དཔུང་གི་ཚོགས་ཀྱིས་བསྐོར་ནས་འདུག་པ་བཞིན་དུ་འཇིགས་པ་མེད་པ་ལ་སྐྱབས་ཚོལ་བའི་བློ་མི་སྐྱེ། དེ་ལྟ་བུའི་བློ་སྐྱེས་ཙ་ན་སྐྱབས་གནས་བུདྡྷ་དཀོན་མཆོག་གི་ཆེ་བའི་ཡོན་ཏན་སྒོམ་དུ་འཇུག་སྟེ་སྐྱབས་གནས་ཡིན་པ་ལ་ཉེས་པ་ཐམས་ཅད་སྤངས་ཤིང་ཡོན་ཏན་ཐམས་ཅད་རྫོགས་པ་ཞིག་དགོས། དེ་ཡང་རང་གི་ངོ་བོ་ལ་མེད་པ་མ་ཡིན་ཏེ། ཁྱད་པར་དུ་འཕགས་པར་བསྟོད་པ་ལས། བདག་ནི་སྟོན་པ་གཞན་སྤངས་ནས། །ཁྱོད་ལ་སྐྱབས་སུ་མཆིས་གྱུར་པ། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་རྫོགས། །ཞེས་གསུངས་པ་བཞིན་དུ་ཡིན་པས། དེ་ལ་ཡིད་ཆེས་པས་སྐྱབས་སུ་སོང་ནས་ཐ་མལ་བའི་མིང་དང་རུས་ལ་སོགས་པའི་རྟོག་པ་ཐམས་ཅད་སྤངས་ནས་ང་བུདྡྷ་བ་ཡིན་སྙམ་པ་འབའ་ཞིག་གི་བློ་སྐྱེ་བར་སོང་ཙ་ན་སྐྱབས་སུ་འགྲོ་བའི་སྡོམ་པ་སྐྱེ་བའི་དུས་ཡིན་པས་དེ་ཕོག་ནས་བསླབ་བྱ་ལ་སློབ་ཏུ་འཇུག་པ་ཡིན་ཏེ་དེ་ནས་བུདྡྷ་བར་ཆུད་པ་ཡིན། ཇོ་བོ་ཉིད་ཀྱལ་ཀ་ཙམ་དུ་ཡང་སྡེ་རིས་ཞལ་གྱིས་མི་བཞེས། དགེ་བཤེས་སྟོན་པ་ལ་ཡང་རྗེའུའི་རྟོག་པ་མི་རུང་གསུངས། དེ་ལྟར་བུདྡྷ་བར་ཆུད་ནས་སྐྱབས་གནས་དེས་སྐྱོབ་པ་ཆོས་ཀྱིས་སྐྱོབས་པས། ལས་རྒྱུ་དང་འབྲས་བུའི་ཆོས་སྒོམ་དུ་འཇུག དེ་ལ་ངེས་པ་ཐོབ་པས། འདུན་དང་ཞེ་སྡང་འཇིགས་པ་དང༌། །རྨོངས་པས་གང་ཞིག་ཆོས་མི་འདའ། །ཞེས་པའི་ཚུལ་གྱིས་འགྲོ་བ་མ་ཡིན་པ་བཞི་པོ་གང་གིས་ཀྱང་ཆོས་ལས་མི་འདའ་བའི་བློ་སྐྱེས་ཙ་ན་དགེ་བསྙེན་གྱི་སྡོམ་པ་སྐྱེ་བའི་དུས་ཡིན་པས་དེ་འབོགས་པ་ཡིན་ཏེ། འདུན་པས་ཆོས་ལས་མི་འདའ་བའི་ཚོད་སྡིག་པ་ཕྲ་མོ་གཅིག་ཁྱད་དུ་བསད་པས་རྒྱལ་སྲིད་དམ་རྒྱལ་གྱི་ཕྱེད་ཐོབ་ལ་ཁྱད་དུ་མ་བསད་ན་མི་འཐོབ་ཀྱང་དེའི་ཆེད་དུ་མི་གསོད་པ་ཡིན་ཏེ། ལས་འབྲས་ལ་ཡིད་ཆེས་པ་གཤའ་མ་ཡོད་ན་དེ་བཞིན་དུ་འོང་ངེས། སྡིག་པ་སྡོམ་པ་ཁས་མ་བླངས་པས་དུད་འགྲོ་ཕྲ་མོ་གཅིག་བསད་ན་ཡང་སེམས་ཅན་དམྱལ་བ་ཡང་སོས་སུ་སྐྱེ་ལ། སྡོམ་པ་ཁས་བླངས་པས་ཉེས་བྱས་ཕྲ་མོ་གཅིག་ཁྱད་དུ་སྤྱད་ན་ཡང་དེའི་ཉིན་ཞག་གཅིག་གི་དུཿཁ་ཉམས་སུ་བླང་དགོས་པར་གསུངས། དེའི་ཉིན་ཞག་གཅིག་ལ་ཡང་མིའི་ལོ་ས་ཡ་ཕྲག་དགུ་ཡོད་པར་གསུངས། དེ་བཞིན་དུ་ཡིད་ཆེས་ན་རྒྱལ་སྲིད་ཀྱི་བདེ་བ་ཀུན་ལ་ཆགས་པའི་སྐབས་མེད། དེ་སྔར་ཡང་ཅི་ཙམ་ཡང་ཉམས་སུ་བླངས་ཏེ་བསླུས། ད་རུང་ཐོབ་ཀྱང་མོད་ལ་བསླུ་བ་ཆོས་ཉིད་ཡིན། ཞེ་སྡང་གིས་མི་འདའ་བ་ནི། བདག་ནི་བསྲེགས་ཏེ་བསད་གྱུར་ཏམ། །མགོ་བོ་ལྷུང་བར་བྱས་རུང་གི །རྣམ་པ་ཀུན་ཏུ་ཉོན་མོངས་པའི། །དགྲ་ལ་འདུད་པར་མི་བྱའོ། །ཞེས་གསུངས་པའི་ཚུལ་གྱིས། སྲོག་ཁུང་ཁ་ཕྱེ་བའམ་ལྟག་སྲོག་བྱས་ནས་གསོད་དུ་བྱུང་ཡང༌། ཞེ་སྡང་གི་སྐབས་མི་འབྱེད་ཅིང་སྡིག་པ་ཕྲ་བ་ལ་ཡང་མི་འཇུག་པ་ཡིན། དེ་མིའི་སྡུག་བསྔལ་ཡིན། དེས་ཆོས་ལས་འདས་ན་དམྱལ་བསྲུངས་ཀྱིས་གསོད་པ་ལ་སོགས་པ་རྒྱུན་མི་འཆད། འཇིགས་པས་མི་འདའ་བ་ནི། པུ་ཏོ་བའི་ཞལ་ནས། འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་གླིང་གསུམ་ལ་དབང་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ལ་གསུངས། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་ཐམས་ཅད་འཛམ་བུ་གླིང་ལ་དབང་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ལ། མངའ་བོ་ཆེ་དེ་རྣམས་ཐམས་ཅད་ཕྱོགས་གཅིག་ཏུ་འདུས་ནས་ཁྱོད་སྡིག་པ་ཕྲ་མོ་འདི་མི་བྱེད་ན་ཉི་མ་རེ་རེ་ལ་ཤ་སྲང་ལྔ་ལྔ་སེན་འཐོགས་བྱས་ལ་གསད་དོ་ཞེས་སྡིགས་ཀྱང་སྡིག་པ་ཕྲ་མོ་ཡང་ཁྱད་དུ་མི་གསོད་པ་སྟེ། ལས་འབྲས་ལ་ཡིད་ཆེས་ན་མིའི་ཚེ་སྲིལ་ཏེ་དེ་དག་གིས་ཤ་སེན་འཐོགས་བྱས་ཀྱང་མི་འཆི་བར་དུཿཁ་ཉམས་སུ་བླང་དགོས་ཀྱང་ཡང་སོས་ཀྱི་ཉིན་ཞག་གཅིག་གི་གྲ་ཆ་ཡང་མེད། དེས་འཇིགས་ནས་སྡིག་པ་ཁྱད་དུ་གསད་ན་སེམས་ཅན་དམྱལ་བའི་མཚོན་ཆས་གཅོད་པ་དང་དམྱལ་བསྲུངས་ཀྱིས་བརྡུངས་བཏག་རྒྱུན་མི་འཆད། རང་ཅག་ལ་དེ་ཙམ་གྱི་བྲེད་སྡིགས་བྱེད་པ་ཏ་མི་ཡོང་སྟེ། ཟན་རྡོག་རེའམ་ཇ་སུན་རེའི་མཐོ་དམན་ལས་མེད་པའི་ཁེ་ཉེན་གྱི་ཆེད་དུ་འདུན་པས་ཆོས་ལས་འདའ་ཞིང་སྡིག་པ་ཆེ་དགུ་ཐམས་ཅད་ཁྱད་དུ་གསོད། མིག་ལྟ་ལེགས་ཉེས་ཙམ་དང་ཚིག་གི་མཐོ་དམན་ཙམ་ལ་ང་ལ་བརྙས་ཟེར་ནས་ཞེ་སྡང་གིས་ཆོས་ལས་འདའ་ཞིང་སྡིག་པ་ཁྱད་དུ་གསོད་དེ་འཁྲུག་གཡོམ། ཇོ་བོའམ་དཔོན་དྲག་རྐན་ཆེ་སེ་བ་ཞིག་གིས་ཁ་བྱས་སུ་དོགས་པའི་འཇིགས་པ་ཙམ་གྱིས་བརྫུན་མང་པོ་སྨྲ་ཞིང་སྡིག་པ་ཁྱད་དུ་གསོད་པ་ཡིན། རྨོངས་པས་ཆོས་ལས་མི་འདའ་བ་ནི། ལས་འབྲས་ལ་ཡིད་ཆེས་ན་སྤྱིར་མི་དགེ་བ་ལས་དུཿཁ་འབྱུང་བ་ཙམ་དུ་མི་འཇོག་པར། མི་དགེ་བའི་བྱེ་བྲག་ལས་དུཿཁའི་བྱེ་བྲག་ཇི་སྙེད་འབྱུང་བ་ཐམས་ཅད་ཤེས་པར་བྱས་ནས་སྡིག་པ་ཕྲ་བ་ཡང་ཁྱད་དུ་མི་གསོད་པར་སོང་ཙ་ན་ཡིན། ད0ེར་ན། ཕྱོགས་འདི་ཤེད་ན་མེའི་དོང་ཐུག་པ་མེད་པ་ཞིག་ཡོད་དོ་ཟེར་བ་ཐོས་ན་མིག་རང་ཡང་རིག་རིག་པོར་བྱས་ནས་དེ་ག་ན་ཡོད་ཙ་ཡུ་བཅད་ནས་དེར་ཅི་མི་ལྟུང་བྱེད་པ་ལས། ག་ན་ཡོད་མ་ཤེས་ཟེར་ནས་ལྷུང་ན་ཡང་ལྷུང་འགྲོ་བ་མི་ཡོང༌། དེ་བཞིན་དུ་ལས་འབྲས་ལ་ཡིད་ཆེས་ན་མ་ཤེས་ནས་སྡིག་པ་ཁྱད་དུ་མི་གསོད། ཐ་མལ་གཡང་ས་ཆུང་ངུ་ལའང༌། །བག་ཡོད་གནས་པར་བྱ་དགོས་ན། །དཔག་ཚད་སྟོང་དུ་ལྟུང་བ་ཡི། །ཡུན་རིང་གཡང་སར་སྨོས་ཅི་དགོས། །ཞེས་པའི་ཚུལ་གྱིས་སྔ་མར་ནི་ལྷུང་ཡང་ཐ་མལ་བའི་གཡང་ས་ཡིན། སྡིག་པ་ཁྱད་དུ་གསད་ན་སེམས་ཅན་དམྱལ་བ་ལ་སོགས་པའི་གཡང་སར་ལྷུང་བ་ཡིན་ཏེ། རང་ཅག་ཕལ་ཆེར་རིགས་པ་དང་མི་རིགས་པ་དཔྱོད་མི་ཁོམ་ཞིང་དགེ་སྡིག་གི་མཚན་ཉིད་ལ་རྨོངས་པ་ཁོ་ནས་ཆོས་ལས་འདའ་བ་ཡིན། དེ་ལྟར་ལས་འབྲས་ལ་ཡིད་ཆེས་ནས་སྡིག་པ་ཁྱད་དུ་མ་བསད་པས་བདེ་འགྲོ་ཐོབ་ཀྱང༌། དེ་རང་གི་ངོ་བོ་ཡང་དུཿཁ་ལས་མེད་ལ་བདེ་ཅུང་ཟད་ཡོད་ཀྱང་བསླུ་བའི་ཆོས་ཅན་ཡིན། ཐར་པ་མ་ཐོབ་ན་ཡང་ངན་སོང་དུ་ལྟུང་བས་སྲིད་པའི་རྩེ་མོའི་ལྷ་ཐོབ་ཀྱང་མནར་མེད་ཀྱི་ཟངས་ཁ་ན་འདུག་པ་དང་ཁྱད་མེད་པ་ཉིད་དུ་སྒོམ་དུ་བཅུག་པས་སྲིད་པ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དང༌། དེ་བསྐྱེད་པའི་རྒྱུ་ཡང་རང་རང་གི་རྟེན་ལ་ཡོད་པའི་ལས་དང་ཉོན་མོངས་པ་གཉིས་ཡིན་པར་ཤེས་པར་བྱས་ནས་བསམ་པ་ཁམས་གསུམ་དག་ལ་རྨི་ལམ་ན་ཡང་འདོད་པ་མེད་པའམ། མི་ཤ་བའི་བཙོན་དོང་ནས་འབྲོས་པ་ལྟ་བུའམ། ཚལ་ཚིག་པའམ་མཚོ་འཁྱགས་པའི་བྱ་བཞིན་དུ་འཁོར་བ་ལ་སྡད་ས་མ་ཡིན་པའི་བློ་སྐྱེས་ལ། སྦྱོར་བ་གློ་བུར་དུ་མགོའམ་གོས་ལ་མེ་ཤོར་བ་བསད་པ་བས་ཀྱང་ཡང་སྲིད་པ་ཟད་པར་བྱ་བའི་ཆེད་དུ་བརྩོན་འགྲུས་རྩོམ་པ་ལ་གྲིམས་པའི་ཚོད་དུ་སོང་ཙ་ན་རབ་ཏུ་བྱུང་བའི་སྡོམ་པ་སྐྱེ་བའི་དུས་ཡིན་པས་རབ་ཏུ་འབྱིན་པ་ཡིན། ཡང་སྲིད་ཀྱིས་འཇིགས་པ་ནི་དེ་བས་ཀྱང་འཕེལ། དེའི་རྒྱུའི་རྩ་བ་ཡང་འདོད་པ་ཁོ་ན་ཡིན་པར་ཤེས་པས་ཕྱི་ནང་གི་འདོད་པ་ཐམས་ཅད་ལ་སྦྲུལ་ནག་པོ་དུག་མྱུར་དུ་ཁྱབ་པར་བྱེད་པ་པང་དུ་འོངས་པ། སྐྲོད་པ་ཙམ་དུ་འཇིགས་པར་ལྟ་བའི་བློ་སྐྱེས་པར་སོང་ཙ་ན་དགེ་སློང་གི་སྡོམ་པ་སྐྱེ་བའི་དུས་ཡིན་པས་དེ་འབོགས། དེ་ལྟ་བུའི་བློ་སྐྱེས་ཙ་ན་སྲིད་པའི་རྒྱ་མཚོ་གནག་རྗེས་ཀྱི་ཆུ་བཞིན་དུ་བསྐམ་པ་ལ་ཚེགས་མེད་ཅིང་རང་ཉིད་ཀྱི་མྱ་ངན་ལས་འདས་པ་ནི་རང་དབང་དུ་འདུག་པ་ཡིན་ཏེ། དེའི་དུས་སུ་རང་ཉིད་སྡུག་བསྔལ་ལས་གཏན་ཐར་པ་ཡང་སངས་རྒྱས་མ་ཐོབ་པར་མེད་ལ། དེ་ལ་ཡང་སེམས་ཅན་ལ་བརྟེན་དགོས། རང་གིས་ཐར་པ་དེ་ཐོབ་པ་ཡོད་ཁོངས་སུ་བཅུག་ཀྱང༌། །ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མི་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་པའི་ཚུལ་གྱིས་སེམས་ཅན་ཉེ་ཐུ་བྱེད་བྱེད་པ་རྣམས་བོར་ནས་རང་ཉིད་ཐར་པ་ཙམ་བསྒྲུབས་ན་དེ་ལས་ཁྲེལ་བོར་བ་ཡང་མེད་པ་ཤེས་པར་བྱས་ལ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང༌། རང་གི་ཉམས་ལས་དཔགས་ནས་སྙིང་རྗེ་སྒོམ་དུ་བཅུག་པས། སྙིང་རྗེ་སྦྲུལ་གྱི་ཁར་ཆུད་པ་ལྟ་བུའམ་བུ་དུག་འཐུངས་པའི་མ་ལྟ་བུར་གྱུར་ནས། རང་ལ་ནུས་པ་ཡོད་མེད་དང་སེམས་ཅན་ལ་བཏུབ་མི་བཏུབ་ཀྱི་རྩེས་མི་བྱེད་པར་འགྲོ་བ་ཉམས་ཐག་སྙམ་པས་བྱང་ཆུབ་ཆེན་པོ་ལ་དམ་འཆའ་ནུས་པའི་བློ་ཚོད་དུ་ཕྱིན་པ་ན་སྨོན་པའི་སྡོམ་པ་སྐྱེ་བས་དེ་འབོགས་པ་ཡིན། དེ་བས་ཀྱང་སྙིང་རྗེའི་རླབས་ཆེར་འཕེལ་བས་སངས་རྒྱས་ཐོབ་པར་རིངས་ལ། འབྲས་བུ་ཐོབ་པ་ལ་རྒྱུ་ལ་འཇུག་དགོས་པས། རྒྱུ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་ཅི་ལ་ཡང་མ་རག་པར་འཇུག་པའི་བློ་སྐྱེ་བར་སོང་ཙ་ན་འཇུག་པ་སྐྱེ་ཞིང་འབོགས་པ་ཡིན། དེ་བས་ཀྱང་སྙིང་རྗེའི་རླབས་ཆེར་འཕེལ་བས་སངས་རྒྱས་ཐོབ་པར་ཆེས་རིངས་ལ། དེའི་ཐབས་ཀྱང་གསང་སྔགས་མྱུར་བར་ཤེས་པས་དེའི་སྒོར་འཇུག་པར་འདོད་ན། དེའི་ལས་འཕྲོ་དང་སྣོད་ལ་བརྟགས་ནས། གལ་ཏེ་ན་དེའི་སྒོར་འཛུད། གལ་ཏེ་ན་མི་འཛུད། དེས་ན་བླ་མ་མངོན་པར་ཤེས་པ་ཅན་དགོས་པ་ཡིན། གསང་སྔགས་ཉིད་ལ་འཇུག་པ་ལ་ཡང་རྒྱུད་སྡེ་བཞི་ལ་བརྟེན་པའི་རིམ་པ་ཀྲིག་གེ་བ་ཞིག་ཡོད་པ་ཡིན་པར་འདུག དེས་ན་ཇོ་བོའི་བཀའ་བརྒྱུད་འདི་ལ་བློ་སྦྱོང་གི་རིམ་པ་འདི་ལ་བསླབས་ནས་རྒྱུད་ཚོད་འདི་ཙམ་དུ་སོང་ཙ་ན་སྡོམ་ཁྲིམས་འདི་ལེན་ཞེས་པའི་རིམ་པ་ཀྲིག་གེ་བ་ཅིག་ཡོད་པ་ཡིན་ཞེས་པ་ཤ་ར་བ་ཆེན་པོའི་གསུང་ལས་བྱུང་སྟེ། དེས་ན་དགེ་བཤེས་ཆེན་པོ་ཤ་ར་བ་དེ་ཉིད་ཀྱང་དགུང་ལོ་བཅོ་བརྒྱད་ལ་རབ་ཏུ་བྱུང༌། དེ་ནས་གཙང་དུ་ཕྱིན་པ་ཐེག་པ་ཆེན་པོ་གསང་སྔགས་ལ་སློབ་གཉེར་མཐའ་དག་པ་ཞིག་བྱ་སྙམ་དུ་དགོངས་པ་ལ་དབྱར་ཞིག་པུ་ཏོ་བ་སྟག་ལུང་ཐང་ན་བཞུགས་པའི་སར་བྱོན། ཆོས་ཐུན་འདི་གསན་པས་ཚེ་འདི་ལ་སྔགས་ལ་འཇུག་པའི་རེ་མི་འདུག་སྙམ་དུ་ཐུགས་ཐག་ཆོད། དགུན་དེ་བསླབ་བཏུས་ཤིག་གསན་པས་ཨ་ཁུའི་གནས་ཀྱི་བདག་པོ་སྡེ་པའི་དཔོན་བྱ་བའི་ཐུགས་འདུན་ཀྱང་དེར་ཆོད་པ་ལགས་པར་གདའ་སྟེ། དགེ་བཤེས་པ་ཉིད་ཀྱི་ཞལ་ནས། དང་པོ་ཙ་ན་གཙང་དུ་ཕྱིན་ལ་སྔགས་ཤིག་བསླབ་སྙམ་པ་ཞིག་ཡོད་པ་ལ། དེ་རྣམས་ལན་གཅིག་ཤར་གྱིས་གསུངས་པས་སྔགས་ལ་ཁོ་ཐག་ཆོད། བན་སར་ཡིན་ཏེ་གོ་ལུགས་མ་ཞན། ད་ལྟ་ནི་ཇི་ཙམ་བཟླས་ཀྱང་ཁོ་ཐག་ཆོད་པ་རང་ཡང་མི་འོང་བར་སྣང༌། དེ་ནས་བསླབ་པ་ཀུན་ལས་བཏུས་པ་གསུངས་པས་སྡེ་པའི་དཔོན་ལ་ཁོ་ཐག་ཆོད་གསུངས།

༣༽ སྐྱེས་བུ་གསུམ་གྱི་མཚན་ཉིད་སོ་སོར་བཤད་པ།

སྐྱེས་བུ་གསུམ་གྱི་མཚན་ཉིད་སོ་སོར་བཤད་པ་ལ་གསུམ་ལས།

སྐྱེས་བུ་ཆུང་ངུའི་མཚན་ཉིད།

སྐྱེས་བུ་ཆུང་ངུའམ་ཐ་མའི་མཚན་ཉིད་ནི། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་མར་ཤེས། །ཞེས་གསུངས་ཏེ། མིའི་ནང་དུ་སྐྱེས་ལ་དལ་བ་དང་འབྱོར་བ་ཐོབ་པས་བསྟན་པ་ལ་བཀྲིར་བཏུབ་པའི་རྟེན་གྱི་གང་ཟག་གང་ཞིག ལས་དང་འབྲས་བུའི་ཆེ་བ་ལ་ཡིད་ཆེས་པས་སྡིག་པ་སྤངས་ཤིང་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པའི་ཐབས་ནི་གང་དག་གིས་ཐོབ་བྱའི་འབྲས་བུ་འཁོར་བའི་བདེ་བ་ཙམ་དག་ལ་བྱེད་ཅིང༌། དེ་ཡང་རང་ཉིད་བདེ་བ་དེ་ལྟ་བུ་ལ་སྤྱོད་འདོད་ཀྱི་བསམ་པས་དོན་དུ་གཉེར་བར་བྱེད་པ་དེ་ནི་སྐྱེས་བུའི་གནས་སྐབས་གསུམ་ལས་སྐྱེས་བུ་ཆུང་ངུའམ་ཐ་མར་ཤེས་པར་བྱ་ཞེས་པ་སྟེ། དེ་ཡང་འཁོར་བའི་བདེ་བ་ཙམ་དག་ལ་ཞེས་པས་སྐྱེས་བུ་འབྲིང་མྱ་ངན་ལས་འདས་པ་སྒྲུབ་པའི་རྟེན་དུ་བདེ་འགྲོ་དོན་དུ་གཉེར་བ་བསལ་ལ། རང་ཉིད་དོན་དུ་གཉེར་བྱེད་པ་ཞེས་པས་བྱང་ཆུབ་སེམས་དཔའ་གཞན་དོན་དུ་བདེ་འགྲོའི་རྟེན་དོན་དུ་གཉེར་བའང་བསལ་བའི་སྐྱེས་བུ་ཆུང་ངུའམ་ཐ་མ་དེའི་མཚན་ཉིད་ལ་སློབ་ཚུལ་ཀྱང་ཤ་ར་བ་ཆེན་པོས། སྐྱེས་བུ་ཆུང་ངུ་སྐད་པར་མིང་བཏགས་པ་དེ་རྒྱུ་འབྲས་ལ་ཡིད་ཆེས་པ་ཞིག་ལ་གསུང་བར་གདའ་སྟེ། འབྲས་བུ་ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་འཇིགས་སྐྲག་གི་བློ་རྣལ་མ་ཞིག་ཡོད་ཙ་ན་དེའི་རྒྱུ་སྡིག་པ་མི་དགེ་བ་ཕྲ་མོ་ཚུན་ཆད་སྲོག་གི་ཕྱིར་ཡང་སྤོང་བ་ཞིག་འབྱུང༌། དེ་ལ་ཡང་མི་རྟག་པ་འཆི་བ་རྗེས་སུ་དྲན་པ་རྣལ་མ་ཞིག་སྔོན་དུ་འགྲོ་དགོས་ཏེ། འཆི་ཙ་ན་མེད་དེ་མི་ཆ་སྐྱེ་དགོས། སྐྱེས་ཙམ་ན་ལས་འབའ་ཞིག་རྗེས་སུ་འབྲང་བས་ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་གྱིས་འཇིགས་ནས་མི་དགེ་བ་སྤོང་བ་ཞིག་འབྱུང༌། ཞེས་གོང་མོ་བའི་བགྲེས་པོ་ཚན་ཞིག་ལ་གསུངས་པ་བཞིན་དུ་བླ་མ་མཚན་ཉིད་དང་ལྡན་པ་ཞིག་གིས་སློབ་མ་ཡང་སྣོད་དུ་རུང་བ་ཞིག་ལ་མཐོ་ཆོད་ལ་སོགས་པ་མི་བྱེད་པར་ནད་གཡོག་དང་མ་མཛངས་མས་ནད་པ་དང་བུ་ཆུང་སྐྱོང་བ་བཞིན་དུ་མས་ཞར་རིམ་གྱིས་སྟོན་ཞིང་འཁྲིད་པ་ལས། དང་པོ་ཁོ་ནར་མི་རྟག་པ་འཆི་བ་རྗེས་སུ་དྲན་པ་སེམས་སུ་འཇུག་སྟེ། དེ་ཡང་དགེ་བཤེས་པ་ཉིད་ཀྱི་ཞལ་ནས། སྤྱིར་སྐྱེས་པ་ཐམས་ཅད་ཀྱི་མཐའ་འཆི་བ། འདུས་པ་ཐམས་ཅད་ཀྱི་མཐའ་བྲལ་བ། བསགས་པ་ཐམས་ཅད་ཀྱི་མཐའ་འཛད་པ། དར་བ་ཐམས་ཅད་ཀྱི་མཐའ་རྒུད་པས་བརྟུལ་བ་ཆོས་ཉིད་ཡིན། ཁྱད་པར་དུ་སྐྱེས་པ་ཐམས་ཅད་ཀྱི་མཐའ་འཆི་བ་འདི་ངེས་པ་ཡིན། ཤི་བ་ལ་མ་སྐྱེས་པ་འཕགས་པ་དགྲ་བཅོམ་པ་ཀུན་ལགས། སྐྱེས་པ་ལ་མ་ཤི་བ་སྔར་ཡང་མ་བྱུང་མ་འོངས་པར་ཡང་མི་འབྱུང་ད་ལྟ་ཡང་མེད་པས། འདི་ལྟར་སྐྱེས་པ་ཐམས་ཅད་ཀྱི། །མདུན་ན་གནས་པ་འཆི་བ་སྟེ། །ཀུན་ཀྱང་འཕོ་བར་སྣང་བའི་ཕྱིར། །མྱ་ངན་བྱ་བར་འོས་པ་མིན། །ཞེས་པ་དང༌།

སངས་རྒྱས་རྣམས་དང་དེ་སྲས་དང༌། །རང་རྒྱལ་རྣམས་དང་ཉན་ཐོས་ཀྱང༌། །ཕུང་པོ་འདི་ནི་སྤོང་མཛད་ན། །དེ་ལས་གཞན་ལྟ་སྨོས་ཅི་དགོས། །ཞེས་གསུངས། བུདྡྷ་ལ་ཏ། བུདྡྷ་མྱ་ངན་ཡོང་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་རྣམས་ནི་སྨིན་མཛད་ཕྱིར། །མྱ་ངན་འདའ་བར་སྟོན་པ་ཡིན། །གསུངས་བ་བཞིན་དུ་གྲོང་ཁྱེར་རྩ་མཆོག་པ་ལྟ་བུའི་ངོར་མྱ་ངན་ལས་འདའ་བའི་དོན་ལགས། ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཀྱང༌། རྒ་དང་ན་དང་འཆི་བ་མེད་ཀྱང་འཆི་འཕོ་སྟོན། བྱ་བར་གསུངས་པས། རང་གི་བྱང་ཆུབ་ཆེན་པོའི་ཚོགས་བསགས་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ། ལེན་དང་གནས་དང་གཏོང་བ་དང༌། །སྤྲུལ་དང་ཡོངས་སུ་བསྒྱུར་བ་དང༌། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །གསུངས་པ་བཞིན་དུ་མཛད། དགྲ་བཅོམ་པ་རི་བོ་ལྟ་བུ་རྣམས་ཀྱང་མྱ་ངན་ལས་འདས་ཏེ། ཉན་ཐོས་དང་རང་བུདྡྷ་མྱ་ངན་ལས་འདའ་བ་འདི་ངེས་དོན་ལགས་པར་གདའ། སློབ་དཔོན་ཀླུ་སྒྲུབ་ལ་སོགས་པ་བསྟན་བཅོས་རྩོམ་པ་པོ་ཐམས་ཅད་ཀྱང་འདས། བརྒྱ་བྱིན་དང་མཚུངས་པའི་འཇིག་རྟེན་སྐྱོངས་པ་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཐམས་ཅད་ཀྱང་འཆི་བས། བརྒྱ་བྱིན་དག་ནི་སྟོང་རྣམས་དང༌། །འཁོར་ལོས་བསྒྱུར་བ་བརྒྱ་དག་ཀྱང༌། །དུས་ཀྱིས་འཆི་བར་འགྱུར་བ་ནི། །མར་མེ་འབར་བ་རླུང་གིས་བཞིན། །ཞེས་གསུངས་པས། མནར་མེད་ཡན་ཆད། སྲིད་པའི་རྩེ་མོ་མན་ཆད་པ་ལ་མི་འཆི་བར་གནས་པ་ཡེ་མེད་དེ། སའམ་ཇི་སྟེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མི་འཆི་བ། །ཁྱོད་ཀྱིས་འགའ་ཞིག་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །གསུངས་པ་བཞིན་དུ་ལགས། དེས་ན་མགྱོགས་པས་བྲོས་སུ་ཡང་མེད་དེ། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང༌། །གང་ན་སྤྱོད་ཡུལ་འཆི་མེད་པ། །དེར་ནི་འགྲོ་བར་ནུས་པ་མྀན། །ཞེས་པ་དང༌། རྒྱལ་བུ་འཕགས་སྐྱེས་པོ་དང་བློན་པོ་མ་ལ་སྡང་གིས་ཤཱཀྱ་རྣམས་ཁ་བཏགས་ཙ་ན་བཅོམ་ལྡན་འདས་ཀྱིས། གང་དུ་ཕྱིན་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་འགའ་ཡང་ཡོད་མིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་གཏིང་ན་མེད། །རི་ཡི་ཕྲག་ཏུ་ཞུགས་ཀྱང་མི་ཕན་ནོ། །ཞེས་བགྱི་བ་གསུང་གསུངས། སྐྱེས་པ་ཐམས་ཅད་ཀྱི་མཐའ་འཆི་བར་ངེས་པ་དེ་ཡང༌། སྤྱོད་པ་ལ་འཇུག་པ་ནས། ཉིན་མཚན་སྡོད་པ་ཡོད་མེད་པར། །ཚེ་འདི་རྟག་ཏུ་འགོད་འགྱུར་ཞིང༌། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །གསུངས་པ་བཞིན་དུ་ཚེ་ལ་སྣོན་མ་མེད་ཅིང་འབྲིད་པ་ཡོད་པའི་གནད་ཀས་ཡིན་ཏེ། དེ་བས་ན་སློབ་མ་ལ་སྤྲིངས་པ་ལས་ཀྱང༌། དང་པོ་མངལ་དུ་ཞུགས་པའི་ནུབ་མོ་ནས། །དེ་ནས་བརྩམས་ཏེ་འཇིག་རྟེན་འདི་དག་ནི། །གོམ་པ་གང་ཡང་གཞན་དུ་མ་གོལ་བར། །འཆི་བདག་དྲུང་དུ་དེ་ནི་ཉེ་བར་འགྲོ། །གསུངས་པ་བཞིན་དུ་རང་གི་ཚེ་སྐད་ཅིག་དང་རྒྱུན་གྱིས་མི་རྟག་པས། ད0ེར་ན། རི་གཟར་པོའི་འབབ་ཆུའམ་བཤའ་རར་བཅུག་པའི་ལུག་དང་གསད་སར་ཁྲིད་པའི་མི་དང་འདྲ་བར། ལམ་རྣམས་ཐམས་ཅད་འཆི་བདག་ཉིད་ཀྱིས་བཀག །དོགས་པ་མེད་པར་རབ་ཏུ་དགའ་བཞིན་སྤྱོད། །གསུངས། དེ་ལྟར་ངེས་པར་འཆི་བ་ཙམ་དུ་མ་ཟད་ནམ་འཆིའི་ཆ་ཡང་ཡེ་མེད་དེ། ཤ་ར་བའི་ཞལ་ནས། སློབ་དཔོན་དབྱིག་གཉེན་གྱིས། སྒྲ་མི་སྙན་ན་ཚེ་སྟོང་སྟེ། །གཉིས་ན་ཕྱེད་ཕྱེད་སྤངས་པའོ། །འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །གསུངས་པས་བྱང་གི་སྒྲ་མི་སྙན་པས་ཚེ་ལོ་སྟོང་ཐུབ། དེ་ནས་ཡང་ཁོང་ལ་བདག་ཏུ་འཛིན་པ་ཡོད་ཀྱང་བདག་གིར་འཛིན་པ་མེད་པས་ལྷར་སྐྱེ་བ་ལགས་པར་གདའ་སྟེ། སྤྱིར་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་ཀྱི་ཚེ་ལ་ངེས་པ་མེད། ཁྱད་པར་དུ་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པས་ཀྱང་ནམ་འཆི་ཆ་མེད་ལ། འཆི་བདག་རྐྱེན་གྱི་ཁྲོད་གནས་པ། །རླུང་དམར་ནང་གནས་མར་མེ་བཞིན། །ཞེས་པ་ལྟར་རླུང་གསེབ་ཀྱི་མར་མེའམ་ནམ་བཞུད་ཆད་ཁའི་སྦྲང་མ་བཞིན་དུ་འཆི་བའི་རྐྱེན་མང་བས་ཀྱང་ནམ་འཆི་ཆ་མེད་དེ། ལ་ལ་མའི་མངལ་དུ་འཆི། ལ་ལ་བཙས་པ་དང་འཆི། ལ་ལ་གོག་ཐལ་ཐུལ་ན་འཆི། ལ་ལ་བྱིས་པ། ལ་ལ་གཞོན་ནུ། ལ་ལ་དར་ལ་བབ་པ། ལ་ལ་བར་མ་ལ་འཆི། རྒས་ཤིང་འཁོགས་པའི་བར་ལ་ལུས་པ་ནི་དགའ་དགའ་ཙམ། འོ་སྐོལ་ད་ལྟ་གཞོན་པས་དེ་ཙུག་མི་འཆི་ཡི་སྙམ་སྟེ། མའི་མངལ་དུ་ཤི་བར་རང་ཡང་ཅི་ཙམ་ཡང་ཡོད། འོ་སྐོལ་ད་ལྟ་དེ་ལྟ་བུ་ཡོང་ཆིས་རང་ཡང་ཡེ་མི་བྱེད་པར་མི་བྱ་དགུ་བྱ་སྟེ། འདི་ནི་དེང་བྱ་འདི་ནི་ཐངས་གཅིག་འོག་ཏུ་བྱ། །འདི་ནི་དེའུ་རེ་བྱ་ཞེས་སྐྱེས་བུ་སེམས་པ་ན། །གཤིན་རྗེ་བེ་ཅོན་ལག་ཐོགས་ཟུར་གྱིས་ལྟ་བྱེད་ཅིང༌། །མིག་རྩ་དམར་ཁྲོས་མ་རངས་གད་མོས་རེ་སྙམ་འདེབས། །ཞེས་སློབ་མ་ལ་སྤྲིང་བ་ནས་གསུངས་པ་བཞིན་དུ་ཡིན་པས་ནམ་འཆི་ཡེ་ཆ་མེད་གསུངས། འཆི་བའི་དུས་དེ་ཙ་ན། སྤྱོད་པ་ལ་འཇུག་པ་ནས། བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་རྣམས་ཀྱིས་མཐའ་བསྐོར་ཀྱང༌། །སྲོག་འཆད་པ་ཡི་ཚོར་བ་ནི། །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །གསུངས་པའམ། ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང༌། །ཞིག་སྟེ་སོ་སོར་འབྲལ་འགྱུར་ན། །མཛའ་བ་གཞན་ལྟ་སྨོས་ཅི་དགོས། །གསུངས་པ་བཞིན་དུ་ཐ་ན་རང་གི་རྣམ་ཤེས་དང་མའི་མངལ་ནས་མཉམ་པོར་འགྲོགས་ནས་འོངས་པའི་ལུས་འདི་དང་ཡང་འབྲལ་ན། ལོངས་སྤྱོད་དང་གཉེན་བཤེས་གཞན་ལྟ་ཅི་སྨོས་པས། དམ་པའི་ཆོས་མ་གཏོགས་པ་གཞན་ཅིས་ཀྱང་མི་སྟོངས་པ་ལགས་པར་གདའ། དེས་ན་འཆི་བ་ནི་ཅི་ནས་ཀྱང་འཆི། དེ་ཡང་པུ་ཏོ་བས། སང་ཕོད་ད་སང་བདག་ནི་ཅིར་འགྱུར་ཨང༌། གསུངས་པ་བཞིན་དུ་ནམ་འཆིའི་ཆ་ཡང་ཡེ་མེད་པ་ལ། ད་ལྟ་ང་དེ་ཙུག་མི་འཆི་ཡི་སྙམ་པ་དེ་རྟག་པར་ཕྱིན་ཅི་ལོག་པ་ཡིན། རང་གི་ངོ་བོ་ལ་སང་ཕོད་ད་སང་ཚེ་ཕྱི་མ་གཉིས་ཀྱང་གང་སྔ་ཆ་མེད། དེ་སྟེ་ཟླ་བ་གཅིག་དང༌། ཟླ་བ་ཕྱེད་དང༌། ཞག་བཅུ་དང་ཚེ་ཕྱི་མ་གཉིས་ཀྱང་གང་སྔ་ཆ་མེད། ཡན་ཏར་བྱས་པའི་དོ་ནོད་རང་ཀུན་ལ་ཡང་གཟེར་ཀོག་ལངས་ལ་སོགས་པ་བྱུང་ནས་མི་འཆི་བའི་ངེས་ཀྱང་མེད། མདོར་ན་སྐྱེས་ཕན་ཆད་འཆི་བ་ཡིན་ཏེ། སྐྱེ་བ་ཅན་ལ་ངེས་པར་ནི། །རྒ་དང་ན་དང་འཆི་མཆིས་པས། །མ་བགྲེས་མ་སྐུང་མ་འགྲོངས་ཞེས། །ལེགས་སྨོན་གསོལ་ཡང་ཅི་ལ་ཕན། །གསུངས་པའམ། ཤ་ར་བས་ཁམས་པའི་ཚོང་པ་ཚན་ཞིག་ལ། ཁྱོད་ཚོང་པ་ཀུན་ལམ་དུ་ཞག་རེ་སྡད་ཅིང་འགྲོ་འདུག་བྱེད་པ་ལྟར་འཁོར་བའི་སྐྱེ་ཤི་ཡང་དེ་དང་འདྲ་བ་ལགས་གསུངས་པ་བཞིན་དུ་ཡིན། ཤི་ཙ་ན་ཕུང་པོ་འདི་ཡང༌། ལུས་མཐའ་ཐལ་བ་མཐར་སྐམ་མཐར་འདྲུལ་ཞིང༌། །ཐ་མར་མི་གཙང་སྙིང་པོ་མ་མཆིས་པ། །རྣམ་པར་འཇིག་དེངས་མྱགས་པར་འགྱུར་བ་སྟེ། །སོ་སོར་འགྱེས་ཆོས་ཅན་དུ་མཁྱེན་པར་མཛོད། །ཅེས་སློབ་དཔོན་གྱིས་བཤེས་པའི་སྤྲིང་ཡིག་ལས་གསུངས་པ་བཞིན་དུ། མེར་བསྲེགས་ན་ཐལ་བར་པུར་གྱིས་འགྲོ་བའམ། ཕུང་པོ་རྣམ་པར་བམ་པ་ནས་ས་རྡུལ་དང་འདྲན་འདྲེན་གྱི་བར་དུ་འགྱུར་བར་གསུངས་པས། དེ་ལྟ་བུ་ལ་བརྟེན་ནས་ཀྱང་མི་རྟག་པ་སེམས་པ་ཤ་ར་བའི་ཞལ་ནས། ཁོང་གིས་རྒྱ་གར་ན། དུར་ཁྲོད་སོང་ནས་གཞན་དག་གི །རུས་གོང་དག་དང་བདག་གི་ལུས། །འཇིག་པའི་ཆོས་ཅན་ཉིད་དུ་ནི། །ནམ་ཞིག་མགོ་སྙོམས་བྱེད་པར་འགྱུར། །གསུངས་པ་བཞིན་དུ་དགེ་སློང་རྣམས་དུར་ཁྲོད་དུ་བྱོན་ཡིན་རོ་གསར་རྙིང་རྣམས་ལ་གཟིགས་ནས། བདག་ཀྱང་འདི་ལྟ་བུའི་ཆོས་ཉིད་ཅེས་པ་ལ་སོགས་པའི་སྒོ་ནས་རྟོགས་པ་ལགས་པར་གདའ་བ་ལ། འོ་སྐོལ་ལ་དུར་ཁྲོད་ཀྱི་ངེས་པ་ཅན་མེད་པས། དྲན་ཚུན་ཆད་ཀྱི་རང་ཅག་གི་ཡུལ་གྱི་སྐྱེས་པ་དང་བུད་མེད་དང་བནྡེ་ཤི་ཚད་རྣམས་འཕྲེང་བ་མནན་ཡིན་བགྲངས་ལ། བདག་ཀྱང་འདི་ལྟ་བུའི་ཆོས་ཉིད་ཅེས་པ་ལ་སོགས་པའི་སྒོ་ནས་སེམས་ཏེ། དགེ་བཤེས་ཕུ་ཆུང་བ་དར་དཀར་དགོན་པ་ན་བཞུགས་ཙ་ན། ཉི་གཡོག་རང་དཀར་དུ་མར་ལ་འགྲོ་ཙ་ན་ཡང༌། ཕྱག་སོར་བཀྲམ་ནས་རྒྱལ་གྱི་མི་ཤི་ཚད་བགྲང་ཡིན། དེ་ཡང་ཤི་དེ་ཡང་ཤི་གསུངས་ཡིན་བཞུགས། ཡར་ལོག་ཙ་ན་ཡང་ཆར་བ་བབ་པས་ཐིགས་པ་བྱུང་བ་གཅོད་ཚགས་ཀྱང་མི་མཛད་པར་འབོལ་སྟན་དྲིལ། དེ་ལ་སྒུར་བརྟེན་མཛད་ནས་ད་ཅིག་ཁོ་ན་སྐད་གསུང་ཡིན་བཞུགས་པར་གདའ། ཡང་ཕུ་ཆུང་བ་ངོ་བོ་ན་བཞུགས། པུ་ཏོ་བ་ཉན་པོ་ན་བཞུགས་ཙ་ན། ཤ་ར་བ་དང་གཉིས་ཉན་པོའི་རི་སྒང་དེ་ལ་དྲོ་རྟིང་ལ་ཆོས་ཀྱི་དུས་ཚོད་མཛད་པས། བྲག་རྒྱབ་ཀྱི་དེ་ན་ཚ་ཚ་ཁང་བུའམ་འཆད་པ་འདྲ་བ་མང་པོ་ཡོད་པ་ལ། ཕ་བི་འདི་སྐད་བྱ་བ་ཤི་བའི་ཡིན། ཕ་བི་འདི་སྐད་བྱ་བ་ཤི་བའི་ཡིན་གསུངས་ནས། ཨ་ཙ་མ་ཡོ་ཤི་ནས་སྣང་གསུངས་པ་བཞིན་དུ་སེམས་དགོས་པ་ལགས་གསུངས། དེ་བཞིན་དུ་ཕྱི་མི་རྟག་པས་ཀྱང་ནང་མི་རྟག་པ་མཚོན་པར་བྱེད་པས། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་དབྱར་དགུན་སྟོན་དཔྱིད་རྣམས་ཀྱི་ཁ་དོག་འགྱུར་བའམ། ཆུ་ཀླུང་རྣམས་ཀྱི་འཕེལ་འགྲིབ་བམ། ཟླ་བ་ཡར་ངོ་མར་ངོའི་འཕེལ་འགྲིབ་ལ་བལྟས་ཡིན། ནམ་ཞིག་ཆུ་ངོགས་སྨན་ལྗོངས་སུ། །གནས་ནས་ཆུ་རླབས་འབྱུང་འཇིག་དང༌། །འཚོ་བའི་འཇིག་རྟེན་གནས་འདྲ་བར། །ནམ་ཞིག་མགོ་སྙོམས་བྱེད་པར་འགྱུར། །གསུངས་པ་བཞིན་དུ་བདག་གི་ཚེ་ཡང་འདི་ཙམ་དུ་མི་རྟག་པ་ཡིན་སྙམ་དུ་ཡང་བསམ། དེ་ལྟར་ཚུལ་སྣ་ཚོགས་ནས་བསམས་པས་མི་རྟག་པ་གཤའ་མར་གོ་ན། གཞན་གྱིས་བདག་ལ་སྙིང་རྗེའི་གནས་བྱེད། །བདག་ནི་རྟག་ཏུ་དགའ་བས་གནས་འགྱུར། །གསུངས་པ་བཞིན་དུ་ཡོང༌། དེ་བས་ན་འཆི་བ་སེམས་པ་འདི་ཁོ་ན་གལ་ཆེ་སྟེ་ཤ་ར་བའི་ཞལ་ནས། ད་ལྟ་སྡོམ་པ་གོང་འོག་ཐམས་ཅད་གཏན་ལ་མ་ཕེབས་པ་དང༌།ཚེ་འདིའི་མིག་གང་རྣོ། བང་གང་མགྱོགས། ཚེ་འདིའི་ཆེ་ཐབས་ཆུང་ཐབས་ཉི་ཚེ་བྱེད་པ་འདི་ཡང་མི་རྟག་པ་མ་གོ་བས་ལན་པ་ཡིན། མི་རྟག་པ་གོ་ན་པུ་ཏོ་བའི་དགོས་པ་ཐམས་ཅད་མི་དགོས་པར་བྱེད་པ་ལ་སོགས་པ་བཞིན་དུ་ཡོང་བ་ལགས་པས་དགེ་བཤེས་ཉིད་ཀྱི་ཞལ་ནས་ངའི་སྣང་སེལ་ཆེན་མོ་ནི་འཆི་བ་སྒོམ་པ་འདི་ཡིན་གསུངས་ཏེ། ཚེ་འདི་ལ་ཞེན་ཅིང་ཆགས་ནས་ཉེ་ཐུ་འབྲེལ་བ་དང་ནོར་ལོངས་སྤྱོད་ལ་སྣང་བ་བཀྲག་ཆེ་འཁོར་བ་ཉམས་དགའ་ཟེར་བ་འདི་བསལ་ནས་སྐྱེ་བ་ཕྱི་མ་ཕན་ཆད་དུ་འགྲོ་ཆིས་བྱེད་པ་འདི་སྣང་སེལ་ཆེ། འདིར་ཅིག་སྣ་ཁ་མ་ཟུག་ན་ཆོས་གོང་མ་ཐམས་ཅད་ཀྱང་ཉ་བསྒགས་སུ་སོང་ནས་མི་འོང༌། འདིར་ཅིག་མ་གོ་བར་ཆོས་གོང་མ་ཡོད་པ་སྐད་བྱས་ཀྱང༌། མི་ཞིག་རླུང་ལངས་པའི་ནད་བརྫུ་བྱས་པ་ལ་སྨན་པ་ཤེད་འདོད་པ་མར་ཁུ་ཞིག་འདོད་དེ་ཡོད་ནི་མེ་བཙའ་ཞིག་ཡོད་ཟེར་སྐད་པ་ལྟར། ཐེག་ཆེན་མིན་པར་ཐེག་ཆེན་ཁས་འཆེ། །བོང་བུ་སིངྒེའི་ལྤགས་པ་གྱོན་འདྲ། །སེམས་ཅན་དམྱལ་བ་ཆེན་པོར་འགྲོ་འགྱུར། །གསུངས་པ་བཞིན་དུ་འགྲོ་བ་ལགས། འདིར་ཅིག་གོ་ན་དེ་གོང་ཡན་ཆད་ཀྱི་ཆོས་རྣམས་ཀྱང་རང་བབས་སུ་འོང༌། འདིར་ཅིག་སྣ་ཁ་ཅིག་མ་ཟུག་ན་འཕྲང་མི་ཐུབ་འགག་མི་སྒྲོལ་བ་ཡིན་ཏེ། ཇོ་བོས་སྤ་སྒོམ་ཀུན་ཁོ་བོ་ལ་ཁར་སར་པ་ཎིས་གསུང་ཕྱུང་ངོ་ཡང་ཟེར་ཏེ། ཡབ་དང་སྲས་མཇལ་བའི་མདོ་སྡེ་གཟིགས་པས་ཟབ་མོའི་དོན་ལ་རྟོགས་པ་བརྙེས་པ་ལགས་པར་གདའ་སྟེ། མི་རྟག་པ་མ་བསམས་པས་བྲབ་རྒྱབ་པ་དང་མི་ཆོས་མ་མཐུན་པ་ལ་མི་ཆོས་ཀྱི་ཁ་བཟུང་ནས་ཇི་ལྟར་བྱུང་བ་བཞིན་དུ་ལགས། མི་རྟག་པ་གོ་ཡིན་འདིར་ཅིག་སྣ་ཁ་ཟུག་ན་དགེ་བཤེས་སྙན་སྟོན་བཞིན་དུ་འཕྲང་ཐུབ་པ་འགག་སྒྲོལ་བ་ཞིག་ཡོང་བ་ལགས་པར་གདའ། དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་ཡོན་བདག་དང་གྲོགས་པོ་དང་སློབ་མའི་ཡང་རབ་རྒྱལ་པོ་གསལ་རྒྱལ་ལ་ཡང་ལྷ་ཞལ་སྦྱར་གྱི་མན་ངག་དང་མ་གསུངས་པར་མི་རྟག་པ་ནས་གསུངས་ཏེ། རྒྱལ་པོ་ཆེན་པོ་ཕྱོགས་བཞི་ནས་རི་ཆེན་པོ་བཞི་ཡོངས་ཏེ། བྱ་བ་ལ་སོགས་པ་གསུངས་ནས། རྒྱལ་པོ་ཆེན་པོ་དེ་བཞིན་དུ་རྒ་བ་དང་ན་བ་དང་རྒུད་པ་དང་འཆི་བ་བཞི་ཡོང་སྟེ། དེ་ལ་མགྱོགས་པས་བྲོས་པའམ་གྱད་སྟོབས་པོ་ཆེ་དང་སེངྒེ་ལ་སོགས་པའི་སྟོབས་ཀྱིས་བཟློག་པའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་མ་ཡིན། དེ་ལ་རྒ་བ་ནི་དར་ལ་བབ་པ་འཇོམས་ཤིང་འོང༌། ན་བ་ནི་ནད་མེད་པ་འཇོམས་ཤིང་འོང༌། རྒུད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང༌། འཆི་བ་ནི་སྲོག་འཇོམས་ཤིང་འོང༌། ཞེས་པ་དང༌། འཆི་བའི་དུས་ན་ཁ་དང་སྣ་ནི་གདངས། སོ་ནི་གཙིགས། སྦྱིན་པ་བྱིན་ཞེས་དེ་སྐད་གསོལ་བ་ནི་འདེབས། བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཙ་ན་ཚེ་འདིར་གཏོགས་པའི་རྣམ་ཤེས་ནི་འདིར་འགག ཕྱི་མ་ཕན་ཆད་ཀྱི་རྣམ་ཤེས་མེ་སྟག་འདྲ་བ་དེ། ཝ་གལ་ཐག་ཆད་པའམ། བྱ་སྙེད་ལས་གྲོལ་བའམ། སྦྲང་མ་མིག་ཕྱུང་བ་བཞིན་དུ་སོང་ནས། ལུས་འདི་ས་རྡོ་བཞིན་དུ་ཤུལ་དུ་བཞག་སྟེ། མེར་སྲེགས་ཀྱང་ཨའུ་རྩི། ཆུར་བསྐྱུར་ཀྱང་ཨའུ་རྩི། བྱ་ཁྱི་ལ་སོགས་པ་ལ་བྱིན་ཡང་ཨའུ་རྩི་སྟེ། ཚེ་ཟད་དྲོད་ཡལ་རྣམ་ཤེས་ཀྱིས། །གང་ཚེ་ལུས་འདི་བོར་བ་ན། །སྡོང་དུམ་ཇི་བཞིན་ཉལ་བར་འགྱུར། །གསུངས་བ་བཞིན་དུ་ལུས་འདི་ས་རྡོ་དང་སྡོང་དུམ་བཞིན་དུ་བཞག་ནས་འགྲོ་བས། དེའི་ཚེ། དུས་ཀྱིས་གཉེར་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང༌། །ལུས་ཅན་དག་ནི་གར་དང་གར་འགྲོ་བར། །ལས་ནི་དྲི་མ་བཞིན་དུ་རྗེས་སུ་འབྲང༌། །གསུངས་པས་ལས་ངན་པ་བྱས་པ་ཀུན་ལ་ཚེ་འདི་ཉིད་ནས་སྣང་བ་ངན་པས་མདུན་བསུ། བར་མ་དོ་ཀུན་ཏུ་ཡང༌། རབ་ཏུ་དོག་པ་ཕ་འོང་ཐག་ཐུག་འདོམ་པའི་བར། །ཚེར་མ་རྣོན་པོ་དཀྲིགས་པ་ཉམ་ངའི་ལམ་དག་ཏུ། །དུས་ཀྱི་ཞགས་པས་སྐེ་ནས་བཅིངས་ཏེ་གཤིན་རྗེའི་མི། །གཏུམ་མོ་རྣམས་ཀྱིས་དབྱུག་པས་བདའ་ཞིང་འཁྲིད་པར་འགྱུར། །གསུངས་བ་ལ་སོགས་པའི་སྣང་བ་ངན་པ་སྣ་ཚོགས་པ་འོང་བར་བཤད། དེ་བས་ན་དགེ་བཤེས་པུ་ཏོ་བས། ཨིགས་ཀྱིས་མ་སོང་བ་ལ་བྱ་ཐབས་ཡོད་དེ་གསུངས་བ་བཞིན་དུ་ཡིན་པས། རང་ཅག་འཆི་བའི་དུས་ན་འདི་ལྟ་བུའི་སྣང་བ་ངན་པ་མི་ཡོང་བའི་རྒྱུ་ལ་ད་ལྟ་འབད་པ་འདི་གལ་ཆེ་བ་ལགས་གསུངས། འོ་ན་དེའི་རྒྱུ་རང་གང་ཡིན་སྙམ་ན། རང་ནང་པ་སངས་རྒྱས་པར་ཚུད་པར་བྱས་ནས། དེའི་ཆོས་ལ་རྒྱུ་དང་འབྲས་བུའི་རྟེན་འབྲེལ་གྱི་ཆེ་བ་བསྒོམས་ནས་ཡིད་ཆེས་པར་བྱ་བ་སྟེ། དེ་ལ་དང་པོར། སྐྱེ་བོ་ཡན་ལག་བཅད་པའི་སར། །དེ་རིང་ཁྲིད་པའང་བྲེད་གྱུར་ཏེ། །ཁ་སྐམ་མིག་རྩ་ངན་ལ་སོགས། །སྔ་ལས་གཞན་དུ་འགྱུར་སྣང་ན། །གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་གཟུང་གྱུར་ཅིག །འཇིགས་ཆེན་ནད་ཀྱིས་ཐེབས་གྱུར་པ། །རབ་ཏུ་ཉམས་ཐག་སྨོས་ཅི་དགོས། །སུ་ཞིག་འཇིགས་ཆེན་འདི་ལས་བདག །ལེགས་པར་སྐྱོབས་པར་བྱེད་འགྱུར་ཞེས། །བྲེད་ཤ་འཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་ཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡིད་མུག་འགྱུར། །གནས་དེར་སྐྱབས་ཡོད་མ་ཡིན་ན། །དེ་ཚེ་བདག་གིས་ཇི་ལྟར་བྱ། །ཞེས་སྤྱོད་པ་ལ་འཇུག་པ་ནས་གསུངས་པ་ལྟ་བུའི་བསམ་པས། དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །ཞེས་སྤྱོད་པ་ལ་འཇུག་པ་ཉིད་ལས་གསུངས་པའམ། ཤ་ར་བའི་ཞལ་ནས། སངས་རྒྱས་དཀོན་མཆོག་གི་ཡོན་ཏན་སྒོམ་པ་ལ་འདི་ཁོ་ན་འདོམས་ཆེ་བ་ཡིན་གསུངས་བ་སློབ་དཔོན་གྱིས་རིན་པོ་ཆེའི་ཕྲེང་བར། ཉེས་པ་ཀུན་ལས་རྣམ་གྲོལ་ཞིང༌། །ཡོན་ཏན་ཀུན་གྱིས་བརྒྱན་པ་པོ། །སེམས་ཅན་ཀུན་གྱི་གཉེན་གཅིག་པོ། །ཐམས་ཅད་མཁྱེན་ལ་བདག་ཕྱག་འཚལ། །ཞེས་པའམ། ལྷ་ལས་ཕུལ་ཏུ་བྱུང་བའི་བསྟོད་པ་ན་མར་ལ། གང་ལ་ཉེས་པ་མི་མངའ་ཞིང༌། །ཡོན་ཏན་དཔག་མེད་མངའ་བ་དང༌། །ཐམས་ཅད་མཁྱེན་དང་ཐུགས་རྗེ་ཅན། །དེ་ལ་བདག་ནི་སྐྱབས་སུ་མཆི། །གསུངས་པ་བཞིན་དུ་སྐྱབས་གནས་སངས་རྒྱས་དཀོན་མཆོག་གི་ཆེ་བ་བསྒོམས་པས་དེ་ལ་ཡིད་ཆེས་ཙ་ན་སྔར་བསྟན་པ་བཞིན་དུ་སྐྱབས་འགྲོ་ཐུན་མོང་བ་སྐྱེ་བའི་དུས་ཡིན་པས་དེ་བླངས་ནས་བསླབ་བྱ་ལ་སློབ་ཅིང་ནང་པ་སངས་རྒྱས་པར་སྒྲུབ་པ་ཡིན། རང་ནང་པ་སངས་རྒྱས་པར་གྲུབ་ཙ་ན་སྐྱབས་སངས་རྒྱས་དེས་སྐྱོབ་པ་ལགས་པས། ཆོས་ཀྱི་རྩ་བ་ལས་དང་འབྲས་བུའི་ཆེ་བ་བསྒོམས་ཏེ། དེ་ཡང་སྔར་བསྟན་པ་བཞིན་དུ་མི་རྟག་པའི་གནད་ཀས་ཚེ་འདིར་མི་སྡོད་དེ་ངེས་པར་འཆི། ཤི་ནས་ཀྱང་མུ་སྟེགས་རྒྱང་འཕེན་པའི་འདོད་པ་བཞིན། ཆད་ནས་ཡེ་མེད་དུ་མི་ཆ་བས་ཡང་སྐྱེ། སྐྱེ་བ་དེ་ཡང་ཕུང་པོ་འདི་ཉིད་ཕ་རོལ་ཏུ་ཙེན་ཏེ་བཏེག་ནས་འཕོ་བ་ཡང་མ་ཡིན། ཕྱི་རོལ་པ་འདོད་པའི་རྒྱུ་མེད་རྐྱེན་མེད་ལས་ཀྱང་མི་སྐྱེ། དབང་ཕྱུག་ལ་སོགས་པ་འགྲོ་བ་གཞན་གྱིས་བྱས་པའི་མི་མཐུན་པའི་རྒྱུ་ལས་ཀྱང་མི་སྐྱེ། རང་ཇི་ལྟར་འདོད་འདོད་དུ་འབྱུང་བའི་འདོད་རྒྱལ་ལས་ཀྱང་མི་སྐྱེ། འོ་ན་གང་གིས་སྐྱེ་ན། བཤེས་པའི་སྤྲིངས་ཡིག་ལས། ཕུང་པོ་འདོད་རྒྱལ་ལས་མིན་དུས་ལས་མིན། །རང་བཞིན་གྱིས་མིན་ངོ་བོ་ཉིད་ཀྱིས་མིན། །དབང་ཕྱུག་གིས་མིན་རྒྱུ་མེད་ཅན་མིན་ཏེ། །མི་ཤེས་ལས་དང་སྲེད་ལས་བྱུང་རིག་མཛོད། །གསུངས་པ་བཞིན་དུ་རང་གི་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་སྟེ། རྒྱུ་ལས་དཀར་ནག་ཇི་ལྟར་བསགས་པའི་འབྲས་བུ་བདེ་སྡུག་འབྱུང་བ་ཡིན་པས། བདེ་སྡུག་ལས་ཀྱི་འབྲས་བུར་ཤེས་པར་བྱས་ལ། ལས་ཕྲ་ཡི་ཕྲ་བ་ནས་ནན་ཏན་གྱིས་འཇུག་ལྡོག་བྱེད་པ་ཡིན། ལས་དང་འབྲས་བུ་ལ་ཡིད་ཆེས་པ་དེ་ཡང་བསྒོམས་པ་ལས་འབྱུང་གི ཐོས་པ་ཙམ་དང་ལན་ཞིག་ཝལ་གྱིས་བསམས་པ་ཙམ་ལས་མི་འབྱུང་བས་བསྒོམ་དགོས། དེ་ལ་ཤེས་དགོས། དེ་ལ་ཐོས་དགོས་པས། བླ་མའི་མན་ངག་གིས་འཕྲིག་བཅུག་ཡིན། མདོ་དང་བསྟན་བཅོས་མང་པོ་བལྟས་པའི་སྒོ་ནས་རྒྱུ་འབྲས་ཀྱི་འགྲོ་ལྡོག་ཤེས་པའི་ཐོས་བསམ་སྔོན་དུ་སོང་བ་གཅིག་གིས་ཐོག་མ་ཁོ་ནར་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་བསམ་པས་དེའི་སྡུག་བསྔལ་དང་ཚེ་ཚད་ཀྱི་འཇིགས་པའི་བློ་ཞིག་སྐྱེས་ཙ་ན་གདོད་རྒྱུ་ལས་ལྡོག་པ་ཞིག་འོང་བས་དང་པོར་འབྲས་བུའི་ཉེས་དམིགས་སྒོམ་པ་ཡིན། དེ་ཡང་ཚེ་འདི་ལ་འཆི་བ་ལས་འཇིགས་པ་ཆེ་བ་གཞན་མེད་དོ། །པུ་ཏོ་བས་གསུང་བ་བཞིན་དུ་འཆི་བ་བས་ཀྱང་སྐྱེ་བ་འཇིགས། སྐྱེ་བའི་ནང་ནས་ཀྱང་ངན་སོང་དུ་སྐྱེས་ན་དེ་ལས་འཇིགས་པ་མེད་པས། དེའི་སྡུག་བསྔལ་སྡོམ་ཞིང་དེ་ཡང་ཆེ་རིམ་ནས་སྒོམ་གསུངས་ཏེ། དེ་ལ་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་དབང་དུ་བྱས་ན་ཤ་ར་བའི་ཞལ་ནས་བཤེས་པའི་སྤྲིངས་ཡིག་ཏུ། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང༌། །འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་བཞིན་དུ། མིའི་སྡུག་བསྔལ་དེ་ཚོད་ལས་ཆེ་ཐབས་མེད་དེ། དེས་ཀྱང་དམྱལ་བའི་སྡུག་བསྔལ་ཆུང་ཤོས་ལ་ཡང་བསྒྲུན་དུ་མེད་པ་དང༌། རང་ཅག་ལ་ད་ལྟ་ཤ་རྗེན་ལ་མེ་སྟག་གཅིག་བབས་པའམ་སྤྲ་ཚུགས་རེ་ཤ་ལ་བབས་པ་ལ་ཡང་ཚ་རླབས་ཅི་ཙམ་ཡོད་དེ། དྲན་པ་ཉེ་བར་གཞག་པ་ལས་དམྱལ་བའི་མེའི་དྲུང་ན་མིའི་མེ་ནི་ཁ་བའམ་སྤྲིན་བཞིན་དུ་བསིལ་ཞེས་ཀྱང་གསུངས། པུ་ཏོ་བ་ནི་མི་ཞིག་ལུས་ཐམས་ཅད་མེ་ནང་ན་བསྲེག་པ་ལ་ཙནྡན་གོར་ཤིར་ཥའི་ལྡེ་གུ་ཞིག་ལུས་ཀྱི་ཕྱོགས་གང་ཡང་རུང་བ་ཞིག་ཏུ་བྱུགས་ན་ལན་ཞིག་བསིལ་བསངས་པ་ཞིག་ཡོང་ལོ། །དེ་བཞིན་དུ་དམྱལ་བའི་མེ་ནང་ན་བསྲེགས་པ་ལ་མིའི་མེས་ཕྱོགས་གང་རུང་ཞིག་ཏུ་རེག་ན་ཡང་བསིལ་སངས་པ་ཞིག་ཡོད་པ་ཙམ་གྱི་ཚ་རླབས་ཡོད་པར་གསུང་གསུངས། དེ་བཞིན་དུ་དམྱལ་ཁམས་བཅོ་བརྒྱད་པོ་ཐམས་ཅད་ཀྱི་སྡུག་བསྔལ་དང་ཚེ་ཚད་ལ་སོགས་པ་ཐམས་ཅད་ཞིབ་ཏུ་སྒོམ་དགོས་པ་ཡིན་གསུངས་པས། སྤྱིར་དམྱལ་བའི་གནས་ནི་ས་བཅོ་ལྔ་པ་ནས་འཛམ་བུའི་གླིང་གི་འོག་དཔག་ཚད་སུམ་ཁྲི་ཉིས་སྟོང་ན་ཚ་དམྱལ་གྱི་གནས་དང་པོ་ཡང་སོས་ཡོད་པར་བཤད། མཛོད་ནས་ནི། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །དེ་ཡི་སྟེང་ན་དམྱལ་བ་བདུན། །གསུངས་ནས་འཛམ་བུའི་གླིང་འདིའི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་ཚ་དམྱལ་གྱི་གནས་དམའ་ཤོས་མནར་མེད་ཡོད་པར་ཡང་བཤད་པ་ལས། སྔ་མ་ལྟར་ན་ཡང་སོས་ནས་གཞན་ལ་མར་དཔག་ཚད་བཞི་སྟོང་ཡོད་པར་འདོད་ཅིང༌། དེའི་བྱང་ཕྱོགས་དཔག་ཚད་ཁྲི་འདས་པའི་ཐད་ཀ་ན་གྲང་དམྱལ་རྣམས་ཡོད་པ་དང༌། ཉི་ཚེ་བ་རྒྱ་མཚོའི་འགྲམ་དང་ས་གཞན་ན་ཡང་ཡོད་པར་བཤད། ཉེ་འཁོར་བ་ནི་མཛོད་ལས་ཚ་དམྱལ་གྱི་གནས་རེ་རེའི་ཕྱོགས་རེར་ཡང་མེ་མ་མུར་གྱི་འོབས་ལ་སོགས་པ་བཞི་བཞི་བཅུ་དྲུག་ཡོད་པར་བཤད། དྲན་པ་ཉེ་བར་གཞག་པ་ལས་ནི་ལྷག་པ་བཅུ་དྲུག་ལ་གནས་གཞན་མི་འདྲ་བ་མང་པོའང་བཤད་དེ། གང་ལྟར་ཡང་དམྱལ་ཁམས་བཅོ་བརྒྱད་པོ་དེ་དག་གི་སྡུག་བསྔལ་གྱི་རྣམ་པ་ལ་ཚ་དམྱལ་བརྒྱད་ཀྱི་དང་པོ་ཡང་སོས་ན་དམྱལ་བསྲུངས་དང་མེའི་གནོད་པ་མེད། དམྱལ་བའི་སེམས་ཅན་དག་ནང་ཕན་ཚུན་དགྲ་མི་ཤའོ་མཐོང་བ་བཞིན་དུ་གྱུར་ནས་ལག་ཏུ་བླང་ཚད་མཚོན་ཆར་སོང་བས་གཅིག་གིས་གཅིག་གི་ལུས་དྲལ་ཅིང་ཉལ་གྱིས་གསོད། དེར་ནམ་མཁའ་ལས་སོས་པར་གྱུར་ཅིག་བྱ་བའི་སྒྲ་བྱུང་བ་དང༌། ལུས་སྔ་མ་ལྟར་སོས་ནས་ཡང་ཕན་ཚུན་གསོད་རེས་བྱེད་པས་ཉིན་རེ་ལ་ཡང་ལན་བརྒྱ་བརྒྱ་འཆི། ལན་བརྒྱ་བརྒྱ་སོས་པའི་སྡུག་བསྔལ་ཡོད་པར་བཤད་དེ། དེ་ལ་ཤ་ར་བའི་ཞལ་ནས་ཡང་སོས་ཀྱི་ཉིན་རེ་ལན་བརྒྱ་བརྒྱ་འཆི། བརྒྱ་བརྒྱ་སོས་པ་འདི་དམྱལ་བ་རང་གི་ཉིན་མཚན་ཡིན་ན་སྡུག་བསྔལ་ཆེ་རྒྱུ་རང་ཡང་མེད་དེ། མིའི་ཉིན་མཚན་ཡིན་ན་བཟོད་པའི་ཐབས་མེད་གསུངས་ན། དེ་མིའི་ཉིན་མཚན་ཡིན་པ། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། བགྱི་བ་ལ་སོགས་པ་དེ་ཉིད་ཀྱིས་ཤེས་ནུས་པ་ཡིན་ཞེས་སྣར་ཐང་པའི་མཁན་པོ་དཔལ་ལྡན་པས་གསུངས་སྐད། གཉིས་པ་ཐིག་ནག་ན་དམྱལ་བསྲུངས་ཕག་དང་སྦྲུལ་དང་གླང་གི་མགོ་ཅན་ལ་སོགས་པ་ཁ་བར་སྣང་ཙམ་ཡོད་པ་དག་གིས་དེར་སྐྱེས་པའི་སེམས་ཅན་ཀུན་བཟུང་ནས་གྱེན་ཐུར་རམ་རྒྱ་གྲམ་དུ་ལུས་ལ་ཐིག་ནག་པོ་བཏབ་སྟེ་སྟ་རེ་ལ་སོགས་པས་འདྲ་བ་དང་གཤོག་པ་དང་འཇོག་པ་ལ་སོགས་པ་བྱེད་དེ། སྨད་གཤོག་ཙ་ན་སྟོད་སོས། སྟོད་གཤོག་ཙ་ན་སྨད་སོས་ནས་ཡོང་བ་ལ་རྟག་ཏུ་དྲ་གཤགས་བྱེད་པས་སྡུག་བསྔལ། གསུམ་པ་བསྡུས་འཇོམས་ན་དམྱལ་བསྲུངས་དེ་འདྲ་བ་ཀུན་གྱིས་དེར་སྐྱེས་པའི་སེམས་ཅན་དེ་བཟུང་ནས་རི་རྟའི་གདོང་པའམ་ལུག་གི་གདོང་པ་ལྟ་བུ་གཉིས་ཀྱི་བར་དུ་བཅུག་སྟེ་ལུས་འཇོམས་ཤིང་ཁྲག་ཟགས་པར་བྱེད། རི་གཉིས་པོ་སོང་ཙ་ན་ལུས་སོས་ནས་ཡོང་བ་ལ་ཡང་སྔར་བཞིན་དུ་བྱེད་པས་སྡུག་བསྔལ་ཞིང་ལྕགས་ཀྱི་ས་གཞི་ལ་ལྕགས་ཀྱི་གླང་བུ་རྨིག་པ་མེ་འབར་བས་ཉིད་པར་ཡང་བྱེད། བཞི་པ་ངུ་འབོད་ན་སེམས་ཅན་དེ་ལྕགས་ཀྱི་ཁང་པ་དྲ་མིག་ཅན་ནང་མེར་འབར་བའི་ནང་ན་སྡུག་བསྔལ་བས་ངུ་ཞིང་འབོད་པར་བྱེད། ལྔ་པ་ངུ་འབོད་ཆེན་པོ་ན་ཁང་པ་དེ་འདྲ་བ་ཉིས་རིམ་དུ་ཡོད་པས་སྔ་མ་བས་སྡུག་བསྔལ་ལོག་པོས་ཆེ་བས་ངུ་འབོད་ཀྱང་ཆེར་འབྱིན་ཏེ། དེ་གཉིས་ཀ་ལ་ལས་ལས་གྲུབ་པའི་བྱ་ཁྱི་དང་སྦྲུལ་དང་སྦྲང་མ་ལྕགས་ཀྱི་མཆུ་དང་མཆེ་བ་ཅན་དག་དྲ་མིག་ནས་ཞུགས་ཏེ་མཚེ་བར་བྱེད། དྲུག་པ་ཚ་བ་མན་ཆད་ན་ལྕགས་ཀྱི་ཁང་པ་ཕྱི་ནང་གཉིས་ཀ་མེར་འབར་བའི་ནང་དུ་སེམས་ཅན་དེ་ལྕགས་ལས་བྱས་པའི་ཟངས་པོ་ཆེ་དཔག་ཚད་མང་པོ་ཡོད་པར་འཚོད། ལྕགས་ཀྱི་གསལ་ཤིང་མེ་འབར་བས་གཤམ་ནས་ཕུག་སྟེ་སྤྱི་བོར་ཐལ་བྱུང་དུ་འབུགས། ལྕགས་ཀྱི་ཐོ་བ་མེ་འབར་བས་བརྡུང༌། བདུན་པ་རབ་ཏུ་ཚ་བ་ན་སྡུག་བསྔལ་སྔ་མའི་སྟེང་དུ་ལྕགས་ཀྱི་གསལ་ཤིང་མེ་འབར་བ་རྩེ་མོ་གསུམ་པས་གཤང་ལམ་དང་རྐང་མཐིལ་གཉིས་ནས་སྤྱི་བོ་དང་ཕྲག་གོང་གཉིས་སུ་ཐལ་བྱུང་དུ་འབུགས། ལྕགས་ཀྱི་གླེག་མ་མེ་འབར་བས་ལུས་ལ་དཀྲི། མེ་འབར་བའི་ནང་དུ་སྤྱི་བོ་ཚུགས་སུ་བཅུགས་ནས་ཀེང་རུས་འབའ་ཞིག་ལུས་པར་བྱེད། ཕྱིར་ཕྱུང་ནས་ལྕགས་ཀྱི་ས་གཞི་ལ་བཀྲམ་པས་ཤ་དང་ལྤགས་པ་དང་ཁྲག་སྐྱེ་ཞིང་ཡང་འཚེད། བརྒྱད་པ་མནར་མེད་ན་གོང་མའི་སྡུག་བསྔལ་དེ་རྣམས་ཀྱི་ཁར་མནར་མེད་མེའི་ཕུང་པོ་བཅུ་གཅིག་ཟེར་ཏེ། ཕྱོགས་དང་ཕྱོགས་མཚམས་སྟེང་འོག་དམྱལ་བ་པ་བདག་ཉིད་དང་ཐམས་ཅད་མེར་སོང་ནས་སྐད་ངན་རེང་ངེ་བ་ལ་སེམས་ཅན་དུ་མཚོན་པ་ཙམ་ལས་དམྱལ་བ་པ་གང་ཡིན་དང་མེ་གང་ཡིན་རང་ཡང་ངོ་མི་ཤེས་པ་ཙམ་དུ་མེ་འབར་ཡང༌། དེས་བསྲེག་པ་ཁོ་ན་ལས་སྣང་བའི་བྱ་བ་མི་བྱེད་པས། མནར་མེད་པའི་སེམས་ཅན་དམྱལ་བ་མུན་པ་མུན་ནག་ཆེན་པོ་ཅན་བྱ་བའི་སྡུག་བསྔལ་ཡོད་པར་བཤད། སྡུག་བསྔལ་ཆེ་ཡང་ཚེ་ཐུང་ན་བག་ཅིག་དྲག་པ་ལ། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་དོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་བར། །དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ། །ཞེས་པ་བཞིན་དུ་ཚེ་ཡང་ཤིན་ཏུ་རིང་སྟེ། འདོད་ལྷའི་ཚེ་དང་ཉིན་ཞག་མཉམ་སྐད་ན་དེ་ཀུན་གྱི་ནང་ནས་ཚེ་ཐུང་ཤོས་ཡང་སོས་ཡིན་ཏེ་ཡང་དེའི་ཚེ་ཚད་རྒྱལ་ཆེན་རིགས་བཞི་པའི་ལྷས་མི་ལོ་ལྔ་བཅུ་ལ་ཉིན་ཞག་གཅིག དེ་སུམ་ཅུ་ལ་ཟླ་བ་གཅིག དེ་བཅུ་གཉིས་ལ་ལོ་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ། དེ་རིལ་གྱི་ཡང་སོས་ཀྱི་ཉིན་ཞག་གཅིག་ཏུ་བྱས་ནས་དེ་ཟླ་བ་དང་ལོར་སྒྲེས་པའི་རང་ལོ་ལྔ་བརྒྱ་ཐོབ་པར་གསུངས་པ་ལས། སྣར་ཐང་པ་སངས་རྒྱས་སྒོམ་པས་མཁན་པོ་དཔལ་ལྡན་པ་ལ་ཡང་སོས་ཀྱི་ཚེ་ཚད་བཤད་པ་འདི་དང་ཉིན་གཅིག་ལ་སྲོག་བརྒྱ་འཆད་བརྒྱ་བརྒྱ་འཚོ་ཞེས་པ་གཉིས་ཇི་ལྟར་ལགས་ཞུས་པས། ཉིན་གཅིག་ལ་སྲོག་བརྒྱ་འཆད་བརྒྱ་འཚོ་བ་དེ་ཡང་སོས་ཀྱི་སྡུག་བསྔལ་གྱི་བྱེ་བྲག་ཡིན། ཚེ་ཚད་མིན། ཉིན་ཞག་ཀྱང་མིའི་ཡིན། རྣམ་པར་སྨིན་པའི་ཚེ་ཚད་བཤད་ཚོད་དེ་ཡིན་གསུངས་སྐད། དེ་མན་ཆད་རྣམས་སུམ་ཅུ་རྩ་གསུམ་པ་ལ་སོགས་པ་འདོད་ལྷའི་གནས་ལྷག་མ་ཀུན་གྱི་ཚེ་དང་ཉིན་ཞག་མཉམ་པར་ལོག་པོ་ལོག་པོས་རིང་ཞིང་རབ་ཏུ་ཚ་བས་བར་བསྐལ་ཕྱེད་དང་མནར་མེད་པས་བར་བསྐལ་གཅིག་ཐུབ་པར་གསུངས་པས། དེ་དག་ཏུ་སྐྱེས་ན་ཐར་དུས་རང་མི་འོང་བའི་ཚོད་ཡིན། གལ་ཏེ་ཐར་དུ་ཟིན་ཀྱང༌།འཁོར་ལྷག་པ་བྱ་བ་དམྱལ་བ་དངོས་གཞིའི་རྒྱུ་མི་ལྡང་བ་རྣམས་འདིར་སྐྱེ་བར་གསུངས་ཤིང༌། དམྱལ་བ་དངོས་གཞིའི་སྡུག་བསྔལ་མྱངས་ནས་ད་དངོས་གཞིའི་སྡུག་བསྔལ་གྱི་རྒྱུ་མི་ལྡང་བ་རྣམས་ཀྱང་འདིར་སྐྱེ་བར་གསུངས་ཏེ་འོ་ཅག་ལ་འདི་རང་གིས་ཆོག བཅུ་དྲུག་བྱས་པས་ཚོམ་པ་ཀྲིག་གེ་བ་ཞིག་ཡོད་པར་མི་གདའ། གྲོངས་ལ་འོབས་སམ་ལྕགས་རི་བཞི་རིམ་གྱིས་བསྐོར་ནས་ཡོད་པ་བཞིན་དུ་ཡོད་པར་གདའ། ཞེས་ཤ་ར་བ་ཆེན་པོས་གསུངས་པ་བཞིན་དུ་ཉེ་འཁོར་གྱི་སྡུག་བསྔལ་བཅུ་དྲུག་ཅེས་པ་ཚ་དམྱལ་གྱི་གནས་དེ་རྣམས་རེ་རེའི་ཡང་ཕྱོགས་བཞི་ན་མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། ཐལ་ཚན་གྱི་ཆུ་བོ་རབ་མེད་དང་གསུམ། རལ་གྲི་ལོ་མའི་ནགས། སྤུ་གྲིས་གཏམས་པའི་ཚལ། ཤལ་མ་ལིའི་སྡོང་པོ་རྣམས་མཚོན་ཆའི་གནོད་པར་གཅིག་པས་གཅིག་ཏུ་བགྲང་སྟེ། དེ་ལྟར་བཞི་བཞི་བཅུ་དྲུག་ཡོད་པར་ཆོས་མངོན་པ་ལས་བཤད་པའམ། དྲན་པ་ཉེར་གཞག་ནས་ཕྱོགས་རེ་རང་ན་ཡང་ཉེ་འཁོར་གྱི་དམྱལ་བ་བཅུ་དྲུག་རེ་ཡོད་པར་བཤད་པ་དེ་ཀུན་ཏུ་སྐྱེས་ནས་ལུས་སྲེག་པ་དང་གཅོད་པ་དང་འབིགས་པ་ལ་སོགས་པའི་སྡུག་བསྔལ་མྱོང་དགོས་པ་ལགས་པར་གདའ། ཉི་ཚེ་བའི་དམྱལ་བ་བྱ་བ་རྒྱ་མཚོའི་འགྲམ་ལ་སོགས་པ་ན་ཡོད་པར་གསུངས་ཏེ་དེར་སྐྱེས་པ་རྣམས་ལའང་གཙུག་ལག་ཁང་དང་རབ་ཏུ་བྱུང་བ་མེར་འབར་བ་དང་ཤ་རང་གིས་ཟ་བ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་སྐད། དེ་དག་ལས་གཞན་གྲང་བའི་དམྱལ་བ་བརྒྱད་པོ་ཆུ་བུར་ཅན་དང༌། ཆུ་བུར་བརྡོལ་པ་ཅན་དང༌། ཨ་ཆུ་ཟེར་བ་དང༌། ཀྱི་ཧུད་ཟེར་བ་དང༌། སོ་ཐམ་ཐམ་པ་དང༌། ཨུཏྤལ་གས་པ་དང༌། པདྨ་ལྟར་གས་པ་དང༌། པདྨ་ཆེན་པོ་ལྟར་གས་པ་ཀུན་ལ་ཡང་རང་མིང་དང་མཐུན་པའི་སྡུག་བསྔལ་གྱི་རྣམ་པ་གྲང་དམྱལ་གྱི་གནས་དེ་དག་ན་གོས་དང་ཁང་པ་དང༌། རྩིག་པའི་སྐྱབས་ནི་གང་ཡང་མེད། མེ་དང་ཉི་མའི་སྣང་བ་དང་ནི་བྲལ། གྲང་བའི་རྐྱེན་ཆུ་འགྲམ་མམ་རི་རོང་ངམ་ཐང་ཀ་ཨེ་ཐེར་དུ་གནས་ཤིང་དེར་ཡང་ཁ་བ་དང་ལྷག་པ་དག་གིས་ལུས་ལ་བཏབ་པས་གྲང་དྲགས་ནས་དེར་སྐྱེས་པའི་སེམས་ཅན་དག་གི་ལུས་ལ་ཆུ་བུར་བྱུང་བ་ནས་ཨ་ཆུ་ཟེར་བ་ལ་སོགས་པ་སོ་ཐམ་ཙེར་སོང་བའི་བར་གྱི་སྡུག་བསྔལ་དང༌། དེ་ལས་ཀྱང་ཐལ་ཏེ་ལུས་ཨུཏྤལ་ལྟར་མདོག་སྔོན་པོར་གྱུར་ཏེ་ཁ་ལྔ་ན་ཕར་ལ་གས་པ་དང༌། པདྨ་ལྟར་མདོག་དམར་པོར་གྱུར་ཏེ་ཁ་བཅུ་ན་ཕར་ལ་གས་པ་དང༌། པདྨ་ཆེན་པོ་ལྟར་ཁ་བཅུ་དྲུག་ན་ཕར་ལ་ཆེར་གས་པའི་སྡུག་བསྔལ་ཡོད་པར་གསུངས། གྲང་དམྱལ་དེ་རྣམས་ཀྱི་ཚེའི་ཚད་ཀྱང༌། ཏིལ་རྗང་ནང་ནས་ལོ་བརྒྱ་ཞིང༌། །ཏིལ་རེ་ཕྱུང་བས་ཟད་འགྱུར་བ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུ་འགྱུར། །བགྱི་བ་གསུངས་པས་ཚེ་ཡང་ཤིན་ཏུ་རིང་བ་ལགས་པར་གདའ་ན། རང་ཅག་ཀྱང་དམྱལ་བའི་གནས་དེ་ཀུན་ཏུ་མི་སྐྱེ་བའི་གདེངས་ནི་མ་ཐོབ། གདེངས་མ་ཐོབ་ཀྱི་ཁར་སྟབས་ཉེས་ནས་འགྲོ་བ་ལ་ཡང་ཚེགས་མེད་པས། སྡུག་བསྔལ་གྱི་རྣམ་པ་དེ་རྣམས་ཡང་དང་ཡང་དུ་བསམས་ལ་འཇིགས་ཤིང་སྐྲག་པའི་བློ་ཞིག་སྐྱེད་པ་གལ་ཆེ། དེ་ཡང་འོ་སྐོལ་འཛམ་བུ་གླིང་པ་ཡིད་ཆེས་པར་དཀའ་བས་ཐོས་ལོ་བལྟས་ལོ་བསམས་ལོ་ཙམ་གྱིས་མི་ཕན། སྙིང་ནས་བསམས་པས་ཡིད་ཆེས་པ་ཞིག་དགོས་ཞེས་ཤ་ར་བ་གསུངས་ཤིང༌། བསྒོམས་པས་ཡིད་ཆེས་པའི་ཚོད་ཀ་ཡང་ཤ་ར་བ་ཉིད་ཀྱི་ཞལ་ནས་མ་ཐབས་ཀྱང་འཕགས་པ་ཀུན་དགའ་བོའི་ཚ་བོ་གཉིས་པོ་ཙམ་ཞིག་དགོས་ཏེ། དེ་ཡང་རྒྱལ་བུུ་འཕགས་སྐྱེས་པོས་ཤཱཀྱ་རྣམས་ལ་བཀྱོན་ཕབ་ནས་ཁ་བཏགས་ཙ་ན། གྲོང་ཁྱེར་སེར་སྐྱར་མཉན་ཡོད་པའི་ཚོང་པ་རྡལ་ཅིག་ལྷག་པས། དེ་ན་དྭ་ཕྲུག་གཉིས་སྣང་བ་ལ་ཁྱེད་ལ་ངོ་ཤེས་འདྲ་བ་མེད་དམ་བྱས་པས། ཀུན་དགའ་བོ་ཟེར་བའི་ཞང་པོ་ཞིག་ཡོད་དེ་ཟེར་བ་དང༌། དེ་གཉིས་ཚོང་པས་ཁྱེར་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་ཀུན་དགའ་བོ་ལ་གཏད། དེར་སློབ་གཉེར་བྱེད་དུ་བཅུག་པས་ཉམ་བུ་ཤེད་བྱས་ནས་མ་བཏུབ་པ་མོའུགལ་གྱི་བུ་ལ་བཅོལ་བས་དང་པོ་ཡག་རབ་བྱུང་བ་ལ་ངོ་འདྲིས་ནས་ཡང་ཉམ་བུ་ཤེད་བྱེད་ཅིང་མ་བཏུབ་པས། འཆག་ས་འོག་མ་བལྟ་བར་འདོད་དམ་བྱས་ཀྱིན་དམྱལ་བ་བསྟན་པས་དེས་འཇིགས་སྐྲག་ནས། ལྟོ་ཟ་ཁར་དྲན་ན་མིག་པ་བཅིངས་པ་བཞིན་དུ་འགྲོ། ཟོས་ཟིན་པ་དང་དྲན་ན་རྒྱུ་མའི་ནང་ཚུན་ཆད་སྐྱུག་པས་ཤིན་ཏུ་རིད་པར་གྱུར། འཆག་ཏུ་འདེང་ངམ་བྱས་ཙ་ན་ཡང་འདི་ཉིད་དུ་སློབ་གཉེར་བགྱི་ཟེར་སྐད། དེ་བཞིན་དུ་ཡིད་ཆེས་པ་མ་སྐྱེས་ཀྱི་བར་དུ་སྒོམ་དགོས་པ་ཡིན་གསུངས། དེ་ནས་ཡི་དྭགས་ཀྱི་སྡུག་བསྔལ་སེམས་པ་ལ། དྲན་པ་ཉེར་གཞག་ནས་ཡི་དྭགས་ཀྱི་རིགས་མི་འདྲ་བ་སུམ་ཅུ་རྩ་དྲུག་ཡོད་པར་གསུངས་པ་དེ་ཐམས་ཅད་ཀྱང་བསྡུ་ན་གནས་ན་གནས་པ་དང་མཁའ་ལ་རྒྱུ་བའི་ཡི་དྭགས་བྱ་བ་གཉིས་སུ་འདུ་བར་འཕགས་པ་ཐོགས་མེད་ཀྱིས་བཤད་པ་ལས་གནས་ན་གནས་པའི་ཡི་དྭགས་ནི་འཛམ་བུའི་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱ་བཅལ་བའི་ས་ན་ཡོད་དེ། དེ་ན་གནས་པའི་ཡི་དྭགས་འགའ་ཞིག་དེར་སྐྱེས་ནས་ལོ་མང་པོ་ཟས་སྐོམ་གྱི་མིང་ཙམ་ཡང་མི་ཐོས་པས་བཟའ་རྒྱུ་ལ་སོགས་པ་དུས་སུ་ཡེ་མི་རྙེད། བརྒྱ་ལ་དམ་དུམ་རེ་རྙེད་ཀྱང་དེ་ཉིད་ཀྱི་ལས་ལས་སྐྱེས་པའི་སྐྱེས་བུ་མཚོན་ཆ་ཐོགས་པས་བསྲུང་བར་མཐོང་ནས་བཟའ་ཞིང་བཏུང་དུ་མེད་པས་ལུས་ཀྱི་ཤ་ཁྲག་བསྐམས་ནས་ལུས་སྡོང་པོ་སྔོ་ཡག་མ་བཞིན་དུ་སོང་བ་ལ་སོགས་པའི་སྡུག་བསྔལ་ཡོད་པ་ཕྱིའི་སྒྲིབ་པ་ཅན་དང༌། ནང་གི་སྒྲིབ་པ་ཅན་སྐད་པ་གཞན་གྱིས་གེགས་མ་བྱས་ཀྱང་དང་པོ་ཟས་སྐོམ་མི་རྙེད། བག་ཙམ་རྙེད་པའང་ཁ་ཁབ་མིག་ཙམ་དུ་མི་ཚུད། ཚུད་ཀྱང་མགྲིན་པ་མོ་ཁབ་ལྟར་ཕྲ་བ་ལ་མི་ཐར་པས་ལྟོ་བ་རིའི་ལྟོས་ཙམ་དུ་མི་ཕྱིན། ནམ་ཞིག་ཏུ་ལྟོ་བར་ཕྱིན་ཙ་ན་འགྲངས་པའི་བྱ་བ་མི་བྱེད་ཀྱི་ཁར་ལུས་ཀྱི་རྒྱུ་ལྟོ་བསྲེག་པ་ལ་སོགས་པའི་སྡུག་བསྔལ་མྱོང་བ་ཡོད་ཅིང༌། ཟས་སྐོམ་གྱི་སྒྲིབ་པ་ཅན་སྐད་པ་ལ་དང་པོར་བཟའ་བཏུང་མི་རྙེད། བག་ཙམ་རྙེད་ཀྱང་རྣག་ཁྲག་དང་མེ་སྟག་ལ་སོགས་པར་སོང་ནས་བཟར་མེད་པའི་སྡུག་བསྔལ་ཡང་ཡོད་དེ། དེ་དག་གི་ནང་ནས་ཀྱང༌། དམངས་རིགས་ཁ་ཅིག་རྣག་དང་ཕྱི་ས་དང༌། །ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ། །ཕན་ཚུན་གདོང་དུ་འཚོག་ཅིང་མགྲིན་པ་ནས། །སྦ་བ་ཕྱུང་བ་སྨིན་པའི་རྣག་འཚལ་ལོ། །གསུངས་བ་དང༌། སྣང་བ་ལོག་པའི་སྡུག་བསྔལ་སྐད་ན། འདི་དག་རྣམས་ལ་སོ་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང༌། །ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས། །བལྟས་པ་ཙམ་གྱིས་ཀླུང་ཡང་སྐམ་པར་འགྱུར། །བགྱི་བའི་སྡུག་བསྔལ་ཡང་ཡོད་པར་གསུངས། མཁའ་ལ་རྒྱུ་བའི་ཡི་དྭགས་ནི་འདྲེ་དང་རྒྱལ་འགོང་ལ་སོགས་པ་ད་ལྟར་མི་ལ་གནོད་པ་སྐྱེལ་བའི་རིགས་ཅན་འདི་ཀུན་ཏེ། འདི་རྣམས་ལ་ཡང་ཚ་གྲང་བཀྲེས་སྐོམ་འཇིགས་སྐྲག་ངལ་དུབ་ལ་སོགས་པའི་སྡུག་བསྔལ་སྔ་མ་ཀུན་དང་འོལ་འདྲ་ལ་ཁྱི་དང་ཡི་དྭགས་ཀྱི་སེམས་སྐད་པ་དུས་རྟག་ཏུ་སྐམ་སྐམ་ཙིག་ཙིག་གནོད་སེམས་ཤ་སྟག་ཏུ་སོང་ནས་ཆོས་ཐོག་ཏུ་ཤེས་པ་སྐད་ཅིག་ཀྱང་སྐྱིལ་དུ་མི་བཏུབ་པའི་སྡུག་བསྔལ་དང༌། ཤི་ནས་ཀྱང་ཕལ་ཆེར་དམྱལ་བ་འབའ་ཞིག་ཏུ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཡོད་དེ་དེ་ལྟ་བུ་རྣམས་སུ་གཞན་སྐྱེ་རྒྱུ་སྐྱེས་པ་མིན། བདག་མི་སྐྱེ་རྒྱུ་སྔར་མ་སྐྱེས་ད་མི་སྐྱེ་བྱ་བ་མིན་ཏེ། རྒྱུ་མ་སྤངས་ན་ངེས་པར་སྐྱེ་དགོས། སྐྱེས་ཕྱིན་ཆད་སྡུག་བསྔལ་དེ་ཀུན་ཡང་ཉམས་སུ་མྱོང་དགོས། དེ་ཡང་ཚེ་ཐུང་ན་བག་ཅིག་དྲག་པ་ལ་ཚེ་ཡང་ཤིན་ཏུ་རིང་སྟེ། མངོན་པ་མཛོད་ནས། ཟླ་བའི་ཉིན་ཞག་གི་ལྔ་བརྒྱ། །ཞེས་མིའི་ཟླ་བ་གཅིག་ལ་ཉིན་ཞག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ་པར་གསུངས། དེ་མིའི་ལོར་བརྩིས་པ་བཤེས་པའི་སྤྲིང་ཡིག་ཏུ། བར་ཆད་མེད་པར་སྡུག་བསྔལ་བསྟེན་གྱུར་པ། །ཉེས་པར་སྤྱད་པའྀ་ལས་ཀྱི་ཞགས་པ་ནི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །གསུངས་པ་དེ་ལགས་པས། རྒྱལ་ལྷ་ཁང་ནས་ཀྱང་ཚ་རྡོར་ཚུལ་ཞེས་པ་རྒྱལ་བ་ལ་ཞེན་པ་ཆེ་བ་ཞིག་ཡོད་པ་དེ་ལ་པུ་ཏོ་བའི་ཞལ་ནས། རྒྱལ་ལྷ་ཁང་འདི་ལ་ཁྱོད་ཧ་ཅང་ཡང་ཞེན་པ་མ་ཆེ། ཞེན་པ་ཆེས་པའི་རྣམ་སྨིན་གྱིས་ཡི་དྭགས་སུ་སྐྱེས་ན། དེའི་ཚེ་ཚད་མ་ཐུབ་ནས་དེ་ནས་འདིར་སྐྱེས་པའི་ཡིན་ན་རྒྱལ་ལྷ་ཁང་བྱ་བ་འདི་ན་ཡོད་པ་ཡིན་བྱ་བའི་ས་ཚོད་ཀྱང་མ་ཤེས་པར་འགྲོ་བ་ཡིན་གསུངས་པས། ཁོས་ཨེན་ཅིག་བསམས་པས་ཁོང་སྙིང་མ་དགའ་ལོ་སྐད་པ་ལ་སྣར་ཐང་པ་འགྲོ་སྟོན་གྱི་ཞལ་ནས། དངོས་པོ་རང་ལ་དེ་ལྟར་དུ་འགྱུར་བ་ཡིན་ཏེ་འོ་སྐོལ་གྱིས་དེ་ཡེ་མ་གོ་གསུངས། དེ་ལྟར་བསམས་པས་ཡི་དྭགས་ཀྱི་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་ལ་ཡིད་ཆེས། དེ་ཡང་རྒྱུ་སེར་སྣ་ལས་བྱུང་བར་ཡིད་ཆེས་ན་རང་གི་ཤ་ཡང་བཅད་ཅིང་སྦྱིན་པར་གཏོང་ཕོད་ན། ཕྱི་རོལ་གྱི་དངོས་པོ་གཞན་ལྟ་ཅི་སྨོས་པ་ཡོད་པར་གསུངས་ཞེས་ཤ་ར་བ་གསུང་གསུངས། དེ་ནས་དུད་འགྲོ་ཤས་ཤིག་ལ་དམྱལ་བ་རང་ལ་ཡང་དེ་ལས་ལྷག་པའི་སྡུག་བསྔལ་ཅང་ཡོད་དམ་སྙམ་པ་འདྲ་བ་མང་པོ་གསུངས་པ་དེ་ཐམས་ཅད་ཀྱང་ཞིབ་ཚགས་ནས་བསྒོམ་དགོས་པ་ཡིན་པས། དེ་ལ་སྤྱིར་དུད་འགྲོའི་རིགས་མི་འདྲ་བ་བྱེ་བ་སུམ་ཅུ་རྩ་བཞི་ཡོད་པར་གསུངས་པ་དེ་ཐམས་ཅད་ཀྱང་བསྡུ་ན་བྱིངས་ན་གནས་པ་དང་ཁ་འཐོར་བ་གཉིས་སུ་འདུ་བ་ལས། བྱིངས་ན་གནས་པའི་དུད་འགྲོ་བྱ་བ་ཕྱིའི་རྒྱ་མཚོ་དང་གླིང་བར་གྱི་མུན་པ་ཀུན་ན་ཆང་འགགས་ཀྱི་སྦང་མ་ཙམ་དུ་མང་བ་ཡོད་པར་གསུངས། དུད་འགྲོ་ཁ་འཐོར་བ་སྐད་པ་འདོད་ལྷའི་གནས་ན་ཡོད་པ་དང་མི་དང་འགྲོགས་པ་འདི་ཀུན་ལགས་པར་གདའ་སྟེ། དེ་དག་སྤྱིའི་སྡུག་བསྔལ་གྱི་དབང་དུ་བྱས་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང༌། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞེས་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་ལྤགས་པའི་ཆེད་དུ་འཆི་བར་གྱུར། །གསུངས་པའམ། གླེན་ཞིང་གཏི་མུག་པས་ ཤེས་པ་མི་བཟང་ཏོམ་མེ་བྱས་ནས་དུས་གཏན་དུ་རི་ཆེན་པོས་མནན་པའི་ཚོད་དུ་ཡོད། ཚ་གྲང་ཀུན་ཡང་དམྱལ་བ་དང་འོལ་འདྲ། བཀྲེས་སྐོམ་ཀུན་ཡང་ཡི་དྭགས་དང་འོལ་འདྲ་ཡོད་པར་གསུངས། བྱེ་བྲག་གི་སྡུག་བསྔལ་བྱིངས་ན་གནས་པའི་དུད་འགྲོ་རྒྱ་མཚོའི་གཏིང་ན་གནས་པ་ཀུན་ཆུའི་ལྗིད་ཀྱིས་ནོན་པ་དང༌། སྟེང་ན་གནས་པ་ཀུན་ལ་ཡང་ཉི་མ་ཕོག་ཆེས་ན་ཚ་དམྱལ་ཙམ། ཉི་མ་མེད་པར་ལྷགས་པ་ཕོག་ཆེ་ན་གྲང་དམྱལ་ཙམ་གྱི་སྡུག་བསྔལ་ཡོད། གླིང་བར་གྱི་མུན་པ་ན་གནས་པ་ཀུན་ལ་རང་གི་ཡན་ལག་བརྐྱང་བསྐུམ་ཡང་རང་གིས་མི་མཐོང་བ་ལག་པས་བྲད་པ་རང་གི་ཤ་ལ་ཟིན་ནས་འབྲད་ཅིང་ཟ་བ་དང༌། གཅིག་གིས་གཅིག་ཟ་བ་ཆེ་བས་ཆུང་བ་མིད། ཆུང་བས་ཆེ་བ་ལ་འབྲད་ནས་ཟ་བ་སོགས་ཀྱི་སྡུག་བསྔལ་དཔག་ཏུ་མེད། ཀླུ་ཀུན་ལ་ཡང་ནམ་མཁའ་ལྡིང་གི་གནོད་པ་དང༌། རིན་པོ་ཆེ་མེད་པ་ལ་ཉིན་རེ་བཞིན་བྱེ་ཚན་གྱི་ཆར་ལན་བདུན་བདུན་འབབ་པའི་སྡུག་བསྔལ་ཡོད་སྐད། ཁ་འཐོར་བའི་བྱ་བྱི་དང་རི་དྭགས་ཀུན་ལ་ཡང་ནམ་མཁའ་ལྡིང་གི་གནོད་པ་དང༌། རང་དང་རིགས་མཐུན་ཙམ་མ་གཏོགས་གཞན་ཐམས་ཅད་དགྲར་ལངས་པ་འདྲ་བའི་འཇིགས་སྐྲག་གི་སྡུག་བསྔལ་དང༌། མི་དང་འགྲོགས་པ་འདི་ཀུན་ལ་ཡང༌། དབང་མེད་གཞན་དག་བརྡོག་པ་ལག་པ་དང༌། །བཅག་དང་ལྕགས་ཀྱུ་བརྡབ་པས་བཏབ་སྟེ་བཀོལ། །གསུངས་བ་བཞིན་དུ། ངལ་ན་ངལ་དབང་མེད་ཆད་ན་ཆད་དབང་མེད་པར་བཀོལ་ཞིང༌། བཟའ་བཏུང་ཐམས་ཅད་མིའི་ལག་ཏུ་རག་ལས་པས་རང་ལ་རང་དབང་མེད་པ་དང༌། བརྡེག་འཚོག་ཀུན་ཀྱང་བེམ་པོ་ལ་བྱེད་པ་ལྟར་བྱེད་པ་མིས་འཚེ་བའི་སྡུག་བསྔལ་དང༌། ཁོང་རང་ནང་གིས་འཚེ་བའི་སྡུག་བསྔལ་ཡང་དཔག་ཏུ་མེད་དེ། དུད་འགྲོའི་རིགས་གང་དུ་སྐྱེས་ཀྱང་སྡུག་བསྔལ་འབའ་ཞིག་ཡིན། དེ་དག་གི་ཚེ་ཚད་ལ། དུད་འགྲོ་རྣམས་མཆོག་རིང་བསྐལ་པའོ། །བྱ་བ་ཀླུའི་རྒྱལ་པོ་ཀུན་གྱི་ཚེ་བསྐལ་པ་ཙམ་ཐུབ་པ་དང༌། དུད་འགྲོ་ཚོ་ཅིག་ཚེ་ཟད་པ་ལས་མ་ཟད་པའི་ཉི་མ་རེ་རང་ལ་ཡང་ལུས་འདི་ཉིད་ལན་གསུམ་གསུམ་ཙམ་ལེན་དགོས་པ་དྲན་པ་ཉེར་གཞག་ནས། རྟ་རྒན་གྱི་སྒལ་བའི་འབུ་ཀུན་དེར་སྐྱེས་མ་ཐག་བྱ་རོག་གིས་ཟོས་ཏེ་ཤི། ཡང་སྒལ་བའི་འབུ་དེ་ཉིད་དུ་སྐྱེས། དེ་ཡང་བྱ་རོག་གིས་བཏོན་ནས་ཟོས་ཤིང་ཤི་བ་ཡང་དེ་ཉིད་དུ་སྐྱེ་བར་གསུངས་པ་ལྟ་བུ་ཚེ་ཤིན་ཏུ་ཐུང་བ་དང༌། དེ་དག་གི་བར་མ་ལོ་ཟླ་ཉིན་ཞག་ཅི་རིགས་སུ་ཐུབ་པ་སོགས་ཚེ་ཚད་མཐའ་གཅིག་ཏུ་ངེས་པ་མེད་ཀྱང༌། སྡེངས་དམའ་བ་གསུངས་པ་བཞིན་དུ་རིང་ན་རིང་བས། ཐུང་ན་ཐུང་བས་སྡུག་བསྔལ་ཏེ། ཇི་སྲིད་འཚོའི་བར་ལ་སྡུག་བསྔལ་རང་ཆས་ཀྱི་ཁར་དེ་ནས་མི་ལུས་ཐོབ་པ་ཡང་མི་འཕྱེའ་གཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་བསྐོར་ཐུབ་པ་བས་དཀའ་བར་གསུངས་པའི་སྡུག་བསྔལ་དེ་ཀུན་རང་ཐོག་ཏུ་བབས་ན་བཟོད་པའི་གླགས་མེད་པར་བསམ། དེ་ལྟར་བསམས་པས་འབྲས་བུ་ལ་ཡིད་ཆེས་པ་ན་དེ་དག་རྒྱུ་གང་ལས་བྱུང་བ་དང་ཚུལ་ཇི་ལྟ་བུར་རྨོངས་པ་བསམ་སྟེ། དེ་ཡང་ཤ་ར་བའི་ཞལ་ནས། དེ་དག་ཐམས་ཅད་རྒྱུ་མེད་དུ་མ་བྱུང༌། བྱེད་པ་པོས་མ་བྱས། མི་མཐུན་པའི་རྒྱུ་ལས་མ་བྱུང་སྟེ། ལས་ཀྱི་འབྲས་བུ་ཡིན་པ་དང༌། དེ་ཡང་དགེ་མི་དགེའི་ལས་ཀྱི་འབྲས་བུ་བདེ་སྡུག་སོ་སོར་འབྱུང་ལ། དགེ་སྡིག་གི་བྱེ་བྲག་མི་འདྲ་བ་ལས་བདེ་སྡུག་གི་བྱེ་བྲག་མི་འདྲ་བ་སོ་སོར་འབྱུང་བས་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་དང༌། དེ་ཡང་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་རང་གི་ཕུང་པོའི་རྒྱུ་འདི་ཉིད་ལ་སྨིན་པས་ན་ལས་བདག་གིར་བྱ་བའི་མཚན་ཉིད་དེ། གསོག་པོ་བྱང་རྒྱལ་ན་རེ། ཉེས་པ་བྱེད་བྱེད་པའི་ལྕེ་ནི་འདིར་འདྲུལ། ཕ་རོལ་ཏུ་ཉེས་མེད་ཀྱི་ལྕེ་ལ་ལས་ཡོང་དོན་མེད་ཟེར་ཏེ། རྣམ་པར་ཤེས་པའི་རྒྱུན་གང་གིས་བདག་ཏུ་བཟུང་བའི་རྟེན་དེས་ལས་བྱས་པ་དེ་ཕྱིས་ལུས་གང་དུ་བླངས་པ་དེ་ལ་སྨིན་པ་ཆོས་ཉིད་ཡིན་པས། ལུང་ལས་དགྲ་བཅོམ་པ་ཞིག་ངའི་ལག་གུ་གསུང་གིན་ཕྱག་གཡས་པ་ལ་ཤིན་ཏུ་གཅེས་སྤྲས་སུ་བྱེད། རྒྱུ་དྲིས་པས་སྔོན་གཞན་གྱི་བུད་མེད་ལ་ལག་པས་བཟུང་བ་སྐྱེ་བ་ལྔ་བརྒྱར་ལག་རྡུམ་དུ་སྐྱེས། ད་རེས་གཅིག་པུ་ལག་པ་ཅན་དུ་སྐྱེས་པ་ཡིན་གསུངས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་འཛའ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་ན། གཉེན་པོས་མ་བཅོམ་ཞིང༌། འབྲས་བུ་མ་ཕྱུང་གི་བར་དུ་ལས་ཆུད་མི་འཛའ་བའི་མཚན་ཉིད་དང༌། དེ་ཡང་ཤིང་ནྱ་གྲོ་དྷ་དང་དེའི་ས་བོན་བཞིན་ནམ། ཨ་ཤྭ་སྠ་དང་དེའི་ས་བོན་བཞིན་དུ་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བས་ན་རྒྱུ་འབྲས་འཕེལ་ཆེ་བའི་མཚན་ཉིད་དེ། འཕེལ་ཆེ་བ་ནི་སྔར་བསྟན་པ་དེ་ཀུན་ཡང་ཡིན་ལ། བསྙེན་གནས་གཙང་མ་ཉིན་ཞག་གཅིག་བསྲུངས་པས་མིའམ་ལྷའི་ཚེ་གཅིག་ཏུ་ཐོབ་པར་གསུངས་པ་ཀུན་དང༌། དུད་འགྲོ་གཅིག་བསད་པས་ཡང་སོས་སུ་སྐྱེ་བར་གསུངས་པ་དག་སྟེ། དེའི་ཉིན་ཞག་གཅིག་ལ་ཡང་མིའི་ལོ་ས་ཡ་ཕྲག་དགུ་ཡོད་པར་གསུངས་ལ། སྡོམ་པ་ཁས་བླངས་པས་ཉེས་བྱས་ཕྲ་མོ་གཅིག་ཁྱད་དུ་བསད་པས་ཀྱང་དེའི་ཉིན་ཞག་གཅིག་གི་སྡུག་བསྔལ་འབྱུང་བར་གསུངས་པས་དེ་རྣམས་རེ་རེ་ལ་ཡང་སྦྱར་ལ་སྒོམ། དེ་ཡང་དྲན་པ་ཉེ་བར་གཞག་པ་ལས། དགེ་སློང་ལས་ཀྱི་འབྲས་བུ་ལ་མཁས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་བལྟས་ན། ཞེས་པ་གསུངས་པ་ལས། ད་ལྟ་རང་ཅག་ལ་མངོན་ཤེས་མེད་པས། དེ་བཞིན་གཤེགས་པའི་ལུང་ཁོ་ན་ཚད་མར་བྱས་ནས་སྒོམ་དགོས་པ་ཡིན་གསུངས་པ་བཞིན་དུ་ལུང་གི་རྗེས་སུ་དཔག་པ་ལ་བརྟེན་ནས་བདེ་སྡུག་ལས་ཀྱི་འབྲས་བུ་ཡིན་པ་ལ་སོགས་པ་ཉིད་དུ་ཡིད་ཆེས་པར་བྱས་ལ། ངན་འགྲོའི་རྒྱུ་སྤང་ཞིང་བདེ་འགྲོའི་རྒྱུ་སྒྲུབ་སྟེ། དེ་ལ་ཕྱིར་སྤང་བྱ་ངན་འགྲོའི་རྒྱུ་ནི་མདོ་ལས། སྲོག་གཅོད་པས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །བྱ་བ་མི་དགེ་བའི་ལས་ལྷག་མ། མ་བྱིན་ལེན། འདོད་ལོག བརྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བ། བརྣབ་སེམས། གནོད་སེམས། ལོག་ལྟ་ཀུན་ལ་ཡང་སྦྱར་གྱིན་གསུངས་པའི་མི་དགེ་བའི་ལས་བཅུ་པོ་དེ་རྣམས་ཆེར་སྤྱད་པས་དམྱལ་བ་དང་འབྲིང་དུ་སྤྱད་པས་ཡི་དྭགས་དང༌། ཆུང་ངུ་སྤྱད་པས་དུད་འགྲོར་སྐྱེ་བའམ། མི་དགེ་བའི་ལས་ཀུན་ནས་སློང་བྱེད་ཀྱི་དུག་གསུམ་ལ་ལྟོས་ནས། རིན་པོ་ཆེའི་ཕྲེང་བར། ཞེ་སྡང་གིས་ནི་དམྱལ་བར་འཕེན། །ཆགས་པས་ཡི་དྭགས་འགྲོ་བར་འགྲོ། །རྨོངས་པས་ཕལ་ཆེར་དུད་འགྲོར་འགྲོ། །བགྱི་བ་ཡང་གསུངས། བྱེ་བྲག་གི་རྒྱུ་ལ་དྲན་པ་ཉེ་བར་བཞག་པ་ནས། སྲོག་གཅོད་པས་ཡང་སོས། དེའི་སྟེང་དུ་མ་བྱིན་པར་བླངས་པས་ཐིག་ནག་ནས་ཐ་མ་ལོག་པར་ལྟ་བས་མནར་མེད་དུ་སྐྱེ་བར་འགྱུར་བའི་བར་དང༌། གཞན་ཡང་ཆང་འཐུང་བ་དང་རང་ངམ་གཞན་སྡོམ་པ་དང་བྲལ་བར་བྱས་པ་དང་མཚམས་མེད་པ་བྱས་པ་ཀུན་ཀྱང་རིམ་པ་བཞིན་དུ་ངུ་འབོད་དང༌། ཚ་བ་དང་མནར་མེད་དུ་སྐྱེ་བར་ཡང་གསུངས་ཤིང༌། དགེ་འདུན་བཞུགས་པ་དང་གཤེགས་པའི་ཕྱོགས་སུ་མི་གཙང་བ་དོར་བས་རོ་མྱགས་ཀྱི་འདམ་དུ་སྐྱེ་བ་སོགས་འཁོར་ལྷག་པ་བཅུ་དྲུག་ཏུ་སྐྱེ་བའི་རྒྱུ་དང༌། སེམས་ཅན་གང་ཡང་རུང་བའམ། ཁྱད་པར་དུ་སྡོམ་པ་དང་ལྡན་པའི་གོས་འཕྲོག་པ་དང༌། ཆོས་ཀྱི་ཁང་པ་འཇིག་པ་དང༌། འཕགས་པ་ལ་སྐུར་བ་འདེབས་པ་ལ་སོགས་པ་གྲང་དམྱལ་དུ་སྐྱེ་བའི་རྒྱུ་ཡང་དཔག་ཏུ་མེད་པ་ཞིག་གསུངས་ལ། ཕ་རོལ་ཏུ་ཕྱིན་པ་ལས་ནི་ཆོས་སྤངས་པ་ཁོ་ན་སྡིག་ཆེ་བས་མནར་མེད་ཀྱི་རྒྱུར་གསུངས་པ་དང༌། གསང་སྔགས་ཀྱི་ཐེག་པ་ནས་བླ་མ་དང་དམ་ཚིག་ཉམས་པ་ཁོ་ན་སྡིག་ཆེ་བས་རྡོ་རྗེའི་དམྱལ་བའི་རྒྱུར་བཤད་པའང་བཞུགས་ཤིང༌། ཤ་ར་བའི་ཞལ་ནས། ཉི་ཚེ་བ་གཙུག་ལག་ཁང་དང་རབ་ཏུ་བྱུང་བ་མེར་འབར་བར་སྐྱེ་བའི་རྒྱུ་ཐུན་མོང་མ་ཡིན་པ་ནི་ད་ལྟ་བཟའ་མི་ནང་འཐབ་མོ་བྱེད་པ་ཀུན་ལགས། སྡེ་འཁྲུག་བྱས་ན་ནི། འཇམ་དཔལ་རྩ་བའི་རྒྱུད་ལས། ད0ོན་བྱས་པའམ། ས་ཕྱོགས་ཞེ་ཕྱོགས་གཉིས་ཀ་བྱས་པའམ། གང་རུང་རེ་བྱས་པའམ། ཐ་ན་ས་གཞི་དེ་ལ་བྱ་བྱིའུ་ཤི་བ་ཚུན་ཆོད་མནར་མེད་དུ་ཡང་སྐྱེ་བར་གསུང་གསུངས། ཡི་དྭགས་སུ་སྐྱེ་བའི་བྱེ་བྲག་གི་རྒྱུ་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས། དེ་ལྟར་ཡི་དྭགས་རྣམས་ཀྱིས་སྣ་ཚོགས་པའི། །སྡུག་བསྔལ་རོ་གཅིག་ཐོབ་པ་གང་ལགས་པ། །དེའི་རྒྱུ་ནི་སྐྱེ་བོ་འཇུངས་དགའ་བ། །སེར་སྣ་འཕགས་མིན་ལགས་པར་སངས་རྒྱས་གསུངས། །གསུངས་པ་བཞིན་དུ་འཇུངས་པ་ལ་དགའ་བས་གཞན་སྦྱིན་པ་གཏོང་བའི་བར་ཆད་བྱས་པ་དང༌། རང་གི་ལོངས་སྤྱོད་ལ་ཆགས་པའི་སེར་སྣ་བྱེད་པ་དང༌། གཞན་ཡང་ཡུལ་ཁྱད་པར་ཅན་གྱི་འཚོ་བ་ཕྲོགས་པ་དང༌། དགེ་འདུན་གྱི་ཀ་ཆ་མ་གནང་བར་ཁྱེར་བ་དང༌། དགེ་འདུན་འདུ་བའི་སྒོ་ཕྲོགས་པ་དང༌། དགེ་འདུན་གྱི་འཚོ་བའི་ཕུད་ཉམས་པར་བྱས་པ་དང༌། ཟས་འབགས་པ་མི་ཟ་བ་ལ་འབགས་པ་བྱིན་པ་དང༌། བསྔོས་པ་བསྒྱུར་བ་ལ་སོགས་པ་རྣམས་ཀྱང་ཡི་དྭགས་སུ་སྐྱེ་བའི་རྒྱུ་ཡིན་པས་དེ་ཀུན་མ་སྤངས་ན་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོར་ཞུགས་ནས་ཕྲ་མོའི་ཏིང་ངེ་འཛིན་དང་ལྡན་ཡང་ཡི་དྭགས་སུ་སྐྱེ་བའི་སྒོ་མི་ཁེགས་པ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པའི་གཏམ་རྒྱུད་བཞིན་ཞེས་ཤ་ར་བ་གསུངས་ཏེ། དེ་ཡང་དཔལ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་ཉུང་ཀར་འབྲུ་རེའི་ནང་དུ་ཞལ་གསུམ་ཕྱག་དྲུག་པ་སྒོམ་ཤེས་པ་ཞིག་གིས་ང་ཏིང་འཛིན་འདི་ལྟ་བུ་དང་ལྡན་པ་ཡིན་པས་ལས་ཕྲ་བ་འདིས་མི་གནོད་སྙམ་ནས་དགེ་འདུན་གྱི་འབྲས་དྲུས་པའི་ཕུབ་མ་ཞིག་ལ་མ་གནང་བར་སྤྱད་པས་ཡི་དྭགས་སུ་སྐྱེས་ཏེ་དགོན་པ་ཞིག་ན་སྒོམ་ཆེན་ཞིག་ཡོད་པའི་གཏོར་སྡེར་ལ་གནས་བཅས་ནས་ཡོད་པ་ལ། དུས་ཤིག་གི་ཚེ་སྒོམ་ཆེན་དེ་གྲོང་གཞན་དུ་ཞག་འགའ་རྒྱུས་ཏེ་དགོན་པར་ལོག་ནས་མལ་དུ་བསྡད་ཙ་ན་མདུན་དུ་ཞལ་གསུམ་ཕྱག་དྲུག་ཅན་གྱི་གཟུགས་ཤིག་བྱུང་ནས་ཁྱོད་མེད་ཀྱི་རིང་ལ་ལྟོགས་པས་གཏོར་མ་མྱུར་དུ་བྱིན་ཟེར་བ་ལ། རྒྱུ་དྲིས་པས། ལས་ཚུལ་བསམ་གྱིས་མི་ཁྱབ་པར་འདུག་པས། ང་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་ཕྲ་མོའི་ཏིང་ངེ་འཛིན་བརྙེས་པ་ཞིག་ཡིན་ཏེ། ངས་དགེ་འདུན་གྱི་འབྲས་ཕུབ་ཅིག་ལ་མ་གནང་བར་ལོངས་སྤྱད་པས་ཡི་དྭགས་སུ་སྐྱེས། ཁྱོད་ལ་བྱང་ཆུབ་ཀྱི་སེམས་ཅུང་ཟད་ཅིག་འདུག་པས་ཁྱོད་ཀྱིས་གཏོར་མ་དེ་ང་ལ་ཕན་པ་བྱུང་བས་ད་ལྟོགས་ཀྱིས་གཏོར་མ་མྱུར་དུ་སློང་ཟེར་སྐད་དེ། གཏམ་རྒྱུད་འདི་ཇོ་བོའི་བཀའ་ལུང་ལགས་པར་གདའ། དུད་འགྲོར་སྐྱེ་བའི་བྱེ་བྲག་གི་རྒྱུ་ནི། དགེ་བའི་བཤེས་གཉེན་མ་བསྟེན་པ། དམ་པའི་ཆོས་མ་ཉན་པ། དཀོན་མཆོག་གསུམ་གྱི་རྟེན་དང་ཕྲད་ཀྱང་དེ་དག་ལ་དད་པའི་སེམས་མ་སྐྱེས་པ་རྣམས་ཡིན་པར་གསུངས་ཤིང༌། ངག་གི་ཁ་ན་མ་ཐོ་བ་ཕྲ་མོས་ཀྱང་དུད་འགྲོར་སྐྱེ་བའི་རྒྱུ་བྱེད་པ་སྔོན་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་མཁན་བུ་ཞིག་གིས་མཁན་པོ་ལ་སྤྲེའུ་འདྲའོ་བྱས་པས་སྐྱེ་བ་ལྔ་བརྒྱར་སྤྲེའུ་ནས་སྤྲེའུར་སྐྱེས་པ་དང༌། བཙུན་མ་གཅིག་གིས་གཅིག་ལ་ཁྱི་མོ་བྱས་པས་ཁྱིའི་སྐྱེ་བ་ལྔ་བརྒྱར་སྐྱེས་པ་ལྟ་བུ་དང༌། གཞན་ཡང་སྐོམ་ནས་ཤི་བ་ཆུ་ནང་གི་དུད་འགྲོར་སྐྱེས་པ་དང༌། བསྲུང་སྡོམ་མ་དག་པ་དང་སྨོན་ལམ་མ་དག་པ་དང་དགེ་འདུན་གྱི་རྫས་ལ་སྤྱད་པས་ཀླུར་སྐྱེས་པར་བཤད་པ་ཡང་ཡོད་གསུངས་ཏེ། མདོར་ན་རྒྱུ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་སྐད་པ་དེ་སྔར་བསྟན་པ་བཞིན་དུ་ངན་འགྲོའི་གནས་གང་ཡང་རུང་བ་ཞིག་ཏུ་འབྱིན་པ་ལགས་པར་གདའ་བས་རིན་པོ་ཆེའི་འཕྲེང་བར་ཡང༌། མི་ཉིད་ལ་ནི་འབྲས་བུ་འདི། །ཀུན་གྱི་དང་པོ་ངན་འགྲོའོ། །བགྱི་བ་གསུངས། དེ་ནས་བརྒྱ་ལ་མིར་སྐྱེས་པ་ཡིན་ན་ཡང་རྒྱུ་མཐུན་གྱི་འབྲས་བུ་སྐད་པ། མདོ་ལས། སྲོག་བཅད་པའི་རྒྱུ་མཐུན་གྱི་འབྲས་བུ། བརྒྱ་ལ་མིར་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་གྲུབ་སྟེ། ཚེ་ཐུང་བ་དང་ནད་མང་བའོ། །བགྱི་བ་ལ་སོགས་པ་མི་དགེ་བཅུ་ཆར་ལ་རེ་རེ་གཉིས་གཉིས་སུ་གསུངས་པ་ཀུན་སློབ་དཔོན་ཀླུ་སྒྲུབ་ཀྱིས་རིན་པོ་ཆེའི་ཕྲེང་བར་བསྡུས་ནས། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྣམ་པར་འཚེ་བས་གནོད་པ་མང༌། །རྐུ་བ་ཡིས་ནི་ལོངས་སྤྱོད་འཕོངས། །བྱི་བོ་བྱས་པས་དགྲ་དང་བཅས། །བརྫུན་དུ་སྨྲ་བས་སྐུར་བ་སྟེ། །ཕྲ་མ་ཡིས་ནི་བཤེས་དང་དབྱེ། །རྩུབ་པོ་ཉིད་ཀྱིས་མི་སྙན་ཐོས། །མ་འབྲེལ་བ་ཡིས་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བཤད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཆང་འཐུང་བ་ཡིས་བློ་འཁྲུལ་ཏེ། །མ་བྱིན་ལེན་པས་དབུལ་བ་ཉིད། །ལོག་པར་འཚོ་བས་བསླུས་པ་སྟེ། །ཁེངས་པ་ཡིས་ནི་རིགས་ངན་ཉིད། །ཕྲག་དོག་གིས་ནི་གཟི་ཆུང་ཉིད། །ཁྲོ་བས་ཁ་དོག་ངན་པ་ཉིད། །མཁས་ལ་མི་འདྲི་བླུན་པ་ཉིད། །ཅེས་གསུངས་པ་ལྟ་བུ་མྱོང་བ་རྒྱུ་མཐུན་དང༌། བྱེད་པ་རྒྱུ་མཐུན་བྱ་བ་དེ་ཙ་ན་ཡང་སྔོན་གྱི་གོམས་སྟོབས་ཀྱིས་སྲོག་གཅོད་པ་ལ་དགའ་བ་ནས། ལོག་ལྟ་འཛིན་པ་ལ་ཤིན་ཏུ་དགའ་བའི་བར་དུ་ཡོང་བར་གསུངས། དབང་གི་འབྲས་བུ་སྐད་པ་གང་ན་སྣོད་ཀྱི་འཇིག་རྟེན་རྩུབ་པ་དང༌། ལོ་ཏོག་མི་སྨིན་པ་དང༌། འདམ་དང་དྲི་མ་ཅན་དང༌། ཡུལ་ངན་པ་ལ་སོགས་པ་ག་ན་ངན་དགུ་ཞིག་ཏུ་སྐྱེ། དེ་ལྟར་དུ་རྒྱུ་དགེ་བ་དང་འབྲས་བུ་བདེ་བས་འཕོངས་པ་དེ་ལ་མི་དགེ་བའི་ལས་ཀྱི་བྲལ་བའི་འབྲས་བུ་དང༌། དེ་དག་གི་དོན་མཐོང་ཆོས་སུ་འབྱུང་བ་དེ་ལ་སྐྱེས་བུ་བྱེད་པའི་འབྲས་བུ་ཟེར་བ་ཡིན་ཞེས་སྤྱིལ་བུ་བས་གསུངས་ཏེ། དེ་ཀུན་ལ་ཡིད་ཆེས་པ་ཡང་ཤ་ར་བ་གསུངས་པ་བཞིན་དུ་ལན་ཅིག་ངེས་པ་འདྲ་བ་ཨེན་རེ་བྱུང་བས་མི་ཕན་དུས་རྟག་ཏུ་བསྒོམས་པས་སྔར་བསྟན་པ་བཞིན་དུ་འགྲོ་བ་མ་ཡིན་པ་བཞིས་སྡིག་ཕྲ་ཡི་ཕྲ་བ་ཡང་ཁྱད་དུ་མི་གསོད་པར་སོང་ཙ་ན་རྒྱུ་འབྲས་ལ་ཡིད་ཆེས་པ་ཡིན་པས། དེ་ཙམ་དུ་མ་སོང་གི་བར་ཡེངས་མེད་པར་བསྒོམ་དགོས། ཅུང་ཟད་ཡེངས་མ་ཐག་ཏུ་ལྷོད་ལྷོད་ཆ་བ་ཡིན། དེ་ལྟར་བསྒོམས་པས་སྡིག་པ་སྤང་བ་ཡང་ཤ་ར་བའི་ཞལ་ནས། བཤེས་པའི་སྤྲིང་ཡིག་ཏུ། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་བས་དགེ་བ་སྤྱོད་ལ་བརྩོན་པར་བགྱི། །ཞེས་གསུངས་པ་བཞིན་དུ་དང་པོར་ཆེན་པོ་རྣམས་སྤོང་དགོས་པ་ཡིན། ཆེན་པོ་སྤོང་ཆུང་ངུ་ཁྱད་དུ་གསོད་པ་ཡང་མིན། མཐར་ཕྲ་མོ་ཐམས་ཅད་ཀྱང་བསྤོང་དགོས་པ་ཡིན། ཕྲ་མོ་རྟག་ཏུ་ཁྱད་དུ་བསད་ན་དེ་ཉིད་རྟག་ཏུ་བྱས་པ་ལ་སོགས་པས་ཆེན་པོ་ཉིད་དུ་འགྱུར་བ་ཡིན་ཏེ། རང་ཅག་ལ་ད་ལྟ་ཆེན་པོ་ཐམས་ཅད་འདུས་པ་བཞིན་ཡོང་བར་སྣང༌། གཞན་ཐམས་ཅད་མ་ཚང་ཡང་ཉེས་བྱས་ཕྲ་མོ་གཅིག་དུས་རྟག་ཏུ་ཁྱད་དུ་བསད་ན་ཡང་ཆེན་པོར་གསུངས་ཏེ། རང་ཅག་ལག་ཉ་གཅིག་པུ་ཁྱད་དུ་བསད་པས་ཀྱང་དམྱལ་བར་སྐྱེས་ཟིན་པའི་ཚོད་དུ་འདུག །འདུལ་བ་ལ་སྦྱངས་པ་དང་ཆེར་གསོལ་བ་ཀུན་གྱིས་ཀྱང་སྔོན་གྱི་བགྲེས་པོ་ཀུན་གྱི་ལག་ལེན་ཐམས་ཅད་སུན་ཕྱུང་ནས་རང་རེ་ལག་ཉ་ལ་ནོམ་ནོམ་འཇུ། ཉི་མ་རེ་རང་ལ་ཡང་ལག་ཉའི་ཉེས་པ་ཉི་ཤུ་སུམ་ཅུ་ཚོད་རེ་འོང༌། ཞིང་ཁྱད་པར་ཅན་ལ་བརྟེན་པའམ་རྟག་ཏུ་བྱས་པར་མི་འདུག ལན་གཅིག་ཙམ་སྤྱད་པ་ཡིན་ཡང་ཉོན་མོངས་པ་ཆགས་སྡང་དྲག་པོས་བསླང་ན་མངོན་པར་ཞེན་པས་ཆེན་པོ་ཞེས་བྱ་སྟེ། ད་ལྟ་ཉོན་མོངས་པ་ཐམས་ཅད་ཀྱང་དྲག་པོ་ཁོ་ནར་སྐྱེ་བའི་དུས་ཡིན། གཞན་གསུམ་མ་ཚང་ཡང་གཉེན་པོ་མེད་པའི་ལས་ཐམས་ཅད་ཆེན་པོར་གསུངས་ཏེ། གཉེན་པོ་སྟོབས་བཞིས་སྡིག་པ་ཟིལ་གྱིས་གནོན་ནུས་པ་ཡང་དཀའ། གཞན་ཐམས་ཅད་མ་ཚང་ཡང་ཡོན་ཏན་གྱི་ཞིང་དཀོན་མཆོག་གསུམ་མམ་བྱང་ཆུབ་སེམས་དཔའ་ལ་སོགས་པའི་གང་ཟག་ཁྱད་པར་ཅན་དང༌། གཙོ་བོའི་ཞིང་ཕ་མ་ལ་སོགས་པ་དང༌། གཉིས་ཀར་འདུག་པའི་མཁན་སློབ་ལ་སོགས་པ་ལ་བརྟེན་པ་ཐམས་ཅད་ཆེན་པོར་གསུངས་ཏེ། རང་ཅག་ལ་སྡིག་བསགས་པའི་ཡུལ་དེ་རྣམས་ལས་མེད་པ་ལྟ་བུར་འདུག ཡོན་ཏན་གྱི་ཞིང་ལ་དགེ་སྡིག་གཉིས་ཀ་ཆེན་པོར་འགྱུར་བ་དད་པའི་སྟོབས་བསྐྱེད་པ་ལ་སོགས་པའི་མདོ་ལས་དགེ་བསྙེན་ནས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་ཆུབ་སེམས་དཔའི་བར་དུ་སྦྱར་བའི་འགྱུར་ཁྱད་གསུངས་པ་དེ་ཀུན་བཞིན་དུ་ཡིན། མི་དགེ་བ་ལ་སྦྱར་བ་དེ་བཞིན་དུ་དགེ་བ་ལ་ཡང་སྦྱར་ཏེ། ཉི་མ་རེ་ལ་ལྷ་ཕྱག་རེ་རེ་དུས་རྟག་ཏུ་འཚལ་ན་ཡང་དེ་ཉིད་རྟག་ཏུ་བྱས་པས་ཆེན་པོར་འགྱུར། དད་པ་དྲག་པོས་བསླང་བའི་དགེ་བ་ཐམས་ཅད་ཀྱང་ཆེན་པོར་འགྱུར། གཉེན་པོ་སྡིག་པས་ཟིལ་གྱིས་མ་མནན་པའི་དགེ་བ་ཐམས་ཅད་ཀྱང་ཆེན་པོར་འགྱུར་རོ། །ཞིང་སྔ་མ་དག་ལ་བརྟེན་པའི་དགེ་བ་ཐམས་ཅད་ཀྱང་ཆེན་པོར་འགྱུར། དེ་བཞིན་དུ་ལས་འབྲས་སྒོམ་པ་ཡང་དེ་བཞིན་གཤེགས་པའི་གསུང་ཁོ་ན་ལ་བརྟེན་དགོས་ཏེ། ལས་དང་འབྲས་བུའི་ཆེ་བ་ཐམས་ཅད་མཁྱེན་པ་ཉག་གཅིག་གི་སྤྱོད་ཡུལ་ལས་གཞན་གྱིས་མི་ཤེས་པ་ཁྱིམ་བདག་དཔལ་སྐྱེས་ཀྱི་གཏམ་རྒྱུད་བཞིན་དུ་ཡིན་ཏེ། དེ་ཡང་ཁྱིམ་བདག་དེ་རབ་ཏུ་བྱུང་ན་ཚེ་དེ་ལ་འབྲས་བུ་འཐོབ་པའི་རྒྱུ་ཁྱིམ་བདག་དེ་སྐྱེ་བ་དཔག་ཏུ་མེད་པའི་སྔ་རོལ་ཏུ་ཕག་ཅིག་ཏུ་སྐྱེས་པའི་ཚེ་ཁྲོན་ཟོས་ནས་ཕྲུགས་པས་མཆོད་རྟེན་གྱི་སེར་ཁ་སུབས་པའི་དགེ་བ་ཡོད་པ་དེ་བཅོམ་ལྡན་འདས་ཁོ་ནས་མཁྱེན་པ་ལས་གཞན་ཉན་ཐོས་ཆེན་པོ་ཀུན་གྱིས་རང་གི་མངོན་ཤེས་ཀྱི་མཐུ་ཅི་ཡོད་པས་བརྟགས་ཀྱང་མ་ཤེས་པ་བཞིན་དུ་ཡིན་པས། བླ་མའི་མན་ངག་གིས་འཕྲིག་བཙུག་གིན་མདོ་སྡེ་ལྟ་བ་ལ་བརྩོན་པར་བྱས་ནས་དུས་རྟག་ཏུ་ལས་འབྲས་འདི་ཁོ་ན་བསམ་པ་གལ་ཆེ། འདི་ལ་ངེས་པ་སྐྱེས་པས་ཙབ་ལིང་བ་ཁ་ཅིག་བྱུང་ན་གཞན་ཐམས་ཅད་ཀྱི་གཞི་,ིངས་པ་འདྲ་བ་ཞིག་ཡོང༌། ཇོ་བོ་དང་དགེ་བཤེས་སྟོན་པ་བཀའ་དྲིན་ཆེ་བྱ་བ་ཡང་ལས་འབྲས་ལ་རྩེས་ཆེ་བར་མཛད་པ་འདི་ཡིན། ཁམས་པ་ལུང་པ་ཡན་ཆད་ལ་གཞན་དང་ཨེན་ཅིག་མི་འདྲ་བ་ཞིག་བྱུང་བ་དེ་ཡང་ལས་འབྲས་ལ་རྩེས་ཆེ་བར་མཛད་པ་ལས་བྱུང་བ་ཡིན། དེ་མན་བཤད་པ་མཁས་པ་དང༌། མཐུ་རྩལ་ཆེ་བ་དང༌། ལྟ་བ་བཟང་བ་དང༌། མན་ངག་ཆེ་བ་དང༌། མཚན་ཉིད་ལ་སྦྱངས་པ་དང༌། མ་རྒྱུད་སྐོར་གསུམ་ལ་བརྟེན་པ་ལ་སོགས་པ་གཞན་ན་ཡང༌། ད0ོན་ཆོས་ཀྱི་རྒྱལ་པོ་ན་རེ། རྭ་སྒྲེང་བ་ལ་ལས་འབྲས་དང་བསྲུང་སྡོམ་ལ་རྩིས་ཆེ་བར་བྱེད་པ་ཞིག་ཡོད། འདི་གཞན་དང་ཁྱད་ཡིན་ཟེར་རོ། །དེ་བཞིན་དུ་ཡིན། འདི་ཁོ་ན་མཐའ་རིང༌། ཉམས་སུ་བླང་བར་ཡང་དཀའ། ཕྲ་ཞིང་ཟབ་པ་ཡིན་པས། སྔོན་དགེ་བཤེས་སྟོན་པ་ལས་འབྲས་ལ་ཨེན་ཅིག་གཡེལ་བ་གཟིགས་ཙ་ན། ཇོ་བོ་སྙིངས་ཁམས་ཆེར་མི་རུང༌། རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཁོ་ན་ཟབ། རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཁོ་ན་ཕྲ་གསུངས། འདིའི་ཕྱིར་མ་འཚལ་ནས་ཞུ་བ་ཀུན་ལ་ཡང་བཤགས་ཀྱིས་འཇམ་མལ་ལེར་བྱས་ཀྱང་རྟེན་འབྲེལ་གྱི་གནས་བཤགས་ཀྱིས་མི་འགྱུར་གསུངས། སྟོང་པ་ཉིད་དང་ལྟ་བ་ལ་རེ་ཆེ་བ་ཀུན་ལ་ཡིན་པ་དེ་ཁོ་ན་བཞིན་དུ་ཡིན་གྱི། མེ་དང་ལག་པ་གཉིས་ཀ་དངོས་པོ་ལ་ཡང་སྟོང་པ་ཡིན། ཡིད་ཀྱིས་ཀྱང་དེ་བཞིན་དུ་སྒོམས། ཚིག་ཏུ་ཡང་དེ་བཞིན་དུ་བརྗོད་ལ་ལག་པ་མེར་ཆུག་དང་སྟེ། དེ་ཀུན་གྱིས་མི་ཕན། དེ་གཉིས་སྲེག་བྱ་བསྲེག་བྱེད་ཡིན་པས་ལག་པ་མེས་འཚིག་པ་ཆོས་ཉིད་ཡིན་གསུང་བར་གདའ། ལྟ་བ་སློབ་དཔོན་ཟླ་གྲགས་ལས་ཟབ་པ་མེད་དེ། ཤེས་བྱས་རང་གི་ངོ་བོ་ཕྱིན་ཅི་ལོག་ཏུ་རྟོག་པར་ནི། །རྒྱུ་དང་འབྲས་བུ་འགོག་པའི་དུས་ན་རང་གི་ཤེས་པར་གྱིས། །ཞེས་གསུངས། དེ་ལྟ་བདེན་པ་གཉིས་ཟེར་གྱི་ཁ་བཀང་གིས་ཟློ་སྟེ། དེ་པག་ན་ཨི་ཧོ་མ་ཅིག་ལ་ཟེར་བ་མིན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུ་འབྲས་ལ་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་ལ། དེ་ཉིད། བརྟེན་ནས་སྐྱེས་པ་མ་སྐྱེས་ཞེས། །ཡང་དག་མཁྱེན་པ་མཆོག་གིས་གསུངས། །ཞེས་པ་དང༌། ཁྱོད་ཀྱིས་སྐྱེ་བ་ཐམས་ཅད་ནི། །སྒྱུ་མའི་སྐྱེ་བ་ལྟ་བུར་གཟིགས། །ཞེས་པའི་ཚུལ་གྱིས་རང་བཞིན་སྐྱེ་མེད་དུ་གནས་པ་ལ་དོན་དམ་པའི་བདེན་པ་ཞེས་བྱ་སྟེ་བདེན་པ་གཉིས་ཀྱང་རྒྱུ་འབྲས་ཀྱི་སྟེང་ན་འདུག་པ་ཡིན་གསུངས་ཤིང༌། གཞན་ཡང་དགེ་བཤེས་དེས་རང་ཅག་བློའི་རེ་ལྟོས་སུ་བྱས་ནས་སྡིག་པ་བྱས་ཀྱང་མི་གནོད་དམ་སྙམ་པའི་ཕུགས་ཐམས་ཅད་ཀྱང་བཅོམ་ཀྱིན་གསུངས་ཏེ། གཞན་ཆེད་དུ་བྱས་པས་མི་ལྟོའམ་སྙམ་པ་དང༌། དགེ་འདུན་གྱི་གཉེར་དང་བྱེད་པ་ཀུན་དགེ་འདུན་གྱི་ཆེད་དུ་ཡིན་པས་མི་ལྟོའམ་སྙམ་པ་དང༌། སློབ་དཔོན་གྱི་ཆེད་དུ་བྱས་པ་དང༌། བསོད་ནམས་ཀྱི་ལས་ཀ་བྱེད་པའི་ངོར་གནང་ངམ་སྙམ་པ་ཐམས་ཅད་ཀྱིས་ཀྱང་མི་ཕན་པ་བཤེས་སྤྲིངས་དུ། ཁྱོད་ཀྱིས་དགེ་སྦྱོང་བྲམ་ཟེ་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང༌། །འཁོར་གྱི་སླད་དུ་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །གསུངས་པ་བཞིན་དུ་གཞན་ཆེད་དུ་སྡིག་པ་བྱས་པས་རང་དམྱལ་བར་སྐྱེས་ཙ་ན་དེ་ཀུན་ངེད་ཀྱི་ཆེད་དུ་བྱས་པ་ཡིན་པས་ཟེར་ནས་རྣམ་སྨིན་གྱི་སྐལ་བ་ལེན་དུ་མི་ཡོང་བས་ལས་བྱེད་པ་པོ་རང་གཅིག་པུས་སྡུག་བསྔལ་མྱོང་དགོས་པར་གསུངས་ཤིང༌། སྐྱེ་བོ་མང་པོ་འདུས་ནས་བྱས་པས་འབྲས་བུ་ཆུང་ངམ་སྙམ་ནའང༌། གྲོགས་མང་དག་དང་ལྷན་ཅིག་ཏུ། །འདུས་ནས་སྡིག་པ་བྱས་ན་ཡང༌། །དེའི་ལས་ཀྱི་འབྲས་བུ་ནི། །གཅིག་པུས་སྲིད་པ་སྲིད་པར་སྤྱོད། །ཅེས་པ་དང༌། དེ་ཙམ་དུ་ཡང་མ་ཟད། སླར་སྐྱེ་བོ་མང་པོས་ཀྱང་སྟོབས་དང་ལྡན་པ་ཉིད་དོ། །ཞེས་གསུངས་ཏེ། དེས་ན་སྣ་མོ་བ་ཡང་སྡེ་འཁྲུག་འདི་ཀུན་འཇིགས་གསུངས་སྐད། དེ་བཞིན་དུ་གཉེན་པོ་ལ་གནས་པས་མི་གནོད་དམ་སྙམ་ནའང༌། དེས་ཀྱང་མི་ཕན་པ་ལུང་ཀུན་ནས་ཉན་ཐོས་ཆེན་པོ་དག་གིས་ཀྱང་སྡིག་པའི་འབྲས་བུ་ཉམས་སུ་མྱོང་བ་མང་པོ་གསུངས། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་གསུངས་པའི་བྱང་ཆུབ་སེམས་དཔའ་དྲུག་བཅུ་པོ་དེ་བྱང་ཆུབ་ཀྱི་སེམས་གཤའ་མར་སྐྱེས་པ་ཉིད་དུ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཟླ་འོ་ལ་བརྙེད་པ་དང་བཀུར་སྟིའི་རྒྱུས་གྲོང་པའི་ཆོས་ཀྱིས་བསྐུར་བ་བཏབ་པས་བསྐལ་པ་མང་པོར་ངན་སོང་གསུམ་དུ་སྐྱེས། དེ་ནས་དམུས་ལོང་ལ་སོགས་པའི་མི་ཐ་ཆད་རྣམས་སུ་ཡང་སྐྱེས། དུས་དེ་ན་ཡང་བྱང་ཆུབ་ཀྱི་སེམས་བརྗེད་ནས་བྲེ་མོའི་གཏམ་གྱིས་དུས་འདའ་ཡིན་འདུག་གོ་གསུངས། སྔར་བསྟན་པ་བཞིན་དུ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་དེ་ཀུན་ལ་ཏིང་ངེ་འཛིན་གྱི་རླབས་དེ་ཙམ་ཡོད་པ་ལ་ཡང་སྡིག་པ་ཕྲ་མོ་དེས་གནོད་པར་གསུངས། ད་ལྟ་འཕྲལ་དུ་ཉེས་དམིགས་མ་བྱུང་བས་ཕྱིས་ཀྱང་མི་འབྱུང་སྙམ་དུ་ཡིད་གཏན་དུ་ཡང་མེད་དེ། བཤེས་སྤྲིང་དུ། སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང་ནི། །དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་ཀྱང༌། །འཆི་བའི་དུས་ལ་བབ་ན་སྡིག་པ་ཡི། །ལས་ཀྱི་འབྲས་བུ་གང་ལགས་མངོན་པར་འགྱུར། །ཞེས་གསུངས་པས། སྡིག་པ་ལ་གནང་བ་དང་མི་གནོད་པའི་སྐབས་མེད། མི་གནོད་པའི་དུས་ན་སྡིག་པ་བྱ་དོན་མེད་པར་འགྲོ་བ་ཡིན། དེས་ན་སྡིག་པ་གནོད་ཀྱི་རིང་ལ་སྡིག་པ་སྤངས་པ་ཁོ་ན་མན་ངག་ཡིན་ཞེས་གསུངས་ཤིང༌། བུད་མེད་ཅིག་གིས་ཆོས་ཞུས་པ་ལའང༌། ཆོས་ཀྱི་རྩ་བ་སྐྱེ་བ་ཕྱི་མ་ལ་ངན་སོང་གསུམ་དུ་མི་སྐྱེ་བར་བྱ་བ་གལ་ཆེ། ངན་སོང་གསུམ་དུ་སྐྱེ་བ་དེ་སྡིག་པ་ཆེན་པོས་སྐྱེས་ལ་ཆུང་ངུས་མི་སྐྱེ་བྱ་བ་མ་ཡིན། སྡིག་པ་ཆེན་པོས་ནི་ངན་སོང་གསུམ་གྱི་སྡུག་བསྔལ་དར་དྲག་ལ་ཡུན་རིང་བར་འགྱུར་ལ། སྡིག་པ་ཆུང་ངུས་ངན་སོང་གསུམ་དུ་སྡུག་བསྔལ་ཆུང་བའམ། ཡུན་ཐུང་བ་ཙམ་དུ་འགྱུར་བ་ཡིན། དེས་ན་དུས་རྟག་ཏུ་སྡིག་པ་མི་དགེ་བ་རང་གི་རྒྱུད་ལ་བྱུང་གི་དོགས་པས་ཤིན་ཏུ་འཇིགས་པར་བྱ་གསུངས་ཏེ། དེ་ལྟར་དུ་བྱེད་པ་ཡང་སྔོན་དགེ་བཤེས་ཆེན་པོ་པུ་ཏོ་བས་གཡོར་པོ་དར་གསོད་ལ། ཐེ་ཚོམ་ཚུན་ཆད་ཀྱིས་སྡིག་པ་ལས་ལོག་པས་བདེ་འགྲོའི་རྟེན་ཉི་ཚེ་སྐྱེ་བ་བརྒྱ་ཙམ་དུ་བརྒྱུད་ལ་དེའི་བར་དུ་ལས་འབྲས་ཉི་ཚེའི་བསྒོམས་པས་བདེ་སྡུག་ལས་ཀྱི་འབྲས་བུ་ཡིན་ངེས་སྙམ་པའི་ངེས་པ་གཤའ་མར་སྐྱེ་བ་ཞིག་བྱུང་ན་ཡང་ལས་དོན་མི་ཆུང༌། གསུངས་པ་བཞིན་དུ་ལས་དང་འབྲས་བུའི་ཆེ་བ་བསམ་པ་ཁོ་ན་ལ་རག་ལས་པས་ཤ་ར་བ་ཉིད་ཀྱི་ཞལ་ནས་ཀྱང་དགེ་མི་དགེའི་ལས་ལས་བདེ་སྡུག་གི་འབྲས་བུ་འབྱུང་བ། རང་ཅག་ད་ལྟ་ཟས་དང་སྨན་འཕྲོད་པ་དང་མི་འཕྲོད་པ་བསྟེན་པ་ལས་ཕན་གནོད་འབྱུང་བ་དང༌། ཕ་མ་མཉམ་པོའི་བུ་ཚ་ལ། ལ་ལ་ནི་ཁ་དོག་བཟང༌། ལ་ལ་ནི་ངན། དེ་བཞིན་དུ་བོངས་ཆེ་ཆུང་དང༌། ཤེས་རབ་ཆེ་ཆུང་དང༌།སྟོབས་ཆེ་ཆུང་དང༌། བགོ་སྐལ་མཉམ་པོར་ཕོག་པ་ལ་ཡང༌། ལ་ལ་ནི་ཡོ་བྱད་ཀྱིས་ཕོངས་པར་འགྱུར། ལ་ལ་ནི་ཕུན་སུམ་ཚོགས་པར་འགྱུར་བ་ལ་སོགས་པ་འདི་ཀུན་གྱི་ལུང་ལ་བརྟེན་ནས་ཀྱང་ཅུང་ཟད་དཔག་པར་ནུས་པ་ཡིན་པས། ཚུལ་སྣ་ཚོགས་ནས་བསམ་གྱིན་ལས་དང་འབྲས་བུའི་ཆེ་བ་ལ་ཡིད་ཆེས་པར་བྱ་གསུངས་ཤིང༌། དེ་ལྟར་ངན་འགྲོའི་རྒྱུ་སྤངས་ནས་བདེ་འགྲོའི་རྒྱུ་སྒྲུབ་པ་ལ་དགེ་བཤེས་ཉིད་ཀྱི་ཞལ་ནས། ལས་དང་འབྲས་བུའི་ཆེ་བ་ལ་ཡིད་ཆེས་པས་སྡིག་པ་ལས་ལོག་ནས་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པར་སོང་བ་དེ་ལ་ཚུལ་ཁྲིམས་ཞེས་བྱ་སྟེ། དེ་སྦྱིན་པ་དང༌། བཟོད་པའི་གྲོགས་དང་བཅས་པས་འདོད་པའི་ཁམས་ཀྱི་བདེ་འགྲོ་ཐོབ་པར་གསུངས། སྦྱིན་པ་དང་བཟོད་པ་མེད་ན་ཚུལ་ཁྲིམས་ཀྱིས་བདེ་འགྲོ་ཙམ་ཐོབ་ཀྱང་ལོངས་སྤྱོད་དང་གཟུགས་བཟང་བའི་བདེ་བ་མི་འཐོབ་པས་འཁོར་བའི་བདེ་བ་མི་འོང་སྟེ་འཁོར་བའི་བདེ་བ་འཐོབ་པ་ལ་རྒྱུ་དེ་གསུམ་ཚོགས་དགོས། དེ་ནས་དེ་ཉིད་ཀྱི་བྱེ་བྲག་ཡོན་ཏན་བདུན་དང་ལྡན་པའི་མིའམ། བདག་དང་གཞན་གྱི་འབྱོར་བ་བཅུ་ཚང་བའམ། འཁོར་ལོ་བཞི་དང་ལྡན་པ་ཐོབ་པར་འདོད་ན་སྔ་མའི་སྟེང་དུ་དེ་དག་ཉིད་ཀྱི་རྒྱུ་གསུངས་པ་རྣམས་ལ་ནན་ཏན་བྱ་གསུངས་ཏེ། དེ་ཡང་ཡོན་ཏན་བདུན་ལ་མཚོན་ན་དང་པོ་ལོངས་སྤྱོད་ཆེ་བའི་རྒྱུ་གཙོ་ཆེར་མ་བྱིན་པར་ལེན་པ་སྤངས་ཤིང་སྦྱིན་པ་བཏང༌། གཉིས་པ་ནད་མེད་པའི་རྒྱུ་སེམས་ཅན་ལ་བརྡེག་བརྡུང་སྤང༌། ནད་པ་ལ་སྨན་དང་ཟས་འཕྲོད་པ་སྦྱིན། གསུམ་པ་གཟུགས་བཟང་བའི་རྒྱུ་ཕྱི་ནང་བར་གསུམ་དུ་བཟོད་པ་སྒོམས། གོས་གསར་བ་སྦྱིན་པར་བཏང༌།དཀོན་མཆོག་ལ་མར་མེ་དང་དེ་བཞིན་གཤེགས་པའི་རི་མོ་ལ་རིན་པོ་ཆེའི་རྒྱན་དབུལ། བཞི་པ་གཟི་བརྗིད་ཆེ་བའི་རྒྱུ་སེམས་ཅན་ཐམས་ཅད་བདེ་ན་རུང་སྐྱིད་ན་རུང་སྙམ་པའི་བསམ་པ་མང་དུ་བྱ། དགེ་འདུན་བསིལ་བ་ལ་ཞུགས་དང་ཞུགས་ཤིང་དབུལ། ལྔ་པ་རིགས་བཟང་བའི་རྒྱུ་ང་རྒྱལ་སྤང༌། དམ་པ་ཀུན་ལ་བསྙེན་བཀུར་བྱ། ཐམས་ཅད་ལ་ཡང་དད་པ་དང་གུས་པ་བྱ། དྲུག་པ་ཤེས་རབ་ཆེ་བའི་རྒྱུ་དམ་པའི་ཆོས་ལ་ཐོས་པ་མང་དུ་བྱ། སྣག་ཤོག་དང་ཁབ་སྐུད་སྦྱིན་པར་བཏང༌། ཞུས་ཏིག་དང་གླེགས་བམ་གྱི་སྐུ་རགས་ལེགས་མོར་བྱེད་པ་ཡང་ཤེས་རབ་ཆེ་བའི་རྒྱུ་ཡིན་པས་དེ་ཀུན་ཡང་ནན་ཏན་བྱ། བདུན་པ་ཚེ་རིང་བའི་རྒྱུ་སྲོག་གཅོད་སྤང༌། ཉེ་འདོན་བྱ། སྐམ་ལ་གནས་པའི་སྲོག་ཆགས་གྲོག་སྦུར་ལ་སོགས་པ་ཆུ་ནང་དུ་ལྷུང་ནས་འདུག་ན་མཐོང་ཚད་དུ་གདོན། སྲོག་བླུར་གཏོང་བ་ཡོད་ན་ཡང་ནུས་པ་ཡོད་ཚད་ཀྱིས་བླུས་ཏེ། སྣེའུ་ཟུར་བའི་ཞལ་ནས། ཕོ་མོ་གཉིས། བན་སྐྱེ་གཉིས་སུ་ལ་ཡང་བདུན་པོ་འདི་གལ་མི་ཆེ་བ་གཅིག་ཀྱང་མེད་དེ། གཅིག་པས་གཅིག་གལ་ཆེ་གསུངས་པ་བཞིན་ཡིན་པས། དེ་ཀུན་གྱི་རྒྱུ་འབྲས་ཤེས་པར་བྱས་ལ་རྒྱུ་ལ་ནན་ཏན་གྱིས་བསླབ། དེ་བཞིན་དུ། མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང༌། །སྐྱེས་བུ་དམ་པ་ལ་ནི་བསྟེན་པ་དང༌། །བདག་ཉིད་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཞེས་སློབ་དཔོན་གྱིས་བཤེས་པའི་སྤྲིང་ཡིག་ཏུ་གསུངས་པའི་འཁོར་ལོ་བཞི་ལྡན་འདིར་རང་དང་གཞན་གྱི་འབྱོར་བ་བཅུ་ཡང་དོན་གྱིས་ཚང་བ་ལྟ་བུ་ལགས། དེ་ཀུན་གྱི་དབང་དུ་བྱས་ན་ཡང༌། ཤ་ར་བ་ལ་སྒོམ་ཆེན་ཞིག་གིས་ཆོས་ཞུས་པ་ལ། རྩེ་གཅིག་ཟེར་བའི་ཚུལ་དུ་ད་ལྟ་སངས་རྒྱས་ལ་ཡེ་ཤེས་རྩད་གཅོད་པ་ལ་སོགས་པ་མ་བྱས་དགུ་བྱས་ཀྱང༌། གཏད་ས་སྐྱེ་བ་འདིའི་འོག་རོལ་ཏུ་དལ་འབྱོར་འཁོར་ལོ་བཞི་ལྡན་སྒྲུབ་པའི་རྟེན་ཞིག་ཅི་ཐོབ་བྱེད་དགོས། དེ་མ་ཐོབ་ན་གཞན་གང་བྱས་ཀྱང་གཏད་མེད་ཅིག་ཏུ་ཆ་བ་ལྟ་བུ་ལགས། དེ་ལ་ཡང་སྣ་ཁྲིད་པ་ཟེར་བ་ཞིག་ཁོ་ན་གལ་ཆེ་བར་གདའ། སྣ་ཁྲིད་པ་གཤའ་མ་དེས་བསྙེན་གནས་ལ་སོགས་པ་གང་འོས་པའི་སྡོམ་པ་ལེན་དུ་བཅུག མི་དགེ་བ་ལས་བཟློག་པའི་སྒོ་ནས་ཕྱི་རྗེས་སུ་བལྟས་ཙ་ན་ལམ་དུ་མི་འགྲོ་བ་མེད་པ་ཞིག་ཏུ་འོང་བར་གདའ། དེས་ན་འཁོར་ལོ་བཞི་ལྡན་ཐོབ་པའི་རྟེན་ཚུལ་ཁྲིམས་ལ་རག་ལས། ཕྱིའི་མཐུན་རྐྱེན་ཚོགས་པ་སྦྱིན་པ་ལ་རག་ལས་པས་དེ་དག་ལ་འབད། སོ་སོའི་བཤགས་བསྡམ་བྱ། སྣ་ཁྲིད་པ་དགེ་བའི་བཤེས་གཉེན་དང་མཇལ་བའི་རྒྱུ་ད་ལྟ་ཆོས་བག་རེ་མཉན་པ་ཡན་ཆད་ལ་དད་གུས་བྱ་གསུངས་པ་ལྟར། ད་ལྟ་དེ་ཀུན་གྱི་རྒྱུ་ལ་མ་འབད་ན་ཕྱི་མར་མི་འཐོབ་པ་ཞེ་ལ་བཞག་ལ་སྐྱེ་བ་ཕྱི་མ་ཕན་ཆད་དུ་རང་འཁོར་ལོ་བཞི་ལྡན་དུ་འགྱུར་བའི་བསོད་ནམས་ལ་འབད། སྨོན་ལམ་ཡང་གདབ་སྟེ། དགེ་བཤེས་པུ་ཏོ་བ་གདམས་ངག་མཐིལ་མ་རེ་གསུངས་ཙ་ན་སྐྱེ་བ་འདིའི་འོག་རོལ་ཏུ་འཁོར་ལོ་བཞི་དང་ལྡན་པའི་རྟེན་རེ་ཅི་ཐོབ་བྱ་གསུངས་པ་ལགས་པར་གདའ། དེ་ལས་གཞན་འདོད་པ་ཁམས་ཀྱི་ལྷ་དག་ཐོབ་པར་འདོད་ན་ཡང་སྔ་མ་གསུམ་གཞིར་བྱས་ནས་ཁྱད་པར་གྱི་རྒྱུ་ཚན་རེ་དྲན་པ་ཉེ་བར་བཞག་པ་ནས་གསུངས་པ་ཀུན་ལ་ནན་ཏན་བྱ་སྟེ། དེ་ཡང་སྤྱིལ་བུ་བའི་ཞལ་ནས། སྲོག་གཅོད་སྤངས་པའི་ཁར་གཞན་གྱི་སྲོག་བསྐྱབས་པས་རྒྱལ་ཆེན་རིགས་བཞི། མ་བྱིན་ལེན་སྤངས་ནས་སྦྱིན་པ་བཏང་བས་སུམ་ཅུ་རྩ་གསུམ། འདོད་ལོག་སྤངས་ཏེ་ལེགས་པར་སྤྱད་པས་འཐབ་བྲལ། ངག་གི་བཞི་སྤངས་ཏེ་བདེན་པ་དང་སྙན་པར་སྨྲ་བས་དགའ་ལྡན། ལོག་པར་ལྟ་བ་སྤངས་ཏེ་ཡང་དག་པར་ལྟ་བས་འཕྲུལ་དགའ། མི་དགེ་བ་བཅུ་ཀ་སྤངས་ཏེ་སངས་རྒྱས་ལ་སོགས་པ་ལ་དད་པས་གཞན་འཕྲུལ་དབང་བྱེད་དུ་སྐྱེ་བར་གསུངས་པས་དེ་ཀུན་ཉམས་སུ་བླངས། དེ་ལྟར་རྒྱུ་ལ་གནས་ན་འབྲས་བུ་འབྱུང་བ་ཆོས་ཉིད་ལགས་པས། རིན་པོ་ཆེའི་ཕྲེང་བ་ནས། ཡིད་དང་ལུས་དང་ངག་གིས་ནི། །མི་དགེ་ཀུན་ལས་བཟློག་བྱ་ཞིང༌། །དགེ་ལ་རྟག་ཏུ་འཇུག་བྱ་བ། །འདི་ནི་ཆོས་རྣམ་གསུམ་དུ་བཤད། །ཆོས་འདི་དམྱལ་བ་ཡི་དྭགས་དང༌། །དུད་འགྲོ་དག་ལས་རྣམ་གྲོལ་ཞིང༌། །ལྷ་དང་མིའི་ནང་དག་ཏུ། །བདེ་དཔལ་རྒྱལ་སྲིད་རྒྱས་པ་འཐོབ། །ཅེས་གསུངས་པ་བཞིན་དུ་ལུས་ངག་ཡིད་གསུམ་གྱིས་ཅི་བྱེད་པ་ཐམས་ཅད་མི་དགེ་བ་བཅུ་ལས་ལོག་པའི་དགེ་བ་བཅུ་ལ་གནས་པར་སོང་ཙ་ན། དེའི་རྣམ་སྨིན་གྱི་འབྲས་བུ་ལྷ་དང་མི་གཉིས་འཐོབ། བྱེད་པ་རྒྱུ་མཐུན་སྲོག་གཅོད་པ་སྤོང་བ་ལ་དགའ་བ་ནས། ཡང་དག་པའི་ལྟ་བ་ལ་དགའ་བའི་བར་དུ་འབྱུང༌། མྱོང་བ་རྒྱུ་མཐུན་སྲོག་གཅོད་པ་སྤངས་པས་ཚེ་རིང་བ་དང་ནད་མེད་པ་འོང༌། མ་བྱིན་པར་ལེན་པ་སྤངས་པས་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་རང་ཇི་ལྟར་འདོད་འདོད་དུ་ལོངས་སྤྱད་དུ་ཡོད་པ་ཡོང༌། བྱི་བ་བྱེད་པ་སྤངས་པས་ཁྱིམ་ཐབ་གཞན་དབང་དུ་མི་འགྱུར་ཞིང་གཡོག་འཁོར་ཡིད་བརྟན་ཐུབ་པ་ཡོང༌། རྫུན་དུ་སྨྲ་བ་སྤངས་པས་སྙན་པ་དང་གྲགས་པ་འབྱུང༌། ཕྲ་མ་སྤངས་པས་ཅི་ཡང་མ་ཡིན་པ་ཐམས་ཅད་ཀྱིས་ཀྱང་བཤེས་བྱེད་དེ། ཚེ་སྟོད་ཚེ་སྨད་མེད་པར་བཤེས་སུ་འོང༌། རྩུབ་པོ་སྤངས་པས་འཇིགས་པ་དང་བག་ཚ་བ་ཡེ་མི་ཡོང༌། ལོག་ལྟ་སྤངས་པས་ཡང་དག་པའི་ལྟ་བ་སྟོན་པའི་དགེ་བའི་བཤེས་གཉེན་དང་མཇལ་ཏེ་འོང༌། དབང་གི་འབྲས་བུ་སྣོད་ཀྱི་འཇིག་རྟེན་འཇམ་ཞིང་བདེ་བ་དང་ལོ་ཐོག་སྨིན་པ་ལ་སོགས་པ་ག་ན་བཟའ་གུ་གཅིག་ཏུ་སྐྱེ། བྲལ་བའི་འབྲས་བུ་སྡིག་པ་དང་སྡུག་བསྔལ་དང་བྲལ་བ་ཞིག་འབྱུང༌། དེ་ཀུན་སྐྱེ་བ་དེ་ཉིད་ཀྱི་མཐོང་བའི་ཆོས་ལ་འབྱུང་བ་དེ་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པས་རིན་པོ་ཆེའི་ཕྲེང་བར་ཡང༌། མི་དགེ་ཞེས་བྱ་དེ་དག་གི །རྣམ་སྨིན་བསྒྲགས་པ་གང་ཡིན་པ། །དགེ་བ་དག་ནི་ཐམས་ཅད་ལ། །འབྲས་བུ་དེ་ནི་བཟློག་སྟེ་འབྱུང༌། །བགྱི་བ་གསུངས། དེ་ནས་ཁམས་གོང་མའི་ལྷ་ཐོབ་པར་འདོད་ན་ཡང༌། བསམ་གཏན་ཚད་མེད་གཟུགས་མེད་ནི། །ཚངས་སོགས་བདེ་བ་མྱོང་བར་བྱེད། །ཅེས་པ་དང༌། འདོད་སྤྱོད་དགའ་དང་བདེ་དང་སྡུག་བསྔལ་དག །རྣམ་པར་སྤངས་པའི་བསམ་གཏན་བཞི་པོ་ཡིས། །ཚངས་དང་འོད་གསལ་དག་དང་དགེ་རྒྱས་དང༌། །འབྲས་བུ་ཆེ་ལྷ་རྣམས་དང་སྐལ་མཉམ་འཐོབ། །ཅེས་རིན་ཆེན་ཕྲེང་བ་དང་བཤེས་སྤྲིངས་ལས་གསུངས་པ་ཀུན་ནན་ཏན་གྱིས་སྒྲུབ་དགོས་པ་ཡིན། དེ་ལྟར་བདེ་འགྲོ་སྒྲུབ་པར་བྱེད་པའི་དུས་ན་བཀའ་ལུང་གཞི་ལས་འབྱུང་བའི་བྲམ་ཟེའི་ཁྱེའུ་དེས་བྱས་པ་བཞིན་དུ། དེས་ཀྱང་བདེ་འགྲོ་ལ་བར་དུ་གཅོད། དེས་ཀྱང་བདེ་འགྲོ་ལ་བར་དུ་གཅོད་སྙམ་པས་བར་དུ་གཅོད་པའི་ཆོས་ཕྲ་བའི་ཕྲ་བ་རྣམས་ཀྱང་ཤེས་པར་བྱས་ལ་སྤངས། དེ་ལྟར་ལས་དང་འབྲས་བུ་ལ་ཡིད་ཆེས་པ་ན་སྔ་མ་བཞིན་དུ་དགེ་བསྙེན་གྱི་སྡོམ་པ་སྐྱེ་བའི་དུས་ཡིན་པས་དེ་འབོགས་པ་ཡིན་ཏེ། དེ་ལ་ཤ་ར་བའི་ཞལ་ནས། དགེ་བསྙེན་གྱི་གཏན་ཁྲིམས་ལྔ་ཚེ་གཅིག་ཏུ་མི་ཉམས་པར་བསྲུང་བ་ལ་ཡང་ཡན་ལག་མང་པོ་ཞིག་འཛོམ་དགོས། སྒོམ་པ་རིན་ཆེན་བླ་མས་གསུང་བ་བཞིན་དུ་དགེ་བསྙེན་གྱི་སྡོམ་པ་བསྲུང་མི་ནུས་པའི་སྡིག་པའི་གྲོགས་པོ་དང་གྲོགས་སུ་མི་རུང༌། དགེ་བའི་བཤེས་གཉེན་ནམ་དགེ་བའི་གྲོགས་པོ་རང་ལ་རང་དབང་མེད་པར་རིལ་གྱིས་དབང་དུ་བྱེད་ཅིང་དང་འགྲོགས་ནས། དེས་དུས་རྟག་ཏུ་དད་པ་སོས་འདེབས་ཀྱིན་དད་པས་གཏིང་ཚུགས་པ་ཉིད་དུས་རྟག་ཏུ་སྒོམ་དགོས། དེའི་བྱ་བ་ཐམས་ཅད་དགེ་སློང་ལ་རག་ལས། རང་གིས་ཅི་ཡང་མི་ཤེས་པས། དགེ་སློང་གཤའ་མ་ཞིག་དང་ཇི་སྲིད་འཚོའི་བར་དུ་འགྲོགས་དགོས། དད་པ་བརྟན་པ་འགའ་ཙམ་གྱིས་ཁྱིམ་གྱི་གནས་སུ་གནས་པས་ཀྱང་མགོ་ཐོན་སྲིད་དམ། ཕལ་ཆེར་གྱིས་མི་ཐོན་པས་དགོན་པ་དང་དབེན་གནས་ལ་བསྟཻན་དགོས་པ་ཡིན། ཐར་པ་སྒྲུབ་མི་ནུས་པའི་བདེ་འགྲོ་སྒྲུབ་པའི་ལམ་ཡང་དེ་བཞིན་དུ་ཡིན་ཏེ། འདིར་དེ་ཙམ་དུ་འཇོག་པ་མ་ཡིན། ཐེག་པ་ཆེན་པོ་ཉིད་ལ་རིམ་གྱིས་ཁྲིད་པའི་གཞི་མའམ་རྨང་ལྟ་བུ། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང༌། །མི་དང་ལྷ་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་པ་ཤེས་རབ་བརྒྱ་པ་ལས་འབྱུང་བའམ། དང་པོར་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བ། །ཞེས་རིན་པོ་ཆེའི་ཕྲེང་བར་གསུངས་པ་བཞིན་དུ་ཡིན་པས། པུ་ཏོ་བ་དང་སྤྱན་སྔ་མཐུན་པར་རྡོ་རྗེ་གདན་དུ་འགྲོ་བ་ལ་མིག་རྡོག་སྣེ་ལ་བལྟ་དགོས། དེར་མ་བལྟས་པར་ཐེམ་པའི་ཕྱི་རོལ་ཏུ་རྡབ་འཆོས་ནས་རྐང་པ་ཆག་ན་སྟོད་ལུངས་སུ་ཡང་མི་ཕྱིན། དེ་བཞིན་དུ་ཐམས་ཅད་མཁྱེན་པ་བསྒྲུབ་པ་ལ་ཕྱི་མ་མི་ཁོམ་པའི་གནས་སུ་ཉིང་མཚམས་མ་སྦྱར་བ་ཞིག་དགོས་གསུངས། ལས་འབྲས་ལ་ཡིད་ཆེས་པ་མེད་ན་དེའི་གོང་མ་ཀུན་ཡོད་པ་སྙམ་བྱེད་ཀྱང༌། འཁྱག་པའི་སྟེང་དུ་ཁར་སྤྲིན་ཟམ་དང་བཅས་པ་རྩིགས་པ་དང་འདྲ། ཕུ་ཆུང་བ་དེ་ཉིད་ན་བཞུགས་པ་ཅན་དུ་ཕྱིན། རྟེན་འབྲེལ་བསམས་སམ་གསུངས། རྡོ་རུས་འཕྲོད་པ་ཁོ་ན་ཡང་མ་བསམས་ཞུས་པ་ལ། དེ་བསམ་དགོས་པ་ཡིན། འདུལ་བ་འཛིན་པ་དང་རྣལ་འབྱོར་པ་དང་སྡེ་སྣོད་འཛིན་པ་གཞན་སུས་ཀྱང་སྡེ་འཁྲུག་ལ་བཟེམས་པ་མེད་པ་དེ་མ་བསམ་པས་ལན་པ་ཡིན། ངེད་ཀྱི་འདི་ནས་ཁ་ཅིག་ཕྱ་ལྟས་ཤེད་ན་མར་ཕྱིན་པ་ལ་སྔགས་པ་འདྲ་བ་ཞིག་ན་རེ། ཁྱོད་ཀྱི་སློབ་དཔོན་དེ་ཀུན་ལ་སྟོང་པ་ཉིད་ཀྱི་སྒོམ་ཕྱམ་ཕྱམ་པ་མེད་དམ་ཟེར་ཏེ། ཁྱོད་ལ་གདམས་ངག་བྱ་ན་རང་གི་མཛངས་བླུན་ལ་ཁ་ལྷན་གྱིས་སོང་གསུངས་ནས་དེ་མ་ནོར་བར་གསུངས། འདི་བསམས་པས་སྡིག་པ་ལས་བཟློག་པ་ཞིག་ཡོང་ན་སྐྱེས་བུ་འབྲིང་གི་དུས་ཀྱི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའང་རང་ཆས་སུ་ཡོང་བ་ཡིན། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་བྱ་བ་ཡང་དེ་ཉིད་ཡིན། དགེ་བཤེས་སྟོན་པའི་ཞལ་ནས། གསང་སྔགས་ཀྱི་དམ་ཚིག་གཉན་གཉན་རྟོད་རྟོད་སྐད་གསུངས་པ་ཐམས་ཅད་ལ་ཡང་མི་དགེ་བ་བཅུ་སྤངས་པ་ལས་ཅི་ཡང་མེད་པ་ཡིན་གསུང་བར་གདའ། སྤྱན་སྔ་ལ་ཞུ་ཐུག་ཞུས་པ་ལ་ཡང་ཕྱག་ལ་གཅོད་པ་བཞིན་དུ་མཛད་ཀྱིན་ཇོ་བོ་ངས་རྦད་ཀྱིས་བཅད་མི་དགེ་བ་བཅུ་སྤངས་པ་ལས་གཞན་ཅི་ཡང་མེད་པ་ཡིན་གསུངས། དེས་ན་སྐྱེས་བུ་ཆུང་ངུའི་ཆོས་སྐོར་རྨང་རྡོ་ལྟ་བུ་འདི་མེད་ན། འབྲིང་གི་བར་ཁང་ལྟ་བུ་དང༌། མཆོག་གི་སྟེང་ཁང་སྤྲིན་ཟམ་དང་བཅས་པ་ལྟ་བུ་ཡང་མི་ཡོང་བས། ད་ལྟ་སྐྱེས་བུ་ཆུང་ངུའི་བློ་དེ་བརྟན་པ་ཁོ་ན་གལ་ཆེ། དེ་ཅིག་མེད་ན་གོང་མ་རངས་པ་ཞིག་ཏུ་འགྲོ་བ་ལགས་གསུངས་ཤིང༌། ཁམ་པ་ལུང་པའི་ཞལ་ནས་ཀྱང༌། ཆོས་གོང་མ་བཟང་ཡང་གལ་འོག་མ་ཆེ་གསུངས།

སྐྱེས་བུ་འབྲིང་གི་མཚན་ཉིད།

སྐྱེས་བུ་འབྲིང་གི་མཚན་ཉིད་ནི། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་གསུངས་ཏེ། སྤང་བྱ་ངན་འགྲོའི་སྡུག་བསྔལ་ཙམ་དུ་མ་ཟད་སྲིད་པའི་བདེ་བ་ལྟར་སྣང་ཀུན་ལ་ཡང་དེ་དག་ཉིད་ཀྱི་རང་བཞིན་སྡུག་བསྔལ་དང་བསླུ་བའི་ཆོས་ཅན་འདུ་ཤེས་པས་མ་ཆགས་པར་རྒྱབ་ཀྱིས་ཕྱོགས་ཤིང༌། ཡང་སྲིད་སྒྲུབ་པའི་ལས་དང་ཉོན་མོངས་པ་ཐམས་ཅད་ལ་འདིར་སྡིག་པ་ཞེས་བྱ་བས། སྡིག་པའི་ལས་དེ་ལྟ་བུ་དག་ལས་ལྡོག་པའི་བདག་ཉིད་དུ་འདུག་པའི་རྟེན་གྱི་གང་ཟག་གང་ཞིག་ཐོབ་བྱའི་འབྲས་བུ་རང་ཉིད་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ཙམ་དོན་དུ་གཉེར་བའི་སྐྱེས་བུའི་གནས་སྐབས་གསུམ་ལས་འབྲིང་ཞེས་བྱ་བ་ཡིན་ཏེ། དེ་ཡང་གང་ཞིག་ཅེས་པས་སྐྱེས་བུ་ཆུང་ངུ་སྲིད་པའི་བདེ་བ་དོན་དུ་གཉེར་བ་དང༌། ཙམ་ཞེས་པས་སྐྱེས་བུ་མཆོག་སེམས་ཅན་གྱི་དོན་དུ་མི་གནས་པའི་མྱ་ངན་ལས་འདས་པ་དོན་དུ་གཉེར་བ་གཉིས་བསལ་བ་སྐྱེས་བུ་འབྲིང༌། དེའི་མཚན་ཉིད་ལ་སློབ་ཚུལ་ཀྱང༌། ཤ་ར་བ་ཆེན་པོས་གོང་མོ་བའི་བགྲེས་པོ་ཀུན་ལ། ངན་སོང་གསུམ་གྱི་སྡུག་བསྔལ་ལྟ་ཞོག འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལགས་པས་བདེ་བ་ཡེ་མེད་པར་ཤེས་ནས་འཁོར་བ་དག་ལས་མི་ཤ་བ་བཙོན་དོང་ནས་ཐར་པར་འདོད་པ་ལྟ་བུའམ། མཚོ་འཁྱགས་པའི་བྱ་བཞིན་དུ་སྡོད་ས་མེད་པར་ཤེས་ཙ་ན་སྐྱེས་བུ་འབྲིང་ཟེར་བ་ལགས་པར་གདའ་སྟེ། བློ་དེ་ལྟ་བུ་ཞིག་ཡོད་ཙ་ན་གློ་བུར་གོས་སམ་མགོ་ལ་མེ་ཤོར་བ་བསད་པ་བས་འཁོར་བ་ལས་ཐར་པའི་ཐབས་བསླབ་པ་རྣམ་པ་གསུམ་གྱི་ལམ་ལ་འབད་པར་བྱ་བ་དེ་རིངས་པ་ཞིག་འབྱུང༌། ཞེས་གསུངས་པ་བཞིན་དུ། དང་པོ་སྡུག་བསྔལ་ཤེས་པར་བྱས་ནས། དེའི་རྒྱུ་ཀུན་འབྱུང་སྤོང་བ་ལ་ལམ་བསླབ་པ་གསུམ་རྒྱུད་ལ་བསྟེན་པས་འགོག་པ་མངོན་དུ་བྱེད་པ་བདེན་པ་བཞིའི་ཚུལ་གྱིས་ཉམས་སུ་ལེན་པ་ཞིག་ལགས་པ་ལས། སྡུག་བསྔལ་ཤེས་པར་བྱ་བ་ནི། གོང་དུ་བསྟན་པ་ལྟར་སྐྱེས་བུ་ཆུང་ངུའི་མཚན་ཉིད་ལ་བསླབ་པས་ལས་འབྲས་ལ་ཡིད་ཆེས་ནས་སྡིག་པ་སྤོང་ཞིང་དགེ་བ་སྒྲུབ་པར་སོང་ཙ་ན་བདེ་འགྲོ་རང་དབང་དུ་བཀུག་པ་ཡིན་ཏེ། བདེ་འགྲོ་དེ་ཡང་ཐར་པ་སྒྲུབ་པའི་རྟེན་ཅན་ཡིན་གྱི། འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་བདེ་བ་མེད། ཅེས་ཤ་ར་བ་གསུངས་པ་བཞིན་དུ་བདེ་འགྲོ་ཙམ་ཐོབ་ཀྱང་སྡུག་བསྔལ་ལས་བདེ་བ་མེད་དེ། མིར་སྐྱེས་པ་ལ་ཡང་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་བརྒྱད་ཀྱིས་དུས་རྟག་ཏུ་གསེད་ནས་འདུག་པ་ལས། དང་པོ་སྐྱེ་བའི་སྡུག་བསྔལ་སྐད་པ་བསོད་ནམས་མ་བསགས་པ་ཀུན་ལ་དང་པོ་བར་དོའི་རྣམ་ཤེས་མའི་མངལ་དུ་འཇུག་ཙམ་ནས་མུན་ནག་དང་ཁྲོད་སྟུག་དང་ཚེར་ནགས་སྟུག་པོར་འཇུག་པའམ་གཡང་ལ་ལྷུང་བའི་སྣང་བ་འབྱུང༌། བསོད་ནམས་བསགས་པ་ལ་དེར་ཡང་ཡང་ཐོག་མཐོན་པོ་ན་འདུག་པའམ་ཁང་བཟང་གི་ནང་དུ་འཛེག་པ་ལ་སོགས་པའི་སྣང་བ་འབྱུང༌། དེ་ནས་ཕ་མའི་ས་བོན་དང་བར་དོའི་རྣམ་ཤེས་འདྲེས་པ་ལས་མིང་དང་གཟུགས་ཀྱི་མྱུ་གུ་ཙམ་ཞིག་གྲུབ་སྟེ། དེ་ཡང་མེར་མེར་པོ་ལ་སོགས་པ་ཞག་བདུན་ཕྲག་རེ་རེ་ལ་རིམ་གྱིས་འགྱུར་ནས་ཡན་ལག་ལྔ་དོད་པའི་ཚེ་ལྕགས་སྒྲོག་དང་ཤིང་སྒྲོག་དམ་པོར་བཅུག་ནས་གསལ་ཤིང་གི་རྩེ་ལ་སྐྱོན་པ་སྙམ་བྱེད་པའི་སྡུག་བསྔལ་འབྱུང༌། གནས་ས་ནི་མ་ཞུ་བའི་འོག་ཞུ་བའི་སྟེང་མི་གཙང་བའི་གསེབ་ན་གནས་པ་ཡིན་ཏེ། ཤ་ར་བའི་ཞལ་ནས། ད་ལྟ་ཇི་ལྟ་བུའི་འདོད་པ་ཅན་ཞིག་ཡིན་ཡང་མའི་མངལ་དེར་ཞག་གཅིག་ཉལ་ནས་ཕྱིར་བྱུང་ཙ་ན་གསེར་སྲང་གཅིག་སྦྱིན་བྱས་ཀྱང་ནུས་པ་ཡེ་མི་ཡོང༌། འོན་ཀྱང་དེར་ཅིས་ཀྱང་གནས་དགོས་པ་ནི། སློབ་མ་ལ་སྤྲིངས་པར། སྡུག་བསྔལ་ཉེ་བར་སྤྱད་ཕྱིར་རྣམ་པར་མཐོང་ཙམ་མོད། །གསུངས་པ་བཞིན་དུ་ལགས་གསུངས། དེ་ནས་ཕྱིར་བཙས་ཙ་ན་ཡང་ཚེར་ལྕགས་ཀྱིས་བྲབས་པའམ་རྡོ་གང་ན་རྩུབ་རྩུབ་ཀྱིས་བྲད་པའི་ཚོད་ཙམ་གྱི་སྡུག་བསྔལ་ལ་སོགས་པ་ཡོད། དེ་ནས་བྱིས་པ་དང་གཞོན་ནུ་དང་དར་ལ་བབ་པའི་གནས་སྐབས་ཀུན་རིམ་གྱིས་འགགས་ནས། གཉིས་པ་རྒས་པའི་སྡུག་བསྔལ་བྱ་བ་འབྱུང་སྟེ། ཁ་དོག་ཕུན་སུམ་ཚོགས་པ་བཅོམ་པའི་སྡུག་བསྔལ་དང༌། དབྱིབས་ཕུན་སུམ་ཚོགས་པ་བཅོམ་པའི་སྡུག་བསྔལ་དང༌། སྟོབས་ཕུན་སུམ་ཚོགས་པ་བཅོམ་པའི་སྡུག་བསྔལ་དང༌། དབང་པོ་ཉམས་པས་ཡུལ་ལ་ལོངས་སྤྱོད་པ། ཉམས་པའི་སྡུག་བསྔལ་ཏེ་རྒས་པའི་སྡུག་བསྔལ་མངོན་སུམ་གྱིས་གྲུབ་པ་འདི་ལ་སྤྱན་སྔའི་ཞལ་ནས། རྒས་པའི་སྡུག་བསྔལ་འདི་རིམ་གྱིས་བྱུང་བ་མིན་པ་གཅིག་ཆར་དུ་བྱུང་བ་ཡིན་ན་ཁྲག་སྐྱུགས་ཏེ་འཆི་བ་མིན་པ་མེད་གསུངས། སྐྱེས་ནས་མ་རྒས་ཀྱི་བར་ཀུན་ན་ཡང༌། གསུམ་པ་ན་བའི་སྡུག་བསྔལ་སྐད་པ། རང་གི་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་ལ་འདི་ན་ན་ཡང་མི་ལྟོ་སྙམ་པ་མཐེབ་གང་ཡང་མེད་པས། ནད་དམ་པོ་ཞིག་གིས་ཟིན་པའི་དུས་ན་ནད་དེ་ཉིད་ཀྱི་སྡུག་བསྔལ་བའི་ཁར། ཟས་དང་སྐོམ་མི་འཕྲོད་པ་ཀུན་ཞིམ་ཡང་བསྲུང་དགོས། སྨན་དྲི་རོ་ཁ་མོ་མི་ཞིམ་པ་ཐམས་ཅད་ཀྱང་ཟ་དགོས། དྲ་གཤགས་དང་མེ་བཙའ་དང་དཔྱད་རྩུབ་མོ་ཐམས་ཅད་དང་དུ་བླངས་དགོས། སྤྱོད་ལམ་བག་ཡངས་སུ་བསྡད་དུ་མི་བཏུབ་ཅིང༌། ནད་གཡོག་དང་གཉིས་ཤ་ཁོས་ཕྱི་ཁོས་སུ་ཆ་བ་ལ་སོགས་པའི་སྡུག་བསྔལ་ཤིན་ཏུ་མང༌། དེ་ཀུན་ལས་གཞན་མི་སྡུག་པ་དང་ཕྲད་པ་ལ་སོགས་པའི་སྡུག་བསྔལ་བཞིའི་དབང་དུ་བགྱིས་ན་ཡང༌། དུས་ཚིགས་འགྱུར་བའི་སྡུག་བསྔལ་དང༌། བཀྲེས་སྐོམ་དང་སྣང་བ་ཆད་པའི་སྡུག་བསྔལ་ལ་སོགས་པ་མདོར་ན་དབང་པོ་དྲུག་གི་ཡུལ་ཡིད་དུ་མི་འོང་བ་ཐམས་ཅད་མི་སྡུག་པ་དང་ཕྲད་པ། ཕ་མ་དང་མཛའ་བཤེས་དང་མཁན་སློབ་དང་རྫས་ཡོ་བྱད་དང་བྲལ་ན་སྡུག་པ་དང་བྲལ་བ་ཡིན་ཡང་དེ་རྣམས་དང་བྲལ་བ་དེ་ཀ་མི་སྡུག་པ་དང་ཕྲད་པ་ཡང་ཡིན། གོང་གི་མི་སྡུག་པ་དེ་རྣམས་དང་ཕྲད་པ་དེ་ཀ་སྡུག་པ་དང་བྲལ་བ་ཡང་ཡིན་པས། དེ་ཀུན་ལ་བརྟེན་པའི་སྡུག་བསྔལ་གྱི་རྣམ་པ་ཡང་མང་པོ་ཞིག་འབྱུང༌། མེད་པ་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ། མིར་སྐྱེས་ཀྱང་བསོད་ནམས་མ་བསགས་པ་ཚན་ཅིག་སྒོ་ཁང་དུ་སྐྱེས་ནས་སྒོ་ཁ་དང་ལུང་སྐྱོར་དུ་འཆི་བ་ཡང་ཡོད། ཚན་ཅིག་དབུལ་པོར་གྱུར་ནས་ཁ་བ་ཐག་སྐྱ་ཡ་མེ་བ། བཀྲེས་སྐོམ་ཀུན་ཡི་དྭགས་དང་ཁྱད་མེད་པ་སྐྱེས་པའི་རབས་ལས།དབུལ་བ་རེ་བ་འབྲས་བུ་མེད། །རང་གི་མི་ལའང་སྨྲ་མེད་ཅིང༌། །དགའ་སྟོན་ཚེ་ཡང་དགའ་མི་མྱོང༌། །ཀྱི་ཧུད་སྦྱིན་པའི་གཏམ་ཡང་ཞན། །གསུངས་པ་བཞིན་དུ་འོང་བར་གསུངས། ཚན་ཅིག་ཚེ་སྟོད་ལ་འབྱོར་བ་དང་ལྡན་ཡང་ཚེ་སྨད་ལོངས་སྤྱོད་རྒུད་ནས་བུ་སྨད་རྣམས་མདུན་དུ་བླངས་ནས་ལུང་ཀྱོང་འགྲིམ་དགོས་པར་ཡང་ཆ་ལ། འབྱོར་ན་འབྱོར་བས་ཡོད་པ་འཚོ་བསྲུང་མི་ཐུབ་པའི་སྡུག་བསྔལ་མངའ་ཐང་གི་གྲ་རྒྱས་ན་སྡུག་བསྔལ་གྱི་མཚོ་རྡོལ་ཟེར་བ་བཞིན་དུ་བཤེས་པའྀ་སྤྲིང་ཡིག་ལས་ཀྱང༌། དེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་བ། །འདོད་པ་ཆུང་རྣམས་དེ་ལྟ་མ་ལགས་ཏེ། །ཀླུ་མཆོག་རྣམས་ཀྱི་མགོ་བོ་ཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། །གསུངས་པ་བཞིན་འོང་བ་དེ་བས་ན་ཤ་ར་བའི་ཞལ་ནས། དབང་ཆུང་ན་ཆུང་སྟེ་ཐམས་ཅད་ཀྱིས་རྔོག་ཉིད་སར་ཆ། དབང་ཆེ་ན་ཆེ་སྟེ་དབང་འཚོ་མ་ཤེས་པ་ཡིན་ན་མར་ལ་ལྟུང༌། ཞེ་སྡང་གི་མེས་གསོན་སྲེག་བྱེད་དེ། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བྱ་བར་གསུང་གསུངས། དེ་ལྟར་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དེ་ཀུན་ལ་སྤྱད་སྤྱད་པའི་ཐ་མར་སོང་ཙ་ན། བརྒྱད་པ་འཆི་བའི་སྡུག་བསྔལ་སྐད་པ། ཕུན་སུམ་ཚོགས་པའི་གསེབ་ནས་རང་གཅིག་པུར་བྱུང་སྟེ་དེ་དག་ལ་ཞེན་བཞིན་དུ་ཅིས་ཀྱང་མི་སྟོངས་པར་འཆི་བ་དང༌། རང་གང་འགྲོའི་གཏོལ་མེད་པར་འཆི་བའི་དུས་ཤིག་ཅིས་ཀྱང་འོང་བ་ཡིན་ཏེ། སྡིངས་དམའ་བའི་ཞལ་ནས། དགའ་བཞིན་དུ་འཆི་བ་ནི་ཉུང༌། གཡང་དུ་ལྷུང་བ་འཇུ་ས་མེད་པ་ལྟ་བུའི་སྡུག་བསྔལ་ཞིག་འབྱུང་གསུངས། དེ་ལྟར་ན་མིར་སྐྱེས་ཀྱང་རང་གི་ངོ་བོ་ལ་སྐྱིད་མེད། དེ་བས་ལྷར་སྐྱེས་པ་ཡིན་ན་ཡང་འཆི་འཕོ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་དེ། འདོད་པའི་ཁམས་ཀྱི་ལྷ་ཐམས་ཅད་ལ་འཆི་ལྟས་ཀྱི་སྡུག་བསྔལ། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང༌། །སྟན་ལ་མི་དགའ་མེ་ཏོག་འཕྲེང་རྙིངས་དང༌། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་བྱ་བ། །མཐོ་རིས་འཆི་འཕོ་སྦྲོན་བྱེད་སྔ་ལྟས་ལྔ། །ལྷ་ཡུལ་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། །ས་སྟེང་མི་རྣམས་འཆི་བར་འགྱུར་བ་དག །སྦྲིན་པར་བྱེད་པའི་འཆི་ལྟས་རྣམས་དང་འདྲ། །ཞེས་བཤེས་པའི་སྤྲིང་ཡིག་ལས་འབྱུང་བ་ལ་སོགས་པ་བཞིན་དུ་ལྷ་རང་རང་གི་ཞག་བདུན་བདུན་ཉམས་སུ་མྱོང་དགོས་པར་གསུངས་ཏེ། དེ་ལ་ཤ་ར་བའི་ཞལ་ནས། ཡར་མཐོ་ཡིན་ཚེ་རིང་བ་ཙམ་དུ་འཆི་ལྟས་བྱུང་བའི་སྡུག་བསྔལ་ཆེ། དེའི་དུས་ན་ལྷའི་གནས་སྐྱིན་ཐེག་པ་དེ་ནས་ཕལ་ཆེ་བ་ངན་སོང་དུ་སྐྱེ་བར་ཤེས་པས་ཡིད་ཀྱི་སྡུག་བསྔལ་སྙིང་འགས་པ་ཙམ་ཡོད་པར་གསུངས། རང་གི་ལྷ་མོ་དང་འཁོར་མངོན་སུམ་དུ་ལྷ་གཞན་གྱིས་ཁྱེར་བ་མཐོང་བས་ཕྲག་དོག་གི་སྡུག་བསྔལ་ཡང་དཔག་ཏུ་མེད། དྲན་པ་ཉེ་བར་བཞག་པ་ལས་འཆི་ཁར་རིམས་ནད་ཚ་བས་བཏབ་པས་སེམས་ཅན་དམྱལ་བ་བས་བཅུ་དྲུག་འགྱུར་གྱིས་སྡུག་བསྔལ་ཆེ་བ་ཡོད་པར་གསུངས་ཏེ་དེ་ཡང་ཡིད་ཀྱི་ཡིན་གསུངས། འདོད་པའི་ཁམས་ཀྱི་ལྷ་རྒྱལ་ཆེན་རིས་བཞི་པ་དང་སུམ་ཅུ་རྩ་གསུམ་པ་ཀུན་ལ་ལྷ་ནང་འཐབ་པ་དང་ལྷ་མ་ཡིན་དང་འཐབ་རྩོད་ཀྱི་སྡུག་བསྔལ་དཔག་ཏུ་མེད་ཅིང༌། ལྷ་མཐུ་དང་གཟི་བརྗིད་ཆེ་བས་ཆུང་བ་ཟིལ་གྱིས་མནན་པའི་སྡུག་བསྔལ་ཡང་དཔག་ཏུ་མེད། ལྷ་དབུལ་པོ་བྱ་བ་ལྷའི་འགྲོ་བར་བགྲང་ཡང་ཡི་དྭགས་དང་ཁྱད་མེད་པ་འདྲ་བའང་མང་པོ་ཡོད་པར་གསུངས། ཁམས་གོང་མ་དག་ཏུ་སྐྱེས་ཀྱང་དེ་ནས་ཡང་ཕལ་ཆེར་ངན་སོང་དུ་ལྟུང༌། དེར་མ་ལྷུང་ཡང་འདོད་ཁམས་དམན་པ་དག་ཏུ་ལྟུང་ལ། འབྱུང་བའི་འདུ་ཤེས་མངོན་དུ་བཏང་ནས་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་བསྒྲུབས་པས་ཁམས་གོང་མ་གཉིས་སུ་སྐྱེས་པ་ཀུན་འཆི་ཁར་སྐྱེ་བ་ལེན་དགོས་པར་ཤེས་ནས་ཐར་པ་ལ་བསྐུར་བ་བཏབ་པས་མནར་མེད་དུ་ལྟུང་སྟེ། སྲིད་རྩེ་བ་ནི་ཐམས་ཅད་ཀྱང༌། །འབྱུང་བའི་འདུ་ཤེས་ཀྱིས་བསྒྲུབས་པས། །མནར་མེད་ཁོ་ནར་ལྟུང་བ་ཡིན། །གསུངས། དེ་ལྟར་ན་དེ་དག་གར་སྐྱེས་ཀྱང་བདེ་བ་མེད་ལ། ཅུང་ཟད་བདེ་བར་སྣང་བ་ཞིག་ཡོད་ཀྱང་མདོ་སྡེ་རྒྱན་ལས། སྲིད་དགའ་ཕྱིན་ཅི་ལོག་བདེ་གཡོ་བ་ལ། །ཞེས་པའི་ཚུལ་གྱིས་སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པ་དང༌། གཡོ་བ་སྟེ་མི་རྟག་པ་སླུ་བའི་ཆོས་ཅན་ཡིན་པས། ཤ་ར་བའི་ཞལ་ནས། སྔར་ཡང་སྲིད་རྩེའི་ལྷར་སྐྱེས་ཏེ་ཚེ་བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་ཙམ་ཐུབ་པ་བྱས་པ་ཡང་གྲངས་མེད་དེ་བསླུས། དེ་ནས་ཡང་ངན་སོང་དུ་སྐྱེས། ད་རུང་དེར་སྐྱེས་ཀྱང་བསླུ། མངོན་པ་ལས་བརྒྱད་ཁྲི་བྱ་བ་ཉིད་ལས་མ་གསུངས། ཡེ་ཤེས་རྒྱས་པའི་མདོ་སྡེ་ལས་བརྒྱད་ཁྲི་བཞི་སྟོང་དང་བཞི་ཁྲི་སུམ་སྟོང་ལ་སོགས་པ་གཟུགས་མེད་བཞི་ཆར་ལ་སྟོང་ཚོས་བསྣན་པ་གསུངས། གཟུགས་མེད་གསུམ་དང༌། བསམ་གཏན་གཉིས་པ་ཡན་ཆད་ན་དཔོན་གཡོག་མེད་ཐམས་ཅད་བཟང་མཉམ་པ་ཡིན། དེ་དག་ཏུའང་སྔར་ཡང་སྐྱེས་ཏེ་བསླུས་པའི་མཐའ་མི་མངོན་ད་རུང་བསླུ། བསམ་གཏན་དང་པོ་ནས་འདོད་པའི་ལྷ་རིས་དྲུག་པོ་ཐམས་ཅད་ན་དཔོན་གཡོག་ཡོད་པ་ལས། དེ་དག་གི་གཙོ་བོ་དག་ཉིད་དུའང་སྔར་ཡང་སྐྱེས་པའི་མཐའ་མི་མངོན་ཏེ་བསླུས། ད་རུང་བསླུ་བ་རེ་རེ་ནས་སྦྱར་ལ་སྒོམ། མིའི་འཁོར་ལོས་བསྒྱུར་བ་དང་ཁམས་ཀྱི་རྒྱལ་པོ་དང་བློན་པོ་དང་དེད་དཔོན་དང་ནོར་ཅན་དང་ཁྱིམ་བདག་གཙོ་བོ་དག་ཏུ་སྐྱེས་པས་ཀྱང་བསླུས་ཤིང་བསླུ་བ་སྔ་མ་དག་དང་འདྲ། བྲམ་ཟེ་མདུན་ན་འདོན་ཆེན་པོའམ། ཕྱི་རོལ་པའི་གསང་སྔགས་ལ་བརྟེན་པའི་ནུས་མཐུ་ཆེན་པོ་ཐོབ་པའམ། གྲུབ་ཆེན་བརྒྱད་ཐོབ་པའམ། འཇིག་རྟེན་པའི་མངོན་ཤེས་ལྔ་ཐོབ་པ་ཡང་གྲངས་མེད་དེ་བསླུས། ད་རུང་ཐོབ་ཀྱང་བསླུ། མིར་སྐྱེ་བ་དཀའ་ཤོས་ཡིན་ཏེ་ཡང་སླར་མི་ཉིད་དུ་སྐྱེས་ཀྱིན་ཤི་བའི་རུས་པ་བསགས་ན་རིའི་རྒྱལ་པོ་བས་ཀྱང་མཐོ་བ་ཙམ། ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་བཞི་བས་མང༌། མའི་ནུ་ཞོ་འཐུངས་པ་དང་ཤི་ནས་མཛའ་བཤེས་ཀྱིས་ངུས་པའི་མཆི་མ་བསགས་ན་ཡང་དེ་ཙམ་འདས་ཤིང་བསླུས། དེ་ལྟར་བདེ་འགྲོ་དག་ཏུ་ནི་དོན་གཉེར་ཙམ། གཏན་ཡུལ་ལྟ་བུ་ནི་ངན་སོང་གསུམ། ངན་སོང་ཉིད་ཀྱི་ཡང་གཏན་ཡུལ་དང་འདྲ་བར་དམྱལ་བས་བྱས་པ་ཡིན། ཐར་པ་མ་བསྒྲུབས་ན་ད་རུང་དེ་བཞིན་དུ་བྱེད་དགོས་པ་ཤེས་པར་བྱས་ལ། སྲིད་རྩེ་དང་མནར་མེད་ཀྱང་ཁྱད་མེད་པའམ། དེ་ཡང་མནར་མེད་ཀྱི་ཟངས་ཁ་ན་འདུག་པ་ཉིད་དུ་སྒོམ་གསུངས། དེ་ལྟར་དུ་བསྒོམས་པས་ངེས་པ་སྐྱེས་ཏེ་འཁོར་བ་ལ་མི་ཤ་བའི་བཙོན་དོང་ལ་སོགས་པ་དང་འདྲ་བ་སྔར་བསྟན་པ་བཞིན་དུ་སྡོད་ས་མ་ཡིན་པར་ཤེས་ཙ་ན། དེའི་རྒྱུ་ཀུན་འབྱུང་སྤོང་བ་ལ་འཇུག་དགོས་པས། དེ་ལ་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་གཉིས། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་རང་ཆས་སུ་ཡོད་ཀྱི་སྟེང་དུ་ལས་འབྲས་ལ་རྨོངས་པའི་མ་རིག་པ་དང༌། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་སྲེད་པ་དང༌། བསོད་ནམས་མ་ཡིན་པའི་ལས་དང་གསུམ་ལས་ངན་སོང་གསུམ་གྱི་སྡུག་བསྔལ་འབྱུང༌། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་དང༌། སྲེད་པ་དང༌། བསོད་ནམས་ཀྱི་ལས་དང་གསུམ་གྱིས་འདོད་ཁམས་ཀྱི་ལྷ་དང་མིའི་ལུས་འགྲུབ། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་དང༌། མི་གཡོ་བའི་ལས་ཤེས་རབ་དང་བྲལ་བའི་ཏིང་ངེ་འཛིན་དང༌། དགའ་བདེ་ལ་ཞེན་པའི་ཉོན་མོངས་པ་དང་གསུམ་གྱིས་གཟུགས་དང་གཟུགས་མེད་ཀྱི་ལྷ་འགྲུབ་པར་གསུངས་པ་དེ་ཀུན་ལ་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་བགྱི་བ་ལགས་ཏེ། དེ་ལྟར་ན་ལས་ཀྱི་ཀུན་འབྱུང་ལས་བསོད་ནམས་ཀྱི་ལས་དང་མི་གཡོ་བའི་ལས་གཉིས་ཀྱང་འཁོར་བ་བསྐྱེད་པའི་རྒྱུར་སྣང་བས་སྤང་ངམ་སྙམ་ན། སྡིངས་དམའ་བའི་ཞལ་ནས། རྒྱུའི་དུས་ན་བསོད་ནམས་ཀྱི་ལས་མི་སྤོང༌། འབྲས་བུའི་དུས་ན་དལ་འབྱོར་ལྷ་མིའི་ལུས་མི་སྤོང༌། འོ་ན་གང་སྤང་ན་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་དང་བདེ་སྡུག་གི་སྲེད་པ་གཉིས་པོ་སྤངས་ནས། བསོད་ནམས་ཀྱི་ལས་དེ་བདེན་པ་བཞི་ཤེས་པའི་ཤེས་རབ་ཀྱིས་གྲོགས་བྱས་ནས་ཉམས་སུ་བླངས་པས་ཐེག་པ་ཆུང་བའི་ཚུལ་ཁྲིམས་བསླབ་པར་འགྲོ། དེ་བཞིན་དུ་རྒྱུའི་དུས་ན་མི་གཡོ་བའི་ལས་མི་སྤོང༌། འབྲས་བུའི་དུས་ན་ཁམས་གོང་མའི་ཏིང་ངེ་འཛིན་མི་སྤོང༌། གང་སྤང་ན་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་དང་དགའ་བ་བདེ་ལ་ཞེན་པའི་ཉོན་མོངས་པ་སྤངས་ནས། མི་གཡོ་བའི་ལས་དེ་བདེན་པ་བཞི་ཤེས་པའི་ཤེས་རབ་ཀྱིས་གྲོགས་བྱས་ནས་ཉམས་སུ་བླངས་པས་ཐེག་ཆུང་གི་ལྷག་པ་སེམས་ཀྱི་བསླབ་པར་འགྲོ་ལ། བསོད་ནམས་ཀྱི་ལས་དང་སེམས་གནས་པའི་ཏིང་ངེ་འཛིན་དེའི་གྲོགས་སྟོང་པ་དང་སྙིང་རྗེས་བྱས་པས་རིམ་པ་བཞིན་ཐེག་ཆེན་གྱི་ཚུལ་ཁྲིམས་དང་སེམས་ཀྱི་བསླབ་པར་ཡང་འགྲོ་གསུངས་ཤིང༌། ཤ་ར་བའི་ཞལ་ནས་ཀྱང༌། མི་དགེ་བ་བཅུ་སྤངས་པ་དེ་ཉིད་དགེ་བ་བཅུར་ཆ་བས་ལྷ་མི་འཐོབ། བདེན་པ་བཞི། རྟེན་འབྲེལ། ཐབས་ཤེས་རབ་ཀྱིས་སྦྱངས་ནས་ཐར་པ་གསུམ་འཐོབ། དེ་བས་ན་སྦྱོང་བར་འདྲ་བ་ལ་ཐབས་ཤེས་རབ་ཀྱིས་ཅིའི་ཕྱིར་མི་སྦྱོང་གསུང་བ་བཞིན་དུ། འཁོར་བ་བསྐྱེད་པའི་རྒྱུ་ལས་དང་རྐྱེན་ཉོན་མོངས་པ་ཡིན་པ་ལས། བསོད་ནམས་མ་ཡིན་པའི་ལས་སྐྱེས་བུ་ཆུང་ངུའི་སྐབས་ནས་སྤངས་ཏེ། བསོད་ནམས་དང་མི་གཡོ་བའི་ལས་གཉིས་གྲོགས་ཀྱི་སྟོབས་ཀྱིས་ལྷག་པ་ཚུལ་ཁྲིམས་དང་སེམས་ཀྱི་བསླབ་པར་ཉམས་སུ་བླངས་པས་དེ་དག་འཁོར་བའི་བདེ་བ་བསྐྱེད་བྱེད་ཀྱི་ལས་ཙམ་དུ་མི་ལུས་པར་ཐར་པའི་ལམ་དུ་བསྒྱུར་བས་ལས་དང་ལམ་གྱི་མགོ་ལྟག་དབྱེ་ཞིང༌། ཉོན་མོངས་པའི་ཀུན་འབྱུང་སྤང་བྱར་བྱེད་པ་ཡིན་ཏེ། དེ་ཡང་ཉོན་མོངས་པ་མེད་ན་ལས་ཡོད་ཀྱང་སྐྱེ་བ་ལེན་མི་ནུས་པ་དཔེ་དབྱིབས་ནང་གི་ནས་དང་འདྲ་བར་འཕགས་པ་དགྲ་བཅོམ་པ་ཀུན་གྱི་ཐུགས་རྒྱུད་ལ་ལས་ཅུང་ཟད་ཡོད་ཀྱང་ཉོན་མོངས་པ་མེད་པས་སྐྱེ་བ་མི་ལེན་པ་ཡིན། ཉོན་མོངས་པ་ཡོད་ན་དེས་དང་པོ་ལས་སོགས། བར་དུ་ལས་སྤེལ། ཐ་མར་འགྲོ་དྲུག་ཏུ་སྐྱེ་བའི་ཉིང་མཚམས་ཀྱང་ཉོན་མོངས་ཀྱིས་སྦྱོར་བ་ཡིན་པས། ཉོན་མོངས་ཡོད་ན་འཁོར་བའི་སྡུག་བསྔལ་ཡོད། ཉོན་མོངས་མེད་ན་འཁོར་བའི་སྡུག་བསྔལ་མེད། དེ་བས་ན་ཉོན་མོངས་འདིས་སྔོན་ཡང་འཁོར་བ་ཐོག་མེད་དུ་སྡུག་ཏུ་བཅུག ད་ལྟ་ཡང་སྡུག་བསྔལ་གྱི་སྟེང་དུ་བཞག ཕྱིས་ཀྱང་མཐའ་མེད་པ་ཞིག་ཏུ་སྡུག་བསྔལ་ལ་སྦྱོར་བར་འདུག་པས། ཉོན་མོངས་པ་ལ་དགྲའི་འདུ་ཤེས་བསྐྱེད་ནས་སྤོང་དགོས། ཉོན་མོངས་ལ་དགྲར་ངོས་ཟིན་ན་འཕྲལ་དུ་མ་སྤོངས་ཀྱང་སྤོང་བའི་རྒྱུ་ལ་ཞུགས་པར་བྱ་བ་ཡིན་པས་ནམ་ཞིག་མི་སྤོང་མི་སྲིད་ཅེས་སྡིངས་དམའ་བ་གསུངས། འོ་ན་སྤང་བྱའི་ཉོན་མོངས་པ་རང་ཅི་ཙམ་ཞིག་ཡོད་སྙམ་ན། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ལྟ་བ་ཐེ་ཚོམ་སྟེ་དྲུག་རྩ་བའི་ཉོན་མོངས་པའམ། དེ་ཚུར་བསྡུས་ན་དུག་གསུམ་གྱི་ཁར་ང་རྒྱལ། ཕྲག་དོག་གཉིས་བསྣན་པས་དུག་ལྔའམ། དེ་ཡང་ཚུར་བསྡུས་ན་འདོད་ཆགས་ཞེ་སྡང་གཏི་མུག་སྟེ་དུག་གསུམ་དུ་འདུ་བས་དེ་ཀུན་སངས་ཀྱིས་སྤང་དགོས། ཀུན་འབྱུང་ལས་དང་ཉོན་མོངས་པ་སྤོང་བ་ཡང་ལམ་བསླབ་པ་གསུམ་གྱིས་སྤོང་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པས་སུན་འབྱིན། ལྷག་པའི་སེམས་ཀྱི་བསླབ་པས་མགོ་མནོན། ལྷག་པའི་ཤེས་རབ་ཀྱི་བསླབ་པས་བག་ལ་ཉལ་རྩ་བ་ནས་འཇོམས་པར་བྱེད་པ་ལས། དེ་གསུམ་གྱི་རྩ་བ་ཡང་ཚུལ་ཁྲིམས་ཡིན། དེ་ཡང་སྔར་བསྟན་པ་བཞིན་དུ་སྲིད་པ་ཐམས་ཅད་སྡུག་བསྔལ་དུ་ཤེས་པས། བསམ་པ་ཁམས་གསུམ་དག་ལ་རྨི་ལམ་ན་ཡང་འདོད་པ་མེད་པ་ལ་སོགས་པར་སོང་ཙ་ན་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་སྡོམ་པ་སྐྱེ་བའི་དུས་ཡིན་པས་རང་གི་བློ་ཚོད་དང་སྦྱར་གྱིན་དེ་དག་བླངས་ཏེ། པུ་ཏོ་བའི་ཞལ་ནས། བསམ་པ་དེ་བཞིན་དུ་སྐྱེས་ནས་རབ་ཏུ་བྱུང་བ་ལ་ངེས་འབྱུང་གི་སེམས་པས་རབ་ཏུ་བྱུང་བ་ཞེས་བྱ། བསམ་པ་དེ་ཉིད་ཀྱིས་འཕངས་ནས་ཚུལ་ཁྲིམས་བསྲུང་ཙ་ན་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཞེས་བྱ་སྟེ། དེ་བསྲུང་བའི་མན་ངག་ཀྱང་མྱ་ངན་ལས་འདས་པ་ལས། མི་ཞིག་རྐྱལ་བ་ལ་ཞོན་ནས་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བའི་དུས་ན། ནམ་མཁའ་ལས་སྲིན་པོ་བྱུང་ནས། རྐྱལ་བ་དང༌། དེའི་ཕྱེད་དང༌། ཡན་ལག་གཅིག་དང༌། ལག་མཐིལ་ཙམ་དང༌། ཁབ་ཀྱི་མིག་ཙམ་གྱི་བུ་ག་གདོད་དུ་ཆུག་ཟེར་བ་ལ་དེ་གང་ཡང་མི་སྟེར་བ་བཞིན་དུ། སྲིད་པའི་རྒྱ་མཚོ་ལས་ཕ་རོལ་ཏུ་བརྒལ་བའི་ཚུལ་ཁྲིམས་ཀྱི་རྐྱལ་བ་ལ་ཕམ་པ་དང༌། ལྷག་མ་དང༌། ལྟུང་བྱེད་དང༌། སོ་སོར་བཤགས་པ་དང༌། ཉེས་བྱས་ཕྲ་མོའི་སྐབས་ཀྱང་ཉོན་མོངས་པའི་སྲིན་པོ་ལ་མི་དབྱེ་བར་གསུངས་པ་བཞིན་དུ་བྱེད་དགོས་པ་ཡིན། ཉེས་བྱས་ཕྲ་མོའི་སྐབས་ཕྱེ་ན་ཡང་སྲིད་པའི་རྒྱ་མཚོར་འབྱིང༌། མྱ་ངན་ལས་འདས་པའི་སྐམ་སར་མི་ཐོན་པ་ཡིན། དེ་ལྟར་སྲིད་པ་ལས་ཡིད་བྱུང་ཞིང༌། མྱ་ངན་ལས་འདས་པའི་བསམ་པ་ལ་བརྟེན་ནས་རབ་ཏུ་འབྱུང་ཞིང་བསླབ་པ་ལ་སློབ་དུ་འཇུག་པ་དེ་ཐམས་ཅད་མཁན་པོའི་ལས་ཡིན། ཨུ་པ་དྷྱ་ཡ་ཞེས་པའི་སྒྲ་ལས་བྱེད་བྱེད་པ་བྱ་བར་འགྲོ་བས། འཁོར་བ་ལས་ཡིད་འབྱུང་བར་བྱེད། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་སྦྱིན་པར་བྱེད། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་སྦྱིན་པར་བྱེད་པས་ན། ཁམས་ས་ལས་རྫ་བྱེད་པ་ལ་རྫ་མཁན་ཟེར་བ་བཞིན་དུ་སོ་སོ་སྐྱེ་བོ་ལས་དགྲ་བཅོམ་པར་བྱེད་པ་དེ་ལ་མཁན་པོ་ཟེར་བ་ཡིན་ཏེ། ད་ལྟ་མཁན་སློབ་ཀྱིས་ཀྱང་དེ་བཞིན་དུ་བློ་སྣ་སྦྱོང་ཞིང་ཁྲིད་ནས་བར་ཆད་དྲིས་ཏེ་རབ་ཏུ་འབྱིན་པ་མེད། རང་ཡང་དྲག་ཤོས་ཤིག་ཚེ་འདི་ལ་སྐྱིད་ལ་ཕྱི་མ་ལ་ལྷར་འགྲོ་ཟེར་བ་དེ་ཚོད་ཅིག་གིས་རབ་ཏུ་འབྱུང༌། ཇི་ཞིག་ཙ་ན་ཕྱི་མའི་ལྷ་ཏ་ནམས་ཀྱང་བརྗེད་དེ་འདིའི་སྐྱིད་ཀྱང་བརྗེད་ནས་སྡུག་ལ་ཟད་པར་བྱེད། དེ་མན་རྣམས་ཉེ་ཐུ་དང་རྗེ་དཔོན་དང་བུ་ལོན་དང་དགྲས་གཙེས་པ་དང༌། འཚོ་བ་མ་ཕྱིད་པ་དང་གདོན་གྱིས་ཉེན་པ་དང་ཕས་གཙེར་ཚུས་གཙེར་ཉི་ཚེ་ལས་མེད། འཇིག་རྟེན་པ་གཉེན་ཚོ་འཐབ་པ་དག་དེ་ཉིད་ཀྱི་སྦུ་ལོ་དང་རྫོངས་དང་རྒྱབ་ན་ཕ་མིང་ཅི་ཡོད་འདྲིའོ། །དེ་བཞིན་དུ་དགེ་འདུན་དང་མཁན་སློབ་ཀྱིས་ཀྱང་དེ་ཉིད་ཀྱི་སྒོ་དང་དབུལ་བ་དང་མི་ཆོས་གསུམ་འདྲི་སྟེ། དེང་སང་ན་དབུལ་བ་ཞིག་ཡོད་ན་དེ་ཉིད་ཀྱི་སྒོ་ལ་ཡང་མི་ལྟ་བར་ཆད་ཅན་ཐམས་ཅད་རབ་ཏུ་འབྱིན། དེ་གསུམ་གྱི་ནང་ནས་དེ་ཉིད་ཀྱི་སྒོ་དང་གཞི་མ་ལེགས་པ་ཞིག་ཁོ་ན་གལ་ཆེ་བ་ཡིན། དགེ་བཤེས་སྟོན་པ་ཡང་ཀུན་གཞིའི་དོད་མི་གཞི་ལ་བྱ་གསུང་བར་གདའ། གཞི་མ་མེད་པའི་བར་ཆད་ཅན་རབ་ཏུ་བྱུང་བའི་ནང་པར་ནས་ཕུང་སྣ་རེ་ལ་སྦྱོར། དབུལ་བ་ཆེ་ན་སླར་ཐུ། མི་ཆོས་བཟང་ན་ཡང་སླར་ཐུ། ད་ལྟ་རང་ཅག་གི་ཚོད་དེ་ཚོད་དུ་འདུག་པས་རབ་ཏུ་བྱུང་བ་རྣམས་ཀྱང་བར་དུ་རྩ་བའི་ལྟུང་བ་ལ་སོགས་པ་གཏོང་རྒྱུ་དག་མ་བྱུང་བར་དགེ་བསྙེན་རྒད་པོ་འདྲ་བའི་བློ་སྣ་སྦྱོང་ནུས་པ་དང་ཕྲད་ན། ཇོ་བོའི་ཞལ་ནས། ཆོ་ག་སྐྱར་མི་དགོས་པ་སོར་ཆུད་པས་ཆོག སྨོན་འཇུག་གི་སྡོམ་པ་ནི་དེ་ཉིད་ཀྱི་དུས་ན་བསམ་པ་གཤའ་མར་སྐྱེས་པ་མེད་ན། ཕྱིས་བློ་སྣ་སྦྱངས་པ་ཙམ་གྱིས་མི་ཆོག་ཆོ་ག་ཉིད་ཀྱང་གཞི་ནས་སྐྱོར་དགོས་གསུང་བར་གདའ་སྟེ། སོ་སོར་ཐར་པ་ལ་ཆོ་ག་སྐྱར་མི་དགོས་པ་བས་ཀྱང་དེ་གཉན་པས་བསྐྱར་བ་དང་ཙབ་ཙུབ་བྱར་མི་རུང་བྱ་བ་རང་ཡིན། ཇོ་བོ་གསུང་བ་བཞིན་དུ་འཕགས་པ་དགའ་བོའི་རྣམ་པར་ཐར་པ་ལས་གསུངས་ཏེ། དེ་དང་པོ་བཅོམ་ལྡན་འདས་ཀྱི་ཞལ་མ་ལོག་ཏུ། ཁོ་སྲིད་པ་ཐ་མ་པ་ཡིན་པས་དགེ་སློང་ཚུར་ཤོག་གིས་བསྙེན་པར་རྫོགས་པར་བྱས། དེ་ནས་ཀྱང་སྡོམ་པ་བཞག་ལས་པུནྡ་རི་ཀའི་ཁྱིམ་ཐབ་བྱ་ཞག་བདུན་ན་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཐོབ་པས་རྒྱལ་སྲིད་བསྐྱང་སྙམ་པ་ལས་མེད་དེ། བཅོམ་ལྡན་འདས་ཀྱིས་ཕར་ཁྲིད་ཚུར་ཁྲིད་ཐབས་སྣ་ཚོགས་མཛད། སུམ་ཅུ་རྩ་གསུམ་བསྟན་པས་བཙུན་མོ་དང་རྒྱལ་སྲིད་ལ་ཞེན་པ་དང་བྲལ། དེ་ཙ་ན་ཕྱི་མར་བློ་འཕྲོས་པས་བསླབ་པ་ལ་གུས་པའི་མཆོག་ཏུ་གྱུར་ཏེ་ཡང་ཚུལ་ཁྲིམས་འཆལ་བའི་གྲངས་སུ་བཅུག དམྱལ་བ་བསྟན་པས་དེ་ལ་ཡང་ཞེན་པ་དང་བྲལ། དེ་ནས་མིའི་སྡུག་བསྔལ་རྣམས་རིམ་གྱིས་བསྟན་པས་སྲིད་པ་ཐམས་ཅད་ལས་ཡིད་བྱུང་ནས་ངེས་པར་འབྱུང་བའི་ཚུལ་ཁྲིམས་སུ་གྱུར་ཏེ་ཆོ་ག་སྔ་མ་ལས་མ་བསྐྱར་བར་དགྲ་བཅོམ་པ་ཐོབ། ད་ལྟ་རང་ཅག་ཐག་རིངས་སུ་ཕྱིན་ནས་དགེ་བའི་བཤེས་གཉེན་བསྟེན་སློབ་གཉེར་བྱེད་ཟེར་བ་ཀུན་གྱི་བསམ་པ་ཡང་དགའ་བོ་སུམ་ཅུ་རྩ་གསུམ་མ་མཐོང་བའི་ཚོད་ཁ་ལས་བློ་སྣ་འཕགས་ནུས་པ་མེད། བཤེས་གཉེན་འདྲ་བ་སྤན་སྤུན་ཞིག་བསླབས་ལ་ཡུལ་དུ་ཕྱིན་ནས་བརྙེད་པ་བཙལ་ཉེ་ཐུ་བརྐྱང་སྙམ། ཕྱིར་ལོག་ནས་མི་སྐྱ་ཙ་ནའི་བཤེས་དང་དགྲ་ཡིན་པ་དེ་ཉིད་ལ་ཕྱིས་ཀྱི་ཡང་དགྲ་དང་བཤེས་སུ་བྱེད། མི་སྐྱ་ཙ་ནའི་ལོངས་སྤྱོད་དེ་ཉིད་ཕྱིས་ཀྱི་ཡང་ལོངས་སྤྱོད་དུ་བྱེད་པ་ཡིན། རག་མ་བ་ཆོས་གྲྭ་ན་དཔེ་ལྟ་བས་རག་མ་ཀུན་ན་ཡུག་ཡུག་གདའ་བོ་ཟེར་ནས་ཀ་བ་ལི་ཞལ་སྦྱར་རོ། །རང་ཅག་ཐམས་ཅད་དེ་བཞིན་དུ་འདུག་པ་ཡིན། ཕྱིའི་སྤྱོད་ཡུལ་དགའ་བོ་དང་ཀུན་དགའ་འོ་གཉིས་འདྲ་བ་ལས་མེད་དེ་ནང་གི་བསམ་པ་ཁྱད་ཆེ། རང་ཅག་ཀྱང་ཕྱི་ཚུལ་ཐག་ཆོད་པ་འདྲ་ཡང་བསམ་པ་ཁྱིམ་དུ་ལོག་ལ་ཉེ་ཐུ་སྐྱང་མི་སྡེ་ལྷ་སྡེ་སྐྱང་འདོད་པ་དག་ལ་སྤྱད་སྙམ་པ་ལས་མེད་གསུང་སྟེ། བསམ་པ་དེ་ཙམ་གྱིས་བླངས་པ་དང་བསྲུངས་པའི་ཚུལ་ཁྲིམས་དེ་ཐར་པའི་ལམ་དུ་མི་འགྱུར་བ་སྡོམ་པ་བླངས་པ་དང༌། སྲུང་བ་ཀུན་གོང་དུ་གསུངས་པ་ལྟ་བུའི་ངེས་འབྱུང་གི་བསམ་པས་ཟིན་པར་བྱ། དེ་ལྟར་ལྷག་པའི་ཚུལ་ཁྲིམས་ལ་སློབ་པའི་བར་དུ་གཅོད་པ་ཡང་འདོད་པ་ཡིན་པས་ཕྱི་ནང་གི་འདོད་པ་ཐམས་ཅད་ཀྱི་ཉེས་དམིགས་བསྒོམས་ལ་འདོད་པ་སྤང༌། འདོད་པའི་ཉེས་དམིགས་ཀྱང་སྤྱོད་པ་ལ་འཇུག་པ་ནས། འདིར་ནི་གསོད་དང་འཆིང་དང་གཅོད། །ཕ་རོལ་ཏུ་ནི་དམྱལ་སོགས་སྒྲུབ། །ཅེས་གསུངས་པས་འདི་ཁོ་ན་འདུས་ཆེ་བ་ཡིན་པས་དེ་ལྟར་དུ་འདོད་པའི་ཉེས་དམིགས་བསྒོམས་ནས། སྲིན་མོའི་གླིང་གི་ཚོང་པའི་གཏམ་རྒྱུད་བཞིན་དུ་འདོད་པ་ལ་ཕྱི་མིག་མ་བལྟས་ན་དགེ་བསྙེན་གྱི་སྡོམ་པ་ཙམ་གྱིས་ཀྱང་སྲིད་པའི་རྒྱ་མཚོ་ལས་ཐར་ཏེ་འོང༌། ཕྱི་མིག་བལྟས་ན་ཁས་བླངས་ཆེ་བཞིན་དུ་ལྟུང་ཚབས་ཆེ་གསུངས་པས་རབ་ཏུ་བྱུང་ཕན་ཆད་འདོད་པ་ལ་ཕྱི་མིག་གིས་མི་ལྟ་བ་ལགས་ཞེས་ཤ་ར་བ་གསུངས། ལྷག་པའི་ཚུལ་ཁྲིམས་དེ་ལ་བརྟེན་ནས་ཏིང་ངེ་འཛིན་སྒོམ་པའི་དམིགས་པ་ཡང་སྲིད་པ་ཐམས་ཅད་སྡུག་བསྔལ་ཡིན་པར་སྔར་བསྟན་པ་བཞིན་དུ་དང༌། དེ་སྒྲུབ་པའི་རྒྱུ་རང་རང་གི་རྟེན་ལ་ཡོད་པའི་ལས་དང་ཉོན་མོངས་པ་གཉིས་ཡིན། དེའི་རྩ་བ་ཡང་སྲེད་པ་ཡིན། དེ་འདོད་པ་ལས་བྱུང་བས་འདོད་པ་ཐམས་ཅད་རོ་མྱང་བ་ཆུང་ལ་ཉེས་དམིགས་ཆེ་བ་དང༌། ལས་དང་ཉོན་མོངས་པ་གཉིས་སྤངས་ན་སྡུག་བསྔལ་རྒྱུན་ཆད་པར་འགྱུར་བ་དང༌། ལས་དང་ཉོན་མོངས་པ་སྤོང་བའི་གཉེན་པོ་ཡང་འཕགས་པའི་ལམ་ཡིན་པ་རྣམས་ལ་བྱ། དེ་ལྟར་ཏིང་ངེ་འཛིན་དུ་གྱུར་པ་ན་འཕགས་པའི་བདེན་པ་བཞི་པོ་དེ་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུ་འབྲས་ཙམ་ཞིག་ལས། ལས་བྱེད་པ་པོ་དང༌། འབྲས་བུ་མྱོང་བ་པོ་དང༌། ལམ་སྒོམ་པ་པོ་དང༌།འབྲས་བུ་ཐོབ་པ་པོའི་བདག་མེད་པ་ཉིད་དུ་རྣམ་པར་ཕྱེ་བའི་ཤེས་རབ་ལ་བརྟེན་ནས། བདག་ལྟའི་རྩ་བ་ཅན་གྱི་ཉོན་མོངས་པ་རྣམས་སྤངས་པས་དེས་ཀུན་ནས་བསླང་བའི་ལས་མི་གསོག ལས་མ་བསགས་ན་འཁོར་བར་སྐྱེ་བ་མི་ལེན་པ་དེ་ལ་འགོག་པ་མངོན་དུ་བྱས་པའམ་མྱ་ངན་ལས་འདས་པ་ཟེར་བ་ཡིན་ཏེ། ཤ་ར་བའི་ཞལ་ནས། འཁོར་བ་སྡུག་བསྔལ་དུ་ཤེས་པ་དེ་སྡུག་བསྔལ་གྱི་བདེན་པ་ཡིན། དེ་ཡང་སྡུག་བསྔལ་ཙམ་ཡིན་གྱི་སྡུག་བསྔལ་ཅན་གྱི་བདག་མེད། དེ་རྒྱུ་ལས་དང་ཉོན་མོངས་པའི་ཀུན་འབྱུང་ལས་བྱུང་བ་ཡིན། དེ་ཡང་ཀུན་འབྱུང་ཙམ་ཞིག་ཡིན་གྱི་བྱེད་པ་པོའི་བདག་མེད། དེ་གཉིས་འགགས་པ་དེ་འགོག་པའི་བདེན་པ་ཡིན། དེ་ཡང་འགོག་པ་ཙམ་གྱི་འགོག་པ་པོའི་བདག་མེད། དེ་ལམ་བསླབ་པ་གསུམ་ལས་འབྱུང་བ་ཡིན་པས་ལམ་གྱི་བདེན་པ་ཡིན། དེ་ཡང་ལམ་ཙམ་ཞིག་ཡིན་གྱི་ལམ་སྒོམ་པ་པོའི་བདག་མེད་པས། བདེན་པ་བཞིའི་རྣམ་པ། མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པ། རྒྱུ། ཀུན་འབྱུང་བ། རབ་ཏུ་སྐྱེ་བ། རྐྱེན་གྱི་རྣམ་པ། འགོག་པ། ཞི་བ། གྱ་ནོམ་པ། ངེས་པར་འབྱུང་བ། ལམ། རིགས་པ། སྒྲུབ་པ། ངེས་པར་འབྱིན་པ་སྟེ། བདེན་པ་བཞི་ཆོས་བཅུ་དྲུག་ཏུ་སིལ་གྱིས་གང་ཟག་གི་བདག་མེད་པར་རྟོགས་ཙ་ན། རྒྱུན་ཏུ་ཞུགས་པའི་འབྲས་བུ་ནས་དགྲ་བཅོམ་པ་ཕུང་པོ་ལྷག་བཅས་དང༌། ལྷག་མེད་ཀྱི་བར་དུ་འཐོབ། དེའི་སྟེང་དུ་རྟེན་འབྲེལ་བསྒོམས་པས་རང་སངས་རྒྱས་ཀྱི་རྣམ་གྲོལ་འཐོབ། དེ་ལ་གྲུབ་པ་མཐའ་འཛིན་གྱི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་ཀུན་མྱ་ངན་ལས་འདས་པ་མི་སློབ་པའི་ཆོས་བཅུའམ། ཟག་པ་མེད་པའི་ཕུང་པོ་ལྔའི་རང་བཞིན་དུ་འདོད། མདོ་སྡེ་པ་མཚོ་ལ་འཁྱག་ཞུ་བའམ། ནམ་མཁའ་ལ་སྤྲིན་དེངས་པ་བཞིན་དུ་འདོད་དེ། འདུས་པ་རགས་པའི་དངོས་པོ་གྱེས་པ་ཙམ་ཡིན། སྐད་ཅིག་མ་དང་རྡུལ་ཕྲ་རབ་གཏོང་མི་ནུས། དེ་ལ་སྐྱེས་བུ་འབྲིང་ཟེར་བ་ལགས་གསུངས། དེ་ལྟར་སྐྱེས་བུ་འབྲིང་གི་མཚན་ཉིད་ལ་བདེན་པ་བཞིའི་ཚུལ་གྱིས་བསླབ་པ་འདི་ལ་སྡེངས་དམའ་བའི་ཞལ་ནས། བདེན་པ་བཞི་ལ་བཤད་པའི་གོ་རིམ་དང་སྒྲུབ་པའི་གོ་རིམ་གཉིས་ལས། བཤད་པ་ལྟར་ན་སྡུག་བསྔལ་ཤེས་བྱར་ཤེས། ཀུན་འབྱུང་སྤང་བྱར་གོ། འགོག་པ་མངོན་དུ་བྱ། ལམ་རྒྱུད་ལ་བརྟེན་ཞེས་འཆད། སྒྲུབ་པ་ལྟར་ན་ནད་པ་ནད་ཀྱིས་ཉེན་པ་ཞིག་སྨན་པ་མཁས་པ་ཞིག་ལ་བརྟེན་པ་ན། སྨན་པ་དེས་དང་པོར་ནད་ངོས་འཛིན། དེ་ནས་ནད་དེ་ལ་ཕན་པའི་སྨན་སྦྱོར། དེས་ནད་སོས་པས་བདེ་བ་རང་ཆས། དཔེ་དེ་བཞིན་དུ་འཁོར་བ་མཐའ་དག་སྡུག་བསྔལ་དུ་གོ་བའི་གང་ཟག་དེ་བླ་མ་ཞིག་ལ་བསྟེན་པས། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་གི་བདེན་པར་ངེས་བཟུང༌། དེ་སྤོང་བ་ལ་གཉེན་པོ་ལམ་བསླབ་པ་གསུམ་ཉམས་སུ་བླངས་པས། ཁམས་གསུམ་གྱི་སྡུག་བསྔལ་གཏན་ནས་བྲལ་བ་འགོག་པའི་བདེན་པ་སྟེ། དེ་ནི་སྒྲུབ་པའི་གོ་རིམ་མོ་གསུངས། དེ་ཡང་སྤྱིར་རིགས་ཅན་བྱང་ཆུབ་གསུམ་ལ་འགོད། རིགས་མེད་ལྷ་དང་མི་ལ་འགོད། གསུངས་པ་བཞིན་དུ་སྐྱེས་བུ་མཆོག་ལ་བཀྲི་བར་མི་ནུས་པའི་རིགས་ཅན་རྣམས་སོ་སོའི་ལམ་ལ་འགོད་པ་ལགས་པར་གདའ་ནའང༌། རང་གི་ངོ་བོ་ལ་སྐྱེས་བུ་ཆུང་འབྲིང་གཉིས་ཀྱང་སྐྱེས་བུ་མཆོག་ལ་བཀྲི་བར་བྱ་བའི་ཆེད་དུ་གསུངས་པ་ལགས་པས། ཤ་ར་བའི་ཞལ་ནས། འདིར་ཉན་ཐོས་རང་རྒྱུད་པའི་ལམ་གསུངས་པ་མ་ཡིན། ཐེག་པ་ཆེན་པོ་ལ་རིམ་གྱིས་ཁྲིད་པའི་མན་ངག་ཡིན་གསུངས། དེ་ལ་ཚན་ཅིག་སྐྱེས་བུ་ཆུང་འབྲིང་གཉིས་ཆེན་པོའི་དོར་བྱའམ་སྤང་བྱ་ཡིན། དེ་ཅིས་ན། ཆུང་ངུ་སྔར་ཡང་ཅི་ཙམ་ཐོབ་སྟཻ་ཡང་ཡང་བསླུས། འབྲིང་སྐྱེས་བུ་ཆེན་པོ་དང་གཉིས་འགལ་བ་ཡིན་ཟེར་བ་ཡོད་སྐད་དེ། ཇོ་བོའི་ཐུགས་དགོངས་ནི་མིན་གསུངས། འོ་ན་ཇི་ལྟར་ཡིན་ན་སྐྱེས་བུ་ཆུང་འབྲིང་དེ་གཉིས་མཆོག་གི་རྩ་ལག་གམ་རྩ་བ་ལྟ་བུ་ཡིན། ལམ་འོག་མ་གོང་མ་གོང་མའི་ཡན་ལག་ཡིན་སྐད། དེ་ལ་བརྟེན་ནས་མཁན་པོ་དཔལ་ལྡན་པ་བར་སྐབས་འདིར་སྐྱེས་བུ་གསུམ་གྱི་ཀོར་ལྡོག་ཅེས་པའི་མན་ངག་ཅིག་གསུང་བར་གདའ་སྟེ། དེ་གང་ཡིན་ན་སྐྱེས་བུ་ཆུང་ངུའི་རྟོགས་པ་ངན་སོང་གསུམ་གྱིས་འཇིགས་ནས་རྒྱུ་མི་དགེ་བ་སྤོང་བ་དེ་གོང་མ་གཉིས་ཀྱི་རྟེན་དུ་མེད་ཐབས་མེད་པས་སྤང་བྱ་མིན། འོ་ན་ཐམས་ཅད་ནས་ཁྱད་མེད་དམ་སྙམ་ན་དེ་ཉིད་ཙམ་གྱིས་ཆོག་པར་འཛིན་པའི་བློ་དེ་སྤང་བྱ་ཡིན། འབྲིང་དང་ཆེན་པོ་གཉིས་ཀྱང་ཐམས་ཅད་དུ་འགལ་བ་མིན་ཏེ། འབྲིང་གི་དུས་ན་འཁོར་བ་མཐའ་དག་སྡུག་བསྔལ་དུ་རྟོགས་པ་ཞིག་ཡོད་པ་དེ་ཆེན་པོའི་ཆ་ལག་རང་ཡིན། དེ་མེད་ན་ཆེན་པོའི་བསམ་པ་བསྐྱེད་དུ་རང་མི་བཏུབ། དེར་ཤེས་པས་ཆེན་པོའི་བསམ་པ་ཡང་དེ་ལ་བརྟེན་ནས་འབྱུང་སྟེ། འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པ་དེ་ཙམ་དུ་བདག་གིས་ཀྱང་འཁོར་བར་འཁྱམས་པས། དེ་ཙ་ན་སེམས་ཅན་ཐམས་ཅད་ཀྱིས་རང་གི་མ་མ་བྱས་པ་ནི་གཅིག་ཀྱང་མེད། མ་བྱས་རེས་ཀྱིས་ཕན་བཏགས་པས་ཤིན་ཏུ་ཡང་དྲིན་ཆེ་བའི་མ་རྒན་དེ་རྣམས་བདེ་སྐྱིད་དང་ལྡན་ན་རུང་བ་ལ་བདེ་བ་མེད་དེ་རང་ཉིད་སྡུག་བསྔལ་ས་དེར་སྡུག་བསྔལ་བས། འཁོར་བའི་ཉེས་དམིགས་ཤེས་པས་སྙིང་རྗེའི་ཡུལ་ཤེས་པར་ཡང་འབྱུང༌། འབྲིང་གི་རྟོགས་པ་དེ་མེད་པར་རང་གི་འཁོར་བ་ལ་བདེ་གནས་སུ་མཐོང་ནས་སེམས་ཅན་སྒྲོལ་བར་འདོད་ན་དེ་དགྲ་མིན་ན་ཅི་ཡིན་ཞེས་སུ་པུ་ཏོ་བས་གསུངས་སྐད། དེས་ན་སེམས་ཅན་བདེ་ས་ན་འདུག་པ་ལ་སྙིང་རྗེ་སྐྱེ་དོན་མེད། སེམས་ཅན་ལ་མའི་འདུ་ཤེས་མེད་ན་དེའི་སྡུག་བསྔལ་མི་བཟོད་པའི་བློ་མི་སྐྱེ། འཁོར་བ་སྡུག་བསྔལ་དུ་ཤེས་པ་དང་སེམས་ཅན་མར་ཤེས་པ་ལ་བརྟེན་ནས་རང་ཉམས་ལ་དཔགས་ནས་གཞན་སྡུག་བསྔལ་བ་ལ་མི་བཟོད་པ་འབྱུང་སྟེ། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། ཞེས་པ་ལྟ་བུ་འབྱུང་བས་ཆེན་པོའི་བསམ་པ་དེ་ཐམས་ཅད་ཆུང་འབྲིང་གི་རྟོགས་པ་ལ་རག་ལས། དེས་ན་ལམ་དངོས་སྐྱེས་བུ་ཆེན་པོའི་ཡིན་ཡང་དེའི་རྩ་བ་ཆུང་འབྲིང་གཉིས་ཡིན་པས། ཇོ་བོའི་བཀའ་བརྒྱུད་ཀྱི་གང་ཟག་དམ་པ་དེ་རྣམས་ཀྱིས་ཆུང་འབྲིང་གི་ཆོས་ལ་ཆོས་ཀྱི་རྩ་བ་ལྟ་བུ་མཛད་པས་ཆོས་པ་བདེན་ལ་ངེས་པ་ཚེ་འབྱུང་བ་དེ་འདིའི་གནད་ཡིན་གསུངས། དེ་ལྟར་རང་ཉིད་སྲིད་པ་ཐམས་ཅད་ལས་ཡིད་འབྱུང་བས་དེའི་རྒྱུ་སྤོང་བར་འདོད་པའི་བློ་རྣལ་མ་སྐྱེ་བར་སོང་ཙ་ན་ཐེག་པ་གཅིག་པ་ཉིད་དུ་བློ་སྦྱོང་དུ་འཇུག་པ་ཡིན་པས། དེ་ཡང་ཤ་ར་བའི་ཞལ་ནས། རང་ཉིད་འཁོར་བ་ལས་གཏན་ཐར་པ་ཡང་སངས་རྒྱས་མ་ཐོབ་པར་མེད་དེ། དེའི་རྒྱུ་མཚན་རྟོགས་བྱའི་མཚན་ཉིད་ནི་གཅིག་ལས་མེད་ལ། དེ་རྟོགས་པ་མཐར་མ་ཕྱིན་པར་ནི་དངོས་པོར་འཛིན་པ་དང་བཅས་པས་གཏན་ཐར་པ་མེད། རྟོགས་པ་མཐར་ཕྱིན་པ་ཡང་སངས་རྒྱས་ཁོ་ན་ཡིན། ཉན་ཐོས་དང་རང་རྒྱལ་བ་ལ་ཡང་ཐར་པ་ཡོད་པ་སྐད་བཤད་པ་ནི་གཡང་སའི་མུར་མ་ཕྱིན་པར་ནོར་ཅན་ཉིད་དུ་ཕྱིན་པར་མི་ནུས་པ་བཞིན་དུ། རེ་ཞིག་དེ་དག་གི་ལམ་དུ་མ་ཁྲིད་ན་ཐེག་པ་ཆེན་པོ་ལ་འཇུག་མི་ནུས་པ་དག་བཀྲི་བའི་དོན་དུ་རྒྱ་མཚོའི་དབུས་སུ་གྲུ་ཞིག་པའི་དུས་སུ་བར་དུ་བརྒྱ་བྱིན་གྱིས་གླིང་སྤྲུལ་པ་ལྟ་བུ་ཡིན་པས། བཅོམ་ལྡན་འདས་ཉིད་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་དག་ལས། ངས་ཐེག་པ་སྣ་ཚོགས་བསྟན་ན་སེམས་ཅན་ལ་ཉེ་རིང་ཅན་དང་ཆོས་ལ་སེར་སྣ་བྱེད་པར་འགྲོ། དེ་ལྟར་ན་སངས་མ་རྒྱས་པར་འགྲོ་བས་ཐེག་པ་སྣ་ཚོགས་བསྟན་པ་མེད་གསུངས། ཡུམ་ལས་ལམ་ཁུག་པ་དང་རྐྱང་པ་བྱ་བ་ཟེར་ཏེ། དེ་ལ་ནི་ཁུག་པ་ཟེར་ནས་ལན་གཉིས་སུ་བསྡབ་རྒྱང་བྱེད་དགོས་པ་མེད། ལན་གཅིག་ཉིད་ཡིན། ལམ་ཁུག་པ་བྱ་བ་ཉན་ཐོས་ཀྱི་ལམ་དུ་ཞུགས་ནས་འབྲས་བུ་ཐོབ་ཀྱང༌། ཡང་གཞི་ནས་ཐེག་པ་ཆེན་པོའི་ལམ་ལ་སློབ་དགོས་པ་དེ་ལ་ཟེར་བ་ཡིན། འོ་ན་ངེས་ལེགས་བྱང་ཆུབ་གསུམ་ཟེར་བས་ཉན་རང་གཉིས་ཀྱི་བྱང་ཆུབ་ཀྱང་འབྲས་བུ་མ་ཡིན་ནམ་སྙམ་ན། མཐར་ཐུག་གི་འབྲས་བུ་མ་ཡིན་ཏེ། ཉན་རང་གི་རིགས་ཅན་ཡིན་ཡང་བསོད་ནམས་བསགས་པའི་སྟོབས་ཀྱིས་ཐེག་ཆེན་གྱི་དགེ་བཤེས་དང་ཕྲད་ནས་ཚན་ཅིག་ཚོགས་ལམ་རང་ནས་ཐེག་ཆེན་དུ་འགྱུར། ཚན་ཅིག་ངེས་འབྱེད། མཐོང་ལམ། དགྲ་བཅོམ་པའི་ཕུང་པོ་ལྷག་བཅས་ལ་ཐུག་པར་བསྒྱུར་དུ་བཏུབ། ལྷག་མེད་ནས་བསྒྱུར་དུ་མི་བཏུབ་ཟེར་བའང་ཡོད་དེ། འདི་པའི་ལུགས་ཀྱིས་ལྷག་མེད་དུ་སོང་ནས་ཀྱང་བསྒྱུར་དུ་འདོད་དེ་སངས་རྒྱས་ཀྱིས་བསྐུལ་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་དུ་བཅུག དེ་ནས་གཞན་དོན་ལ་བློ་ཁད་ཀྱིས་ཁྲིད་ཚོགས་གསག་ཏུ་བཅུག་ནས་ཐེག་ཆེན་ལ་སྦྱོར་ཏེ། དེ་ལྟར་ཐེག་པ་དམན་པའི་འབྲས་བུ་ཐོབ་ནས་ཐེག་པ་ཆེན་པོའི་ལམ་བསྒྲུབས་ཙ་ན། དེ་དག་ཡང་དང་ཡང་དུ་ནི། །རང་སེམས་མངོན་དུ་འབྱུང་ལྡན་པས། །མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོགས་པ་བུལ་བ་ཡིན་པར་བརྗོད། །ཅེས་མདོ་སྡེ་རྒྱན་ལས་གསུངས་པ་བཞིན་དུ་ཡང་དང་ཡང་དུ་རང་སེམས་མངོན་དུ་འགྱུར་བས་རྟོགས་པ་བུལ་ཞིང་ཐེག་པ་ཐམས་ཅད་ཀྱི་མཇུག་སྡུད་དགོས་པས། དགེ་བཤེས་སྟོན་པའི་ཞལ་ནས། སོ་སོ་སྐྱེ་བོ་འཆིང་བ་མཐའ་དག་དང་ལྡན་པ་ཞིག་ཉན་ཐོས་སུ་སེམས་བསྐྱེད་ནས་དེའི་ལམ་བསྒྲུབས་པས། དགེ་འདུན་ཉི་ཤུ་ལས་གང་ཟག་ཅིག་ལ་ཅི་ཙམ་བཙིར་བཏུབ་པའི་གོང་མ་རེ་ཐོབ་ཀྱིན་བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་གི་སངས་རྒྱས་ཀྱི་བྱང་ཆུབ་ལས་རིང་དུ་འགྲོ་བར་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ནས་བཤད་ནས་ཡིད་ཀྱིས་ལྟོས་ཤིག་གསུང་སྐད་དེ། དེས་ན་དང་པོ་ཉིད་ནས་བྱང་ཆུབ་ཆེན་པོ་ལ་སེམས་བསྐྱེད་ནས་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་ཁོ་ན་རང་ཉིད་ཐར་པ་སྒྲུབ་པ་ལ་ཡང་ལམ་ཉེ་བ་ཡིན། རང་ཉིད་སངས་རྒྱས་སྒྲུབ་པ་ཡང་སེམས་ཅན་ལ་བརྟེན་དགོས་པ་དང༌། ཉན་ཐོས་ལ་གཏན་ཐར་ཡོད་ཁོངས་སུ་བཅུག་ན་ཡང་ཁམས་གསུམ་གྱི་སེམས་ཅན་ཕ་མ་བྱེད་བྱེད་པ་རྣམས་བོར་ནས་རང་ཐར་པ་སྒྲུབ་ན་དེ་ལས་ཁྲེལ་བོར་བ་མེད་པ་སྔར་བསྟན་པ་བཞིན་དུ་བསམ་གསུངས་ཤིང༌། དེ་ལྟར་ཐེག་པ་གཅིག་ཏུ་སྒྲུབ་པ་འདི་ཡང་རང་ཉན་ཐོས་བྱ་བ་ངན་ཏེ་མ་ཅིག་ཏུ་སོང་གིས་དོགས་ནས་སྒྲུབ་པ་མེད་ན། ཉན་ཐོས་ལ་གཏན་ཐར་ཡོད་ན་དེའི་ལམ་དུ་ཞུགས་ནས་མྱ་ངན་ལས་འདས་པ་ཐོབ་ན་གཞན་དོན་གཏན་དུ་རྒྱུན་འཆད། གཏན་ཐར་མེད་ཀྱང་གཞན་དོན་ལས་རིང་དུ་འགྲོ་བས་ཐེག་པ་གཅིག་ཏུ་སྒྲུབ་པ་ཡིན་ཏེ། དེ་གཉིས་ཀ་ལྟར་ན་སངས་རྒྱས་ཐོབ་དགོས་གསུངས་སོ། །

སྐྱེས་བུ་མཆོག་གི་མཚན་ཉིད།

ལམ་གྱི་སྒྲུབ་པའི་རྟེན་སྐྱེས་བུ་མཆོག་གི་མཚན་ཉིད་ནི། རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་ཏེ། སྔར་སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་སྐབས་སུ་རང་གི་རྒྱུད་ལ་ངན་སོང་དང་འཁོར་བའི་སྡུག་བསྔལ་གཏན་ལ་ཕབ་པས་དེ་དག་སྡུག་བསྔལ་ཉིད་དུ་རྟོགས་པའི་རྐྱེན་གྱིས་གང་ཟག་ངན་སོང་དང་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པས་རང་གི་ཉམས་ལ་དཔགས་ནས་སེམས་ཅན་གང་ཞིག་ངན་འགྲོ་དང་འཁོར་བའི་སྡུག་བསྔལ་མྱོང་བ་གཞན་གྱི་སྡུག་བསྔལ་ལ་ཡང་མི་བཟོད་པའི་སྙིང་རྗེས་དེ་དག་གི་སྡུག་བསྔལ་ཟད་པར་འདོད་ལ། དེ་ཡང་སྡུག་བསྔལ་ཕྱོགས་གཅིག་ཙམ་མ་ཡིན་པར་སྡུག་བསྔལ་གྱི་རྣམ་པ་ཀུན་ཟད་པར་འདོད་ཅིང༌། དེ་དག་འདོད་པ་ཁམས་ཀྱྀ་ལྷ་མི་ལ་བཀོད་པས་ངན་སོང་གི་སྡུག་བསྔལ་རེ་ཞིག་ཟད་པའམ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བདེ་བ་ལ་བཀོད་པའི་འཁོར་བའི་སྡུག་བསྔལ་ཟད་ཀྱང་ཐེག་པ་ཆེན་པོའི་ལམ་སྒྲུབ་པའི་འབད་པ་གཞི་ནས་བྱེད་དགོས་པ་ལྟ་བུ་རེ་ཞིག་པའི་སྡུག་བསྔལ་ཟད་པར་འདོད་པ་ཙམ་ཡང་མ་ཡིན་པར། སྡུག་བསྔལ་ཐམས་ཅད་ཡང་དག་པར་རྩ་བ་ནས་གཏན་ཟད་པའི་སངས་རྒྱས་ལ་འགོད་པར་སྙིང་ཐག་པ་རུས་པའི་ཁོང་ཀུན་ནས་འདོད་པའི་སྐྱེས་བུ་དེ་ནི་སྐྱེས་བུའི་གནས་སྐབས་གསུམ་ལས་སྐྱེས་བུ་མཆོག་ཅེས་བྱ་བ་ཡིན་ནོ། །ཞེས་པ་དེ་ལྟ་བུའི་སྐྱེས་བུའི་མཚན་ཉིད་ལ་སློབ་ཚུལ་ཀྱང་ཤ་ར་བ་ཆེན་པོས། རང་ཉིད་འཁོར་བ་ལས་ཐར་པས་མི་ཆོག་འགྲོ་བ་ཐམས་ཅད་ཕ་མར་ཤེས་ནས་སེམས་ཅན་ཐམས་ཅད་ཀྱང་འཁོར་བའི་སྡུག་བསྔལ་དེ་ལས་བསྒྲལ་བར་འདོད་ཙ་ན་སྐྱེས་བུ་རབ་ཟེར་བ་ལགས་ཏེ། བློ་དེ་ལྟ་བུ་ཞིག་ཡོད་ཙ་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱེད་པ་ཡིན་པར་གདའ། ཞེས་གོང་མོ་བའི་བགྲེས་པོ་ཀུན་ལ་གསུངས་པ་བཞིན་དུ། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་སྒྲོལ་བ་ལ་རང་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས། དེའི་རྒྱུ་བྱང་ཆུབ་ཀྱི་སེམས་ཡིན། དེ་སྙིང་རྗེ་ལས། དེ་བྱམས་པ་ལས། དེ་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ལས། དེ་སེམས་ཅན་ཐམས་ཅད་མར་ཤེས་པ་ལས་འབྱུང་བས། དེ་ཀུན་མས་ཞར་རིམ་གྱིས་སྒོམ་པ་སྟེ། དེ་ཡང་གནས་ལུགས་སྒོམ་པ་ཡིན་གྱི་ཀུན་བརྟགས་མ་ཡིན་པ་ཇོ་བོའི་ཞལ་ནས། འཁོར་བ་ཐོག་མ་མེད་པའི་མདོ་ལས་སེམས་ཅན་རེ་རེས་རེ་རེའི་མ་བྱས་པའི་མཐའ་ཡང་ས་ཆེན་པོ་རྒྱ་ཤུག་གི་ཚིག་གུ་ཙམ་དུ་བྱས་པའི་གྲངས་པས་ཀྱང་མང་བར་གསུངས། ཕ་ལ་སོགས་པ་བྱས་པ་ཡང་དེ་དང་འདྲ། མདོ་དེ་བོད་དུ་མ་འགྱུར། རྣལ་འབྱོར་སྤྱོད་པའི་ས་ཀུན་དེའི་དོན་བཞུགས་གསུངས། དེ་ལྟར་ཉེ་ཐུ་བྱས་པའི་དུས་ན་དྲིན་ཇི་ལྟར་ཆེ་བ་རྣམས་ཀྱང་བསྒོམས་ནས་སེམས་ཅན་ཐམས་ཅད་ལ་བྱས་པ་ཤེས་ཤིང་བྱས་པ་དྲིན་དུ་གཟོ་བའི་རྩ་བ་ལས་བྱུང་བའི་བྱམས་པ་སྒོམ་སྟེ། དེ་ཡང་བླ་མ་གསེར་གླིང་པ་ནས་བརྒྱུད་པའི་མན་ངག་གིས་བྱམས་པ་སྐྱེ་སླ་རིམ་ནས་སྒོམ་པ་ཡིན་པས་དང་པོ་རྩ་བའི་མ་ནས་བརྩམས་ཏེ་རིམ་པས་དམིགས་པ་རྒྱ་བསྐྱེད་ཅིང་སྒོམ་པ་ལ་ཐོག་མར་འདི་སྙམ་དུ་རང་གི་མ་འདིས་དང་པོ་བདག་སྐྱེས་མ་ཐག་ཙ་ན་འབུ་སྲིན་ཁོ་ན་འདྲ་བའི་རང་གི་སྐེ་རང་མི་ཐུབ། བླ་འོག་རང་མི་འཕོས། ཁ་ལག་རང་ཡང་མི་འབྱོར་བ་ཞིག་ཆེ་གཡག་ཙམ་དུ་བསྐྱེད། འཛམ་བུ་གླིང་བཀྲ་བར་བསྟན། དེ་ནས་དྲང་སྲོང་སྤྱིལ་བུ་ནས་བྱུང་བའམ་སྦྲུལ་ཀོགས་ནས་བྱུང་བ་བཞིན་དུ་ཅི་ཡོད་ཐམས་ཅད་བུ་ལ་སངས་ཀྱིས་བྱིན་ནས་མ་རང་སྒོ་ཁང་འདྲ་བ་རེར་སྐུམ་སྐུམ་སྡོད་པ་ཚུན་ཆད་བསམས་ལ་མ་དེ་ལ་གཅེས་པར་འཛིན་པའི་བློ་ཞིག་ཅི་སྐྱེ་བྱ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་རང་གི་མ་བྱས་ནས་དེ་ལྟར་བསྐྱངས་པ་དང༌། ཕ་ལ་སོགས་པ་ཀུན་གྱིས་ཀྱང་རང་གནོད་པ་སྣ་ཚོགས་ལས་བསྲུངས་ཤིང་ཕན་པ་སྣ་ཚོགས་ཀྱིས་བསྐྱངས་པའི་དྲིན་དྲན་པར་བྱས་ལ་གཅེས་པར་འཛིན་པའི་བློ་བསྐྱེད། དེ་ལྟར་བྱམས་པ་བསྒོམས་པས་འདོད་པ་བདེ་བ་འདོད་པའི་སེམས་ཅན་འཁོར་བ་ན་སྡུག་བསྔལ་དཔག་ཏུ་མེད་པ་དང་ལྡན་པར་འདུག་པ་ལས། རང་གི་ཉམས་ལས་དཔག་བྱས་ནས། །ཕ་རོལ་སྡུག་བསྔལ་དེ་མི་བཟོད། །ཅེས་པའི་ཚུལ་གྱིས་སྙིང་རྗེ་སྒོམ་སྟེ། དེ་ཡང་ཐེག་པ་ཆེན་པོའི་མདོ་སྡེ་དག་ལས། ད0ེ་མང་པོས་གཏན་ལ་དབབ་པ་གསུངས་པ་ནི། འཕགས་པ་བློ་གྲོས་རྒྱ་མཚོའི་མདོ་ལས། ཁྱིམ་བདག་གི་བུ་གཅིག་སྡུག་པ་ཡིད་དུ་འོང་བ་མི་གཙང་བའི་དོང་དུ་ལྷུང་བའི་དུས་ན། དེའི་མ་དང་རྩ་ལག་གཞན་ཀུན་དེ་མ་བཟོད་པས་བྲང་བརྡུང་ཆོ་ངེས་འདེབས་དོང་ཁ་སྐོར་བ་དག་ཏུ་བྱེད་ཀྱང༌། རང་དོང་དེར་ཞུགས་ནས་དེ་འབྱིན་པར་མི་ནུས། ཕ་གང་ཡིན་པ་དེ་ངུ་བ་ལ་སོགས་པ་མི་བྱེད་པར་དོང་དུ་ཞུགས་ནས་བུ་འབྱིན་པ་ལྟར། ཉན་ཐོས་དང་རང་རྒྱལ་བ་དག་ལ་ཡང་སེམས་ཅན་འཁོར་བ་མི་གཙང་བའི་དོང་ལྟ་བུ་ན་གནས་པ་ལ་མི་བཟོད་པ་ཙམ་ཡོད་ཀྱང༌། རང་འཁོར་བར་གནས་ནས་སེམས་ཅན་གྱི་དོན་བྱེད་པར་མི་ནུས། བྱང་ཆུབ་སེམས་དཔའ་འམ་ཐེག་པ་ཆེན་པོའི་རིགས་ཅན་དུ་གྱུར་པ་དག་འཁོར་བ་མི་གཙང་བའི་དོང་ལྟ་བུར་མཁྱེན་ཡང༌། སེམས་ཅན་བུ་གཅིག་སྡུག་པ་ཡིད་དུ་འོང་བ་ལྟ་བུ་རྣམས་འཁོར་བ་མི་གཙང་བའི་དོང་འདྲ་བ་ན་གནས་པ་ལ་མ་བཟོད་པའི་སྙིང་རྗེས་འཁོར་བར་གནས་ནས་སེམས་ཅན་གྱི་དོན་བྱེད་པར་གསུངས་པ་དང༌། རྒད་པོ་བུ་སྟོར་གྱི་ལེའུ་ལས། ཕ་སྤད་གཉིས་འབྲོག་དགོན་པར་འཁྱམས་པ་ལས་ཕས་ལམ་རྙེད་ནས་རྐང་པ་ཡ་གཅིག་རང་གི་ཐེམ་པའི་ནང་དུ་ཚུད། ཡ་གཅིག་བསྡོགས་པས་ཆོག་པའི་དུས་ན་བུ་དྲན་ནས་སླར་འབྲོག་དགོན་པར་བུ་ཚོལ་དུ་སོང་བ་བཞིན་དུ། སྲིད་པ་ཐམས་ཅད་འབྲོག་དགོན་པ་ལྟ་བུར་ཤེས་ནས་དེས་ཡིད་འབྱུང་བའི་བློ་སྐྱེས་པས། རང་གི་རྣམ་གྲོལ་སྒྲུབ་པ་ལ་ཡ་གཅིག་བསྡོགས་པས་ནང་དུ་ཚུད་པའི་ཚོད་དུ་འདུག་པ་ཡིན་ཏེ། དེའི་དུས་ན་བུ་དང་འདྲ་བའི་སེམས་ཅན་འཁོར་བ་འབྲོག་དགོན་པ་དང་འདྲ་བ་ན་འཁྱམས་པ་ལ་མ་བཟོད་པས།འཁོར་བའི་འབྲོག་དགོན་པར་ཞུགས་ནས་སེམས་ཅན་གྱི་དོན་བྱེད་པར་གསུངས་པ་དང༌། ཁང་པ་མེ་འབར་བ་རླུང་གིས་བུས་པའི་ལེའུ་ལས། ཁང་པ་མེ་འབར་བ་རླུང་གིས་བུས་པའི་ནང་ནས་བྲོས་པས་རྐང་པ་ཡ་གཅིག་ཕྱིར་ཐོན། ད་ཡ་གཅིག་བསྡོགས་པས་ཐར་པ་ན་བུ་སྨད་ཤུལ་དུ་ལུས་པ་དྲན་ནས་སླར་དེ་ཉིད་དུ་ཞུགས་ཏེ་བུ་སྨད་འདོན་པ་བཞིན་དུ། སྲིད་པ་ཐམས་ཅད་ཁང་པ་མེ་འབར་བ་རླུང་གིས་བུས་པ་དང་འདྲ་བར་ཤེས་ནས་དེ་ལས་ཡིད་བྱུང་བའི་བློ་སྐྱེས་པས་རང་གི་རྣམ་གྲོལ་སྒྲུབ་པ་ལ་རྐང་པ་ཡ་གཅིག་བསྡོགས་པས་ཕྱིར་ཐོན་པའི་ཚོད་དུ་འདུག་སྟེ། དེའི་དུས་ན་བུ་སྨད་དང་འདྲ་བའི་སེམས་ཅན་འཁོར་བ་ཁང་པ་མེ་འབར་བ་རླུང་གིས་བུས་པ་དང་འདྲ་བའི་ནང་ན་སྡུག་བསྔལ་བ་ལ་མ་བཟོད་པའི་སྙིང་རྗེས་འཁོར་བ་དེ་ཉིད་དུ་ཞུགས་ནས་སེམས་ཅན་འདོན་པར་གསུངས་ལ། ཡང་རྩ་བའི་ཚིག་རྐང་དང་པོ་དེ། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །ཞེས་འདོན་པ་ལྟར་ན། བྱང་ཆུབ་སེམས་དཔའ་རང་གཅིག་པུའི་རྒྱུད་དུ་གཏོགས་པའི་སྡུག་བསྔལ་འཁོར་བ་མ་སྟོངས་ཀྱི་བར་དུ་ཉམས་སུ་བླངས་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཟད་པར་བྱ་འདོད་པ་སྟེ། དོན་དེ་ཉིད་འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་མདོ་དང་བློ་གྲོས་མི་ཟད་པའི་མདོ་ལས། གླིང་བཞི་པའི་སེམས་ཅན་རང་རང་ལ་འོད་ཡོད་པ་ཡང་མ་ཡིན། རེ་རེའི་མདུན་དུ་ཉི་མ་རེ་རེ་འཆར་བ་ཡང་མ་ཡིན། ཉི་མའི་དཀྱིལ་འཁོར་གཅིག་ཤར་བས་གླིང་བཞི་པའི་སེམས་ཅན་ཐམས་ཅད་ཀྱི་མུན་པ་སེལ་བར་བྱེད། རང་གི་བྱ་བ་ལ་འཇུག་པར་བྱེད། ལོ་ཐོག་སྨིན་པ་ལ་སོགས་པ་བྱེད་པ་བཞིན་དུ། སེམས་ཅན་ཐམས་ཅད་རང་རང་གིས་ཐར་པར་ནུས་པ་ཡང་མ་ཡིན། རེ་རེའི་མདུན་དུ་བྱང་ཆུབ་སེམས་དཔའ་རེ་རེ་བྱོན་ནས་དོན་མཛད་པ་ཡང་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་བདག་ཉིད་གཅིག་པུ་གཉིས་སུ་མེད་པའི་སེམས་ཅན་གྱི་དོན་བྱ་ཞིང་ཐར་པ་ལ་དགོད་པར་བྱའོ། །ཞེས་གོ་གྱོན་ཞིང་དམ་བཅའ་བ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གནས་ལུགས་ཡིན། བྱང་ཆུབ་སེམས་དཔའ་ཟླ་ལྟར་ཞིང་གཞན་ལ་སྐབས་འབྱེད་པ་མ་ཡིན། བྱང་ཆུབ་སེམས་དཔའ་འདོད་ཆེན་པ་མ་ཡིན་པ་འཕགས་པ་འཇམ་དཔལ་གྱི་ཞལ་བཞེས་ཀྱང་འདི་བཞིན་དུ་ཡིན་པས། རང་ཅག་ཀྱང་དེ་བཞིན་དུ་བློ་སྦྱོང་དགོས་པ་ཡིན་ཏེ། ཝ་ནི་གླང་ཆེན་དྲེགས་པ་ཡི། །ཀླད་པ་བགམ་ཞིང་གཞོམ་མི་སེམས། །གདོལ་བ་རྒྱ་མཚོའི་མཐའ་ཀླས་པའི། །ས་ཡི་དཀྱིལ་འཁོར་བསྐྱང་མི་སེམས། །བགྱི་བས། དེ་གཉིས་ཀྱི་བློ་གང་ལ་འབྱུང་ན། སེངྒེའི་ཕྲུ་གུ་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྲས་ལ་འབྱུང་བ་ཡིན། དེ་བཞིན་དུ་སྔ་མ་ལྟ་བུའི་བློ་སྐྱེ་ཞིང་ནམ་མཁའི་མཐའ་ཁྱབ་པའི་སེམས་ཅན་གླང་པོ་ཆེ་དྲེགས་པ་དང་འདྲ་བའི་དམུ་རྒོད་གདུལ་དཀའ་བ་རྣམས་འཁོར་བ་ལས་བསྒྲལ་ནས་རྫོགས་པའི་སངས་རྒྱས་ལ་འགོད་པར་འདོད་པའི་བློ་སྐྱེ་བ་ཡང་ཐེག་པ་ཆེན་པོའི་རིགས་ཅན་དུ་གྱུར་པ་ཞིག་དགོས། རིགས་ཀྱང་སྐྱེ་མཆེད་དྲུག་གི་ཁྱད་པར་ལ་གསུངས་པ་དང༌། ཆོས་ཉིད་ལ་གསུངས་པ་དང༌། དགེ་བའི་རྩ་བ་ལ་གསུངས་པ་མང་དུ་ཡོད་པ་ལས། སྐྱེ་མཆེད་དྲུག་གི་ཁྱད་པར་གཏན་ཟུག་ཅིག་ཡོད་པ་ཡང་མ་ཡིན། ཆོས་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་སྟེ། དེ་ཡོད་པ་ཙམ་གྱིས་བྱང་ཆུབ་ཀྱི་སེམས་སྐྱེ་བའི་རྒྱུར་མི་འགྱུར་བས། དེ་ལ་དང་པོར་རིགས་ནུས་པས། །སྙིང་རྗེའི་ས་བོན་རབ་སད་ཅིང༌། །སྦྱོར་དང་བསམ་པ་ཕུན་ཚོགས་པ། །བྱང་ཆུབ་སེམས་ནི་ཡོངས་སུ་བཟུང༌། །ཞེས་པའི་ཚུལ་གྱིས་རིགས་སད་པ་ཞིག་དགོས། དེ་ལ་སྐྱེ་བ་མང་པོའི་གོང་རོལ་ནས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་ཅིང༌། སྐྱེས་བུ་གསུམ་གྱི་རིམ་པས་བློ་སྦྱངས་ལ། བསོད་ནམས་དཔག་ཏུ་མེད་པ་བསགས་པ་ཞིག་དགོས་པས་དགེ་བའི་རྩ་བ་ལ་རིགས་སུ་གསུངས་པ་དེ་ཁོ་ན་ངེས་དོན་ཡིན། རིགས་སད་པའི་ཚོད་ཀྱང༌། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་པའི་ཚུལ་གྱིས་རྟགས་འབྱིན་ནུས་པ་ཡིན། མདོར་ན་ཐེག་པ་ཆེན་པོའི་རིགས་ཀྱི་གཙོ་བོ། སྙིང་བརྩེ་བ་ཕུན་སུམ་ཚོགས་པ་དང༌། སྙིང་སྟོབས་ཕུན་སུམ་ཚོགས་པ་དང༌། གཞན་དོན་བྱེད་པ་ལ་མཁས་པའི་ཤེས་རབ་ཕུན་སུམ་ཚོགས་པ་གསུམ་དང་ལྡན་པ་ཞིག་ལ་ཟེར་བ་ཡིན་པས་སྔར་བསྟན་པ་བཞིན་དུ་བློ་སྦྱངས་པས། ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེས་ཁྱབ་པ་མེད་པར་བདེ་བ་ཆེན་པོ་རང་དོན་དུ་ཐོབ་པར་འདོད་ན་ཡང་ཉན་ཐོས་སུ་ཆ། རང་དོན་དུ་སངས་རྒྱས་ཐོབ་པར་འདོད་ན་ཡང་རང་སངས་རྒྱས་སུ་ཆ་བ་ཡིན་ཞེས་དགེ་བཤེས་སྟོན་པས་གསུང་སྐད། པུ་ཏོ་བས་སྒོམ་པ་བྱང་འབྱུང་བྱ་བ་ཞིག་ལ་སེམས་བསྐྱེད་གནང་བའི་དུས་ན་ཡང༌། སྙིང་རྗེས་རྒྱུད་ཅུང་སྣུམ་པའམ་བརླན་པ་འདྲ་བ་ཡོད་ཀྱང༌། བསོད་ནམས་དཔག་ཏུ་མེད་པ་བསགས་པའི་སྒོ་ནས་སྙིང་སྟོབས་ཕུན་སུམ་ཚོགས་པ་མེད་པར་དུས་འཁོར་བ་ན་གནས་པའི་སེམས་ཅན་གཅིག་ཀྱང་མ་ལུས་པར་ཐར་པ་ལ་མ་བཀོད་ཀྱི་བར་དུ་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱི་ཁུར་ཁྱེར་ནུས་པ་མི་ཡོང༌། སྙིང་རྗེ་ཉིད་ཀྱང་ཉམས་ཏེ་ཆ་བའི་ཉེན་ཡོད་པ་ཡིན། དེ་གཉིས་ཡོད་ཀྱང་གཞན་དོན་བྱེད་པ་ལ་མཁས་པའི་ཤེས་རབ་མེད་ན་གཞན་དོན་ཕྱིན་ཅི་མ་ལོག་པ་སྒྲུབ་པར་མི་ནུས་པས་ན་དེ་གསུམ་ཆར་ཚོགས་དགོས་པ་ཡིན་གསུངས་པས། ད་ལྟ་རང་ཅག་ཐེག་པ་ཆེན་པོའི་རིགས་ཅན་དུ་གྱུར་ནས་བྱང་ཆུབ་ཀྱི་སེམས་དངོས་སུ་སྐྱེས་པའི་བློ་ཚོད་དུ་ཕྱིན་པའང་དཀའ་སྟེ། པུ་ཏོ་བ་ཞུ་མཁན་བྲག་ཏུ་བཞུགས་ཙ་ན་ཀ་མ་བ་ཡང་དེར་བྱོན། ནུབ་ཅིག་ཞུགས་ངོགས་ན་བཞུགས་པ་ལ་ཀ་མ་བས། སློབ་དཔོན་པས་ཅི་ཡང་མི་ཡོང་ཁོ་ན་གསུངས་པས་དེས་ཞུམ་ནས་སླར་གནོད་པར་ཡང་མཆི་བར་གདའ་བས། ཨེན་རེ་གཟེངས་བསྟོད་པ་ཡང་གསུང་བར་ཞུ་གསུངས་པ་ལ། མ་མཉེས་པར་ཨ་གསུངས་ནས་རང་ཅག་ལ་ཡབ་སྲས་མཇལ་བའི་མདོ་བཞིན་དུ་བྱས་ནས། མི་ནས་ཡོང་བ་ཡང་མེད་ན་ལྷ་ནས་ཡོང་བ་ལྟ་ཅི་སྨོས། ངན་སོང་གསུམ་དུ་འཁྱམ་འཁྱམ་ནས་རྒྱ་ལ་ལན་གཅིག་མི་ལུས་ཐོབ་པའི་དུས་འདིར་ཡང་བསམ་པ་ལེགས་མོར་སྦྱངས་ན་བྱང་ཆུབ་ཀྱི་སེམས་སྐྱེད་རུང་བྱས་ན་དེ་གཟེངས་བསྟོད་པ་མིན་ནམ། སྐྱེ་བ་འདི་ཉིད་ལ་སངས་རྒྱས་བྱ་བ་ཞིག་འདོད་དམ་གསུངས་པས། རང་ཅག་མནན་ད་ལྟ་ལ་བྱེད་པ་བཞིན་དུ་རིགས་འཕྲལ་འཕྲལ་ལ་བྱེད་དགོས་པས། མ་འོངས་པ་ན་ཐེག་པ་ཆེན་པོའི་རིགས་ཅན་དུ་གྱུར་ནས་སེམས་བསྐྱེད་གཤའ་མར་སྐྱེ་ནུས་པའྀ་ས་བོན་ཐེབས་པར་བྱ་བའི་དོན་དུ་བྱམས་པ་དང་སྙྀང་རྗེ་དུས་རྟག་ཏུ་སྦྱངས་ཤིང་རྒྱ་ཆེན་པོའི་ས་བོན་ཅི་ཐེབས་བྱ། ཡུམ་ལ་ཆོས་སྤྱོད་བཅུའི་སྒོ་ནས་སྒྲུབ་པ་ནུས་པ་ཡོད་ཚད་བྱ་ཞིང་ཟབ་མོའི་ས་བོན་ཅི་ཐེབས་བྱ། རང་ཅག་དང་པོ་ནས་ཡུམ་གྱི་སྙིང་པོ་ལ་ཀན་ཕབ་པས་བར་དུ་མ་གུས་པའི་ཉེས་དམིགས་ཀྱང་འབྱུང་སྟེ། ནམ་ཞིག་ན་ཐར་པའི་ས་བོན་དུ་ནི་འགྲོ་བ་ཡིན། དེ་ལྟར་སྲིད་སྲུང་འདོན་པ་ལྟར་སྣང་ཡང་བྱང་ཆུབ་སེམས་དཔའ་ལ་རྨ་འབྱིན་པ་དང༌། དམ་པའི་ཆོས་སྤོང་བ་ལ་སོགས་པ་དྲུག་པོ་ཀུན་ལ་ཟོན་མ་བྱས་ན་རིགས་ཀྱི་ཆ་ཤས་ཅུང་ཟད་ཡོད་པ་དག་ཀྱང་སུན་འབྱིན་ཞིང༌། དཀར་པོའི་ས་བོན་ཐམས་ཅད་བདར་ཆགས་བྱེད་ཉེན་ཡོད་པས་དེ་དག་ལ་ཟོན་ཆེར་བྱ། ཆོས་ཨ་མ་ན་སི་ལ་ཡང་འཇུག་པའི་དོན་ཡང་མེད་ལ་སྤང་བའི་ཆེད་ཀ་ཡང་མི་ཆེ་བས་བཏང་སྙོམས་སུ་བྱ། ཉོན་མོངས་གོམས་དང་གྲོགས་ངན་དང༌། །ཕོངས་དང་གཞན་གྱི་དབང་ཉིད་དེ། །མདོར་ན་རིགས་ཀྱི་ཉེས་པ་ནི། །རྣམ་པ་བཞིར་ནི་ཤེས་པར་བྱ། །ཞེས་པའི་ཉེས་དམིགས་རྣམས་སྦྱངས་ཏེ། ཉོན་མོངས་པ་གང་ཤས་ཆེ་བའི་གཉེན་པོ་སྒོམ། གྲོགས་ངན་སྤོང་ཞིང་བཟང་པོ་ལ་བརྟེན། ཕོངས་པར་མི་འགྱུར་བར་བྱ་བའི་དོན་དུ་དཀོན་མཆོག་ལ་ཆུ་ཕོར་བུ་རེ་དབུལ་བ་ཚུན་ཆད་སྦྱིན་པ་ལ་ནན་ཏན་བྱ། དད་པས་བྱིན་པ་ལ་ལོག་པར་ལོངས་སྤྱད་པ་དང་བདག་གི་དོན་དུ་གཞན་བཀོལ་བ་ལ་སོགས་པ་གཞན་གྱི་དབང་དུ་འགྱུར་བའི་རྒྱུ་དག་སྤང༌། ཞེས་ཤ་ར་བས་གསུངས་ཏེ། དེ་རྣམས་ཀྱིས་སྒྲུབ་པའི་རྟེན་སྐྱེས་བུ་གསུམ་གྱི་མཚན་ཉིད་ལ་བསླབ་པ་བཤད་དོ། །

༤༽ སྒྲུབ་པ་ཉམས་སུ་བླངས་པའི་ཐབས་མདོར་བསྟན་པ།

སྒྲུབ་པ་ཉམས་སུ་བླངས་པའི་ཐབས་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ཀྱི། དང་པོ་ནི། སེམས་ཅན་དམ་པ་བྱང་ཆུབ་མཆོག །འདོད་པར་གྱུར་པ་དེ་དག་ལ། །བླ་མ་རྣམས་ཀྱིས་བསྟན་པ་ཡི། །ཡང་དག་ཐབས་ནི་བཤད་པར་བྱ། །ཞེས་གསུངས་ཏེ། སྲིད་པ་ཐམས་ཅད་སྡུག་བསྔལ་དུ་ཤེས་པས་འཁོར་བ་ལ་མི་གནས་ཤིང༌། རང་གི་ཉམས་ལ་དཔགས་ནས་སེམས་ཅན་འཁོར་བ་ན་འཁྱམས་པ་ལ་མི་བཟོད་པའི་སྙིང་རྗེས་སེམས་ཅན་གྱི་སྡུག་བསྔལ་ཟད་པར་བྱ་བའི་དོན་དུ་འཁོར་བ་མི་འདོར་བས། མྱ་ངན་ལས་འདས་པ་ལ་མི་གནས་པའི་བསམ་པ་ཅན་ཐེག་པ་ཆེན་པོའི་རིགས་ཅན་དུ་གྱུར་པའི་སེམས་ཅན་དམ་པ་སེམས་ཅན་གཞན་འཁོར་བ་ལས་གཏན་ཐར་པའི་རྫོགས་པའི་བྱང་ཆུབ་ལ་འགོད་པ་ལ་རང་ཉིད་ཀྱིས་དེ་ལྟ་བུའི་འཕྲིན་ལས་མཛད་སྤྱོད་པའི་སངས་རྒྱས་ཐོབ་དགོས་པར་ཤེས་པས། འབྲས་བུ་བྱང་ཆུབ་ཀྱི་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འདོད་པར་གྱུར་པ་དེ་དག་ལ་བླ་མ་དམ་པ་གསེར་གླིང་པ་ལ་སོགས་པ་རྣམས་ཀྱིས་ཇོ་བོ་ཉིད་ལ་ཇི་སྐད་དུ་བསྟན་པ་ཡིན། ཡང་དག་པའི་ཐབས་ཐེག་པ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དང༌། གསང་སྔགས་ཀྱི་ཚུལ་ཕྱིན་ཅི་མ་ལོག་པ་དག་ནི་བཤད་པར་བྱ་ཞེས་པ་སྟེ། དེ་ལ་ཤ་ར་བའི་ཞལ་ནས། ཇོ་བོ་རིག་པའི་གནས་ཐམས་ཅད་ལ་སློབ་དཔོན་གྱི་གོ་འཕང་བརྙེས་པ་ལ་སོགས་པ་སྔར་བསྟན་པའི་ཡོན་ཏན་དེ་སྙེད་མངའ་བ་ཡང་ཀ་ཁ་རང་ཡང་ངོས་མི་ཤེས་པ་ཞིག་བླ་མས་ཁ་སློབ་བྱས་པ་འགའ་ལ་རྟེན་པ་སྐད་གསུངས་བ་འདི་ཀུན་ཡང་རང་ཅག་ལ་ཡོན་ཏན་དང་བདེ་བ་ཇི་སྙེད་སྐྱེས་པ་ཐམས་ཅད་བླ་མའི་བཀའ་དྲིན་ཡིན་པས་དེ་ལྟར་ཤེས་ནས་བླ་མ་ལ་བཀའ་དྲིན་རྗེས་སུ་གཟོ་བ་ཡོད་ན་དེ་དག་མ་སྐྱེས་པ་སྐྱེ་ཞིང་སྐྱེས་པ་མི་ཉམས་པར་གོང་ནས་གོང་དུ་འཕེལ། དེ་ལྟར་ཤེས་པ་མེད་པར་རང་སྒོ་ལས་བྱུང་བའམ་ཁ་རྗེ་དང་སྟེས་དབང་ཙམ་དུ་བྱེད་པ་ལ་དེ་དག་སྐྱེ་བ་ཡང་མི་ཡོང༌། སྔར་ཅུང་ཟད་སྐྱེས་པ་ཡོད་ན་ཡང་ཉམས་པར་འགྱུར་བ་ཞིག་ཏུ་བསྟན་པའི་མན་ངག་ཡིན། དེ་བས་ན་ཡོན་ཏན་དང་བདེ་ལེགས་ཐམས་ཅད་བླ་མའི་བཀའ་དྲིན་དུ་ཤེས་པ་ཁམ་པ་ལུང་པ་བཞིན་དུ་བྱེད་དགོས་པ་ཡིན་ཏེ། པུ་ཏོ་བ་འདས་པའི་དུས་མི་ཐམས་ཅད་དེར་བྱའོ། །མི་མང་བའི་སྟོབས་ཀྱིས་ཀ་ཆ་སྤན་སྤུན་ཕྱག་ཏུ་རྙེད་པས། ཁོང་རང་གིས་ཕྱག་རིས་མཛད་དགེ་བཤེས་སྟོན་པའི་ཕྱག་དཔེ་ལ་འབྲུ་ཐུག་མཛད་པའི་བརྒྱད་སྟོང་པས་སྣ་དྲངས་པའི་འབུལ་བ་མང་པོ་དགེ་བཤེས་སྡེངས་པ་ལ་བརྫངས་ནས་རྭ་སྒྲེང་དུ་འབུལ་དུ་བཏང༌། ཤོག་འཕྲིན་གྱི་དབུར། དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་གྱིས་དངོས་ངན་པ་ཡང་འཚོ་བ་ངན་ཕྱིད་ཙམ་དུ་མཆིས་བྱ་བ་བྲིས། དགེ་བཤེས་སྟོན་པས་གདན་བཤམས། མཎྜལ་དང་མེ་ཏོག་ཕུལ་ནས་དངོས་སུ་བཞུགས་པས་གཏམ་བཤད་མཛད་པ་བཞིན་དུ་མཛད། ད་ལྟ་ཡོན་ཏན་སྐྱེས་པ་དང་ཅི་ཡང་མེད་དེ། ཅུང་ཟད་སྐྱེས་ཀྱང་བླ་མའི་བཀའ་དྲིན་ཡིན་བྱ་བ་ཁ་ནས་མི་ཐོན་པར། གནམ་ནས་བྱུང་བ་བཞིན་དུ་བྱེད་པ་ལ་ཡོན་ཏན་ཕྱི་མ་སྐྱེ་བ་ཡང་མི་ཡོང་ལ་སྔར་གྱི་ཅུང་ཟད་པོ་དེ་ཡང་ཉམས་ཏེ་ཆ་བ་རྟེན་འབྲེལ་གྱི་ཆེ་བ་ཡིན། དེ་ལྟར་ཡིན་པ་ཡང་ཅིས་ཤེས་ན། རིགས་ངན་གྱི་རྣལ་འབྱོར་པ་ཞིག་ལ་རྫུ་འཕྲུལ་གྱིས་བྱང་གི་སྒྲ་མི་སྙན་ནས་ཤིང་ཐོག་ལེན་ནུས་པའི་མན་ངག་ཡོད་པས། དེས་དེ་ནས་ཤིང་ཐོག་བླངས་ཀྱིན་རྒྱལ་པོ་ལ་ཡང་དབུལ། རང་ཡང་ལོངས་སྤྱོད་པ་ན། བྲམ་ཟེ་ཞིག་ཀྱང་དེ་བཞིན་དུ་བྱེད་པར་འདོད་ནས་དེ་ལ་དེའི་མན་ངག་ཞུས་པ་ལ། འདི་རིགས་བཟང་པོའི་ང་རྒྱལ་གཅོག་ཏུ་མི་འདོད་པས་མན་ངག་བྱིན་ཡང་རྫུ་འཕྲུལ་མི་འཐོབ་སྙམ་ནས་མ་བྱིན་ཟེར་ཏེ། དེ་ཀུན་ཡང་མན་ངག་ཁོ་ན་ཡིན། ང་རྒྱལ་མི་གཅོག་ཅིང་བླ་མ་ལ་དད་གུས་མེད་པ་ལ་ཡོན་ཏན་ཅི་ཡང་མི་སྐྱེ་བ་དགེ་བཤེས་སྟོན་པས་ལྷབ་སྟོན་ལ་ཇོ་བོ་སྟོན་པ་ང་རྒྱལ་གྱི་ལྒང་བུ་ལ་ཡོན་ཏན་གྱི་ཆུ་མི་འབྲུབ་བྱ་བ་གསུངས་པ་བཞིན་དུ་ཡིན། དེར་དེས་ཁྲིའི་རྩར་ཉལ་གྱིན་འདུག་པ་ལ་ནུབ་ཅིག་རྣལ་འབྱོར་པ་དེ་ཆང་གིས་བོགས་ནས་བྱུང་སྟེ་ཁྲི་ལ་ཉལ་ནས་འདུག བྲམ་ཟེ་དེས་ཁྲི་འགྱེལ་དུ་དོགས་ནས་ཁྲིའི་རྐང་པ་ལ་བརྟེན་ནས་ཉལ་བའི་དུས་ན་དེ་སྐྱུགས་པས་བྲམ་ཟེའི་མགོ་ལུས་ཐམས་ཅད་ཁྱབ་པར་གྱུར། ནངས་པར་དེ་མཐོང་བས་གནོང་ཡང་གནོང༌། ད་འདིས་ང་རྒྱལ་ནི་ལེགས་མོར་བཅག་སྙམ་ནས་མན་ངག་བྱིན་པས་རྫུ་འཕྲུལ་ཐོབ་སྟེ་ཤིང་ཐོག་བླངས་ནས་སྔ་མ་བཞིན་དུ་བྱེད་ཀྱིན་ཡོད་པའི་དུས་ན། བྲམ་ཟེ་རྣམས་ཀྱིས་འདིས་རིགས་ངན་འདི་ལ་བླ་མ་བྱས་ཏེ་འོང༌། བླ་མའི་མན་ངག་མེད་པར་ནི་ཡོན་ཏན་སྐྱེ་བ་མི་ཡོང༌། མན་ངག་དེ་ཡོད་པ་ནི་རིགས་ངན་འདི་ལས་མེད་བྱས་ནས་ཞལ་ཆུ་བཏབ་ཟེར་ཏེ་དེ་ཡང་མན་ངག་ཁོ་ན་ཡིན། དེ་ནས་སྐབས་ཤིག་བྲམ་ཟེ་དེ་རང་གི་རིགས་མཐུན་ཚན་ཞིག་གི་ནང་ན་འདུག་པའི་དུས་སུ་རྣལ་འབྱོར་པ་དེ་མཐོང་བའི་ཉེ་འཁོར་དུ་བྱོན་པ་ལ་མངོན་དུ་ལྡང་བ་བྱས་ན་དེ་ལ་བླ་མར་བྱས་པ་ཤེས་ནས་བྲམ་ཟེའི་ཁྱུ་ནས་ཕྱུང་གིས་དོགས་ནས། བསམ་པ་ནི་གུས་པར་བྱས་ལ་མ་ལངས་པས། རྣལ་འབྱོར་པ་དེ་ན་རེ། འུ་ནེའུ་གསིང་ནས་ཤིང་ཐོག་མི་ལེན་གྱི་གསུངས་པ་ལ། དེ་ནས་དེའི་རྫུ་འཕྲུལ་དེ་ཉམས་ནས་ཤིང་ཐོག་ཀྱང་མ་ལོན་བྲམ་ཟེའི་རིགས་ཀྱང་ཉམས་པའི་གཏམ་རྒྱུད་དང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱང་ཕྱོགས་ཀྱི་རྒྱུད་ན་བཞུགས་ཟེར་ནས་ཚོལ་དུ་བྱོན་པ་དང༌། བན་དེ་མོས་སྣ་ཁྲིད་བན་དེས་ཐོང་བ་བཟུང་ནས་ཞིང་རྨོ་བ་ཞིག་དང་མཇལ། ཁྱོད་གར་འགྲོ་ཟེར། སློབ་དཔོན་འཇམ་དཔལ་བཤེས་གཉེན་ཚོལ་དུ་འགྲོ་བྱས་ལ། ད་འདི་ཕན་ཆད་ན་མིས་འཛིན་པ་ཡེ་མེད་ཟེར།དེར་ཞག་ནས་བཞུགས་པ་ན་བན་དེ་ཡིན་པ་ལ་དགོང་མོ་ཚ་བ་བསྐོལ། དེའི་ནང་ནས་སྦལ་ལྗོང་གྱུ་གྱུ་འདུག་པ་འཚེད། དེ་ལྟར་རྟོག་དཔྱོད་ཞུགས་པ་དང༌། དེ་ཉིད་དེ་ཡིན་པར་མཁྱེན། དེར་སློབ་དཔོན་གྱི་ཞལ་ནས་ཁྱོད་ང་ལ་དངོས་གྲུབ་ཞུའམ་རྣལ་འབྱོར་མ་ལ་ཞུ་གསུངས། སློབ་དཔོན་ཉིད་ལ་ཞུ་བྱས་པས་དེ་ཉིད་ནུབ་མོ་དེའི་བྱིན་རླབས་ཀྱིས་དངོས་གྲུབ་ཐོབ་ནས་གསང་བ་འདུས་པའི་ལྷ་ཚོགས་མངོན་སུམ་དུ་གྱུར། ཕྱིས་སློབ་དཔོན་སངས་རྒྱས་ཡེ་ཤེས་འཁོར་ཚན་ཞིག་ལ་ཆོས་གསུངས་ཤིང་བཞུགས་ཙ་ན། དེ་སྤྲང་པོའི་ཆ་ལུགས་སུ་བྱོན་པ་ལ་འཁོར་མ་དད་ཀྱིས་དོགས་ནས་བསམ་པས་གུས་པར་མཛད་ཆོས་ཐུན་བཏང་ལ་བསྙེན་བཀུར་བྱ་དགོངས་ནས་བར་དེར་མ་གཟིགས་པ་བཞིན་མཛད་ནས་སྤྱན་བྱོལ་བས་དེ་ཉིད་དུ་སྤྱན་གཉིས་ས་ལ་ལྷུང༌། དེར་ཤིན་ཏུ་སྐྲག་སྟེ་དེའི་ཕྱི་ནས་སྙེགས་ནས་བཟོད་པ་གསོལ་བ་དང༌། ད་ཁྱོད་ཀྱི་ཆུ་བུར་གྱི་མིག་དེ་གཞུག་ཏུ་མི་བཏུབ་ཡེ་ཤེས་ཀྱི་སྤྱན་ཞིག་སྦྱིན་གསུངས་ནས་དེ་གནང༌། ཐ་མལ་པའི་སྤྱན་ལོང་བ་བཞིན་དུ་བཞུགས་གསུངས་པས་ཤེས་ཏེ། དེ་བས་ན་བླ་མ་རྫུ་འཕྲུལ་ཐོབ་རུང་མ་ཐོབ་རུང༌། སློབ་མས་དེ་ཐོབ་ནས་ནམ་མཁའ་ལ་འགྲོ་བ་ཡིན་ན་ཡང་བླ་མ་མཐོང་བ་ནས་རྫུ་འཕྲུལ་བཤིག་ནས་འགྲོ་དགོས། མ་བཤིག་པར་ཕྱིན་ན་བླ་མའི་ཐད་ཀར་སླེབ་ཙ་ན་ལྟུང་བ་ཆོས་ཉིད་ཡིན་གསུངས། བླ་མས་བསྟན་པའི་ཐབས་ཀྱང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཐབས་གང་གིས་ཐུགས་བསྐྱེད་པ་བཅོམ་ལྡན་འདས་བྱམས་པའི་མངོན་སུམ་ཡིན། དེས་ཐོགས་མེད་ལ། དེས་དབྱིག་གཉེན་ལ། དེས་བློ་གྲོས་བརྟན་པ་ལ་གནང་བ་ནས་བརྒྱུད་པའི་ཐབས་གསེར་གླིང་པ་ལ་མངའ། དེས་ཇོ་བོ་ལ་གནང་བ་རྫོགས་སངས་བྲིས་སྐུ་ཞེས་པ་ལ་སོགས་པ་རྣམས་ཡིན་པའོ། །

༥༽ སྒྲུབ་པ་ཉམས་སུ་བླངས་པའི་ཐབས་རྒྱས་པར་བཤད་པ།

ཐབས་དེ་ཉིད་རྒྱས་པར་བཤད་པ་ལ། ཐེག་པ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པ་ཉམས་སུ་བླངས་པའི་ཐབས་དང༌། ཐེག་པ་ཆེན་པོའི་གསང་སྔགས་ཀྱི་སྒྲུབ་པ་ཉམས་སུ་བླངས་པའི་ཐབས་བཤད་པ་གཉིས་ལས།

(༡) ཐེག་པ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པ་ཉམས་སུ་བླངས་པའི་ཐབས།

དང་པོ་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པ་ཉམས་སུ་བླངས་པའི་ཐབས་ལ། ཐབས་དང༌། ཐབས་བྱུང་གི་འབྲས་བུ་བཤད་པ་གཉིས་ཀྱི། དང་པོ་ལ། སྨོན་པ་བསླབ་བྱ་དང་བཅས་པའི་སྐོར་དང༌། འཇུག་པ་བསླབ་བྱ་དང་བཅས་པའི་སྐོར་གཉིས་ལས། དང་པོ་སྨོན་པའི་སྐོར་ལ། སྦྱོར་བའི་ཆོ་ག་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བྱ་བ། དངོས་གཞི་འབྲས་བུ་ལ་དམ་འཆའ་བ་སྨོན་པ་དངོས། རྗེས་དེའི་བསླབ་བྱ་བཤད་པ་དང་གསུམ་གྱི་དང་པོ་ནི། རྫོགས་སངས་བྲིས་སྐུ་ལ་སོགས་དང༌། །མཆོད་རྟེན་དམ་ཆོས་མངོན་ཕྱོགས་ནས། །མེ་ཏོག་བདུག་སྤོས་དངོས་པོ་དག །ཅི་འབྱོར་བ་ཡིས་མཆོད་པར་བྱ། །ཀུན་བཟང་སྤྱོད་ལས་གསུངས་པ་ཡི། །མཆོད་པ་རྣམ་པ་བདུན་དག་ཀྱང༌། །བྱང་ཆུབ་སྙིང་པོའི་མཐར་ཐུག་པར། །མི་ལྡོག་པའི་སེམས་དག་གིས། །དཀོན་མཆོག་གསུམ་ལ་རབ་དད་ཅིང༌། །པུས་མོའི་ལྷ་ང་སར་བཙུགས་ནས། །ཐལ་མོ་སྦྱར་བ་བྱས་ནས་ནི། །དང་པོ་སྐྱབས་འགྲོ་ལན་གསུམ་བྱ། །ཞེས་གསུངས་ཏེ། དེ་ཡང་སྔར་བསྟན་པ་བཞིན་དུ་སྒྲུབ་པའི་རྟེན་སྐྱེས་བུ་གསུམ་གྱི་མཚན་ཉིད་ལ་བློ་ལེགས་མོར་སྦྱངས་པས་སྐྱེས་བུ་ཆེན་པོའི་བློ་ཚོད་དུ་ཕྱིན་པའི་སེམས་ཅན་དམ་པ་གཞན་དོན་དུ་བྱང་ཆུབ་ཀྱི་མཆོག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འདོད་པ་དག་ལ་དེ་ཐོབ་བྱེད་ཀྱི་ཐབས་ཀྱི་རྩ་བ་སྨོན་པའི་ཆོ་ག་བྱེད་པའི་ཚེ་མེད་དུ་མི་རུང་བའི་རྟེན་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བྲིས་སྐུའམ་ལ་སོགས་པས་འབུར་དུ་བཏོད་པ་དང་ལུགས་སུ་བླུག་པའང་རུང་བའི་སྐུ་གཟུགས་དང་མཆོད་རྟེན་རིང་བསྲེལ་ལམ་ཆོས་ཀྱི་དབྱིངས་ཀྱི་རིང་བསྲེལ་གྱི་སྙིང་པོ་ཅན་དང༌། དམ་པའི་ཆོས་ཤིན་ཏུ་རྒྱས་པའི་སྡེ་སྣོད་བཀར་གཏོགས་པའི་གླེགས་བམ་རྣམས་དང༌། གཞུང་གིས་དངོས་སུ་མ་ཟིན་ཡང་དོན་གྱི་ཐོབ་ཚོད་མན་ངག་ལས་འབྱུང་བ་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་སྐུ་གཟུགས་ཅི་རིགས་པའང་ལེགས་པར་བཞུགས་སུ་གསོལ་བ་དེ་དག་ལ་མངོན་དུ་ཕྱོགས་པར་བྱས་ནས། རྟེན་དངོས་སུ་བཞུགས་པ་རྣམས་སངས་རྒྱས་དང་དེའི་མཆོད་རྟེན་དང་གསུང་དང་དགེ་འདུན་དངོས་ཀྱི་འདུ་ཤེས་བཞག་ཅིང་ཕྱོགས་བཅུ་ན་བཞུགས་པ་ཀུན་ཀྱང་མོས་པའི་ཡུལ་དུ་བྱས་ཏེ་དང་པོར། ཕྱག་བཙལ་ཏེ་མེ་ཏོག་དང་བདུག་སྤོས་དངོས་སུ་སྨོས་པའི་ཤུགས་ལས་མར་མེ་དྲི་ཆབ་ཞལ་ཟས་ལ་སོགས་པའི་མཆོད་རྫས་ཀྱི་དངོས་པོ་དག་ཅི་འབྱོར་བ་སྟེ་རང་ལ་གང་ཡོད་ནུས་པ་མ་བསྲིས་པར་དངོས་སུ་བཤམས་པ་རྣམས་ཕུལ་བ་ཡིས་མཆོད་པར་བྱ་ཞིང༌། འཕགས་པ་ཀུན་ཏུ་བཟང་པོའི་སྤྱོད་པ་བཟང་སྤྱོད་སྨོན་ལམ་ལས་གསུངས་པ་ཡི་ཡིད་ཀྱིས་སྤྲུལ་པ་མོས་པའི་མཆོད་པ་རྣམ་པ་བདུན་པོ་དག་ཀྱང་བྱས་ནས། སྐྱབས་འགྲོ་དངོས་ལ་ཐུན་མོང་བ་ལས་དུས་ཀྱི་ཁྱད་པར་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་བར་དང༌། བསམ་པའི་ཁྱད་པར་སེམས་ཅན་གཞན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་སྙིང་རྗེའི་འཕེན་པ་དྲག་པོའི་ཤུགས་ཀྱིས་སེམས་ཅན་དེ་དག་སྡུག་བསྔལ་ལས་བསྐྱབ་པར་འདོད་པའི་བསམ་པ་རྐྱེན་གང་གིས་མི་ལྡོག་པ་ཡི་སེམས་དག་གིས། གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ལམ་རྟེན་དཀོན་མཆོག་གསུམ་གྱི་སངས་རྒྱས་དང་ཆོས་ལ་འདིར་ཡང་ཐུན་མོང་བའི་སྐབས་ལས་ཁྱད་པར་དུ་གྱུར་པ་མེད་ཀྱང་དགེ་འདུན་ལ་འདིར་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་ཞེས་པའི་ཁྱད་པར་གསུངས་པ་རྣམས་ལ་སོ་སོའི་ཡོན་ཏན་གྱི་ཆེ་བ་རྗེས་སུ་དྲན་པའི་སྒོ་ནས་རབ་ཏུ་དད་ཅིང༌། ལུས་ཀྱི་ཀུན་སྤྱོད། པུས་མོའི་ལྷ་ང་སར་བཙུགས་ནས། །ཐལ་མོ་སྦྱར་བ་བྱས་ནས་ནི། །དངོས་གཞི་སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་དང་པོ་སྟེ་ཐོག་མར་སྦྱོར་བའི་ཆོ་ག་སྐྱབས་འགྲོའི་ཚིག་སློབ་དཔོན་གྱི་རྗེས་སུ་ལན་གསུམ་བཟླས་པས་སྐྱབས་འགྲོ་ཁྱད་པར་ཅན་བྱ་ཞེས་པ་སྟེ། དེ་ལ་པུ་ཏོ་བའི་ཞལ་ནས། དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་སློབ་དཔོན་ལས་འཐོབ། དགེ་སློང་གི་སྡོམ་པ་དགེ་འདུན་ལས་འཐོབ། བྱང་ཆུབ་སེམས་དཔའི་སྨོན་འཇུག་གཉིས་བསོད་ནམས་བསགས་པ་ལས་འཐོབ་ཅེས་ཕལ་ཆེར་གསུངས། སྐབས་སུ་བསམ་སྦྱོར་གཉིས་ལས་འཐོབ་ཀྱང་གསུངས་པ་ལ། ཤ་ར་བའི་ཞལ་ནས། སློབ་དཔོན་མི་དགོས་པ་ཡང་མ་ཡིན། སྔར་བསྟན་པ་བཞིན་དུ་ཐེག་པ་ཆེན་པོའི་རིགས་ཅན་དུ་གྱུར་པ་ཞིག་ཀྱང་དགོས་ཏེ། སློབ་དཔོན་གཤའ་མ་དང་ཕྲད་པ་དང༌། ཐེག་པ་ཆེན་པོའི་རིགས་ཅན་དུ་གྱུར་པ་ཐམས་ཅད་ཀྱང་བསོད་ནམས་བསགས་པ་ལས་འབྱུང་བས་དེ་ཁོ་ན་ངེས་དོན་ཡིན། མདོར་ན་སྐྱེ་བ་མང་པོའི་གོང་རོལ་ནས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ལ་བསྟེན་ཞིང་སྐྱེས་བུ་གསུམ་པས་བློ་སྦྱངས་ལ་བསོད་ནམས་དཔག་ཏུ་མེད་པ་བསགས་པས་ཐེག་པ་ཆེན་པོའི་རིགས་ཡོངས་སུ་སད་ཅིང༌། འདིར་ཡང་དགེ་བའི་བཤེས་གཉེན་གྱི་མགོན་གྱིས་བསྐྱངས་ཏེ་བསམ་པ་བྱམས་པ་དང་སྙིང་རྗེ་སྦྱངས་པས་སྙིང་རྗེའི་ས་བོན་རབ་ཏུ་སད་ཅིང་སྦྱོར་བ་བསོད་ནམས་རྒྱ་ཆེན་པོ་བསགས་པའི་སྒོ་ནས་དེ་གཉིས་ཕུན་སུམ་ཚོགས་པར་གྱུར་ལ། དགེ་བའི་བཤེས་གཉེན་ཚུལ་དང་མཐུན་པས་ཆོ་ག་ཚུལ་བཞིན་དུ་གནང་བ་ཞིག་ལས་སྐྱེ་བ་ཡིན་པས། པུ་ཏོ་བ་རྭ་སྒྲེང་ན་བཞུགས་པའི་དུས་ཙ་ན་ཚན་ཅིག་གིས་ད་ལྟ་སེམས་བསྐྱེད་སྐྱེ་བའི་དུས་མིན་ཟེར་བ་ལ། ད་ལྟ་མིའི་ལུས་ཐོབ་ཐེག་པ་ཆེན་པོའི་ཆོས་ཉི་མ་ཤར་བ་ལྟ་བུ་དང་ཕྲད། ཐེག་པ་ཆེན་པོའི་བཤེས་གཉེན་དང་ཡང་མཇལ་བའི་དུས་ན་སེམས་བསྐྱེད་སྐྱེ་བའི་དུས་མིན་ན། ངན་སོང་གསུམ་དུ་སྐྱེས་ཙ་ན་སྐྱེ་བའི་དུས་ཡིན་གྱིས། དེ་ཙ་ན་སེམས་བསྐྱེད་གྱིས་བྱས་ནས་ཀྱལ་ཀ་ཡང་བྱས་གསུངས་པ་བཞིན་དུ། ད་ལྟ་སེམས་བསྐྱེད་སྐྱེ་བའི་དུས་ཡེ་མེད་བྱ་བ་ཡང་མིན་ཏེ། སྤྱིར་མི་ཉིད་དུ་འདུག་པ་ཞིག་ལ་རྨང་ངམ་གཞི་མ་བྱེད་དགོས་པ་ཡིན། མི་ཉིད་དུ་འདུག་པ་ལའང་འཇིག་རྟེན་པའི་ལུགས་ཀྱི་བསྟན་བཅོས་ལ་བརྟེན། མང་དང་འགྲོགས་ཤེས་ཉུང་དང་འགྲོགས་ཤེས། དེ་བཞིན་དུ་བཟང་ངན་ཐམས་ཅད་དང་འགྲོགས་ཤེས། ད0ོན་བྱ་བའི་དུས་སུ་དཔོན་ཤེས། རྒན་རབས་དང་བཀུར་བར་འོས་པ་འཁུར་ཤེས། མཉམ་པོར་འགྲོགས་དགོས་པའི་དུས་ན་ཡང་དེ་བཞིན་དུ་བྱེད་ཤེས་པ་ཞིག་དགོས་པ་ཡིན། འཇིག་རྟེན་པའི་ལམ་སྒྲུབ་པ་དང༌། སོ་སོར་ཐར་པའི་སྡོམ་པའི་རྟེན་དང༌།ཐེག་པ་ཆེན་པོའི་ལམ་སྒྲུབ་པ་ཐམས་ཅད་ལ་དེ་ལྟ་བུའི་མི་ཞིག་གིས་བྱེད་དགོས་པ་ཡིན་ཏེ། ད་ལྟ་མིར་བཏུབ་པ་རང་ཡེ་མེད། བྲང་རོགས་དང་ཡང་འགྲོགས་མི་ཤེས། བྲང་རོགས་ནང་དུ་ཚུ་བན་བུ་རེ་ཙམ་གྱི་སེམས་ཡངས་ཀྱང་མེད་པར་སྨོན་ལམ་ཅི་ཞུ། ལད་མོ་བཟླ་བར་ཞུ་ཟེར། དེའི་རིགས་དེ་ནན་ཏན་ཡང་ལྷག་པར་ཆེ་བར་ཡོང་བར་སྣང་སྟེ།དེ་ལྟ་བུ་ལ་སེམས་བསྐྱེད་མི་སྐྱེ། འཇིག་རྟེན་པའི་ལམ་སྲིད་པའི་རྩེ་མོའི་ཏིང་ངེ་འཛིན་སྐྱེ་བ་བས་ཀྱང་ཉན་ཐོས་ཀྱི་སེམས་སྐྱེ་བ་དཀའ་བར་གསུངས། ཉན་ཐོས་དགྲ་བཅོམ་པ་འཐོབ་པ་བས་ཀྱང་བྱང་ཆུབ་ཀྱི་སེམས་སྐྱེ་བ་དཀའ་བར་གསུངས་ཏེ། ད་ལྟ་འཇིག་རྟེན་པའི་ལས་བསམ་གཏན་དང་པོའི་ཉེར་བསྡོགས་ཆུང་ངུ་ཙམ་ཡང་སྐྱེ་ཁ་ཡར་ཚོལ་བ་མི་ཡོང་བར་སྣང༌། ཐེག་པ་ཆེན་པོའི་ཆོས་ལོ་ཟླ་ཁ་ཡར་ཙམ་ཐོས་པ་འདྲ་བར་རེ་བྱས་མོམ་མེ་མོམ་མེ་ཨེན་ཅིག་ཚད་ལོང་མེད་པ་ནས་སེམས་བསྐྱེད་ཞུ་སྨོན་ལམ་ཞུ་ཟེར་ཏེ་ཆོས་ལ་བརྡ་མ་ཕྲད་བྱ་བ་ཡིན། བྱང་ཆུབ་ཀྱི་སེམས་བྱ་བ་ཅི་ལ་ཟེར་གྱི་གོ་ཡུལ་རང་ཡེ་མེད་པར་སེམས་བསྐྱེད་ཞུ་ཟེར། བྱང་བའི་གློ་བ་རྒྱོང་པའི་སྲོལ་བསྒགས་བཞིན་དུ་ཆོས་ཕྱིར་བོ་ཡིས་དོགས་ནས་རྒྱས་འདེབས་ཤེད་བྱེད་པ་ཡིན་ནམ། ད་ནས་བཟུང་ནས་འཕྲོ་ཡེ་མ་ཆད་པར་སྔར་བསྟན་པ་བཞིན་བློ་སྦྱངས་ཤིང་ཚོགས་བསགས་པས་བསྐལ་པ་སྐར་མ་ལྟ་བུ་ལ་སེམས་བསྐྱེད་གཤའ་མར་སྐྱེ་ནུས་ན་ཡང་སངས་རྒྱས་ཟིན་པའི་ཚོད་ཡིན། དེ་བས་བསྐལ་པ་གྲངས་མེད་པ་གྲངས་མེད་གཅིག་ན་གཤའ་མར་སྐྱཻ་ནུས་ན་ཡང་སངས་རྒྱས་ཟིན་པ་ཡིན། སྤྱིར་སོ་སོར་ཐར་པའི་སྡོམ་པ་དང་གསང་སྔགས་ཀྱི་དབང་གཉིས་ནི་མི་ཤེས་པ་ལ་འབོགས་པ་ཡིན། བྱང་ཆུབ་སེམས་དཔའི་སྨོན་འཇུག་གཉིས་ཀ་ཤེས་པར་བྱས་སྒོམ་དུ་བཅུག་ནས་ཉམས་འོག་ཏུ་ཆུད་ངེས་པར་སོང་ཙ་ན་འབོགས་པ་ཡིན་ཏེ། དེ་ཡང་རང་གིས་ཁྲིད་པ་ཡིན་ན་ལེགས་མོར་སྐྱེ་ནུས་པའི་ཚོད་དུ་ཕྱིན་པ་ན་མཆོད་རྫས་སོག་པའི་གནང་བ་བྱིན་ནས་དེ་ཚོགས་པ་དང་ཆོ་ག་བྱེད། གཞན་གྱིས་བསྐྱངས་པ་ཡིན་ན་ཡང་ཡིད་ཆེས་པ་ལ་དྲིས་པའམ་ཡུན་རིང་དུ་འགྲོགས་པས་བརྟག་པ་ལ་སོགས་པས་གཏན་ལ་ཕབ་ནས་བཏུབ་པར་འདུག་ན་མཆོད་རྫས་སོག་པའི་གནང་བ་སྟེར་མི་བཏུབ་པ་ལ་སྙིང་རྗེ་དུངས་དུངས་ཡོད་ཟེར་ཡང་གནང་བ་མི་སྟེར་བ་ཡིན་ཏེ། པུ་ཏོ་བས་དང་པོ་སེམས་བསྐྱེད་ཀྱི་སློབ་དཔོན་མི་གནང་བའི་དུས་ཙ་ན་བློ་སྣ་དང་ཨེན་རེ་དཀྲིར་བཏུབ་པ་ཀུན་སྤྱན་སྔ་ཚོར་བ་ན་བཞུགས་པ་ཙམ་དུ་ཇོ་བོ་ལྷའམ་ཡིད་ཆེས་པ་རེ་ལ་བསྒྲོགས་ནས་མེ་ཏོག་དང་བཀའ་འཕྲིན་དང་བརྫངས་ཀྱིན་གཏོང༌། མི་བཏུབ་པ་ཞུ་བ་ཀུན་ལ་ད་ལྟ་ལི་མོའི་བུ་ནི་སྟབས་བདེ། སྲན་ཟན་གྱི་བཤོས་བྲེ་ཐག་མ་རེ་དང་དར་ཐོང་མོགས་སེ་བ་རེ་ནི་ཐམས་ཅད་ཀྱིས་འབྱོར། ལྷ་བཤོས་ལག་པ་གཡས་པར་བཞག དར་ཐོང་གཡོན་པས་བཟུང་ལ་སྒོ་དྲག་དྲག་གིས་སེམས་བསྐྱེད་ལན་མང་དུ་བྱ། ཞན་ཞན་གྱི་ཉུང་ངུ་བྱ་བ་ལས་དང་ཅི་ཡོད་དེ་ཁྱེད་ཀྱི་རྩེ་མོ་ཡིན་གསུངས་ནས་མི་གནང༌། ཕྱིས་དེ་ཉིད་ཀྱིས་གནང་ནས་ཀྱང༌། ད་ལྟ་སེམས་བསྐྱེད་དང་གཤའ་མར་སྐྱེ་བ་དང་མི་ཡོང་སྟེ། སྦྱོར་བ་དངོས་གཞི་མཇུག་ཐམས་ཅད་དུ་ཐམས་ཅད་མཁྱེན་པ་ལ་དམིགས་དམིགས་པོ་འདྲ་བ་ཞིག་ཡོད་པས་མ་འོངས་པའི་ས་བོན་དུ་འགྱུར་བས་བྱ་བ་ཡིས། མཆོད་པ་གྲོགས་པོ་སྙིང་ཡ་ཡ་བ་ཤོམས་ཤིག་གསུངས། རྩེད་མོ་ཙམ་དུ་བྱས་པས་ཀྱང་ཞིག་ནས་ལེགས་མོར་སྐྱེ་བའི་ས་བོན་དུ་ཡང་འགྱུར་ཏེ། ཁས་ནི་བླངས་བློ་གཤའ་མ་ནི་མེད་པས་བསྲུངས་མཚམས་ནི་མ་ཐུབ་པར་སྐབས་སུ་ངན་སོང་དུ་སྐྱེ་བ་ལ་སོགས་པའི་ཉེས་དམིགས་མང་པོ་ཡང་ཡོང༌། སླ་ཆོས་བྱེད་པ་སྒོམ་པ་བྱང་སེང་བྱ་བ་དང་ཇོ་བཙུན་སེངྒེ་སྒྲ་བྱ་བ་ཀུན་ལ་ང་ལ་བརྙས་སམ་ཆོས་ལ་བརྙས་གསུངས་ཤིང་འཁེན་ལ་གཏད་ཅིང་མ་གནང་བ་ཡང་མང༌། ཚོགས་སོག་དང་མཆོད་པ་འདྲ་བ་ཨེན་རེ་འབྱོར་ཡང་བློ་སྣ་ཨེན་རེ་མ་སྦྱངས་པ་ཀུན་ལ་ཡང་མི་གནང༌། ཉན་པོ་ན་བཞུགས་པའི་དུས་སུ་བློ་སྣ་མ་སྦྱངས་པ་ཞུ་བ་ཀུན་ལ་མཆོད་པ་འདྲ་བ་དང་ཚོགས་སོག་ཨེན་ཅིག་བྱས་པ་ཙམ་གྱིས་དེ་སྐྱེ་ན་ཏ། ད་ལྟ་ངས་ཇ་རྫ་འགའ་དང་མཆོད་པ་ཨེན་ཅིག་འབྱོར་བས་འཐུད་མ་བྱས་ལ་སྒྲོག་ར་བ་འདི་རྣམས་ཐམས་ཅད་ལ་ཡང་སེམས་བསྐྱེད་བྱ་སྟེ། བློ་སྣ་ཨེན་རེ་སྦྱོང་དགོས་པ་ཡིན་གསུངས། ད་ལྟ་ནི་མཆོད་པ་འཐུད་མ་བྱས་ཀྱིན་ཐམས་ཅད་ལ་བྱེད་པ་ཁོ་ན་ཡང་ཡོད་པ་ཡིན་པར་འདུག་སྟེ། བློ་ལེགས་པར་སྦྱངས་པ་ལས་གཤའ་མར་སྐྱེ་ནུས་པར་སོང་ཙ་ན་མི་འགྱུར་བར་བྱ་བའི་ཕྱིར་དམ་བཅའ་བྱེད་པ་ཡིན་པས། དེ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ལ་སྨོན་པའི་ཆོ་ག་ལོགས་པ་མེད། འཇུག་པ་དང་སྟབས་ཤིག་ཏུ་ལེན་པ་ཡིན། སྐྱབས་འགྲོ་ཁྱད་པར་ཅན་གྱི་ཆོ་ག་ལོགས་པ་ཡོད་དེ། དེ་སྨོན་པའི་དོད་ཡིན་གསུངས། འཕགས་པ་ཐོགས་མེད་ཀྱི་ལུགས་ལ་སྐྱབས་འགྲོ་ཁྱད་པར་ཅན་སྨོན་པའི་སྦྱོར་བའི་ཆོ་གར་བྱ་བ་ལས་ལོགས་པ་མེད། སྨོན་འཇུག་ཆོ་ག་སོ་སོར་ཡོད། ཨ་ཏི་ཤའི་སྨོན་འཇུག་གི་ཆོ་ག་འཕགས་པའི་རྗེས་སུ་འབྲང་བ་ཡིན་པས། བཏུབ་པ་ལ་མཆོད་རྫས་གསོག་པའི་གནང་བ་སྦྱིན། དེ་ཚོགས་ནས་དགེ་འདུན་ལ་བསྙེན་བཀུར་བྱ། འབྱུང་པོ་ལ་གཏོར་མ་རྒྱ་ཆེན་པོ་བཏང༌། དབུལ་ཕོངས་ལ་བགོ་གཤའ་བྱ། དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་བཤམས་ལ། བླ་མ་ལ་གསོལ་བ་འདེབས་སུ་བཞུག དེ་ནས་རྟེན་དམིགས་པ་ལ་བྱང་ཆུབ་ཆེན་པོའི་སྐུ་ཞིག་མེད་ཁ་མེད་དེ། དགེ་བཤེས་སྟོན་པ་ལ་སྒོམ་པ་རིན་ཆེན་བླ་མས་དེ་ཡེ་མ་འཛོམས་ན་ཇི་ལྟར་མཆི་ཞུས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱི་དོན་ཆེན་ཆེན་པོ་སྒྲུབ་པ་ལ་བྱང་ཆུབ་ཆེན་པོའི་སྐུ་གཅིག་ཙམ་ཡང་མི་འཛོམ་པ་དེ་ལ་ཡེ་མི་སྐྱེ་བྱ་བ་བཏུད་ཀྱིན་གསུངས་སྐད་དེ། དོན་དེ་ཞིག་སྒྲུབ་པ་ལ་དེ་ཙམ་ཞིག་ཀྱང་མི་འཛོམ་པ་དེ་སླ་ཆོས་བྱེད་པ་ཡིན། དེ་མིན་ད་ལྟ་རྟེན་རྒྱས་པའི་དུས་སུ་མི་འཛོམ་པ་མི་ཡོང་བར་དགོངས་པ་ཡིན་ཞེས་པུ་ཏོ་བས་གསུངས་པས། རྟེན་དངོས་སུ་བཞུགས་པ་ཐམས་ཅད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད། དངོས་སུ་མི་བཞུགས་པ་ཕྱོགས་བཅུའི་སངས་རྒྱས་ཡེ་ཤེས་དང་བཅས་པ་དང་གཟུགས་བརྙན་དུ་གྱུར་པ་ཐམས་ཅད་ཀྱང་བླ་མས་དཔོད་ལ་ཡིད་ཀྱིས་མངོན་དུ་བྱ། མཆོད་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་དང་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ཅན་འདྲ། གཅིག་ཅིས་ཀྱང་བཞུགས་དགོས། དངོས་སུ་བཞུགས་པ་རྣམས་ལ་དེ་བཞིན་གཤེགས་པའི་མཆོད་རྟེན་དངོས་སམ་ཆོས་ཀྱི་སྐུ་ཡི་འདུ་ཤེས་བསྐྱེད། ཕྱོགས་བཅུ་ན་བཞུགས་པ་སྐུ་དང་བཅས་པ་དང་སྐུ་མེད་པ་ལྐོག་ཏུ་གྱུར་པ་རྣམས་ཀྱང་སྔ་མ་བཞིན་དུ། དམ་པའི་ཆོས་ཤིན་ཏུ་རྒྱས་པའི་སྡེ་སྣོད་བཀར་གཏོགས་པའི་གླེགས་བམ་གཅིག་ཅིས་ཀྱང་དགོས། དངོས་སུ་བཞུགས་པ་ཐམས་ཅད་ལ་སངས་རྒྱས་ཀྱི་གསུང་དངོས་ཀྱི་འདུ་ཤེས་བསྐྱེད། ཕྱོགས་བཅུ་ན་བཞུགས་པ་ལྐོག་ཏུ་གྱུར་པ་རྣམས་ཀྱང་སྔ་མ་བཞིན། དེ་བཞིན་དུ་དགེ་འདུན་དངོས་སུ་བཞུགས་པ་སྤྱན་རས་གཟིགས་ཀྱི་དབང་པོའི་སྐུ་གཟུགས་ལ་སོགས་པ་རྣམས་ལ་ཡང་དངོས་ཀྱི་འདུ་ཤེས་བསྐྱེད། ཕྱོགས་བཅུ་ན་བཞུགས་པ་ཐུགས་དང་པོ་བསྐྱེད་པ་ནས་ས་བཅུའི་དབང་ཕྱུག་ཆེན་པོའི་བར་ལྐོག་ཏུ་གྱུར་པ་ཐམས་ཅད་ཀྱང་སྔ་མ་བཞིན་བླ་མས་དཔོད་ལ་ཡིད་ཀྱིས་མངོན་དུ་བྱས་ནས། དེ་དག་ལ་དང་པོར་ཕྱག་འཚལ་ཏེ། དེ་ཡང་ཐོག་མར་བླ་མ་དང་ཡི་དམ་གྱི་ལྷ་དབྱེར་མེད་པ་ལ་གཅིག དེ་ནས་དཀོན་མཆོག་གསུམ་ལ་རེ་རེ་སྟེ་བཞི་ཡན་ཆད་ཅིས་ཀྱང་བྱེད་དགོས་གསུངས་པ་བཞིན་དུ་ཕྱག་འཚལ་ནས། མཆོད་པ་དབུལ་བ་ལ་ཅི་འབྱོར་བའི་མཆོད་པ་ཞེས་པ་དངོས་སུ་བཤམས་པ་རྣམས་རིམ་གྱིས་དབུལ་བ་སྟེ། འདི་ལ་ཤ་ར་བའི་ཞལ་ནས། ཅི་འབྱོར་བ་བྱ་བ་ཆུང་ངུ་ཉུང་ངུ་ཞིག་ལ་ཟེར་བ་མིན། རང་ལ་ཡོད་ཚད་སངས་ཀྱིས་དབུལ་དགོས་པ་ཡིན། ཤུལ་དུ་ལྷག་མ་ལུས་པར་སངས་ཀྱིས་ཕུལ་ན་དཀོན་མཆོག་གི་སྤྱན་སྔ་ན་མང་པོ་འབུལ་རྒྱུ་མེད་ཀྱང་མཆོད་པ་རྒྱ་ཆེན་པོ་ཡིན། མཆོད་པ་བཟང་རབ་ཅིག་བཤམས་པ་སྙམ་བྱེད་ཀྱང་ཤུལ་དུ་ལུས་པ་དེ་བས་མང་ན་མཆོད་པ་རྒྱ་ཆེན་པོ་མིན། མཆོད་རྫས་སྒྲུབ་ཙ་ན་དྲི་མ་ཅན་གྱིས་སྒྲུབ་པ་དང་སེམས་ཅན་ལ་གནོད་པས་སངས་རྒྱས་མི་མཉེས་པས་ཆོས་དང་ལྡན་པར་བསྒྲུབས་པ་ཞིག་དགོས་པ་ཡིན་གསུངས་ནས། བླ་ཆོས་ཀྱིས་མི་ཡོང་བའི་བཀའ་ལུང་མང་པོ་གསུངས་ཏེ། དེ་ཡང་སྔོན་ཇོ་བོ་ལ་ཁུ་ཆེན་པོ་ལ་སོགས་པས་མང་ཡུལ་དུ་བཀའ་དྲིན་ཞུས། མེ་ཏོག་ཕོར་ཆུང་ཙམ་པོ་ནི་ཉེས། རྡེ་དང་ངོམས་པའི་མཆོད་པ་བཤམས་ནས་ཇོ་བོ་སྤྱན་དྲངས་ཙ་ན་ཕན་མི་བདོག་མཆོད་པ་ངན་གསུངས་ནས་མ་མཉེས། ཕྱིས་སྙེ་ཐང་ན་བཞུགས་པའི་དུས་ན་གསང་ཕུ་བས་ཞུ་སྣ་མཛད་ཁམ་པ་ཀུན་གྱིས་དར་ཁ་ཚོན་རེ་ཙམ་ཕུལ་ལྷ་བཤོས་ཁ་ཡར་བྱས་ཀྱིན་བཀའ་དྲིན་ཞུས་པ་ལ། འདི་ཀུན་ལ་ཆོས་ཉན་པའི་རྒྱགས་བདོག་པར་གདའ་བ་ལ། སེམས་བསྐྱེད་བྱེད་པའི་མཆོད་པའི་ཡོ་བྱད་མི་བདོག་སྐད་ལགས་པ་ཏ་རྩེད་མོ་བྱེད་པ་ལགས་ཏེ་མ་བགྱིས་ན་ཁོ་བོ་ལ་ཁ་ཟེར་ཏེ་མཆི་གསུངས་ནས་ཆོས་བྱེད་པའི་རྒྱགས་པས་ཀྱང་སེམས་བསྐྱེད་ཀྱི་མཆོད་པ་གལ་ཆེ་བར་མཛད། དགེ་བཤེས་སྟོན་པ་ལ་གཡོ་རུ་བ་ཁ་ཅིག་གིས་སེམས་བསྐྱེད་ཞུས་པ་ལ། གཤའ་མར་བྱེད་ན་ད་རེས་ཁྱོད་གཡོ་རུར་ཟློག་ནས་མཆོད་རྫས་སོག་ཏུ་གཏོང༌། དེ་ནས་མཆོད་རྫས་ཁྱེར་ནས་བྱུང་ན་སེམས་བསྐྱེད་གཤའ་མར་བྱེད་པ་ཡིན་པས་དེ་ཙ་ན་གཟོད་དེ་ཆོ་ག་བྱེད་པ་ཡིན་ཏེ། དེ་བཞིན་དུ་བྱས་ན་འབྲོམ་སྟོན་གཤིས་ངན་ཟེར་ནས་ཡོང་བས་བྱ་བ་བྱ་གསུངས་ནས་རྩེད་མོ་ཡིན་པའི་བཀའ་ལུང་གསུངས་ཤིང༌། ཁྱེད་ཇོ་བོ་བས་སོ་སོ་ཐར་པའི་སྡོམ་པ་ལེན་པའི་དུས་ན་གྲིམས་ཆེན་པོ་འདོན་ནུས། དེ་ནི་སྐྱེས་ལ་མ་ཉམས་ཀྱང་ཇི་སྲིད་འཚོའི་བར་ལས་མི་གནས། བསྲུངས་པའི་འབྲས་བུ་ཡང་རང་ཉིད་ཀྱི་རྣམ་པར་གྲོལ་བ་ཙམ་ལས་མི་འཐོབ། བྱང་ཆུབ་ཀྱི་སེམས་སྐྱེས་ལ་མ་ཤོར་ན་དུས་སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དུ་གནས། འབྲས་བུ་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱི་གསོས་སུ་འགྱུར་བའི་སངས་རྒྱས་ཐོབ་པ་ཡིན་ཏེ། དེ་ལ་ཁྱེད་བླ་ཆོས་བྱེད་པ་གསུངས་པ་ལ་པུ་ཏོ་བས། དེས་གང་གནང་གནང་ཟློ་མཁྱེན་གསུངས་པར་གདའ་སྟེ། ད་ལྟ་སོ་སོར་ཐར་པ་ལ་ཡང་སླ་ཆོས་ཁོ་ན་ལས་མི་ཡོང་བར་སྣང༌། སེམས་ཅན་ལ་སྙིང་རྗེས་མ་བཟོད་པ་ཁོ་ན་མེད་ཀྱང༌། འཁོར་བའི་སྡུག་བསྔལ་ལ་ལེགས་མོར་ཡིད་ཆེས་ལ། རང་དེ་ནས་གཏན་ཐར་པ་ལ་སངས་རྒྱས་ཐོབ་དགོས། དེ་ཐོབ་པ་ལ་སེམས་བསྐྱེད་སྐྱེ་དགོས། དེ་སྐྱེ་བ་ལ་བསོད་ནམས་བསགས་དགོས་པའི་བློ་རྣལ་མ་ཞིག་སྐྱེས་ན་ཡང༌། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་བཞིན་དུ་རང་གི་ཤ་ཡང་བཙོངས་ནས་མཆོད་པ་བྱེད་ནུས་པ་ངེས་པར་ཡོང་སྟེ། ད་ལྟ་དེ་བཞིན་དུ་ཡིད་ཆེས་པ་མེད་པས་སླ་ཆོས་བྱེད་པ་ཡིན་ཡང༌། པུ་ཏོ་བས་གསུངས་པ་བཞིན་དུ་རང་ཡང་བཅུར་དཀོན་མཆོག་ཀྱང་བཅུར་ནས་ཚ་བྱུག་བསྐྱང་བས་ཞིང་བུ་རེ་པོ་དེ་བཙོངས་ནས་དཀོན་མཆོག་མཆོད་པ་རུང༌། ཚ་བྱུག་བསྐྱངས་ཀྱང་དེས་ཤི་ཙ་ན་རོ་བཟུང་བ་ཡང་ཉུང༌། མཛོད་པུའི་ལྡེ་མིག་བཟུང་ནས་དྲུང་དུ་ཇོ་བོ་བ་སུ་འཁོར་འཁོར་ལ་དུ་རུ་རུ་བ་ཁོ་ན་མང་གསུངས། དེ་ལྟར་དངོས་སུ་ཅི་འབྱོར་བའི་མཆོད་པ་ཕུལ་ནས། ཀུན་ཏུ་བཟང་པོའི་མཆོད་པ་ལས་གསུངས་པའི་མཆོད་པ་བདུན་པོ་དག་ཀྱང་བྱ་ཞེས་སྦྱར་ཏེ། དེ་ལ་ཤ་ར་བའི་ཞལ་ནས། དགེ་བཤེས་སྟོན་པས་འདི་བཟང་པོར་སྤྱོད་པའི་སྨོན་ལམ་གྱི་དབུར་མཆོད་པ་འབུལ་བའི་ཚིགས་སུ་བཅད་པ་གཉིས་གསུངས་པ་དེ་ལ་བདུན་དུ་ཕྱེ་བ་ཞིག་ཨ་ཏི་ཤས་གསུངས་ཏེ་ད་ལྟ་བྱེད་གསུངས། གསུངས་ནས་པུ་ཏོ་བས་དགེ་བཤེས་སྟོན་པས་བརྗོད་པ་རང་ལ་བཤད་པ་མཛད། སློབ་དཔོན་མཐའ་བཞི་སྒོམ་པས་སྒོམ་པ་རིན་ཆེན་བླ་མ་ལ་ཞུས་པ་ཡོད་གསུངས་པ་ལ། དེ་ཡང་ཨ་ཏི་ཤའི་སློབ་མ་ཡིན། སློབ་དཔོན་སྒོམ་པ་ཡང་སློབ་དཔོན་ཡིན་ཏེ་པུ་ཏོ་བས་སྟོན་པས་བརྗོད་གསུང་བ་དེ་ཉིད་ལ་བརྟེན་ནས་མ་ཞུས། འདིའི་འབྲུ་གནོན་བསྙེལ་ཡང་ལག་ལེན་གྱི་དུས་ན་མཆོད་པ་འབུལ་བ་རྒྱས་པར་གསུངས་པས་རྟུགས་པ་མེད། སྔ་མ་དངོས་སུ་བཤམས་པའི་དང་འདི་མོས་པའི་མཆོད་པ་ཡིན་པ་འདྲ། ཕྱི་མ་ཕུར་མ་རི་རབ་མཉམ་པ་ཀུན་དངོས་སུ་མི་འབྱོར། གཞན་ཡང་མཆོག་དང་དམ་པ་བྱ་བ་ཁོ་ནར་གསུངས། འདི་ཡན་ལག་བདུན་པ་ལ་ཟེར་ཡོད་དེ་འདིའི་གཞུང་གིས་དེ་བྱ་བར་མ་གསུང་གསུངས། དེ་ལྟར་མཆོད་པ་ཕུལ་ནས་སྦྱོར་བའི་ཆོ་ག་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་དངོས་བྱ་བ་ལ། ཤ་ར་བའི་ཞལ་ནས། སྤྱིར་སྐྱབས་སུ་འགྲོ་བའི་རིམ་པ་མདོ་སྡེ་རྒྱན་དུ། འཚེ་བ་དག་ནི་ཐམས་ཅད་དང༌། །ངན་སོང་དང་ནི་ཐབས་མིན་དང༌། །འཇིག་ཚོགས་ཐེག་པ་དམན་དག་ལས། །དེ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་གསུངས་པ་ལས། འཚེ་བ་དང་ངན་སོང་གིས་འཇིགས་ནས་སྐྱབས་སུ་འགྲོ་བ་སྐྱེས་བུ་ཆུང་ངུའི་དུས་ན་ཡིན། འཇིག་ཚོགས་ལས་སྐྱོབ་པར་འདོད་པ་འབྲིང་གི་དུས་ན་ཡིན། འདིར་ཐེག་པ་དམན་པ་ལས་ཀྱང་སྐྱོབ་པའི་དུས་ཡིན་ཏེ། འཚེ་བ་དང་ངན་སོང་གིས་ཀྱང་གཞན་དོན་དུ་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་སྙམ་པས་སྐྱབས་སུ་འགྲོ་ན་ཁྱད་པར་ཅན་ཉིད་དུ་འགྲོ་བ་ཡིན། ཁྱད་པར་ཅན་གྱི་ཁྱད་པར་གསུམ་ལས། དང་པོ་དུས་ཀྱི་ཁྱད་པར་ལ། བྱང་ཆུབ་སྙིང་པོའི་མཐར་ཐུག་པར། ཞེས་གསུངས་པའི་བྱང་ཆུབ་ཀྱི་སྙིང་པོ་ཡིན་པས་སངས་རྒྱས་ཀྱི་བྱང་ཆུབ་ཉིད་ལ་བྱ་བ་དང༌། སའི་སྙིང་པོ་རྡོ་རྗེའི་གདན་ལ་བྱ་བ་གཉིས་ལས། སངས་རྒྱས་ཀྱི་བྱང་ཆུབ་མ་ཐོབ་བར་སའི་སྙིང་པོ་དེ་མནན་པར་མི་ནུས་པས་དོན་འདྲ་བ་ཡིན་གསུངས་པས། དེ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན་ལ། དུས་དེ་སྲིད་དུ་སྐྱབས་སུ་འགྲོ་བ་དེ་ཡང་མདོ་སྡེ་རྒྱན་དུ། འདི་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་བརྩེ་ལས་རིག་བྱ། ཞེས་གསུངས་པ་བཞིན་གྱི་བསམ་པ་ཁོ་ནས་ཁྱད་པར་དུ་བྱེད་དགོས་པ་ཡིན། དེ་མེད་ན་དུས་བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་པ་ཉིད་སྨོས་ཀྱང་ཚིག་ཙམ་དུ་འགྲོ་བས། གཉིས་པ་བསམ་པའི་ཁྱད་པར་ལ། མི་ལྡོག་པ་ཡི་སེམས་དག་གིས། །ཞེས་གསུངས་པ་དེ་ཡང༌། གང་ལས་མི་ལྡོག་ན་དང་པོའི་འཕེན་པ་དྲག་པོའི་ཤུགས་ཀྱིས་གཞན་སྐྱབས་པའི་བསམ་པ་ལས་མི་ལྡོག་པ་ལག་ཞ་མའི་བུ་ཆུས་ཁྱེར་བ་རང་ལ་བཟུང་བའི་ལག་པ་མེད་པས། སྐམ་ས་ན་མོའི་ལག་པ་ཅན་ལ་རམ་ཟླ་སྦྲོན་པ་བཞིན་དུ་ཉེ་དུ་བྱེད་བྱེད་པའི་སེམས་ཅན་རྒྱུའི་དུས་ན་ལས་དང་ཉོན་མོངས་པའི་ཆུས་ཁྱེར་ལ། འབྲས་བུའི་དུས་ན་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞིས་ཁྱེར་བ་ལ་མ་བཟོད་པའི་བསམ་པས། རང་ལག་པ་ཞ་བ་དང་འདྲ་བར་བཟུང་བར་མི་ནུས་པའི་དུས་ན་ལག་པ་དང་ལྡན་པ་ལྟ་བུའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྟེ། རང་གིས་བྱང་ཆུབ་ཀྱི་སྙིང་པོ་ཐོབ་ཙ་ན། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་ཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེའི་མཐར་ཐུག་ཕྱིར། །ཞེས་པའམ། འགྲོ་བ་ཀུན་གྱི་སྐྱབས་གཅིག་པ། །ཡང་དག་པར་ན་སངས་རྒྱས་ཉིད། །ཅེས་པའི་ཚུལ་གྱིས་དཀོན་མཆོག་གསུམ་གྱི་ངོ་བོར་འགྱུར་བས། རང་དེར་མ་འགྱུར་གྱི་བར་དུ་གཞན་ཆེད་དུ་སྐྱབས་སུ་འགྲོ་བའི་བསམ་པ་ལས་རྐྱེན་ཅིས་ཀྱང་མི་ལྡོག་པ་ཞིག་ཡིན་པས། དགེ་བཤེས་དགོན་པའི་ཞལ་ནས་ཀྱང༌། གཞན་གྱི་སྐྱབས་བྱེད་དུ་འགྲོ་བ་བྱ་བའི་དོན་ཡིན་གསུངས་པར་གདའ། དེས་ན་ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་དུ། གང་ཞིག་སེམས་ཅན་མང་པོ་བསྒྲལ་བར་ཞུགས་པ་དང༌། །ཐེག་པ་ཡེ་ཤེས་ཀུན་ཏུ་འགྲོ་ལ་མཁས་པར་ལྡན། །གང་ཞིག་མྱ་ངན་འདས་ལ་འཁོར་ཞི་རོ་གཅིག་པ། །དེ་འདྲའི་བློ་ལྡན་དེ་འདིར་ཀུན་འགྲོར་ཤེས་པར་བྱ། །ཞེས་ཀུན་ཏུ་འགྲོ་བ་བཞི་གསུངས་པ་ལས་ཀྱང་སེམས་ཅན་ཀུན་ཏུ་འགྲོ་བ་ཁོ་ན་གཙོ་བོ་ཡིན། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་རིགས་ཅན་གསུམ་མྱ་ངན་ལས་འདས་པ་གསུམ་ལ་འགོད་དགོས། དེ་ལ་ཐེག་པ་གསུམ་གྱི་ལམ་ལ་འགོད་དགོས། དེ་ལ་ཡེ་ཤེས་ཀྱིས་ཐེག་པ་ཐམས་ཅད་ལ་མཁས་དགོས་པ་ཀུན་ཏུ་འགྲོ་བ་གཞན་དེའི་ཡན་ལག་ཡིན། གསུམ་པ་རྟེན་གྱི་ཁྱད་པར་ལ་སངས་རྒྱས་དང་ཆོས་ལ་ཁྱད་པར་མི་གསུངས་ཀྱང༌། དགེ་འདུན་ལ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་ཞེས་ཁྱད་པར་དུ་གསུངས་ཏེ། དེ་ཡང་ཆོས་ལས་ཕྱིར་མི་ལྡོག་པ་ས་བརྒྱད་པ་ལ་གསུངས་པ་དང༌། ས་དང་པོ་ཡན་ཆད་ལ་གསུངས་པ་ཡང་ཡོད། ཡུམ་ལས་ངེས་འབྱེད་ཡན་ཆད་ལ་ཡང་གསུངས་ཏེ། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་སྒོམ་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་དེ་ནས་དེའི་རྟགས་འབྱུང་བྱ་བ་ཡིན་ལ། བཟང་དང་སྨོན་པའི་རིགས་ཅན་དང༌། །སེམས་བརྟན་ཁྱད་པར་འགྲོ་བ་ཡི། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་རྩོམ་པར་མཛད་ཅེས་གསུངས། །ཞེས་པའི་ཚུལ་གྱིས་དེའི་ཆོས་ཚོགས་ལམ་ཉིད་ནས་ཡོད་པ་ཡིན། འཕགས་པ་ཞེས་པ་ཡང་རིང་དུ་སོང་བའི་དོན་ཏེ། ཐུགས་དང་པོ་བསྐྱེད་པ་ཉིད་ནས་འཇིག་རྟེན་པ་ཐམས་ཅད་དང་ཉན་ཐོས་དང་རང་རྒྱལ་བ་ཐམས་ཅད་ལས་ཀྱང་རིང་དུ་སོང་བ་ཡིན། ཉན་ཐོས་དང་རང་རྒྱལ་བ་བྱིན་རླབས་ཆུང་བའམ་དམན་ནས་སྐྱབས་གནས་སུ་མི་འཛིན་པ་མ་ཡིན་ཏེ་ལམ་མི་མཐུན། ད0ེར་ན། རྡོ་རྗེ་གདན་དུ་འགྲོ་བ་ལ་སྟོད་ལུང་ཙམ་དུ་འགྲོ་བའི་གྲོགས་ཀྱིས་མི་ཕན་པ་དང་འདྲ། དང་པོ་རྒྱ་གར་ཉིད་དུ་ཆས་ཀྱང་བར་དུ་བློ་སྐྱོག་བྱེད་པས་ཀྱང་མི་ཡོང་བས་ཕྱིར་མི་ལྡོག་པ་ཞེས་སྨྲོས། དེ་ལྟར་ན་གཞན་ཆེད་དུ་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་དཀོན་མཆོག་གསུམ་གྱི་བྱིན་རླབས་ལ་མ་བརྟེན་པར་མི་འགྲུབ་པས། དེ་ལ་བརྟེན་དགོས་པ་དགེ་བཤེས་སྟོན་པའི་ཞལ་ནས། ཚེ་འདིའི་རྩོལ་བ་ཇི་ཙམ་དུ་གྲགས་ཀྱང་དེ་ཙམ་གྱི་བསྐྱེད་ལས་མེད་ན་དུས་ཇི་ཙམ་དུ་བསྒྲུབས་པས་ཀྱང་སངས་རྒྱས་མི་འཐོབ། རྣམ་སྨིན་དང་རྒྱུ་མཐུན་གྱི་འཕེལ་ལ་བརྟེན་ནས་འཚང་རྒྱ་བ་ཡིན། དེ་ཙམ་གྱིས་ཀྱང་མ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་བྱིན་རླབས་ལ་བརྟེན་ནས་དགེ་བའི་རྩ་བ་ཆུང་ངུ་ཡང་རྒྱ་ཆེན་པོར་འགྱུར་བས་འཚང་རྒྱ་བ་ཡིན། དེ་ཙམ་གྱིས་ཀྱང་མ་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་ལ་བརྟེན་ནས་གཟོད་འཚང་རྒྱ་བ་ཡིན་གསུངས་པར་གདའ། དྲང་སྲོང་འཇོགས་མཆོག་དབྱངས་ཀྱིས་འཕགས་པ་ནོར་བཟང་གི་སྤྱི་ཐོག་ཏུ་ཕྱག་མཐིལ་གཡས་པ་བཞག་པས། དེའི་སྣང་བ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་དྲུང་དུ་བྱོན་ནས་ལ་ལའི་མདུན་དུ་ཐལ་མོ་སྦྱར་བ་ཙམ། ལ་ལ་ལ་གདམས་ངག་མནོས་པ་ཙམ། ལ་ལའི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པ། ལ་ལའི་དྲུང་དུ་བསྐལ་པ་ཞིང་གི་རྡུལ་སྙེད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ཤར།དེས་ཕྱག་བཏེགས་པ་དང་དེ་ཉིད་ཀྱི་མདུན་ན་ཐལ་མོ་སྦྱར་ནས་འདུག་པར་གསུངས། དེ་སྤོ་ཏོ་བ་ལ་ཞུས་པས་དངོས་སུ་དེ་དག་མཛད་པ་དང་ཁྱད་མེད་པའི་ཚོགས་རྫོགས་པ་ཡིན་གསུངས། དེས་ན་སྔ་མ་ངེས་པའི་དོན་ཡིན། གཞན་ཡང་ལམ་སྟོན་པ་སངས་རྒྱས། ལམ་དངོས་ཆོས། ལམ་སྒྲུབ་པའི་གྲོགས་དགེ་འདུན་གསུམ་ལ་མ་བརྟེན་པར་མི་འགྲུབ་པས། དེའི་ཆེད་དུ་དེ་དག་ལ་བརྟེན་པ་ནི་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་ཞེས་བྱ་སྟེ། དེ་ལ་སྐྱབས་གནས་སུ་ཤེས་ནས་དད་པ་ཐོབ་པ་ས་དང་པོ་ཡན་ཆད་ཡིན་ཀྱང༌། སྐྱབས་གནས་སུ་ཡིད་ཆེས་པ་ཞིག་ཐམས་ཅད་ཀྱི་སྔོན་དུ་དགོས་པས། སྐྱབས་གནས་དཀོན་མཆོག་གསུམ་གྱི་ཆེ་བ་སྐྱེས་བུ་ཆུང་ངུའི་དུས་ནས་སྒོམ་སྒོམ་པ་ལ་བར་འདིར་བླ་མས་གཞེན་བསྐུལ་བཏབ་པས་མངོན་སུམ་དུ་མཐོང་བ་སྙམ་བྱེད་པའི་དད་པ་བསྐྱེད་ཅིང༌། པུས་མོའི་ལྷ་ང་ས་ལ་བཙུགས་པའམ་ཙོག་ཙོག་མོར་འདུག་ཀྱང༌། གུས་པའི་སྤྱོད་ལམ་ལག་པ་ཐལ་མོ་སྦྱར་ནས་སྐྱབས་སུ་འགྲོ་བ་ལན་གསུམ་བྱ་སྟེ། དེ་ལྟར་སྐྱབས་འགྲོ་བྱེད་པའི་སྔོན་དུ་ཡང་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་མངོན་དུ་བྱ། དཀོན་མཆོག་གསུམ་གྱི་ཆེ་བ་ཡང་མངོན་དུ་བྱ། དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་བཞག རང་གི་ཉེ་བར་ལེན་པའི་ཕུང་པོའི་རྒྱུན་རྨི་ལམ་དང་སྒྱུ་མ་ལྟ་བུ་ལ་རང་རང་གི་མིང་བླ་ཐབས་སུ་བཏགས་པ་ཡང་དྲན་པར་བྱ་བ་རྣམས་བླ་མས་དཔོད་ལ་སྒོམ་དུ་གཞུག བར་བར་དུ་ཡང་ངལ་གསོར་བཅུག དེ་རྣམས་ཀྱི་གདམས་པ་གནང༌། སྒོམ་དུ་བཅུག་གིན་མཛད་གསུངས་ཏེ། འདི་ཀུན་གྱི་ཕྱག་ལེན་ཅག་ཅག་ཏུ་མངའ་བ་དགེ་བཤེས་སྟོན་པ་ཁོ་ན་ཡིན། རྣལ་འབྱོར་པ་དང་དགོན་པ་བ་ཀུན་ལ་ཡང་དང་པོ་དེ་ཀུན་གྱི་ཕྱག་ལེན་དང་མི་མངའ། ཕྱིས་དགེ་བཤེས་པས་བཀའ་དྲིན་གནང་བ་ཡིན། གསང་ཕུ་བས་ཨ་ཏི་ཤའི་བཀའ་དྲིན་གྱིས་ཁྱབ་ཡིན་ཏེ་ཡང༌། སྤོ་ཏོ་བས་དགེ་བཤེས་སྟོན་པའི་གདུང་རྟེན་གྱི་རབ་གནས་ཞུར་བྱོན། ཁོང་ཚན་ཞིག་སེམས་བསྐྱེད་བྱེད་པ་ཡོད་ཟེར་དགའ་ཆེས་ནས་བལྟར་བྱོན་ཙ་ན་བསྙེན་གནས་འབོགས་པ་འདྲ་ཞིག་ལས་མི་སྣང་གསུང་བར་གདའ་གསུངས། དེ་ལྟར་གང་ལ་སྐྱབས་སུ་སོང་བ་དེས་དེའི་བསླབ་བྱ་བསྲུང་དགོས་པ། ད0ེར་ན། རྒྱལ་པོ་གང་ལ་སྐྱབས་སུ་སོང་བས་དེའི་ལས་སུ་བྱ་བ་བསྒྲུབ་ཅིང༌། ཁྲིམས་སུ་བྱ་བ་བསྲུང༌། དེ་བཞིན་དུ་མ་བྱས་ན་དེ་ལ་བརྟེན་པའི་ཕན་ཡོན་མི་ཡོང་བའི་ཁར་སླར་ཆད་པས་གཅོད་ཉེན་ཡང་ཡོད་པའམ་རྒྱལ་པོ་གང་ལ་བརྟེན་པ་དེའི་ཁྲིམས་བསྲུངས་ན་རྒྱལ་པོའི་མིར་ཆུད། ཁྲིམས་མི་བསྲུངས་ན་མི་ཆུད་པ་བཞིན་དུ། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་ཀྱང་དེའི་བསླབ་བྱ་མ་བསྲུང་ན་དེ་དང་འགལ་བའི་ཉེས་པ་འབྱུང་བའམ་ནང་པ་སངས་རྒྱས་པར་མི་ཆུད་པས་དེའི་བསླབ་བྱ་ལ་སློབ་དགོས་ཏེ། དེ་ཡང་ཤ་ར་བ་ཆེན་པོའི་ཞལ་ནས། ཐུན་མོང་བ་མ་ཡིན་པ་ནི་ཕ་རོལ་ཏུ་ཕྱིན་པ་བསྡུས་པ་ནས་གསུངས་པ་ལྟ་བུ་ཡིན་ཏེ། དེ་ནི་སྨོན་པའི་སེམས་བསྐྱེད་ཀྱི་ངོ་བོ་ཉིད་ཀྱི་སྒོམ་པ་ཁོ་ནར་ཡང་ཡོང་བ་སྣང༌། ཐུན་མོང་བ་ལ་སོ་སོའི་བསླབ་བྱ་གསུམ་སྤྱིའི་དང་བསླབ་བྱ་བཞི་ལས། འདི་ཐམས་ཅད་ཀྱང་གཞན་ཆེད་དུ་སངས་རྒྱས་སྒྲུབ་པ་ལ་བར་དུ་གཅོད་སྙམ་པ་འཕངས་ནས་བསྲུངས་ཙ་ན་ཐུན་མོང་མ་ཡིན་པ་ཉིད་དུ་འགྲོ་བ་ཡིན། སོ་སོར་ཐར་པ་ལ་སོགས་པ་གང་ཁས་བླངས་པ་ཐམས་ཅད་ཀྱི་བསླབ་བྱ་རྣམས་དུས་རྟག་ཏུ་བརྔོ་བགྲང་བྱ་ཞིང་སྒོམ་པ་མན་ངག་ཡིན། གསུངས་ཏེ། དེ་ལ་དཀོན་མཆོག་གསུམ་སོ་སོའི་བསླབ་བྱ་གསུམ་གྱི་དང་པོ་སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་གསོལ་བས་ལྷ་གཞན་ལ་ཕྱག་མི་བཙལ། མེ་ཏོག་དང་བདུག་སྤོས་ལ་སོགས་པས་མཆོད་པ་མི་བྱ། སྙིང་རྗེས་གཏོར་མ་སྟེར་བ་ལ་ཉེས་པ་མེད། ཅེས་པ་ལྟར་བསླབ་སྟེ། དེ་ཡང་དགེ་བཤེས་དེ་ཉིད་ཀྱི་ཞལ་ནས། ལྷ་གཞན་ལ་ཕྱག་བྱས་ན་སངས་རྒྱས་པའི་སྐྱབས་བཏང་སྙམ་པ་དང་སྙིང་ཐག་པ་ནས་དེ་ལ་སྐྱབས་གནས་སུ་བཟུང་སྙམ་པ་མེད་ཀྱང༌། སངས་རྒྱས་ལ་སྐྱབས་འགྲོ་གཏོང་བ་ཁྱིམ་བདག་མགོན་མེད་ཟས་སྦྱིན་རྒྱལ་པོའི་ཁབ་ཏུ་མནའ་མའི་རིན་སྐྱེལ་དུ་ཕྱིན་ཙ་ན་ཐམས་ཅད་བྲེལ་བཏུབ་པ་འདུག་སྟེ་དྲིས་པས་བུདྡྷ་སྤྱན་འདྲེན་ཟེར་སངས་རྒྱས་ཀྱི་སྒྲ་ཐོས་པ་ཚེ་རབས་སྔ་མ་ལ་བརྟེན་པའི་བག་ཆགས་སད་དེ་ཉལ་བའི་སྐབས་མེད་པར་བུདྡྷ་ལ་དད་པས། བུདྡྷའི་འོད་ཟེར་གྱིས་གྲོང་ཁྱེར་ཁྱབ་པ་ལ་ཁྱིམ་བདག་གིས་ནམ་ལངས་པ་ཡིན་ནམ་བུདྡྷའི་འོད་ཡིན་བརྟག་པ་ལ་གྲོང་ཁྱེར་གྱི་སྒོར་ཕྱིན་པས་འཇིག་རྟེན་ལྷ་རྟེན་ཞིག་མཐོང་ནས་ཕྱག་བྱས་པས། དེ་ལ་སྐྱབས་ཀྱི་འདུ་ཤེས་མེད་ཀྱང་ཕྱག་བྱས་པ་ཙམ་གྱིས་མུན་ཐེབས་ཀྱིས་སོང་སྐད་པའི་གཏམ་རྒྱུད་དེ་ཤེས་པ་ཡིན། དེ་ཡང་སངས་རྒྱས་ཀོ་ལོང་བཞེས་པ་མིན་ཏེ། རྟེན་འབྲེལ་གྱི་ཆེ་བ་དེ་ལྟར་གནས་པ་ཡིན། ལྷ་གཞན་བྱ་བ་ཕྱི་རོལ་པས་ལྷར་བཟུང་བ་སྟེ། ཕལ་ཆེར་གྱིས་ཚངས་པ་ལ་ལྷར་འཛིན་པར་བཤད་དེ་གཟུགས་ཁམས་པ་ཡིན། དྲག་པོ་དང་ཐ་སྐར་གྱི་བུ་དང་ནོར་ལྷ་ལ་སོགས་ཉེ་དབང་པོ་རྣམས་ཡིན། ཉི་ཟླ་དང་དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་པ་ཕལ་ཆེར་རྒྱལ་ཆེན་རིགས་བཞི་པའི་ལྷ་ཡིན། དེ་དག་ལ་ཤེས་པས་ནི་སང་རང་ལ་ཅི་ཡོང་ཡང་དུས་སུ་མི་ཤེས་སྐད་དེ། སང་བས་ད་ལྟ་རང་ཅི་ཡོང་ཡང་མི་ཤེས། ནུས་པ་ནི་རང་འཆི་བའི་དུས་ལ་བབ་པ་ན་དབུགས་གཅིག་གཉིས་བསྲིང་པའི་ནུས་པ་ཡང་མེད། བརྩེ་བ་མེད་པས་བཀླགས་ལ་བབ་ན་དེ་དག་ཉིད་ཀྱིས་ཀྱང་གསོད་དུ་འོང་སྟེ་ལུག་ཁྱུའི་བདག་པོ་དང་འདྲ། སངས་རྒྱས་ཀྱིས་མཁྱེན་པ་ནི་སྡུག་བསྔལ་གྱི་སེམས་ཅན་དང༌། དེ་དག་གི་སྡུག་བསྔལ་དང་དེའི་རྒྱུ་ཅི་ལས་བྱུང་བ་དང༌། སྡུག་བསྔལ་ལས་སྐྱབས་པའི་ཐབས་ཐམས་ཅད་སྐྱུ་རུ་ར་ཕྱག་མཐིལ་དུ་བཞག་པ་བཞིན་དུ་མཁྱེན། མཐུ་སྟོབས་ནི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བདུད་དང་དེའི་རིས་སུ་གྱུར་པའི་ནུས་པ་ཐམས་ཅད་བསྡོམས་ཀྱང་ཉན་ཐོས་རྒྱུན་ཏུ་ཞུགས་པ་གཅིག་གི་ནུས་པ་ལ་ཡང་བརྒྱ་ཆར་སྟོང་ཆར་ཡང་མི་ཕོད་པར་གསུངས་ན། སངས་རྒྱས་ཀྱི་ནུས་པ་ལ་ག་ན་ཉེ་སྟེ། སེམས་ཅན་ལ་བཏུབ་ན་སེམས་ཅན་ཐམས་ཅད་དུས་གཅིག་ཏུ་སྡུག་བསྔལ་རྒྱུ་དང་བཅས་པ་ལས་བསྐྱབས་ནས། སངས་རྒྱས་ཀྱི་ས་ལ་བཞག་པ་ལ་ཡང་ཐོགས་པ་མི་མངའ། ཐུགས་བརྩེ་བས་ནི་སེམས་ཅན་དབྱེ་སྲི་མེད་པ་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་དགོངས་ཤིང༌། སེམས་ཅན་ཐམས་ཅད་དུས་གཅིག་ཏུ་སྐད་ཅིག་མ་གཅིག་ལ་འདུལ་དགོས་ཀྱང་དུས་ལས་ཡོལ་བ་མི་མངའ་བ་ཡིན་པས། སྤོ་ཏོ་བའི་ཞལ་ནས། རང་གི་སྐྱབས་གནས་འཁོར་ལོས་བསྒྱུར་པའི་རྒྱལ་པོ་བཞག་ནས་དེའི་བྲན་མོ་ཆུ་ཆུན་མ་ལ་སྐྱབས་སུ་འགྲོ་བ་མི་ཡོང་བ་བཞིན་དུ། སངས་རྒྱས་ཀྱི་མཁྱེན་པ་དང་ཐུགས་རྗེ་དང་བྱིན་རླབས་དག་ལ་ལེགས་མོར་ཡིད་ཆེས་ན་ལྷ་གཞན་ལ་སྐྱབས་སུ་མི་འཛིན་པ་ཙམ་ནི་སླ་སྟེ་ཡོང་ངམ་གསུང་སྟེ། ཏུག་གིས་གཏུགས་ཙ་ན་སངས་རྒྱས་ཀྱིས་དེ་དག་ལ་ཡིད་ཆེས་ནས་ལྷ་གཞན་ལ་མི་བརྟེན་པ་འདི་ཡང་དཀའ་བར་ཡོང་བར་སྣང༌། ཆོས་སྐྱོང་བྱ་བར་མིང་བཏགས་པ་རེ་ལ་བྱིན་རླབས་མྱུར་དུ་རེ། བདེ་ལེགས་ཐམས་ཅད་དེ་ལ་དབང་ཡོད་པ་བཞིན་དུ་བྱས་ནས་མཆོད་འབྲང་བྱེད་པར་ཆ་སྟེ། དེ་ལྟ་བུའི་བློ་སྐྱེས་ན་སྐྱབས་འགྲོ་གཏོང༌། ཆོས་སྐྱོང་བའི་སྲུང་མ་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་བུདྡྷའི་འཁོར་རྣམས་བཞིའི་ཕོ་ཉ་དང་མངག་གཞུག་པ་ཡིན་པས་འཁོར་རྣམ་བཞིས་དེ་དག་ལ་གཏོར་མ་སྦྱིན་པ་དང་དེ་དག་གིས་འཁོར་རྣམ་བཞི་དང་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་ཕན་ཚུན་གྱི་དམ་ཚིག་ཏུ་གསུངས་པ་ཡིན་པས། བྲན་ཁོལ་ལ་ཟས་གོས་བྱིན་ནས་ལས་འཆོལ་བ་བཞིན་དུ་འཇིག་རྟེན་སྐྱོང་བ་རྣམས་ལ་གཏོར་མ་བྱིན་ནས་བསྟན་པ་བསྲུང་བ་རང་གི་ལས་འཆོལ་བ་ལ་ཉེས་པ་མེད། ཁྱབ་འཇུག་བྱ་བ་འདི་མདོ་སྡེ་ཀུན་ལས་ཀྱང་འབྱུང༌། གསང་སྔགས་ཀྱི་དཀྱིལ་འཁོར་གྱི་ཕྱི་རིམ་དུ་ཡང་འོང་བ་ཞིག་གདའ། དྲག་པོ་དང་ཁྱབ་འཇུག་དང་ནོར་ལྷ་ཀུན་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་དུ་གསུངས་པ་ཡང་བཞུགས་ཏེ། དེ་དག་ལ་ཡང་ས་བཅུའི་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་དུ་ཤེས་ནས་མཆོད་པ་ལ་སོགས་པ་བྱས་ཀྱང་ཉེས་པ་མེད། ཕྱི་རོལ་པར་ཤེས་ནས་གཉིས་ཟིན་བྱས་ཀྱང་བར་ནས་ལྟུང༌། གང་གིའང་བྱིན་རླབས་མི་ཡོང༌། བོད་ལ་ལྷ་གཞན་བྱ་བའི་གྲུབ་མཐས་བསྒྱུར་བ་དག་ཅི་ཡང་མེད་དེ། རི་མགོ་མཐོ་མཐོ་ལ་སོགས་པ་ལྷར་འཛིན་པ། བྱ་ཕག་བསྙུང་བའི་དུས་ན་དགེ་བཤེས་སྟོན་པའི་ཞལ་ནས་བོད་ཐམས་ཅད་འདྲེ་བ་ཡིན་ཏེ་གཡོ་རུ་ཡར་ལྷ་ལ་ལྷར་འཛིན། དབུ་རུ་བ་ཐང་ལྷ་ལ་ལྷར་འཛིན། སྡེ་པ་ཐམས་ཅད་འདྲེ་རེ་ལ་ལྷར་བྱེད་གསུངས་པ་བཞིན་དུ། རང་ཅག་ནི་ཁང་བུ་རེ་བརྩིགས་ནས་འདྲེ་རེ་ལ་གཏོད། དེ་ནས་དེ་སྙིང་དུ་ཞུགས་ཀྱིན་བཟའ་མི་སེམས་མཐུན་དུ་ཡང་མི་སྟེར། མགོ་རུ་ཐམས་ཅད་ལ་ཉལ་ཐག་གཅོད། རང་འགུལ་བྱས་ཙ་ན་ཡུལ་འགུགས་བྱེད། བྱས་སར་ཅི་ཡང་མི་ཡོང༌། སྔོན་རོལ་འདི་ཀུན་ན་ཡབ་རྗེ་བྱ་བ་ཞིག་ཁོ་ན་ལ་གསོལ་མཆོད་བྱེད། དེའི་རྟེན་གོས་ལ་ཡང་ལྷན་པ་ནག་པོ་འདྲ་བ་རེ་སློན། ཁང་ཐོག་ཏུ་སྙུག་ཕམ་འཛུགས་བྱེད་པ་ཡོད་པ་ལ་དགེ་བཤེས་སྟོན་པས་རྟེན་ཐམས་ཅད་ཕྱུང༌། མཆོད་པ་ཡང་འཕྲོ་གཅོད་དུ་བཅུག་སྐད། ཁོང་གདེང་ཐོབ་པར་སོང་བས་གནོད་པ་ཅི་ཡང་མ་བྱུང་བ་ལགས་པར་གདའ་སྟེ། རང་ཅག་གཞན་གྱི་ལ་དེ་བཞིན་དུ་བྱས་ན་ཡང་བག་མེད་དུ་ཆ། རང་དེ་ལ་ལྷར་མི་འཛིན་པར་བྱ། སྙིང་རྗེས་གཏོར་མ་གཏོང་བ་སྦྱིན་པ་གཏོང་བ་རང་ཡིན། བཟང་ཤོས་སུ་བྱས་ནས་བྱིན་རླབས་དང་རེ་ན་ཉེས་པ་དང་བཅས་གསུངས་ཤིང༌། ཁམ་པ་ལུང་པའི་ཞལ་ནས། བཙན་དང་སྨན་དང་རྡོར་ལེགས་དང་སྤེ་དཀར་སོགས་ལ་ཕུད་གཏོར་ཞིང་བསམ་པ་སྒྲུབས་ཤིག་ཟེར་མི་རུང༌། སྙིང་རྗེའི་ཡུལ་དུ་བྱས་ནས་གཏོར་མ་སྟེར་བ་ཡིན། མོ་འདེབས་པ་དང༌། བོན་བྱེད་པ་དང༌། ཇུ་ཡགས་རྩི་བ་དང་བྱར་མི་རུང༌། དེ་ལྟ་བུ་ལ་བློ་གཏད་དུ་མི་རུང་གསུངས་ཏེ། དེ་ཡང་བྱ་ཡུལ་བ་ཚེ་འདི་ཕྱི་ཐམས་ཅད་ཀྱི་རེ་ལྟོས་བྱས་ན་གཏོང་ཞེས་དང༌། ཤ་ར་བ་ཉིད་རེ་ལྟོས་ཤིག་བྱས་ན་གང་གི་སྒོ་ནས་བྱས་ཀྱང་གཏོང་གསུངས། དགེ་བཤེས་སྟོན་པ་ལ་སེ་བཙུན་གྱི་ཇུ་ཡགས་མངོན་ཤེས་འདྲ་བ་ཡོད་དེ་ཇོ་བོ་དང་མཇལ་ནས་མི་མཛད་སྐད། གཉིས་པ་ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་འཚེ་བ་སྤངས་ཏེ། དེ་ཡང་ཤ་ར་བ་ཆེན་པོའི་ཞལ་ནས། ཆོས་ཀྱི་མཚན་ཉིད་ཞི་བ་དང་སེམས་ཅན་ལ་འཚེ་བ་མ་ཞི་བ་འགལ་བས་དེ་བྱས་ན་ཆོས་ལ་སྐྱབས་སུ་འགྲོ་བ་གཏོང༌། སེམས་ཅན་ལ་འཚེ་བའི་མཚན་ཉིད་ཤ་གཅོད་པ་དང་སྣ་འབིགས་པ་དང༌། རྡེག་པ་དང་འཆིང་བ་དང་གོ་རར་འཇུག་པ་གང་བྱས་ཀྱང་འདྲ། ད་ལྟ་ཆོས་ལ་བརྡ་མ་ཕྲད་ཅིང་བྱེད་མ་ཤེས་པས་བསྟན་པའི་བདག་པོ་འདུལ་བ་འཛིན་པ་དང༌། ངོ་བོ་དགེ་འདུན་དང་ནང་ན་གཉེར་ཆེ་ཤོས་ཀྱི་ཐུགས་དམ་པ་དང༌། སྡེ་སྣོད་འཛིན་པ་གཞན་ཐམས་ཅད་ཀྱིས་ཕུ་ཕྱུགས་མ་སྲིལ་བ་སུ་ཡོད་དེ། དེ་དག་གི་ཤ་རང་བྲུལ་དང་སྣ་རང་བུག་པ་མིན་ཏེ་དེ་དག་ཉིད་ཀྱིས་ཕྱག་བྱད་དུ་བཞེས་ནས་འདུག་པ་ཡིན། རྡེག་པ་དང་འཆིང་བ་ཀུན་ཡང་དམྱལ་བ་དང་ལྷ་རང་ཅག་གི་སྤྱོད་ཡུལ་དུ་མ་གྱུར། ཡི་དྭགས་ལ་བྱས་པར་རློམ་པ་ཡོད་དེ་ཡང་མི་རུང༌། ཕལ་ཆེར་མི་དང་དུད་འགྲོ་ལ་བྱེད་པ་ལས་མི་ཉིད་ལ་ཡང་ལྕགས་སུ་གཞུག་པ་དང་དོང་དུ་གཞུག་པ་དང་དབུ་རྩེར་ཀ་བ་ལ་བཅིང་པ་ལ་སོགས་པ་མི་སྐྱས་མི་དྲན་པ་ཐམས་ཅད་རང་ཅག་གིས་བྱེད། ཁམ་པ་ལུང་པ་ཁལ་མོ་ཆེ་བཀལ་བ་ཀུན་ཡང་ནངས་ན་འཚེ་བ་ཆེ་བར་མཛད་དེ། རང་ཅག་ལ་ཁལ་ཅིག་ཡོད་ན་ཕྱིས་དྲིན་འབབ་ཏུ་དོགས་པ་ཡང་མེད་པར་ཁལ་མོ་ཆེ་འགེལ། ཁལ་འོག་ཏུ་ཤི་བ་དང༌། མིག་ལྷུག་ལྷུག་སོང་བ་དང༌། རོལ་ནང་དུ་ཤི་བ་ཉིད་ཀྱང་མང་བ་ཡིན་པར་འདུག མི་སྐྱའི་ཕྱུགས་མ་ཐམས་ཅད་སྣུམ་འཇུ་རེ་འདུག་པའི་དུས་ན་ཡང་རང་ཅག་གི་སྤུ་རང་མེད་པར་སྒྲོ་ཐོར་དུ་བྱས་ནས་ཡོད། སྐྱབས་འགྲོ་ཁོ་ན་ལ་ནན་ཏན་བྱེད་པས་ཀྱང་ཕྱུགས་མ་སྲིལ་དུ་རང་ཡེ་མི་བཏུབ་པ་ཡིན། ར་མདོ་བའི་གེར་སྒོམ་རྡོར་འཕན་བྱ་བས་གཙང་དུ་སློབ་གཉེར་ལ་ཕྱིན། ཇོ་བོ་ཡས་མར་བྱོན་པ་དང་མཇལ་ནས་སྐྱབས་འགྲོ་ཞིག་ཞུས། ཕྱིས་སྤོ་ཏོ་བ་ན་མགོ་ན་བཞུགས་པའི་དུས་ན་དེ་ཤེད་ནས་ཡར་འགྲོ་བ་ལ་རྫིའུས་ར་ལུག་སྣ་ལྡོག་པ་བཅོལ་བས་ཀྱང་གོ་རར་འཇུག་པའི་ཉེས་པ་ཡོད་ཟེར་ནས་མ་ཉན་ཟེར་ཏེ། སྤོ་ཏོ་བའི་ཞལ་ནས་དེས་ཏ་ཉེས་པ་དེ་མི་ཡོང་སྟེ་དེ་ཙམ་ལ་ཐུག་པ་ཟོན་བྱེད་དགོས་གསུངས་པར་གདའ། རྡེག་པ་དང་འཆིང་བ་དང་གོ་རར་འཇུག་པ་འདི་ཀུན་གྱིས་ཉེས་པར་འགྱུར་བ་ལ་ཞེ་སྡང་ངམ་འཚེ་བའི་བསམ་པ་ཞིག་ཡན་ལག་ཏུ་དགོས། འཚེ་བའི་བསམ་པས་ཁང་པ་ལ་སོགས་པར་བཅུག་ནས་གཞན་དུ་འགྲོ་དབང་མེད་པར་བྱེད་པ་ལ་གོ་རར་འཇུག་པ་ཟེར་བ་ཡིན། བསྲུང་བྲན་བྱེད་པའི་གྲོགས་ལ་སོགས་པ་འཇུག་པ་དང༌། རྐྱེན་དབང་གིས་ཆོས་དང་ལྡན་པའི་དོན་ལ་ཁལ་བཀལ་ནས་འགྲོ་བའི་དུས་སུ་བསྐུལ་བ་ཙམ་ལ་ཉེས་པ་མེད། སྒལ་བཅོས་བྱེད་པ་ལ་ཇི་ལྟར་མཆི་ཟེར་ཏེ། སྒལ་པ་ཉིད་ཅིའི་དོན་དུ་གཏོད། དེ་ཉིད་ཀྱི་དུས་ན་སྐྱབས་འགྲོ་བཏང་ཟིན་པ་ཁོ་ནར་ཡོང་བ་ཡིན་གསུངས་ཤིང༌།འཆད་ཁ་བའི་ཞལ་ནས། སོ་སོ་སྟོང་པར་བྱས་དུད་འགྲོ་དེས་མི་ཁྱག་པར་འདུག་པ་ཡང་ཅི་སྙམ་ཡང་མི་བྱེད་དེ་མི་རུང་གསུངས། དེ་ནས་ཤ་ར་བ་ཉིད་ཀྱི་ཞལ་ནས། སེམས་ཅན་ལ་འཚེ་བ་འདི་ཁོ་ན་མཐའ་རིང་བསྲུང་དཀའ་སྟེ། སོ་སོར་ཐར་པའི་སྡོམ་པ་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པ་བྱ་བ་ཡང་སེམས་ཅན་ལ་འཚེ་བ་སྤོང་བ་ཡིན། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་བྱ་བ་ཡང་འདི་ལ་ཟེར་བ་ཡིན་པས། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་སྙིང་བརྩེ་བའི་སྟོབས་ཀྱིས་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པར་སོང་ཙ་ན་བཟོད་འདི་གཤའ་མར་གཏན་ལ་ཕེབས་པ་ཡིན་གསུངས། གསུམ་པ་དགེ་འདུན་ལ་སྐྱབས་སུ་སོང་བས་མུ་སྟེགས་ཅན་ལ་མི་བརྟེན་པ་ནི། དེ་དགེ་འདུན་ལ་དགྲར་བཟུང་ནས་འདུག་པ་ཡིན་པས་དགྲ་ལ་བརྟེན་ནས་དགེ་འདུན་ལ་སྐྱབས་སུ་འགྲོ་བ་གཏོང་བས་དེ་ལ་མི་བརྟེན་པ་སྟེ། དེ་ཡང་ཁམ་པ་ལུང་པའི་ཞལ་ནས། རྒྱ་གར་ལ་མུ་སྟེགས་དངོས་ཤིག་བདོག འོ་སྐོལ་ལ་མུ་སྟེགས་དངོས་མི་བདོག་ཀྱང༌། རལ་པ་ཐོགས་པ་དང༌། རྡེའུ་ཆུང་དང་ཐོད་འཕྲེང་ཐོགས་པ་དང་མུ་སྟེགས་ཀྱི་རྟགས་འཆང་བ་དེ་ལྟ་བུ་ལ་བརྟེན་དུ་མི་རུང༌། གསུངས་པ་བཞིན་དུ་ཤ་ར་བ་ཆེན་པོའི་ཞལ་ནས་ཀྱང༌། བོད་ན་མུ་སྟེགས་པའི་གྲུབ་མཐའ་གཞུང་བཙུགས་པ་ཉིད་ཏ་མེད་དེ། རྣལ་འབྱོར་པ་ཟེར་བའི་རུས་པའི་རྒྱན་ཅན་འདྲ་བ་འདི་ཕལ་ཆེར་མུ་སྟེགས་པ་ཡིན། རྟོགས་འདོད་ཆེ་བས་གསང་སྔགས་གསར་རྙིང་ཐམས་ཅད་ལ་མ་མཐོང་བ་ཙམ་མེད་དེ། འདི་ལྟ་བུའི་སྤྱོད་པ་བྱ་བ་ཡེ་མི་སྣང༌། རྟོག་གེ་ལ་འབར་བ་ནས་སྤྱོད་པའི་གཞུང་ན་སྦྱོར་སྒྲོལ་དང་རུས་པའི་རྒྱན་ཆ་ཅན་འདི་ཀུན་ཐམས་ཅད་སྣང༌། བལ་པོའི་ཡོན་བདག་འོད་ཁོ་ན་རེ། བོད་ལ་མུ་སྟེགས་པ་མེད་ཟེར་བ་ལ་མུ་སྟེགས་པ་མང་པོ་སོང་བ་ཐམས་ཅད་ཀྱིས་གསེར་མང་པོ་ཁྱེར་གྱིན་བྱུང་ན་ཟེར་རོ། །མུ་སྟེགས་པས་སངས་རྒྱས་པའི་ཡང་ཟབ་ཤོས་རེ་ཡིན་པ་སྐད་བྱས་ཀྱིན་གསེར་བསྡུས། བོན་པོ་བྱ་བ་འདིས་ཐམས་ཅད་སྒོ་ང་ལས་སྲིད་པར་འདོད། སྤྱན་རས་གཟིགས་བརྟུལ་ཞུགས་ལས་བྱེ་བྲག་པས་ཀྱང་དེ་བཞིན་དུ་འདོད་པར་གསུངས་པས། དེའི་གཞུང་ཞིག་ཡིན་ནམ་སྙམ་པ་ལ་སྔོན་གྱི་ཡིག་རྙིང་དག་ལས་གྲི་གུམ་བཙན་པོའི་རིང་ལ་བྱེ་བྲག་པའི་གཞུང་ལས་བསྒྱུར་བར་འབྱུང་བས་མུ་སྟེགས་པའི་གཞུང་ཡིན་ཏེ། བོན་པོ་ཆོས་ལ་དཀར་བ་ཡང་མང་བས་དེ་ལ་བརྟེན་འགྲོགས་བྱས་ནས་ཀྱང་དེ་འཆོར་བའི་ངེས་པ་མེད་དེ། མུ་སྟེགས་པ་ལ་བརྟེན་དུ་མི་རུང་བར་ལྟ་བས་ཐག་ཆོད་པར་བྱས་ལ་བསླབ་པ་གལ་ཆེ། དེ་བཞིན་དུ་ལྟ་བས་སྦྱངས་པས་ཕྱི་མ་ཕན་ཆད་དུ་ཁོང་གི་གསེབ་ཏུ་སྐྱེས་ཀྱང་དེ་མི་འཐད་པར་ཤེས་ཏེ་འོང༌། མུ་སྟེགས་ཅན་དང་འགྲོགས་ན་བག་ཆགས་ངན་པས་ཕྱིས་དེ་ཉིད་དུ་སྐྱེ་ཉེན་ཡོད་པ་ཡིན། མུ་སྟེགས་པས་ཀྱང་རིགས་པས་ཚར་གཅོད་དུ་ཡོང་བ་ལས་སྣ་ལྔ་ཞིག་ཏུ་གོན་ལག་ཏུ་མཚོན་ཐོགས་ནས་བརྒོལ་དུ་མི་ཡོང་སྟེ། རང་ཅག་དེ་བཞིན་དུ་བྱས་ནས་སེར་པོ་ཅན་ལ་སྤུན་ཆོད་བྱེད་པ་ལ་དགེ་འདུན་ལ་སྐྱབས་སུ་འགྲོ་བ་མི་ཡོང་བས་སྤོ་ཏོ་བ་ཀོ་རུ་ན་བསླབ་པ་ཀུན་ལས་བཏུས་པ་གསུང་བའི་དུས་ན། དགེ་འདུན་ལ་ཁོང་གི་ཚོ་བ་དང་འུ་ཅག་གི་ཚོ་བ་ཟེར་བའི་རིང་ལ་སངས་རྒྱས་པར་མི་ཚུད། དེ་སྐད་ཟེར་བ་དང་འུ་ཅག་གི་ཚོ་བ་ཟེར་ན་དེས་ཀྱང་སངས་རྒྱས་པར་མི་ཚུད་གསུངས། དེ་ཉིད་དེ་ལྟ་བུ་ཞལ་དུ་འདོན་པ་ཏ་ཨ་ཅང་ཆེས་ཐུགས་ཀྱི་རྟོག་པའང་དབགས་ཙམ་ཡང་མི་མངའ་བར་ཐག་ཆོད་པ་ཉིད་དུ་བཞུགས། སྤྱན་སྔ་འདི་ཀུན་གསུངས་པའི་རྩར་ནི་མ་མྱོང༌། སློབ་མ་ཀུན་ན་རེ་སྦ་རག་སྙིང་རེ་ན་སླུ་མེས་སྙིང་རེ་ན་ཟེར་བ་ལ་སྐྱབས་སུ་འགྲོ་བ་ནས་གསང་སྔགས་ཀྱི་སྡོམ་པའི་བར་ཐམས་ཅད་མེད་པར་འགྲོ་གསུང་བ་ལགས་པར་གདའ་སྟེ། རང་ཅག་བདུད་ཀྱི་ལས་ཤེད་དམ་ཆོ་མ་ཞིག་གིས་སེ་རུ་འདྲ་བ་རེ་གོན་པ་ནས་ཚོ་རིས་ཀྱི་རྟོག་པ་རང་ཆས་སུ་འོང༌།དེ་ནས་ཨེན་ཅིག་མི་དང་འདྲ་ན་དེ་ལ་བདག་པོ་ཞིག་བྱུང་བ་བཞིན་དུ་བྱས་ནས་འོ་སྐོལ་རང་གི་ཚོ་བ་ཟེར་བ་སྣང་སྟེ། སེར་པོ་ཅན་འདི་ལ་པེང་ཕྱི་མ་ལ་དགེ་འདུན་དང་ཕྲད་རེ་མེད། རང་ཁོ་ན་བཀུར་གནས་དང་མཐོ་བར་འདོད་པས་གཞན་མིག་སྔ་ན་མེད་པར་འདོད་པ་དང༌། གཞན་དམའ་བར་འདོད་ན་རང་ཚེ་འདི་ཉིད་ལ་ཇེ་དམའ་ཇེ་དམའ་འགྲོ་བ་ཆོས་ཉིད་ཡིན། ཚེ་རིང་ན་འཆི་ཁར་ཡི་དྭགས་པས་ཀྱང་ཐུ་པར་འགྲོ། ཡི་དྭགས་ལ་ནི་གཏོར་མ་ཡང་སྦྱིན་དུ་ཡོད། ཕྱི་མ་ལ་དགེ་འདུན་གྱི་སྒྲ་ཡང་མི་ཐོས། ཕལ་ཆེར་དམྱལ་བར་སྐྱེ། དེར་མ་སྐྱེས་ཀྱང་སྤེ་དཀར་དང་དམ་པ་གོང་བཞིན་དུ་བསྟན་པ་ལ་ཞུགས་པ་ཐམས་ཅད་ལ་བར་ཆད་བྱེད་པ་རེར་སྐྱེ་བ་ཡིན་ཡང༌། རབ་ཏུ་དབྱུང་བའི་འོས་ཡིན་མིན་མ་བརྟགས་པར་རབ་ཏུ་བྱུང་བ་ཚན་རེ་འདུས་ཁྱིམ་བུ་རེ་བཟུང༌། སྐྱབས་འགྲོ་དང་རུང་མི་རུང་གང་ལ་ཡང་མི་འཛེམ། ཡང་དེ་ཁོ་ན་འདྲ་བ་གཉིས་པ་རེ་དང་ཐུག གཞན་ཤེས་རིས་ཀྱང་དྲོ་ལམ་རེའི་ཁྱིམ་པ་ཐམས་ཅད་ཀྱང་སྐྱབས་འགྲོ་དང་འབྲེལ། དེ་བས་སྒོ་དྲག་པ་རྣམས་ཀྱིས་ཉིན་ལམ་མང་པོ་སྐྱབས་འགྲོ་དང་འབྲེལ། བྱེད་པར་ངེས་པའི་ལས་ངན་ཤེད་ཡིན་ཏེ་འོང་སྟེ་ལས་ངན་ཉིད་དུ་ཡང་མི་གོ གོ་ན་ཅུང་ཟད་སྲབས་ཏེ་འོང་བ་ལ་བྱ་རྒྱུ་ཉིད་བྱས་པའི་འདུ་ཤེས་སུ་བྱས་པས་སྦྱོར་བ་དངོས་གཞི་མཇུག་དང་བཅས་པ་མྱོང་བར་ངེས་པའི་ལས་སུ་ཆ། རང་ཅག་དྲན་ཤེས་དང་ཆེ་བར་གསོལ་བ་རྣམས་ཀྱིས་ཚོ་རིས་སུ་བཅད་ནས་རང་གི་ཚོ་བ་བཟུང་བར་གསོལ་ཏེ། བཟུང་བ་མིན་ཕུང་བར་བྱས་པ་ཡིན། མདང་ད་ནང་ཁང་གཞི་དང་ཆོས་གཞི་འགོད་པ་ལ་ཡང་དཔེ་ཚོ་ལ་སོགས་པའི་ཚོ་རིས་སུ་བཅད་པས་སྐྱབས་འགྲོ་ཐམས་ཅད་སྐྱོར་དགོས། སེམས་བསྐྱེད་དང་སྐྱེས་པ་ཡང་མེད་དེ་སྐྱེས་པ་འདྲ་བ་ཡོད་ན་ཡང་སྐྱོར་དགོས་པར་སོང་བ་ཡིན། གཅིག་དུ་བྲལ་གྱི་རིགས་པས་ཀྱང་དགོས་སར་མི་བསླེབ། རི་བོང་གི་རྭ་དང་གཡག་རྭ་སྙོམས་པས་ཀྱང་དགོས་སར་མི་སླེབ་པས། དགེ་འདུན་ལ་དགྲར་འཛིན་པ་ཡིན་ན་ཕ་ཡིན་ཡང་རུང་མ་ཡིན་ཡང་རུང༌། མཁན་པོ་དང་སློབ་དཔོན་སུ་ཡིན་ཡང་དེ་དང་འགྲོགས་སུ་མི་རུང༌། ད0ོན་ངན་གྱི་ཁ་ལ་མི་ཉན་པར་རང་རེ་འཇུར་འཇུར་བྱུང་གིན་འགྲོ། ད0ོན་ངན་ད་ལྟའི་དཔོན་ཡིན་ཏེ་དམྱལ་སྲུང་ལས་མི་སྐྱོབ་གསུངས། དེ་ལྟར་ཡིན་པས་ཤ་ར་བ་ཉིད་ཀྱིས་སྤོ་ཏོ་བ་དང་ཕུ་ཆུང་བ་ཀུན་ལ་བོན་པོ་ལ་བརྟེན་ནས་ཉེས་པ་འདི་ཡོང་ངམ་མི་ཡོང་ཞུས་པ་ལ་མཁར་ཕུ་བས་དེ་བརྟེན་པས་ཉེས་པ་དེ་མི་ཡོང༌། སྡེ་པ་ལ་བརྟེན་ནས་ཡོང༌། དེ་བས་ཀྱང་སྟོན་པ་དང་གནས་བརྟན་ལ་བརྟེན་ན་ཡོང་ཞེས་རྦད་ཀྱིས་བཅད་ནས་ལན་བཏབ་གསུངས་ཏེ། དེ་ཡང་དེ་དག་དང་འགྲོགས་སུ་མི་རུང་བྱས་ནས་ངན་ཆད་ཀྱིས་གཅོད་པའམ། མི་མཐུན་པར་འཛིན་པ་མིན། དེ་ལྟར་བྱས་ན་ཐབས་ལ་ཉེན་འབྱུང་བར་ཆ་བས། སྔོན་རང་བསམ་ཡས་ཀྱི་གླིང་གསེབ་ཏུ་མ་སྐྱེས་པ་བསོད་ནམས་ཆེ་ཟེར་བ་ལ། པུ་ཏོ་བས། རག་ཤི་ཕུ་བ་ཁོ་ན་བསོད་ནམས་ཆེ་བྱས། དཀོན་མཆོག་གི་སྒྲ་ཐོས་པས་ཐར་པའི་ས་བོན་ཐེབས་རྟེན་མི་བཞུགས་པས་དེ་ལ་བརྟེན་པའི་སྡིག་པ་ནི་བསགས། གསུངས་པ་བཞིན་དུ་ཁམས་སོ་སོར་བརྟེན་པ་ཡིན་གསུངས། དེ་ནས་བསླབ་གཞིའི་ལྡོག་པ་སོ་སོར་བགྲངས་ཀྱང་ངོ་བོའི་སྒོ་ནས་གོང་གི་གསུམ་པོ་རང་དུ་བསྡུ་བ་དེ་དག་གི་རྟེན་ལ་གུས་པར་བྱ་བ་ནི། ཁམ་པ་ལུང་པའི་ཞལ་ནས། འདི་ན་མར་འོ་སྐོལ་གྱིས་དཔྱད་ཀྱང་མ་དཔྱད་སྡིག་ཏུ་ཡང་མ་ཚོར་བར་ཉེ་མོ་བདོག དེ་བཞིན་གཤེགས་པའི་སྐུ་རིས་སུ་བྲིས་པ་དང་གཟུགས་སུ་བགྱིས་པ་ལ་བསྙེན་བཀུར་མིན་པ་སླ་ཆོས་མི་རུང་གསུངས་པ་དེ་ལ་འོ་སྐོལ་གྱིས་སླ་ཆོས་ཆེན་པོ་བགྱིས་ཏེ། ཇོ་བོ་རྗེའི་སྤྱན་སྔ་ནས་གཤེགས་བཞུད་མཛད་ཙ་ན། དོ་མོད་ཁྱིམ་ཅིག་ཏུ་འདེབས་པ་ལགས་ན་སྔོན་ལ་ཁང་པ་དེ་ཕྱག་དར་མཛད་ནས། ག་ན་ཡགས་པ་ལས་ཤིག་ཏུ་མཆོད་པ་བཤམས་ནས། སྔོན་ལ་ཐང་ཀ་འབྲི། དེ་ནས་སྐུ་ལུགས་མ་དང་མཆོད་རྟེན་ལ་སོགས་པ་བཞུགས། དེ་ནས་ཀ་པ་ལི་དང་པུ་སྟི་ལ་སོགས་པ་བཞུགས། ཀ་ཅ་ལ་སོགས་པ་དམད་ན་མར་འཇོག་གསུངས་ཏེ། འོ་སྐོལ་དྲག་པས་ཕྱམ་སྣ་ལ་འགེལ་ལམ་ཀ་ཅའི་འོག་ཏུ་བཞུགས། ཀ་ཅ་ཀློག་ཙ་ན་སྙིལ་སྙིལ་བྱེད། ཇོ་བོ་རྗེ་དཀོན་མཆོག་གསུམ་ལ་བླ་མར་མཛད་མཆོད་པར་མཛད་བསྙེན་བཀུར་མཛད་པས། ཇོ་བོ་ལ་ཡང་མི་ཐམས་ཅད་ཀྱིས་བླ་མར་མཛད་བསྙེན་བཀུར་མཛད། འོ་སྐོལ་གྱིས་དེ་བཞིན་གཤེགས་པའི་སྐུ་གཟུགས་དང༌། པུ་སྟི་དང་གླེགས་བམ་ལ་སོགས་པ་ལ་ཡེ་ལེ་ཕྱོད་དེ་ཁྱིར་ཡང་མ་བརྩིས་པས། འོ་སྐོལ་ལ་ཡང་མི་ཐམས་ཅད་ཀྱིས་ཡེ་ལེ་ཕྱོད་དེ་ཁྱིར་མི་རྩི་བ་དེ་ཡོད་རྐྱེན་དེ་ནས་བྱུང་བ་ཡིན་གསུངས་པ་དང༌། པུ་ཏོ་བས་མེས་སྐོར་མཆོག་རབ་ལ་རང་ཅིར་རློམ་ཡང་རང་བས་སངས་རྒྱས་བཟང་བས་ཕྱག་གུས་པར་བཙལ། གསུངས་པ་བཞིན་དུ་སངས་རྒྱས་ཀྱི་རྟེན་སྐུ་གཟུགས་དང་མཆོད་རྟེན་ཚ་ཚ་ཆག་དུམ་ཡན་ཆད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ལ་དད་པ་དང་གུས་པ་ཆེན་པོ་བྱ་སྟེ། དེ་ཡང་ཤ་ར་བའི་ཞལ་ནས། རྣལ་འབྱོར་ཆེན་པོ་རྟེན་སྤྱན་སྔར་བབ་པའི་སར་ཟག་པ་དོར་བ་ཀུན་ཡེ་མི་མཛད། ཤུལ་དུ་བཞུད་ན་རྟེན་གྱི་སྔོན་དུ་བཞུད་མི་སྲིད། རྟེན་ན་བཟའ་ཅན་ཡང་གདན་མེད་པའི་ས་ལ་མི་བཞུགས། དགེ་བཤེས་སྟོན་པས་དབུ་རྩེ་སྐོར་བཅས་ཀྱི་ཐེ་གུ་བྲིས་པ་ནས་དེར་ཤིང་བཟོ་བ་ཀུན་ཡང་ཟག་པ་དོར་བ་དང་མི་གནང༌། ཤིང་བཟོ་བྱས་པའི་འཛེལ་མ་ཀུན་ཡང་ཤིང་བཟོ་བ་ཉིད་ཀྱི་གཡོ་མདག་དང་མིན་པ་ལ་འབུད་པ་མི་གནང༌། ཆོས་ཀྱི་ན་བཟའ་མཛད་པའི་ཕྱིང་བ་དུམ་བུ་ཨེན་ཙམ་ཀུན་ཡང་བརྡུངས་ནས་ཞལ་ལ་མཛད་པ་ལས་གཞན་དུ་མི་སྤྱོད་གསུངས་ཏེ་མན་ངག་ཡིན། དེ་ཀུན་བཞིན་དུ་བྱེད་དགོས། ཁམ་པ་ལུང་པ་རྟེན་ལ་རྒྱབ་ཀྱིས་ཕྱོགས་པ་ཡང་ཡེ་མི་མཛད། ཚ་ཚ་ཆག་པའི་རི་མོ་ཨེན་ཙམ་ཀུན་ཡང་བརྡུང་བ་དང་ཞིག་དགོས་ཀྱང་ཡེ་མི་མཛད་དེ། དེ་བཞིན་དུའང་བྱེད་དགོས་པ་ལ། ད་ལྟ་ནི་རབ་གནས་བཟང་ངན་དང་བཟོ་ལེགས་ཉེས་ཟེར་གྱིན་ཡང་སྐྱབས་འགྲོ་ཐམས་ཅད་འབྱེད་པར་སྣང་སྟེ། ཐམས་ཅད་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་བྱོན་པ་ཡིན་པས་བཟོ་ལེགས་ཉེས་དང་རབ་གནས་བཟང་ངན་མེད། ཁྲོ་བོ་འགྲོ་བ་སུས་མཐོང་ཟེར་བ་བཞིན་དུ་གདུལ་བྱ་ཚན་ཞིག་ལ་མ་ལེགས་པ་དེ་ཉིད་ཀྱིས་དོན་དུ་འགྱུར་བ་མི་ལྟོ་སྟེ། ཕྱག་དར་གདུང་རྟེན་གྱི་དངུལ་ཚོལ་བའི་བང་ཆེན་ལ་བྱོན་པའི་དུས་སུ་ཇོ་མོས་རྨི་ལམ་དུ་བསྟན་ནས་བཞེངས་པའི་སྒྲོལ་མ་དཀར་མོ་དང་སྔོན་མོ་གཉིས་རྭ་སྒྲེང་ན་བཞུགས་པ་བཟོ་དང་ད་ལྟའི་ལ་སྦྱར་ན་འབག་འདྲ་ཙམ་ལས་མེད་དེ་བྱིན་རླབས་ནང་ན་ཆེ། ཐམས་ཅད་སངས་རྒྱས་ཀྱི་བྱིན་རླབས་ཡིན་པའི་གཏམ་རྒྱུད་རྒྱལ་པོ་གཟུགས་ཅན་སྙིང་པོས་སྐྱེས་ལན་བསྐུར་བའི་དུས་ན་བྱུང་བ་དེ་བཞིན་དུ་ཡིན། དང་པོ་ཐུགས་བསྐྱེད་པ་ཉིད་ནས་ཀྱང་བྱིན་གྱིས་བརླབས་པ་ཡིན་པས། ཕུ་ཆུང་བ་ང་ལ་ནི་ལྷ་ལ་ལྟ་ལུགས་གཅིག་ཡོད། བདག་ཅག་གི་སྐྱབས་བླ་ན་མེད་པ་ཡིན་བྱ་བ་ཞིག་ཏུ་ལྟ་བ་ཡིན་གསུངས་པས། སྐྱབས་བླ་ན་མེད་པ་ལ་ལེགས་ཉེས་དང་བཟང་ངན་མེད། བགྲེས་པ་ལ་མ་གུས་པ་བྱས་ན་ཡང་སྐྱབས་འགྲོ་གཏོང༌། རྟེན་འོ་བརྒྱལ་བའི་ས་ན་བཞུགས་པ་སྤྱན་དྲངས་ནས་འོ་མི་བརྒྱལ་བའི་སར་མ་བཞུགས་ན་ཕ་བཙོན་དོང་དུ་བཅུག་པ་མི་ལྡུ་བ་དང་འདྲ་བར་གསུངས་ཏེ། འོ་མི་བརྒྱལ་བ་ཉུང་སྤྱན་དྲང་བ་བས་རེག་པའི་གླགས་ཀྱང་མེད་ལ་སྤྱན་དྲངས་ནས་འོ་མི་བརྒྱལ་བའི་སར་བཞུགས་ས་ཡང་མེད། སངས་རྒྱས་ཀྱི་སྐུ་དང་མཆོད་རྟེན་ལ་རིན་ཐང་མི་བཅད།ད་ལྟ་མ་བཏུབ་པ་མིན་ན་བྲི་བ་དང་བཞེངས་པའི་ཡོན་ཐང་ཡང་བཅད་དུ་མ་རུང་གསུངས་ཤིང༌། སྤྱིལ་བུ་བའི་ཞལ་ནས། རྟེན་ལྡུ་བ་ཀུན་གྱིས་ཀྱང་དང་པོ་ལྷ་བཟོ་བ་ལ་ཤ་གཟུགས་རེ་ཙམ་དྲངས་བཟོ་རྒྱུ་ཙད་རེའང་བཏང་ནས་རི་མི་རི་ལ་སོགས་པའི་བཏངས་མི་གཅོད་པར་མཇལ་དགོས། རྙིང་པ་ལྡུ་བ་ཀུན་ལའང་ཆོས་ཀྱི་རྒྱལ་མོའི་མདོ་ལས། རྟེན་ལ་འོ་བརྒྱལ་བའི་དང༌། ཁོ་ལ་སྙིང་རྗེ་བའི་དང༌། ནོར་ལ་མི་ཕངས་པའི་དང༌། བདག་ཉིད་བསོད་ནམས་འདོད་པའི་བསམ་པ་བཞི་དང་ལྡན་དགོས་པར་གསུངས་ཏེ། དེ་ལྟ་བུ་ཡོང་བ་ཡང་དཀའ་བར་སྣང་བས་མི་ལྡུ་བ་ཁོ་ན་མན་ངག་ཡིན་ནམ་སེམས་ཡང་གསུངས་ཏེ། དེ་རྣམས་ཀྱིས་སངས་རྒྱས་ཀྱི་རྟེན་ལ་གུས་པར་བྱ་བ་བཤད་ནས། ཆོས་ཀྱི་རྟེན་ལ་གུས་པར་བྱ་བ་ཡང་ཤ་ར་བ་ཆེན་པོ་ཉིད་ཀྱི་ཞལ་ནས། ཆོས་ཀྱི་རྟེན་ཡི་གེ་འབྲུ་གཅིག་ཡན་ཆད་ལ་ཀླུའི་གཙུག་གི་རིན་པོ་ཆེའམ་མིག་གི་འབྲས་བུ་བཞིན་དུ་གཅེས་སྤྲས་སུ་བྱ། ཐེག་པ་ཆེ་ཆུང་དུ་ཕྱེ་ལ་ཆུང་བ་ལ་ལྷོད་ཁ་མི་བསྟན། དེས་ཐེག་པ་ཆེན་པོ་བཀུར་བར་མི་འགྲོ། ཆོས་ཐམས་ཅད་དེ་བཞིན་ཉིད་ལ་གཞོལ་བ་འབབ་པ་བབ་པ་ཡིན། ཐེག་པ་འོག་མ་མེད་པའི་ཆེན་པོ་མི་ཡོང༌། གཙུག་ལག་ཁང་བཞེངས་རྔན་པ་རྒྱས་པར་སྟེར་བ་དང༌། རང་ན་བ་འཆོས་པའི་སྨན་པ་ལ་རྒྱས་པ་སྟེར་བ་དང༌། སྲུང་སྐྱོབ་བྱེད་པའི་མཐུ་ཆེན་ལ་རྒྱས་པ་སྟེར་བ་ཀུན་རང་བཙོན་དུ་བཟུང་བའི་གླུད་དུ་འཇེལ་བ་དང་ཁྱད་མེད། བགྲེས་པོ་དང་ཟིན་རིས་ལ་སོགས་པ་ཡིག་ཤོག་དང་གཞི་མ་ངན་པ་ཀུན་ལ་ཡང་མ་གུས་པ་བྱར་མི་རུང༌། རྣལ་འབྱོར་པ་ཆེན་པོའི་དུས་ན་བེའུ་བུམ་དང་འདྲི་བ་ཀུན་དཔེ་བདག་རྒན་ནམ་གཞོན་ཡང་རུང༌། ཕྱག་བཙལ་མེ་ཏོག་ཕུལ་ནས་མ་ཞུས་པར་མི་གནང་བྱིན་རླབས་མི་ཡོང་བར་མཛད་པ་བཞིན་དུ་ཡིན་པས། རང་ཅག་ཀྱང་འདྲི་བ་དང་ལྟ་བ་དང་ཀློག་པ་ཐམས་ཅད་ལ་དེ་བཞིན་དུ་མ་ཞུས་པར་རང་ག་མི་བྱ། ད0ེ་ཡོན་མི་དབབ། ད0ེ་རྗེས་བྱེད་པ་ཀུན་ཡང་རང་གི་དེ་ལ་མི་མཁོ་བའི་བློས་གཏོང་བ་ཡིན་པས་མི་རུང་སྟེ། ད་ལྟ་རྒྱས་པ་ལ་ཟོང་བྱེད། དོང་ཙེ་དང་ཀར་ཥ་པ་ན་དང་ཟོང་ལུག་བཞིན་དུ་ཐང་ཐམས་ཅད་དེས་གཅོད། དེའི་འོག་མ་རྣམས་ལ་ཡང་བྱད་པའི་ལྤགས་པ་དང་ཀོ་མཐིལ་གྱིས་དོད་བྱེད། གསེར་ཆོས་དང་ཇི་ཞིག་དང་ཟེར་ནས་ལ་ལས་ནི་སྔགས་འཚོང༌། ལ་ལས་འདུལ་བ་ལ་ལས་ཚད་མ་འཚོང༌། བསླབ་པ་ཀུན་ལས་བཏུས་པ་ཁོ་ན་ལ་དད་པ་སྐད་ཟེར་ཏེ། ཡང་ལྔ་བརྒྱ་པ་ཐ་མ་ལ་རང་མི་ཉམས་པ་བྱ་བའི་དོན་དུ་ཤེས་པར་བྱས་ལ་བསྲུང་སྙམ་པ་མེད། གཟེ་ཟོང་བྱ་སྙམ་པ་ཁོ་ནར་འདུག གནོད་འགྱུར་བཅུ་གསུམ་དང་ཟིན་གྱིན་གྲངས་མ་ཚང་གིས་དོགས་པར་འདུག་སྟེ། གནོད་འགྱུར་ཉི་ཤུ་རྩ་དྲུག་ཙམ་དུ་འགྲོ་ཉེན་ཡོད། གླེགས་བམ་བྱིན་པ་ལ་ཆོས་སྤྱོད་དུ་གྲངས་ཏེ། རང་ཅག་སྡུད་པ་ལ་མར་ལོག་གི་དོད་བྱས་ནས་འབུལ་མཁན་ཡང་སྡུད་པ་འབུལ་བ་ངོ་དམའ། ལེན་མཁན་ཡང་མར་ལོག་ལ་རྩེས་ཆེ་བར་བྱེད་པ་དེས་ཆོས་སྤྱོད་དུ་མི་འགྲོ་ཆོས་ལ་རྩེད་མོ་བྱེད་པ་ཡིན། ཁོ་བོ་གྲལ་མགོ་ལ་བཞག་རྒྱས་པ་རེ་མདུན་དུ་གཅེར། དེ་ནས་ཁོང་རང་འདོད་པ་རེར་མ་བཏང་ན་ཐུགས་དམ་མི་མངའ་ཟེར། ལོ་མ་སྤར་གང་གིས་ཅོ་འདྲི་བ་ཡིན་ཏེ། ཁོ་བོ་སྦྱང་པས་ཅོ་འདྲིར་མི་ཉན་གྱིས་ཁྱེད་སློབ་མ་སུ་ཡང་དེ་ལྟ་བུའི་སྣ་ཁྲིད་མ་བྱེད་ཅིག བྱས་པ་སློབ་དཔོན་གྱི་བཀའ་བཅག་པ་དང་དབུ་བསྐོར་བས་རྡོ་རྗེ་དམྱལ་བར་ཆའོ། །ཁྱོད་ལ་ཆོས་ཆ་མེད་པ་ཡིན་ཁོ་བོ་ལ་ཆོས་ཀྱི་རྒྱུས་ཡོད་པས་ཆོས་ལ་རྩེད་མོ་བྱར་མི་རུང༌། སྙིང་ནས་འབུལ་ན་འཁྲས་འཁྲིས་མེད་པར་རྭ་སྒྲེང་དུ་སྤྱན་འདྲེན་དུ་ཆུག ཁོང་བརྒྱད་སྟོང་པ་རེ་བྱོན་ན་ཡང་སེར་འབྲེངས་བྱས་ནས་རྩིས་ཆེ་བར་བྱེད་པས། མངོན་པར་དད་པས་མངོན་པར་དད་པ་ལ། རབ་ཏུ་རྟོགས་པས་རབ་ཏུ་རྟོགས་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་བའི་བྱང་ཆུབ་སེམས་དཔའ་ལ་ཞེས་པའི་ཚུལ་གྱིས་སྤྱོད་དུ་ཡང་འགྲོ་བ་ཡིན། བརྒྱད་སྟོང་པ་རེ་བས་ཐུད་རྐྱལ་རེ་ལ་རྩེས་འགོ་ཆེ་བར་བྱེད་པ་ལ་བྱིན་པས་རྩེད་མོར་ཆ་བ་ཡིན། རང་ཅག་ཆོས་ལ་རྩེད་མོ་ཅི་ཡང་བྱེད་པར་འདུག་སྟེ་ཆོས་དང་ཆོས་སྨྲ་པ་ལ་མ་གུས་པ་ཤེས་རབ་འཆལ་བའི་རྒྱུ་ཡིན། རྨོངས་པ་ད་ལྟའི་འདི་ཆོག་པས་རྨོངས་པའི་རྒྱུ་འདི་ཁ་ན་མ་སོགས། འདི་ལས་རྨོངས་ན་ཅི་བཏུབ། གསུངས་པ་བཞིན་དུ་ཆོས་ལ་མ་གུས་པ་དང་རྩེད་མོ་བྱེད་པ་ལ་སྐྱབས་འགྲོ་མེད་པས་ཆོས་ཀྱི་ཡི་གེ་གཅིག་ཡན་ཆད་ལ་ཡང་དད་གུས་བྱ་བ་ལས། གཏའ་མར་གཞུག་པ་དང་རིན་ཐང་བཅད་པ་སོགས་མ་གུས་པ་བྱ་བའི་གླགས་མེད་དེ། ཁམ་པ་ལུང་པའི་ཞལ་ནས། ཆོས་པུ་སྟི་དང་གླེགས་བམ་ཚིག་བཞི་པ་ཡན་ཁུམས་ལ་ཡང་བསྙེན་བཀུར་མིན་པ་སླ་ཆོས་མི་རུང་བར་གསུངས་ཏེ། འོ་སྐོལ་གྱིས་ད་ལྟ་ལྡུར་གཏོང་བ་དང༌། གམ་དུ་གཞུག་པ་དང༌། ཐ་ན་མནའ་སྒོག་པའི་ས་ཡན་ཆོད་དུ་པང་བས་ཐོག་ཡེང་ཡེང་བྱས། རྒྱ་གར་ན་གསུང་རབ་སྤྱན་འདྲེན་པ་ཀུན་སྤྱི་བོའི་ཐོག་ཏུ་བཞུགས་ནས་སྤྱན་འདྲེན། དེ་མིན་ཡང་ཕྲག་གོང་དུ་བཞུགས་ནས་སྤྱན་འདྲེན། འོ་སྐོལ་གྱིས་ཡོ་རྩགས་ཙགས་ནས་དྲེལ་ཐག་གམ་ཐག་ནག་ཁ་ལ་བཅུམ་ནས་ཕ་བོང་ཐོག་ཏུ་ངལ་གསོ་ཡིན་བྱས་ནས་ཐུག་པ་དང་རྩི་ཉམས་པ་དང་གནད་པ་ཏོར་བྱས་ནས་འཇོག ཆོས་ལ་གཅེས་པར་མ་བཟུང་བ་བྱ་བ་ཤིན་ཏུ་མི་རུང༌། གསུང་རབ་བྱོན་ཙ་ནའང་ཀོག་གིས་ལང་དགོས། མ་ལངས་ན་འཕྱེ་བོར་སྐྱེ་བ་ཡིན་གསུངས། དེ་བཞིན་དུ་དགེ་འདུན་གྱི་རྟགས་ཆོས་གོས་གྱོན་པའམ་ལྷན་པ་སེར་པོ་བཏབ་པ་ཙམ་ཡན་ཆད་ལའང་སྡེ་པ་རིས་སུ་བཅད་པ་ལ་སོགས་པའི་སྒོ་ནས་མ་གུས་པ་སྤངས་ལ་དད་གུས་ཆེར་བྱ་སྟེ། དེ་ཡང་ཤ་ར་བའི་ཞལ་ནས། དགེ་འདུན་ཐ་ན་ལྷན་པ་སེར་མོ་བཏབ་པ་ཡན་ཆད་ལ་སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་བཞག གཞན་ཆེ་བར་དགའ་ཞིང་གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་དོག་མེད་པར་རྗེས་སུ་ཡི་རང་བ་བྱས་ན་འདི་ཉིད་ལ་ཡང་ཇེ་མཐོ་དང་གཟི་བརྗིད་ཇེ་ཆེ་ནུས་པ་ཇེ་ཆེར་འགྲོ། དགེ་འདུན་ལ་རྟག་ཏུ་གུས་ན་མ་འོངས་པ་ན་དགེ་འདུན་དང་མཇལ་ཞིང་རང་ཡང་དགེ་འདུན་གྱི་གྲངས་སུ་ཚུད་པར་འགྱུར། གཞན་ཐམས་ཅད་ཁྱད་དུ་བསད་ནས་ཨ་པོ་རང་གཅིག་པུ་སྙམ་པ་དམན་སར་མ་ལྷུང་བ་མེད། ཐམས་ཅད་ཀྱི་ཕུད་ཟ་བ་ཞིག་བྱ་སྙམ་པ་ལ་ལྷག་མ་ཡང་མི་མྱོང་བར་མ་སོང་བ་མེད། ད་ལྟ་ཚིག་ཏུ། ཆོས་གོས་ཙམ་ཞིག་གྱོན་པ་ལ། །སྟོན་པ་བཞིན་དུ་མཆོད་བྱེད་ཤོག །ཟེར་གྱིན་དོན་ལ་སེར་པོ་ཅན་ལ་སྤུན་ཆོད་བྱེད་པ་ལ་དགེ་འདུན་ལ་སྐྱབས་འགྲོ་ཡུལ་ན་མེད་གསུངས། དེ་ནས་སྤྱིའི་བསླབ་བྱ་བཞི་ལས། དང་པོ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་དུས་རྟག་ཏུ་ཡིད་ཀྱིས་དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པར་བྱ་ཞིང༌། ཚིག་ཏུ་ཡང་སྐྱབས་འགྲོ་བྱས་པ་ལ་བསླབ་པ་ལ། ཤ་ར་བ་ཆེན་པོས། སངས་རྒྱས་ཀྱི་རྒྱུའི་དུས་དང་འབྲས་བུའི་དུས་དང་འཕྲིན་ལས་ཀྱི་ཡོན་ཏན། ཆོས་ལུང་དང་སྒྲུབ་པ་དང་རྟོགས་པ་གསུམ་གའི་ཡོན་ཏན། དགེ་འདུན་ཐུགས་དང་པོ་བསྐྱེད་པ་ནས་ས་བཅུའི་དབང་ཕྱུག་གི་བར་ཐམས་ཅད་ཀྱི་ཡོན་ཏན་རྗེས་སུ་དྲན་པར་བྱ་བ་གསུངས་ཏེ། དེ་ཡང་དགེ་བཤེས་པ་ཉིད་ཀྱི་ཞལ་ནས། སངས་རྒྱས་ཀྱི་རྒྱུའི་དུས་ན་ཐུགས་བརྩེ་བ་ཆེན་པོས་ཀུན་ནས་བསླངས་ནས་དང་པོ་ཐུགས་བསྐྱེད། དེ་ནས་དུས་ཐུག་པ་མེད་པར་དཀའ་བ་དཔག་ཏུ་མེད་པ་སྤྱད་པ་ཐམས་ཅད་ཀྱང་བདག་ཁོ་ནའི་ཆེད་དུ་ཡིན་སྙམ་དུ་སྒོམ། དེ་ལྟར་དུ་མཛད་པས་འབྲས་བུ་སྤངས་པ་དང་ཡེ་ཤེས་རབ་ཀྱི་མཐར་ཕྱིན་པར་འགྱུར་ཏེ། བདག་ཅག་ལ་གང་མཁོ་བའི་སྟོབས་དང་མི་འཇིགས་པ་དང་ཐུགས་རྗེ་ཆེན་པོ་དང་བསྙེལ་བ་མི་མངའ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་བརྙེས་ནས། ཕྲིན་ལས་ཀྱིས་སེམས་ཅན་མ་ཟད་བར་དུ་གཞན་དོན་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པར་མཛད་སྙམ་དུ་སྒོམ་སྟེ། བསྙེལ་བ་མི་མངའ་བ་དང་རྒྱུན་མི་འཆད་པ་ཡང་ལྷུན་གྱིས་གྲུབ་པའི་གནད་ཀས་ཡིན། འབད་དགོས་ན་བསྙེལ་ཏེ་ཡང་ཡོང༌། སངས་རྒྱས་ཀྱི་ཡོན་ཏན་དེ་ལྟར་དུ་སྒོམ་ན་དེ་རྣམས་ཀྱི་ནང་དུ་དཀོན་མཆོག་གསུམ་གྱི་ཡོན་ཏན་རིལ་གྱིས་འདུ་བའང་ཡིན་ཏེ། རྒྱུའི་དུས་ན་དགེ་འདུན། རྒྱུ་འབྲས་གཉིས་ཀའི་དུས་ན་རྒྱུད་ལ་མངའ་བ་ཆོས། རང་གི་ངོ་བོ་སངས་རྒྱས་ཡིན། དེ་ལྟར་ཡིད་ཆེས་ན་དེ་ལ་མཆོད་པ་མི་བྱེད་པ་དང་སྐྱབས་སུ་མི་འགྲོ་བ་མི་ཡོང༌། སངས་རྒྱས་སངས་རྒྱས་པའི་འབྲས་བུ་ཁོ་ན་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་ཡིན། དའི་གཟུངས་ཐོབ་པ་རྣམས་ཀྱིས་བཟུང་ནས་ཡི་གེར་བཀོད། སྔོན་གྱི་ལོ་ཙཱ་བ་དང་རྒྱལ་བློན་རྣམས་ཀྱིས་གླེགས་བམ་ཁུར་གྱིན་རྒྱ་གར་ནས་འདིར་སྤྱན་འདྲེན་པ་ཉིད་ལ་དཀའ་ལས་དཔག་ཏུ་མེད་པ་མཛད་ནས་བསྒྱུར་ཞུ་ཐུག་བྱས། ཕྱི་རབས་ལ་ཕན་པའི་ཆེད་དུ་བཞུགས་སུ་གསོལ། འདི་མེད་ན་རང་ཅག་གིས་ཅི་ཤེས་ན་དུད་འགྲོ་དང་ཁྱད་པར་མེད་པར་འདུག་པ་ལས་ཤེས་རབ་ཀྱི་སྣང་བ་ཅུང་ཟད་འཕེལ་བ་འདི་ཆོས་ཀྱི་བཀའ་དྲིན་ཡིན་པས་སྤྱི་མཐུན་གྱི་སྒྲོན་མ་ཞེས་བྱ། ཆོས་བཞིན་དུ་བསྒྲུབས་ན་ཁ་སང་ཕན་ཆད་དུ་དགྲ་རབ་ཏུ་འདུག་པ་ཞིག་ཀྱང་དེ་རིང་རབ་ཏུ་བྱུང་བ་ནས་ཡོན་བདག་ཏུ་འགྲོ་བ་ཀུན་སྒྲུབ་པའི་ཆོས་ཀྱི་ཡོན་ཏན་ཡིན་ཏེ། དེ་ལ་སོགས་པ་དཔག་ཏུ་མེད། བསྒྲུབས་པ་ལས་རྟོགས་པ་རིམ་གྱིས་སྐྱེས་པས་སྤང་བྱ་རྣམས་སྤངས་པ་ལས་མཐར་ཕྱིན་པ་ལ་སངས་རྒྱས་ཞེས་བྱ་སྟེ། ཆོས་ལ་དཀོན་མཆོག་གསུམ་དུ་ཕྱེ་ན་ལེགས་པར་ཕྱེ་བར་འགྱུར་གསུངས་ཤིང༌། ཕྱིས་ཀུན་ན་མདོ་སྡེ་རྒྱན་ལས། དད་དང་དགའ་དང་བློ་རྣམས་ཀྱི། །རྒྱུ་ཕྱིར་ཆོས་འདི་དགེ་བ་ཡིན། །དོན་རྣམས་གཉིས་ལྡན་གཟུང་སླ་དང༌། །ཡོན་ཏན་བཞི་ལྡན་ཚངས་སྤྱོད་སྟོན། །ཤེས་འབྱུང་བའི་བཤད་པ་ཡང་གསུངས། ཆོས་འདིའི་དོན་རང་གིས་རྫོགས་པར་མི་ཤེས་པ་ལ་དགེ་འདུན་དུ་གྱུར་པ་བླ་མ་སོགས་ཀྱིས་སྟོན་པས་རང་ཅག་ལ་དེ་གཉིས་པས་ཀྱང་བཀའ་དྲིན་ཆེ་བ་ནི་དགེ་འདུན། དེའི་ནང་ནས་ཀྱང་སོ་སོའི་སྐྱེ་བོའི་དགེ་འདུན་ཁོ་ན་ཡིན། སངས་རྒྱས་ཀྱི་མཚན་ཉིད་ཀྱང་འདིས་ཤེས་པར་བྱེད། ཆོས་ཀྱི་གོ་ཡུལ་ཡང་འདིས་བསྐྱེད། སངས་རྒྱས་ལ་སྐྱབས་སུ་ཡང་འདིས་གཏོང༌། ཆོས་ཀྱི་སྒོར་ཡང་འདིས་འཛུད། འགྲོ་བ་བསོད་ནམས་བསགས་པའི་ཞིང་ཐར་པ་དོན་དུ་གཉེར་བ་རྣམས་ཀྱི་མིག་འདྲེན་བྱ་ཞིང་དུས་རྒྱུན་དུ་སྐྱབས་སུ་འགྲོ་བ་ཚིག་ཏུ་བརྗོད་པ་དང་ཡིད་གཉིས་ཀས་བྱ། མ་ཐ་ཡང་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱ། ཚིག་རེ་ཙམ་བརྗོད་པ་ལ་ཡོན་ཏན་བསམ་གྱིས་མི་ཁྱབ་གསུངས་ཤིང༌། ཁམ་པ་ལུང་པའི་ཞལ་ནས། རྒྱུན་དུ་སྐྱབས་སུ་འགྲོ་བ་བྱ་བ་སྟེ། ད་འོ་སྐོལ་གྱིས་འགྲོ་ན་ཡང་སྐྱབས་སུ་འགྲོ། འདུག་ན་ཡང་སྐྱབས་སུ་འགྲོ། གཉིད་ལོག་ན་ཡང་སྐྱབས་སུ་འགྲོ། གཉིད་སད་ན་ཡང་སྐྱབས་སུ་འགྲོ། ན་ན་ཡང་སྐྱབས་སུ་འགྲོ། མི་ན་ན་ཡང་སྐྱབས་སུ་འགྲོ། རྒྱུན་དུ་པྲིལ་ལི་བྱེད་དགོས་པ་ཡིན། དེ་ཙུག་བྱས་པས་ཡོན་ཏན་གང་འབྱུང་ན། ད་ལྟ་ནས་པྲིལ་ལི་བྱས་པས་ན་ཙ་ན་ཡང༌། ཨ་ནའོ་ཨ་ནའོའི་སྐྱིན་ལ། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ་ཟེར། དང་པོ་ནས་མ་གོམས་ན་དེ་མི་ཡོང༌། ན་ཙ་ན་སྐྱབས་སུ་འགྲོ་བ་བྱས་པས་འཆི་ཁར་ཡང་སྐྱབས་སུ་འགྲོ། འཆི་ཁར་སྐྱབས་སུ་སོང་བས་སྲིད་པ་བར་མར་ཡང་སྐྱབས་སུ་འགྲོ། སྲིད་པ་བར་མ་དེར་སྐྱབས་སུ་སོང་བས་ཚེ་ཕ་རོལ་ཏུ་ཡང་སྐྱབས་སུ་འགྲོ། གང་ཟག་དེ་ལྟ་བུ་ནི་ངན་སོང་དུ་མི་སྐྱེ་སྟེ། རྒྱ་ལ་ངན་སོང་དུ་སྐྱེས་སོ་ཞེ་ན་ཡང་སྐྱབས་སུ་འགྲོ་བ་བྱས་པས་མོད་ལ་ཐར་ཏེ་འོང༌། དཀོན་མཆོག་གསུམ་རྗེས་སུ་དྲན་བཞིན་དུ་འཆི་ན་འཆི་བའི་དུས་བཟང་བ་བྱ་བ་ཡིན། དཀོན་མཆོག་གསུམ་རྗེས་སུ་དྲན་བཞིན་དུ་འཆི་ན་འཆི་བའི་ལྟས་བཟང་བ་ཡིན། དཀོན་མཆོག་གསུམ་རྗེས་སུ་དྲན་བཞིན་དུ་འཆི་ན་ངེས་པར་ངན་སོང་དུ་མི་སྐྱེ་བས་ཚེ་ཕ་རོལ་ཏུ་བཟང་བ་བྱ་བ་ཡིན། སྐྱབས་སུ་འགྲོ་བ་རྒྱུན་དུ་བྱེད་པ་ནི་ཉ ་མཆིལ་བས་བཟུང་བ་དང་འདྲ་སྟེ། ཉ་མཆིལ་བས་བཟུང་བ་ཉ་བྱིན་པོ་དང་མཚོ་ན་མཉམ་པོར་འཕྱོ་ཡིན་འདུག་ཀྱང་ཉ་པ་བྱུང་བས་མཆིལ་བའི་ཉ་སྐམ་ལ་ནར་གྱིས་ཐོན་ཏེ་འོང༌། བྱིན་པོ་མཚོ་ན་མར་འཕྱོས་ཏེ་ཆ། དེ་བཞིན་དུ་སྐྱབས་སུ་འགྲོ་བ་བྱས་པ་དང་མ་བྱས་པ་ཡོ་འཁོར་བ་ན་མཉམ་པོ་འདུག་ཀྱང༌། སངས་རྒྱས་ཀྱི་གདུལ་བྱ་ལ་བབ་ཙ་ན། སྐྱབས་སུ་འགྲོ་བ་བྱས་པ་དེ་མོད་ལ་ཐོན་ཏེ་འོང༌། སྐྱབས་སུ་འགྲོ་བ་མ་བྱས་པ་འཁོར་བར་འཕྱོས་ཏེ་ཆ་གསུངས། སྤྱིའི་བསླབ་བྱ་གཉིས་པ་དུས་རྒྱུན་དུ་དཀོན་མཆོག་གསུམ་ལ་མཆོད་པ་བྱ་ཞིང༌། ཅི་ཟ་བ་དང་འཐུང་བའི་ཕུད་ཀྱིས་ཀྱང་མཆོད་པ་ནི། ཤ་ར་བའི་ཞལ་ནས། སྤྱིར་ཆོས་བྱེད་པའི་ལུགས་ཀྱིས་རྟག་ཏུ་དཀོན་མཆོག་མཆོད་པའི་ལས་ཁོ་ན་ལས་གཞན་ཅི་ཡང་མི་བྱེད་པ་འདྲ་ཞིག་བྱེད་དགོས་པ་ཡིན་ཏེ། སྔ་མ་ཡོད་ན་འདི་ཡང་ཡོང་བ་ཡིན། དུས་རྒྱུན་དུ་ལས་སུ་དཀོན་མཆོག་མཆོད་པ་ལས་མེད་པ་བཞིན་དུ་སྙིང་ཕུར་ཐེབས་པར་བྱ། སྲུང་སྡོམ་བས་སླ་ཡང་སངས་རྒྱས་མཆོད་པ་སླ། ཕན་ཡོན་ཡང་ཆེ། སྲུང་སྡོམ་ནི་བསམ་པའི་ཁྱད་པར་གྱིས་བདེ་འགྲོ་དང་ཐར་པ་དམན་པའི་རྒྱུར་ཡང་འགྲོ། རྫོགས་པའི་བྱང་ཆུབ་ཏུ་བསྔོས་ན་དེའི་རྒྱུར་ཡང་འགྲོ་བ་ཙམ་ཡིན། སངས་རྒྱས་ལ་ཚེ་འདི་འབའ་ཞིག་གི་བསམ་པས་མཆོད་དམ་ལོག་པར་བསྔོས་ཀྱང་མཐར་ཅི་ནས་ཀྱང་ཐམས་ཅད་མཁྱེན་པའི་རྒྱུར་འགྲོ་བ་ཡིན། ཟ་འཐུང་བྱེད་པའི་དུས་ཐམས་ཅད་དུ་ཡང་ཕུད་དཀོན་མཆོག་ལ་ཕུལ་ན་ཟ་འཐུང་ནི་རྟག་ཏུ་མང་པོ་བྱེད། དེའི་དུས་ཐམས་ཅད་དུ་དེ་དག་དྲན་ཞིང་དད་གུས་ཡོང་བས་བསོད་ནམས་དཔག་ཏུ་མེད་པ་སོགས་ཡོང་བ་ཡིན། དེ་ཡང་མོད་པ་རྩང་པོ་ལས་ཆུ་ཕོར་གང་འཐུང་ཡང་དེའི་ཕུད་དཀོན་མཆོག་ལ་དབུལ། ལོད་པ་ལོ་མ་ཕོར་གང་འཐུང་ཡང་དེ་བཞིན། ཆུང་ནས་བགོ་རིན་མ་ཆོག་ན་ཙེན་གྱིས་འབུལ། གཞན་གྱི་ལྷག་མ་ཡིན་ཡང་རང་གི་ལག་ཏུ་བྱུང་བའི་དང་པོ་ཡིན་པས་དེའི་ཡང་ཕུད་དབུལ་ཏེ་མདོར་ན་ཕུད་དཀོན་མཆོག་ལ་མ་ཕུལ་བར་ཁར་མ་ཤོར་བ་ཉིད་དུ་བྱ། ཐུད་ཀྱི་སྔོ་སྔོ་དང་ལོ་མའི་སེར་སེར་ཕུལ་བས་མི་ཡོང༌། གང་ན་མནོག་མནོག་འབུལ་དགོས་པ་ཡིན། ཚབ་ཚའི་ཕུད་སུན་རེ་ལ་འབུལ་བ་ཀུན་གྱིས་ཀྱང་རྡུལ་སེལ་བ་འདྲ་བ་དེས་མི་ཡོང༌། ཕུད་ཉིད་དུ་འདུག་པ་རེ་འབུལ་དགོས་པ་ཡིན་གསུངས། གསུམ་པ་དུས་ཁྱད་པར་ཅན་ལ་མཆོད་པ་བསྟར་ཏེ་བྱ་བ་ཡང་ཤ་ར་བ་ཉིད་ཀྱི་ཞལ་ནས། འཇིག་རྟེན་པའི་ཡུལ་ལྷ་གསོལ་བའི་དུས་སུ་ཡང་མི་རིང་མོ་ཀུན་ཡང་ངོམ་ཚུན་ཆད་བྱས། ཆན་ཐུག་ཕྲུ་བ་རེ་བཙོས། གོས་དྲག་ཤོས་པྲུག་པྲུག་བྱས་སྟེང་དུ་ཕྱུང༌། ཁྱིམ་མཚེས་ཀྱི་རྒན་མོ་ཡིད་མཐུན་ཀུན་ཡང་བོས་ནས་ལྷ་གསོལ་ཟེར་ནས་དགའ་དགའ་སྐྱིད་སྐྱིད་བཞིན་བྱེད་དེ། དེས་གནོད་པ་ནི་ཅི་ཞིག་ལས་བསྲུང༌། ཕན་ནི་ཅི་ཞིག་འདོགས། ཡོ་བྱད་འགོད་པ་མིན་པ་མེད། དེ་ཡང་དེ་བཞིན་དུ་བྱེད་ན། དཀོན་མཆོག་གསུམ་ལ་རྗེ་སྟོན་བྱེད་པ་ལ་མཆོད་པ་བསྟར་བ་ཅི་སྟེ་མི་བྱ། དེའི་དུས་ན་ཡང་རྒྱ་བཤོས་ཀྱི་ཁོག་པར་གླེ་བ་བཅུག་པས་མི་ཡོང༌། སྙིང་བྱིང་བ་བྱེད་དགོས་པ་ཡིན། དུས་ཁྱད་པར་ཅན་ཁོང་ལ་བཅུ་གཉིས་དུས་དང་ཅག་ཅག་པོར་ཡོད། དབུ་སྐྲ་བ་ལ་སོགས་པའི་དུས་ཀྱང་ཡོད་པ་ཡིན་པར་འདུག དུས་དྲུག་ལ་འཆག་མེད་དུས་ཚོད་ཀྱང་ཅག་ཅག་པོར་ཡོད་དེ། བལྟམས་པའི་དུས་དང༌། མངོན་པར་བྱང་ཆུབ་པའི་དུས་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་དང་ཆོ་འཕྲུལ་ཆེ་བ་དང་ཆུང་བའམ་དཔལ་ལྷ་ལས་བབས་པ་དང༌། མྱ་ངན་ལས་འདས་པའི་དུས་རྣམས་སུ་ཀུན་ནའང་བྱེད། ཁྱད་པར་དུ་གང་མཛད་པའི་གྲོང་ཁྱེར་དེར་ཆེར་བྱེད་དེ། གྲོང་ཁྱེར་སེར་སྐྱ་དང༌། མ་ག་དྷའི་ས་སྐོར་དང༌། ཝཱ་རཱ་ཎ་སཱི་དང༌། མཉན་ཡོད་དང༌། གསལ་ལྡན་དང༌། རྩ་མཆོག་རྣམས་ཡིན། བོད་ན་ཡོངས་གྲགས་སུ་ཆོ་འཕྲུལ་ཆེ་བ་དང་མངོན་པར་བྱང་ཆུབ་པ་གཉིས་ཏེ། མངོན་པར་བྱང་ཆུབ་པའི་དུས་ཟིན་ན། དེ་ནས་ཞག་བཞི་བཅུ་རྩ་དགུ་ན་ཆོས་ཀྱི་འཁོར་ལོ་བསྐོར་བར་གསུངས་པ་ཡིན། དཔལ་ལྷ་ལས་བབས་པ་ད་ལྟ་རང་ཅག་མེ་ཏོག་མཆོད་པ་ཟེར་བ་འདི་ཡིན་ཏེ། དུས་ཚོད་དབྱར་སྔ་མ་ཁས་བླངས་ནས་ཟླ་བ་གསུམ་གནས་པའི་དགག་དབྱེ་བྱེད་པའི་དུས་ན་ཡིན། ཆོ་འཕྲུལ་ཆེ་བ་གནས་ལ་སྐར་མ་རྟ་རྒྱུག་པའི་དུས་ལ་ཟེར། རང་ཅག་དེ་ཀུན་གྱི་དུས་ན་འཆང་བཙོས་ཚག་པོའི་བཤས་ཚུན་ཆད་བྱས་པ་ཡང་ཡོད་ལོ། །དེ་ནས་རྩས་མི་དང་ཡུར་མི་ཀུན་ཡང་བསོགས་ནས་བྱེད་དེ་དེས་མི་ཡོང༌། གང་བྱེད་པ་ཐམས་ཅད་བསླབ་པའི་གཞིས་ཟིན་པ་ཟ་ཟེར་མ་ཤོར་བ་སྤྲོ་བ་དང་བཅས་པས་བྱེད་དགོས། ཉ་ལ་སོགས་པའི་དུས་བཞིར་ཡང་མཆོད་པ་བསྟར་བ་རེ་བྱེད་དགོས་པ་ཡིན་གསུངས་པས། རང་ཅག་གི་བོད་འདིར་རྒྱ་གར་བ་ཀུན་གྱི་བཞིན་དུ་མཛད་པ་བཅུ་གཉིས་པོ་ཐམས་ཅད་ཀྱི་དུས་དང་ཅག་ཅག་པོར་ཟིན་པ་མ་བྱུང་ཡང༌། ཡོངས་སུ་གྲགས་པ་ལོ་གཅིག་གི་དབང་དུ་བྱས་ནས་མངོན་པར་བྱང་ཆུབ་པའི་དུས་ས་ག་ཟླ་བའི་བཅོ་ལྔ་དང༌། དེ་ནས་ཞག་བཞི་བཅུ་རྩ་དགུ་སོང་བ་ཆུ་སྟོད་ཀྱི་ཟླ་བའི་ཚེས་བཞི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་དང༌། ཆོ་འཕྲུལ་ཆུང་བའམ། དཔལ་ལྷ་ལས་བབས་པའི་དུས་དབྱར་སྔ་མའི་དགག་དབྱེ་འབྱུང་བ་དབྱུག་གུ་ཟླ་བའི་ཉ་དང༌། རྟ་ཟླའི་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་ཆེ་བའི་དུས་དང་བཞི། དེ་མིན་པའི་ཟླ་བ་གཅིག་གི་དུས་བཞིའི་དབང་དུ་བྱས་ནས་འཆད་ཁ་བས་ཉ་སྟོང་ཚེས་བརྒྱད་ཉེར་གསུམ་གསུངས་པ་ཀུན་ལ་དུས་དང་ཅག་ཅག་ཏུ་བཟུང་ནས་རྒྱུན་གྱི་མཆོད་པ་བས་ཀྱང་བཟུང་བའི་མཆོད་པ་རྒྱ་ཆེར་བྱེད་པ་ཡིན་ཏེ། རྒྱ་ཆེ་བ་ཡང་དངོས་པོའི་སྒོ་ནས་མི་འཇོག འབྱོར་བ་དང་བསྟུན་པའི་བསམ་པའི་སྒོ་ནས་འཇོག་པ་ཡིན་པས་གཡེང་བའི་དབང་དུ་མ་སོང་བར་རྣམ་གྲོལ་གྱི་རྒྱུར་འགྲོ་ངེས་པར་བྱ། སླ་ཆོས་མ་ཡིན་པར་སྙིང་ཐག་པས་བྱ། ལོད་དང་ཟོལ་འབུལ་བ་མེད། མནོག་དང་མཆོག་འབུལ་དགོས། མཆོད་པའི་བསོད་ནམས་ནི་སྔར་བསྟན་པ་བཞིན་དུ་མ་བསྔོས་ཀྱང་སངས་རྒྱས་སུ་འགྲོ་བ་ཆོས་ཉིད་ཡིན་ཏེ། རྣམ་པར་སྨིན་པའི་འབྲས་བུ་ཡིན། རྒྱུ་མཐུན་གྱི་འབྲས་བུ་ནམ་ཡང་དཀོན་མཆོག་དང་མི་འབྲལ། ཁྱིམ་གཞན་དང་མི་འདྲ་བར་གཟི་བརྗིད་ཅན་དུ་འོང་བ་ཡིན་ཞེས་ཤ་ར་བས་གསུངས་ཤིང༌། འཆད་ཁ་བའི་ཞལ་ནས། འདི་རང་ལ་ཡང་ཅི་བདེ་ཅི་བདེར་འགྲོ་བ་ཡིན་གསུངས། བཞི་པ་སྲོག་གམ་རྒྱལ་སྲིད་ཀྱི་ཕྱིར་ཡང་སྐྱབས་སུ་འགྲོ་བ་མི་བཏང་བ་ནི། ཇོ་བོ་སྙེ་ཐང་ན་བཞུགས་པའི་དུས་ན་ཨ་ཙ་ར་ཞིག་ན་རེ། ངོ་མཚར་ཅན་ཞིག་ན་རེ། ངོ་མཚར་ཅན་གྱི་གཏམ་བཟློ་ན་རྒྱ་གར་གྱི་དགེ་བསྙེན་སངས་རྒྱས་པ་ཞིག་ཕྱི་རོལ་པའི་རྒྱལ་པོས་བཟུང་ནས་ཁྱོད་དཀོན་མཆོག་གསུམ་མི་གཏོང་ན་གསོད་བྱས་པས། ངོ་མ་ལོག་ཏུ་ཁས་ལེན་པ་སྲིད། སྙིང་ནས་མི་གཏོང་བྱས་པས་བསད་དོ་ཟེར་བ་དང༌།ལིའི་རྒྱལ་པོ་འབྲུ་ཤས་བཟུང་ནས་སྐྱབས་འགྲོ་གཏོང་ན་རྒྱལ་སྲིད་ཀྱིས་བྲིད། མི་གཏོང་ན་གསོད་པས་བསྡེགས་ཀྱང་མ་བཏང་བ་ལྟ་བུ་སྟེ། ཤ་ར་བའི་ཞལ་ནས། སྲོག་རྣམ་ཡང་འཆད་རྒྱུ་ཡིན། ལོངས་སྤྱོད་ཤོར་ཡང་འབོར་རྒྱུ་ཤོར་བ་ཡིན། དཀོན་མཆོག་གསུམ་གྱི་སྐྱབས་བཏང་ན་དམྱལ་བསྲུངས་ཀྱིས་གསོད་པ་ལ་སོགས་པ་འཆི་བ་ལ་ཐུག་པ་མེད། ཡི་དྭགས་ལ་སོགས་པ་དབུལ་པོར་ཐུགས་པ་མེད་པ་ཉམས་སུ་བླང་དགོས། ལིའི་རྒྱལ་པོ་འབྲུ་ཤས་བཟུང་བ་དང་དགེ་བསྙེན་དེ་གཉིས་ཁོ་ན་ལ་སྐྱབས་དགོས་པ་མིན། ཐམས་ཅད་ལ་དགོས་པ་ཡིན། རང་ཅག་ལ་དེ་ཙམ་གྱི་བྲིད་བསྡིགས་བྱེད་པ་ཏ་མི་ཡོང་སྟེ། སྔར་འདུན་པས་ཆོས་ལས་འདའ་བའི་སྐབས་སུ་བསྟན་པ་བཞིན། ཇ་སུན་རེའམ་ཚིག་གི་མཐོ་དམན་ཙམ་ལ་སྐྱབས་འགྲོ་རིལ་གྱིས་བཏོང་བ་ཡིན་ཏེ། ཇ་སུན་གཤའ་མ་རང་དུ་མི་མྱོང་བར་དོན་མེད་དུ་དམྱལ་བར་འགྲོ་གསུངས། པུ་ཏོ་བ་དེ་ལྟར་བསླབ་བྱ་བདུན་དུ་བཞེད་དེ། དེ་ལ་ཤ་ར་བའི་ཞལ་ནས། དཀོན་མཆོག་གསུམ་གྱི་སོ་སོའི་བསླབ་བྱ་གསུམ་པོ་དེ་མྱ་ངན་ལས་འདས་པ་ན་བཞུགས། སྤྱིའི་བཞི་པོ་དེ་ཕྱོགས་གཅིག་ན་བསྒྲིགས་པ་མེད། སྐྱབས་འགྲོ་བསྙེན་གནས་ལེན་པ་ཡན་ཆད་ཐམས་ཅད་ཀྱིས་བྱེད་དེ། བསླབ་བྱ་འདི་ཀུན་དགེ་ཚུལ་དང་དགེ་སློང་གི་བསླབ་པའི་གཞི་དག་ཏུ་ཡང་མ་བགྲངས་པས་ལག་ལེན་བྱེད་པ་སུ་ཡང་མེད། ཇོ་བོའི་གདམས་ངག་ཐུན་མོང་བ་མ་ཡིན་པ་ཡིན། ཐམས་ཅད་ཀྱི་གཞི་མ་ནང་ན་གལ་ཆེ་ཤོས་ཁོ་ན་ཡིན་པས་འདི་ཁོ་ན་ལ་ནན་ཏན་ཆེར་བྱ། ཁོང་གཞན་ཅི་འདྲ་ཡང་སྡིག་མ་བསག རང་ཅག་གིས་ཚོད་མི་ཤེས་འཇམ་དཔལ་བཤེས་གཉེན་འདྲ་བ་ཡིན་པའང་སྲིད། རང་དེའི་ཁྱུར་མ་སོང་བ་བྱ་གསུངས། དེ་རྣམས་ཀྱི་ནང་ནས་འཆོར་བའི་རྒྱུ་ནི་སོ་སོའི་བསླབ་བྱ་གསུམ་དང་སྤྱིའི་བསླབ་བྱ་ཕྱི་མ་དཀོན་མཆོག་བློས་སྤངས་པ་རྣམས་ཡིན་པས། དེ་ཚོ་བྱུང་ན་རྣལ་འབྱོར་པ་ཆེན་པོའི་ཞལ་ནས་རྩ་བ་ནག་མོར་སོང་བ་ཡིན་ཕྱིས་བླང་དགོས་གསུངས། སྟོན་པ་ཆོས་ཐམས་ཅད་སྦང་སྐམ་ལྟར་སོང་བ་ཡིན་གསུངས། ཤ་ར་བ་ཉིད་ཆོས་ཀྱི་གཟུགས་བརྙན་བྱ་བ་ཡིན། སྐྱབས་སུ་འགྲོ་བ་ཤོར་ན་སྡོམ་པ་ཐམས་ཅད་འོལ་ལེ་འགྲོ། སྙིང་པོ་བཟླས་ཀྱང་ནུས་པ་མི་གསུངས་ཏེ། འདི་ལ་ཐུན་ཚོད་ཀྱང་མེད་སྐད། གཞན་མ་དེ་རྣམས་ཀྱིས་འཆོར་མི་འཆོར་ཏེ་ཉམས་ནས་འགྲོ་བའི་རྒྱུ་ཡིན། ཉམས་པས་ཀྱང་འབྲས་བུ་མི་འབྱིན་པས་མ་ཉམས་པ་ཉིད་དུ་བྱ། སྤྱན་སྔ་དེ་རྣམས་ཀྱི་སྟེང་དུ་ཕྱོགས་གང་དུ་འགྲོ་ན་དེས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ལ་བསླབ་པ་དང༌། ན་ཚ་དང་སྐྱིད་སྡུག་ཅི་བྱུང་ཡང་སྐྱབས་སུ་འགྲོ་བ་ལས་ཐབས་གཞན་མི་ཚོལ་བ་གཉིས་ཀྱང་གསུངས་ཏེ་དགུར་མཛད་པའི་དང་པོ་དེ་ཕྱོགས་བཅུའི་མུན་པ་སེལ་བའི་མདོ་སྡེ་ལས། ཤཱཀྱའི་བུ་གཞོན་ནུ་བཞིན་རབ་གསལ་གྱིས་བདག་གི་ཕ་མ་ལ་ཡང་མི་མ་ཡིན་གྱིས་འཚེ་བར་བགྱི། བདག་ལའང་ཕྱོགས་གཞན་དུ་མཆི་བ་ན་ཆོམ་རྐུན་ལ་སོགས་པས་འཚེ་བར་བགྱིད་པས་དེ་དག་ལས་སྐྱབས་སུ་གསོལ་ཞེས་ཞུས་པ་དང༌། ཤར་ཕྱོགས་སུ་འགྲོ་ན་བཅོམ་ལྡན་འདས་རྗེས་སྤྱོད་ལ་སྐྱབས་སུ་འགྲོ་བར་གྱིས་ལ། ས་ཕྱོགས་དེར་འཇིགས་པ་མེད་པར་འགྱུར་བྱ་བ་ནས་ཕྱོགས་བཅུ་ལ་སྦྱར་བ་གསུངས་པ་དང་མཐུན་ཞེས་ཤ་ར་བས་གསུངས་ཤིང༌། མཐའ་བཞི་སྒོམ་པའི་ཞལ་ནས་ཁམ་པ་ལུང་པ་དང་ཀ་མ་པ་ཀུན་དད་པའི་ཤུགས་དྲག་པས་དེ་བཞིན་དུ་མཛད་པས་ཕྱོགས་ངན་རྡུགས་པར་འདུག ཀ་མ་བ་ལ་ནུབ་ཕྱོགས་སུ་ཕྱོགས་ངན་བྱས་ཙ་ན་བཅོམ་ལྡན་འདས་སྣང་བ་མཐའ་ཡས་བཞུགས་ན་དེ་ཕྱོགས་ངན་ནམ་ཟེར། ལྷོ་ཕྱོགས་ཕྱོགས་ངན་བྱས་ཙ་ན་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གར་སོང་ཟེར་གསུངས། སྐྱབས་འགྲོ་ཁྱད་པར་ཅན་དེ་དང་སྨོན་པ་ལ་ཁྱད་ཅི་ཡོད་སྙམ་ནས། ཁ་ཅིག་དམ་བཅའ་བའི་ལྕགས་ཀྱུས་མ་ཟིན་པ་དང་ཟིན་པའི་ཁྱད་པར་ཡོད་ཟེར་ཡང༌། པུ་ཏོ་བའི་ཞལ་ནས། མདོ་སྡེ་རྒྱན་དུ། འདི་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་བརྩེ་ལས་རིག་བྱ། །ཞེས་པ་ལྟར། ཇ་འདོད་པ་དང་ཇ་བདག་ལ་བཅོམ་པ་ལྟ་བུ་ཡིན་གསུངས་ཤིང༌། ཡུམ་ནས། སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་འགྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། །བྱ་བ་ལ་སོགས་པ་དང༌། དཀོན་མཆོག་ཏ་ལ་ལའི་གཟུངས་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང༌། །སངས་རྒྱས་སྲས་ཀྱི་སྤྱོད་ལ་དད་བྱེད་ལ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་གསུངས་པས་རྒྱུ་འབྲས་སུ་འོང་ཞེས་ཀྱང་ཤ་ར་བ་ཆེན་པོའི་བཤད་རྒྱུན་འགའ་ཞིག་ལས་བྱུང་སྟེ། དེ་ལྟར་སྦྱོར་བའི་ཆོ་ག་བཤད་ནས།

གཉིས་པ། དངོས་གཞི་འབྲས་བུ་ལ་དམ་འཆའ་བ་སྨོན་པ་དངོས་ནི། དེ་ནས་སེམས་ཅན་ཐམས་ཅད་ལ། །བྱམས་པའི་སེམས་ནི་སྔོན་འགྲོ་བས། །ངན་སོང་གསུམ་དང་སྐྱེ་སོགས་དང༌། །འཆི་འཕོ་སོགས་ཀྱིས་སྡུག་བསྔལ་བའི། །འགྲོ་བ་མ་ལུས་ལ་བལྟས་ཏེ། །སྡུག་བསྔལ་གྱིས་ནི་སྡུག་བསྔལ་བ། །སྡུག་བསྔལ་སྡུག་བསྔལ་རྒྱུ་མཚན་ལས། །འགྲོ་བ་ཐར་པར་འདོད་པ་ཡིས། །ལྡོག་པ་མེད་པར་དམ་འཆའ་བའི། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །ཞེས་གསུངས་ཏེ། དེ་ཡང་སྦྱོར་བ་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བྱས་པའི་རྗེས་དེ་མ་ཐག་པ་དེ་ནས་དམིགས་པའི་ཡུལ་ནམ་མཁའི་མཐས་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་ཆགས་སྡང་གི་དབྱེ་སྲི་མེད་པར་མར་ཤེས་དྲིན་དྲན་དྲིན་གཟོའི་སྒོ་ནས་གཅེས་པར་འཛིན་པ་བྱམས་པའི་སེམས་སྒོམ་པ་ནི་སྔོན་དུ་འགྲོ་བས་དེའི་ལག་པས་གཟུང་ལ་དམིགས་ཡུལ་གྱི་སེམས་ཅན་ངན་སོང་གསུམ་ན་སྡུག་བསྔལ་གྱི་སྡུག་བསྔལ་མྱོང་བ་དང༌། མིའི་འགྲོ་བ་སྐྱེ་བ་ལ་སོགས་པ་བརྒྱད་འགྱུར་བའི་སྡུག་བསྔལ་ཅན་དང༌། འཆི་འཕོ་དངོས་སུ་སྨོས་པའི་སོགས་ཁོངས་ནས་ལྷ་རྣམས་འཆི་ལྟས་བྱུང་བའི་དང་འཆི་བ་དང་ལྟུང་བ་འདུ་བྱེད་ཀྱི་སྡུག་བསྔལ་བའི་འགྲོ་བ་རིགས་ལྔ་པོ་མ་ལུས་པ་ཐམས་ཅད་ལ་སྙིང་རྗེའི་མིག་གིས་བལྟས་ཏེ། འགྲོ་བ་དེ་རྣམས་འབྲས་བུའི་དུས་ན་སྡུག་བསྔལ་གསུམ་གྱི་སྡུག་བསྔལ་གྱིས་ནི་སྡུག་བསྔལ་བར་གྱུར་པའི་སྡུག་བསྔལ་དང་སྡུག་བསྔལ་དེའི་རྒྱུ་ཞེས་སྨོས་ན་ལས་གཅིག་པུ་དང༌། རྐྱེན་ཞེས་སྨོས་ན་ཉོན་མོངས་པ་གཅིག་པུ་ལ་འཇུག་པར་འགྱུར་བས། རྒྱུ་ལས་དང་རྐྱེན་ཉོན་མོངས་པ་གཉིས་སྡུད་པའི་ཚིག་རྒྱུ་མཚན་ཞེས་པ་དང་བཅས་པ་དང་དེ་དག་ལས་འགྲོ་བ་མ་ལུས་པ་ཐམས་ཅད་ཐར་པར་བྱ་འདོད་པ་ཡིས། ལྡོག་པ་མེད་པ་སྟེ་བདག་གིས་དེ་ལྟར་མི་ནུས་སམ་སྙམ་པའི་རྣམ་པར་རྟོག་པ་རྣམས་སྤངས་ཏེ། འགྲོ་བ་འདི་དག་ཉམ་ཐག་ཞེས། །ནུས་སམ་མི་ནུས་སྙམ་པ་ཡི། །རྣམ་པར་རྟོག་པ་ཡོངས་སྤངས་ཏེ། །ཁྱོད་བདག་ཉིད་ཀྱིས་ཞལ་གྱིས་བཞེས། །ཞེས་པའི་ཚུལ་གྱིས་རང་གིས་ནུས་མི་ནུས་དང་ཕ་རོལ་པོ་ལ་བཏུབ་མི་བཏུབ་རྩེས་ཀྱང་མི་བྱེད་པར་འགྲོ་བ་ཉམ་ཐག་སྙམ་པས་སམ། རང་གི་ཚེ་འདིའི་བདེ་སྡུག་དང་ཕྱི་མའི་བདེ་འགྲོ་དང་རྣམ་པར་གྲོལ་བ་ཅི་ལ་ཡང་མ་རག་པར་ཆས་ནས་སེམས་ཅན་གྱི་དོན་དུ་འབྲས་བུ་བྱང་ཆུབ་ཆེན་པོ་ལ་དམ་འཆའ་བའི་སྨོན་པ་བྱང་ཆུབ་ཀྱི་སེམས་ནི་བསྐྱེད་པར་བྱ་ཞེས་པ་སྟེ། དེ་ལ་ཤ་ར་བའི་ཞལ་ནས། དགེ་བཤེས་སྟོན་པ་ཆོ་གའི་དུས་འདིར་ཡང་བློ་སྣ་སྦྱོང་བའི་གདམས་པ་གནང་ནས་བྱམས་པ་དང་སྙིང་རྗེ་སྒོམ་དུ་བཅུག་པར་བར་དུ་ངལ་སོས་པར་བྱས་དྲན་པ་བསོས་བཏབ་སྒོམ་དུ་བཅུག་གིན་མཛད་གསུངས་པར་གདའ་བས། སྔར་བསྟན་པ་བཞིན་དུ་སྦྱོར་བའི་ཆོ་ག་རྫོགས་པ་དང་བར་འདིར་སེམས་ཅན་ཐམས་ཅད་ལ་བྱམས་པ་སྒོམ་སྟེ། དེ་ཡང་ཐམས་ཅད་སྣང་བ་མཐུན་ལ་ཐོགས་པ་དང་བཅས་པར་སོང་ན་ཉུང་འབྲུ་ཙམ་དུ་སོང་ཡང་ནམ་མཁའི་ཁམས་སུ་མི་ཤོང་བའི་སེམས་ཅན་རེ་རེས་ཀྱང་མ་བྱས་པའི་གྲངས་ནི་འཛམ་བུའི་གླིང་གི་ས་ཆེན་པོ་འདི་སྲན་མ་འབྲིང་པོ་ཙམ་དུ་བྱས་པའི་གྲངས་པས་ཀྱང་མ་བྱས་པའི་གྲངས་མང་ལ། མ་བྱས་པའི་དུས་ན་ལུས་ལ་ཡོད་པའི་དུས་སུ་ཇི་ལྟར་བསྐྱངས་པ་དང༌། བཙས་ནས་རང་གིས་ནི་བླ་འོག་ཀྱང་མི་འགྱུར། ཁ་ལག་ཀྱང་མི་འབྱོར། སྲིན་གྱི་གོང་བུ་ལྟར་འདུག་པ་དེ་བརྩེ་བའི་སེམས་ཀྱིས་བག་ཟོན་དང་བཅས་པར་བླངས། མི་གཙང་བ་ལག་གིས་ཕྱིས། མཆིལ་སྣབས་ཁས་གཞིབས། སོར་མོ་བཅུའི་རྩེ་ལ་གཡེངས། ནུམ་བུ་ལ་སོགས་པ་བསྙོད། མངལ་སྐྱེས་ཕལ་ཆེར་ནུ་ཞོས་གསོས་ཏེ། ནུ་ཞོ་འཐུངས་པ་བསགས་ནའང་རྒྱ་མཚོ་ཆེན་པོ་བཞི་པས་མང༌། བུ་ལ་སྡུག་བསྔལ་བྱུང་བའི་དུས་ན་མ་བཟོད་ནས་ངུས་པའི་འཆི་མ་བསགས་ན་ཡང་དེ་ཙམ། བུའི་ཆེད་དུ་སྡིག་སྡུག་གཏམ་དང་གསུམ་གང་ལ་ཡང་བཟེམས། ཁེ་དང་མནོག་ཐམས་ཅད་བུ་ལ་བྱིན། གྱོང་རང་གིས་ཁུར། བུའི་ཆེད་དུ་སྡིག་པ་བྱས་པས་ངན་སོང་གསུམ་དུ་སྐྱེས་པའི་མཐའ་ཡང་མི་མངོན་པར་བསམས་ལ་སེམས་ཅན་ཐམས་ཅད་ལ་གཅེས་པར་འཛིན་པ་སྒོམ་གསུངས་ཏེ། དེ་ལྟར་བྱམས་པ་བསྒོམ་པ་ལས་སྙིང་རྗེ་འབྱུང་ཞིང༌། དེ་ལས་བྱང་ཆུབ་ཀྱི་སེམས་འབྱུང་བས་དེ་དག་གི་དམིགས་པ་ཡང་སེམས་ཅན་རྒྱུའི་དུས་ན་ལས་དང་ཉོན་མོངས་པ་དང༌། འབྲས་བུའི་དུས་ན་སྡུག་བསྔལ་གསུམ་གྱིས་མནར་བ་ལ་མི་བཟོད་པའི་སྙིང་རྗེ་བསྒོམས་པས། སེམས་ཅན་སྡུག་བསྔལ་ལས་གཏན་ཐར་པའི་སངས་རྒྱས་ལ་འགོད་པ་ལ། རང་གིས་དེ་ཐོབ་དགོས་པར་ཤེས་ནས། མ་བརྒལ་བ་བསྒྲལ་བ་ལ་སོགས་པའི་ཚུལ་གྱིས་འབྲས་བུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དམ་འཆའ་བ་སྨོན་པའི་སེམས་བསྐྱེད་པ་ཡིན་ཏེ། དེ་ཡང་པུ་ཏོ་བའི་ཞལ་ནས། སངས་རྒྱས་ལ་སེམས་བསྐྱེད་ན་སངས་རྒྱས། བྱང་ཆུབ་སེམས་དཔའ་ལ་མ་ངེས། སོ་སོ་སྐྱེ་བོ་ལ་མི་རྒྱ་བ་ཡིན། འོ་ན་སོ་སོའི་སྐྱེ་བོ་ལ་བསྐྱེད་པ་དོན་མེད་དོ་སྙམ་ན། བུདྡྷའི་འདུ་ཤེས་བསྒོམས་ནས་བསྐྱེད་པས་དོན་ཡོད། སྐྱེ་ཡང་སྐྱེ། འོ་ན་ཡིན་ནས་སྒོམ་ན་ནི་སྒོམ་ཅི་དགོས། མིན་ན་བསྒོམས་པས་ཅི་ཕན་སྙམ་ན། ཡིན་ནས་སྒོམ་སྟེ། རང་བཞིན་ཆོས་ཉིད་ཁྱད་མེད། རྒྱུ་བྱང་ཆུབ་ཀྱི་སེམས་མཉམ། མཛད་པ་ཆོས་གསུང་བ་ལ་སོགས་པར་མཉམ་པས། ཤཱི་ལ་དག་པ་དང་ལྡན་པས་བོ་དྷི་རུ་བསྐྱེད། བསླབ་བྱ་མ་ཉམས་པ་དང་ལྡན་ན་ཕྱིར་མི་ལྡོག་པ་དང་མཉམ་གསུངས། དམ་བཅའི་ཚིག་མ་བརྒལ་བ་བསྒྲལ་བ་ལ་སོགས་པ་བཞིའི་དོན་ནི། ཉན་ཐོས་ཀྱི་འབྲས་བུ་བཞི་དང་སྦྱར་ཏེ། རྒྱུན་དུ་ཞུགས་པ་ཐོབ་པ་ན་འཇིག་རྟེན་ལས་བརྒལ། ལན་ཅིག་ཕྱིར་འོང་བ་འདོད་པའི་ཁམས་ཀྱི་ཉོན་མོངས་པ་ཕལ་ཆེར་ལས་གྲོལ། ཕྱིར་མི་འོང་བ་དེའི་ཉོན་མོངས་པ་ཐམས་ཅད་སྤངས་པས་དབུགས་འབྱིན། དགྲ་བཅོམ་པ་མྱ་ངན་གྱི་གནས་ལྟ་བུའི་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་ལས་འདས་པའོ། །ཐེག་པ་ཆེན་པོ་ལྟར་ན་མཐོང་ལམ་ཐོབ་ཙ་ན་འཇིག་རྟེན་བརྒལ། ས་བདུན་པ་ཐོབ་པ་ན་མཚན་མའི་འཆིང་བ་ལས་གྲོལ། འབྲས་བུའི་ས་གསུམ་ལས་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པས་དབུགས་བྱིན། སངས་རྒྱས་ས་ན་མྱ་ངན་གྱི་གནས་ལྟ་བུའི་སྤང་བྱ་ཐམས་ཅད་ལས་འདས་པ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དོན་བྱེད་དགོས། དེ་ལ་རིགས་ཅན་གསུམ་ཐེག་པ་གསུམ་ལ་འགོད་དགོས་པས་སོ་གསུངས་ཤིང༌། ཆོ་ག་གཞན་ནི་ལས་ཉམས་སུ་མྱོང་བའི་ཚེ་ཤེས་པར་འགྱུར་གསུངས།

གསུམ་པ། རྗེས་དེའི་བསླབ་བྱ་བཤད་པ་ལ། པུ་ཏོ་བའི་ཞལ་ནས། གདམས་ངག་ལས་སྦྱང་བ་སྔོན་དུ་བྱུང་ཡང་སྔོན་དུ་བཤད་པ་ནི་བཤད་པའི་རིམ་པ་ཟེར་བ་དེ་ཤེད་ཡིན་ནམ། གསུངས་པ་བཞིན་དུ་ཤ་ར་བ་ཆེན་པོས། དེ་ལྟར་སེམས་བསྐྱེད་པས་བསླབ་བྱ་ལྔ་ལ་བསླབ་སྟེ། དུས་རྟག་ཏུ་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་བསླབ་པ་དང༌། སྦྱོང་སྙིང་འདོད་པའི་དོན་དུ་དུས་རྟག་ཏུ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་སྒོམ་པ་དང༌། སེམས་དེ་མ་སྐྱེས་པ་སྐྱེ་བ་དང་སྐྱེས་པ་མི་ཉམས་ཤིང་འཕེལ་བར་བྱ་བའི་དོན་དུ་ཚོགས་གཉིས་ཀྱི་ལས་ལ་འབད་པ་སྟེ། སེམས་བསྐྱེད་འཆོར་བའི་རྒྱུ་སེམས་ཅན་བློས་སྤོང་བ་སྤང་པ་དང༌། ནག་པོའི་ཆོས་བཞི་སྤང་ཞིང་དེ་དག་གི་གཉེན་པོ་དཀར་པོའི་ཆོས་བཞི་ལ་བསླབ་པའོ། །དེ་དག་ལས་འདིར་ནི་གོ་རིམ་ཅུང་ཟད་མི་མཐུན་པས། དང་པོ། ཕན་ཡོན་སྒོམ་པ་སྟོན་པ་ནི། དེ་ལྟར་སྨོན་པའི་སེམས་དག་ནི། །བསྐྱེད་པའི་ཡོན་ཏན་གང་ཡིན་པ། །དེ་ནི་སྡོང་པོ་བཀོད་པ་ཡི། །མདོ་ལས་བྱམས་པས་རབ་ཏུ་བཤད། །ཅེས་གསུངས་ཏེ་སྦྱོར་བ་དངོས་གཞིའི་ཆོ་ག་བསྟན་མ་ཐག་པ་དེ་ལྟར་དུ་འབྲས་བུ་ལ་དམ་འཆའ་བ་སྨོན་པའི་སེམས་དག་ནི་ཤ་ར་བ་གསུངས་པ་བཞིན་དུ་ཆོ་ག་ཙམ་ཞིག་རྩེད་མོ་ཙམ་དུ་བྱས་པ་མ་ཡིན་པར། སྐྱེ་བ་མང་པོའི་གོང་རོལ་ནས་སྐྱེས་བུ་གསུམ་གྱི་མཚན་ཉིད་ལ་བློ་སྦྱངས་ཤིང་བསོད་ནམས་དཔག་ཏུ་མེད་པ་བསགས་པ་ལས་ཐེག་པ་ཆེན་པོའི་རིགས་ཅན་དུ་གྱུར་པ་ཞིག་གིས། འདིར་ཡང་སྐྱེས་བུ་དམ་པ་ལ་བརྟེན་ཅིང་བློ་སྦྱངས་ཚོགས་བསགས་ལ། ཆོ་གའི་དུས་སུ་ཡང་དགེ་བའི་བཤེས་གཉེན་ཚུལ་དང་མཐུན་པ་ལས་ཆོ་ག་ཚུལ་བཞིན་དུ་མནོས་ནས་བསྐྱེད་པའི་ཡོན་ཏན་ནམ་ཕན་ཡོན་གང་ཡིན་པ་དེ་ནི་ཤིན་ཏུ་རྒྱས་པའི་སྡེ་སྣོད་སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སྡོང་པོ་བཀོད་པ་ཡི་མདོ་སྡེ་ལས་བཅོམ་ལྡན་འདས་བྱམས་པས་བྱང་ཆུབ་སེམས་དཔའ་ནོར་བཟང་ལ་རབ་ཏུ་བཤད་ཅེས་པ་སྟེ། དེ་ཡང་ཤ་ར་བའི་ཞལ་ནས། སྡོང་པོ་བཀོད་པའི་མདོ་ལས། བཅོམ་ལྡན་འདས་བྱམས་པའི་རྣམ་པར་ཐར་པ་བམ་པོ་གཉིས་ཙམ་བཞུགས་པ་དེ་རིལ་གྱིས་ཀྱང་སེམས་བསྐྱེད་པའི་ཕན་ཡོན་དུ་འབྱུང༌། ཕན་ཡོན་ཉིད་དུ་གསུངས་པ་ཉིས་བརྒྱ་ཙམ་གྱིས་གཏན་ལ་དབབ་པ་གསུངས་པ་ལས། དེ་དག་ལ་ལ་ནི་སྤྱོད་པ་དང་ལྡན་པར་སེམས་བསྐྱེད་པའི་ཕན་ཡོན་དུ་གསུངས་པ་ཡང་ཡོད། ལ་ལ་ནི་དོན་དམ་བྱང་ཆུབ་སེམས་ཀྱི་ཕན་ཡོན་དུ་གསུངས་པ་ཡང་ཡོད་མོད་ཀྱི། མེད་ན་མི་འབྱུང་བའི་རྒྱུ་མཚན་གྱིས་ཐམས་ཅད་ཀྱང་སྨོན་པའི་ཕན་ཡོན་དུ་ཡོང་བ་ཡིན། དེ་ཡང་རང་དོན་གཞན་དོན་གཉིས། མི་མཐུན་པའི་ཕྱོགས་སྤོང་བ་དང་ཡོན་ཏན་སྒྲུབ་པར་བྱེད་པ་གཉིས་ཏེ་ཕན་ཡོན་གྱི་སྒོ་བཞིར་འདུ་བ་ཡིན་གསུངས་པའི་དང་པོ་རང་དོན་གྱི་ཕན་ཡོན་ནི། རང་གི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐྱེད་པར་བྱེད་པས་ན་ས་བོན་ལྟ་བུ་ཞེས་པ་སྟེ། ཤ་ར་བའི་ཞལ་ནས། ས་བོན་སྐྱེས་བུ་གཅིག་ས་འོག་ཏུ་མ་ཚུད་ན་རྨོ་བརྐོ་དང་བཅུ་བ་དང་ངོ་ཡུར་ལ་སོགས་པ་ཅི་བྱས་ཀྱང་མྱུ་གུ་སྔོན་པོ་ཙམ་ཡང་མི་འབྱུང་ན་འབྲས་བུ་ལྟ་ཅི་སྨོས། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ས་བོན་སྐྱེས་བུ་ལྟ་བུ་གཅིག་མ་སྐྱེས་ན་རྨོ་བརྐོ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང༌། སྟོང་པ་ཉིད་སྒོམ་པ་དང༌། ལྷའི་སྐུ་རྒྱ་ཆེན་པོས་བསྒོམས་ཀྱང་རུང༌། རྩ་དང་འཁོར་ལོ་དང་ཐིག་ལེ་གང་བསྒོམས་ཀྱང་མཐོང་བའི་ལམ་གྱི་མྱུ་གུ་ཙམ་ཡང་མི་སྐྱེ་ན་འབྲས་བུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པ་ལྟ་ཅི་སྨོས་ཏེ། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་སྦྱིན་པ་ལ་སོགས་པའི་འབྲས་བུ་ནི་ལོངས་སྤྱོད་དང༌། བདེ་འགྲོའི་རྟེན་དང༌། གཟུགས་དང་འཁོར་ཕུན་སུམ་ཚོགས་པ་དང༌། ལས་ཀྱི་མཐའ་འགྲུབ་པ་དང༌། ཁམས་གོང་མའི་ལྷར་སྐྱེ་བ་ཙམ་ཡིན་ཅིང༌། སྟོང་པ་ཉིད་བསྒོམས་ཀྱང་མི་མཐོང༌། རྒྱ་ལ་མཐོང་ཡང་ཉན་ཐོས་སུ་ཆ་བ་ལ། ད་ལྟ་ནི་སྟོང་པ་ཉིད་ཡོད་ན་དེ་གཅིག་པུས་ཆོག་པར་རྩི་སྟེ། རྣལ་འབྱོར་པ་ཆེན་པོ་ལ་སྟོང་པ་ཉིད་མངོན་སུམ་དུ་གཟིགས་པ་འདྲ་བ་མངའ། རྩིག་པ་ཀུན་ལ་ཡང་ཐོགས་པ་མི་མངའ་བ་ཡིན་པར་གདའ་སྟེ། དགེ་བཤེས་སྟོན་པས་ཇོ་བོ་དེ་ནི་ཉན་ཐོས་སུ་ཆ་ཡིན་གསུངས་ཤིང་བྱམས་པ་དང་སྙིང་རྗེ་གཞི་ནས་སྒོམ་དུ་བཅུག་གསུངས། པུ་ཏོ་བས་བྱང་ཆུབ་ཀྱི་སེམས་མེད་ན་གསང་སྔགས་ཀྱང་ཉན་ཐོས་ཀྱི་ལམ་དུ་ཆ་གསུངས་པ་ལ་གཅིག་མ་བདེ་ནས་དགོན་པ་བ་ལ་ཞུས་པས། དེ་ལོས་ཆ་དེ་བས་དམྱལ་བའི་ལམ་དུ་ཡང་འགྲོ་གསུངས་པ་ལགས་པར་གདའ་བས། ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གསང་སྔགས་ཡོ་ག་དང་མ་རྒྱུད་དང་གཤིན་རྗེའི་གཤེད་དང་གསང་བ་འདུས་པ་བཞིའི་བརྡའ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ཀྱིས་བསྲུང་བའི་འཁོར་ལོ་མེད་ན་དེ་རྣམས་གང་བསྒོམས་ཀྱང་ཕལ་ཆེར་འདྲེས་འཁྱེར་དངོས་གྲུབ་མི་འཐོབ། གལ་ཏེ་འཐོབ་ན་ཡང་ཐུན་མོང་བའི་དངོས་གྲུབ་ཕྲ་མོ་ཙམ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཡེ་མི་འཐོབ་གསུངས། གཉིས་པ། གཞན་དོན་གྱི་ཕན་ཡོན་ནི། འགྲོ་བའི་དཀར་པོའི་ལོ་ཏོག་འཕེལ་བར་བྱེད་པས་ཞིང་ལྟ་བུ་ཞེས་པ་སྟེ། ཤ་ར་བའི་ཞལ་ནས། འབྲས་བུ་ས་བོན་གྱི་རྗེས་སུ་འགྲོ་ངེས་པས་ས་བོན་ནི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ལ། ཞིང་ནི་ཐུན་མོང་བའི་རྐྱེན་ཡིན་པ་དང་འདྲ་བར། ས་བོན་ལྟ་བུ་ཐུན་མོང་མ་ཡིན་པའི་རྒྱུ་ནི་ཐེག་པ་གསུམ་གྱི་རང་རང་གི་སེམས་བསྐྱེད་པ་ལ་སོགས་པ་ཡིན་ལ། ཐུན་མོང་བའི་རྐྱེན་ནི་བྱང་ཆུབ་ཀྱི་སེམས་ཡིན་ཅིང༌། བྱང་ཆུབ་སེམས་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་པ་ཡིན་པས། མདོ་ལས། བྱང་ཆུབ་སེམས་དཔའ་འཇིག་རྟེན་ན་ཡོད་ན་མིའི་འཇིག་རྟེན་འཇིག་རྟེན་ན་ཡོད། ཅེས་པ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་འཇིག་རྟེན་ན་ཡོད་དོ་ཞེས་གསུངས་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་ན་སེམས་ཅན་ཐམས་ཅད་ལ་གནོད་པ་བྱས་པར་འགྲོ་བ་ཡིན་གསུངས། གསུམ་པ། མི་མཐུན་པའི་ཕྱོགས་སྤོང་བའི་ཕན་ཡོན་ནི། བུམ་སྐྲ་འགྲེང་སྐད་པའི་མི་རིགས་ཀྱིས་མདུང་ཐུང་འཕངས་ན་མི་ཕོག་པ་དང་ཕོག་ནས་མི་འཆི་བ་མི་སྲིད་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་སྐྱེས་སོ་ཅོག་ཀྱང་ཉོན་མོངས་པའི་གཉེན་པོར་མི་འགྲོ་བ་དང་ཕམ་པར་མི་བྱེད་པ་མི་སྲིད་པས། ཉོན་མོངས་པའི་དགྲ་ཕམ་པར་བྱེད་པས་མདུང་ཐུང་ལྟ་བུ་ཞེས་གསུངས་ཏེ། དེ་ཡང་ཉོན་མོངས་པ་ཐམས་ཅད་ནི་མི་དགེ་བའི་རྩ་བ་གསུམ་གྱི་རང་བཞིན་དུ་སྐྱེ་ལ། བྱང་ཆུབ་ཀྱི་སེམས་ནི་དགེ་བའི་རྩ་བ་གསུམ་གྱི་རང་བཞིན་དུ་སྐྱེ་བས་ན་འགལ་བའི་གནད་ཀས་ཏེ། མུན་པ་ལོ་འབུམ་དུ་གནས་པ་ཡང་སྒྲོན་མེ་གཅིག་གིས་སེལ་བ་ལྟར་ཡིན་པས་ཉོན་མོངས་པའི་གཉེན་པོར་མ་གྱུར་ན་བྱང་ཆུབ་ཀྱི་སེམས་མ་སྐྱེས་ཞེས་བྱ་སྟེ། གྱང་ལོགས་ལ་མེའི་རི་མོ་བྲིས་པ་དེས་དངོས་པོ་ཅི་ཡང་མི་བསྲེགས་པས་མེ་དངོས་མ་ཡིན་པ་བཞིན་ནོ། །ཞེས་ཤ་ར་བ་ཆེན་པོས་གསུངས་ལ། དེ་བཞིན་དུ་ཉོན་མོངས་པའི་མགོ་ལྟུང་བར་བྱེད་པས་ན་རལ་གྲི་ལྟ་བུ་དང༌། ཉོན་མོངས་པའི་ཤིང་གཅོད་པས་ན་སྟ་རེ་ལྟ་བུ། ཞེས་པ་འདི་ཀུན་ལ་ཡང་དགེ་བཤེས་དེ་ཉིད་ཀྱི་ཞལ་ནས། ཉོན་མོངས་པའི་རྩ་བ་འཇིག་ཚོགས་ལ་ལྟ་བ་སྤོང་བ་དངོས་སུ་ཤེས་རབ་ཀྱིས་བྱེད་པར་སྣང་ཡང༌། བརྒྱུད་པས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་དུ་འོང་སྟེ་དེ་མེད་པ་ལ་ཤེས་རབ་དྲི་མ་མེད་པ་ཉིད་ཀྱང་མི་སྐྱེ་བས་སོ། །གསུངས་ཤིང༌། གཞན་ཡང་ཚེ་འདིའི་རྟོག་པ་ནས་རང་གི་རྣམ་གྲོལ་དོན་དུ་གཉེར་བའི་བར་དང་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ནས་དངོས་པོར་འཛིན་པའི་བར་ཐམས་ཅད་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཞེས་བྱ་ལ། རང་ལ་བྱང་ཆུབ་ཀྱི་སེམས་སྐྱེས་མ་སྐྱེས་ཀྱང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་ཀུན་གྱི་གགས་སུ་སོང་མ་སོང་གིས་ཤེས་པར་བྱ་དགོས་པས། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འགགས་པས་ན་གོ་ཆ་ལྟ་བུ་ཞེས་དང༌། བྱང་ཆུབ་སེམས་ཤིག་སྐྱེས་ན་སྐྱེས་སོ་ཅོག་སྟོབས་བཞིའི་ངོ་བོར་སྐྱེ་བས། སྡིག་པའི་རྣམ་པར་སྨིན་པ་ལས་སྐྱོབ་པས་ན་སྐྱེས་བུ་དཔའ་བོ་ལྟ་བུ་དང༌། དེའི་ས་བོན་རྩ་བ་ནས་སྲེག་པར་བྱེད་པས་ན་དུས་མཐའི་མེ་ལྟ་བུ་དང༌། ལས་དང་ཉོན་མོངས་པའི་བག་ཆགས་ཐམས་ཅད་ཟད་པར་བྱེད་པས་ན་སའི་འོག་ལྟ་བུ་སྟེ། ཤ་ར་བའི་ཞལ་ནས། སའི་འོག་ཏུ་བཅུག་ན་རིན་པོ་ཆེ་གསེར་མ་གཏོགས་པ་ཐམས་ཅད་འདྲུལ་བ་དཔེར་བྱས། འདི་དོན་དམ་གྱི་སྟེ་རྒྱུད་ནས་སྔར་བསྟན་པ་བཞིན་དུ་ཡིན་གསུངས་ཤིང༌། མི་མཐུན་ཕྱོགས་ཐམས་ཅད་འདུར་མི་སྟེར་བས་ན་སེངྒེའི་འོ་མ་ལྟ་བུའོ། །ཞེས་པའང་དེའི་འོ་མ་གཞན་ཐམས་ཅད་འཐོར་པར་བྱེད་པ་དཔེར་མཛད་གསུངས། བཞི་པ། ཡོན་ཏན་སྒྲུབ་པར་བྱེད་པའི་ཕན་ཡོན་ནི། རིན་པོ་ཆེ་ཐམས་ཅད་བསྡུད་པ་ཞེས་བྱ་བའི་རིན་པོ་ཆེ་གང་ཞིག་ཡོད་ན་དེ་ལས་གཞན་པའི་རིན་པོ་ཆེ་ཐམས་ཅད་དེར་འདུ་བ་བཞིན་དུ། བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་རིན་པོ་ཆེ་འདི་ཡོད་ན་དེ་ལས་གཞན་པའི་ཡོན་ཏན་བདེ་འགྲོ་དང་ཐར་པ་གསུམ་གྱི་རྒྱུ་ཚོགས་གཉིས་ཐམས་ཅད་འདུ་བའི་ཕན་ཡོན་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་ཐམས་ཅད་བསྡུས་པས་མདོར་བསྟན་པ་ལྟ་བུ་དང༌། ཐ་མ་ལྷ་དང་མི་རྣམས་ཀྱི་མཆོད་རྟེན་ལྟ་བུ་ཞེས་བྱ་བའི་བར་དུ་གསུངས་ཏེ། མདོར་བསྡུས་ན་འབྲས་བུ་ལ་དྲི་ལ་སོགས་པ་ཇི་སྙེད་ཡོད་པའི་ནུས་པ་དེའི་ས་བོན་ལ་ཡོད་པ་ལྟར། འབྲས་བུ་སངས་རྒྱས་ཀྱི་ས་ན་ཡོན་ཏན་ཇི་སྙེད་ཡོད་པ་དེའི་ནུས་པ་བྱང་ཆུབ་ཀྱི་སེམས་ལ་ཡོད་པས་དེའི་ཕན་ཡོན་ཞེས་བྱ་སྟེ། ལམ་ལྔ་འབྲས་བུ་དང་བཅས་པའི་གནས་སྐབས་ན་ཡོན་ཏན་ཇི་སྙེད་པ་ཡོད་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ཡིན། ཞེས་ཤ་ར་བ་ཆེན་པོ་གསུངས་ཏེ། དེ་ལྟར་སྡོང་པོ་བཀོད་པ་ལས་བཤད་པ་དེ་ཐམས་ཅད་ཀྱང་ངེས་པའི་དོན་ཁོ་ན་ཡིན་པའི་དན་རྟགས་སུ་དགེ་བཤེས་དེ་ཉིད་ཀྱི་ཞལ་ནས། འོ་ན་སྡོང་པོ་བཀོད་པའི་ངེས་དོན་ཡིན་ནམ། དེ་ངེས་དོན་ཡིན་པའི་ཤེས་བྱེད་ཨོ་ལོག་སྤུ་སྣུམ་ཅན་ཅི་ཡོད་སྙམ་ན། ཇོ་བོ་ཉིད་ལ་དངོས་སུ་པུ་རིའི་དེ་བཞིན་གཤེགས་པ་དེ་ཡིས་གསུང་ཕྱུང་བ་ལ་སོགས་པས་ཤེས་གསུངས་ནས། ཇོ་བོ་དུས་ཁྱད་པར་ཅན་མ་ཡིན་པ་ལ་རྡོ་རྗེ་གདན་དུ་མངོན་པར་བྱང་ཆུབ་པའི་པུ་རི་ལ་ཕྱི་སྐོར་མཛད་པའི་དུས་ན། ནུབ་ཕྱོགས་ཀྱི་བདུད་བཏུལ་བའི་པུ་རི་ན་བཞུགས་པའི་དེ་བཞིན་གཤེགས་པའི་སྐུས་གསུང་ཕྱུང་ནས། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་ཁོ་ན་ལ་སློབས་ཤིག་གསུངས་པ་དང༌།དུས་ཁྱད་པར་ཅན་ལ་དེ་ལ་ནང་བསྐོར་མཛད་པའི་དུས་ན་བུད་མེད་མིའི་ལུས་ལས་འདས་པ་གཉིས་སྐར་ཁུང་ན་བཞུགས་ནས་དྲིས་པ་དང༌། ལན་གྱིས་ཀྱང་དེ་བཞིན་དུ་གསུངས་པ་དང༌། ཤར་ཕྱོགས་བྷང་ག་ལ་ན་དངོས་གྲུབ་ཐོབ་པའི་རྣལ་འབྱོར་པ་མང་པོ་ཡོད་ཟེར་ནས་ཡུལ་དབུས་པའི་དགེ་ཚུལ་ཞིག་གིས་བལྟར་ཕྱིན་པ་ལ་ཅི་ཡང་མ་མཐོང༌། གཅིག་ཅིག་སང་གནངས་ཅི་ཡོང་ལུང་དང་སྟོན་པ་འདྲ་ཞིག་སྣང༌། ལོག་ནས་ཚོང་པ་ཚན་ཞིག་དང་འགྲོགས་ནས་ཡོང་བས། ཚོང་པ་དེ་རྣམས་ཀྱིས་ཡུལ་འཕར་མ་མང་པོའི་གཏམ་ངོ་མཚར་ཅན་མང་པོ་གླེང་བསླངས་པ་ལས། དགེ་ཚུལ་དེས་ཅི་ཟེར་ཟེར་ཡང་མི་བདེན་བྱས་བྱུང་བའི་མཐའ་བརྗོད་ནས། དཀར་བཅག་པའི་དུས་ན། དེ་ན་བཞུགས་པའི་ཀུ་སཱ་ལི་དགེ་བ་བྱ་བ་དེས་དེ་ལ་ཁྱོད་རང་རྣལ་འབྱོར་པ་ཡིན་ནམ་འདྲི། མིན་བྱས་པ་ལ་འོ་ན་ཁྱོད་ལ་དེ་ཡོད་དམ་མེད་ཅི་ཆ། རྣལ་འབྱོར་པ་བྱ་བ་དེ་ཉིད་ནང་དང་བླ་མས་ཤེས་པ་ཡིན། ཁྱོད་དེ་གཉིས་ཀ་མིན་པས་ག་ལ་ཤེས་གསུངས་པ་དང༌། ཁྱོད་ཀྱིས་མཐོང་བ་དེ་དག་ཕལ་ཆེར་འདྲེས་ཁྱེར་བ་ཞིག་ཡིན་ནམ་ཡང་ཆ་མེད་གསུངས་པ་དེ་ཀུན་ཡང་མན་ངག་ཡིན། དེ་མིན་མང་པོ་བཞུགས་པ་ཡིན་ཟེར་བ་ལ། འོ་ན་ཁྱོད་ལ་ཡོན་ཏན་ཅི་ཡོད་དྲིས་པ་ལ་ང་ལ་ཡང་ཅུང་ཟད་ཡོད་གསུངས། འོ་ན་ངའི་ཁུར་ན་ཅི་འདུག་དྲིས་པ་ལ། ཀ་པ་ལི་དེའི་ནང་ན་ནང་གི་སྟེང་ན་སྤུ་གྲི་གཅིག་འདུག དེ་ནས་ཆོས་འདི་དང་འདི་འདུག་བྱ་བ་དང༌། གསེར་ཞོ་གཉིས་ཀྱང་འདུག་གསུངས། བལྟས་ཙ་ན་དེ་བཞིན་དུ་བྱུང༌། གསེར་ཕུལ་བ་གསེར་ས་འོག་ཀུན་ན་ཡང་ཅོལ་ལེ་མཐོང་སྟེ་དགོས་པ་མེད་གསུངས་ནས་མ་བཞེད་དེ། དེ་ཀུན་ལ་ཡང་གོ་ཡུལ་མང་པོ་ཡོད། ཁོང་སྤྱན་བྱེ་བར་གྱུར་པ་ལ་དགོས་པ་མེད་པ་ལ་རང་ཅག་རྩིས་ཆེ་བར་རང་ཅག་འཁྲུལ་པ་ཡིན། དེ་ནས་རྡོ་རྗེ་གདན་དུ་སྟོན་པ་ལ་ཞེ་ས་ལ་བྱོན་པར་གདའ་བ་ལ་རང་ཅག་ཡིན་ན་གསེར་དེ་ཀུན་ཕྱུང་བསྣོམས་ནས་མཆོད་པ་དང་ཚོགས་སོགས་དང་བྱེད་དེ་དེ་བཞིན་དུ་ཡང་མ་མཛད། དེར་ལམ་དུ་འགྲོགས་ནས་བྱོན་པ་ལ་ཇོ་བོའི་ཡོན་ཏན་བརྗོད་པས། ཇོ་བོ་མ་ཏི་བི་ཧ་ར་ན་བཞུགས་པ་ལ་སྦྲན་ནས་ཞལ་མཇལ་བའི་དུས་ན་དེར་ཕྱག་དར་མཛད་ཀྱིན་བཞུགས་ཟེར་ཏེ་དེ་ཡང་མན་ངག་ཡིན། དེར་དེས་ཇོ་བོ་ལ་མཁས་པ་ཆེན་པོ་ཞེས་བསྟོད་པ་མཛད་པ་ལ། ཇོ་བོས་མཁས་པ་ཆེན་པོ་ནི་དོན་ལ་མཁས་པ་ཁྱོད་ཡིན་ཞེས་བསྟོད་པ་དང༌། དོན་ལ་མཁས་པ་ཡིན་ལ་ཚིག་ཙམ་ལ་མཁས་པ་ནི་བླུན་པོ་ཡིན་པས་མཁས་པ་དང་བླུན་པོ་རྣམ་པར་དབྱེ་བའི་བསྟན་བཅོས་བརྩམས་གསུངས། དེ་ནས་ཇོ་བོའི་གྲོགས་པོ་མན་ངག་ཞུ་བ་ལ་དགའ་ལ་སྒྲུབ་པ་ལ་མི་དགའ་བ་བོད་ཁ་ན་འདྲ་བ་པཎྜི་ཏ་གྲགས་པ་བྱ་བ་དེས་མྱུར་དུ་མངོན་པར་རྫོགས་པ་འཚང་རྒྱ་བའི་མན་ངག་ཞུས་པ་ལ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་ཁོ་ན་ལ་སློབས་ཤིག་གསུངས་པ་ལ་དེ་ཡིད་མ་ཆེས་ནས་ཁྱེའུ་གཙང་མ་ལ་སྤྲ་ཕབ་ནས་མེ་ལོང་གི་ནང་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང༌། རིགས་གསུམ་མགོན་པོ། ཇོ་མོ་སྒྲོལ་མ་རྣམས་སྤྱན་དྲངས་ཀྱིན་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་གང་ལ་བསླབ་ཞུས་པ་ལ་གསུང་མཐུན་པར་སྔ་མ་ཁོ་ན་སྐད་གསུངས་ཏེ། ད་རུང་ཁོ་ཡིད་ཆེས་སམ་མ་ཆེས་ཆ་མེད་གསུངས་པའི་ཇོ་བོའི་ལོ་རྒྱུས་དེ་ཀུན་གསུངས་ཤིང༌། དགེ་བཤེས་སྟོན་པ་འདའ་ཁར་ཇོ་བོ་ཡགས་དང་པུ་ཏོ་བ་གཉིས་བསྙུན་གཡོག་མཛད་པའི་དུས་སུ་པུ་ཏོ་བ་ལ་བླ་མ་འདའ་བར་མཁྱེན་པའི་ཐུགས་ངན་གྱིས་སྤྱན་ཆབ་བྱུང་བ་དགེ་བཤེས་སྟོན་པའི་གོང་པ་ན་མར་གཤེར་ལྷབ་ལྷབ་སོང་བའི་དུས་ན། ཁྱོད་མྱ་ངན་བྱ་མི་དགོས་ཀྱིས་སེམས་བཟང་པོ་ཅི་ཡོང་གྱིས། དེ་ཡོད་ན་འདི་ཉིད་ལ་ཡང་ཁྱད་པར་ཅན་དང་ཕྲད་པ་ཆོས་ཉིད་ཡིན་གསུངས་ནས་ཞལ་ཆེམས་གནང་བའི་དུས་ན། ཇོ་བོ་ཡགས་ཀྱིས་སེམས་བཟང་པོ་རང་ཅི་ལ་ཟེར་བ་ལགས་ཞུས་པས། འོ་ན་བྱང་ཆུབ་ཀྱི་སེམས་ཡིན་མོད་གསུངས་པས། སྔར་ནས་ཀྱང་གོ་བ་ལ་དེས་ཀྱང་ཁྱད་པར་དུ་བཏབ་པ་འདྲ་བའི་ཡིད་ཆེས་པ་ཞིག་བྱུང་གསུངས་པ་དང༌། ཞང་སྣ་ཆུང་སྟོན་པས་ཨ་ཏི་ཤ་ལ་གདམས་ངག་ནམ་ཞུས་ཀྱང་སེམས་བཟང་པོ་གྱིས་ལས་མི་ཡོང་ཟེར་བ་ལ། དགེ་བཤེས་སྟོན་པའི་ཞལ་ནས་དེ་ཞང་སེངྒེ་འོད་ཀྱིས་མ་དགོངས་པ་ཡིན། ཨ་ཏི་ཤའི་མན་ངག་མཐིལ་ཕྱུང་བ་དེ་ཁོ་ན་ཡིན་པ་གསུངས་པ་དང༌། པུ་ཏོ་བས་འཕན་ཡུལ་སྟོད་དུ་འདི་ཁོ་ན་ལ་ནན་ཏན་གསུངས་ནས། དེ་ལ་ཡིད་མ་ཆེས་ན་ཟླ་བའི་དཀྱིལ་འཁོར་གཡུལ་ཐང་ཙམ་ཞིག་གི་སྟེང་དུ་ཨོཾ་མཁར་དམར་པོ་ཙམ་ཞིག་བསྒོམས་གསུངས་པ་ཀུན་ཡང་གསུངས་ནས། རང་ཅག་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ཇི་ཙམ་དུ་བརྗོད་ཀྱང་ཡིད་མི་ཆེས། སྤྱན་སྔ་གསང་སྔགས་ཀྱི་རྣལ་འབྱོར་པ་ཉིད་དུ་བཞུགས་ཏེ་ཡང༌། ལས་དང་འབྲས་བུ་སྒོམ་པ་ནས་བྱང་ཆུབ་ཀྱི་སེམས་སྦྱང་བ་མན་ཆད་ལ་ང་ཤི་ཤི་གསུངས་ནས་དབུ་བསྙུང་བཞེས་ཀྱིན་མན་ངག་ཏུ་མཛད། དེ་ནི་སྔགས་པའི་རྒྱུད་ཀྱང་ཡིན། གསང་སྔགས་ཉིད་ཀྱི་ལས་འཕྲོ་བླངས་པ་འདྲ་བ་ཞིག་ལགས་པར་གདའ། སྐུ་མཆེད་གཉིས་དང་ཁམ་པ་ལུང་པ་ཀུན་དགེ་བཤེས་སྟོན་པ་འདྲ་བའི་བླ་མ་དང་ཕྲད་པ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་སྐྱེས་བུ་གསུམ་གྱི་བློ་སྦྱང་བ་འདི་ཉིད་ལ་མན་ངག་ཏུ་མཛད་པ་ལས་མན་ངག་སབ་སུབ་གཞན་མི་ཚོལ། དེ་ཀུན་པས་རང་ཅག་ཤེས་རབ་མི་ཆེ་བས་མན་ངག་གཞན་མི་བཙལ་བར་འདི་ཉིད་སྦྱང༌། འདི་ཉིད་སྦྱངས་པས་བྱང་ཆུབ་ཀྱི་སེམས་གཤའ་མར་སྐྱེས་ན་གསང་སྔགས་ཀྱི་སྣོད་དུ་འགྱུར་ཡང་སྲིད། དེར་གྱུར་ན་དེའི་གདམས་ངག་འབོགས་པའི་དགེ་གཉེན་དང་མཇལ་ཏེ་འོང་གསུངས།

གཉིས་པ། དུས་རྟག་ཏུ་བྱང་ཆུབ་ཀྱི་སེམས་དེ་བསྐྱེད་ཅིང་སྦྱངས་པ་ལ་བསླབ་པ་ལ། ཡོན་ཏན་ཤེས་པའི་སྒོ་ནས་སེམས་དེ་སྦྱངས་པ་ལ་འཇུག་པའི་འབྲེལ། སྦྱངས་པ་དངོས་བསྟན་པ། བྱང་ཆུབ་ཀྱི་སེམས་དེ་བསྐྱེད་ཅིང་སྦྱང་བ་ལས་བསོད་ནམས་དཔག་ཏུ་མེད་པ་འཕེལ་བའི་ཕན་ཡོན་གཉིས་པ་བསྟན་པ་དང་གསུམ་གྱི། དང་པོ་ནི། དེ་ཡི་མདོ་ཀླག་པའམ་བླ་མ་ལས་ཉན་ཏེ། །རྫོགས་པའི་བྱང་ཆུབ་སེམས་ནི་ཡོན་ཏན་མཐའ་མེད་པ། །རྣམ་པར་ཤེས་པར་བྱས་ལ་དེ་ནས་རྒྱུ་མཚན་དུ། །ཞེས་གསུངས་ཏེ། མདོ་སྡེ་ལས་བཤད་པའི་ཕན་ཡོན་གྱི་སྒོ་དེ་དག་ཀྱང་ཇི་ལྟར་དུ་ཤེས་པར་བྱ་ཞེ་ན། གང་ལས་བྱང་ཆུབ་སེམས་ཀྱི་ཡོན་ཏན་ནམ། ཕན་ཡོན་སྟོན་པ་སྡོང་པོ་བཀོད་པ་ཞེས་བྱ་བ་དེ་ཡི་མདོ་རང་གིས་བལྟས་པས་གོ་ནུས་ན་རང་གིས་ཀློག་པའམ། མི་ནུས་ན་བླ་མ་ལས་མདོ་སྡེ་དེའི་ཚིག་དང་དོན་རྣམས་ཉན་ཏེ། མདོ་སྡེ་དེ་ལས་འབྲས་བུ་རྫོགས་པའི་བྱང་ཆུབ་ལ་དམ་འཆའ་བ་སྨོན་པའི་སེམས་དེ་ལ་ནི་འབྲས་བུ་སངས་རྒྱས་ཀྱི་ས་ན་ཡོན་ཏན་ཕ་མཐའ་མེད་པ་ཞིག་ཡོད་པ་དེ་ཐམས་ཅད་ཀྱི་ནུས་པ་འདི་ལ་ཡོད་པར་གསུངས་པ་དག་རྣམ་པར་ཤེས་པར་བྱས་ལ། ཕན་ཡོན་ཅན་གྱི་བྱང་ཆུབ་ཀྱི་སེམས་དེ་རང་གི་རྒྱུད་ལ་སྐྱེ་ཞིང་གནས་པར་བྱ་བའི་རྒྱུ་མཚན་ཏེ་རྒྱུ་དང་རྐྱེན་དུ་འཆད་པར་འགྱུར་བ་ལྟར་དུས་རྟག་ཏུ་སེམས་དེ་སྦྱང་བ་ལ་བསླབ་ཅེས་པ་སྟེ། དེ་ལ་ཤ་ར་བའི་ཞལ་ནས། གོ་ཡང་རང་ཅག་གིས་བལྟས་པ་དང་བླ་མ་ལ་ཉན་པ་བློའི་ཕུལ་མི་འདྲ་གསུང་བར་གདའ་བས་བླ་མ་ལས་མཉན་ཅིང་འཕྲིག་བཅུག་ལ་རང་གིས་ཀྱང་བལྟ་གསུངས། གཉིས་པ། སྦྱང་བ་དངོས་བསྟན་པ་ནི། དེ་ལྟར་ཡང་དང་ཡང་དུ་སེམས་ནི་བསྐྱེད་པར་བྱ། །ཞེས་གསུངས་ཏེ། དེ་ཡང་བཟོ་སྦྱོང་བ་དང་རིན་པོ་ཆེ་སྦྱོང་བ་བཞིན་དུ་ཕན་ཡོན་ཅན་གྱི་སེམས་དེ་མ་སྐྱེས་པ་བསྐྱེད་པར་བྱ་བའི་ཕྱིར་སྐྱེས་བུ་གསུམ་གྱི་རིམ་པས་བློ་སྦྱོང་ཞིང་ཚོགས་བསགས་པ་རྒྱུ་སྦྱང་བ་དང༌། སྐྱེས་པ་གནས་པ་དང་འཕེལ་བར་བྱ་བའི་ཕྱིར་མ་ཐ་འང་ཉིན་ལན་གསུམ་མཚན་ལན་གསུམ་དུ་སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་ན་སྙམ་དུ་བྱང་ཆུབ་ཀྱི་སེམས་སྒོམ་ཞིང༌། ཡ་ཐ་ན་དུས་རྟག་ཏུ་བྱང་ཆུབ་ཀྱི་སེམས་ཀྱི་ཏིང་ངེ་འཛིན་དུ་ཅི་འགྱུར་བྱ་བ་རང་གི་ངོ་བོ་སྦྱང་བ་དང༌། རིན་པོ་ཆེ་བཻ་ཌཱུརྱའི་ཕྱི་རོལ་འཆིང་བུས་གཡོག་པ་སྦྱངས་ནས་དེ་ཉིད་ཀྱི་རང་བཞིན་དུ་བྱེད་པ་བཞིན་དུ་ཚེ་འདིའི་རྟོག་པ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ཀྱི་བར་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པས་དེ་ཐམས་ཅད་སྦྱང་བ་མི་མཐུན་པའི་ཕྱོགས་སྦྱང་བ་སྟེ། དེ་ལྟར་རྒྱུ་དང་རང་གི་ངོ་བོ་དང་མི་མཐུན་པའི་ཕྱོགས་སྦྱང་བ་གསུམ་གྱི་སྒོ་ནས་ཡང་དང་ཡང་དུ་བྱང་ཆུབ་ཀྱི་སེམས་དེ་ནི་རང་གི་རྒྱུད་ལ་བསྐྱེད་པར་བྱ་ཞེས་པ་ལས་རྒྱུ་སྦྱང་བའི་ཐབས་ནི་གོང་དུ་རྒྱས་པར་བསྟན་ཟིན་ལ། རང་གི་ངོ་བོ་སྦྱང་བ་ནི་བྱམས་སྙིང་རྗེའི་བློ་སྣ་ཡོད་པའི་གནད་ཀྱིས་ཕུལ་ནས་བྱང་ཆུབ་ཀྱི་སེམས་སྐྱེ་བས། རབ་འབར་དགྲ་ཡི་དབང་དུ་སོང༌། །སྡུག་བསྔལ་གྱིས་ནོན་མུན་པས་སྒྲིབ། །བགྲོད་དཀའི་ལམ་ལ་ཀུན་ཏུ་ཞུགས། །འཆིང་བ་ཆེ་དང་ཡང་དག་ལྡན། །ཟས་ཆེན་དུག་དང་འདྲེས་ལ་ཞེན། །ལམ་ནི་རབ་ཏུ་སྟོར་གྱུར་ལ། །ལམ་གོལ་རབ་ཞུགས་སྟོབས་ཆུང་བའི། །སེམས་ཅན་རྣམས་ལ་སྙིང་རྗེའོ། །ཞེས་མདོ་སྡེ་རྒྱན་ལས་སྙིང་རྗེའི་དམིགས་པ་བཅུ་གསུངས་པ་ལྟ་བུ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་བྱེད་པ་ལ་ཐམས་ཅད་མཁྱེན་པ་ལ་འགོད་དགོས། དེ་ལ་རང་གིས་ཐོབ་དགོས་པས་བདག་གིས་སེམས་ཅན་གྱི་དོན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱས་ལ་སེམས་ཅན་འདི་དག་ཐམས་ཅད་མཁྱེན་པ་ལ་འགོད་པར་བྱ་སྙམ་དུ་དམ་འཆའ་ཞིང་རང་གཅིག་པུ་ཐར་ན་ཁྲེལ་བོར་སྙམ་དུ་དམ་འཆའ་བ་ནི་སྨོན་པ་རང་གི་ངོ་བོ་ཡིན་པས་མདོ་སྡེ་རྒྱན་དུ། སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའི་སེམས་དཔའ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་ངོ༌། །ཞེས་པ་དང༌། མངོན་པར་རྟོགས་པའི་རྒྱན་དུ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཞེས་གསུངས་པ་ལྟ་བུའི་བློ་དེ་རྒྱུན་དུ་སྦྱང་བ་སྟེ། ཤ་ར་བའི་ཞལ་ནས། ཐེག་པ་ཆེན་པོའི་བསམ་གཏན་གྱི་དམིགས་པ་ཡང་འདི་ཁོ་ན་ཡིན་པས། ཡུམ་གྱི་མདོ་ལས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་ཞེས་དབུ་ཞབས་ཐམས་ཅད་དུ་གསུངས། ཁྱོད་ལ་བསྒོ་བྱ་ཁོང་དུ་ཆུད་པར་བྱ། །ཇི་ལྟ་ཇི་ལྟར་མང་དུ་མིས་བརྟགས་ན། །དེ་ལ་གནས་པའི་རྣམ་པར་རྟོག་པ་དེ། །དེ་བཞིན་དུ་ནི་དེ་ལ་སེམས་གཞོལ་འགྱུར། །ཞེས་གསུངས་པ་བཞིན་དུ་དུས་རྟག་ཏུ་སྦྱངས་ནས་དེ་ལ་ཇེ་གཞོལ་དུ་འགྱུར་བ་ཡིན། དུས་རྟག་ཏུ་དེ་ཁོ་ན་སྦྱངས་ན་སྡིག་པ་སྦྱང་བ་དང་ཚོགས་བསགས་པའི་ཐབས་ཆག་གི་སྙམ་ན། སྡིག་པ་སྦྱང་བའི་རྟེན་དང་གཉེན་པོའི་སྟོབས་ཀྱི་མཆོག་ཀྱང་འདི་ཁོ་ན་ཡིན། ཚོགས་རྫོགས་པའི་ཐབས་ཀྱང་འདི་ཁོ་ན་ཡིན། ལམ་ལྔ་ཐོབ་པ་དང་མི་ཉམས་ཤིང་འཕེལ་བ་དང་རྫོགས་པར་བྱེད་པའི་ཐབས་ཀྱང་འདི་ཁོ་ན་ཡིན། འབྲས་བུ་སངས་རྒྱས་ཐོབ་པར་བྱེད་པ་དང༌། ཐོབ་ནས་གཞན་དོན་མཛད་པའི་རྒྱུ་ཡང་འདི་ཁོ་ན་ཡིན་གསུངས་ཤིང༌། མི་མཐུན་པའི་ཕྱོགས་སྦྱང་བ་ཡང་དགེ་བཤེས་དེ་ཉིད་ཀྱི་ཞལ་ནས། མི་མཐུན་པའི་ཕྱོགས་སྦྱོང་བ་འདི་ཁོ་ན་གལ་ཆེ། འདི་མ་སྦྱངས་ན་དེ་ཉིད་རྒྱུ་མཚན་དུ་བྱས་ནས་ཚེ་འདིའི་རྟོག་པ་ཇེ་འཕེལ་དུ་འགྲོ། ཐེག་པ་ཆེན་པོ་བར་བྱས་ནས་ཉོན་མོངས་པ་དང་སྡིག་པ་ཅིས་ཀྱང་མི་ལྟོ་བར་བྱེད་པའི་ཉེན་ཆེ་བ་ཡིན། སྔར་བསྟན་པ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཉིད་དུས་རྟག་ཏུ་སྒོམ་པས་དེ་ཉིད་རྣལ་མར་སྐྱེས་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱང་རང་འགགས་གསུངས། གསུམ་པ། བྱང་ཆུབ་ཀྱི་སེམས་དེ་བསྐྱེད་ཅིང་སྦྱངས་པ་ལས་བསོད་ནམས་དཔག་ཏུ་མེད་པ་འཕེལ་བའི་ཕན་ཡོན་གཉིས་པ་བསྟན་པ་ལ། མདོ་ཁུངས་སྨོས་པ་དང༌། དེ་ལས་གསུངས་པའི་ཕན་ཡོན་དངོས་གཉིས་ཀྱི་དང་པོ་ནི། དཔས་བྱིན་གྱིས་ཞུས་མདོ་དག་ལས། །དེ་ཡི་བསོད་ནམས་རབ་བསྟན་པ། །གང་དེ་ཚིགས་བཅད་གསུམ་ཙམ་དུ། །མདོར་བསྡུས་ནས་ནི་འདིར་བྲི་བྱ། །ཞེས་གསུངས་ཏེ། སྔར་སྡོང་པོ་བཀོད་པའི་མདོ་ལས་བྱང་ཆུབ་སེམས་ཀྱི་ཕན་ཡོན་ཇི་སྐད་དུ་འབྱུང་བ་དེ་དག་ལས་གཞན་དཔས་བྱིན་གྱིས་ཞུས་པ་ཞེས་བྱ་བའི་མདོ་དག་ལས་ཀྱང་བྱང་ཆུབ་ཀྱི་སེམས་དེ་ཡི་བསོད་ནམས་རབ་ཏུ་བསྟན་པ་གང་དེ་ཚིགས་སུ་བཅད་པ་གསུམ་ཙམ་དུ་མདོར་བསྡུས་ནས་གསུངས་པ་དེ་ནི་གཞུང་འདིར་དྲངས་ནས་བྱང་ཆུབ་ཀྱི་སེམས་ལས་བསོད་ནམས་དཔག་མེད་འབྱུང་བའི་ཕན་ཡོན་གཉིས་པ་བྲི་བར་བྱ་ཞེས་པ་སྟེ། གཞུང་འདིའི་འབྲུ་དོན་ལ་ཤ་ར་བ་ཆེན་པོས་དེ་དཔས་བྱིན་གྱིས་ཞུས་པ་ལས་རྒྱས་པར་གསུངས་པ་ལ་འདིར་ཚིགས་བཅད་གསུམ་དུ་བསྡུས་ཞེས་པ་ནི་མ་ཡིན་གྱི། དེ་ཉིད་དུ་དེའི་ཕན་ཡོན་བསྡུས་ནས་ཚིགས་བཅད་གསུམ་གསུངས་པ་དེ་བྲི་ཞེས་གསུངས་པར་གདའ་བས། འཆད་ཁ་བའི་ཞལ་ནས། མདོ་སྡེ་ལས་བྱང་ཆུབ་སེམས་ལ་བསོད་ནམས་མཐའ་མེད་པ་ཞིག་བཤད་ཡོད་ལ་དེ་འདིར་ཚིག་བཅད་གསུམ་དུ་བསྡུས་ནས་བྲི་བྱ་བ་ཞིག་འདྲ་བར་གདའ་སྟེ་མིན། བྱང་ཆུབ་སེམས་ལ་བསོད་ནམས་ཆེན་པོ་ཡོན་ཏན་མཐའ་མེད་པ་ཞིག་ཡོད་པ་དེ་དག་དཔས་བྱིན་གྱིས་ཞུས་པའི་མདོ་དེར་ཚིག་བཅད་གསུམ་དུ་བསྡུས་ནས་བྲིས་ཡོད་པ་དེ་འདིར་བྲི་ཞེས་དགེ་བཤེས་དེ་སྔ་མ་ཙུག་གི་མི་དགོས་པར་ཐུགས་བྱུང་བར་རྟག་ཏུ་བརྗེད་མེད་ཅིག་གསུང་གསུངས། གཉིས་པ། མདོ་དེ་ལས་གསུངས་པའི་ཕན་ཡོན་དངོས་ལ། སྤྱིར་བྱང་ཆུབ་ཀྱི་སེམས་ལས་བསོད་ནམས་དཔག་མེད་འབྱུང་ཚུལ་དང༌། དེ་ཉིད་སངས་རྒྱས་རྣམས་ལ་སྒྲུབ་པའི་མཆོད་པ་བླ་ན་མེད་པར་འགྱུར་བས་ཟང་ཟིང་གི་མཆོད་པ་ལས་བསོད་ནམས་ཁྱད་པར་དུ་འཕགས་པར་བསྟན་པ་གཉིས་ཀྱི། དང་པོ་ནི། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་ཏེ། འབྲས་བུ་གཞན་དོན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འདོད་པའི་བྱང་ཆུབ་ཀྱི་སེམས་དེ་ལ་བསོད་ནམས་ཇི་ཙམ་ཞིག་འབྱུང་ཞེ་ན། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཀྱི་བསོད་ནམས་གང་དེ་ལ་གལ་ཏེ་གཟུགས་ཤིག་མཆིས་ནས་བསོད་ནམས་དེ་གཟུགས་ཅན་དུ་གྱུར་ན་བསོད་ནམས་ཀྱི་ཕུང་པོ་དེས་ནམ་མཁའི་ཁམས་ཐམས་ཅད་ནི་ཀུན་དུ་གང་བར་གྱུར་ཏེ། ད་དུང་དེར་ཡང་མི་ཤོང་བར་བསོད་ནམས་ཀྱི་ཕུང་པོ་དེ་ནི་ཆེས་ཆེ་བས་ནམ་མཁའི་ཁམས་གང་བ་དེ་བས་ཀྱང་ལྷག་མ་དང་བཅས་པར་འགྱུར། ཞེས་པ་སྟེ། ཤ་ར་བའི་ཞལ་ནས། དེའི་བསོད་ནམས་གཟུགས་ཅན་དུ་སོང་ན་སེམས་ཅན་རེ་རེའི་ཐད་ཀ་ནས་ཉུང་འབྲུ་ཙམ་རེ་ལས་མ་སྐྱེས་ཀྱང་ནམ་མཁའི་ཁམས་གང་ནས་ཀྱང་ལྷག་མ་དང་བཅས་པར་འགྱུར་བ་འདི་ངེས་པའི་དོན་ཁོ་ན་ཡིན་ཏེ། སེམས་ཅན་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་པ་དང༌། སེམས་ཅན་གཅིག་དགེ་བཅུ་ལ་བཀོད་པ་དང༌། བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་ཏིང་འཛིན་ལ་བཀོད་པའམ་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་ལ་བཀོད་པ་ལ་ཡང་བསོད་ནམས་དཔག་ཏུ་མེད་པ་འབྱུང་བར་གསུངས་ན་ཐ་མལ་པའི་མིག་ལ་སྣང་དུ་རུང་བའི་སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་པས་འཇིག་རྟེན་པའི་ལྷའི་མིག་གི་མངོན་ཤེས་ཐོབ་པས་ཤིང་རྟའི་འཕང་ལོ་གཅིག་གི་ནང་དུ་མཐོང་བའི་སེམས་ཅན་མང་བར་གསུངས། འཇིག་རྟེན་པ་དེས་མཐོང་བའི་སྟོང་གསུམ་པའི་སེམས་ཅན་ཐམས་ཅད་དང་སྔ་མ་ཐམས་ཅད་བསྡོམས་པ་བས་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་ཞིག་གི་ལྷའི་མིག་གིས་ཤིང་རྟའི་འཕང་ལོའི་ཁྱོན་ཙམ་དུ་མཐོང་བའི་སེམས་ཅན་མང༌། དེའི་མངོན་པར་ཤེས་པའི་སྤྱོད་ཡུལ་དུ་གྱུར་པའི་སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་པས་ས་བཅུ་པའི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པའི་མིག་གིས་སྔ་མ་ཙམ་དུ་གཟིགས་པའི་སེམས་ཅན་མང༌། སངས་རྒྱས་མ་གཏོགས་པ་ཐམས་ཅད་ཀྱི་ཤེས་པའི་སྤྱོད་ཡུལ་དུ་གྱུར་པའི་སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་པས་སངས་རྒྱས་ཀྱིས་སྔ་མ་ཙམ་གྱི་ནང་དུ་གཟིགས་པའི་སེམས་ཅན་མང་བར་གསུངས། དེ་སྙེད་པའི་ཁམས་གསུམ་པའི་སེམས་ཅན་ཐམས་ཅད་དབྱེ་བསྲི་མེད་པར་འཁོར་བའི་སྡུག་བསྔལ་ལས་གཏན་ཐར་པའི་སངས་རྒྱས་ལ་འགོད་པར་འདོད་པའི་མཚན་ཉིད་བྱང་ཆུབ་ཀྱི་སེམས་ལ་བསོད་ནམས་འདི་ཉིད་འབྱུང་ཆེས་ཏེ། དེ་བས་སེམས་ཅན་རེ་རེའི་ཐད་ཀ་ནས་ཀྱང་གཟུགས་ཅན་དུ་སོང་ན་ནམ་མཁའི་ཁམས་སུ་མི་ཤོང་བའི་བསོད་ནམས་སྐྱེ་བ་ཡིན། དེ་བསོད་ནམས་ཇི་ཙམ་ཆེ་བ་ཙམ་ཞིག་ཏུ་དེ་སྐད་ཅིག་ཙམ་སྒོམ་པའི་བར་ཆད་བྱས་ན་ཡང་སྡིག་པ་ཆེ་བར་སྔ་མའི་གནད་ཀས་བོས་པས་ཡོང་བ་ཡིན། སྤྱོད་པ་ལ་འཇུག་པ་ལས་རང་གི་བསོད་ནམས་ཆེ་བ་ལ་བལྟས་ནས་སེམས་བསྐྱེད་པ་ནི་དམན་པ་ལ་མོས་པར་བཤད། ཁྱད་པར་ཅན་སེམས་ཅན་གྱི་དོན་དུ་འགྱུར་ན་རང་ལ་བསོད་ནམས་མི་ཡོང་བར་ཉེས་དམིགས་ཆེན་པོ་ཞིག་ཡོང་ཡང་བསྐྱེད་པའི་དོན་ཡིན་གསུངས། གཉིས་པ། དེ་ཉིད་སངས་རྒྱས་རྣམས་ལ་སྒྲུབ་པའི་མཆོད་པ་བླ་ན་མེད་པར་འགྱུར་བས་ཟང་ཟིང་གི་མཆོད་པ་ལས་བསོད་ནམས་ཁྱད་པར་དུ་འཕགས་པ་བསྟན་པ་ནི། གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་རྣམས་མི་གང་གིས། །རིན་ཆེན་དག་གིས་ཀུན་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བགྱིས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་འདི་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་གསུངས་ཏེ། དེ་ཡང་ཟང་ཟིང་གི་མཆོད་པ་འདི་བས་ཆེ་ཐབས་མེད་པ་ལྟ་བུ་སྣོད་ཀྱི་འཇིག་རྟེན་ཆུ་བོ་གངྒཱའི་ཀླུང་འགྲམ་གྱི་བྱེ་མའྀ་གྲངས་དང་མཉམ་པ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་རྟེན་གྱི་གང་ཟག་མིའི་འགྲོ་བ་དད་པ་དང་ལྡན་པ་གང་ཞིག་གིས་བཅུད་ཀྱི་དངོས་པོ་ཁྱད་པར་དུ་འཕགས་པ་རིན་ཆེན་རིན་ཐང་མེད་པ་དུ་མ་དག་གིས་ཀུན་ཏུ་བཀང་སྟེ་ཡུལ་ཁྱད་པར་ཅན་འཇིག་རྟེན་གྱི་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་ལ་ཕུལ་བའི་བསོད་ནམས་རླབས་པོ་ཆེ་དེ་བས་ཀྱང་སྐྱེས་བུ་གཞན་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་པ་གང་ཞིག་གིས་ཡུལ་བླ་མའམ་སངས་རྒྱས་ཀྱི་སྤྱན་སྔར་ལུས་གུས་པའི་སྤྱོད་ལམ་ཐལ་མ?་སྦྱར་བར་བགྱིས་ཏེ་བསམ་པ་གཞན་དོན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དོན་དུ་གཉེར་བས་འབྲས་བུ་རྫོགས་པའི་བྱང་ཆུབ་ཏུ་ནི་སེམས་བཏུད་པར་བགྱིས་ན། ཇི་སྐད་དུ། མཁས་པས་བྱང་ཆུབ་སེམས་བསྒོམས་ན། །དེ་ནི་སྐྱོན་མེད་མེ་ཏོག་སྟེ། །རབ་ཏུ་དྲི་ཞིམ་རྣམ་པར་མཛེས། །རིང་པོར་མི་ཐོགས་རྒྱལ་མཆོག་འགྱུར། །ཞེས་པའི་ཚུལ་གྱིས་མཆོད་པ་འདི་ལས་ནི་མཆོད་པ་སྔ་མ་དེ་བས་བསོད་ནམས་ཁྱད་པར་དུ་འཕགས་པ་འབྱུང་སྟེ། མཆོད་པ་ཕྱི་མ་དེ་ལ་བསོད་ནམས་ཀྱི་ཚད་འདི་ཙམ་ཞེས་པའི་མུ་དང་མཐའ་ནི་བཟུང་དུ་མ་མཆིས་སོ། །ཞེས་པ་སྟེ། ཤ་ར་བའི་ཞལ་ནས། དངོས་པོ་ཁྱད་པར་དུ་འཕགས་པ་འདི་སྙེད་ཞིང་ཁྱད་པར་ཅན་འཇིག་རྟེན་གྱི་མགོན་པོ་ལ་ཕུལ་བ་བས་ཀྱང་དེ་བསོད་ནམས་ཆེ་བར་གསུངས། སངས་རྒྱས་ལ་འདི་བཞིན་དུ་མཆོད་པ་ལ་བསོད་ནམས་ཆུང་ངུ་ཞིག་འབྱུང་བ་དེས་ཟིལ་གྱིས་གནོན་པ་མིན། སངས་རྒྱས་དངོས་པས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་ཕྱག་འཚལ་བ་དང༌། སངས་རྒྱས་ལ་མཎྜལ་གཅིག་ཕུལ་ན་ཡང་དེ་དག་གི་འོག་ཏུ་ས་ཇི་སྙེད་ཚུད་པའི་གསེར་གྱི་འཁོར་ལོ་ལ་ཐུག་པའི་བར་ན་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་ལས་སྟོང་འགྱུར་གྱི་འཁོར་ལོས་བསྒྱུར་བ་ཐོབ་ཅིང༌། མཐར་སངས་རྒྱས་ནས་རིག་པས་མ་ཟིན་པ་ཐམས་ཅད་ཀྱང་དེ་དངོས་སུ་འདུད་པ་དང༌། སངས་རྒྱས་ཀྱི་ཞིང་དག་པའི་བར་དུ་རིམ་པ་བཞིན་འཐོབ་པར་གསུངས། དེ་ལ་སྤོས་ཆུ་ཉུང་འབྲུ་ཙམ་ཞིག་ཕུལ་བ་ལ་སོགས་པ་ལ་ཡང་བསོད་ནམས་དཔག་ཏུ་མེད་པ་འབྱུང་བར་གསུངས་ནས། རྒྱ་ཆེན་པོ་དེ་ཙམ་ཕུལ་བ་ལ་བསོད་ནམས་དཔག་ཏུ་མེད་པ་འབྱུང་སྟེ། དེ་བས་ཀྱང་བསོད་ནམས་ཆེ་བར་གསུངས་པ་འདི་ཀུན་ལ་ཡིད་ཆེས་པར་བྱས་ལ་དུས་རྟག་ཏུ་དེ་སྦྱང༌།དེ་སྦྱངས་ན་སྔ་མ་བས་བསོད་ནམས་ཆེ་བར་གསུངས་པ་ཡང་ངེས་དོན་ཁོ་ན་ཡིན། མཆོད་པ་ཉིད་ཀྱི་དབང་དུ་བྱས་ན་དེ་ནི་ཟང་ཟིང་གི་མཆོད་པ་བླ་ན་ཡོད་པ་ཡིན། འདི་ནི་སྒྲུབ་པའི་མཆོད་པ་བླ་ན་མེད་པ་ཡིན། དེ་ལ་ནི་བསོད་ནམས་ཆེ་ཡང་ཚད་དང་བཅས།འདི་ལ་ནི་ཚད་དང་མཐའ་བཟུང་དུ་མེད་པ་ཡིན། རང་ཅག་ཆོས་ཀྱི་གོ་བ་ཆུང་བས་རང་བྱང་ཆུབ་ཀྱི་སེམས་བར་ཆད་མེད་པར་སྦྱང་དུ་ཡོད་ཀྱང་དེ་ལ་དགའ་བར་མི་རྩི། གཞན་ཆོས་སྟོན་འདྲ་བའམ་མཆོད་པ་འདྲ་བ་ཆེ་རབ་ཅིག་བྱེད་པ་མཐོང་ན་དེ་ལ་འགྲམ་ཆུ་ལྡང༌། རང་ཞུམ་ནས་འདུག་སྟེ། ཆོས་ལས་ཁྱད་འདི་ཙམ་དུ་གསུངས། དེ་སྦྱངས་པ་གཅིག་པུས་ཆོག་བྱས་ནས་དཀོན་མཆོག་མཆོད་པ་ལ་སོགས་པ་བསོད་ནམས་ཀྱི་ལས་ཀ་གཞན་ཁྱད་དུ་གསོད་པར་ཡང་མིན། གཉིས་ཀ་ལ་ནུས་པ་ཡོད་ཚད་ཀྱིས་འབད་པ་བྱེད་དགོས་པ་ཡིན། དེ་ལྟར་བྱས་ན་གཅིག་གིས་གཅིག་འཕེལ་ཏེ་ཡོང་བ་ཡིན། དེས་ན་ཚོགས་གཉིས་ཀྱི་ལས་ལ་འབད་པ་བསླབ་བྱ་གཅིག་ཏུ་གསུངས་ལ། བྱང་ཆུབ་ཀྱི་སེམས་ཉིད་ཀྱང་བསོད་ནམས་བསགས་པ་ལས་སྐྱེ་བར་གསུངས་པ་ཡིན། འདི་ནི་ལྷ་མཆོད་པས་དག་པར་འདོད་པ་དགག་པའི་ཆེད་དུ་གསུངས་ལ། དུས་རྟག་ཏུ་བྱང་ཆུབ་ཀྱི་སེམས་སྦྱངས་ན་ཚོགས་མི་རྫོགས་སམ་སྙམ་པ་དགག་པའི་ཆེད་དུ་ཡང་གསུང་གསུངས། བསླབ་བྱ་གསུམ་པ། སེམས་དེ་མ་སྐྱེས་པ་སྐྱེབ་དང་སྐྱེས་པ་མི་ཉམས་ཤིང་འཕེལ་བར་བྱ་བའི་དོན་དུ་ཚོགས་གཉིས་ཀྱི་ལས་ལ་འབད་པ་ནི། བྱང་ཆུབ་སྨོན་པའི་སེམས་དག་བསྐྱེད་ནས་ནི། །འབད་པ་མང་པོས་ཀུན་ཏུ་སྤེལ་བྱ་ཞིང༌། །ཞེས་གསུངས་ཏེ། དེ་ཡང་པུ་ཏོ་བའི་ཞལ་ནས། ཚོགས་གཉིས་ལ་འབད་པ་འདིས་ཟིན་དུ་རུང་གསུངས་ཤིང༌། ཤ་ར་བ་དགེ་གོང་དུ་འདི་གསུང་བ་ཞིག་ལ། ཟིན་དུ་རུང་བའི་རྒྱུ་མེད་དངོས་སུ་གསལ་པོར་བྱུང་ལགས་གསུངས་པས། སྔར་བསྟན་པ་བཞིན་གྱི་ཆོ་གས་གཞན་དོན་དུ་འབྲས་བུ་བྱང་ཆུབ་ཆེན་པོ་ལ་དམ་འཆའ་བའི་སྨོན་པའི་སེམས་བསྐྱེད་པས་བྱང་ཆུབ་སེམས་དཔར་གྱུར་པ་དེ་ནས་ནི། ལས་སུ་བྱ་བ་བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པའི་འབད་པ་མང་པོས་བྱང་ཆུབ་ཀྱི་སེམས་དེ་དུས་རྣམ་ཀུན་ཏུ་སྤེལ་བར་བྱ་ཞིང༌། དེ་ཉིད་མི་ཉམས་པར་བྱ་བའི་ཕྱིར་དུ་བསླབ་བྱ་འོག་མ་ཀུན་ལའང་བསླབ། ཞེས་པ་སྟེ། ཤ་ར་བ་ཉིད་ཀྱི་ཞལ་ནས། བྱང་ཆུབ་སེམས་དཔའི་ལུགས་ཀྱི་སངས་རྒྱས་སྒྲུབ་པ་ཡིན་ལ། དེའི་བྱ་བ་ཡང་ཚོགས་གཉིས་བསགས་པ་ལས་མེད་པས་འབད་པ་མང་པོས་ཞེས་པ་ནི་ཚོགས་གཉིས་ཀྱི་ལས་ལ་འབད་པ་སྟེ། ཤེས་རབ་རྒྱུ་དང་བཅས་པ་ནི་ཡེ་ཤེས་ཀྱི་ཚོགས། དེ་ལས་གཞན་པའི་དགེ་བ་ཐམས་ཅད་བསོད་ནམས་ཀྱི་ཚོགས་ཡིན་པར་རིག་པ་དྲུག་ཅུ་པའི་འགྲེལ་བ་ལས་གསུངས། དེ་ལ་ཤེས་རབ་བསྒོམས་པ་ལས་བྱུང་བ། དེའི་རྒྱུ་ཐོས་བསམ་གཉིས་ལ་བྱ་བའམ། ཤེས་རབ་དེ་ཉིད་དེའི་རྒྱུ་བསམ་གཏན་ཏེ། མཉམ་གཞག་ཡང་དག་ཇི་བཞིན་དུ་ཤེས་པར་འགྱུར་ཞེས་ཐུབ་པས་གསུངས་པས་སོ། །ཡང་ན་ཤེས་རབ་ཐོས་བསམ་སྒོམ་གསུམ། དེའི་རྒྱུ་སྐྱེས་བུ་དམ་པ་ལ་བསྟེན་པ། དམ་པའི་ཆོས་ཉན་པ་དང་ཚུལ་བཞིན་ཡིད་ལ་བྱེད་པའོ། །ཡང་ན། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀའི་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་ཀྱང་མདོ་སྡེ་རྒྱན་ལས་གསུངས། དང་པོ་གསུམ་བསོད་ནམས་ཐ་མ་ཡེ་ཤེས། བརྩོན་འགྲུས་དང་བསམ་གཏན་གཉིས་ཀའི་གྲོགས་སུ་གསུངས་པ་ཡང་བཞུགས་ཏེ། དེ་ཀུན་ཉམས་སུ་བླང་བའི་མན་ངག་ནི་ཇོ་བོའི་ཞལ་ནས། དཀར་པོའི་ཆོས་ཐམས་ཅད་ལ་ཚུལ་སྣ་ཚོགས་ཀྱིས་འབད་པར་བྱ། དེ་ལྟར་བྱས་པ་ལས་དགེ་བ་ཇི་སྙེད་སྙེད་དྲན་པས་བཟུང་ལ་འཕྲལ་འཕྲལ་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་བསྔོས་ལ་བཞག དེ་ལྟར་བྱས་ན་གཉིས་ཀ་ཡང་གཉིས་ཀར་འགྱུར་ཏེ། ཐམས་ཅད་མཁྱེན་པ་ཚོགས་གཉིས་ཀྱི་འབྲས་བུ་ཡིན་པའི་ཕྱིར། ཞེས་གསུངས། པུ་ཏོ་བ་ཕྱིས་ཉན་པོ་ན་བཞུགས་པའི་དུས་ཀུན་ན་འབད་པ་ནི་བློ་སྦྱང་བ་དང༌། ཚོགས་བསགས་པ་དང༌། སྡིག་པ་སྦྱང་བ་དང༌། སྨོན་ལམ་གདབ་པ་བཞི་ཡིན། ཞེས་ཀྱང་གསུངས་ཏེ། དེ་ལ་བློ་སྦྱང་བ་ནི་དགེ་བཤེས་སྟོན་པའི་ཞལ་ནས། ཐེག་པ་འོག་མ་སྤངས་པའི་གོང་མ་མེད་པར་ཡང་ཡང་གསུངས་པ་བཞིན་ཡིན་པས་སྐྱེས་བུ་གསུམ་གའི་སྒོ་ནས་སྦྱང༌། དེ་ལྟར་སྦྱང་ན་ཆུང་ངུ་ལས་འབྲིང༌། འབྲིང་ལས་ཆེན་པོར་འགྱུར་བས་བྱང་ཆུབ་ཀྱི་སེམས་སྐྱེ་བ་དང་མི་ཉམས་ཤིང་འཕེལ་བར་འགྱུར། ཚོགས་བསགས་ནི། དཀོན་མཆོག་གསུམ་ལ་མཆོད་པ་དབུལ། དགེ་འདུན་ལ་བསྙེན་བཀུར་བྱ། དབུལ་ཕོངས་ལ་བགོ་བཤའ་བྱ། འབྱུང་པོ་ལ་གཏོར་མ་བཏང༌། ཞེས་སྦྱིན་པ་ལས་བྱུང་བ་ཁོ་ན་ལ་ཡང་གསུངས་ཏེ། ཚུལ་སྣ་ཚོགས་ནས་ཀྱང་ཡིན། སྡིག་པ་ཐམས་ཅད་ཀྱང་སྦྱང་བ་ལ་ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་ཀྱི་བར་ཆད་དུ་འགྱུར་བ་དང༌། ཆོས་དང་ཆོས་སྨྲ་པ་ལ་མ་གུས་པ་དང༌། གཞན་གྱི་ཆོས་ཀྱི་བར་ཆད་བྱས་པ་དང༌། བྱང་ཆུབ་སེམས་དཔའ་ལ་རྨ་ཕྱུང་བ་དང༌། བྱང་ཆུབ་ཀྱི་སེམས་སྒོམ་པའི་བར་ཆད་བྱས་པ་དང༌། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་གང་ཡང་རུང་བའི་བར་ཆད་བྱས་པ་རྣམས་སྦྱང༌། བྱང་ཆུབ་ཀྱི་སེམས་སྐྱེ་བ་དང་སྒོམ་པའི་བར་ཆད་མི་འབྱུང་ཞིང་མཐུན་རྐྱེན་འཛོམས་པས་མི་ཉམས་ཤིང་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བའི་སྨོན་ལམ་གདབ། དེ་བཞིས་འབད་པ་བྱས་ན་འདི་ལ་བྱང་ཆུབ་ཀྱི་སེམས་མ་སྐྱེས་ཀྱང་མ་འོངས་པ་ན་དེ་རང་འཁྲུངས་སུ་འོང༌། དེ་མ་བྱུང་ཡང་དྲན་པ་བསྐུལ་བ་ཙམ་གྱིས་མངོན་དུ་འགྱུར་ཏེ། ཚེ་འདིའི་བྱ་བ་ནི་དེ་རྣམས་ཁོ་ནས་ཀྱང་ལྡང་བ་ཡིན་གསུངས་ཤིང༌། སྤྱིལ་བུ་བའི་ཞལ་ནས། འདི་ཀུན་ཆོས་བཞི་བསྟན་པ་ལས་བཤད་པ། ཇོ་བོས་སྟོན་པ་ལ། དེས་པུ་ཏོ་བ་ལ། དེས་རིམ་པོ་བ་གནང་བས་ལུང་རྣམ་པར་དག་པ་དང༌། བླ་མ་བརྒྱུད་པའི་བྱིན་རླབས་གཉིས་ཀ་འོང་གསུངས། བསླབ་བྱ་བཞི་པ་དང་ལྔ་པ་སེམས་བསྐྱེད་འཆོར་བའི་རྒྱུ་སེམས་ཅན་བློས་སྤོང་བ་སྤང་བ་དང༌། ནག་པོའི་ཆོས་བཞི་སྤང་ཞིང་དེ་དག་གི་གཉེན་པོའི་ཆོས་བཞི་ལ་བསླབ་པ་ནི། འདི་ནི་སྐྱེ་བ་གཞན་དུའང་དྲན་དོན་དུ། །ཇི་སྐད་བཤད་པའི་བསླབ་པའང་ཡོངས་སུ་བསྲུངས། །ཞེས་གསུངས་ཏེ། དེ་ཡང་ཤ་ར་བའི་ཞལ་ནས། བསླབ་བྱ་ཐ་མ་དེ་གཉིས་སྟོན་པའི་འདི་ནི་སྐྱེ་བ་གཞན་དུའང་ཞེས་པའི་རྐང་པ་གཉིས་ཏེ། འདིར་སྨོན་པ་ཐོབ་ལ་མ་ཤོར་ན་ཕྱི་མ་ལ་སྐྱེ་བ་དྲན་ནས་མངོན་དུ་འགྱུར་བ་ཡང་སྲིད། དེ་བཞིན་དུ་མ་གྱུར་ཡང་དྲན་པ་སྐུལ་བ་ཙམ་གྱིས་མངོན་དུ་འགྱུར། ཞེས་གསུངས་པ་བཞིན་དུ། དགོས་པ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ནི་སྐྱེ་བ་འདིར་བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པ་གཉིས་ཀྱི་སྒོ་ནས་ཇི་ལྟར་བསྐྱེད་པ་དེ་བཞིན་དུ་སྐྱེ་བ་ཕྱི་མ་དང་ཡང་ཕྱི་ཞེས་ཕྱི་ལ་སོགས་པ་གཞན་དུའང་མི་བརྗེད་པར་དྲན་པར་བྱ་བའི་དོན་དུ་གོང་གི་བསླབ་བྱ་གསུམ་པོར་མ་ཟད་སོ་སོར་ཐར་པ་ལ་ཕམ་པ་བཞི་དང་བརྒྱད་དང༌། འཇུག་པ་ལ་ཕམ་པ་ལྟ་བུའི་གནས་བརྒྱད་ལས་གང་ཡང་རུང་བ་ཞིག་བྱུང་ན་དེ་དག་གི་སྡོམ་པ་གཏོང་བ་བཞིན་དུ་སེམས་ཅན་བློས་སྤོང་དང༌། ནག་པོའི་ཆོས་བཞི་ལས་གང་ཡང་རུང་བ་བྱུང་ན་སྨོན་པ་གཏོང་ཞིང༌། འདི་ལྔ་བྱུང་ན་སོ་སོར་ཐར་པའི་རྩ་ལྟུང་པས་ཀྱང་ཉེས་པ་ཆེ་བས་དེ་དག་མི་འབྱུང་བར་བྱ་བའི་ཕྱིར་འོད་སྲུངས་ཀྱིས་ཞུས་པ་ཞེས་བྱ་བའི་མདོ་ལས་ཇི་སྐད་དུ་བཤད། བསླབ་བྱ་སེམས་ཅན་བློས་སྤོང་སྤང་བ་དང་ནག་པོའི་ཆོས་བཞི་སྤང་ཞིང་དེ་དག་གི་གཉེན་པོ་དཀར་པོའི་ཆོས་བཞི་ལ་བསླབ་པའི་བསླབ་པ་ཐ་མ་འདི་གཉིས་ཀྱང་མ་ཉམས་པར་ཡོངས་སུ་སྲུང་ཞེས་པ་སྟེ། དེ་ལས་བཞི་པ་སེམས་ཅན་བློས་སྤོང་སྤང་བ་ལ་པུ་ཏོ་བ་ཆེན་པོ་དེ་སྐབས་སུ་སེམས་ཅན་བློས་སྤོང་བའི་མཚན་ཉིད་ནི་སེམས་ཅན་གང་ཡང་རུང་བ་ཞིག་ལ་རྒྱུ་མཚན་གང་ཡང་རུང་བ་ལ་རྟེན་ནས་མ་རངས་ཤིང་ཤ་ཚ་དང་བྲལ་བ་ན་ཡིན་གསུངས་ཤིང༌། སྐབས་སུ་འཇིག་རྟེན་པ་དག་ཁྱོད་དང་ང་གཉིས་གསོན་ལྷ་སྒོ་མི་གཅིག་ཤི་དུར་སྒོ་མི་གཅིག་ཟེར་བ་བཞིན་དུ་ཤ་ཚ་དང་བྲལ་ནས་ཕན་གདགས་པར་ནུས་ཀྱང་མི་གདགས། བག་མེད་པའི་གནས་ལས་བཟློག་པར་ནུས་ཀྱང་མི་ཟློག་སྙམ་པ་ཡིན་ཀྱང་གསུངས་ཏེ། སོ་སོར་ཐར་པའི་སྡོམ་པ་སེམས་ཅན་ཐམས་ཅད་ལས་ཐོབ་པ་ཡིན་པས། མིའི་འགྲོ་བ་པ་གཅིག་ཡན་ལག་ཚང་བས་བསད་ན་སེམས་ཅན་ཐམས་ཅད་ལས་ཐོབ་པའི་སྡོམ་པ་གཏོང་བ་བཞིན་དུ། བྱང་ཆུབ་ཀྱི་སེམས་སེམས་ཅན་ཐམས་ཅད་ལས་ཐོབ་པ་ཡིན་པས། སེམས་ཅན་གཞན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་མ་ཉམས་པ་ཉིད་དུ་འདུག་ཀྱང་སེམས་ཅན་གཅིག་བློས་སྤངས་ནས་ཐུན་ཚོད་ལས་འདས་ན་སེམས་ཅན་ཐམས་ཅད་ལས་ཐོབ་པ་དེ་སྟོང་སྟེ། ཐ་ན་དུད་འགྲོ་ཕྲ་མོ་ཞིག་སྤངས་ན་ཡང་གཏོང་བས། དེའི་གཉེན་པོར་དུས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་སྦྱང་ལ་ཁྱད་པར་དུ་གང་ལ་བློས་སྤོང་ཡོང་བའི་ཉེན་ཡོད་པ་དེ་ལ་དམིགས་ལ་བྱམས་པ་དང་སྙིང་རྗེ་སྦྱང༌། དང་པོ་ནས་སུ་དང་ཡང་སྣ་ཐུག་མི་ཡོང་བར་བྱ་བའི་དོན་དུ་ཟོན་བྱ། ད་ལྟ་རང་གི་སེམས་མི་སྣད་པར་བསྲུང་བ་ཁོ་ན་གལ་ཆེ་བའི་དུས་ཡིན་པས་སེམས་ཅན་ལ་ཕན་སེམས་ལ་རྟེན་པའི་བྱ་བྱེད་ཉིད་ཀྱང་ཉུང་བར་བྱ་ན་གཞན་ལྟ་ཅི་སྨོས་ཏེ། གཞན་ཕན་བྱེད་པ་བླ་མས་ཚོད་འཛིན་དགོས་པ་ཡིན། དེས་ཚོད་མ་བཟུང་ན་སྙིང་རྗེ་བྱ་མ་ལེགས་ཞེ་སྡང་དུ་འགྲོ་ཉེན་ཆེ་བ་ཡིན། བྱ་བྱེད་མང་ན་སྣ་ཐུག་ཡོང་ཉེན་ཆེ། གལ་ཏེ་སྣ་ཐུག་བྱུང་ན་ཡང་ཁྱད་པར་དུ་དེ་ཉིད་ལ་དམིགས་ལ་བྱམས་པ་དང་སྙིང་རྗེ་སྦྱངས་ལ་ཐུན་ཚོད་ཀྱི་ནང་དུ་འཇམ་ཉལ་གྱིས་ཅི་ཐོངས་བྱེད་དགོས། སློབ་དཔོན་དབང་སིང་རྭ་སྒྲེང་དུ་གཅིག་ལ་ཡིད་དུ་མི་འོང་བའི་བློ་སྐྱེ་བ་ཞིག་བྱུང་བ་ལ་དེ་ཉིད་ལ་དམིགས་ནས་བྱམས་པ་བསྒོམས་པས་ཕྱི་ཉིན་དེ་དང་ཕྲད་ཙ་ན་ཤིན་ཏུ་ཡིད་དུ་འོང་བར་བྱུང་གསུངས་པ་དང༌། དགེ་བཤེས་མང་ར་བས་ཕར་ལ་བཟོད་གསོལ་རྒྱུན་མི་འཆད་དུ་མཛད་པ་བཞིན་དུ་བྱ་བ་མན་ངག་ཡིན་ཏེ། རང་ཅག་ལ་སྣ་ཐུག་དང་ཡེ་མི་ཡོང་བ་ནི་ནམ་ཡང་མི་ཡོང༌། ཐུན་ཚོད་ཀྱི་ནང་དུ་ཅམ་ཅམ་བྱས་ན་ཉམས་དྲོད་ལེན་གྱི་དགོས་པས་འཐབ་པ་ལ་ཞེ་གནག་པ་ཡིན་ཟེར་ནས་ཡོན་ཏན་དུ་བྱེད་པ་ལ་ཐུན་ཚོད་ཀྱི་ནང་དུ་གཉེན་པོས་བསླེབ་ཡང་དཀའ། དང་པོར་འབྱོར་བ་བརྟགས་ནས་ནི། །བརྩམ་མམ་ཡང་ན་མི་བརྩམ་བྱ། །མ་བརྩམ་པ་ནི་མཆོག་ཡིན་ཏེ། །བརྩམས་ནས་ལྡོག་པར་མི་བྱའོ། །ཞེས་གསུངས་པས། དང་པོ་སྔར་བསྟན་པ་བཞིན་དུ་བསླབ་བྱ་འདི་ཀུན་ཤེས་པར་བྱས་ལ་ཉམས་འོག་ཏུ་ཆུད་ངེས་པ་ན་གཟོད་དམ་བཅའ་བྱ། ཁས་བླངས་ནས་རྔོ་ཐོག་ཚད་ཀྱིས་མི་འོང༌། བཏུབ་རུང་མི་བཏུབ་རུང་བྱ་དགོས་གསུངས་པ་བཞིན་དུ་ཡིན། བཀྲིར་མི་བཏུབ་པ་ཇོ་འབུམ་ལྟ་བུ་ཡལ་བར་འདོར་བ་ལ་ཉེས་པ་མེད་དེ་དེ་ལ་ཡང་བསམ་པས་སྤངས་པའི་གླགས་མེད། རང་གི་སེམས་ལ་སྐྱོན་མེད་ན་ཕ་རོལ་པོ་ལ་སྒྲུབ་ཏུ་མ་བཏུབ་པ་ལ་ཉེས་པ་མེད་དེ། ཇོ་བོས་ཛྙཱ་ན་བའི་ཐུགས་དགོངས་བསྐངས་པས་བི་ཀྲ་མ་ལའི་གནས་བརྟན་གྱིས་དུས་རྟག་ཏུ་འཁོན་དུ་བཟུང་བ་ལྟ་བུའམ། བཅོམ་ལྡན་འདས་དང་ལྷས་བྱིན་གཉིས་རྒྱ་མཚོའི་གླིང་ལ་ལུས་གཅིག་ལ་མགོ་གཉིས་པར་སྐྱེ་བ་བཞེས་པ་ནས་དེ་འཁོན་དུ་བཟུང་བ་ལྟ་བུུ་སྟེ། དེ་ཐམས་ཅད་དུ་ཡང་རང་གི་སེམས་ལ་སྐྱོན་མེད་པ་ཞིག་ནི་བྱེད་དགོས། ད་ལྟ་ནི་ཚོ་རིས་ཁོ་ནར་བཅས་པས་ཀྱང་ཁོང་གི་ཚོ་བ་རིལ་གྱིས་བློས་སྤོང་ཉེན་ཆེ་ཞེས་ཤ་ར་བས་གསུངས་ཤིང༌། ཐུན་ཚོད་ཀྱང་དགེ་བཤེས་ཉིད་ཀྱི་ཞལ་ནས། རེས་ཉིན་མོ་རིང༌། ཞག་རིལ་པོ་གཅིག་ཐམས་ཅད་དུ་མཉམ་པས་དེའི་དྲུག་ཆ་ཙམ་ཞིག་གི་དུས་འདས་པ་ན་ཡིན། སྐྱ་རེངས་ལ་ལྟོས་པ་མེད་གསུངས། ལྔ་པ། ནག་པོའི་ཆོས་བཞི་སྤོང་ཞིང་དེ་དག་གི་གཉེན་པོ་དཀར་པོའི་ཆོས་བཞི་ལ་བསླབ་པའི་ཆོས་བཞི་ནི། བླ་མ་དང་སྦྱིན་གནས་དང་མཆོད་པར་འོས་པ་བསླུུ་བ། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ། སེམས་ཅན་ལ་གཡོ་དང་སྒྱུས་སྤྱོད་ཀྱི་ལྷག་པའི་བསམ་པས་ཉེ་བར་གནས་པ་མ་ཡིན་པ། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་རྣམས་ཡིན་ཅིང༌། དེའི་གཉེན་པོ་དཀར་པོའི་ཆོས་བཞི་ནི། སྲོག་གམ་ཐ་ན་བཞད་གད་ཀྱི་ཆེད་དུ་ཡང་རྫུན་གྱི་ཚིག་མི་སྨྲ་བ་དང༌། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་བཞག་ཅིང་ཡོན་ཏན་བདེན་པ་ཕྱོགས་བཞིར་བརྗོད་པ་དང༌། སེམས་ཅན་ཐམས་ཅད་ལ་གཡོ་དང་སྒྱུ་མེད་པར་ལྷག་པའི་བསམ་པས་ཉེ་བར་གནས་པར་བྱ་བ་དང༌། གཞན་དགེ་བ་ལ་འགོད་ཅིང་སྨིན་པར་བྱ་བ། ཁྱད་པར་དུ་ཐེག་པ་ཆེན་པོ་ལ་སྨིན་པར་བྱ་བ་རྣམས་ཏེ། དེ་དག་གི་མཚན་ཉིད་དང་སྤང་གཉེན་དུ་འགྱུར་ཚུལ་ཡང་ཤ་ར་བ་ཆེན་པོའི་ཞལ་ནས། དེ་ལ་དང་པོ་ནི། འགྲེལ་པ་ལས་སྦྱིན་གནས་དང་མཆོད་པར་འོས་པ་ཡང་བླ་མའི་ཆོས་སུ་སྦྱར་ལ། བསླུུ་བ་ཡང་ལྟུང་བ་གླེང་བའི་དུས་སུ་ཁས་མི་ལེན་པར་དབུ་སྐོར་བའི་ངོས་ནས་བཤད་པས་ཅུང་ཞིག་ཡངས་པར་ཡང་ཡོང་བར་ཏེ། གདམས་ངག་ལས་བླ་མ་རང་གིས་ཆོས་འབྲེལ་ཡོད་ཅིང་སྒོས་སུ་གང་ལ་བློ་གཏོད་པ་དང༌། སྦྱིན་གནས་དགེ་འདུན་དུ་ལོང་བ་དང༌། མཆོད་པར་འོས་པ་དེ་ལས་གཞན་པའི་གང་ཟག་ཡོན་ཏན་སྡོམ་ཁྲིམས་ཁས་བླངས་པ་ཡན་ཆད་ཡིན། ཡུལ་དེ་དག་ལ་བསམ་པ་བསླུ་སེམས་ཀྱིས་བསྒོ་བའི་སྦྱོར་བ་བྱས་ན། བསླུ་ཐུབ་རུང་མ་ཐུབ་རུང་ཐུན་ཚོད་ལས་འདས་ཙ་ན་སེམས་བསྐྱེད་འཆོར། བསླུ་བའི་ཚོད་སྔོན་རྭ་སྒྲེང་དུ་གདམས་ངག་ཕྱི་མ་ཐོབ་ཏུ་རེ་བས་གཞན་གྱིས་སྒོམ་ཉམས་དྲིས་ན། བློ་སྣ་དང་འདི་ལྟ་བུར་སྐྱེ་བར་གདའ་ན་ཇུག་མི་ཆེ་ཟེར་གྱིན་རང་ལ་སྐྱེས་པ་སྐད་ཟེར་བ་བྱུང་སྟེ། དེ་ཙམ་གྱིས་ཀྱང་འཆོར་བ་ཡིན། བསྟན་པའི་སྲོལ་ཁ་ན་གདམས་ངག་མ་ཐོབ་པ་ཐོབ་པར་བྱ་བའི་ཆེད་དུ་ཞེས་འབྱུང་བ་དང་ཡང་མཐུན་ཏེ། དེ་ལྟ་བུས་ནི་བྱང་ཆུབ་སེམས་ལ་སོགས་པ་རླབས་ཅན་ཁས་བླངས་ན་སོ་སོར་ཐར་པ་ཉིད་ཀྱང་འཆོར། བསམ་སྦྱོར་ཐ་དད་ངོ་ལྐོག་གི་སྤྱོད་པ་ཐ་དད་དུ་བྱེད་པ་ཐམས་ཅད་བསླུ་བའི་སྦྱོར་བ་ཡིན་ཏེ། དེ་ལྟ་བུ་ནི་མི་བྱེད་པ་ཡང་དཀའ། བླ་མ་ལ་གྲོས་གཞན་ཞིག་ཞུ། ལྐོག་ཏུ་དགེ་བཤེས་ཀྱི་སྙན་དུ་བརྡས་པར་ཡོད་དོ་ཟེར་གྱི་གྲོས་གཞན་བྱེད། ཁྱད་པར་སློབ་མ་སྙིང་རག་མ་ཁོ་ནས་བླ་མའི་དབུ་གཡོག གླང་རི་ཐང་པ་ཀུན་ལ་སློབ་མས་དབུ་མི་གཡོག་པ་ཙམ་མེད་པ་ཡིན་པར་འདུག དང་པོ་ཙ་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་པ་སྐད་དམ་ཁམས་གོང་མའི་སེམས་ཐོབ་པ་སྐད་ཟེར། དེ་ནས་དགེ་བཤེས་སྤྱན་འདྲེན་པ་སྐད་ཟེར་ནས་ཚོག་སོག་གི་རོགས་ལ་གཡར་པོ་བྱེད། དེ་ནས་དགེ་བཤེས་ཏ་ཅི་ཡང་མི་སྣོམ་སྟེ། མར་ལོག་ཅིག་གཞན་དུ་བཏང་བའམ་རང་གི་འདོད་པ་ཨེན་ཙམ་ཞིག་མ་བསྐང་ཙ་ན་ཁ་ནས་ཐོན་ཚད་ཀྱི་སྐྱོན་བརྗོད་བྱེད་དེ་ཉེས་པ་གཉིས་དུས་གཅིག་ལ་ཡོང༌། དེའི་གཉེན་པོར་ཡུལ་ཐ་མལ་པ་ལ་ཡང་སྲོག་དང་བཞད་གད་ཀྱི་ཆེད་དུ་ཡང་ཤེས་བཞིན་གྱི་རྫུན་ཙམ་ཡང་མི་སྨྲ་བར་སོང་ཙ་ན། བླ་མ་ལ་སོགས་པ་ཡུལ་ཁྱད་པར་ཅན་རྫུན་གྱིས་དབུ་སྐོར་བ་མི་ཡོང་བ་ཡིན། བླ་མ་ལ་བདག་ཉིད་ཇི་ལྟ་བ་བཞིན་དུ་བསྟན་པར་མི་བྱ་བའི་ཁ་མེད། གཉིས་པ་ནི། ཡུལ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ། བསམ་པ་ཞེ་སྡང་གིས། སྦྱོར་བ་སྐྱོན་བརྗོད་བྱས་ན། སྐྱོན་ཐ་མལ་པའི་རིགས་དང་རུས་དང་གཟུགས་ཀྱི་སྐྱོན་ནམ། ཆོས་ཀྱི་སྐྱོན་ཆེ་ཆུང་གང་ན་ཡང་གང༌། དངོས་པོ་ལ་ཡོད་རུང་མེད་རུང༌། བྱང་ཆུབ་སེམས་དཔའ་ཤེས་རུང་མ་ཤེས་རུང༌། ངོ་ལྐོག་གང་ན་ཡང་གང༌། དེ་ཐོས་རུང་མ་ཐོས་རུང༌། མི་དགའ་བ་སྐྱེས་རུང་མ་སྐྱེས་རུང༌། ཐུན་ཚོད་ལས་འདས་ན་སེམས་བསྐྱེད་འཆོར། རྡོ་རྗེ་རིན་པོ་ཆེ་ཉིད་ཀྱིས་གཅོག་པར་ནུས་པ་ལས་གཞན་ཤིང་ངམ་བོང་བའམ། དབྱུག་པའམ་རྡོའམ་མཚོན་ཆ་གང་གིས་ཀྱང་བཅག་པར་མི་ནུས་པ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་དེ་ཉིད་ལ་སྐུར་བ་བཏབ་པ་མ་གཏོགས་པ་གཞན་གང་གིས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་ཞེས་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་གསུངས། དེ་ཉིད་ལས། འཛམ་བུ་གླིང་གི་སེམས་ཅད་ཐམས་ཅད་བསད་དེ་བདོག་པ་ཐམས་ཅད་ཕྲོགས་པ་བས། བྱང་ཆུབ་སེམས་དཔའི་དགེ་བ་རྩ་བ་ཐ་ན་དུད་འགྲོ་གཅིག་ལ་ཟན་ཆངས་གཅིག་ཙམ་སྦྱིན་པའི་བར་ཆད་བྱས་ན་དེ་སྔ་མ་བས་སྡིག་པ་གྲངས་མེད་པས་ཆེ་བའི་འཐད་པ་སངས་རྒྱས་འབྱུང་བ་བསྐྱེད་པའི་བར་ཆད་བྱས་པའི་ཕྱིར་ཞེས་པ་དང་བཅས་པ་གསུངས། དེ་ཉིད་ལས། བྱང་ཆུབ་སེམས་དཔའ་ལ་སྐུར་བ་བཏབ་པའི་རྣམ་སྨིན་སེམས་ཅན་དམྱལ་བར་སྐྱེས་ནས་ལུས་དཔག་ཚད་ལྔ་བརྒྱ་པ་ལས་མི་ཆུང་བ་ལ། མགོ་ལྔ་བརྒྱ་ལས་མི་ཉུང་བ། དེ་རེ་རེ་ལ་ལྕེ་ཡང་དེ་སྙེད་པས་མི་ཉུང་བ། དེ་རེ་རེ་ལ་ལྕགས་ཀྱི་ཐོང་གཤོལ་མེ་རབ་ཏུ་འབར་བ་ལྔ་བརྒྱས་རྨོ་བར་གསུངས། དད་པའི་སྟོབས་བསྐྱེད་པའི་ཕྱག་རྒྱའི་མདོ་ལས། སེམས་ཅན་ཐམས་ཅད་ཁྲོས་ཏེ་བཙོན་ར་མུན་ནག་ཏུ་བཅུག་པ་བས་བྱང་ཆུབ་སེམས་དཔའ་ལ་རྒྱབ་ཀྱིས་ཕྱོགས་ཏེ་འདུག་ནས་མ་རུང་བ་འདི་མི་བལྟའོ་ཟེར་ན་དེའི་སྡིག་པ་གྲངས་མེད་པས་ཆེ་བར་གསུངས། འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་ཀྱི་བདོག་པ་ཐམས་ཅད་ཕྲོགས་པ་བས་བྱང་ཆུབ་སེམས་དཔའི་ཇི་ལྟ་བུ་ཡང་རུང་བ་ལ་སྨད་ན་སྡིག་པ་གྲངས་མེད་པས་ཆེ་བ་དང༌། མཆོད་རྟེན་གངྒཱའི་ཀླུང་གི་བྱེ་མ་སྙེད་བཤིགས་པ་དང་བསྲེགས་པ་བས་ཐེག་པ་ཆེན་པོ་ལ་མོས་པ་ཙམ་གྱི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་སྐྱོན་བརྗོད་བྱེད་པ་སྡིག་པ་གྲངས་མེད་པས་ཆེ་བ་བསྐྱེད་དེ། བྱང་ཆུབ་སེམས་དཔའ་ལས་སངས་རྒྱས་རྣམས་ངེས་པར་འབྱུང་ལ། སངས་རྒྱས་ལས་མཆོད་རྟེན་རྣམས་འབྱུང་བའི་ཕྱིར་ཞེས་འཐད་པ་དང་བཅས་པར་གསུངས། ད་ལྟ་ཡངས་པ་ཞིག་ཁོ་ན་འདོད་པས་བྱང་ཆུབ་ཀྱི་སེམས་སྐྱེས་པ་ཞིག་ཁོ་ན་འཚལ་ལམ་ཟེར་གྱིན་འདྲི་སྟེ། དམ་པའི་ཆོས་པདྨ་དཀར་པོ་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་གཅིག་ཙམ་འབུལ་བ་དང༌། ཐལ་མོ་སྦྱོར་བ་ཙམ་བྱས་པ་དང༌། ཐལ་མོ་ཡ་གཅིག་ཙམ་སྒྲེང་བ་དང༌། མགོ་སྐད་ཅིག་ཙམ་བཏུད་པ་ཡང་བྱང་ཆུབ་ཐོབ་པའི་མཚན་མར་གསུངས་ལ། དམ་པའི་ཆོས་པདྨ་དཀར་པོ་བྱ་བའི་མིང་ཙམ་ཐོས་པ་ཡང་འཚང་རྒྱ་བར་གསུངས་ཏེ་ཐེག་པ་ཆེན་པོ་ཐམས་ཅད་མཚོན་པ་ཡིན། དེ་ཙམ་ཡོད་པ་ཐམས་ཅད་ལ་བརྙས་པ་སྤང་བར་སློབ་དཔོན་ཞི་བ་ལྷས་གསུངས་ཏེ། རང་ཅག་གི་སྤྱོད་ཡུལ་དུ་འགྱུར་བའི་མི་འདི་རྣམས་ལ་དེ་ཙམ་རེ་མེད་པ་ནི་ཡེ་མི་ཡོང། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུང་ལས། དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་ཕྱག་འཚལ་བ་བཅོམ་ལྡན་འདས་ཀྱིས་གཟིགས། ཉེ་བར་འཁོར་ལ་དེ་ལ་བལྟོས་ཞེས་སྨྲས། མཐོང་ལགས་ཞེས་ཞུས་པ་དང༌།དེའི་ཡན་ལག་སྨད་ལྔས་ས་ཇི་སྙེད་ནོན་པའི་གསེར་གྱི་འཁོར་ལོར་ཐུག་པའི་བར་རྡུལ་ཕྲ་རབ་ཇི་སྙེད་ཡོད་པའི་སྟོང་འགྱུར་གྱི་འཁོར་ལོས་བསྒྱུར་བ་ཐོབ་པར་འགྱུར་ཞེས་གསུངས།འོ་ན་དེ་ལ་ཕྱག་འཚལ་བ་ནི་མང་འཁོར་ལོས་བསྒྱུར་བ་ནི་ཉུང་ན། དགེ་བའི་རྩ་བ་དེ་གང་དུ་མཆིས་པ་ལགས་ཞུས་པ་ལ། ཚངས་པར་སྤྱོད་པ་ཟླ་འོད་ལ་བརྟེན་ནས་ཟད་པ་ཡིན་པར་གསུངས་པས་གྲོགས་པོ་ནང་སྨྲས་པར་མི་འགྱུར་བ་ཞིག་ཁོ་ན་གལ་ཆེ། དེ་བས་ན་དགེ་བཤེས་ཆེན་པོ་པུ་ཏོ་བ་ཡང་སྔར་ཀུན་ན་དངོས་པོ་ལ་བྱང་ཆུབ་སེམས་དཔའ་ཡིན་པ་ཞིག་དགོས་གསུངས་པ་ལ། ཕྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དམ་བཅས་པ་ཞིག་ཡིན་ན། སྐྱེས་རུང་མ་སྐྱེས་རུང༌། སྐྱེས་ནས་ཤོར་རུང་མ་ཤོར་རུང་འདྲ་བྱ་བ་ཁོ་ན་གསུངས་ཤིང༌། ཞེ་སྡང་གི་ཚོད་སྐྱོན་བརྗོད་ཀུན་ནས་སློང་ནུས་ཚོད་དེ་ཡིན་གསུངས། སྐྱོན་འཇིག་རྟེན་པའི་མཁྱེན་པ་ཆུང་བ་ཞིག་ལགས་ཟེར་བ་དེ་ཀུན་ཙམ་ཡན་ཆད་འདྲ།དེའི་གཉེན་པོ་དེ་ལ་སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་སྐྱེད་པ་ཡང་སངས་རྒྱས་མ་ཡིན་པ་ལ་བསྐྱེད་པ་མ་ཡིན་ཏེ་དེ་དང་སངས་རྒྱས་ཀྱི་སྐུ་ལ་ཐ་དད་མེད། དེའི་འཕྲིན་ལས་མཛད་པའི་རྒྱུ་ཐུན་མོང་བ་ཡིན་ཏེ་ཟླ་བ་ཚེས་པ་དང་འདྲ། སངས་རྒྱས་དངོས་མེད་བྱ་བ་ཡང་མི་ཤེས་ཏེ་སེམས་ཅན་གྱི་དོན་དུ་འགྱུར་ན་ཇི་ལྟ་བུར་ཡང་སྟོན། ཡོན་ཏན་དངོས་པོ་ལ་བདེན་རྫུན་ཚུ་རོལ་མཐོང་བས་མི་ཤེས་པས་རང་གི་བློ་ལ་སྣང་ཚོད་སྒྲོག་ཚོད་སྒྲོ་མ་བཏགས་སྐུར་བ་མ་བཏབ་པར་བརྗོད། སྐུར་བ་བཏབ་ན་སྡིག་ཤིན་ཏུ་ཆེ་བ་སྔར་བསྟན་པ་བཞིན་དུ་ཡིན། སྒྲོ་བཏགས་ན་ཡང་ཕྱར་ཀ་བཏང་བར་འགྲོ། ཕྱོགས་བཞིར་སོང་ནས་བརྗོད་མི་དགོས་པར་སྤྱོད་ལམ་རྣམ་བཞི་གང་དུ་བྱེད་པའི་ཕྱོགས་དེར་བརྗོད། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས། འཕགས་པ་འོད་སྲུངས་ཆེན་པོས་སེམས་ཅན་གང་ལ་བྱང་ཆུབ་ཏུ་ཡོངས་སུ་སྨིན་པའི་དབང་པོ་རྣམས་མཆིས་པ་དང་མ་མཆིས་པ་འཇུག་པ་བདག་ཅག་ལ་མ་མཆིས་པས། དེང་སླན་ཆད་སེམས་ཅན་ཐམས་ཅད་ལ་སྟོན་པར་འདུ་ཤེས་བསྐྱེད་པར་བགྱིའོ་ཞེས་ཐུགས་དམ་བཅས་པ་བཞིན་དུ་དམ་བཅའ་བར་གོ་ར་ཁོ་ན་ལ་བརྟེན་དགོས། རང་ཅག་གིས་བྱང་ཆུབ་སེམས་དཔའ་ཡིན་མིན་མི་ཤེས། ནང་རྡོལ་ལ་ཁད་པའི་སྨིན་པར་འདུག་པས། ཕྱི་ལན་གྲངས་གཞན་ལ་མྱོང་བར་ངེས་པའི་ལས་ངན་གྱིས་བསྒྲིབས་ནས་མ་སྨིན་པར་སྣང་བ་རང་གིས་ཀྱང་མི་ཤེས་པ་ཐལ་བར་གཡོགས་པའི་མེ་འདྲ་བ་ཡང་སྲིད། ཁྱད་པར་ཅན་རང་གི་སྣང་བ་ལ་དམན་པར་སྣང་བ་ཡང་སྲིད།དགོས་པའི་དབང་གིས་དམན་པར་སྟོན་པ་དང༌། ཡོན་ཏན་སྦེད་པ་ཡང་སྲིད། སེམས་ཅན་ཐམས་ཅད་དང་སངས་རྒྱས་ཀྱི་རང་བཞིན་ལ་ཡང་དབྱེར་མེད། སངས་རྒྱས་ཀྱིས་བདག་ཏུ་མཛད་པ་ཡིན། དེ་གཉིས་ཐུབ་ན་བསླབ་པ་ཀུན་ལས་བཏུས་པ་ལས་གང་ཟག་ལ་བརྟེན་པའི་གནོད་འགྱུར་གྱི་ཆོས་གསུངས་པ་ཐམས་ཅད་ཀྱང་མི་ཡོང༌། གསུམ་པ་ནི། ཡུལ་ཐམས་ཅད་སེམས་ཅན་གང་ཡང་རུང་བ་ཞིག་ལ་གཡོ་སྒྱུ་བྱ་བའི་བསམ་པས་སྦྱོར་བ་གཡོ་སྒྱུ་བྱས་ནས་ཐུན་ཚོད་ལས་འདས་ན་བསླུ་ཐུབ་རུང་མ་ཐུབ་རུང་སེམས་བསྐྱེད་འཆོར། གཡོ་སྒྱུའི་ཚོད་བང་བ་ཡེ་འབྱུང་གིས་རག་མར་གཏོང་བ་ལ་སྟོད་ལུང་གི་གྱབས་བྱས་པ་ལྟ་བུ་ཞེས་ཐམས་ཅད་མཐུན་པར་གསུངས་ཏེ། དེ་ཚོད་ནི་མི་བྱེད་པར་རང་ཡང་མི་ཡོང་བར་སྣང༌། ཕུགས་སུ་རང་འདོད་ཅིག་འཁྲིས་ན་གདན་ཁ་ལ་བཞག་ཇ་དང་སྣུམ་བག་དང་མངར་བག་དང་འདྲེན་པའི་དུས་ན་ཡང་གཡོ་སྒྱུ་བྱེད་བསྔོ་བར་འགྲོ་བའི་ཉེན་ཡོད། རང་འདོད་མེད་པར་སེམས་ཅན་ལ་ཕན་པའི་བསམ་པ་ཁོ་ནས་བསད་ཀྱང་སྡིག་མི་ཡོང་གི་སྟེང་དུ་བསོད་ནམས་མང་པོ་འཕེལ་བ་ཡང་ཡོད་པས་གུ་བདེ། རང་དོན་དང་གཞན་དོན་ཤ་ཁ་དབྱེ་ས་འདི་ཁོ་ན་ཡིན། ཚེ་འདིའི་རྣམ་རྟོག་ཅིག་འབྲེལ་མ་ཆོད་ན་ནག་པོའི་ཆོས་བཞི་འདི་ཀུན་བསྲུང་དཀའ། དེའི་གཉེན་པོ་ནི་སེམས་ཅན་ཐམས་ཅད་ལ་གཡོ་སྒྱུ་མེད་པར་ཕན་པ་དང་བདེ་བ་ལ་འགོད་པར་འདོད་པའི་ལྷག་པའི་བསམ་པ་དུས་རྟག་ཏུ་སྦྱང་སྟེ། ཕན་པ་ཕྱི་མ་ཕན་ཆད་བདེ་བ་འདི་ལ་ཞེས་སམ། ཡང་ན་ཕན་པ་འཇིག་རྟེན་ལས་འདས་པའི་བདེ་བ། འཇིག་རྟེན་པའི་ཞེས་ཀྱང་བཤད་དེ་ཕན་པ་ཡུན་རིང་པོར་བདེ་བ་ཐང་བའི་དོན་ཡིན། བཞི་པ་ནི། གཞན་འགྱོད་པའི་གནས་མ་ཡིན་པ་དགེ་བ་བྱེད་པ་ལ་འགྱོད་པ་བསྐྱེད་པའི་བསམ་པས་དེའི་སྦྱོར་བ་བྱས་ན་དེ་སྐྱེས་རུང་མ་སྐྱེ་རུང་ཐུན་ཚོད་ལས་འདས་ན་སེམས་བསྐྱེད་འཆོར། དགེ་བ་གང་ན་ཡང་གང༌། འགྱོད་པ་བསྐྱེད་པའི་སྦྱོར་བ་ཡང་ཇི་ལྟ་བུ་ན་ཡང་རུང་སྟེ། འགྱོད་པ་ཡང་ཚུལ་སྣ་ཚོགས་པས་བསྐྱེད། ཁྱད་པར་དུ་ཡང་རང་གི་ཚུལ་ཉེ་ཞིག་སྦྱིན་གཏོང་འདྲ་བ་ཆེ་རབ་ཅིག་བྱེད་པ་མཐོང་ན་དེ་རང་གི་བློས་མི་ནུས་པས་ཤ་ཚ་ཚ་སྐད་ཕྱག་ཡངས་ནི་བཟང་སྟེ་འོ་བརྒྱལ་ཏེ་མཆིའོ། །རྒས་ཙ་ན་མི་མཆིའོ། །ན་ཙ་ན་མི་མཆིའོ་ཟེར་ནས་དེ་བསྐྱེད། བནྡེ་ཞིག་བྱ་སྙམ་པ་ལ་ཨ་ཁུ་བཙུན་པས་མ་སྟེར་ཟེར་ནས་ཚུལ་ཁྲིམས་ལ་འགྱོད་པ་བསྐྱེད། སྲུང་སྡོམ་དང་བྱེད་པ་ཀུན་ལ་ཡང་སང་གནངས་ནད་བུ་ཞུགས་ཏེ་མཆིའོ་ཞེས་ཟེར། ཁྱད་པར་དུ་ཡང་བཟོད་པ་ལ་བསྐྱེད་དེ། དེ་སྒོམ་པ་ཞིག་ཡོད་ན་བོང་རྐུན་པས་ཀྱང་བོང་བདག་ལ་བྱ་རྒྱུ་ཡིན། ངན་པ་བརྒྱ། རུལ་པ་སྟོང་དེ་ལ་གཅིག་མི་ནུས་པ། ཆུ་སྔར་འབབ་ཕྱི་འབབ་ནི་ཕྱིས་འབབ་མང༌། བེར་ཀ་ལན་མེད་ནི་ཇེ་མང་ཡོང༌། སྟོན་མོ་ལེན་མེད་ནི་ཇེ་ཉུང་འགྲོ་ཟེར་ནས་ཡོང༌། དགེ་བཤེས་ཆེན་པོ་པུ་ཏོ་བ་ཉན་པོ་ན་བཞུགས་དུས་སུ་བརྩོན་འགྲུས་ལ་སོགས་པ་ལ་ནི་ཡོན་ཏན་འདྲ་བ་ཞིག་ཏུ་མཐོང་བས་འགྱོད་པ་ཨེ་ཅང་ཡང་མི་བསྐྱེད་གསུངས་ཏེ། མི་བསྐྱེད་པ་ཅི་མ་ཚད་བརྩོན་བརྩོན་པོའམ་སྒོམ་སྒོམ་པོ་ཞིག་ཡོད་ན་དེས་ལས་ཀ་དང་ལ་ཨེན་ཙམ་ཞིག་མ་སླེབས་པས་འདིས་བསྟན་པ་འཇིག་གནས་འཇིག་དགོན་པ་འཇིག་ཟེར་ནས་ཡོང༌། ལ་ལ་སྤྱན་སྔ་ལ་ཟེར་བ་བཞིན་དུ་ཕྲག་དོག་གིས་ཀྱང་འགྱོད་པ་བསྐྱེད། ཤེས་རབ་ཀྱི་རྩ་བ་ཐོས་པ་ཡིན་ཏེ་བཟང་འདུན་བགྱིས་པས་ཆོས་ཉན་པ་ལ་མི་འགྲོ་བའི་བཅའ་བ་བགྱིས་ཟེར་ནས་ཡོང༌། དེའི་གཉེན་པོར་རིགས་ཅན་གསུམ་གྱི་ལམ་ལ་དགོད་ཅིང་སྨིན་པར་བྱ། རེ་ཞིག་ཐར་པའི་སྣོད་དུ་མ་གྱུར་པ་དག་ཀྱང་བདེ་འགྲོའི་རྒྱུ་ལ་དགོད། མཐར་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ཁོ་ན་ལ་སྨིན་པར་བྱ། རེ་ཞིག་དུས་ལ་བཞེས་པ་དག་ཀྱང་བསམ་པས་རྗེས་སུ་བཟུང༌། དགེ་བ་ལ་ཞུགས་པ་དག་གི་གྲོགས་བྱ་གཟེངས་བསྟོད་རྗེས་སུ་ཡི་རང་བ་ལ་སོགས་པ་བྱ། དེ་ལྟར་བྱས་ན་དེ་དག་ཉིད་དགེ་བ་ལ་ཞུགས་ནས་འདུག་པ་ལས་འགྱོད་པ་བསྐྱེད་པ་མི་ཡོང༌། བྱང་ཆུབ་ཏུ་སེམས་བསྐྱེད་པའི་དུས་ན་སེམས་ཅན་མ་བརྒལ་བ་བསྒྲལ་བ་ལ་སོགས་པར་དམ་བཅས་པ་ཡིན་པས་བྱང་ཆུབ་སེམས་དཔའི་བྱ་བ་ཁོ་ན་ཡང་དེ་ཡིན། ཡུམ་གྱི་ལམ་ཤེས་པའྀ་བྱེད་པ་ཡང་སེམས་ཅན་སྨིན་པ་དང་གྲོལ་བར་བྱེད་པ་ཡིན་པར་གསུངས། དགེ་བཤེས་སྟོན་པ་ལ་བྱིས་པ་ཆང་ཆུང་དག་གིས་མེ་ཏོག་རྙང་རྙིང་ཆུན་པོ་རེ་ཕུལ་བ་ཀུན་ལ་ཡང་རང་ཅག་ཕ་སྤད་སངས་རྒྱས་སུ་སྨོན་ལམ་གདབ་གསུང་གིན་བསྔོ་བ་མཛད། ད་ལྟ་ཧན་ནེ་ཧན་ནེ་ལ་ཇི་ལྟར་ཡང་བཏུབ་པ་ཡིན། སང་གནངས་ཅག་ཅག་པོར་སོང་ཙ་ན་དགེ་བའི་རྩ་བ་སངས་རྒྱས་སུ་བསྔོ་ཡེ་ནུས་པ་ཡོང་བ་ཡིན་གསུངས་པར་གདའ། དེ་ལྟར་སེམས་བསྐྱེད་འཆོར་བའི་རྒྱུ་ལས་དང་པོ་ལུས་ངག་ཏུ་ཐོན་མི་དགོས། ཕྱི་མ་བཞི་ལུས་ངག་ཏུ་ཐོན་དགོས་ཏེ། དེར་ཐོན་ནས་ཐུན་ཚོད་ལས་འདས་ན་གཞན་གྱིས་མ་ཚོར་བར་རང་གཅིག་པུས་ལྐོག་ཏུ་བྱས་ཀྱང་འཆོར། ཐུན་ཚོད་ཀྱི་ནང་དུ་གཉེན་པོས་སླེབས་ན་བཤགས་པ་ཕྱིས་བྱས་ཀྱང་ཆོག དེ་ཉིད་ཀྱི་ནང་དུ་འགྲུབ་ན་ཤིན་ཏུ་ལེགས། དེ་ཡང་དགེ་བཤེས་ཆེན་པོ་པུ་ཏོ་བས་སྔར་ཀུན་གང་ཟག་ལ་ཡང་རུང་དཀོན་མཆོག་གི་སྔར་ཡང་རུང་གསུངས། ཕྱིས་ཀུན་དཀོན་མཆོག་གི་རྟེན་དགོས་གང་ཟག་མི་དགོས། རྟེན་གྱི་མདུན་དུ་མཆོད་པ་སོ་མ་ཡང་བཤམས། ཕྱག་བཙལ་མཆོད་པ་ཕུལ་ལ་དགེ་སློང་ཉེས་བྱས་བཤགས་པ་བཞིན་དུ་བཤགས། དེ་ནས་སེམས་བསྐྱེད་ཀྱི་ཆོ་ག་མདོར་བསྡུས་པ་ཡང་བྱ་གསུངས། སྤྱན་སྔ་ནི་ཉན་ཐོས་ཀྱི་སེམས་བསྐྱེད་པ་ཡང་གཏོང་བའི་རྒྱུ་དྲུག་ཡིན་གསུངས། དེས་ཀྱང་གཏོང་བ་གསང་ཆེན་ཐབས་ལ་མཁས་པའི་མདོ་ལས་གསུངས་ཏེ། དེ་སེམས་ཅན་བློས་སྤོང་གི་ནང་དུ་འདུ། མ་སྐྱེས་ན་སེམས་ཅན་ཐམས་ཅད་དུས་གཅིག་ཏུ་བློས་སྤངས་པ་ཡིན་པས་རྟེན་མེད་པའི་ཕྱིར་ཐུན་ཚོད་མེད་གསུངས། སྔོན་དགེ་བཤེས་སྟོན་པ་ལ་ལྔ་པོ་དེས་སེམས་བསྐྱེད་ཉམས་པར་བྱེད་པ་ལས་གཏོང་བ་མ་ལགས་མཆི་ན་ཟེར་གྱིན་ཞུ་བ་ཀུན་ལ། མིང་དུ་མི་གཏོང་བ་བས་གོང་དུ་འཕེལ་བའི་རྒྱུ་ཡིན་ཞེས་འདོགས་ནའང་ཐོགས། དངོས་མེད་དེ་ལྔ་བྱུང་ནས་ཐུན་ཚོད་ལས་འདས་ན་སྔར་སྐྱེས་པ་ཐམས་ཅད་ཕྱི་མར་མི་སྐྱེ་བར་བྱེད་པ་དེ་དག་གི་ནུས་པ་ཡིན་གསུངས། འོ་ན་བྱང་ཆུབ་སེམས་དཔའི་སྡོམ་པ་གསེར་དངུལ་ཞོམ་པ་དང་འདྲ། ཕྱིས་སོར་ཡོད་པར་གསུངས་པ་དང་འགལ་ལམ་སྙམ་ན་ཡང་མི་འགལ་ཏེ། གཞི་ནས་སྟོབས་བཞིས་སྡིག་སྦྱངས་ཚོགས་བསགས་པས་བསམ་པ་སོར་ཚུད་ན་སོ་སོར་ཐར་པ་དང་མི་འདྲ་སྐྱེ་བའི་སྐབས་ཡོད་བྱ་བ་ཡིན། ཤོར་མ་ཐག་ཏུ་བླངས་པས་མི་སྐྱེ། ལྔ་པོ་དེ་ཐམས་ཅད་ཀྱི་གཉེན་པོར་དུས་རྟག་ཏུ་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་སྦྱང༌། ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །འགྲོ་བ་ཉོན་མོངས་ལས་གྲོལ་བར། །དམ་བཅས་གལ་ཏེ་བདག་ཉིད་ཀྱང༌། །ཉོན་མོངས་རྣམས་ལས་མ་གྲོལ་བར། །བདག་གི་ཚོད་ཀྱང་མི་ཤེས་པར། །སྨྲ་བ་ཇི་ལྟར་སྨྱོན་པ་མིན། །ཞེས་པའི་ཚུལ་དུ་ངོ་ཚ་དང་ཁྲེལ་ཡོད་སྒོམ། ཁས་བླངས་ཉམས་འོག་ཏུ་མ་ཚུད་ན་ངན་སོང་དུ་སྐྱེ་བ་ལ་སོགས་པའི་ཉེས་དམིགས་རྣམས་ཀྱང་སྒོམ། ཁས་བླངས་པ་ཙམ་གྱིས་མི་ཆོག་བློ་ལ་སྐྱེ་རྒྱུ་ཞིག་དགོས་པ་ཡིན། ཁ་ཅིག་ན་རེ། ཡེའི་སེམས་བསྐྱེད་གྱིས་དང་བསོད་ནམས་ཆེ་ལ་བསྲུང་རྒྱུ་མེད་པ་ཟེར་ཏེ། བསོད་ནམས་ཆེ་བ་རབ་ཡིན་བསྲུང་རྒྱུ་མེད་པ་མིན་བསླབ་བྱ་ལྔ་པོ་དེ་དག་ལ་སློབ་དགོས་པ་ཡིན། ཞི་བའི་ལྷས་འགྲོ་བར་འདོད་པ་ཙམ་དུ་གསུངས་ཏེ། འདི་བཞིན་དུ་སློབ་པ་འདི་ལམ་དུ་ཞུགས་པ་ཉིད་ཡིན། དེ་ལྟར་སྨོན་པ་སྐོར་དང་བཅས་པ་འདི་ཁོ་ན་ཇོ་བོའི་གདམས་ངག་ཐུན་མོང་མ་ཡིན་པ་རང་ཅག་ལ་གལ་ཆེ་ལ་བྱེད་ངོ་ཤེས་པ་ཡིན། ཚུལ་ཁྲིམས་ལེའུ་ལས་འཇུག་པའི་བར་ཆད་འདྲི་བའི་སྐབས་སུ་ཁུ་ཆེན་པོའི་ཞལ་ནས་འདི་ཀུན་ན་གསལ་པོར་སྣང་བ་ལ་ཇོ་བོ་མ་བྱོན་གོང་དུ་སྨོན་པའི་སེམས་བསྐྱེད་བྱ་བ་ལ་སོགས་པ་ཞིག་ཡོད་པ་གོ་མ་ནུས་གསུངས་སྐད། སྐྱེས་བུ་ཆུང་ངུ་དང་འབྲིང་གིས་བསྡུས་པ་ཀུན་ལག་ལེན་པ་ལས་བཤད་པ་རྒྱས་པ་ཆོས་མངོན་པའི་སྡེ་སྣོད་དང་འདུལ་བའི་ལུང་ཀུན་ན་ཡང་བཞུགས། འཇུག་པའི་སྐོར་དུ་གཏོགས་པ་ཞི་བ་ལྷའི་ཆོས་གཉིས་སམ། བྱང་ཆུབ་སེམས་དཔའི་སའམ་མདོ་སྡེའི་རྒྱན་ལ་སོགས་པ་ན་ཤིན་ཏུ་རྒྱས། གཞུང་ཆུང་ཤོས་སྡོམ་པ་ཉི་ཤུ་པ་ཡིན་ཏེ་ཡང་འདི་བས་རྒྱས། ཚེ་དུམ་འདིའི་བྱ་བ་སྨོན་པ་མན་ཆད་ཁོ་ནས་ལྡང༌། འཇུག་པ་བླངས་ཀྱང་ཐུབ་པ་དཀའ། ཡེར་པ་བའི་ཞལ་ནས་མ་ཐོབ་པའི་ཉམས་པ་བས་ཐོབ་པའི་ཉམས་པ་དྲག་པར་གསུངས་གསུང་སྐད་དེ། ཚེ་དུམ་འདི་ལ་སྨོན་པ་མན་ཆད་ལ་ནན་ཏན་བྱས་ཤིང་མ་ཉམས་པར་བྱས་ལ་འཇུག་པའི་བསླབ་བྱ་དག་ལ་ནུས་པ་ཡོད་ཚད་ཀྱིས་བསླབ། ནུས་པའི་ཡུལ་དུ་མ་གྱུར་པ་དག་ལ་ཡང་མོས་པ་སྒོམ། ཕྱི་མ་ཕན་ཆད་དུ་སྐྱེ་བ་དང་མི་ཉམས་པར་འགྱུར་བའི་སྨོན་ལམ་བཏབ་ན་ཕྱི་མ་ཕན་ཆད་དུ་འཇུག་པ་བརྟན་པོར་བྱར་ཡོད་པ་རང་རུང༌། ཚེ་གཅིག་གིས་བྱང་ཆུབ་སེམས་དཔའི་བསླབ་པ་མི་རྫོགས་གསུངས། དེ་རྣམས་ཀྱིས་སྨོན་པ་བཤད་ཟིན་ནས༌།

གཉིས་པ་འཇུག་པ་བསླབ་བྱ་དང་བཅས་པ་ལ། སྨོན་འཇུག་གི་འབྲེལ་བསྟན་པ་དང༌། འཇུག་པ་ཉིད་བཤད་པ་གཉིས་ཀྱི། དང་པོ་ནི། འཇུག་སེམས་བདག་ཉིད་སྡོམ་པ་མ་གཏོགས་པར། །ཡང་དག་སྨོན་པ་འཕེལ་བར་འགྱུར་མ་ཡིན། །རྫོགས་པའི་བྱང་ཆུབ་སྡོམ་པ་སྤེལ་འདོད་པས། །དེ་ཕྱིར་འབད་པས་འདི་ནི་ངེས་པར་བླངས། །ཞེས་གསུངས་ཏེ། བསྟན་མ་ཐག་པ་བཞིན་དུ་སྨོན་པ་བསླབ་བྱ་དང་བཅད་པ་ལ་ལེགས་མོར་བསླབས་པས། སེམས་ཅན་ལ་སྙིང་རྗེ་ཆེས་འཕེལ་བས་སེམས་ཅན་གྱི་ཆེད་དུ་སངས་རྒྱས་ཐོབ་པར་རིངས་ལ། དེ་ཡང་རྒྱུ་ལ་འཇུག་དགོས་པར་ཤེས་པས་ཅི་ལ་ཡང་མ་རག་པར་ཆས་པ་འཇུག་པ་སྐྱེ་བའི་བློ་ཚོད་དུ་ཕྱིན་པ་དེས་རྒྱུ་ལ་དམ་འཆའ་བ་འཇུག་པ་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་བླངས་ནས་དེའི་བསླབ་བྱ་ལ་སློབ་པ་མ་གཏོགས་པར་འབྲས་བུ་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་སྨོན་པ་འཕེལ་བའི་མཐར་ཕྱིན་ནས་འཚང་རྒྱ་བར་འགྱུར་བ་མ་ཡིན་པར་ཤེས་པས་སྨོན་པ་རང་གི་ངོ་བོ་རྫོགས་པའི་བྱང་ཆུབ་ལ་དམ་འཆའ་བའི་སྡོམ་པ་དེ་འཕེལ་བའི་མཐར་ཕྱིན་པ། ཇོ་བོའི་ཞལ་ནས། བྱང་ཆུབ་ཀྱི་རང་བཞིན་དུ་སྐྱེས་པས་ན་བྱང་ཆུབ་ཀྱི་སེམས་མཚན་ཉིད་པ་ནི་སློབ་དཔོན་སེངྒེ་བཟང་པོས་སངས་རྒྱས་ཀྱི་སའི་སེམས་བསྐྱེད་གསུམ་གསུངས་པ་དེ་ཁོ་ན་ཡིན་གསུངས་པ་བཞིན་གྱི་བར་དུ་སྤེལ་བར་བྱ་འདོད་པས་སམ། ཡང་ཡང་དག་སྨོན་པས་ཞེས་པ་ལྟར་ན་སྨོན་པ་ནི་འབྲས་བུ་ལ་དམ་བཅས་པ་ཙམ་ཡིན་པས། འཇུག་པ་རྒྱུ་ལ་དམ་བཅས་ནས་སློབ་པ་མེད་པར་སྨོན་པ་དེ་ཙམ་གྱིས་འཕེལ་བར་ཏེ་འབྲས་བུ་ཐོབ་པར་འགྱུར་བ་མ་ཡིན་པས་སྨོན་པ་རང་གི་ངོ་བོ་འབྲས་བུ་རྫོགས་པའི་བྱང་ཆུབ་ལ་དམ་བཅའ་བའི་སྡོམ་པ་དེ་སྤེལ་བ་དང་འཕེལ་བའི་མཐར་ཕྱིན་པ་སྔ་མ་ལྟར་བྱ་འདོད་པས། དེའི་ཕྱིར་འབད་པས་འཇུག་པ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་འདི་ནི་ངེས་པར་བླང་ཞེས་པ་སྟེ། དེ་ལ་ཁ་ཅིག་སྨོན་པ་ནི་བར་མས་བསྡུས་པའི་དགེ་བ་ཡིན། འཇུག་པ་སྡོམ་པས་བསྡུས་པ་ཡིན་ཟེར་ཏེ། བྱམས་པ་ནས་བརྒྱུད་པ་སྡོམ་པ་རང་དུ་བཞེད་པས་ན། སྐྱེ་དཀར་ཚང་གཅིག་ལ་མ་དཀར་བུ་ནག་མེད་གསུངས་ནས། རྐང་པ་གསུམ་པ་རྫོགས་པའི་བྱང་ཆུབ་སྡོམ་པ་ཞེས་འདོན་པའམ། ཡང་ན་སྡོམ་པས་ཞེས་འདོན་པ་འཇུག་པ་ཉིད་དུ་སྦྱར་ལ། དེའི་སྡོམ་པས་སྨོན་པ་འཕེལ་བའི་མཐར་ཐུག་པར་བྱ་འདོད་པས་དེའི་ཕྱིར་དུ་འབད་པས་འཇུག་པ་འདི་ནི་ངེས་པར་བླངས་ཞེས་པ་རྣམས་གང་དུ་བཀྲལ་ཡང་དོན་ལ་འབྱོར་བར་ཤ་ར་བ་ཆེན་པོས་བཤད་ཅིང། ཡང་རྫོགས་པའི་བྱང་ཆུབ་སྨོན་པ་སྤེལ་འདོད་པས། །ཞེས་པའང་འབྱུང་བའི་དབང་དུ་མཛད་ནས། སྤྱིལ་བུ་བས། སྨོན་པ་བྱང་ཆུབ་ཀྱི་སེམས་འབྲས་བུ་ལ་དམ་འཆའ་བ་དེ་འཕེལ་བའི་མཐར་ཕྱིན་པ་སངས་རྒྱས་ཀྱི་སའི་བར་དུ་སྤེལ་བར་འདོད་པས་རྒྱུ་འཇུག་པ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་འདི་ནི་ངེས་པར་བླང༌། ཞེས་པར་ཡང་བཀྲལ་བ་གང་ལྟར་ནའང༌། འབད་པ་ནི་གཙོ་བོར་བློ་སྦྱང་བ་ཁོ་ན་ལ་འབད་ལ། ཚོགས་བསགས་པ་ལ་སོགས་པ་ཕྱོགས་མཐའ་དག་ནས་ཀྱང་འབད་ཅེས་ཤ་ར་བས་གསུངས། གཉིས་པ་འཇུག་པ་ཉིད་བཤད་པ་ལ། གང་གིས་ལེན་པའི་རྟེན་དང༌། ཇི་ལྟར་བླང་བའི་ཆོ་ག བླངས་ནས་བསླབ་པ་ལ་སློབ་ཚུལ་དང་གསུམ་གྱི། དང་པོ་ལའང་སྤྱིར་བསྟན་པ་དང༌། མཆོག་གི་ཁྱད་པར་བཤད་པ་ཉིད་ལས། དང་པོ་ནི། སོ་སོར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་དག །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱིས་གཞན་དུ་མིན། །ཞེས་གསུངས་ཏེ། དེ་ཡང་འཇུག་པ་ལེན་པའི་རྟེན་གྱི་གང་ཟག་ནི་སོ་སོར་ཐར་པ་རིགས་བདུན་གང་ཡང་རུང་བ་དང་ལྡན་པ་སྨོན་པ་ཐོབ་ལ་མ་ཤོར་བ་ཞིག་དགོས་པས། སྤྱིར་སོ་སོར་ཐར་པ་ལ་བྱེ་བྲག་བཤད་མཚོ་དང་མངོན་པ་མཛོད་ལ་སོགས་པ་ལས། དགེ་བསྙེན་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་སློང་ཕ་མ་གཉིས། བར་སློབ་མ་དང་བདུན། བསྙེན་གནས་དང་བརྒྱད་དུ་བགྲངས་པ་ལས། འདིའི་བར་སློབ་མ་ཡན་ཆད་སོ་སོར་ཐར་པ་རིགས་བདུན་གྱི་སྡོམ་པ་བྱང་སྡོམ་གྱི་རྟེན་དུ་གཟུང་བས་རྟག་ཏུ་ཞེས་བསྙེན་གནས་ཀྱི་སྡོམ་པ་ཉིན་ཞག་གཅིག་པའི་མཐའ་ཅན་དེ་བསལ་ནས། བྱང་ཆུབ་སེམས་དཔའི་སྡོམ་པ་ལས་གཞན་སོ་ཐར་ཇི་སྲིད་འཚོའི་བར་གྱི་སྡོམ་པ་བདུན་པོ་གང་རུང་དང་ལྡན་པ་དག་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པ་དང་འཐོབ་པ་ཡི་སྐལ་བ་ཡོད་ཀྱིས། དེ་ལས་གཞན་དུ་སོ་ཐར་རིགས་བདུན་གྱི་སྡོམ་པ་གང་རུང་དང་མི་ལྡན་པ་ལ་ནི་དེ་ལྟ་བུའི་སྐལ་བ་ཡོང་བ་མིན་ཞེས་པ་སྟེ། དེ་ལ་ཤ་ར་བའི་ཞལ་ནས། འཇུག་པའི་རྟེན་གཏན་ལ་དབབ་པའི་སོ་སོར་ཐར་པ་ཞེས་པ་སྟེ། སྨོན་པའི་དུས་ན་སོ་སོར་ཐར་པ་བརྟེན་དགོས་པར་མ་གསུངས་པ་ནི་བྱང་ཆུབ་སེམས་དཔའ་འགའ་ཞིག་མཚོན་ཆ་མ་སྤངས་ཤིང་གཞན་ལ་གནོད་པ་ལས་མ་ལོག་པ་ལྟ་བུའི་ཚུལ་བཟུང་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་བ་ཡང་ཡོད་པའི་དབང་དུ་བྱས་ལ། འཇུག་པ་ཁས་བླངས་ཡན་ཆད་དུ་དེ་མི་བཏུབ་པ་ཡིན་ཏེ་དེ་ཀུན་གྱི་གཏན་ལ་དབབ་པ་མྱ་ངན་ལས་འདས་པ་ན་ཡང་བཞུགས། རྒྱལ་པོ་ལ་གདམས་པའི་མདོ་ལས་གསུངས་པའི་དོན་ཡང་དེ་ཉིད་ཡིན། འདི་ལ་སྐྱེ་བའི་རྟེན་ཡིན་ནམ་གནས་པའི་རྟེན་ཡིན་ཞེས་རྟོག་པ་དང༌། བརྟན་པའི་རྟེན་དུ་མི་བརྟན་པ་མི་འཐད་པ་དང༌། ཆེད་དུ་བྱ་བ་ཡང་མི་མཐུན་པས། རྟེན་མ་ཡིན་ཞེས་རྟོག་པ་ཁོ་ན་ཡོད་དེ། དེ་བཞིན་བརྟགས་ནས་ལག་ལེན་བྱེད་ངོ་མི་ཤེས་པར་བྱས་པ་ལ་དགོས་པ་མེད། དེ་བཞིན་དུ་བརྟགས་ན་གསང་སྔགས་ཀུན་ཡང་ལག་ལེན་བྱར་ཡེ་མི་བཏུབ། པཎྜི་ཏ་ཨ་བྷྱ་ཀཱ་ར་སོ་སོར་ཐར་པའི་སྡོམ་པ་རྟེན་དུ་མི་དགོས་ཟེར་བ་ལགས་པར་གདའ་སྟེ། ངག་གི་དབང་ཕྱུག་གྲགས་པ་བཞིན་དུ་གཞུང་ངན་སྐྱོབ་པ་ཡིན། ལས་དང་པོ་ལ་ཉེས་པ་འབྱུང་སྲིད་པ་ཡིན། བྱུང་ནས་གསོ་བའི་སྦྱོར་བ་མི་བྱེད་པར་གཞུང་ངན་སྐྱོབ་པ་ཤིན་ཏུ་མི་རིགས། ཁ་ཅིག་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པའི་དུས་ན་སོ་སོར་ཐར་པའི་སྡོམ་པ་དེར་གནས་འགྱུར་བ་ཡིན་པས། དེ་དུས་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་གནས་པ་བཞིན་དུ་སོ་སོར་ཐར་པའི་སྡོམ་པ་ཡང་གནས་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་རྩ་ལྟུང་བྱུང་བས་ཤོར་ཡང་བླང་དུ་བཏུབ་པ་བཞིན་དུ། སོ་སོར་ཐར་པའི་སྡོམ་པ་གནས་གྱུར་པ་དེ་ལ་རྩ་ལྟུང་བྱུང་ནས་ཤོར་ཡང་བླང་དུ་བཏུབ་ཟེར་བ་དང༌། རབ་ཏུ་བྱུང་བའི་ཕྱོགས་ལ་ཕམ་པ་བྱུང་བ་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ནས། དེ་ནས་སོ་སོར་ཐར་པ་ཡང་བསྐྱར་བའི་ལག་ལེན་བྱེད་པ་ཉིད་ཀྱང་བྱུང་བར་གདའ་སྟེ། དེ་ཐམས་ཅད་མ་ཡིན། དགེ་བཤེས་སྟོན་པའི་ཞལ་ནས། སོ་སོར་ཐར་པ་གནས་པའི་དུས་དང་གཏོང་ཐོབ་ཀྱང་སོ་སོར་ཐར་པ་ཉིད་ལས་གསུངས་པ་བཞིན་དུ་ཡིན། སོ་སོར་ཐར་པ་ལ་རྩ་ལྟུང་བྱུང་ན་རབ་ཏུ་བྱུང་བའི་ཕྱོགས་ལ་བསྐྱར་བ་མེད། ཤིང་ཏཱ་ལ་མགོ་བཅད་པ་དང་འདྲ། དགེ་སློང་བཞིན་དུ་དགེ་ཚུལ་ལའང༌། །ཕྱི་ནས་སྡོམ་སྐྱེའི་སྐལ་བ་མེད། །ཅེས་པ་བཞིན་དུ་ཡིན་གསུང་བར་གདའ། རབ་ཏུ་བྱུང་བའི་ཕྱོགས་ལ་རྩ་ལྟུང་བྱུང་ནས་སོ་སོར་ཐར་པ་ལ་བརྟེན་པར་འདོད་ནས་དགེ་བསྙེན་དུ་བསྐྱར་བ་གདམས་ངག་ལས་འབྱུང༌། སོ་སོར་ཐར་པ་རྟེན་དུ་དགོས་པ་ཡང་འདིར་གསུངས་པ་བཞིན་དུ་ཡིན་ཏེ་སྐྱེ་བ་དང་གནས་པ་གཉིས་ཀའི་རྟེན་དུ་དགོས་པ་ཡིན་གསུངས། འོ་ན་ཤི་འཕོས་ཙ་ན་གཏོང་ཚོད་ནི་གང༌། རྟེན་དུ་གནས་ཚོད་ནི་གང་ཡིན་སྙམ་ན། བཅས་པའི་སྟོབས་ཀྱིས་བྱུང་བའི་སྐྲ་དང་ཁ་སྤུ་མ་བྲེགས་པ་དང་གོས་དཀར་པོ་གོན་ན་ཉེས་པ་དང་བཅས་པ་ལ་སོགས་པར་གསུངས་པ་རྣམས་ནི་ཤི་འཕོས་པ་ན་གཏོང་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་མཐོང་ན་འགྲོ་བ་གཞན་དུའང་སྐྱེ་བ་བཞེས་ལ། རབ་ཏུ་བྱུང་བའི་ཕྱོགས་ནི་གླིང་གསུམ་པོའི་སྐྱེས་པ་དང་བུད་མེད་ཀྱི་རྟེན་ཅན་ཡིན་པས་རབ་ཏུ་བྱུང་བའི་ཕྱོགས་དེ་དུས་རྟག་ཏུ་གནས་པ་མིན། རྟེན་དུ་གནས་ཚད་སྙིང་བརྩེ་བའི་སྟོབས་ཀྱིས་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལོག་པ་དེ་གང་དུ་སྐྱེས་ཀྱང་ཇེ་འཕེལ་དུ་གནས་པ་ཡིན། ད0ེར་ན། སློབ་དཔོན་དབྱིག་གཉེན་ཞག་བདུན་དུ་འབྲུ་མར་གྱི་སྣོད་དུ་སྦྱིང་བ་མཛད་ནས་ཞལ་ཐོན་རྒྱུན་མི་འཆད་དུ་མཛད་པའི་དམ་བཅའ་མཛད་པ་དེ་སློབ་དཔོན་འཇུག་པ་ཞལ་གྱིས་བཞེས་པ་ཡིན་པས་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཡིན་ཏེ། ཞག་བདུན་འདས་པ་ན། དེ་བཏང་བས་དགེ་བ་ཆོས་སྡུད་བཏང་བར་ཡང་མི་འགྲོ། དགེ་བ་ཆོས་སྡུད་གནས་པས་དམ་བཅའ་དེ་རྟག་ཏུ་གནས་པ་ཡང་མ་ཡིན་པ་བཞིན་དུ། དགེ་སློང་དང་དགེ་ཚུལ་ཀུན་ནི་སོ་སོར་ཐར་པའི་གནས་སྐབས་ཡིན། རང་བཞིན་སྔར་བསྟན་པ་དེ་ཡིན་པས་གནས་སྐབས་བཏང་ཡང་རང་བཞིན་བཏང་བར་མི་འགྲོ། གཞན་ཡང་ཕྱོགས་རེ་ལ་གནོད་པ་བྱས་ནས་ཕྱོགས་རེ་ལ་ཕན་འདོགས་པ་ནི་འགྲོ་བ་རིགས་ལྔའི་ནང་ནས་དམན་ཤོས་དུད་འགྲོ། དེའི་ནང་ནས་ཀྱང་མི་བསྲུན་པ་ཁྲ་དང་སྤྱང་ཀི་ལ་ཡང་ཡོད་དེ་དེས་མི་ཡོང་བས། བྱང་ཆུབ་སེམས་དཔའི་སྡོམ་པ་ནི་ལུས་སྲོག་དང་ཡང་བསྔོས་ནས་དངོས་དང་བརྒྱུད་པས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་སེམས་ཅན་ཐམས་ཅད་ལ་ཕན་མི་འདོགས་པ་ལས་ལོག་ནས་ཕན་འདོགས་པ་ལ་ཞུགས་པ་ཡིན་ལ་དེ་ལ་ཡང་སེམས་ཅན་ཐམས་ཅད་ལ་གནོད་པ་ལས་ལོག་པ་ཞིག་དགོས་པས་ཀྱང་རྟེན་དུ་གྲུབ་པ་ཡིན། དེས་ན་ད་ལྟ་བཀའ་གདམས་པའི་སྲོལ་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པ་ན་སོ་སོར་ཐར་པའི་ཕྱོགས་གཉིས་གང་ཡང་རུང་བ་གཏན་ལ་ཕེབས་པ་ཞིག་གིས་ལེན་པས་ལག་ལེན་དུ་གྲུབ་པ་ཞིག་ཡོང༌། ལྐ་ལྐོག་ན་གཟུ་ལུམས་བྱེད་པ་དག་འདི་ཀུན་གྱིས་གཏན་ལ་དབབ་པའི་གཞི་མིན་གསུངས་ཤིང༌། སྤྱིལ་བུ་བའི་ཞལ་ནས། བྱང་ཆུབ་སེམས་དཔའི་སྡོམ་པའི་ཕྱེད་གནོད་པ་གཞི་དང་བཅས་པ་ལས་ལོག་པ་ཡིན། ཕྱེད་དེ་ལས་ལོག་ནས་ཕན་འདོགས་པ་ལ་ཞུགས་པ་ཡིན་ཏེ། དེ་ཇེ་འཕེལ་དུ་ཆ་བ་ནི་བརྒྱ་བྱིན་དུ་སྐྱེས་པ་ན་ནམ་མཁའ་ལྡིང་གི་ཕྲུ་གུ་ལ་བཟུར་ཆེད་དུ་ལོག་པ་དང༌། གོང་མ་སྲེག་ཏུ་སྐྱེས་ཙ་ན་ཉོད་པ་སྲོག་ཆགས་བསད་པ་མི་འདོད་པ་བཞིན་གསུངས།

གཉིས་པ་དེ་ལས་མཆོག་གི་ཁྱད་པར་བཤད་པ་ནི། སོ་སོར་ཐར་པ་རིགས་བདུན་དུ། །དེ་བཞིན་གཤེགས་པས་བཤད་པ་ལས། །ཚངས་སྤྱོད་དཔལ་ནི་མཆོག་ཡིན་ཏེ། །དགེ་སློང་སྡོམ་པ་དག་ཏུ་བཞེད། །ཅེས་གསུངས་ཏེ། དེ་ཡང་གཞུང་གི་དངོས་བསྟན་དགེ་སློང་ཁོ་ན་མཆོག་ཡིན་པར་བསྟན་པ་འདྲ་ཡང༌། དགེ་བཤེས་སྟོན་པའི་ཞལ་ནས་གཞུང་དེའི་དགོངས་པ་ནི་རྗེ་བཙུན་གྱིས། མི་གནོད་རྟེན་བཅས་གཞན་ཡིན་ཏེ། །ཞེས་གསུངས་པས། གནོད་པ་མེད་པའི་རྟེན་ཅན་བྱ་བ་ཁྱིམ་པ་ལས་ཁྱད་པར་དུ་འཕགས་པ་རབ་ཏུ་བྱུང་བ་ཡིན་པས་རབ་ཏུ་བྱུང་བ་སྡཻ་ལྔ་པོ་ཡོ་དགེ་སློང་གིས་མཚོན་པ་ཡིན། གསུངས་པ་བཞིན་དུ་པུ་ཏོ་བ་དང་ཤ་ར་བ་ཆེན་པོས་ཀྱང༌། སྤྱིར་བྱང་སྡོམ་གྱི་རྟེན་ལ་སོ་སོར་ཐར་པ་ཇི་སྲིད་འཚོའི་བར་གྱི་སྡོམ་པ་རིགས་བདུན་པོ་གང་རུང་ཞིག་དགོས་པ་ཉིད་དུ་སྟོན་པ་དེ་བཞིན་གཤེགས་པས་བཤད་པ་ལས་ཚངས་པར་སྤྱོད་པ་ཕུན་སུམ་ཚོགས་པའི་དཔལ་དང་ལྡན་པ་ནི་བྱང་སྡོམ་གྱི་རྟེན་མཆོག་ཏུ་གྱུར་པ་ཡིན་ཏེ། དེ་ཉིད་གང་ཡིན་ན་ཁྱིམ་པའི་ཕྱོགས་ལས་ཁྱད་པར་དུ་འཕགས་པ་གནོད་པ་མེད་པའི་རྟེན་ཅན་ནི་རབ་ཏུ་བྱུང་བ་ཡིན་པས་དགེ་སློང་དངོས་སུ་སྨོས་པས་མཚོན་ཏེ་དགེ་སློང་མ་དང༌། དགེ་ཚུལ་ཕ་མ་བར་སློབ་མ་སྟེ་རབ་ཏུ་བྱུང་བ་སྟེ་ལྔ་པོའི་སྡོམ་པ་གང་རུང་ཞིག་དང་ལྡན་པ་དག་ཏུ་བཞེད། ཅེས་འབྲུ་འགྲེལ་བར་མཛད་དེ། དེ་ཡང་ཆོས་ལས་ཇི་ལྟར་འབྱུང་བའི་གནས་བཞི་དང་ཚུལ་བཞི་ལ་གནས་པས་ཕམ་པར་གྱུར་པའི་ཆོས་བཞི་སྤོང་ཞིང༌། བསླབ་པ་རྒྱས་པ་རྣམས་ཀྱང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལ་སོགས་པའི་ཚེ་ཤེས་པར་བྱས་ནས་བསྲུང་བ་གནས་པས་བཞི་ལ་གནས་སེམས་ཅན་ལ་མགུ་མ་རུངས་ཡོང་བའི་འཁེན་ཞིང་བཅགས་པའི་ཕྱིར་དང༌། ཟས་ལ་སོགས་པའི་གང་གི་དོན་དུ་ཡང་བྲེལ་དོགས་མེད་པས་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པའི་འགགས་མེད་པ་ཞིག་ལ་ཟེར་བ་ཡིན། ད་ལྟའི་དགེ་སློང་བལ་པོའི་ཧ་དུ་ལྟ་བུ་བྲེལ་དོགས་ནི་ཁྱིམ་པའི་བྱ་བ་དང་བནྡེའི་བྱ་བ་གཉིས་གཉིས་བྱེད། ཡོངས་སུ་འཛིན་པ་ནི་ལ་ལའི་ཁྱིམ་ན་མཚོན་ཆ་ཉིད་ཀྱང་འཛིན། དྲག་ཤོས་ཀུན་ཡང་མདའ་གཞུ་མིན་པ་ཁྱིམ་པའི་ཚང་པ་རེའི་སྟེང་དུ་རབ་ཏུ་བྱུང་བ་ལ་དགོས་པ་རེ་དང་གཉིས་གཉིས་འཛིན། ཞེ་སྡང་ནི་མི་སྡེ་དང་ལྷ་སྡེ་ལ་བརྟེན་པའི་ཀུན་ནས་མནར་སེམས་ཀྱི་དངོས་པོ་བཅོ་བརྒྱད་ཙམ་དུ་འཕེལ་བ་དེ་ལ་མི་ཟེར་ཞེས་ཤ་ར་བས་གསུངས། དེ་ལྟར་རྟེན་གཏན་ལ་ཕབ་ནས། གཉིས་པ་དེས་ཇི་ལྟར་བླང་བའི་ཆོ་ག་ལ། ཡུལ་དངོས་སུ་ཡོད་པས་བླ་མ་ལས་བླང་བ་དང༌། མེད་པ་ཕྱོགས་བཅུའི་སངས་རྒྱས་ལས་མོས་པས་བླང་བའི་ཚུལ་གཉིས་ཀྱི། དང་པོ་ལ། ཆོ་ག་དེ་གཞུང་གང་གི་ལུགས་སུ་བྱ་བ་དང༌། ཡུལ་བླ་མའི་མཚན་ཉིད་བསྟན་པ་གཉིས་ལས། དང་པོ་ནི། བྱང་ཆུབ་སེམས་དཔའི་ས་དག་གི །ཚུལ་ཁྲིམས་ལེའུར་གསུངས་ཆོག་ལས། །ཡང་དག་མཚན་ཉིད་ལྡན་པ་ཡི། །བླ་མ་བཟང་ལས་སྡོམ་པ་བླངས། །ཞེས་གསུངས་ཏེ། དེ་ཡང་སྤྱིར་བྱང་སྡོམ་ལེན་པའི་ཆོ་ག་ལ་ཡུལ་ཡོད་པ་དང་མེད་པ་གཉིས་ལས། ཡོད་པ་ནི་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས། བྱང་ཆུབ་སེམས་དཔའི་ས་ཞེས་བྱ་བའི་བསྟན་བཅོས་དག་གི་ཚུལ་ཁྲིམས་ཀྱི་ལེའུར་ཇི་སྐད་གསུངས་པའི་ཆོ་ག་ཡིས་བྱ་སྟེ། ཡུལ་གང་ལས་བླང་ན་འཆད་པར་འགྱུར་བ་བཞིན་གྱི་ཡང་དག་པའི་མཚན་ཉིད་བཞི་དང་ལྡན་པ་ཡི་བླ་མ་བཟང་པོ་ཞིག་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སྐྱི་སྡོམ་པ་བླང༌། ཞེས་པ་སྟེ། དེའི་ཆོ་ག་ཇོ་བོ་ཉིད་ཀྱིས་ཡི་གེར་མཛད་པའང་ཡོད་པ་ནི་ཚིག་སྒྲོས་སྡོམ་པ་ཉི་ཤུ་པ་རྙིང་མ་དང་མཐུན་ཞེས་ཤ་ར་བས་གསུངས། གཉིས་པ་ཡུལ་བླ་མའི་མཚན་ཉིད་བསྟན་པ་ནི། སྡོམ་པའི་ཆོ་ག་ལ་མཁས་དང༌། །བདག་ཉིད་གང་ཞིག་སྡོམ་ལ་གནས། །སྡོམ་པ་འབོགས་བཟོད་སྙིང་རྗེར་ལྡན། །བླ་མ་བཟང་པོར་ཤེས་པར་བྱ། །ཞེས་གསུངས་ཏེ། དེ་ཡང་སྡོམ་པ་འབོགས་པའི་དུས་ན་སློབ་མའི་བློ་སྣ་སྦྱོང་བར་ནུས་ཤིང་སྦྱོར་དངོས་རྗེས་གསུམ་གྱི་ཚིག་དང་དོན་ཐམས་ཅད་བློ་ནས་ཐོན་པས་དེའི་ཆོ་ག་ལ་མཁས་པ་དང༌། བདག་ཉིད་བྱང་ཆུབ་སེམས་དཔའི་སྡོམ་པ་གང་ཞིག་ཐོབ་ལ་མ་ཉམས་པས་སྡོམ་པ་དེ་ལ་གནས་པ་དང༌། ཧ་ཅང་རྒས་པ་དང་ནད་བུ་ཅན་ལྟ་བུ་མ་ཡིན་པས་སྡོམ་པ་འབོགས་པ་ལ་ལུས་སྦྱོར་བཟོད་པ་དང༌། ཟང་ཟིང་ལ་མི་ལྟ་བར་སྙིང་རྗེ་ཆེན་པོའི་བསམ་པས་སྡོམ་པ་སྦྱིན་པར་འདོད་པ་དང་ལྡན་པ་སྟེ། མཚན་ཉིད་བཞི་པོ་དེ་རྣམས་དང་ལྡན་ན་འཇུག་པ་བླང་བའི་ཡུལ་གྱི་བླ་མ་བཟང་པོར་ཤེས་པར་བྱ། ཞེས་པ་སྟེ། ཤ་ར་བའི་ཞལ་ནས། བླ་མ་ནི་མཚན་ཉིད་བཞི་དང་ལྡན་པ་སྟེ། དང་པོ་གསོལ་བ་འདེབས། དེ་ནས་དེ་བཏུབ་པ་ཡིན་མཆོད་རྫས་སོགས་པའི་གནང་བ་སྟེར། དེ་ནས་དེ་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཕན་ཡོན་ཡང་རྒྱ་ཆེར་སྟོན། བསླབ་པའི་གཞི་ལྕི་ཡང་རྣམས་ཀྱང་བརྗོད། དེ་ནས་ཕྱོགས་བཅུ་ན་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་རྣམས་ལ་ཕྱག་འཚལ་བ་དང་མཆོད་པ་བྱེད་དུ་གཞུག་ཅིང༌། དེ་དག་གི་ཡོན་ཏན་སྒོམ་དུ་བཅུག་ནས། དེ་བཞིན་གཤེགས་པའི་སྐུ་གཟུགས་མངོན་དུ་བཞག་སྟེ་ལེགས་པར་མཆོད་པ་བྱས་ནས་ཡང་གསོལ་བ་འདེབས་སུ་གཞུག སྤྲོ་བ་སྒོམ་དུ་གཞུག བར་ཆད་དྲི། དེ་ནས་བསླབ་པ་བརྗོད་པ་བྱས་ནས་ཕྱོགས་བཅུའི་སངས་རྒྱས་ལ་མཁྱེན་པར་གསོལ་བ་དང༌། མ་དད་པ་ལ་གྱ་ཚོམ་དུ་མི་བསྒྲག་པའི་བར་ཐམས་ཅད་ཀྱི་དུས་ན་སློབ་མ་བློ་སྣ་སྦྱོང་བར་ནུས་པ། ཆོ་ག་ཐམས་ཅད་ལ་ཤེན་གྱེར་མི་དགོས་པའི་མཁས་པ་དང༌། བདག་ཉིད་བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་ལ་མ་ཉམས་པས་ན་སྡོམ་པ་ལ་གནས་པ་སྟེ། ཚུལ་ཁྲིམས་ལེའུ་ལས། མཁས་པ་ཡིན་དུ་ཟིན་ཀྱང་ཐེག་པ་ཆེན་པོའི་རྒྱུ་འབྲས་ལ་དད་པ་མེད་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ལ་གནས་པ་དང༌། ཤེས་རབ་འཆལ་བའི་རྒྱུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་དེའི་མ་མོ་ལ་སྐུར་བ་འདེབས་པ་དག་ལས་མི་བླང་བར་གསུངས་པའི་དོན་ཡིན། རང་ཅག་གི་ད་ལྟ་སྡོམ་པ་འབོགས་པ་ཀུན་ནི་དེ་དག་ཁོ་ནར་ཡང་ཡོང་བར་སྣང༌། དགེ་བཤེས་དགོན་པ་བས་གང་ཞུ་ཞུ་ལ་གནང་བ་འདྲ་བྀ་ག་ཡོད་པར་གདའ།ཡུལ་མོ་སྙིང་གི་བྲན་ཁ་ཇོ་བཙུན་བྱ་བ་ཞིག་སྒྲུབ་ཐབས་མང་པོ་ཡང་བཤད། རབ་གནས་དང་སྨོན་འཇུག་གི་སྡོམ་པ་འབོགས་པ་དང་སློབ་དཔོན་གྱི་བྱ་བ་ཐམས་ཅད་པ་ཞིག་བྱུང་བར་གདའ། དེ་ཀུན་འདས་ནས་བཀའ་གདམས་པའི་སྲོལ་ནས་ཡུན་རིང་པོ་ཞིག་ཏུ་འཇུག་པ་འབོགས་པ་མེད། ཕྱིས་སྤྱན་སྔས་གནང་སྟེ་ཐམས་ཅད་ཁོ་ན་ལ་ཡང་མི་གནང༌།འདའ་ཁར་པུ་ཏོ་བས་ལྐོག་ཏུ་ཁ་ཡར་ལ་གནང་བའི་དུས་ན། ས་ལས་མཁས་པ་ཡིན་དུ་ཟིན་ཀྱང་འདི་དང་འདི་དག་ལས་མི་བླང་ཞེས་གསུངས་པའི་ཉེས་པ་དེ་ཀུན་མེད་དུ་རེ་བ་ཡིན་གྱིས་གསུངས། རྒས་པ་དང་ན་བ་ལ་སོགས་པས་རྟེན་ཉམས་པ་མ་ཡིན་ཏེ་ཕྱོགས་བཅུའི་སངས་རྒྱས་ལ་མཁྱེན་པར་གསོལ་བའི་དུས་སུ་ཕྱག་དང་ལྕུག་ལྕུག་འཚལ་ནུས་པས་ན་སྡོམ་པ་འབོག་བཟོད་ཅེས་བྱ། ཟང་ཟིང་ཅུང་ཟད་ཙམ་ལ་ཡང་མི་ལྟ་བས་སྙིང་རྗེ་ཅན་ཞེས་བྱ་སྟེ། སྙིང་རྗེ་ཡང་སློབ་མ་དེ་གཅིག་པུ་ཙམ་ལ་མ་ཡིན་གྱི་སེམས་ཅན་ཐམས་ཅད་ལ་ཁྱབ་པས་འདིས་སྡོམ་པ་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་མགོན་སྐྱབས་སུ་འགྱུར་སྙམ་པ་ཞིག་དགོས་པ་ཡིན། སློབ་དཔོན་གྱི་ལུགས་ཀྱིས་ཡན་ལག་བདུན་པ་རྒྱས་པར་སྔོན་དུ་བྱེད། འཕགས་པའི་ལུགས་ཀྱིས་སྨོན་འཇུག་གཉིས་ཀ་ཕྱག་དང་མཆོད་པ་ཙམ་སྔོན་དུ་བཏང་ནས་བྱེད་པ་ཡིན། དེ་དག་ནི་ཡུལ་ཡོད་པའི་ཆོ་ག་སྟེ། ཡུལ་ཡོད་པ་བྱ་བ་ངས་སྡོམ་པ་དབོག་གིས་ཟེར་བ་ཡོད་པ་ལ་ཡང་མི་ཟེར། ཟོང་བཅོལ་ངས་བཀྱེར་ལ་མི་བསྐུར། ཆོས་ངས་བཤད་ལ་མི་ཉན་ཟེར་བ་དང་འདྲ། ཕར་ལ་འཁྱོགས་ཐབས་མེད་པར་བྱས་ནས་འབོགས་སུ་བཅུག་པ་ལ་ཡང་མི་ཟེར། མཚན་ཉིད་དང་ལྡན་པ་ཞིག་དགོས་པ་ཡིན་གསུངས། གཉིས་པ་ཡུལ་དངོས་སུ་མེད་པ་ཕྱོགས་བཅུའི་སངས་རྒྱས་ལས་མོས་པས་བླང་བའི་ཆོ་ག་ལ། དེ་ཉིད་བཤད་པའི་དགོས་པ། གང་ལས་བཤད་པའི་ཁུངས། ཇི་ལྟར་བཤད་པའི་ཆོ་ག་དངོས་དང་གསུམ་གྱི། དང་པོ་ནི། དེ་ལ་འབད་པ་འདི་འདྲ་བའི། །གལ་ཏེ་བླ་མ་མ་རྙེད་ན། །དེ་ལས་གཞན་སྡོམ་ནོད་པ་ཡི། །ཆོ་ག་ཡང་དག་བཤད་པར་བྱ། །ཞེས་གསུངས་ཏེ། རྟེན་གྱི་གང་ཟག་འཇུག་པ་ལེན་པའི་བློ་ཚད་དུ་ཕྱིན་པ་ཞིག་གིས་ཡུལ་བླ་མ་དངོས་སུ་ཡོད་པ་ལས་བླངས་པ་དེ་ལ་སྔོན་སྒྲོ་བྱང་ཚུལ་གྱིས་རྒྱ་གར་ན་གཅིག་ཡོད་ན་དང་ང་དེར་འགྲོ་སྟེ་གསུངས་པ་བཞིན་དུ་འཇུག་པ་བླང་ཡུལ་གྱི་བླ་མ་ཞིག་རྒྱ་གར་ནག་གམ་འཛམ་བུ་གླིང་རང་གིས་བགྲོད་ནུས་ཚོད་ག་ན་འདུག་ཀྱང་དེར་དཀའ་ཚེགས་ལ་མི་བཙིག་པར་འགྲོ་བའྀ་འབད་པས་ཕྱིན་ནའང༌། གོང་དུ་བསྟན་པའི་མཚན་ཉིད་བཞི་དང་ལྡན་པ་འདི་འདྲ་བས་གལ་ཏེ་བླ་མ་ཞིག་གཏན་མེད་པའམ་ཡོད་ཀྱང་དེར་འགྲོ་བ་ལ་རང་གི་སྲོག་གམ་ཚངས་སྤྱོད་ཀྱི་བར་ཆད་དུ་འགྲོ་བའི་ཉེས་དམིགས་ཡོད་ནས་མ་རྙེད་ན་ཡུལ་བླ་མ་དངོས་སུ་ཡོད་པ་ལས་བླང་བའི་ཆོ་ག་དེ་ལས་གཞན་ཡུལ་བླ་མ་དངོས་སུ་མེད་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་སྤྱན་སྔར་རང་གི་མོས་པས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ནོད་པ་ཡི་ཆོ་ག་སྒྲོ་སྐུར་དང་བྲལ་བ་ཡང་དག་པའང་བཤད་པར་བྱ། ཞེས་པ་སྟེ། དེ་ལ་ཤ་ར་བའི་ཞལ་ནས། ཡུལ་ཡོད་མེད་ཀྱི་ཚོད་འཛམ་བུའི་གླིང་ན་རང་གིས་བགྲོད་པར་ནུས་པའི་ས་གང་ན་ཡང་མེད་ན། ཡུལ་མེད་པའི་ཆོ་ག་འདིས་བླང་དུ་རུང༌། རྒྱ་གར་ན་ཡོད་པར་ཤེས་བཞིན་དུ་བོད་དུ་སླ་ཆོས་ཀྱིས་ཆོ་ག་འདིས་ལེན་ན་མི་སྐྱེ། ད་ལྟ་སྡོམ་པ་སྐྱེ་བ་ཡོད་ན་ཕྱོགས་བཅུའི་སངས་རྒྱས་ཀྱི་སྤྱན་སྔར་ལེན་པའི་ཆོ་ག་འདི་ཁོ་ན་འཆགས་པའི་དུས་ཡིན། ད་ལྟ་རྒྱ་གར་ན་ཡང་ཡོངས་གྲགས་སུ་ཡོད་པ་མི་འདྲ་གསུངས་ཤིང་ཕྱིས་ཀུན། ད་ལྟ་རྒྱ་གར་ན་ཡོད་མིན་ཀྱང་མི་ཤེས་བོད་ན་ཡོད་མིན་ཀྱང་མ་ཤེས་ཀྱང་གསུངས་སྐད། གཉྀས་པ་ཆོ་ག་དེ་གང་ལས་བཤད་པའི་ཁུངས་ནི། དེ་ལ་སྔོན་ཚེ་འཇམ་པའི་དཔལ། །ཨམྤ་རཱའ་ཛར་གྱུར་པ་ཡིས། །ཇི་ལྟར་བྱང་ཆུབ་ཐུགས་བསྐྱེད་པ། །འཇམ་དཔལ་གྱི་ནི་སངས་རྒྱས་ཞིང༌། །རྒྱན་གྱི་མདོ་ལས་བཤད་པ་ལྟར། །དེ་བཞིན་འདིར་ནི་རབ་གསལ་བྲི། །ཞེས་གསུངས་ཏེ། རྟེན་གྱི་གང་ཟག་འཇུག་པ་ལེན་པའི་བློ་ཚོད་དུ་ཕྱིན་ཀྱང་ལེན་ཡུལ་གྱི་བླ་མ་མ་རྙེད་པ་དེ་ལ་སྔོན་གྱི་ཚེ་ན་རྗེ་བཙུན་འཇམ་པའི་དཔལ་ཨམྤ་རཱའ་ཛར་ཏེ་བོད་སྐད་དུ་རྒྱལ་པོ་ནམ་མཁའ་ཞེས་བྱ་བར་གྱུར་པ་ཡིས་ཇི་ལྟར་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་འཕགས་པ་འཇམ་དཔལ་དེ་ཉིད་ཀྱི་ནི་སངས་རྒྱས་ཀྱིས་ཞིང་གི་རྒྱན་གྱི་མདོ་ཞེས་བྱ་བ་ལས་ཇི་སྐད་བཤད་པ་ལྟར་གྱི་སེམས་བསྐྱེད་ཚུལ་དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་སྤྱན་སྔར་རང་གི་མོས་པས་འཇུག་པ་བླང་བའི་ཆོ་ག་ཞིག་བསྟན་བཅོས་འདིར་ནི་རབ་ཏུ་གསལ་བར་བྲི། ཞེས་པ་སྟེ། དེ་ཡང་ཤ་ར་བ་ཆེན་པོའི་ཞལ་ནས། སྔོན་འཕགས་པ་འཇམ་དཔལ་ཡུལ་ཨམྤའི་རྒྱལ་པོ་ནམ་མཁར་སྐྱེ་བ་ཞེས་པའམ། ཡང་ཨམྤ་ཞེས་པ་དེ་ནམ་མཁའི་རྒྱ་གར་སྐད་ཡིན་པ་ཡང་སྲིད། དེ་ལོ་འབུམ་གྱི་བར་དུ་དེ་བཞིན་གཤེགས་པ་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོ་འཁོར་དང་བཅས་པ་ལ་བསོད་སྙོམས་དྲངས། ཡོན་ཡང་ཕུལ་ནས། དབེན་པ་ན་བཞུགས་ཏེ་དགེ་བའི་རྩ་བ་རྒྱ་ཆེན་པོ་ནི་བྱས་ནས་དེ་ལྷ་ལ་སོགས་པར་བསྔོའམ་གར་བསྔོ་སྙམ་དུ་ཐུགས་ལ་དགོངས་པའི་དུས་ན་ནམ་མཁའ་ལས་ལྷས་རྒྱལ་པོ་ཆེན་པོ་དམན་པར་མ་བསྔོ་བར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིག་ཅེས་བསྐུལ་ནས། དེ་བཞིན་གཤེགས་པ་དེའི་སྤྱན་སྔར་ཉིད་ཀྱིས་ཐུགས་དམ་བཅས་པ་འདི་བཞིན་དུ་མཛད་པ་ཡིན་གསུངས། གསུམ་པ་མདོ་དེ་ལས་ཇི་ལྟར་བཤད་པའི་ཆོ་ག་དངོས་ནི། མགོན་པོ་རྣམས་ཀྱི་སྤྱན་སྔ་རུ། །

རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང༌། །འགྲོ་བ་ཐམས་ཅད་མགྲོན་དུ་གཉེར། །དེ་དག་འཁོར་བ་ལས་བསྒྲལ་ལོ། །གནོད་སེམས་ཁྲོ་བའི་སེམས་ཉིད་དང༌། །སེར་སྣ་དང་ནི་ཕྲག་དོག་ཉིད། །དེང་ནས་བཟུང་སྟེ་བྱང་ཆུབ་དག །ཐོབ་ཀྱི་བར་དུ་མི་བྱའོ། །ཚངས་པར་སྤྱོད་པ་སྤྱད་བྱ་ཞིང༌། །སྡིག་དང་འདོད་པ་སྤང་བར་བྱ། །ཚུལ་ཁྲིམས་སྡོམ་པ་ལ་དགའ་བས། །སངས་རྒྱས་རྗེས་སུ་བསླབ་པར་བྱ། །བདག་ཉིད་མྱུར་བའི་ཚུལ་གྱིས་སུ། །བྱང་ཆུབ་ཐོབ་པར་མི་སྤྲོ་ཞིང༌། །སེམས་ཅན་གཅིག་གི་རྒྱུ་ཡིས་ནི། །ཕྱི་མའི་མུ་མཐར་གནས་པར་བགྱི། །ཚད་མེད་བསམ་གྱིས་མི་ཁྱབ་པའི། །ཞིང་དག་རྣམ་པར་སྦྱང་བར་བྱ། །མིང་ནས་བཟུང་བ་བྱས་པ་དང༌། །ཕྱོགས་བཅུ་དག་ཏུ་རྣམ་པར་གནས། །བདག་གི་ལུས་དང་ངག་གི་ལས། །ཐམས་ཅད་དུ་ནི་དག་པར་བྱ། །ཡིད་ཀྱི་ལས་ཀྱང་དག་བྱ་སྟེ། །མི་དགེའི་ལས་རྣམས་མི་བྱའོ། །ཞེས་ཞལ་གྱིས་བཞེས་པ་མཁས་བླང་བར་གསུངས་ཏེ། དེ་ཡང་ཤ་ར་བའི་ཞལ་ནས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའམ་ནམ་མཁའ་མཛོད་ལ་སོགས་པས་བར་གྱི་བསྐལ་པ་དྲུག་ཅུའི་བར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་སློང་གི་དགེ་འདུན་འཁོར་དང་བཅས་པ་ལ་ཉིན་ལན་གསུམ་མཚན་ལན་གསུམ་དུ་རིན་པོ་ཆེའི་ཕུང་པོ་རི་རབ་ཙམ་པ་ཕུལ་ནས་ཐུགས་བསྐྱེད་པ་ཕུང་པོ་གསུམ་པའི་མདོ་ལ་སོགས་པ་ནས་འབྱུང་བ་ཡང་དེ་བཞིན་དུ་ཡིན་པས་ཡུལ་མེད་པ་ལས་ལེན་ན་ཡང་རང་ལ་ནུས་པ་ཡོད་ཚོད་མི་བསྲི་བར་མཆོད་པ་དང་ཚོགས་སོག་རྒྱ་ཆེན་པོ་བྱེད་དགོས་པ་ཡིན་གསུངས་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་གཟུགས་མངོན་དུ་བཞུགས་ལ་སྦྱོར་བའི་ཆོ་ག་ཕྱག་དང་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བར་བྱས་ནས། དངོས་གཞི་ལ་འཇིག་རྟེན་གྱི་མགོན་པོ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་སྤྱན་སྔ་རུ། འབྲས་བུའི་མཐར་ཐུག་ཡིན་པས་སམ་བྱང་ཆུབ་གང་ཞིག་ཐུགས་སུ་ཆུད་ནས་རང་དང་གཞན་གྱི་དོན་ཐམས་ཅད་རྫོགས་པའི་བྱང་ཆུབ་དེ་བདག་གིས་ཐོབ་པར་བྱའོ་ཞེས་སེམས་བསྐྱེད་ཅིང༌། དེ་ཡང་ཆེད་དུ་བྱ་བ་གང་གི་ཆེད་དུ་བསྐྱེད་ན་འགྲོ་བ་ཐམས་ཅད་མགྲོན་དུ་གཉེར་བའི་ཆེད་དུ་བསྐྱེད་ལ། དེའི་བྱ་བའམ་མགྲོན་གང་ལ་གཉེར་ན་འགྲོ་བ་དེ་དག་འཁོར་བ་ལས་བསྒྲལ་ལོ་ཞེས་པས་འགྲོ་བ་དེ་ཐམས་ཅད་འཁོར་བ་ལས་གཏན་བསྒྲལ་བ་རྫོགས་པའི་བྱང་ཆུབ་ཉིད་ལ་དགོད་པ་སྟེ། དེ་ནི་སྨོན་པའི་དམ་བཅའོ། །ཞེས་ཤ་ར་བས་གསུངས། དེ་ནས་འཇུག་པའི་དམ་བཅའ་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ནི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེས་མ་བཟོད་པའི་བློས་ལེན་པ་ཡིན་པ་ལ། འདི་གཉིས་ནི་ཞེ་སྡང་འཁོར་དང་བཅས་པ་སེམས་ཅན་བློས་སྤོང་བའི་རྒྱུ་ཡིན་པས་དེ་དག་དང་དུ་བླངས་ན་སྨོན་པ་གཏོང་ཉེན་ཡང་ཡོད་ལ་རྩ་ལྟུང་ཡོང་ཉེན་ཡང་ཡོད། སྨོན་པ་བཏང་ན་རྟེན་བཏང་བས་འཇུག་པ་ཡང་གཏོང་སྟེ། སྐྱབས་སུ་འགྲོ་བ་བཏང་ན་སོ་སོར་ཐར་པ་གཏོང་བ་བཞིན་ཡིན་པས་ན། བདག་དང་བདག་གི་བཤེས་ལ་སྔོན་ཡང་གནོད་པ་བྱས། ད་ལྟའང་བྱེད། ཕྱིས་ཀྱང་བྱེད་པར་འགྱུར་བ་གསུམ་གསུམ་སྟེ་དྲུག བདག་དང་མི་མཛའ་བ་ལ་སྔོན་ཡང་ཕན་བཏགས། ད་ལྟའང་འདོགས། ཕྱིས་ཀྱང་འདོགས་པ་གསུམ་སྟེ་རྒྱུ་དགུ་ལས་བྱུང་བ་ཀུན་ནས་མནར་སེམས་ཀྱི་དངོས་པོ་གནོད་སེམས་དང༌། འཕྲལ་དུ་གནོད་པ་བྱེད་པ་ལ་སེམས་ཁོང་ནས་འཁྲུག་པ་ཁྲོ་བའི་སེམས་ཉིད་དང༌། བྱང་ཆུབ་སེམས་དཔའི་ལུས་དང་ལོངས་སྤྱོད་དང་དགེ་བའི་རྩ་བ་ཐམས་ཅད་ནི་སེམས་ཅན་ལ་བསྔོ་བ་ཡིན་ཅིང་བསྐལ་པ་གྲངས་མེད་པ་གསུམ་དུ་བསྒྲུབ་པའི་འབྲས་བུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་སེམས་ཅན་གྱི་དོན་དུ་བསྔོ་བ་ཡིན་པ་ལ། རང་གི་བདོག་པ་ངན་ངོན་ལ་ཆགས་ནས་གཞན་ལ་གཏོང་མི་ནུས་པའི་སེར་སྣ་དང་དུ་བླངས་ན་ཡང་རྩ་ལྟུང་ཡོང་ཉེན་ཡོད་པས་དེ་ལྟ་བུའི་སེར་སྣ་དང་ནི། སེམས་ཅན་ཐམས་ཅད་བདེ་འདོད་པས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །སེམས་ཅན་རང་གིས་བདེ་རྙེད་ན། །ད་ཀོ་ཅི་སྟེ་ཁྲོ་བར་བྱེད། །དེ་ཅྀ་འགྲོ་ལ་མི་འདོད་ན། །དེ་ལ་བྱང་ཆུབ་འདོད་གང་ཡིན། །ཞེས་པའི་ཚུལ་གྱིས། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་དགོད་པར་སེམས་བསྐྱེད་པ་ཡིན་པ་ལ། དེ་དང་ད་ལྟ་གཞན་གྱི་ཕུན་སུམ་ཚོགས་པ་ཕྲ་མོ་ལ་སེམས་ཁོང་ནས་འཁྲུག་པའི་ཕྲག་དོག་ཉིད་འགལ་བ་ཡིན་པས། དེ་ཐམས་ཅད་འཇུག་པ་ཁས་བླངས་པའི་དུས་དེང་ནས་བཟུང་སྟེ་འབྲས་བུ་རྫོགས་པའི་བྱང་ཆུབ་དག་ཐོབ་པར་འགྱུར་གྱི་བར་དུ་མི་བྱའོ། །ཞེས་པ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས། བྱང་ཆུབ་སེམས་དཔའ་ལ་གཡོ་དང༌། སེར་སྣ་དང༌། ཕྲག་དོག་དང་ཕྲ་མ་དང༌། བདག་གིས་ཐམས་ཅད་མཁྱེན་པ་སྒྲུབ་པར་མི་ནུས་སྙམ་དུ་ཞུམ་པའི་སེམས་བཞི་མེད། དེ་བཞི་ཡོད་བཞིན་དུ་བྱང་ཆུབ་སེམས་དཔར་ཁས་འཆེ་ན། དེ་ལྟར་ཚུལ་འཆོས་པར་གསུངས་པ་དང་དོན་གཅིག་པས། བཞི་པོ་འདི་གཙོ་བོ་མཚོན་པ་ཡིན། རིན་པོ་ཆེའི་ཕྲེང་བ་ནས་གསུངས་པའི་ལྔ་བཅུ་རྩ་བདུན་པོ་ཐམས་ཅད་དང་དུ་བླང་མི་རུང༌། ལས་དང་པོ་པ་ལ་འདི་ཀུན་རྒྱུད་ལ་ཡེ་མི་སྐྱེ་བར་སྒྲུབ་པར་མི་ནུས་པས། ཚུལ་ཁྲིམས་ལེའུ་ནས་ཉོན་མོངས་པ་ཤས་ཆེ་བས་ཟིལ་གྱིས་ནོན་ནས་ཡང་དང་ཡང་དུ་འབྱུང་བ་ལ་ཉེས་པ་མེད་པར་གསུངས་པ་བཞིན་དུ་ཡིན། འོན་ཀྱང་སྐྱེས་མ་ཐག་ཏུ་དང་དུ་མི་ལེན་པར་སྦྲུལ་ནག་པོ་དུག་མྱུར་དུ་ཁྱབ་པར་བྱེད་པ་པང་དུ་འོངས་པ་བསྐྲད་པའམ་མཛོ་མོ་ལོ་ཟན་མ་སྐྲོད་པ་བཞིན་དུ་སྤོང་བ་ཞིག་ནི་དགོས། བྲན་ཁ་ཇོ་བཙུན་གྱིས་དགེ་བཤེས་སྟོན་པ་ལ་དེ་བཞིན་དུ་སྤོང་མི་ནུས་པའི་དུས་ན་ཇི་ལྟར་མཆི་ཞུས་པ་ལས། དེ་བཞིན་དུ་སྤོང་མི་ནུས་པའི་དུས་ན་འཇུག་པ་ཁས་བླང་དུ་མི་བཏུབ་གསུངས། ཞེས་ཤ་ར་བ་ཆེན་པོས་གསུངས་ཤིང༌། ཚངས་སྤྱོད་ཀྱི་དོན། དམ་པའི་ཆོས་མངོན་པ་ནས་ཚངས་པ་ཞེས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ་དེ་ཐོབ་པའི་ཆེད་དུ་སློབ་པས་ན་ཚངས་སྤྱོད་དུ་བཤད་པའང་ཡོད་དེ། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས། བྱང་ཆུབ་སེམས་དཔའ་ལ་བུ་དང་ཆུང་མ་དགོས་སམ་ཞེས་པ་ལ་ཁ་ཅིག་ལ་ནི་བུ་དང་ཆུང་མ་དགོས་པའང་ཡོད། ཁ་ཅིག་ལ་ནི་མི་དགོས་པར་གཞོན་ནུའི་ཚུལ་གྱིས་གནས་པའང་ཡོད། ཅེས་གསུངས་པ་བཞིན་དུ་ཤ་ར་བའི་ཞལ་ནས། བྱང་ཆུབ་སེམས་དཔའ་གཞོན་ནུའི་ཚུལ་གྱིས་འཚང་རྒྱ་བ་དང་དེ་མ་ཡིན་པ་གཉིས་ལས་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུའི་ཚུལ་གྱིས་འཚང་རྒྱ་བ་ཞལ་གྱིས་བཞེས་པ་ཡིན་པས། ཚངས་པར་སྤྱོད་པ་སྤྱད་བྱ་ཞིང༌། །ཞེས་པ་སྟེ། སངས་རྒྱས་མ་ཐོབ་ཀྱི་བར་དུ་གྲོང་པའི་ཆོས་ཀྱིས་མ་གོས་པ་ཉིད་དུ་མཛད་པར་ཞལ་གྱིས་བཞེས་པ་ཡིན། གཞོན་ནུའི་ཚུལ་མ་ཡིན་པས་འཚང་རྒྱ་བ་ནི་སེམས་ཅན་གྱི་དོན་དུ་ནུས་པ་གང་ཆེ་ཆེའི་རྟེན་འཛིན་པ་ལས། ཡེར་པ་པའི་སྨོན་ལམ་བཞིན་དུ་རང་ཅག་སྔ་མ་ལྟར་དམ་འཆའ་དགོས་པ་ཡིན། རྭ་སྒྲེང་དུ་གཅིག་གིས་གྲོགས་པོ་མཐོ་དམན་ཅན་ཞིག་ལ་གདུགས་ཚིག་ཏུ་དགེ་བཤེས་སྟོན་པ་ལ་ཡ་གི་བལ་པོ་རྡོ་འབུགས་པ་ནས་མ་གི་རྒྱ་མོ་དར་འཐག་པའི་བར་དུ་ཚོང་པ་ཡང་འགྲིམ་ལ་མཚམས་ཁོངས་ལས་ཀྱང་མི་འདའ་བ་ཞིག་བགྱིར་འཚལ་ལམ། བུད་མེད་པ་བརྒྱ་ཙམ་གྱི་བདག་པོ་ཡང་བགྱིད་ལ་དགེ་སློང་བཙུན་པོ་ཞིག་ཀྱང་བགྱིར་འཚལ་ལམ་ཞུས་པ་ལ། མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེ་བར་གྱིས་དང་བཏུབ་སྟེ་ཡོང་གིས་གསུངས། དེ་ཡན་ཆད་དུ་མི་ལྟོ་བའི་བཀའ་ལུང་དུ་གསུངས་པར་གདའ་སྟེ། མདོ་སྡེ་ས་བཅུ་པ་ལས་ས་ཐོབ་པ་དག་ལ་ཡང་རབ་ཏུ་བྱུང་བའི་ཕྱོགས་ཡིན་ན་ཡོན་ཏན་ལྷག་པར་ཡོད་པར་གསུངས། ལས་དང་པོ་ལ་ཁྱིམ་པའི་ཕྱོགས་གནོད་པ་དང་བཅས་པའི་རྟེན་ཡིན་པས་བསླབ་པའི་བར་ཆད་མང་བའི་ཕྱིར། གནོད་པ་མེད་པ་རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་དགོས་པས་ཚངས་སྤྱོད་དཔལ་ནི་མཆོག་ཡིན་ཏེ། །ཞེས་གསུངས་པས། སངས་རྒྱས་མ་ཐོབ་ཀྱི་བར་དུ་གྲོངས་པའི་ཆོས་ཀྱི་འདོད་པས་གཏན་མ་གོས་པའི་ཚངས་པར་སྤྱོད་པ་སྤྱད་པར་བྱ་ཞིང༌། སྡིག་པ་མི་དགེ་བའི་ཆོས་བཅུ་དང་ཕྱི་ནང་གི་འདོད་པ་ཐམས་ཅད་སྤང་བར་བྱ། ཞེས་པའམ་ཡང་ན་ནང་གི་འདོད་པ་སྔ་མ་ཚངས་སྤྱོད་ཁས་ལེན་དུ་འདུ་བས་འདིས་ཕྱིའི་འདོད་པ་སྤང་བར་བསྟན་པའམ། ཡང་ན་སྡིག་པ་འདོད་པ་ཞེས་འདོད་པ་ཉིད་ལ་སྨད་པའི་མཚན་ཉིད་དོ་ཞེས་ཤ་ར་བས་གསུངས་ཤིང༌། དགེ་བཤེས་དེ་ཉིད་ཀྱི་ཞལ་ནས། པུ་ཏོ་བས་སྔར་ལན་ཅིག སྡིག་དང་འདོད་པ་སྤང་བར་བྱ། །ཡན་ཆད་སྡོམ་པའི་ཚུལ་ཁྲིམས་ཀྱི་དམ་བཅའ། དེ་ནས་རྐང་པ་གཉིས་དགེ་བ་ཆོས་སྡུད། དེ་མན་ཆད་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དམ་བཅའ་ཡིན་གསུངས། དེ་ནན་ཆགས་བྱེད་པར་གསོལ་བ་ཀུན་གྱིས་མཆན་དུ་བཏབ་ནས་འདུག་པ་ལ། ཕྱིས་མཁས་སུ་རེ་བ་ཀུན་གྱིས་འདི་འདྲ་བའི་མཆན་བཏབ་ནས་འདུག་སྟེ། ངས་ནི་དེ་བཞིན་དུ་འོང་ངམ་སྙམ་པ་ཞིག་བྱུང་བ་ལ་དགེ་བཤེས་པས་མི་གསུངས་པས་བཤད་པ་མ་བྱས་གསུངས་ནས་བཀྱོན་ཏེ། དོན་དེ་བཞིན་དུ་འོང་བ་ཞིག་སྣང་ཡང༌། ཚུལ་ཁྲིམས་སྡོམ་པ་ནི་ཚུལ་ཁྲིམས་གསུམ་ཡིན། དེ་ལ་དུས་གསུམ་གྱི་སངས་རྒྱས་ཀྱིས་བསླབས་པ་བཞིན་དུ་བདག་ཀྱང་དེ་ལ་དགའ་བས་དེ་དག་གི་རྗེས་སུ་བསླབ་པར་བྱ་ཞེས་ཕལ་ཆེར་གསུང་གསུངས་པས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་སྡོམ་པའི་འདི་དང༌། དགེ་བ་ཆོས་སྡུད་ཀྱི་དང༌།སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལ་བདག་ཉིད་དགའ་བས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་དེ་གསུམ་ལ་ཇི་ལྟར་བསླབས་པའི་རྗེས་སུ་བདག་གིས་ཀྱང་བསླབ་པར་བྱ་ལ། དེ་བཞིན་དུ་བསླབས་ནས་བདག་ཉིད་ཤིན་ཏུ་མྱུར་བའི་ཚུལ་གྱིས་རིངས་ཐབས་སུ་འབྲས་བུ་རྫོགས་པའི་བྱང་ཆུབ་དེ་ཐོབ་པར་སྤྲོའམ་ཞེ་ན། དེ་ལྟར་དུ་མི་སྤྲོ་ཞིང་འོ་ན་ཇི་ལྟར་སྤྲོ་ན་སྔོན་ལ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་ནས་གདོད་རང་ཉིད་སངས་རྒྱས་པར་འདོད་པས་གལ་ཏེ་སེམས་ཅན་གང་ཡང་རུང་བ་གཅིག་ཙམ་ལུས་ནའང་སེམས་ཅན་གཅིག་པོ་དེ་རང་གི་དོན་གྱི་རྒྱུ་ཡིས་ནི། རང་ཕྱི་མའི་མུར་མཐར་ཐུག་གི་བར་དུ་འཁོར་བར་གནས་དགོས་ནའང་གནས་པར་སྤྲོ་བར་བགྱི་ཞེས་པ་སྟེ། ཤ་ར་བའི་ཞལ་ནས། བྱང་ཆུབ་སེམས་དཔའ་འདོད་ཆེན་པ་རང་ཉིད་སྔོན་ལ་སངས་རྒྱས་ནས་འཕྲིན་ལས་ཀྱིས་གཞན་དོན་བྱེད་པར་འདོད་པ་དང༌། དེ་མ་ཡིན་པ་སེམས་ཅན་གཅིག་ཀྱང་མ་ལུས་པར་རང་གི་ལག་གིས་ཐར་པ་ལ་བཀོད་ནས་རང་ཉིད་ཕྱིས་འཚང་རྒྱ་བར་འདོད་པ་གཉིས་ལས། བཅོམ་ལྡན་འདས་འཇམ་དཔལ་ཕྱི་མ་ཞལ་གྱིས་བཞེས་པ་ནི་བདག་ཉིད་ཅེས་པ་སྟེ། ཞལ་བཞེས་འདི་བཞིན་དུ་མཛད། མདོ་འདི་ཉིད་ནས་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་བྱ་བ་གཅིག་ཏུ་འཚང་རྒྱ་བར་གསུངས་ཏེ། དེའི་དུས་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་གཟིགས་པ་ན་ཕྱོགས་བཅུ་ན་སངས་རྒྱས་པ་ཐམས་ཅད་དེ་ཉིད་ཀྱིས་སེམས་བསྐྱེད་ཅིང་སྤྱོད་པ་ལ་བཀོད་པ་ཉི་ཚེར་འདུག་པའི་དུས་ན་ཞེས་པ་ལས་སེམས་ཅན་གཅིག་ཀྱང་མ་ལུས་པར་ནི་མ་གསུངས། སྤྱན་སྔའི་ཞལ་ནས་ཁྲིའི་འགྲེལ་བ་ལས་དེ་གཉིས་བཟློག་ནས་བཞུགས་ཀྱིས་ལྟོས་ཤིག་གསུངས་སྐད། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྔ་མ་ཡིན། བཅོམ་ལྡན་འདས་བྱམས་པ་བས་ཐུགས་བསྐྱེད་པ་བར་གྱི་བསྐལ་པ་བཞི་བཅུ་རྩ་གཉིས་ཀྱིས་འཕྱི་བ་ཡིན་གསུངས། རང་ཅག་ཕྱི་མ་བཞིན་དུ་བློ་སྦྱོང་བ་དང་དམ་འཆའ་དགོས་པ་ཡིན། དེ་མ་ཡིན་ན་སེམས་ཅན་ལ་ཉེ་རིང་ཅན་དུ་ཆ། དེ་ཡང་རང་ལ་ནུས་པ་ཅི་ཡང་མེད་པར་བསྡད་ནས་སེམས་ཅན་གྱི་དོན་བྱ་ཟེར་བ་མིན། སེམས་ཅན་གྱི་དོན་བྱེད་པའི་ནུས་པ་ནི་རྩེན་གྱིས་རྫོགས་ལ། སེམས་ཅན་གཅིག་ཀྱང་མ་ལུས་པར་ཐར་པ་ལ་མ་བཀོད་ཀྱི་བར་དུ་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པར་འཁོར་བར་གནས་ནས་སེམས་ཅན་གྱི་དོན་བྱེད་པར་གོ་གྱོན་ཞིང་དམ་འཆའ་བ་ཡིན། ཐེག་པ་ཆེན་པོའི་མདོ་སྡེ་གཞན་དག་ལས་ཀྱང༌། ཐམས་ཅད་མཁྱེན་པར་གྱུར་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་གཅོད་པ་ཤ་སྟག་ལ་འདི་ལྟ་སྟེ་འཇམ་དཔལ་དང་ཀུན་ཏུ་བཟང་པོ་དང༌། ཞེས་པ་ལ་སོགས་པ་གསུངས། དེ་ནས་ཡང་དག་པའི་མཐའ་མངོན་དུ་བྱས་ཀྱང་སེམས་ཅན་གྱི་དོན་ལ་ཁྱད་མེད་པ་ཉིད་དུ་ཤེས་ན་དེ་མངོན་དུ་བྱེད་པ་ཡང་སྲིད་གསུངས་ཏེ། དེ་ཀུན་ལོང་ཡོད་ཚོགས་ལམ་ཆེན་པོ་ཐོབ་ནས་ཀྱང་བྱེད་ངོ་ཤེས་པ་ཞིག་འོང༌། དེ་ནས་བྱེད་ངོ་ཇེ་ཤེས་འགྲོ། སེམས་ཅན་གྱི་དོན་དུ་འཁོར་བར་དེ་བཞིན་དུ་གནས་ཀྱང་སྐྱིད་ཡུན་རིང་བ་ཡིན་པས་འཇིགས་མི་དགོས། སྡུག་བསྔལ་བ་ལ་དུས་ཐུང་ཡང༌། །བཟོད་དཀའ་ཡུན་རིང་སྨོས་ཅི་དགོས། །སྡུག་བསྔལ་མེད་ཅིང་བདེ་བ་ལ། །མཐའ་ཡས་དུས་ཀྱང་ཅི་ཞིག་གནོད། །ཅེས་པ་བཞིན་དུ་ཡིན་གསུངས། དེ་ལྟར་བྱང་ཆུབ་སེམས་དཔའ་གཞན་དོན་དུ་འཁོར་བར་གནས་ནས་ལས་སུ་བྱ་བ་ཅི་བྱེད་ན། ཚད་མེད་ཅིང་བསམ་གྱིས་མི་ཁྱབ་པའི་རང་གི་སངས་རྒྱས་ཀྱི་ཞིང་དག་ཡོངས་སུ་དག་པ་ཉིད་དུ་རྣམ་པར་སྦྱང་བར་བྱ། ཞེས་པ་སྟེ། དེ་ཡང་ཤ་ར་བའི་ཞལ་ནས། ཚད་མེད་བསམ་གྱིས་མི་ཁྱབ་པའི་ཞིང་སྦྱང་ཞེས་པ་ནི། སྣོད་དང་བཅུད་ཡོད་དོ་ཅོག་སྦྱང་ཞེས་པ་ཡིན། འདི་བཞིན་དུ་ངེས་དོན་ཡིན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མི་མཇེད་སྦྱངས། སྣང་བ་མཐའ་ཡས་ཀྱིས་བདེ་བ་ཅན་དང་མི་འཁྲུག་པས་མངོན་པར་དགའ་བ་སྦྱངས་ཞཻས་པ་ཀུན་དམན་པ་ལ་མོས་པའི་ངོར་ཡིན། སྦྱོང་ལུགས་ཡུམ་གྱི་མདོ་ལས་གསུངས་པ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ནས། སྣོད་དང་བཅུད་ཐམས་ཅད་དག་པར་འགྱུར་བའི་སྨོན་ལམ་འདེབས་པ་ཡིན། དེ་ཡང་བཅུད་དང་པོ་སངས་རྒྱས་པར་བསྒྲུབ། དེ་ནས་རིམ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེའི་བསླབ་པ་ལ་སྦྱར་ཞིང་སྦྱངས་ན་སྣོད་རང་དག་པར་འགྱུར་ཏེ། སྡེ་པ་དང་མདོ་སྡེ་སྤྱོད་པའི་དབུ་མ་པས་སྣོད་ཕྱི་རོལ་གྱི་དོན་དུ་བཞེད། སེམས་ཙམ་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་པས་སེམས་ཀྱི་སྣང་བ་ལ་བཞེད་པས་མི་མཐུན་ཏེ། ཐམས་ཅད་ཀྱིས་ཀྱང་སྤྱི་མཐུན་གྱི་ལས་ལས་གྲུབ་པར་འདོད་པ་མཐུན་པ་ཡིན་གསུངས། དེ་ལྟར་དུ་སྣོད་དང་བཅུད་ཐམས་ཅད་སྦྱོང་བ་ཡང་འདིར་འབད་རྩོལ་མི་དགོས་པར། མིང་ནས་བཟུང་བ་བྱས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་ཉེས་པ་ཐམས་ཅད་རིམ་གྱིས་སྤངས་ཤིང༌། མངོན་པར་ཤེས་པ་དྲུག་ལ་སོགས་པའི་ཡོན་ཏན་ཐམས་ཅད་རིམ་གྱིས་རྫོགས་ནས་ཕྱིར་མི་ལྡོག་པ་ཤ་སྟག་ཏུ་འགྱུར་བ་དང༌། མིང་དེ་ཡང་སྒོ་རིས་སུ་ཆད་པ་མ་ཡིན་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དག་ཏུ་རྣམ་པར་གནས་པར་བྱ། ཞེས་པ་སྟེ། དེ་ལ་ཤ་ར་བའི་ཞལ་ནས། རང་ཅག་འདི་བཞིན་དུ་དམ་འཆའ་ཞིང་སྨོན་ལམ་འདེབས་པ་ཡང་གལ་ཆེ་སྟེ། ད་རུང་དེ་ཙམ་གྱི་སྐུ་མདོག་དཀར་དུ་ཕྱིན་པར་ཡང་མི་འདུག་པས། སློབ་དཔོན་གྱིས་ཀྱང༌། བདག་ནི་མཐོང་དང་དྲན་པ་དང༌། །མིང་ཙམ་ཐོས་པས་སྐྱེ་བོ་རྣམས། །རབ་དང་འཁྲུག་མེད་རྣལ་བ་དང༌། །རྫོགས་པའི་བྱང་ཆུབ་ངེས་པ་དང༌། །ཚེ་རབས་ཀུན་ཏུ་རྗེས་འབྲེལ་བའི། །མངོན་ཤེས་ལྔ་པོ་ཐོབ་པར་ཤོག །ཅེས་གསུངས་པ་ལྟར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྨོན་ལམ་དེ་བཞིན་དུ་འདེབས་ལ་གྲུབ་པ་ཡང་དཔག་ཏུ་མེད་པ་བཞུགས་པས། དེ་དག་གི་འདུལ་བྱར་ཅི་འགྱུར་གྱི་རྒྱུ་ལ་འབད་པ་དང་སྨོན་ལམ་གདབ་པར་བྱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་ཐོས་པ་ལ་ངོམས་མི་ཤེས་པར་བྱ། མདོ་སྡེ་མང་པོ་བལྟས་ན་དེ་དག་གི་མཚན་མང་པོ་ཐོས་ནས་ཡོང་བ་ཡིན་ཏེ། དེ་བལྟས་ན་ཡང་བཀའ་གདམས་པའི་འཆོར། སྤྱན་སྔས་རས་པ་ཅོ་ལ་ཆེན་པོ་ལ་མཚན་བྱིན་གྱིས་བརླབས་པ་ཀུན་གྱི་ཐང་སྐུ་བཞེངས། དེ་ཀུན་གྱི་མཚན་ཡང་ཤམ་ནས་ཕར་བྲིས་པ་དང༌། ལྷ་ཁང་གོག་པོའི་གྱང་རིས་ལ་ཡང་དེ་བཞིན་དུ་མཛད་དེ་དེང་སང་དེ་འདྲ་བ་བྱེད་པ་ཡང་མེད། པུ་ཏོ་བས་གསུངས་པ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྔ་མ་དག་བཞིན་དུ་སྨོན་ལམ་འདེབས་ཤིང་གྲུབ་ལ་མཚན་ཙམ་ཐོས་པས་ཀྱང་ཕྱིར་མི་ལྡོག་པར་འགྱུར་བ་མང་པོ་བཞུགས་པ་ལ་བདག་གིས་དེ་སྔ་ཡན་ཆད་དུ་དེ་དག་གི་མཚན་ཙམ་ཡང་མ་ཐོས་པ་སྙམ་དུ་ལས་ལ་འཁང་བར་ཡང་བྱ། དེ་ཙམ་ཞིག་གིས་གོ་བར་ནས་ཤོར་བ་ཡིན་པས་སྒོ་དྲག་སྙམ་དུ་རང་ལ་མགུ་བར་ཡང་བྱ་གསུངས་ཤིང༌། སྤྱིར་མཚན་ཙམ་ཐོས་པས་ཕྱིར་མི་ལྡོག་པར་འགྱུར་བ་ལ་སོགས་པའི་ཕན་ཡོན་མང་པོ་ཅན་ཡང་གསུངས། དགེ་བ་འཛད་པའི་རྒྱུས་སངས་ཀྱིས་ཟད་ནས་ཕན་ཡོན་མི་འབྱུང་བ་ཡང་གསུངས་ཏེ། དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བའི་མདོ་ལ་སོགས་པ་ལས། རྩ་ཤིང་གི་ཕུང་པོ་རི་རབ་ཙམ་གྱི་ནང་དུ་མེ་སྟག་ཉུང་འབྲུ་ཙམ་ཞིག་བཅུག་ཀྱང་མེ་སྟག་དེས་དེ་ཐམས་ཅད་རིམ་གྱིས་བསྲེགས་ནས་ཐལ་བའི་ལྷག་མ་ཙམ་ཡང་མ་ལུས་པར་བྱེད་པ་བཞིན་དུ་དེ་བཞིན་གཤེགས་པ་ལ་དམིགས་པའི་དགེ་བའི་རྩ་བ་ཉུང་འབྲུ་ཙམ་ཞིག་གིས་ཀྱང་ལས་དང་ཉོན་མོངས་པའི་རྩྭ་ཤིང་རི་རབ་ཙམ་ཡང་བསྲེག་ཅིང་མཐར་སངས་རྒྱས་འཐོབ་པ་དང༌། རྡོ་རྗེ་རིན་པོ་ཆེ་ཆུང་ངུ་ཞིག་ཟོས་ཀྱང་མི་འཇུ་བར་དེ་ཉིད་ཐུར་འབྱུང་བ་དང་འདྲ་བར་སངས་རྒྱས་ལ་དམིགས་པའི་དགེ་བའི་རྩ་བ་ཆུང་ངུ་ཞིག་བྱས་ཀྱང་འཛད་པའི་རྐྱེན་ཅིས་ཀྱང་མི་འཛད་མཐར་ཐམས་ཅད་མཁྱེན་པའི་རྒྱུར་འགྱུར་བར་གསུངས། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང༌། རྒྱ་མཚོ་ཆེན་པོར་ཆུའི་ཐིགས་པ་གཅིག་ལྷུང་བའི་དཔེས་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པའི་དགེ་བ་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་མ་འདུག་གི་བར་དུ་བར་མ་དོར་མི་འཛད་པར་གསུངས་པས། དེ་བཞིན་གཤེགས་པ་ལ་དམིགས་པའི་དགེ་བ་ཡང་ཚུལ་སྣ་ཚོགས་ནས་བསགས། དེ་བཞིན་དུ་བསགས་ནས་མ་བསྔོས་སམ་ལོག་པར་བསྔོས་ཀྱང་མཐར་དེ་ཉིད་འཐོབ་པ་ས་བོན་གྱི་དཔེ་དང་བཅས་པ་ཡང་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་གསུངས། སྤྱིར་དགེ་བའི་རྩ་བ་ཅི་བྱས་པ་ཐམས་ཅད་འཕྲལ་འཕྲལ་དུ་དྲན་པས་བཟུང་ལ་བྱང་ཆུབ་ཆེན་པོར་བསྔོ་གསུངས། མིང་ཙམ་ཐོས་པས་ཞིང་དག་པར་འགྱུར་བ་ལ་ཡང༌། བདག་གི་ལུས་ངག་ཡིད་གསུམ་དག་དགོས་པས། ཐུན་མོང་བ་མི་དགེ་བཅུ་སྤོངས་པའི་སྟེང་དུ། འབྲས་བུ་མེད་པའི་བྱེད་པ་སྤངས་པའི་སྐབས་ནས་བསྟན་པ་བཞིན་དུ། ལུས་དང་ངག་གི་ལས་གཞན་དོན་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚོགས་སུ་མི་འགྱུར་བ་རྣམས་ཀྱང་སྤངས་ནས་དུས་ཐམས་ཅད་དུ་ནི་ཁ་ན་མ་ཐོ་བ་དེ་དག་གིས་མ་གོས་པ་ཉིད་དུ་དག་པར་བྱ་ལ། དེ་བཞིན་དུ་ཡིད་ཀྱི་ལས་ཀྱང༌། ཉོན་མོངས་པ་ཅན་དང༌། མི་དགེ་བའི་སེམས་དང༌། སེམས་ཅན་ལ་མི་ལྟ་བར་རང་གི་རྣམ་གྲོལ་དོན་དུ་གཉེར་བ་དང༌། བྱང་ཆུབ་ཆེན་པོ་སྒྲུབ་ཀྱང་འཁོར་གསུམ་དུ་ཞེན་པ་ཐམས་ཅད་སྤངས་ཏེ། མདོར་ན་སྙིང་རྗེ་ཡོད་ཀྱང་དངོས་པོར་འཛིན་པ་དང་བཅས་པ་དང༌།སྟོང་པ་ཉིད་སྒོམ་ཡང་སྙིང་རྗེས་མ་ཟིན་པ། སྙིང་རྗེའི་སྙིང་པོ་ཅན་དུ་མི་འདུག་པ་ཐམས་ཅད་སྤངས་ནས་དག་པར་བྱ་སྟེ། དེ་ཡང་མདོར་བསྡུ་ན་སྒོ་གསུམ་གྱི་མི་དགེའི་ལས་རྣམས་གང་ཡང་མི་བྱའོ། །ཞེས་འཕགས་པ་འཇམ་དཔལ་གྱིས་དེ་བཞིན་གཤེགས་པ་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོའི་སྤྱན་སྔར་ཞལ་གྱིས་བཞེས་པ་བཞིན་དུ་རང་གིས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་སྤྱན་སྔར་ཁས་བླངས་ཤིང་དམ་འཆའ་བ་སྟེ། དེ་ལ་ཤ་ར་བའི་ཞལ་ནས། ཡུལ་མེད་ན་རང་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་སྤྱན་སྔར་བླངས་པ་འདི་ཡང་འཕགས་པའི་གཞུང་ན་ཡང་གསལ་པོར་བཞུགས་པ་ལ། འདིར་འདི་སྣང་སྟེ་ཡུལ་ཡོད་ན་འཕགས་པའི་ལུགས། མེད་ན་སློབ་དཔོན་གྱི་ལུགས་ཐ་དད་དུ་གནང་བ་ཡང༌། སོ་སོར་ཐར་པ་ལ་སྡེ་པ་ཐ་དད་ཀྱི་ཆོ་ག་ཐ་དད་པས་གཏོང་ཐོབ་དང་བསྲུང་མཚམས་མི་འདྲ་བ་བཞིན་དུ། ལུགས་འདི་གཉིས་ཀྱང་ཆོ་ག་ཐ་དད་པས་བསྲུང་མཚམས་དང་གཏོང་ཐོབ་མི་འདྲའམ་སྙམ་ན། ཆོ་ག་ཐ་དད་ཀྱང་དེ་དག་མི་འདྲ་བ་མེད་པའི་དོན་དུ་ཡིན། འོ་ན་རྩ་ལྟུང་མང་ཉུང་གསུངས་པ་དེ་ངེས་དོན་གང་ཡིན་སྙམ་ན། འཕགས་པའི་ལུགས་དེ་ངེས་དོན་ཡིན། ནམ་མཁའི་སྙིང་པོའི་མདོ་ལས་གསུངས་པའི་ལས་དང་པོ་པའི་བརྒྱད་པོ་ཀུན་ཕལ་ཆེར་སྨོན་པའི་བསླབ་བྱར་འདུ། རྒྱལ་བློན་གྱི་ཀུན་ཕལ་ཆེར་ཐུན་མོང་བའི་སོ་སོར་ཐར་པར་འདུ། བློ་སྦྱངས་མ་བྱས་སེམས་ཅན་ལ་སྟོང་པ་ཉིད་སྒྲོག་པ་ལ་སོགས་པ་ཤས་ཤིག་ཉེས་པ་ལྕི་བ་ལ་དགོངས་ནས་རྩ་ལྟུང་དུ་བསྟན་པ་ཡིན། དེ་དག་བྱུང་ཡང་སྡོམ་པ་མི་འཆོར། དེས་ན་ངེས་དོན་འཕགས་པའི་ལུགས་ཡིན་གསུངས། དེ་ལྟར་སྡོམ་པ་ཁས་བླངས་སོ།།

གསུམ་པ་བསླབ་པ་ལ་སློབ་ཚུལ་ལ། བསླབ་པ་སློབ་པའི་འབྲེལ་དང༌། བསླབ་བྱ་དངོས་བཤད་པ་གཉིས་ཀྱི། དང་པོ་ནི། རང་གི་ལུས་ངག་སེམས་ནི་རྣམ་དག་རྒྱུ། །

འཇུག་པའི་སེམས་ཀྱི་བདག་ཉིད་སྡོམ་གནས་པས། །ཞེས་གསུངས་ཏེ། སྔར་ཆོ་གའི་སྐབས་སུ་ཁས་བླངས་པ་བཞིན་དུ་རང་གི་ལུས་དང་ངག་དང་སེམས་ནི་མི་དགེ་བའི་ཕྱོགས་ཀྱིས་མ་གོས་པའི་རྣམ་པར་དག་པ་ཉིད་དུ་འགྱུར་བའི་རྒྱུ་ཡང་རྒྱལ་བའི་སྲས་ཀྱི་བསླབ་པ་ལ་སློབ་པར་དམ་བཅས་པ་འཇུག་པའི་སེམས་ཀྱི་བདག་ཉིད་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པ་དེ་ཉིད་ཡིན་པས་དེའི་བསླབ་བྱ་རྣམས་འཆད་ཅེས་པ་སྟེ། མཁན་པོ་དཔལ་ལྡན་པའི་ཞལ་ནས། རང་གི་ལུས་ངག་ཡིད་གསུམ་རྣམ་པར་དག་པའི་རྒྱུ་འཇུག་པའི་སྡོམ་པ་ལ་གནས་པ་ཡིན་ལ་ལུས་ངག་ཡིད་གསུམ་དག་པ་ཉིད་འཇུག་པའི་སྡོམ་པའོ་གསུངས་སོ། །གཉིས་པ་དེའི་བསླབ་བྱ་དངོས་བཤད་པ་ལ། ཤ་ར་བ་ཆེན་པོའི་ཞལ་ནས། འཇུག་པའི་བསླབ་པ་འདིར་བསླབ་པ་གསུམ་དུ་བཤད།དེར་ཡང་བསླབ་པ་ཐམས་ཅད་འདུས་ཏེ། མདོ་སྡེ་རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་དེས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྡུས་པར་གསུངས་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་བསོད་ནམས་བྱ་བའི་དངོས་པོ་གསུམ་དང༌། ཚོགས་གཉིས་དང༌། བསྡུ་བའི་དངོས་པོ་བཞི་ལ་སོགས་པ་ཐམས་ཅད་འདུས་པར་གསུངས་པ་ཡིན། ལྷབ་སྟོན་འདི་རྣམས་ཚོགས་གཉིས་སུ་བསྡུས་ནས་གསུངས་སྐད་དེ། ཚོགས་གཉིས་སུ་ཡང་བཏུབ། དང་པོ་གཉིས་བསོད་ནམས་ཀྱི་ཚོགས། ཐ་མ་ཡེ་ཤེས་ཀྱི་ཚོགས་ཡིན། གསུངས་པ་བཞིན་དུ་འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་ལ་བསླབ་པའི་གཞི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྡུས་པ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། ལྷག་པ་ཏིང་ངེ་འཛིན་ནམ་སེམས་ཀྱི་བསླབ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་བཤད་པ་དང་གསུམ་གྱི། དང་པོ་ལ། ཚུལ་ཁྲིམས་ཀྱི་བསླབ་པ་དངོས་དང༌། དེའི་ཆེ་བས་ཚུལ་ཁྲིམས་དང་ལྷག་པའི་སེམས་ཀྱི་བསླབ་པའི་འབྲེལ་བྱེད་པ་གཉིས་ལས། དང་པོ་ནི། ཚུལ་ཁྲིམས་བསླབ་པ་གསུམ་ལ་ལེགས་བསླབ་ན། །ཚུལ་ཁྲིམས་བསླབ་པ་གསུམ་ལ་གུས་ཆེར་འགྱུར། །ཞེས་གསུངས་ཏེ། དེ་ཡང་ཇོ་བོ་ཉིད་ཀྱི་ཞལ་ནས། དང་པོ་སོ་སོར་ཐར་པ་གང་ཁས་བླངས་པ་དེ་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ནས་དེའི་སྡོམ་པའི་ཚུལ་ཁྲིམས་སུ་འགྱུར་ཏེ། ཡོད་ཁོངས་སུ་མི་གཞུག གཞི་སློབ་བྱེད་པ་འདྲ་བ་ཞིག་བྱེད་དགོས། བསྲུང་བའི་གྲིམས་ཀྱང་བརྩོན་པ་བརྒྱ་འགྱུར་གྱིས་མཚོན་པའི་སེམས་ཅན་གཅིག་དང་སེམས་ཅན་ཐམས་ཅད་ཀྱི་ཁྱད་ཙམ་འདོན་དགོས་གསུངས་པ་བཞིན་དུ། རང་གི་ངོ་བོ་སྙིང་བརྩེ་བའི་སྟོབས་ཀྱིས་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པ་སྡོམ་པའི་ཚུལ་ཁྲིམས་དང༌། རང་གི་རྒྱུད་ལ་སྟོབས་བཅུ་ལ་སོགས་པའི་ཐམས་ཅད་མཁྱེན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ་དགེ་བའི་རྩ་བ་ཐམས་ཅད་ལ་ཚུལ་སྣ་ཚོགས་ནས་ནན་ཏན་གྱིས་སྒྲུབ་ཅིང༌། དེ་ནས་དེར་བསྔོ་བ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། དངོས་དང་བརྒྱུད་པའི་སེམས་ཅན་གྱི་དོན་དུ་ཅི་འགྱུར་བྱ་ལ། དངོས་སུ་དོན་བྱ་བར་མ་ནུས་ཀྱང་བསམ་པ་གཞན་དོན་དུ་སྦྱང་ཞིང༌། དགེ་བ་ཅི་གྲུབ་པ་གཞན་དོན་དུ་བསྔོ་བ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་བསླབ་པ་དེ་གསུམ་ལ་ལེགས་པར་བསླབས་ན། གོམས་པའི་ཤུགས་ཀྱིས་རྟག་ཏུ་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་པོ་དེ་ལ་སློབ་པ་ལ་གུས་པ་ཇེ་ཆེར་འགྱུར། ཞེས་པ་སྟེ། དེ་ལ་ཤ་ར་བའི་ཞལ་ནས། སྤྱིར་རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ་མེད། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང༌། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་གསུངས་ཏེ། ད་ལྟ་བཟོ་དང་གསོ་བ་རིག་པ་ཀུན་གྱིས་ཕལ་ཆེར་བར་དུ་གཅོད། སྒྲ་བོད་ལ་མེད་དེའི་དོད་དཔེ་ལྟ་སློབ་པ་ཡིན། གཏན་ཚིགས་རིག་པས་ཀྱང་དཔེ་མེད་དགོས་པ་མེད། ནང་རིག་པ་རང་གི་ཁས་བླངས་རྣམས་ནན་ཏན་གྱིས་བསླབས་ལ་ལག་ཏུ་བླངས། བོད་རྩི་སྲིན་ཟ་བ་བཞིན་དུ་བྱས་པས་མི་འོང་ཁུ་འོད་ལ་གསུངས་པ་བཞིན་དུ་བྱེད་དགོས་པ་ཡིན། སྡོམ་པའི་ཚུལ་ཁྲིམས་སོ་སོར་ཐར་པ་རིས་བདུན། དགེ་བ་ཆོས་སྡུད་ཤེས་རབ་གསུམ་འཁོར་དང་བཅས་པ། སེམས་ཅན་དོན་བྱེད་བཅུ་གཅིག་བྱ་བ་ཡང་གསུངས། སྡོམ་པའི་དེ་ཉིད། དགེ་བ་ཆོས་སྡུད་ཕ་རོལ་ཏུ་ཕྱིན་པ་དྲུག སེམས་ཅན་དོན་བྱེད་བསྡུ་བའི་དངོས་པོ་བཞི། ཞེས་ཀྱང་གསུངས་པ་ལས། ལག་ལེན་སྔ་མ་བཞིན་དུ་བྱ། ཡུམ་ལས་སྐྱོན་བཞི་བཅུ་རྩ་དྲུག་གསུངས་པ་དང༌། བསླབ་པ་ཀུན་ལས་བཏུས་པ་ལས་གནོད་འགྱུར་གྱི་ཆོས་གསུངས་པ་དང༌། བཅོམ་ལྡན་འདས་སྣང་བ་མཐའ་ཡས་དགེ་སློང་ཆོས་ཀྱི་འབྱུང་གནས་སུ་གྱུར་པ་དང༌། བཅོམ་ལྡན་འདས་མི་འཁྲུག་པ་དགེ་སློང་མི་འཁྲུག་པར་གྱུར་པས་འཇིགས་སུ་རུང་བའི་དམ་བཅའ་མང་པོ་མཛད་པ་ཐམས་ཅད་ཀྱང་སྡོམ་པའི་ཚུལ་ཁྲིམས་སུ་འདུ་བ་ཡིན། དེ་ལ་སྡོམ་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་དང་པོར་སྡོམ་པ་ཁས་བླངས་མ་ཐག་ཏུ་རྩ་བའི་ལྟུང་བ་རྣམས་ཤེས་པར་བྱས་ལ་ཅི་མི་འོང་བྱ། སྤྱོད་པ་ལ་འཇུག་པ་ལས་ནམ་མཁའི་སྙིང་པོའི་མདོ་སྡེ་ཐོག་མར་བལྟ་བའི་དོན་ཡང་དེ་ཡིན། དགེ་བཤེས་སྟོན་པ་དང་པུ་ཏོ་བ་ཡང་དེ་བཞིན་དུ་མཛད་གསུངས་པ་བཞིན་དུ། དང་པོ་རྩ་བའི་ལྟུང་བ་རྣམས་ཤེས་པར་བྱས་ནས་སྤོང་བ་ལ། ཤ་ར་བ་ཉིད་ཀྱི་ཞལ་ནས། བྱང་ཆུབ་སེམས་དཔའི་སྡོམ་པ་ཆོ་ག་གང་གི་ལུགས་སུ་བླངས་ཀྱང༌། དེ་ལ་རྩ་ལྟུང་འགྱུར་བ་ཕམ་པའི་གནས་ལྟ་བུའི་ཆོས་ནི། འཕགས་པའི་ལུགས་ཀྱི། རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང༌། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྦྱིན་དང༌། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚོགས་པ་དང༌། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང༌། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་པ་རྣམས་ཏེ། དེ་ཡང་ཀུན་སློང་ཉོན་མོངས་པ་མཐུན་པས་བཞིར་བྱས། སྦྱོར་བའི་བྱེ་བྲག་གིས་བརྒྱད་ཡིན། དེ་ལྟ་ཡིན་པར་ཡང་པཎྜི་ཏ་བྱང་ཆུབ་སེམས་དཔའ་དེས་བཟོད་གསོལ་མ་བཞེས་པ་ཙམ་གྱིས་སྡོམ་པ་བཏང་བར་གསུངས་པ་དེས་ཤེས་པ་ཡིན་པས། སྙིང་ཐང་དུ་ཁུ་ཆེན་པོ་དང་དགེ་བཤེས་སྟོན་པ་བགྲོ་བ་མཛད་པར་བཞེད་པའི་དུས་གཏམ་རྒྱུད་དེ་དང་བཅས་པའི་གདམས་པ་གནང་ནས་བཅག ཅེས་པུ་ཏོ་བ་གསུངས། སྤྱན་སྔ་སོ་སོར་ཐར་པའི་བཞི། ཚུལ་ཁྲིམས་ཀྱི་ལེའུ་ནས་གསུངས་པ་བཞི་དང་བརྒྱད་ཡིན་གསུངས་ཏེ། དེ་ཡང་ཚུལ་ཁྲིམས་ལེའུའི་འགྲེལ་བ་ཞིག་ན། རྙེད་དང་བཀུར་སྟིར་ཆགས་པ་ཡིས་བདག་བསྟོད་གཞན་ལ་སྨོད་པ་ཙམ་གྱིས་ཀྱང་འཆོར་ན། གྲོང་པའི་ཆོས་སྤྱད་ན་ཅི་སྟེ་མི་འཆོར། ཞེས་པ་ལ་སོགས་པ་རེ་རེ་ནས་སྦྱར་བ་གསུངས། ཇོ་བོའི་ཞལ་ནས། སྨོན་པ་ཤོར་གྱིན་ལེན་ན་ལན་དྲུག དང་པོའི་དང་བདུན། དེ་ཕན་ཆད་བསྐྱར་དུ་མི་རུང༌། མ་ཤོར་ན་ཇི་ཙམ་གྲུབ་ཀྱང་བྱང་ཆུབ་ཀྱི་སེམས་སྦྱོང་བ་ཉིད་ཡིན། འཇུག་པ་ཤོར་གྱིན་ལེན་ན་ལན་གཉིས། དང་པོ་དང་གསུམ། དེ་ཕན་ཆད་བསྐྱར་རུ་མི་རུང་གསུངས་ཏེ་དེ་གཞུང་ཉིད་ན་ཡང་བཞུགས། ཤོར་ངེས་པའམ་མ་སྐྱེས་ངེས་པ་མེད་པར་བསྐྱར་དུ་མི་རུང༌། ཇོ་བོ་ལས་ཞལ་མ་ལོག་ཆེ་བ་མེད་དེ་ཡང་དེ་མ་གནང་དེ་དག་བསྟན་པའི་རྒྱ་ཡིན་གསུངས། རྭ་སྒྲེང་བའི་སྒོམ་པ་དབང་ཕྱུག་འོད་ཀྱིས་དགེ་བཤེས་དགོན་པ་བ་ལ་སེམས་བསྐྱེད་ཞུས་པ་ལ། དེ་འདས་ནས་སྨོན་པ་ཤོར། པུ་ཏོ་བ་ན་མགོ་ན་བཞུགས་པའི་དུས་སུ་གདམས་ངག་ཞུས་པས་དེ་ཙ་ན་པུ་ཏོ་བ་དང་སྤྱན་སྔ་གཉིས་མི་གནང་བས་རང་དེ་བཞིན་གཤེགས་པའི་སྐུ་གཟུགས་སམ། དགོན་པ་བའི་གདུང་གི་སྤྱན་སྔ་གང་དུ་བློ་འཁུལ་བ་ཞིག་ཏུ་ལོང་གསུངས་པ་ལ་ཁོ་བོ་སེའུ་ཐུང་བ་རང་གི་གདུང་གི་སྤྱན་སྔར་བློ་ཁུལ་ཏེ་འོང་བར་འདུག་ཟེར་ནས་དེར་ལེན་པའི་གདམས་པ་གནང་གསུངས་པར་གདའ། ཐུན་ཚོད་ཀྱི་ནང་དུ་གཉེན་པོས་སླེབས་ན་སྡོམ་པ་མི་གཏོང༌། ཐུན་ཚོད་དགེ་བཤེས་སྟོན་པ་ལ་ཞུ་བ་ལ་རིང་རབ་ཅིག་ཡོད་ཀྱིས། སྨོན་པའི་བསླབ་བྱ་ཐུབ་ན་རྩ་ལྟུང་མི་ཡོང་དུ་རིང་བ་ཞིག་ཡོད་ཀྱིས་གསུངས། སྨོན་པ་བས་རིང་བ་ཞིག་བཞེད་པ་འདྲ་པད་ཀྱིས་བཅད་པ་མི་གསུངས། ཕུ་ཆུང་བས་ཡེར་པ་ལ་ཞུས་པས་ངས་ཇོ་བོ་ལ་ཞུས་ཏེ་མཉམ་གསུངས་གསུངས་པར་གདའ་གསུངས་ཤིང༌། དགེ་བཤེས་དེ་ཉིད་ཀྱི་གསུང་སྒྲོས་ལམ་རིམ་དོན་ཁྲིད་དུ་བཀོད་པ་དག་ལས་སྔ་མའི་དོན་ཞིབ་ཏུ་བཤད་པ་སྡོམ་པའི་ཚུལ་ཁྲིམས་དང་འགལ་བ། རྙེད་དང་བཀུར་སྟིར་ཆགས་པ་ཡིས་བདག་བསྟོད་གཞན་ལ་སྨོད་པ་ལ་སོགས་པ་སྦྱོར་བའི་སྒོ་ནས་བརྒྱད། བསམ་པའི་སྒོ་ནས་བཞི་ཡིན་གསུངས། དེ་ལ་འདོད་པས་བསླང་བ་ལ་གཉིས་ཏེ། བསམ་པ་རྙེད་པ་འོང་ལ་རེ་བས་དངོས་པོ་བདག་ལ་བསྟོད་པ་དང་གཞན་ལ་སྨོད་པ་གཉིས་ཀས་འཆོར། དེ་ཡན་ལག་གསུམ་དང་ལྡན་པ་ཞིག་ཡིན་ཏེ། རྒྱུན་མ་ཆད་པར་ཀུན་ཏུ་སྤྱོད་པ། དགའ་ཞིང་མགུུ་ལ་ཡོན་ཏན་དུ་ལྟ་བ།ངོ་ཚ་དང་འཇིགས་པ་ཆུང་ངུ་ཙམ་ཡང་མི་སྐྱེ་ན་ཀུན་ནས་དཀྲིས་པ་ཆེན་པོས་བསླང་བ་ཡིན་པས། ཐུན་ཚོད་ལས་འདས་ན་འཆོར་བས། སྡོམ་པ་སླར་ཡང་བླང་བར་བྱ། །དེ་ལས་གཞན། ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མའོ། །ཉོན་མོངས་མ་ཡིན་བདག་སེམས་བཞིན། །བྱ་བ་ནི། དེ་ལ་གཞན་གྱིས་བསྐུལ་ནས་ངོ་ཚ་ཁྲེལ་ཡོད་སྐྱེས་ན་འབྲིང༌། རང་ཉིད་ཀྱིས་སྐྱེས་ན་ཆུང་ངུུ༌། གང་ཡང་མེད་ན་ཆེན་པོ་རུ་སློབ་དཔོན་བྱང་ཆུབ་བཟང་པོས་བཤད། སྙིང་རྗེ་ཅན་གྱི་སྨན་པའི་རྒྱལ་པོ་ལྟར་རང་ལ་བསྟོད་ན་ཉེས་པ་མེད་དེ་ད་ལྟ་སྐུ་གཉེར་མེད། བུདྡྷས་ལྷས་བྱིན་ངན་པ་ཞེས་གསུངས་པ་ལྟ་བུའི་གཉེར་ཡང་མེད་པས་ཤིན་ཏུ་དཀའ། དེས་ན་འོད་སྲུངས་ཀྱིས་ཞུས་པ་ལས། བདག་ཅི་རི་ཞེས་ཡོངས་སུ་འཇལ་ཞིང་གཞན་གྱི་ཤེས་པ་ལ་མི་སྨོད་པ་སྟེ། རིའམ་མི་རི་སྙམ་དུ་བདག་ལ་དཔོག །སྨོད་པ་མེད་ཅིང་ལྷག་པའི་ང་རྒྱལ་མེད། །ཅེས་གསུངས་པས་རང་གི་མཚན་ཉིད་ལ་རྟོག་པ་གལ་ཆེ་གསུངས་ཏེ། རང་ལ་དད་པ་དང་རྒྱུ་འབྲས་དང་བསླབ་པ་ལ་གུས་སམ་མི་གུས་ཞེས་རྟག་ཏུ་གཞལ། རང་གིས་ཚོད་ཤེས་ན་མཐོ་ལ་ཕྲག་དོག་ལ་སོགས་པ་མི་འོང་གསུངས། ཆགས་པ་ལ་བརྟེན་པ་གཉིས་པ། སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང༌། །ཞེས་པས་རང་ལ་ནུས་པ་ཡོད་བཞིན་ཡུལ་དེ་ལྟ་བུ་ལ་བསམ་པ་སེར་སྣས་ཆོས་སམ་ནོར་མི་སྟེར་བ་དང་དཔེ་མཁྱུད་བྱེད་ན་ཡང་ལྟུང་བ་ཡིན་ཏེ། དེ་ཡང་ཆོས་དོན་དུ་གཉེར་བ་ལ་སེར་སྣས་མི་སྟེར་ན་ཡིན། མ་གུས་པ་ལ་ཆོས་འཆད་པ་ཡང་མིན་གསུངས། སེར་སྣས་ནོར་མི་སྟེར་བ་ཡང༌།སྤྱིར་སློང་མོ་པ་མ་སྤངས་པ་ཞིག་དགོས་གསུངས། བྱང་བའི་སྒོ་དྲག་པོ་ལྟར་གནོད་མེད་ལ་ཕྲོགས་ནས་ཕན་མེད་ལ་སྟེར་བ་ཡང་མ་ཡིན། མི་དགོས་པ་ལ་ལྷག་པར་སྟེར་བ་ཡང་མ་ཡིན་པས་མཐའ་གཉིས་སུ་མ་ལྟུང་བར་བྱ་གསུངས། ཞེ་སྡང་ལ་བརྟེན་པ། གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚོག་པ་དང༌། །ཞེས་པ་ནི་བཟོད་པ་མི་ལེན་པས་འཆོར་ཏེ། རྣལ་འབྱོར་པ་ཆར་འབེབས་པ་ཞིག་ལ་དགེ་བསྙེན་ཞིག་གིས་བགྲོ་གླེང་བྱས་པས་དགེ་བསྙེན་གྱིས་རྣལ་འབྱོར་པ་ཕམ་པར་བྱས་པའི་བཟོད་གསོལ་བྱས་པ་མ་བཞེས་པས། སྔར་ཆུ་མིག་གི་སྦྲུལ་པང་དུ་འོངས་ཀྱིན་ཆར་འབེབས་པ་ལ་བཟོད་གསོལ་མ་བཞེས་པས་ཆར་མ་ཕེབས་པ་ལྟར་རོ། །ཇོ་བོས་ཀྱང་བི་ཀྲ་མ་ལ་ཤཱི་ལའི་གནས་བརྟན་ལ་བྱས་པས་མ་འདོད་དེ་ཁོ་བོ་ལ་ཉེས་པ་མེད་གསུངས། འདི་ཉེན་ཆེ་བས་དང་པོ་ནས་སུ་དང་ཡང་འདོམ་ཐུག་མ་འོང་བར་བསླབ། བྱུང་ན་ཡང་པང་དུ་སྦྲུལ་བྱུང་བ་ལྟར་བྱ། འཚོག་པས་ནི་ནམ་ཀྱང་འཆོར། གཏི་མུག་ལ་བརྟེན་པ། ཐེག་པ་ཆེན་པོ་སྤོང་བྱེད་ཅིང༌། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་པ་ནི། སྤྱི་དང་བྱེ་བྲག་གང་སྤོང་ཡང་འཆོར། བོད་ལ་སྤྱི་སྤོང་བ་མེད། གྲུབ་མཐའ་ལ་བརྟེན་ནས་བྱེ་བྲག་སྤོང་ཉེན་ཆེ་གསུངས། དམ་ཆོས་འདྲར་སྣང་ནི་ཆོས་ཀྱི་གཟུགས་བརྙན་ཏེ་སྤྱན་སྔ་བའི་ཞལ་ནས། ཨ་མ་ན་སི་བསད་ཀྱང་སྡིག་པ་མི་ཡོང་གསུངས། པུ་ཏོ་བའི་ཞལ་ནས། ཨ་མ་ན་སི་ཆོས་མིན་བྱ་བ་ཡང་མི་ཕོད་དེ་འཇུག་པར་ཡང་མི་བྱ། འོན་ཀྱང་གཅེར་བུ་ལ་སོགས་པའི་སྤྱོད་པ་འདི་མུ་སྟེགས་ཁོ་ནའི་ཡིན་གྱི་ཆོས་ན་ཡེ་མེད་གསུངས། དགེ་བཤེས་སྟོན་པའི་ཞལ་ནས། བོན་པོ་ལ་འགྲོ་བ་རིགས་དྲུག་ནས་འདོན་པའི་བོན་ན་རག་དོང་སྤྲུག་བྱ་བ་ཡོད། དེའི་ལད་མོ་སྔགས་པའི་མཎྜལ་དྲུག་པ་བྱ་བ་ཡོད་པས་དེ་ཀུན་ཡིན་གསུངས་ཏེ་དེ་རྒྱང་རིང་ངེ་བ་ཡིན། དེ་བས་ཀྱང་སྒྲུབ་པ་དམ་ཆོས་འདྲར་སྣང་ནི་འོག་མ་ལ་འཇུག་པ་དང༌། བཤད་པ་དམ་ཆོས་འདྲར་སྣང་རྟོགས་པ་མེད་པར་འཆད་པ་ལ་བཤད་དེ། དེས་ན་ཕྲ་བར་ཡོད་པས་བླ་མས་ཚོད་བཟུང་གིན་བྱའོ་གསུངས། ཞེས་བྱུང་ཞིང་དེ་དག་གི་མཆན་བུར། གཞི་མ་བདག་དང་གཞན་ལ་བསམ་པ་རྙེད་པ་ལ་ཆགས་པས་སྦྱོར་བ་བདག་བསྟོད་གཞན་སྨོད་ལུས་ངག་ཏུ་ཐོན་པ་ཞིག་བྱས་ཏེ་དགའ་ཞིང་མགུུ་ལ་ཡོན་ཏན་དུ་ལྟ་བ་དང༌། ངོ་ཚ་ཁྲེལ་ཡོད་ཆུང་ངུ་ཙམ་ཡང་མ་སྐྱེས་པར་ཐུན་ཚོད་ལས་འདས་པ་དང་ཕམ་པའོ། །གཞི་མ་སེམས་ཅན་དུཿཁ་མགོན་མེད་པ་ལ་བསམ་པ་སེར་སྣས་སྦྱོར་བ་ཆོས་ནོར་མི་སྟེར་བ་ལུས་ངག་ཏུ་གྲུབ་པ་ཞིག་བྱས་ཏེ། དེ་ལ་དགའ་ཞིང་མགུ་བ་ཡོན་ཏན་དུ་ལྟ་བ་དང༌། ངོ་ཚ་དང་ཁྲེལ་ཡོད་མ་སྐྱེས་པར་ཐུན་ཚོད་ལས་འདས་པ་དང་ཕམ་པའོ། །གཞི་མ་གཞན་གྱིས་བཟོད་པར་གསོལ་བ་ལ་བསམ་པ་ཞེ་སྡང་གིས་འཚོག་པའི་སྦྱོར་བ་ལུས་ངག་ཏུ་ཐོན་པ་ཞིག་བྱས་ཏེ་གཉེན་པོ་མ་སྐྱེས་པར་ཐུན་ཚོད་ལས་འདས་ནའོ། །གཞི་མ་སེམས་ཅན་ལ་བསམ་པ་ཞེ་སྡང་གིས་འཚོག་པའི་སྦྱོར་བ་ལུས་ངག་ཏུ་ཐོན་པ་ཞིག་བྱས་ཏེ་གཉེན་པོ་མ་སྐྱེས་པར་ཐུན་ཚོད་ལས་འདས་ནའོ། །གཞི་མ་ཐེག་པ་ཆེན་པོའི་ཆོས་ལ་བསམ་པ་མི་ཤེས་པས་སྦྱོར་བ་ལུས་ངག་ཏུ་ཐོན་པ་ཞིག་བྱས་ནས་གཉེན་པོ་མེད་པར་ཐུན་ཚོད་ལས་འདས་པ་ནའོ། །ཞེས་འབྱུང་བ་ལྟ་བུའི་རྩ་ལྟུང་དེ་དག་གིས་མ་གོས་པར་བྱས་ནས་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་ལ་ལེགས་པར་སློབ་པ་ལས། སྡོམ་པའི་ཚུལ་ཁྲིམས་ཀྱིས་ལེགས་པར་བསྡམས་པའི་ཚད་ནི་པུ་ཏོ་བའི་ཞལ་ནས། འདས་པའི་འདོད་པ་ལ་མི་ལྟ་བ་དང༌། མ་འོངས་པ་ལ་མངོན་པར་དགའ་བ་མེད་པ་དང༌།ད་ལྟར་གྱི་ལ་ལྷག་པར་ཆགས་པ་མེད་པ་དང༌། དབེན་པ་ལ་དགའ་བ་དང༌། ངག་དང་རྟོག་པ་ཡོངས་སུ་དག་པ་དང༌། བདག་ཉིད་ལ་ཁྱད་དུ་མི་གསོད་པ་དང༌། བཟོད་པ་དང་དེས་པ་དང༌། ཡན་ལག་ལྔས་བསྡུས་པའི་བག་ཡོད་པ་དང༌། ཆོ་ག་ཕུན་སུམ་ཚོགས་པ་དང༌། འཚོ་བ་ཕུན་སུམ་ཚོགས་པའོ། །སོ་སོར་ཐར་པ་ལས་བྱུང་བའི་བཞི་བཅུ་རྩ་བདུན་དང་རྣམ་པར་འབྱེད་པ་དང་ཞུ་བ་དང་ཕྲན་ཚེགས་དང་བཅས་པ་ལས་གསུངས་པའི་ཉེས་བྱས་ཕྲ་མོས་ཀྱང་མ་གོས་པ་སྙམ་བྱེད་ཀྱང་ལེགས་པར་བསྡམས་པའི་ཆོས་བཅུ་པོ་འདི་མ་ཚང་ན་སྡོམ་པའི་ཚུལ་ཁྲིམས་ཀྱིས་ལེགས་པར་བསྡམས་པ་ཅན་དུ་མི་འགྲོ། ཞེས་གསུངས་པ་ལ། དང་པོ་འདས་པའི་འདོད་པ་ལ་མི་ལྟ་བ་ནི། འདས་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འདོད་པ་བོར་བ་ཡིན་ཡང་ཕྱིའི་འདོད་པ་ལ་རྩྭ་འམ། རང་གི་འདོད་པ་ལ་མི་གཙང་བ་དོར་བ་ལ་ངས་འདི་དོར་བ་ཡིན་སྙམ་དུ་ཡང་ལྟ་བ་མེད་པ་བཞིན་དུ་མི་ལྟ་བ་སྟེ། ད་ལྟ་ནི་ཕ་ཞིང་ལ་སོགས་པ་ཁྱིམ་གྱི་འབྱོར་པ་ཆེ་རབ་ཅིག་ལ་སྤྱད་དུ་ཡོད་ན་མཐུན་རྐྱེན་འཛོམས་ཟེར་ནས་ཡོན་ཏན་དུ་བྱེད་པ་ལས་འདོད་པ་བོར་བ་མེད། གལ་ཏེ་ལན་ཅིག་བོར་ལོ་བྱས་ཀྱང་བུ་མོ་འབྲོལ་ཆུང་བཞིན་དུ་སོང་བ་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་དཀའ། གཉིས་པ་མ་འོངས་པ་ལ་མངོན་པར་དགའ་བ་མེད་པ་ནི། འདོད་པའི་ལོངས་སྤྱོད་ནང་ན་ཆེ་ཤོས་གཞན་འཕྲུལ་དབང་བྱེད་ཡིན་ཏེ་དེའི་ནང་དུ་འགྲོར་ཡོད་ཀྱང་ནགས་ཚང་ཚིང་ཚེར་མས་གཟིངས་པ་མི་རྒོད་དང་གཅན་གཟན་གདུག་པ་ཡོད་པའི་འཇིགས་པ་ཆེན་པོ་སྣ་ཚོགས་གཟིང་གཟིང་པར་འཇུག་པ་ལྟ་བུར་མཐོང་བས་མངོན་པར་དགའ་བ་མེད་པ་སྟེ། ད་ལྟ་ཚེ་ཕྱི་མ་མ་གྲུབ་པ་ལ་མ་འོངས་པ་ལ་དགའ་མི་དགའི་རྟོག་དཔྱོད་ཉིད་ཀྱང་མེད། ཕྱི་མའི་ལྷ་ལ་ཡིད་ཆེས་ན་དགེ་རྩ་ཅི་བྱས་པ་དགེ་བཤེས་དེར་བསྔོ་བ་ལས་ཐར་པར་ཡེ་བསྔོ་མི་ནུས་པ་ཡང་ཡོང་བས་སྙུག་རུམ་པ་ཤེད་ལྷར་དགེ་བ་མི་བསྔོ་བ་འདི་ཁོ་ན་དཀའ་བར་བྱུང་ཟེར་སྐད་པ་ལ་པུ་ཏོ་བའི་ཞལ་ནས། ཙབ་ཙབ་ཀྱི་བསམ་པ་དེ་ཙུག་ཏུ་བྱུང་ནས་ལྷ་ལ་འདོད་པའི་གཉེན་པོ་སྒོམ་དགོས་ཟེར་བ་དེ་ཁོ་ལྷ་ནས་ཡོང་བའི་བག་ཆགས་ཡོད་པ་ཡིན། གཞན་ལ་དེ་མེད་པ་ཕྱ་ཡང་བཟང་བ་མིན། དད་པ་མེས་ཚིག་པ་ཡིན་གསུངས་ཏེ། དེ་ཡང་ད་ལྟ་སྔ་དྲོའི་འདོད་པ་ཞིག་ལག་ཏུ་འོང་བ་ཞིག་ཡོད་ན་ཕྱི་དྲོ་རླུང་པོས་ཁྱེར་ནས་འགྲོ་ཡང་ངན་བྱེད་ཚོ་ཞིག་གི་གསེབ་ཏུ་རིལ་གྱིས་འཇུག་པ་དང༌།བླངས་པའི་ནངས་མོ་ནས་ཕུང་ལ་སྦྱོར་ཡང་ཕྱིས་ཀྱི་འདོད་པ་ཡོང་དུ་རེ་བས་སྡིག་སྡུག་གཏམ་གསུམ་གང་ལ་ཡང་མི་ལྟ་བར་དགེ་བསྙེན་ལེན་པ་འདིས་གྲུབ་པ་ཡིན། གསུམ་པ་ད་ལྟར་གྱི་ལ་ལྷག་པར་ཆགས་པ་མེད་པ་ནི། ད་ལྟར་དབང་པོ་ལྔའི་སྤྱོད་དུ་གྱུར་པའི་འདོད་པ་ལ་ཁ་ཟས་ཀྱི་སྐྱུགས་པ་བཞིན་དུ་ལྟ་བ་སྟེ། ད་ལྟ་བཀའ་གདམས་པ་ཀུན་ཚར་མིང་བཏགས་ནས་ཆང་མི་འཐུང་བ་རང་ཡང་ཉུང༌། ཆང་མི་འཐུང་བར་གསོལ་བ་ཀུན་ཡང་རིང་མོ་སུན་རེ་ལ་མི་རྟེན་དུ་མི་འདོད་པ་བཞིན་དུ་བྱས་ནས་དཀའ་སླ་ཐམས་ཅད་དེ་ལ་བྱེད་པར་འདུག་སྟེ། དེ་བཞིན་དུ་སོང་བ་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་བས་བདེ་འགྲོ་ཙམ་ཡང་འགྲུབ་པ་མི་འོང་སྟེ། ཚེ་འདི་ཉིད་ལ་ཡང་ཁྲེལ་དང་ཆོས་དང་གཏམ་ཐམས་ཅད་འདིས་ཉམས་པར་བྱེད་པས་འདོད་པ་ལ་ཉེས་དམིགས་སུ་ལྟ་ཞིང་ཟས་དང་སྐོམ་ལ་སོགས་པ་ལ་ལོངས་སྤྱོད་དགོས་པའི་དུས་སུ་ཡང་གྲུའི་ཟག་ལྷན་ནམ་ཤིང་རྟའི་མིག་བཀུད་ལྟ་བུའི་བློས་སྤྱད། ལུང་སྡེ་བཞི་ལས་འབྱུང་བའི་ཉེས་པས་མ་གོས་པའི་བཙུན་པོ་ཡིན་ཟེར་ཡང་དུས་གསུམ་གྱི་འདོད་པ་ལས་ལོག་པ་འདིས་དཀའ་བར་སྣང༌། དེ་མེད་ན་ཚུལ་ཁྲིམས་འཆལ་བ་ཉིད་དུ་བགྲང༌། དེ་གསུམ་ཡོད་ཀྱང་ཚོགས་དང་འདུ་འཛིར་གནས་ཤིང་ལུས་སེམས་དབེན་པ་མེད་ན་བྱང་ཆུབ་སེམས་དཔའི་སྡོམ་པ་གཏན་ལ་མི་ཕེབས་པས། བཞི་པ་དབེན་པ་ལ་དགའ་བ། ལུས་འདུ་འཛི་ལས་དབེན་པ་དང་སེམས་རྣམ་པར་རྟོག་པ་ལས་དབེན་པ་ལ་བསླབ་སྟེ། ལུས་འདུ་འཛི་ལས་དབེན་པ་ཡང་ཇོ་བོའི་ཞལ་ནས། ད་ལྟ་རྒྱ་གར་ན་ཡང་གཅིག་པུར་གནས་པ་ལ་བར་ཆད་བྱུང་བ་མང་གསུངས། པུ་ཏོ་བ་ཡང་བཞི་ལས་ནི་མི་ཉུང་བཅུུ་ལས་ནི་མི་མང་བྱ་བ་ཁོ་ན་གསུངས་པ་ལ་ཉན་པ་གཅིག་ཀྱང་མེད་དེ། ཚོགས་ལ་བརྟེན་པ་འདི་ཉམས་མྱོང་བ་ལ་ཡང་དག་པར་སྣང་བས་ཚོགས་ལ་བརྟེན་པའི་དབེན་པ་བྱའི་གེ་རེ་མི་བྱ། ཕུ་ཆུང་བས་དམག་ཆེན་པོའི་གསེབ་ཏུ་ཚུད་ནས་འདུག་པ་སྙམ་བྱེད་པའི་ས་ནས་ཀྱང་དབེན་པ་རེ་རྙེད་ནས་ཡོང་བ་དེ་བཞིན་དུ་བྱ། དབེན་པ་ལ་གནས་པ་མེད་ན་སོ་སོར་ཐར་པ་རང་སྐྱ་བ་ཡང་བསྲུང་མི་ནུས། དེ་ཡང་དུས་གསུམ་གྱི་འདོད་པ་སྤངས་པ་ལ་ཡོད་ཀྱི་འདོད་པ་མ་སྤངས་པ་ལ་སྐབས་མེད། སེམས་རྣམ་པར་རྟོག་པ་ལས་དབེན་པ་ནི་ཐེག་པ་དམན་པའི་ཡིད་ལ་བྱེད་པ་ལས་ཀྱང་དབེན་པར་བྱེད་དགོས་ན་ཐ་མལ་པའི་རྟོག་པ་ལས་དབེན་པར་བྱ་དགོས་པ་སྨོས་ཀྱང་ཅི་དགོས་ཏེ། དབེན་པའི་དགོས་པ་འདོད་པའི་ཡོན་ཏན་ལྔ་ལས་སེམས་རིང་དུ་གྱུར་པ་ལ་བཤད། ལྔ་པ་ངག་དང་རྟོག་པ་དག་པ་ལས། ངག་དག་པ་ནི། ཐུན་མོང་བ་ངག་ཀྱལ་ལ་སོགས་པ་བཞི་དག་པ་དང༌། ཐུན་མོང་བ་མ་ཡིན་པ་གཞན་དོན་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚོགས་སུ་མི་འགྱུར་བ་ཐམས་ཅད་ཀྱང་དག་པའོ། །རྟོག་པ་དག་པ་ནི། ཐུན་མོང་བ་ཡུལ་དང་ཉེ་དུའི་རྣམ་པར་རྟོག་པ་ལ་སོགས་པ་རྟོག་པ་ངན་པ་བརྒྱད་དག་པ་དང༌། ཐུན་མོང་བ་མ་ཡིན་པ་ཐེག་པ་དམན་པའི་ཡིད་ལ་བྱེད་པ་དང་དངོས་པོར་འཛིན་པ་ཐམས་ཅད་ཀྱང་སྤངས་ནས་སྟོང་པ་སྙིང་རྗེའི་སྙིང་པོ་ཅན་དུ་བྱེད་པ་དང་གཞན་དོན་དུ་ཐམས་ཅད་མཁྱེན་པ་འཐོབ་པའི་ཐབས་ཉི་ཚེ་ལ་སྤྱོད་པའོ། །དྲུག་པ་བདག་ཉིད་ཁྱད་དུ་མི་གསོད་པ་ནི། བདག་གིས་གཞན་དོན་དུ་ཐམས་ཅད་མཁྱེན་པ་སྒྲུབ་པར་མི་ནུས། དེ་སྒྲུབ་པ་ལ་བྱང་ཆུབ་སེམས་དཔའི་དཀའ་བའི་སྤྱོད་པ་མགོ་དང་མིག་ཀྱང་སྦྱིན་པར་བཏང་བ་དང༌། ཉེས་བྱས་རེ་རེ་བསྲུང་བའི་ཆེད་དུ་ཡང་སྲོག་ཡལ་བར་བྱེད་དགོས་པ་དང༌། ཡན་ལག་དུམ་བུར་གཏུབས་ཀྱང་མི་བཟོད་པ་མེད་ཀྱི་སྟེང་དུ་དེ་ཉིད་ལ་སྙིང་རྗེ་སྒོམ་ཞིང་ལན་དུ་ཕན་གདགས་པ་ལ་སོགས་པ་དུས་ཐུག་པ་མེད་པར་སྤྱད་དགོས་པས། དེ་ངས་མི་ནུས་སྙམ་དུ་ཁྱད་དུ་གསོད་ན། མདོ་སྡེ་རྒྱན་ལས། གང་ཕྱིར་སེམས་ཅན་མིར་གྱུར་པ། །ཚད་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ཆུབ་ཐོབ་དེའི་ཕྱིར། །ཞུམ་པ་དང་དུ་བླང་མི་བྱ། །ཞེས་པའི་ཚུལ་གྱིས་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དང་པོ་ནས་དེ་དག་ཏུ་གྱུར་ཟིན་པ་ཞིག་མ་ཡིན། བདག་ལྟ་བུ་ལས་རིམ་གྱིས་གོམས་པར་བྱས་པ་ལས་དེ་བཞིན་དུ་གྱུར་པ་ཡིན་པས་ན། བདག་གིས་ཀྱང་གོམས་པར་བྱས་ན་མི་ནུས་པ་མེད་སྙམ་དུ་སྒོམ་པ་ཡིན་ཏེ། ད་ལྟ་ས་ལ་བཞུགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་མདའ་འཕངས་མིག་ལ་སླར་སོང་ནས་ཞུམ་པ་སྐྱེ་བ་ཙམ་ཡང་མི་ཡོང༌། གཞན་དོན་དུ་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་ཚེ་འདིའི་འདོད་པ་ཐམས་ཅད་སྤོང་ཞིང༌། ཚེ་འདིའི་བདེ་སྡུག་ཅི་ལ་ཡང་མི་ལྟ་བ་ཞིག་དགོས་བྱས་ཙ་ན་ཞུམ་ནས་ཡོང་བ་ཡིན་ཏེ། དེ་ལྟར་ཞུམ་པའི་དུས་ན་ཆོས་བོར་ན་ཚེ་འདི་ཉིད་ཀྱི་ཚེ་ཞབས་ལ་ཇི་ལྟར་འགྱུར་བ་ཡང་བསམ། རང་གིས་རྩོལ་བ་མ་བྱས་ན་ཉོན་མོངས་པས་ཀྱང་སྙིང་རྗེ་མི་ལྟ། སྦྱིན་པ་ལ་སོགས་པས་ཀྱང་ཁྱོད་ཀྱིས་སྒྲུབ་མི་ནུས་པར་འདུག་པས་ངེད་དག་གིས་རྫོགས་པར་བྱ་ཡིས་ཟེར་བ་མི་འོང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་གིས་ཀྱང་སྐྱབས་པར་མི་སྤྱོད། སྤྱོད་ན་ལྷ་སྤྱན་རས་གཟིགས་ཀྱི་དབང་པོ་གཅིག་པུས་དེང་སང་ན་ཐམས་ཅད་ཐར་པ་ལ་བཀོད་ཟིན་ཏེ། མ་ཐར་པ་དེ་མ་སྤྱོད་པ་ཡིན། རང་གིས་རྩོལ་བ་སྔར་བྱས་ན་སྔར་ཐར་ཕྱིས་བྱས་ན་ཕྱིས་ཐར། གཞན་ལ་བལྟས་ན་ཡང་ཆོས་བོར་བ་ལ་ཚེ་འདི་ཉིད་ལ་ཡང་སྐྱིད་ཡེ་མ་མཐོང༌། ཆོས་བཞིན་དུ་བྱས་ན་ཇེ་བདེ་འགྲོ་བ་མཐོང་བས་གྲུབ། སྐྱེ་བ་སྔ་མ་ཡན་ཆད་དུ་བདེ་བ་ཇི་སྙེད་ཅིག་སྤྱད་དེ་ཡང་བསླུས། སྡུག་བསྔལ་ཇི་སྙེད་ཅིག་ཉམས་སུ་མྱོང་བ་བླངས་ཏེ་ཡང་འབྲས་བུ་ཅི་ཡང་མེད་པ་ཡང་བསམ། ད་ལྟ་ཆོས་བྱེད་པའི་སྡུག་བསྔལ་ལ་སྔར་གྱི་ངན་སོང་གི་སྡུག་བསྔལ་གྱི་ཆ་ཤས་ཕྲ་མོ་ཙམ་ཡང་མེད་ལ་འབྲས་བུ་ཆེན་པོ་དང་བཅས་པ་སྡུག་བསྔལ་ཐམས་ཅད་མཐར་ཕྱིན་པར་བྱེད་པ་ཡིན་པ་ཡང་བསམ། ཆོས་བོར་བའི་བདེ་བ་ལ་སྔར་གྱི་བདེ་བ་ལས་ལྷག་པ་ཡང་མེད་ལ། འདིར་ཆོས་བོར་ན་ཕྱི་མ་ཕན་ཆད་དུ་སྡུག་བསྔལ་མུ་མཐའ་མེད་པ་ཉམས་སུ་བླང་དགོས་པ་ཡང་བསམས་ལ་བདག་ཉིད་ལ་ཁྱད་དུ་མི་གསོད། ད་ལྟ་ཆོས་ལ་ལེགས་མོར་ཚད་པ་རང་མེད་པས་བདག་ཉིད་ལ་ཁྱད་དུ་གསོད་པར་ཕྱིན་པ་ཡང་མི་འདུག་སྟེ་ལེགས་མོར་ཚད་ན་ཞུམ་ཞིང་ཁྱད་དུ་གསོད་པའི་ཉེས་ཆེ་སྟེ། རང་ལ་ཁྱད་དུ་གསད་ན་བདེ་འགྲོ་ཙམ་ཡང་མི་འགྲུབ་སྟེ། ཇེ་དམན་ཇེ་དམན་འགྲོ། བདུན་པ་བཟོད་པ་དང་དེས་པ་ལས། བཟོད་པ་ནི། སྡུག་བསྔལ་དང་གནོད་པ་བཟོད་པ་གཉིས་ཀ་དགོས། སྡུག་བསྔལ་བཟོད་པ་མེད་ན་ཆོས་གང་ཡང་མགོ་མི་ཐོན་པ་དགེ་བཤེས་སྟོན་པས་ཆང་ལ་སྦྱར་ནས་གསུངས་པ་བཞིན་དུ་ཡིན། གནོད་པ་མ་བཟོད་པར་ངན་ལན་བྱས་ན་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལོག་པའི་ཚུལ་ཁྲིམས་ཅན་དུ་མི་འགྱུར་བས་སྣ་ཚོགས་པའི་ཚུལ་གྱིས་བཟོད་པ་སྒོམ་སྟེ། སྐད་ཅིག་གཅིག་བྱས་སྡིག་པས་ཀྱང༌། །བསྐལ་པར་མནར་མེད་གནས་འགྱུར་ན། །ཞེས་ལས་འབྲས་བསམ་པ་ཁོ་ན་ཡང་བཟོད་པ་སྒོམ་པ་ལ་ཕན། དེ་ལྟར་བསམ་པ་ལས། བདག་ནི་བསྲེགས་ཏེ་བསད་གྱུར་ཏམ། །བདག་གི་མགོ་བོ་བཅད་ཀྱང་བླ། །རྣམ་པ་ཀུན་ཏུ་ཉོན་མོངས་པའི། །དགྲ་ལ་འདུད་པར་མི་བྱའོ། །ཞེས་པ་བཞིན་དུ་ཆོས་ཀྱི་སྒོ་མི་སྐྱོ་བར་བསྲན་ཚུགས་པ་ཞིག་དགོས། དེས་པ་ནི། ཡོན་ཏན་འདོད་པ་ནགས་ན་གནས་པ་ཡིས། །ཕ་རོལ་གཞན་གྱི་སྐྱོན་ལ་བརྟག་མི་བྱ། །བདག་ནི་ཁྱད་པར་འཕགས་ཤིང་བདག་མཆོག་ཅེས། །དེ་སྙམ་དུ་ནི་སེམས་བསྐྱེད་མི་བྱའོ། །ཞེས་གསུངས་པ་བཞིན་དུ་གཞན་ཉེས་པ་དང་འགལ་བར་སྤྱོད་པ་ལ་རྨ་མི་འབྱིན་པ་དེས་པའི་ཆོས་དྲུག་དང་ལྡན་པ་སྟེ། གཞན་ལ་རྨ་ཕྱུང་ན་ཐབས་ལ་ཉེན་བྱུང་བས་དགེ་བ་ཐམས་ཅད་ཟད་པར་བྱེད་པའི་ཕྱིར། བདག་ནི་ཚུལ་ཁྲིམས་ལྡན་ཞེས་བདག་མ་སྙེམས། །འདི་ནི་ཚུལ་ཁྲིམས་འཆལ་ཞེས་གཞན་མ་བརྙས། །ཚུལ་ཁྲིམས་ཙམ་གྱིས་གཞན་ལ་གང་བརྙས་པ། །བརྙས་ཕྱིར་དེ་ནི་ཚུལ་ཁྲིམས་འཆལ་ཞེས་བྱ། །ཞེས་པ་བཞིན་དུ་རང་ཉིད་འཆལ་བའི་ཁྱུར་ཆ། དེས་ན་ཆོས་བཞིན་གྱི་སྙིང་རྗེ་ཆེན་པོ་ལ་བརྟེན་ལ། སེམས་ཅན་ཉེ་དུ་བྱེད་བྱེད་པ་ཐམས་ཅད་ཀྱི་ཉེས་པ་ཐམས་ཅད་ནི་བདག་གིས་སྤངས་པར་དམ་བཅས་པ་ཡིན་པ་ལས། ད་དུང་སེམས་ཅན་གྱི་ཉེས་པ་སྣ་གཅིག་ཀྱང་སྤང་མ་ཐུབ་པ་འདུག་སྙམ་དུ་གནོང་བཀུར། བརྒྱད་པ་ཡན་ལག་ལྔས་བསྡུས་པའི་བག་ཡོད་པ་ནི། འདས་པའི་དུས་ན་ལྟུང་བ་བྱུང་བ་རྣམས་དྲན་མ་ཐག་ཏུ་ཕྱིར་འཆོས་པ་སྔོན་གྱི་མཐའ་ལ་བརྟེན་པའི་བག་ཡོད་པ་དང༌། མ་འོངས་པ་ན་ལྟུང་བ་བྱུང་ན་ཡང་ཆོས་བཞིན་དུ་ཕྱིར་བཅོས་པ་ཉིད་དུ་གོ་གྱོན་པ་ཕྱི་མའི་མཐའ་ལ་བརྟེན་པའི་བག་ཡོད་པ་དང༌། ད་ལྟར་ལྟུང་བ་བྱུང་བ་རྣམས་རྩལ་པོ་ཆེ་རྡབ་འཆོས་པ་བཞིན་དུ་སྟན་དེ་ཉིད་ལས་ལྡང་བའམ། དེ་ཉིད་ལས་ལྡང་བ་མ་གྲུབ་ཀྱང་རྒྱ་མཚོ་ཆེན་པོ་རོ་དང་མི་འགྲོགས་པ་བཞིན་དུ་ལྟུང་བ་དང་ཞག་ཏུ་མི་འགྲོགས་པར་ཕྱིར་འཆོས་པ་དབུས་ཀྱི་མཐའ་ལ་བརྟེན་པའི་བག་ཡོད་པ་དང༌། གནས་གང་དུ་གནས་པ་དང་གྲོགས་གང་དང་འགྲོགས་པ་དང༌། ལོངས་སྤྱོད་གང་ལ་སྤྱད་པ་དང་བྱ་བ་གང་བྱས་པ་དང་མདུན་འགྲོས་ཇི་ལྟ་བུ་བྱས་ན། བྱང་ཆུབ་སེམས་དཔའི་བསླབ་པ་ལ་མི་འབྱུང་བ་དང༌། གཞན་དོན་དུ་བྱང་ཆུབ་ཆེན་པོ་སྒྲུབ་པའི་བར་དུ་མི་གཅོད་པ་ཞིག་ཏུ་ལེགས་པར་དཔྱད་ནས་འཇུག་ལ། དེ་དག་ལ་བར་དུ་གཅོད་པ་འདུག་ན་མི་འཇུག་པ་བྱ་བ་ཐམས་ཅད་ཀྱི་ཐོག་མར་འགྲོ་བའི་བག་ཡོད་པ་དང༌། སྤྱོད་པ་ལ་འཇུག་པ་ལས། ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་ཉིད་ཁོ་ན་མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། །ཞེས་གསུངས་པ་བཞིན་དུ་འཕྲལ་འཕྲལ་དུ་ཡང་ལུས་ངག་ཡིད་གསུམ་གྱི་འཇུག་པ་ཐམས་ཅད་ལ་དྲན་དང་ཤེས་བཞིན་གྱིས་ཟིན་པར་བྱས་ནས་འཇུག་ལྡོག་བྱེད་ཅིང་ཉེས་པ་མི་འབྱུང་བར་བྱེད་པ་ལྷན་ཅིག་རྗེས་སུ་སྤྱོད་པའི་བག་ཡོད་པ་སྟེ། དེ་ལས་དང་པོ་གསུམ་ནི་ལྟུང་བ་ཕྱིར་འཆོས་པའི་དབང་དུ་བྱས་ལ། ཕྱི་མ་གཉིས་ནི་ཉེས་པ་མི་འབྱིན་པའི་དབང་དུ་བྱས་པའོ། །དགུ་པ་ཆོ་ག་ཕུན་སུམ་ཚོགས་པ་ནི། འཕྲལ་གྱི་བྱ་བ་ཆོས་གོས་དང་ལྷུང་བཟེད་ཀྱི་བྱ་བ་ཐམས་ཅད་ལ་ཡང་འཇིག་རྟེན་པའི་མཁས་པས་མ་སྨད་པ་དམ་པའི་ཆོས་འདུལ་བ་དང་མི་འགལ་བར་བྱེད་ལ། སྤྱོད་ལམ་རྣམ་བཞི་ཐམས་ཅད་ལ་ཡང་དེ་བཞིན་ཏེ། ཤིན་ཏུ་གདམས་པ་ལ་སོགས་པ་ལྔ་ཚན་བཞི་ལ་སོགས་པ་གསུངས་པ་བཞིན་དུ་བྱེད། དགེ་བའི་སྦྱོར་བའི་བྱ་བ་བསམ་གཏན་དང་ཀློག་པའི་འཁོར་ལོ་གཉིས་ལ་ཡང་དེ་བཞིན་ཏེ། པུ་ཏོ་བའི་ཞལ་ནས། རང་ཅག་ལ་འདི་ཀུན་ལ་ཆོས་སུ་གོ་བའམ་གླེང་བའི་གཞི་རང་མེད། འགྲོ་ན་ཉི་མ་ནུབ་ཀའི་གླང་སྟོར་བཞིན་དུ་མིག་ཕྱོགས་བཞིར་ལྟ། གོམ་པ་གྱ་ཚོམ་ལིངས་ལིངས་འབོར། ལྷན་ཅིག་འཚོགས་ན་ཡང་དམག་གཡུལ་ལེགས་པ་བཞིན་དུ་ཁ་གཏོད་མི་ཐུབ་པར་སྨྲ་གསུང་བར་གདའ། བཅུ་པ་འཚོ་བ་ཕུན་སུམ་ཚོགས་པ་ནི། སློབ་དཔོན་གྱི་རིན་པོ་ཆེའི་ཕྲེང་བར། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁ་གསག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྔར་ནི་སྨྲ་བའོ། །གཞོག་སློང་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པ། །ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པ། །རྙེད་པས་རྙེད་པ་རྣམས་འདོད་པ། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་པ་ལྟར་གྱི་ལོག་འཚོ་ལྔ་དང༌། སོ་ནམ་སྣ་བཞིས་འཚོ་བ་དང༌། ཐ་ན་བཟོས་འཚོ་བ་ཡང་སྤངས་ཏེ། ཆོས་བཤད་བྱས་པས་འཚོ་བ་ཡང་བཟོས་འཚོ་བར་བགྲང་བས་དེ་ཀུན་ཚུན་ཆད་སྤངས་ནས། ཉི་མ་ཕྱེད་ན་བསོད་སྙོམས་བྱིན་ལེན་ལག་པ་བཀན་པའི་སྟེང་དུ་བྱུང་བ་ཙམ་ཞིག་བླངས་ནས། སང་གི་འཚོ་བ་གང་ནས་ཡོང་གི་རྟོག་དཔྱོད་ཉིད་ཀྱང་མི་བྱེད་པར་གྱུར་པ་ན་ཡིན་ཏེ། ད་ལྟ་མིག་སུ་རྣོ་དང་བང་སུ་མགྱོགས་བྱེད་པར་སོང་བ་རྣམས་ལ་ཏ་ནམས་ཀྱང་མེད་དེ། ཇི་ལྟ་བུའི་བསོད་ནམས་ཅན་ཞིག་ལ་ཡང་ལོག་འཚོས་མ་སྒྲུབ་པའི་ཟས་སྐོམ་ཁམ་གང་དང་ཧུབ་གང་ཡང་མི་ཡོང་བར་སྣང༌། སྡོམ་པའི་ཚུལ་ཁྲིམས་ལ་ཕྱི་དུས་མེད་ཁས་བླངས་པའི་ཉིན་མོ་ནས་ཐམས་ཅད་ལ་སློབ་དགོས་པས་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་གང་ལ་བསླབ་པར་བྱ་བ་དེ་ལ་དེ་རིང་བསྙེན་པར་རྫོགས་པས་ཀྱང་བསླབ་པར་གསུངས་པ་ཡིན། ཉེས་བྱས་ཕྲ་མོ་གཅིག་གིས་ཀྱང་གཞན་དོན་དུ་ཐམས་ཅད་མཁྱེན་པ་སྒྲུབ་པའི་བར་དུ་གཅོད་པས་སྤང་ཞེས་ཤ་ར་བས་གསུངས། དེ་བཞིན་དུ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལའང༌། དགེ་བའི་ཆོས་ལེགས་པར་བསྡུས་པའི་ཚོད་ནི་པུ་ཏོ་བའི་ཞལ་ནས། ཉེར་གནས་ཀྱི་ཆོས་བཅུ་ཚང་བ་ན་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་ལྔའི་ཉེར་གནས་ལྔ། ཤེས་རབ་ཀྱི་ལྔ་སྟེ་བཅུ་ལས་ཤེས་རབ་ཀྱི་ལྔ་པོ་འདི་ཡང་རྒྱུ་འབྲས་ཉི་ཚེ་ལ་དམིགས་པར་འདུག་པས་གཞུང་དེ་ཀུན་ཉིད་ཀྱི་དབང་དུ་བྱས་ན་ཡང་མཐར་ཐུག་གི་ཤེས་རབ་ཀྱི་ཉེར་གནས་ཉིད་དུ་འགྲོ་བ་ཡིན་གསུངས་ཏེ། དེ་ཡང་ཤ་ར་བའི་ཞལ་ནས། སྦྱིན་པའི་ཉེར་གནས་ནི། ལུས་དང་ལོངས་སྤྱོད་ལ་ལྟ་བ་བྱུང་བ་ཆུང་ངུ་ཡང་དང་དུ་མི་ལེན་པ་སྟེ། ལུས་ལ་ལྟ་བ་དང་དུ་བླངས་ན་དེའི་ཆ་རྐྱེན་དུ་ལོངས་སྤྱོད་དགོས་པས་ལོངས་སྤྱོད་ལ་ཡང་ལྟ་ཞིང་གཏོང་མི་ནུས་པས་ན། འདོར་བར་འགྱུར་བའི་ལུས་སྲོག་ལ། །ཆུ་དང་རྩྭ་ཡྀ་ཟིལ་པ་ལྟར། །ལྟོས་མེད་ཡུན་རིང་གོམས་པས་ནི། །བདེ་བ་ཆེན་པོར་ནམ་ཞིག་འགྱུར། །ཞེས་པའི་ཚུལ་གྱིས་ལུས་ལ་བལྟས་ཀྱིན་ལོངས་སྤྱོད་ཀྱིས་བསྐྱངས་ཀྱང་མི་ན་བ་དང་མི་འཆི་བ་ལ་ནི་ནམ་ཡང་མི་ཕན། ནམ་ཡང་མི་འདོར། ལོད་པས་ན་ཆུ་དང་མི་རྟག་པས་ན་རྩྭའི་ཟིལ་དང་འདྲ། ལུས་འདི་ཅི་ཙམ་དུ་ལོངས་སྤྱོད་ཀྱིས་བསྐྱངས་པ་ཙམ་དུ་ཙེ་རག་ཇེ་ཆེར་འགྲོ། ན་ཚ་ཡང་སླར་མང༌། རྒས་གྲོན་ཡང་སླར་ཆེ། ན་ཚ་བྱུང་ན་ནད་གསོས་དང་སྨན་ཡང་བླ་ལྷག་རེ་དགོས། ངན་ངོན་གྱིས་བསྐྱངས་ན་དེ་ལས་ལྡོག་པར་འགྱུར་བ་ཡིན། ལུས་དང་ལོངས་སྤྱོད་ལ་ལྟ་བ་མ་སྤངས་ན་ཕྱི་མའི་བདེ་འགྲོ་ཡང་མི་ཡོང༌། སེར་སྣའི་ཉེས་དམིགས་ཀྱིས་ཡི་དྭགས་སུ་སྐྱེ་བ་བསམ་ལ་དེ་ལ་ལྟ་བ་དང་དུ་མི་བླང༌། དེ་ལྟར་ལུས་ལ་མི་ལྟ་བས་ལོངས་སྤྱོད་ལ་མི་ལྟ་ཞིང་སྦྱིན་པར་གཏོང་བ་འབྱུང་བས་ན་ཉེར་གནས་ཏེ་རྒྱུའི་དོན་ཏོ། །ཚུལ་ཁྲིམས་ཀྱི་ཉེར་གནས་ནི། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་འབྱུང་བ་དང་དུ་མི་ལེན་པ་སྟེ། ལས་དང་པོ་ལ་ཡེ་མི་སྐྱེ་བ་མི་ཡོང་ཡང༌། སྐྱེས་མ་ཐག་ཏུ་དང་དུ་མི་ལེན་པར་སྦྲུལ་པང་དུ་འོངས་པ་སྐྲོད་པ་བཞིན་དུ་ཉེས་དམིགས་ཤེས་པར་བྱས་ནས་སུན་འབྱིན་ཅིང་གཉེན་པོ་སྒོམ་དགོས་པ་ཡིན། དང་དུ་བླངས་ན་དེས་ཚུལ་ཁྲིམས་འཆལ་བ་ཀུན་ནས་སློང་བས་དེ་བསྲུང་བར་མི་ནུས། དེ་དང་དུ་མ་བླངས་ན་ཀུན་སློང་ལོག་པས་ལྟུང་བ་ལྡོག་ཅིང་དེ་བསྲུང་ནུས་པར་འགྱུར་བས་ཉེར་གནས་ཞེས་བྱ། ཕུ་ཆུང་བས་གསུངས་པ་བཞིན་དུ་ད་ལྟ་ཉོན་མོངས་པས་ཕྱི་སྐན་དུ་མནན་ནས་འདུག་པའི་དུས་ན་ཡང་འོག་ནས་སོམ་ཚིགས་རེ་ཙམ་བྱེད་དགོས་ཏེ། ད་ལྟ་ཉོན་མོངས་པ་ལ་དགྲར་ཤེས་པ་རང་མེད་ཇོ་བོ་ཉིད་ལ་སྐྱབས་སུ་སོང་ནས་འདུག དགྲ་ཞིག་རང་དུ་ཤེས་ན་ཏ་སྨ་ཕེབས་པའི་དུས་ཤིག་ཡོང༌། ཡང་དང་ཡང་དུ་ཉེས་དམིགས་སུ་བལྟས་ཀྱིན་གཉེན་པོ་བསྟེན་ན་རྒྱུད་ལ་འབྱུང་བ་ཇེ་ཉུང་རྒྱུ་བ་ཇེ་ཞན་ཡུན་ཇེ་ཐུང་ལ། མཐར་ཡེ་མི་འབྱུང་བར་ཡང་འགྱུར་བ་ཡིན། བཟོད་པའི་ཉེར་གནས་ནི། ཁྲོ་བ་དང་འཁོན་དུ་འཛིན་པ་ལ་སོགས་པ་བྱུང་བ་དང་དུ་མི་ལེན་པ་སྟེ། ལས་དང་པོ་པ་འདོད་པའི་ཁམས་པ་ལ་དེ་དག་ཡེ་མི་སྐྱེ་བ་མི་ཡོང༌། བྱུང་བ་དང་དུ་མི་ལེན་པར་སྤོང་དགོས་པ་ཡིན། དང་དུ་བླངས་ན། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཡང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་པའི་ཚུལ་གྱིས་དགེ་བ་ཐམས་ཅད་བསྲེག་པར་བྱེད། སེམས་ཅན་བློས་སྤངས་པས་བྱང་ཆུབ་ཀྱི་སེམས་ཀྱང་གཏོང་བ་ཉིད་དུ་ཤེས་པར་བྱས་ལ་དང་དུ་མི་བླང༌། བརྩོན་འགྲུས་ཀྱི་ཉེར་གནས་ནི། སྦྱོར་བ་དམན་པའི་ལེ་ལོ་དང་སྙོམ་ལས་ཀྱི་ལེ་ལོ་བྱུང་བ་དང་དུ་མི་ལེན་པ་སྟེ། དེ་དང་དུ་བླངས་ན་བདེ་འགྲོ་ཙམ་ཡང་མི་ཐོབ་ན་ཐམས་ཅད་མཁྱེན་པ་ལྟ་ཅི་སྨོས། དེ་མ་ཐོབ་ན་གཞན་དོན་མི་འགྲུབ་པས་མགྲོན་དུ་གཉེར་བའི་སེམས་ཅན་ཐམས་ཅད་བསླུས་པའི་ཕྱིར། རྫུན་ཆེན་པོ་སྨྲས་པས་བདག་ཉིད་ངན་སོང་དུ་འགྲོ་བ་བསམས་ལ། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །སེམས་ཅན་མཆོག་ནི་དལ་གྱིས་འགྲོ་མི་མཛེས། །བདག་གཞན་སྣ་ཚོགས་འཆིང་བས་རབ་བཅིངས་པས། །བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བར་རིགས། །ཞེས་པས་མཚོན་ཏེ་སེམས་ཅན་གཅིག་དང་སེམས་ཅན་ཐམས་ཅད་ཀྱི་ཁྱད་ཙམ་དུ་བརྩམས་ལ། བསླབ་པ་ཀུན་ལས་བཏུས་པ་ལས་གཏོང་བསྲུང་དག་སྤེལ་བཞི་བྱང་ཆུབ་ཀྱི་སེམས་དང་བཅས་པ་ལ་བར་མཚམས་མེད་པར་སྒྲུབ་པར་གསུངས་པ་བཞིན་དུ་གོ་ཆ་བགོ་བར་བྱ། བསམ་གཏན་གྱི་ཉེར་གནས་ནི། སྒྲིབ་པ་ལྔ་དང་དེའི་རོ་མྱང་བ་བྱུང་བ་དང་དུ་མི་ལེན་པ་སྟེ། འདོད་པ་ལ་འདུན་པ། གནོད་སེམས། གཉིད་རྨུགས། རྒོད་འགྱོད། ཐེ་ཚོམ་རྣམས་ཀྱི་གཉིད་དང་རྨུགས་པ་གཉིས་སེམས་སློང་བར་བྱེད་པས་གཅིག་ཏུ་བྱས། རྒོད་པ་དང་འགྱོད་པ་གཉིས་སེམས་གཡེང་བར་བྱེད་པས་གཅིག་ཏུ་བྱས་པའི་སྒྲིབ་པ་ལྔ་དང་དུ་བླངས་ན། འདོད་པ་ལ་འདུན་པ་དང་གནོད་སེམས་ཀྱིས་ཤཱི་ལ་བསྲུང་བའི་བར་ཆད་བྱེད། གཉིད་དང་རྨུགས་པས་སེམས་ཀྱི་བསླབ་པ་སྒྲུབ་པ་ལ་བར་དུ་གཅོད། རྒོད་པ་དང་འགྱོད་པས་ཤེས་རབ་ཀྱི་བསླབ་པ་སྒྲུབ་པ་ལ་བར་དུ་གཅོད་པས་ཏིང་ངེ་འཛིན་མི་འཐོབ། རོ་མྱངས་ན་ཐོབ་པ་ཉམས་པར་བྱེད་པས་དེ་དག་དང་དུ་མི་བླང༌། རང་ཅག་གི་རྒྱུད་དུས་རྟག་ཏུ་སྒྲིབ་པ་ལྔས་དབང་དུ་བྱས་ནས་འདུག་པས་དེ་དག་གི་གཉེན་པོ་བསྟེན་པ་ལ་འབད་པ་ཆེན་པོ་བྱ། ད་ལྟ་བསམ་གཏན་གྱི་བདེ་བའི་རོ་ཕྲ་མོ་ཙམ་ཡང་མྱོང་བ་མེད། ཡོད་ན་འདོད་པའི་བདེ་བ་བས་ཀྱང་ཉམས་ལ་སྤེན་པ་སྤང་དཀའ་བ་ལགས་པར་གདའ། ཤེས་རབ་ཀྱི་ལྔ་ནི། དགེ་བའི་འབྲས་བུའི་ཕན་ཡོན་ཤེས། དགེ་བའི་རྒྱུ་ཤེས། དགེ་བ་ལ་བར་དུ་གཅོད་པ་ཤེས། དགེ་བའི་འབྲས་བུ་ལ་ཕྱིན་ཅི་ལོག་ཤེས། དེ་ལ་ཕྱིན་ཅི་མ་ལོག་པའོ། །ད་ལྟ་ཚན་ཅིག་སྒྱུ་མ་ལྟ་བུ་མ་ཤེས་ན་གཞན་ཐམས་ཅད་ཀྱིས་ཕན་མེད་ཟེར་ཏེ། དེ་ཏ་མཐོང་བའི་ལམ་མ་སྐྱེས་ན་འཇིག་རྟེན་གྱིས་ཀྱང་ཅི་རུང་སྟེ། ཆོས་ལ་གོ་བ་བྱ་བ་ཞིག་དགོས། འདི་དག་མེད་པར་སྒྱུ་མ་ལྟ་བུར་ཤེས་པ་སྐྱེར་མི་བཏུབ། འདི་ལྔ་ཡོད་པས་ཀྱང་དོན་ཐམས་ཅད་གྲུབ་པ་ཡིན། དེ་ལ་དང་པོ་དགེ་བའི་འབྲས་བུའི་ཕན་ཡོན་ཤེས་པ་ནི། དགེ་བའི་འབྲས་བུ་མངོན་པར་མཐོ་བ་ཐོབ་པའི་ཕན་ཡོན་ཐར་པ་གསུམ་གྱི་རྟེན་དུ་རུང་བ་དང༌། ཉན་ཐོས་དང་རང་རྒྱལ་བའི་ཐར་པའི་ཕན་ཡོན་སྡུག་བསྔལ་རྒྱུ་དང་བཅས་པ་གཏན་སྤངས་པ་དང༌། ཐམས་ཅད་མཁྱེན་པ་ཐོབ་པའི་ཕན་ཡོན་སྤངས་པ་དང་ཡེ་ཤེས་ཀྱི་མཐར་ཕྱིན་ནས་འཕྲིན་ལས་སེམས་ཅན་ཐམས་ཅད་ཀྱི་གསོས་སུ་གྱུར་པ་ཤེས་པ་ལ་སོགས་པའོ། །གཉིས་པ་དགེ་བའི་རྒྱུ་ཤེས་པ་ནི། དགེ་བ་ལུས་ངག་ཏུ་ཐོན་པའི་རྒྱུ་མ་ཆགས་པ་ལ་སོགས་པ་གསུམ་ཡིན་ལ། མ་ཆགས་པ་ལ་སོགས་པ་གསུམ་གྱི་རྒྱུ་སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། དམ་པའི་ཆོས་ཉན་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང༌། མཐུན་པའི་ཡུལ་དུ་གནས་པ་ཡིན་པར་ཤེས་པའོ། །གསུམ་པ་དགེ་བ་ལ་བར་དུ་གཅོད་པ་ཤེས་པ་ནི། རྒྱུ་དེ་ལས་ལྡོག་པ་ཡིན་པར་ཤེས་པའོ། །བཞི་པ་དགེ་བའི་འབྲས་བུ་ལ་ཕྱིན་ཅི་ལོག་ཤེས་པ་ནི། དགེ་བའི་འབྲས་བུ་མངོན་པར་མཐོ་བ་ལ་བརྟག་པ་ལ་སོགས་པ་བཞིར་འཛིན་པ་ཕྱིན་ཅི་ལོག་པར་ཤེས་པའོ། །ལྔ་པ་དེ་ལ་ཕྱིན་ཅི་མ་ལོག་པ་ཤེས་པ་ནི། དེ་ལས་ཟློག་པ་ཕྱིན་ཅི་མ་ལོག་པ་ཡིན་པར་ཤེས་པའོ། །དེ་ལྟར་དུ་དགེ་བའི་འབྲས་བུའི་ཕན་ཡོན་ཤེས་པས་རྒྱུ་ལ་འཇུག་ཅིང་བར་ཆད་སྤོང༌། དེ་ལྟར་བྱས་པས་འབྲས་བུ་ཐོབ་ཙ་ན་ཕྱིན་ཅི་ལོག་སྤོང་ཞིང་ཕྱིན་ཅི་མ་ལོག་པ་སྒྲུབ་པ་ཡིན་ཏེ། དགེ་བ་ཆོས་སྡུད་ཀྱི་ཉེར་གནས་བཅུ་པོ་འདི་ཀུན་ལ་ཡང་ད་ལྟ་ཉིད་ནས་སློབ་དགོས། དེ་དག་ལས་གཞན་པ་རྣམས་དངོས་སུ་སྒྲུབ་པར་ནུས་པ་རྣམས་དངོས་སུ་སྒྲུབ། དངོས་སུ་མི་ནུས་པ་སྤྱོད་ཡུལ་དུ་མ་གྱུར་པ་རྣམས་ལ་མོས་པ་བསྒོམ་ཞིང་སྨོན་ལམ་འདེབས། ཕྱི་དུས་སུ་འང་འཇོག་པ་ཡིན། གསུངས་ཤིང༌། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི་རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ལ། སེམས་ཅན་དོན་བྱེད་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། སྦྱིན་པ་ལྟ་བུ་གཅིག་ཉིད་ཀྱང་རང་གི་སངས་རྒྱས་ཀྱི་ཆོས་རྫོགས་པར་བྱེད་པའི་ཆ་ནས་དགེ་བ་ཆོས་སྡུད། སེམས་ཅན་ལ་ཕན་འདོགས་པའི་ངོས་ནས་སེམས་ཅན་དོན་བྱེད་དེ་སྦྱིན་པས་བསྡུ་བར་འགྲོ་བ་ཡིན། ལྷག་མ་ལྔ་ཡང་རང་གི་སངས་རྒྱས་ཀྱི་ཆོས་རྫོགས་པའི་ཆ་ནས་དགེ་བ་ཆོས་སྡུད། ཕ་རོལ་ཏུ་ཕྱིན་པ་ལྔ་གཞན་ལ་ཕན་འདོགས་པའི་ཆ་ནས་སྙན་པར་སྨྲ་བ་ལ་སོགས་པ་གསུམ་དུ་འགྲོ་སྟེ་རྫས་ཐ་དད་པ་མ་ཡིན་གསུངས་པས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། དངོས་དང་བརྒྱུད་པས་སེམས་ཅན་ལ་ཕན་པར་འགྱུར་བ་བསྡུ་བའི་དངོས་པོ་བཞི་སྟེ། དེ་ཡང་ཤ་ར་བ་ཉིད་ཀྱི་ཞལ་ནས། མངོན་པར་ཤེས་པ་མེད་རིང་ལ་དམུས་ལོང་རི་དྭགས་ལ་མདའ་འཕེན་པ་དང་འདྲ་བས་དངོས་སུ་སེམས་ཅན་གྱི་དོན་བྱ་བ་དཀའ། སེམས་ཅན་གྱི་ཕན་བདེ་སངས་རྒྱས་ཀྱི་བསྟན་པ་ལ་རག་ལས་པས་དེ་འཇིག་རྟེན་ན་ཅི་ཡོད་བྱ། དེ་དགེ་འདུན་ལ་རག་ལས། དགེ་འདུན་དགེ་འདུན་དུ་བྱེད་པ་འདུལ་བ་འཛིན་པ་ལ་རག་ལས་ཏེ། དགེ་སློང་བཞི་ཡན་དུ་ཚོགས་པ་ལ་དགེ་འདུན་ཟེར། དགེ་སློང་དགེ་སློང་དུ་འདུལ་བ་འཛིན་པར་བྱེད་པས་འདུལ་བ་འཛིན་པ་ཅི་ཡོད་བྱ། ཕྱོགས་གང་ན་སྡེ་སྣོད་ཀྱི་ཆོས་མ་དར་བ་དེ་བྲིས་ཀྱིན་བཞག་ན་ཡང་གཞན་དོན་དུ་འགྱུར་གསུངས་པར་གདའ་སྟེ། བོད་དུ་ཡང་བསྟན་པའི་མེ་རོ་སྡེ་སྣོད་ཀྱི་ཆོས་ལ་བརྟེན་ནས་ལངས་པས་དེ་ཡང་ངེས་དོན་ཁོ་ནར་ཡོང་བར་གདའ། ད་ལྟ་འདུལ་བ་འཛིན་པས་དགེ་འདུན་འདུལ་བ་བཞིན་དུ་བསྐྱངས་པ་ཡང་དཀའ་བར་སྣང༌། དགེ་འདུན་བཟང་ངན་ཡང་འདུལ་བ་འཛིན་པས་བསླབ་པ་བསྲུང་བ་ལ་བཀོད། ལས་བརྒྱ་རྩ་གཅིག་གིས་དགེ་འདུན་གྱི་བྱ་བཞག་ཐམས་ཅད་གཏན་ལ་ཕབ་ནས་བྱེད་པ་ལ་མི་ཟེར་བར། ཐབ་ཁ་ཆེ་བ་དང༌། དྲོས་ཇ་དགོང་ཇ་ཡོད་པ་ལ་དགེ་འདུན་བཟང་ཟེར་ཏེ། དེས་དགེ་འདུན་བཟང་བར་མི་འགྲོ། དྲོས་ཇ་དགོང་ཇ་ཚོང་པ་དང་གསེར་ཁ་བ་ལ་ཡང་ཡོད། འདུལ་བ་འཛིན་པས་འདུལ་བའི་ཉན་བཤད་ཁ་ཟད་ཟད་བྱས་ཀྱང་འདུལ་བའི་ལག་ལེན་རང་ཡང་མི་བྱེད་གཞན་ལ་ཡང་མི་སློབ་པ་ཁོ་ན་ལས་མི་ཡོང་བར་སྣང༌། ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པ་མ་ཆག་པར་འདོན་པའི་དགེ་འདུན་རང་ཡང་ཡོད་པ་ཙམ་མ་ཐོས། ཇོ་བོས་དགེ་བཤེས་སྟོན་པ་ལ་ཁྱོད་ཀྱིས་དགེ་འདུན་གྱི་སྡེ་ཞིག་གྱིས་ཤིག་གསུངས། བོད་ནས་དགེ་བསྙེན་ལ་དེའི་ནུས་པ་མ་མཆིས། བོད་ལུགས་ཀྱིས་མི་ཆོས་ཀྱི་རྒྱབ་ལ་བརྟེན་འཚལ་ཏེ་མི་ཆོས་རྙང་རྙིང་འགའ་མཆིས་པ་ཡང་བྱང་ཕྱིར་རྒྱབ་ཕ་ཀིར་ལུས་ཞུས་པ་ལ། ང་ན་རེ་གྱིས་ཟེར་བ་ཡིན་གྱིས་ལ་ཅི་ནས་ཀྱང་གྱིས་ཤིག་གསུངས་ནས་ནན་ཆེན་པོས་མཛད་དུ་བཅུག་པ་དེ་ཐུགས་ལ་བཞག་ནས་རྭ་སྒྲེང་མཛད་འདུལ་བ་འཛིན་པར་ཕུ་ཆུང་བ་བསྐོས་པ་ཡིན། རང་ཅག་ལ་འདུལ་བ་འཛིན་པ་ཅི་ཡོད་དང་དགེ་འདུན་ཅི་ཡོད་བྱ་བའི་ནུས་པ་མེད་པས། རང་གི་འདུལ་བ་འཛིན་པ་རང་གིས་བྱས་ལ་རང་གི་གནས་ལུགས་མ་ནོར་ཞིང་རང་གིས་ཁས་བླངས་ཀྱི་སྡོམ་པ་ཅི་ཡོད་བྱ། སྡོམ་པ་ཅན་གྱི་གང་ཟག་ཡོད་ན་ཡང་དངོས་དང་བརྒྱུད་པས་གཞན་དོན་དུ་འགྲོ། རང་རང་དགེ་སློང་དུ་གྲུབ་ན་དེ་བཞི་ཡན་ཆད་དུ་ཚོགས་པ་ལ་དགེ་འདུན་དུ་ཟེར་བ་ཡིན། དེ་ལ་བརྟེན་ནས་སེམས་ཅན་གྱི་ཕན་བདེ་མང་པོ་འབྱུང༌། རང་རེའི་གནས་ལུགས་ལ་མ་ནོར་བ་ཙམ་ཡོད་པས་ཀྱང་དྲུང་དུ་སུ་འཁོར་ལ་ཕན་ཏེ་ཡོང་བ་ཡིན་པས། རང་གི་གནས་ལུགས་མ་ནོར་བར་བྱས་ལ། དྲུང་དུ་གཅིག་འཁོར་རུང་གཉིས་འཁོར་རུང་མི་རུང་བ་ལས་ཅི་བཟློག་བྱ། དགེ་བཤེས་སྟོན་པས་སྐུ་མཆེད་ཀུན་ལ་གནས་གཞི་དང་བན་དེ་གསར་པ་མ་བྱེད། རྙིང་བ་བཏུབ་ན་བཏུབ་ཚད་ཀྱིས་སྐྱོངས་གསུངས་པ་བཞིན་དུ་མད་པ་ཡིན། ད་མན་ཆད་གསར་པ་གཤའ་མ་འོང་བ་ཉུང༌། རྙིང་པ་ཕྱོགས་རིས་མེད་པར་བསྐྱངས་ན། ལོ་རེས་རྙིང་ཡང་དེ་ངེས་ཕན་ཡང་ཆེ། ནུས་པ་ཡང་ཆེ། གནས་གསར་བྱས་པས་ཕལ་ཆེར་སྡེ་འཁྲུག་གི་རྩ་བ་ཞིག་ལས་མི་ཡོང༌། ཕན་འདོགས་པ་བཞིན་དུ་འདུག་པ་སྙམ་བྱེད་ཙ་ན་ནུས་པ་འདྲ་བ་ཨེན་ཅིག་ཡོད་པར་སོང་མ་ཐག་ཏུ་བབ་རྒུ་ཕྱི་མར་རློག་པའི་ཉེན་ཆེ་བས། གཞན་ལ་གནོད་པ་མི་བྱེད་པ་ཞིག་གཞན་དོན་དུ་གལ་ཆེ་གསུངས། གཉིས་པ། དེའི་ཆེ་བས་ཚུལ་ཁྲིམས་དང་ལྷག་པའི་སེམས་ཀྱི་བསླབ་པའི་འབྲེལ་བྱེད་པ་ནི། དེ་བས་རྣམ་དག་རྫོགས་བྱང་ཆུབ། །སེམས་དཔའི་སྡོམ་པའི་སྡོམ་དག་ནི། །འབད་པ་བྱས་པས་རྫོགས་བྱང་ཆུབ། །ཚོགས་ནི་ཡོངས་སུ་རྫོགས་པར་འགྱུར། །ཞེས་གསུངས་ཏེ། དེ་ལ་པུ་ཏོ་བའི་ཞལ་ནས། དེ་ལྟར་ལྷག་པའི་ཚུལ་ཁྲིམས་ཙམ་ཡོད་ཀྱང་མངོན་པར་ཤེས་པ་མེད་ན་རང་གི་ཚོགས་མྱུར་དུ་རྫོགས་པ་དང་སེམས་ཅན་གྱི་དོན་བྱ་བར་ཡང་མི་ནུས་པས་དེ་དགོས། དེ་ལ་ཡང་ཞི་གནས་སྒྲུབ་དགོས། དེ་ལ་དེའི་ཡན་ལག་དང་ཚོགས་ལ་གནས་དགོས་པ་ཉིད་དུ་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་ཀྱི་བསླབ་པའི་འབྲེལ་བྱེད་པ་ནི། དེ་བས་ཞེས་པ་སྟེ། དེ་བས་ཟེར་ཡང་དེ་ལྟར་བྱ་བ་གཅིག་ཏུ་འོང་བ་འདྲ། སྡོམ་དག་ནི་བྱ་བ་དེ་སྡོམ་དག་ལ་བྱ་བ་ཞིག་ཏུ་ཡོང་བ་འདྲ་སྔར་གསུངས་ཤིང༌། ཕྱིས་ཚིགས་སུ་བཅད་པ་འདིས་འབྲེལ་ཡང་ཡིན་ལ། གོང་མའི་ཆེ་བ་ཡང་བསྟན་པ་ཡིན། ཚུལ་ཁྲིམས་བསླབ་པ་གསུམ་ལ་ལེགས་པར་བསླབས་ན། དེ་གསུམ་ལ་གུས་པ་ཇེ་ཆེར་འགྱུར་བ་དེ་བས་ཞེས་ཀྱང་གསུངས་པས། བཤད་མ་ཐག་པ་བཞིན་དུ་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་པོ་དེ་དག་ལ་ལེགས་པར་བསླབས་ན། སྡོམ་པ་དང་དགེ་བ་ཆོས་སྡུད་ཀྱི་དང་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་པོ་དེ་ལ་སློབ་པ་ལ་གུས་པ་ཇེ་ཆེར་འགྱུར་བ་དེ་བས་ན། རྣམ་པར་དག་པའི་རྒྱུར་གྱུར་པའམ། རྣམ་པར་དག་པའི་མཚན་ཉིད་དམ་བདག་ཉིད་དམ་ཚུལ་དུ་རྫོགས་པའི་བྱང་ཆུབ་ལ་སེམས་བྱང་སེམས་ཀྱི་སྡོམ་པར་གྱུར་པའི་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་གསུམ་པོ་དག་ལ་ནི་སྔར་བསྟན་པ་བཞིན་དུ་འབད་པ་བྱས་པས། འབྲས་བུ་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ནི་ཡོངས་སུ་རྫོགས་པར་འགྱུར། ཞེས་པ་སྟེ། མཁན་པོ་དཔལ་ལྡན་པའི་ཞལ་ནས། དེ་ལྟར་ཚུལ་ཁྲིམས་གསུམ་པོ་ལ་ལེགས་པར་བསླབས་ན་སྡོམ་པ་རྣམ་པར་དག་པས་རྫོགས་པའི་བྱང་ཆུབ་འཐོབ་སྟེ་རྒྱུ་ཡིན་པས་སོ་གསུངས།

གཉིས་པ། ལྷག་པའི་ཏིང་ངེ་འཛིན་ནམ་སེམས་ཀྱི་བསླབ་པ་བཤད་པ་ལ། འབྲས་བུ་མངོན་ཤེས་ཀྱི་ཆེ་བ་དང༌། རྒྱུ་སེམས་ཀྱི་བསླབ་པ་ལ་སློབ་ཚུལ་གཉིས་ཀྱི། དང་པོ་ལ། ཤ་ར་བའི་ཞལ་ནས། རང་གི་ཚོགས་རྫོགས་པ་དང༌། སེམས་ཅན་གྱི་དོན་བྱེད་པ་དང༌། རང་དང་གཞན་གྱི་གེགས་དང་བར་ཆད་སྤོང་བ་ཐམས་ཅད་ལ་མངོན་པར་ཤེས་པ་དགོས་པ་ལས་གཉིས་གཞུང་གིས་ཟིན་ཐ་མ་གདམས་ངག་ལས་འབྱུང་གསུངས་པའི། དང་པོ་རང་གི་ཚོགས་རྫོགས་པའི་ཆེ་བ་ནི། བསོད་ནམས་ཡེ་ཤེས་རང་བཞིན་གྱི། །ཚོགས་ནི་ཡོངས་སུ་རྫོགས་པ་ཡི། །རྒྱུ་ནི་སངས་རྒྱས་ཐམས་ཅད་དག །མངོན་ཤེས་བསྐྱེད་པ་ཉིད་དུ་བཞེད། །ཅེས་གསུངས་ཏེ། དེ་ཡང་རྫོགས་བྱའི་ཚོགས་ཐམས་ཅད་ཀྱང་བསྡུ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་པོ་འདིར་འདུས་པའི་ཚོགས་དེ་གཉིས་དུས་ནམ་ཞིག་ན་རྫོགས་པ་ཙམ་དུ་སྔ་མས་ཀྱང་འགྱུར་ཡང༌། ཚོགས་དེ་གཉིས་མྱུར་དུ་ཡོངས་སུ་རྫོགས་པར་བྱེད་པ་ཡི་རྒྱུ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དག །དགོངས་པ་མཐུན་པར་བྱང་ཆུབ་སེམས་དཔའ་དེའི་རྒྱུད་ལ་མངོན་པར་ཤེས་པ་བསྐྱེད་པ་ཉིད་དུ་བཞེད་ཅེས་པ་སྟེ། དེ་ལ་ཤ་ར་བའི་ཞལ་ནས། སྐྱེ་དང་ངག་སེམས་དགེ་དང་མི་དགེ་བསྐྱེད། །དེ་ཡི་གནས་དང་འབྱུང་བ་མངོན་སུམ་གང༌། །ཤེས་པ་ཀུན་འགྲོ་རབ་ཏུ་དབྱེ་བཅས་ལ། །ཐོགས་མེད་བརྟན་པ་ཐོབ་པའི་མཐུ་ཡིན་ནོ། །ཞེས་མདོ་སྡེ་རྒྱན་ལས་གསུངས་པའི་ཚུལ་གྱིས་མངོན་པར་ཤེས་པ་ཐམས་ཅད་ཡོད་ན་ཚོགས་རྫོགས་པ་ལ་ཚེགས་མེད་ལག་གིས་བྱེད་པ་དང་འདྲ་སྟེ། སྐྱེ་བ་དྲན་པ་ཙམ་ཡོད་ཀྱང་ཚོགས་རྫོགས་བླ་སྟེ། སྔོན་གྱི་གནས་རྗེས་སུ་དྲན་པར་བགྲང་བ་ཡིན། དེ་ཡོད་ན་སྦྱིན་པ་རང་འཁྲུངས་སུ་ཡོད་པར་ཟན་དྲོན་ཆང་བའི་སྐྱེས་པའི་རབས་ལས་གསུངས་ཏེ། རྒྱལ་པོ་དེ་དུས་རྟག་ཏུ་སྦྱིན་པ་ལ་ལག་བརྐྱང་བ་ཉིད་དུ་མཛད་ནས། བདེ་བར་གཤེགས་ལ་བཀུར་སྟི་བྱས་པ་ཆུང་ངུ་ཡང༌། །འབྲས་བུ་འབྱོར་བ་ཆུང་ངུ་མེད་ཅེས་སྔོན་ཐོས་ཀྱི། །ཟན་དྲོན་ཁེངས་པ་རྩུབ་པོ་ལན་ཚྭ་མེད་པ་ཡི། །འབྲས་བུ་འབྱོར་པ་ཆེན་པོ་འདི་ལྟར་གྱུར་ལ་ལྟོས། །ཤིང་རྟ་སྣ་ཚོགས་རྟ་དང་གླང་པོ་འགྱིང་བ་དང༌། །བདག་གི་དམག་ཚོགས་ཆེན་པོ་འདི་དང་ས་ཆེན་འདི། །ནོར་མང་དཔལ་ཡང་རྗེས་ཆགས་བཙུན་མོ་རྒྱ་ཆེན་ལྡན། །ཟན་དྲོན་ཆངས་གཅིག་འབྲས་བུ་གྲུབ་པ་བཟང་པོ་ལྟོས། །ཞེས་པའི་ཚིགས་སུ་བཅད་པ་གཉིས་དུས་རྟག་ཏུ་གསུངས། དེ་སྐད་གསུངས་པའི་རྒྱུ་གཞན་གྱིས་ཞུ་མ་ནུས་པའི་སྐབས་སུ་བཙུན་མོ་གནང་ཆེན་སྤོབས་པ་ཐོགས་པ་མེད་པ་དེས་ཞུས་པ་དང༌། ང་སྐྱེ་བ་སྔ་མ་ལ་གྲོང་ཁྱེར་འདི་ཉིད་དུ་གླ་མི་ཞིག་ཏུ་གྱུར་པའི་ཚེ། དགེ་སྦྱོང་བསོད་སྙོམས་པ་བཞི་ལ་ཟན་དྲོན་ཁེངས་པ་ལན་ཚྭ་མེད་པ་གཅིག་གུས་པར་བྱིན་པས་དེའི་འབྲས་བུ་ད་ལྟ་རྒྱལ་སྲིད་ཀྱི་འབྱོར་པ་དང་ལྡན་པར་གྱུར་པ་གཉིད་ལོག་པ་ལས་སད་པ་བཞིན་དུ་དྲན་ནས་དེ་སྐད་བཟླས་པ་ཡིན་གསུངས། དེས་ན་ད་ཡང་སྦྱིན་པ་ལ་གུས་པར་བྱ་དགོས་པ། མཚན་མ་བཟང་པོས་མངོན་པར་མཚོན་པ་ལེགས་པའི་ལམ། །དེ་ཉིད་ལ་ནི་བདག་གིས་ད་དུང་བརྟེན་པར་བྱ། །འཇིག་རྟེན་པ་ནི་སྦྱིན་པའི་འབྲས་བུ་ཐོས་ནས་སྟེར། །ང་བདག་ཉམས་སུ་མྱོང་ན་ཅི་ཕྱིར་སྦྱིན་མི་བྱ། །ཞེས་གསུངས། བཙུན་མོ་དེས་ཀྱང་སྐྱེ་བ་སྔ་མ་ལ་བྲན་མོ་ཞིག་ཏུ་གྱུར་པའི་དུས་ན་ཟན་ཆངས་གཅིག་ཐུབ་པ་ཟག་པ་ཟད་པ་ཞིག་ལ་གུས་པས་ཕུལ་བས་ད་ལྟ་ཁྱོད་ཀྱི་བཙུན་མོར་གྱུར་པ་བྱིས་པའི་དུས་ན་བྱས་པ་ད་ལྟ་དྲན་པ་བཞིན་དུ་དྲན་ཞེས་ཟེར་ཏེ། དངོས་པོ་དམན་ཡང་མེད་པའི་དུས་ན་ཡིན་པ་དང༌། ཞིང་དགེ་འདུན་དང་དགྲ་བཅོམ་པ་ཡིན་པ་དང༌། བསམ་པའི་ཡོན་ཏན་གྱིས་འབྲས་བུ་ཆེན་པོར་གྱུར་ཏེ། དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པ་ས་ཆེན་པོ་རྒྱ་མཚོ་ལ་ཐུག་པའི་བདག་པོར་གྱུར་ཟེར། རིན་པོ་ཆེ་སྣ་བདུན་གྱི་གཏམ་ནི་མི་སྣང༌། དེ་བཞིན་དུ་ཚུལ་ཁྲིམས་ཀྱང་རང་འཁྲུངས་སུ་ཡོང་སྟེ་གཞོན་ནུ་ལྐུགས་འཕྱེའི་སྐྱེས་རབས་ལས། རྒྱལ་བུ་དེས་སྔོན་ལོ་དྲུག་རྒྱལ་སྲིད་བསྐྱངས་པས་བསྐལ་པ་དྲུག་ཅུར་དམྱལ་བར་སྐྱེས་པ་དྲན། ད་ཡང་རྒྱལ་སྲིད་གཏོང་དུ་དོགས་པས་སྨྲ་དུས་སུ་ཡང་སྨྲར་མ་འདོད་འགྲོ་དུས་སུ་ཡང་འགྲོར་མ་འདོད། སྨན་པ་ལ་བསྟན་པས་སྐྱེ་མཆེད་ལ་སྐྱོན་མེད་པས་དུས་ཚོད་ལ་བབ་ཙ་ན་སྨྲ་བ་དང་འགྲོ་སྟེ་འོང་གིས་ཟེར། ཚད་པའི་དོན་དུ་གཤེད་མའི་མི་ལ་གསད་པར་བསྐུར་གྱིན་གསོད་པའི་ཚུལ་གྱིས་སྡིགས་པ་དང་ལམ་དུ་ཚིག་རེ་སྨྲས། རྒྱལ་བུས་སྨྲ་ཤེས་སོ་བྱས་ཀྱིན་ཁྱིམ་དུ་ཡོང་ཙ་ན་ཡང་སྨྲར་མ་ཉན། དེར་སྨྲ་ཤེས་པར་གོ་ནས་རྩིགས་ཅི་འདོད་སྦྱིན་གྱིས་སྨྲོས་བྱས་པ་ལ། རྩིགས་ལ་ཕེབས་པ་དང་འོ་ན་ང་རབ་ཏུ་འབྱུང་དུ་ཆུག་གསུངས་ནས་རབ་ཏུ་གཤེགས་པར་གསུངས་པ་བཞིན། བཟོད་པ་ཡང་རང་འཁྲུངས་སུ་ཡོང་སྟེ། རྒྱ་མཚོའི་ནང་ནས་ནམ་མཁའ་ལྡིང་གིས་སྦྲུལ་ཅིག་ཁྱེར་ནས་རི་རབ་ཀྱྀ་ཟོམ་ལ་ཟོས། དེ་ན་དགེ་སློང་ཞིག་ཐུགས་དམ་མཛད་པ་སྦྲུལ་དེས་མཐོང་བས་དེ་ལ་དད་བཞིན་དུ་འཆི་བའི་དུས་བྱས་པས་ཁྱིམ་བདག་འབྱོར་པའི་ཁྱིམ་དུ་སྐྱེས་ཏེ། དེ་ནས་དེའི་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་འབྱོར་བར་གྱུར་པས་རབ་འབྱོར་དུ་བཏགས། ཚེ་སྟོད་ལ་བག་ཆགས་ཀྱིས་ཤིན་ཏུ་ཞེ་སྡང་ཆེ་བར་གྱུར། རབ་ཏུ་གཤེགས་ནས་སྐྱེ་བ་དྲན་པས། སྔོན་བཅོམ་ལྡན་འདས་འོད་སྲུངས་ཀྱི་བསྟན་པ་ལ་དགེ་སློང་ཡིན་པ་ལས། དགེ་སློང་གཞན་ཞིག་གི་སྤྱོད་པ་མི་བགྲུངས་པ་མཐོང་བས་དེ་ལ་སྦྲུལ་འདྲའོ་ཞེས་བྱས། དེའི་རྣམ་སྨིན་གྱིས། དེ་ནས་སྐྱེ་བ་ལྔ་བརྒྱར་སྦྲུལ་དུ་སྐྱེས། དེའི་དུས་ན་དགེ་སློང་དེ་ལ་དད་བཞིན་དུ་འཆི་བའི་དུས་བྱས་པ་མིན་ན། དེ་ནས་སེམས་ཅན་དམྱལ་བར་སྐྱེ་བ་གཟིགས། དེ་ནས་གཞན་གྱི་སྡིག་རྐྱེན་བྱས་པ་ལ་ཉེས་དམིགས་དེ་ཙམ་ཡོད་པར་ཤེས་པས། གཞན་གྱི་ཉོན་མོངས་པ་དང་སྡིག་རྐྱེན་ཡེ་མི་མཛད་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཉོན་མོངས་པ་མེད་པ་རྣམས་ཀྱི་མཆོག་ཏུ་གྱུར་པར་གསུངས་པ་བཞིན། དེ་ཀུན་ལ་ཡང་གོ་ཡུལ་མང་པོ་ཡང་ཡོད། ངག་གི་ཉེས་པ་དེ་ཙམ་ཞིག་ལ་འབྲས་བུ་དེ་ཙམ་འབྱུང་བ་ཀུན་ལ་ཡིད་ཆེས་པར་བྱས་ལ་ངག་གི་ཉེས་པ་ལ་གཟབ། གཞན་གྱི་སྡིག་རྐྱེན་བྱས་པ་ལ་ཉེས་དམིགས་དེ་ཙམ་ཡོད་པར་ཤེས་པར་བྱས་ལ་དེ་མི་བྱ། སྐྱེ་བ་ཐ་མ་པའི་གང་ཟག་དེ་ཀུན་ཡང་དེ་ལ་དད་པའི་ཕན་ཡོན་མེད་ན་སེམས་ཅན་དམྱལ་བར་སྐྱེ་བར་གསུངས་པས་རང་ཅག་གདེང་ཐོབ་པ་བཞིན་དུ་མི་བྱ། སྐྱེ་བ་དྲན་པ་ཡོད་ན་དྲན་ཚོད་དེའི་མི་རྟག་པ་དང་ལས་འབྲས་མངོན་སུམ་དུ་གྲུབ་པ་དེ་ཉིད་ཡིན། སྐྱེ་བ་གཉིས་གསུམ་དུ་དྲན་ན་དེས་མུ་ཟོས་པ་བཞིན་དུ་སོང་བས་མི་རྟག་པ་དང་ལས་འབྲས་ཐམས་ཅད་ཀྱང་དཔག་པར་ནུས། དེ་ཉིད་འཁོར་བའི་ཉེས་དམིགས་ཡིན་པས་དེ་ལ་ཡིད་ཆེས་པའང་འབྱུང༌། སེམས་ཅན་ཐམས་ཅད་མ་ཡིན་པར་ཡང་གྲུབ། མ་སྐྱེ་ཤི་ཐུག་པ་མེད་པར་བྱེད་པ་དང༌། ངན་སོང་དང་འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང་བ་ལ་སྙིང་རྗེ་ཡང་རང་འཁྲུངས་སུ་ཡོང༌། དེས་ཀུན་ནས་བླངས་ནས་མ་བྱེད་བྱེད་པའི་སེམས་ཅན་སྐྱེ་ཤིའི་རྒྱུན་ཆད་པའི་ཆོས་སྐུ་ལ་དགོད་པར་འདོད་པའི་བྱང་ཆུབ་ཀྱི་སེམས་ཀྱང་རང་འཁྲུངས་སུ་ཡོང་བ་ཡིན། མངོན་པར་ཤེས་པ་ཡོད་ན་རང་གི་ལས་འཕྲོ་དང་དགེ་བའི་བཤེས་གཉེན་གང་དང་ལས་འཕྲོ་ཡོད་པ་ལ་སོགས་པ་ཐམས་ཅད་ཤེས་ཀྱི་ཚོགས་རྫོགས་པ་ལ་ཡང་ཚེགས་མེད་གསུངས། གཉིས་པ། སེམས་ཅན་གྱི་དོན་བྱེད་པའི་ཆེ་བ་ནི། ཇི་ལྟར་འདབ་གཤོག་མ་སྐྱེས་པའི། །བྱས་ནི་མཁའ་ལ་འཕུར་མི་ནུས། །དེ་བཞིན་མངོན་ཤེས་སྟོབས་བྲལ་བས། །སེམས་ཅན་དོན་བྱེད་ནུས་པ་མིན། །ཞེས་གསུངས་ཏེ། དེ་ཡང་དཔེ་ཇི་ལྟར་ན་བྱའི་སྤྱོད་ཡུལ་ནམ་མཁའ་ཡིན་ཡང་འདབ་གཤོག་མ་སྐྱེས་པའི་བྱས་ནི་ནམ་མཁའ་ལ་འཕུར་བར་མི་ནུས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བྱ་བ་གཞན་དོན་ཡིན་ཡང་མངོན་ཤེས་ཀྱི་སྟོབས་དང་བྲལ་བས་སེམས་ཅན་གཞན་གྱི་དོན་བྱེད་པར་ནུས་པ་མིན་པས་གཞན་དོན་བྱེད་པ་ལ་ཡང་མངོན་ཤེས་དགོས། ཞེས་པ་སྟེ། དེ་ལ་ཤ་ར་བའི་ཞལ་ནས། རྒྱལ་བའི་ཡུམ་བར་མ་དང་རྒྱལ་པ་ཀུན་གྱི་ཆོས་སྐུའི་འཕྲིན་ལས་སྟོན་པའི་སྐབས་ནས་འདི་བཞིན་དུ་གསུངས། དེ་ཡོད་ན་གཞན་དོན་འགྲུབ་པ་ནི། ལྷའི་མིག་གི་མངོན་ཤེས་ཀྱིས་གདུལ་བྱ་གང་ན་ཡོད་པ་མཐོང༌། རྫུ་འཕྲུལ་གྱིས་དེར་འགྲོ། གཞན་གྱི་སེམས་ཤེས་པས་དེའི་བསམ་པ་ཐམས་ཅད་ཤེས། སྔོན་གྱི་གནས་ཤེས་པས་སྔོན་གྱི་ལས་འཕྲོ་དང་བག་ལ་ཉལ་དང་གང་དང་སློབ་དཔོན་གྱྀ་འབྲེལ་ཡོད་པ་ཡང་ཤེས། ལྷའི་རྣ་བའི་མངོན་ཤེས་ཀྱིས་གདུལ་བྱ་གསོལ་བ་འདེབས་པ་ཐམས་ཅད་ཐོས་ཤིང༌། གང་ལ་གང་གིས་གོ་བར་འགྱུར་སྐད་ཀྱིས་གདམས་པ་སྟོན། ཟག་པ་ཟད་པའི་མངོན་ཤེས་ཀྱིས་ཐར་པ་གསུམ་གྱི་རྒྱུ་ལ་ཅི་རིགས་པར་དགོད་པ་སྟེ། ཇོ་བོའི་བླ་མ་ཨ་བ་དྷུ་ཏི་པ་ལ་རེས་མཎྜལ་ཆེན་པོ་དང་མེ་ཏོག་ཕུལ་གྱིན་གསོལ་བ་བཏབ་ཀྱང༌། དོན་དུ་འགྱུར་བའི་དུས་ཚོད་ལ་མ་བབ་པར་མཁྱེན་པས། ཕ་བོང་ལ་གསོལ་བ་བཏབ་པ་བཞིན་དུ་བཞུགས། ཕན་པའི་དུས་མཁྱེན་པ་ལ་ཆུ་བོ་ཆེན་པོ་དང་བརྒལ། བྲེལ་དོགས་ལངས་ནས་འདུག་པའི་དུས་ན་ཙིར་ཙིར་བཟུང་གྱིན་ལས་ཕྲ་བ་ལ་ཡང་ཁྱད་དུ་བསད་དུ་མི་རུང༌། པཎྜི་ཏ་འདི་དང་རྣལ་འབྱོར་པ་འདི་ཀུན་མཁས་པ་ཆེན་པོ་འདི་ཙམ་ཡིན་པ་དང༌། ཏིང་ངེ་འཛིན་འདི་ཙམ་ཡོད་པ་ལ་མི་ལྟོ་སྙམ་ནས་སྡིག་པ་འདི་དང་འདི་ཁྱད་དུ་གསད་པས། ད་ལྟ་སེམས་ཅན་དམྱལ་བ་འདི་ན་ཡོད་ཡི་དྭགས་འདི་ན་ཡོད་བྱ་བ་མངོན་པར་ཤེས་པ་རྒྱ་ཆེན་པོས་མཁྱེན་ནས་གསུངས། དེ་བཞིན་དུ་ཟམ་པ་ལ་བཞུད་པའི་དུས་ན་ཞལ་ཕྱིར་ལོག་ནས་གསུངས་པ་ལ་སོགས་པ་སྐབས་ཡེ་མེད་པ་འདྲ་བའི་དུས་ན་གླེང་གཞི་དང་བཅས་གཏན་ཚིགས་དང་བཅས་པའི་གདམས་པ་མང་པོ་གསུངས་སྐད་པ་དང༌། སྔར་བསྟན་པ་བཞིན་དུ་ཇོ་བོས་ཌོམྦྷི་བ་ལ་གསོལ་བ་བཏབ་པས། ཞལ་མ་མཇལ་བར་བྱིན་གྱིས་བརླབས། དུས་ཕྱིས་དེ་ལ་སྔགས་པ་ཞིག་གིས་གསོལ་བ་བཏབ་པ་ལ་ང་དང་ལས་འབྲེལ་མེད། ངའི་སློབ་མ་དགེ་སློང་འདི་འདྲ་ཞིག་ཡོད་དེ་ལ་ངས་བྱིན་གྱིས་བརླབས་པ་དེའི་ནུབ་མོ་རྨི་ལམ་འདི་ལྟ་བུ་རྨིས་ཏེ་ཏིང་ངེ་འཛིན་དང་ཡོན་ཏན་འདི་ལྟ་བུ་ཐོབ་པ་ཞིག་ཡོད། དེ་དང་ལས་འབྲེལ་ཡོད་པས་དེ་ལ་གསོལ་བ་ཐོབ་གསུངས། དེར་སྔགས་པ་དེས་ཇོ་བོ་ལ་མཎྜལ་རེ་ཙམ་ཕུལ་གྱིན་ཞག་ཁ་ཡར་བཞུགས་འཕྲོ་ལ་རིང་པོ་མ་ལོན་པར་ཧེ་རུ་ཀའི་དཀྱིལ་འཁོར་མངོན་དུ་གྱུར་ཟེར་ཏེ་ཆོས་མཐོང་བས་ཡིན་གསུངས་པ་དང༌། མཁན་པོ་ལ་བྱ་བ་ཞུ་ཞིང་ཆོས་ལྟ་བའི་དགེ་ཚུལ་བ་དང༌། ལྷ་ཁང་ལྟ་བའི་དུས་ན་གཤིན་རྗེའི་གཤེད་ཀྱི་ལྷའི་ཐད་ཀར་སླེབས་པ་ན་ཁྱོད་ཀྱི་སྒོམ་འཕྲོ་ནི་འདི་ཡིན་ན་ཟེར་བ་གཉིས་ཀྱི་གཏམ་རྒྱུད་དང༌། གནས་བརྟན་གསེར་སོ་བ་དང་ཁུ་འདོལ་གྱི་གཏམ་རྒྱུད་ཀྱང་གསུངས་ནས། དེ་ལྟར་གཞན་གྱི་རྒྱུད་ལ་ཤེས་རབ་འཕེལ་བའི་དུས་ཚོད་དུ་གདམས་པ་བྱས་པས། གཞན་གྱི་ཤེས་རབ་ཅི་ཙམ་འཕེལ་བ་ཙམ་ཞིག་ཏུ་རང་གི་ཡེ་ཤེས་ཀྱི་ཚོགས་རྫོགས་པར་འགྱུར་བ་ཡིན་གསུངས། དེ་དག་གིས་གཞུང་གིས་ཟིན་པའི་འབྲས་བུ་མངོན་ཤེས་ཀྱི་ཆེ་བ་གཉིས་བཤད་ནས།

གསུམ་པ། གདམས་ངག་ལས་འབྱུང་བ་རང་དང་གཞན་གྱི་གེགས་དང་བར་ཆད་སེལ་བའི་ཆེ་བ་ཡང་ཤ་ར་བ་ཉིད་ཀྱི་ཞལ་ནས། རང་གི་གེགས་དང་བར་ཆད་སེལ་བ་ལ་ཡང་མངོན་པར་ཤེས་པ་དགོས་པ་ནི། སློབ་དཔོན་པདྨའི་གཏམ་རྒྱུད་བཞིན་ཏེ། ད0ོན་གཡོག་གཉིས་དཔལ་གྱི་རི་ལ་ཇོ་མོ་ཞལ་གཟིགས་སུ་བྱོན་པ་ལ། རི་སྐེད་ན་རྒན་མོ་གཉིས་སོ་ཐག་འཁལ་གྱིན་སྣང༌། རིའི་སྟེང་དུ་བྱོན་པ་ན་ཅི་ཡང་མི་སྣང༌། སྒྲོལ་མ་འབྱུང་བའི་རྒྱུད་གཟིགས་པ་ལ་སྔར་གྱི་དེ་གཉིས་ཡིན་པར་བསྟན་པ་སྣང༌། དེར་བྱོན་ནས་གདམས་ངག་ཞུས་པས། གཡོག་དད་པ་ཆེ་བས་དངོས་གྲུབ་ཐོབ། སློབ་དཔོན་ཤེས་རབ་ཆེ་བས་གདམས་ངག་ལ་ཐེ་ཚོམ་ཟོས་ཏེ། དངོས་གྲུབ་མ་ཐོབ། དེར་ཇོ་མོའི་ཞལ་ནས། ད་ཁྱོད་ཀྱིས་ཚེ་འདི་ལ་དངོས་གྲུབ་མི་ཐོབ་པས། རྒྱལ་པོ་ཨིནྡྲ་བོདྷི་ལ་ཡོན་བདག་གྱིས། རིགས་ངན་གྱི་རྣལ་འབྱོར་མ་མེ་ཧ་ར་ལ་རྣལ་འབྱོར་མ་གྱིས་ལ་སྒྲུབ་པ་གྱིས་ཤིག་གསུངས། དེ་བཞིན་དུ་མཛད་ནས་སྒྲུབ་པ་ལ་དངོས་གྲུབ་མ་ཐོབ། གེགས་ཅིས་བྱས་མངོན་ཤེས་ཀྱིས་གཟིགས་པས། སློབ་དཔོན་ཡང་རྒྱལ་རིགས་ཡིན་པ་ལ། རིགས་ངན་གྱི་རྣལ་འབྱོར་མ་ལ་རྣལ་འབྱོར་མར་བྱས་པས་སློབ་དཔོན་རིགས་ཉམས་ནས་རིགས་ངན་དུ་སོང༌། དེ་ལ་སློབ་དཔོན་བྱས་པས་རྒྱལ་པོ་རིགས་ངན་དུ་སོང༌། དེར་རྒྱལ་ཁམས་ཐམས་ཅད་རིགས་ངན་དུ་སོང་བའི་མྱ་ངན་གྱིས་ཟིན་ནས་འདུག་པ་དེས་གེགས་བྱས་པར་མཁྱེན་ནས། མཁྱེན་བཞིན་དུ་རྒྱལ་པོ་ལ་འཇིག་རྟེན་པ་ལ་རིགས་གསོ་བའི་ཐབས་དྲིས་ལ་ཤོག་ཅིག་གསུངས་སྐད་དེ། འཇིག་རྟེན་པ་ལ་ཟེར་ཡང་སྲིད་བསྲུང་གི་རིག་བྱེད་འདོན་པའི་བྲམ་ཟེ་ལ་དྲི་བ་ཡིན་གསུངས། རྒྱལ་པོས་དྲིས་པས་སློབ་དཔོན་རྣལ་འབྱོར་མ་དང་བཅས་པ་མེ་ལུམས་སུ་བསྲེགས་ན་རིགས་སོར་ཚུད་ཟེར། དེ་ཟློ་མ་ཕོད་པའི་སྐབས་སུ་སློབ་དཔོན་འདྲི། འཇིག་རྟེན་པ་ལ་གཏད་པ་ཅི་བདོག་ཞུས་པ་ལ། ཟློས་ཤིག་གསུངས། འདི་སྐད་མཆི་སྟེ་འཇིག་རྟེན་པ་ལ་གཏད་པ་ཅི་བདོག་ཞུས་པ་ལ། ཅི་ནས་ཀྱང་དེ་བཞིན་དུ་གྱིས་ཤིག་གསུངས། ཙན་དན་གྱི་ཤིང་མང་པོ་བསགས་ནས་དེ་བཞིན་དུ་མཛད། ཞག་བདུན་དུ་མེ་མ་བསད་པར་ཞོག་ཅིག་གསུངས། ཞག་བདུན་ན་འོ་མ་མང་པོས་མེ་བསད་ནས་བལྟས་ཙ་ན་པདྨའི་གའུ་ཆེན་པོ་ཞིག་གི་ནང་ནས་སློབ་དཔོན་དང་རྣལ་འབྱོར་མ་གཉིས་ལྷ་དང་ལྷ་མོའི་སྐུར་གྱུར་ཏེ་ནམ་མཁའ་ལ་གཤེགས་ཟེར། གཞན་གྱི་གེགས་དང་བར་ཆད་སེལ་བ་ཡང་མངོན་ཤེས་ཅན་གྱི་ལས་ཡིན་པ་ནི་འཕགས་པ་ལྷས་སློབ་དཔོན་རྟ་དབྱངས་ཀྱི་སྒྲིབ་པ་སྦྱང་བའི་དོན་དུ་ཡན་ལག་བརྒྱད་པའི་སྙིང་པོ་རྩོམ་དུ་བཅུག་པ་ལྟ་བུ་ཡིན། རང་ཅག་གིས་དེ་གཉིས་ལ་འབྲེལ་བ་ཅི་ཡོད་པ་མི་ཤེས་གསུངས། གཉིས་པ། རྒྱུ་སེམས་ཀྱི་བསླབ་པ་ལ་སློབ་ཚུལ་ལ། འབྲས་བུའི་ཆེ་བས་རྒྱུ་ལ་འབད་དགོས་པར་བསྟན་པ། རྒྱུ་ཉིད་ངོས་བཟུང་བ། དེ་ལ་འབད་ཚུལ་བཤད་པ། ཞི་གནས་གྲུབ་པ་ལས་མངོན་ཤེས་འབྱུང་བར་བསྟན་པ་དང་བཞིའི། དང་པོ་ནི། མངོན་ཤེས་ལྡན་པའི་ཉིན་མཚན་གྱི། །བསོད་ནམས་དག་ནི་གང་ཡིན་པ། །མངོན་ཤེས་དག་དང་བྲལ་གྱུར་ལ། །སྐྱེ་བ་བརྒྱར་ཡང་ཡོད་མ་ཡིན། །མྱུར་དུ་རྫོགས་པའི་བྱང་ཆུབ་ཚོགས། །ཡོངས་སུ་རྫོགས་པར་འདོད་གྱུར་པ། །དེ་ནི་འབད་བྱས་མངོན་ཤེས་དག །འགྲུབ་པར་འགྱུར་གྱི་ལེ་ལོས་མིན། །ཞེས་གསུངས་ཏེ། དེ་ཡང་རྒྱལ་པོ་ཆོས་རྒྱལ་མྱ་ངན་མེད་པས་མངོན་ཤེས་ཀྱིས་གནོད་སྦྱིན་ཕོ་མོ་མང་པོ་མང་བོར་བསྡུས་ནས་འཛམ་བུའི་གླིང་དུ་ནུབ་གཅིག་ལ་མཆོད་རྟེན་བྱེ་བ་བཞེངས་པ་ལྟ་བུར་སྔར་བཤད་པའི་ཚུལ་གྱིས་མངོན་ཤེས་དང་ལྡན་པའི་གང་ཟག་གིས་དུས་ཉིན་མཚན་རེ་རེ་ཙམ་གྱི་བར་ལ་རྫོགས་པའི་བསོད་ནམས་ཀྱི་ཚོགས་དག་ནི་གང་ཡིན་པ་དེ་ཙམ་གང་ཟག་མངོན་པར་ཤེས་པ་དག་དང་བྲལ་བར་གྱུར་པ་ལ་སྐྱེ་བ་བརྒྱར་ཡང་རྫོགས་པ་ཡོད་པ་མ་ཡིན་ཏེ། དེ་བས་ན་མྱུར་དུ་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་འདོད་པར་གྱུར་པ་དེས་ནི་མངོན་པར་ཤེས་པ་རྒྱ་ཆེན་པོ་དག་བསྒྲུབ་དགོས་ལ། དེ་ཡང་དེའི་རྒྱུ་ལ་འབད་པ་བྱས་ན་མངོན་པར་ཤེས་པ་དག་འགྲུབ་པར་གྱུར་གྱི། རྒྱུ་ལ་འབད་པ་དང་བྲལ་བའི་ལེ་ལོས་ནི་ནམ་ཡང་མངོན་ཤེས་འགྲུབ་པ་མིན། ཞེས་པ་སྟེ། སྤྱིལ་བུའི་ཞལ་ནས། དེ་ལ་སྒྲུབ་པ་ཉམས་སུ་ལེན་པ་ཞིག་དགོས་པས་ད་རེས་ཤ་གཟུགས་རང་ཟ་བའི་དུས་ཡིན། དགེ་བཤེས་སྟོན་པ་ཙ་ན་དེར་ཚོགས་ཚད་ཐམས་ཅད་ཅི་ནས་ཀྱང་ཉམས་སུ་ཞིག་བླང་སྙམ་དུ་ཡོང་བ་ཡིན་པར་གདའ་བ་ལ། ད་ལྟ་ཙ་ན་དབང་པོ་འབྲིང་ཡན་ཆད་ཞིག་ལ་ཚེ་འདིའི་རྣམ་རྟོག་གིས་བཤད་སེམས་པ་ཞིག་ཡོང་བར་སྣང༌། ཐ་མ་ལ་ནམ་ཡང་ཅིའི་རྒྱུའང་མེད་གསུངས། གཉིས་པ། རྒྱུ་ཉིད་ངོས་བཟུང་བ་ནི། ཞི་གནས་གྲུབ་པ་མ་ཡིན་པར། །མངོན་ཤེས་འགྲུབ་པར་མི་འགྱུར་བས། །དེ་ཕྱིར་ཞི་གནས་སྒྲུབ་པའི་ཕྱིར། །ཡང་དང་ཡང་དུ་འབད་པར་བྱ། །ཞེས་གསུངས་ཏེ། དེ་ཡང་རྒྱུ་ལ་འབད་པ་བྱ་པའི་རྒྱུ་ཉིད་གང་ཞེ་ན། དངོས་མ་ཐོབ་པར་མངོན་ཤེས་མིན། །ཞེས་པའི་ཚུལ་གྱིས་རྒྱུ་ཞི་གནས་བསམ་གཏན་གྱི་དངོས་གཞི་གྲུབ་པ་མ་ཡིན་པར་འབྲས་བུ་མངོན་པར་ཤེས་པ་རྒྱ་ཆེན་པོ་འགྲུབ་པར་མི་འགྱུར་བས་མངོན་ཤེས་ཀྱི་རྒྱུ་ནི་ཞི་གནས་བསམ་གཏན་གྱི་དངོས་གཞི་གྲུབ་པ་དེ་ཡིན་པའི་ཕྱིར་འབྲས་བུ་མངོན་པར་ཤེས་པ་རྒྱ་ཆེན་པོ་ཐོབ་པར་འདོད་པས་རྒྱུ་བསམ་གཏན་གྱི་དངོས་གཞིའི་ཞི་གནས་སྒྲུབ་པའི་ཕྱིར་དུ། ཞི་གནས་དེ་མ་ཐོབ་ཀྱི་བར། མེ་དོན་གཉེར་ལ་རྩུབ་ཤིང་ལྟར། །རྟག་པར་རབ་ཏུ་སྒྲུབ་པར་བྱེད། །ཅེས་པའི་ཚུལ་གྱིས། ཡང་དང་ཡང་དུ་འབད་པར་བྱ། །ཞེས་པ་སྟེ། དེ་ཡང་གུས་པ་ཡུན་རིང་ལ་བར་མ་ཆད་པར་སྒྲུབ་པ་ཞིག་དགོས་པས། ཤ་ར་བའི་ཞལ་ནས། ཞི་གནས་བསྒྲུབ་ན་དམིགས་པ་མ་བརྒྱུད་པ་ཞིག་ཀྱང་དགོས། རྟ་རྒན་གྱི་ཁམ་ལོང་བཞིན་དུ་བྱས་པས་མི་ཡོང༌། པུ་ཏོ་བས་དགོན་པར་བྱོན་པའི་དུས་ན་སྒོམ་ཆེན་ཡོ་གཡོག་པའི་གཏམ་ཡང་གསུངས་པ་བཞིན་དུ་ད་ལྟ་བྱ་བ་ངན་པ་སྣ་ཚོགས་པས་གཡེངས་ནས་དམིགས་པ་ལ་ཚང་རག་རྒྱུག་པའི་དབེན་ཙམ་ལས་གནས་པ་མེད་པ་འདིས་མི་ཡོང༌། རང་ཅག་གི་སྙིང་མ་ཉམས་ཙམ་དང༌། སྒོམ་པའི་དུས་ན་དམིགས་པ་བརྟན་པོར་འདུག་པ་སྙམ་བྱེད་ཀྱང༌། ལངས་མ་ཐག་ཏུ་བེའུ་མ་ནུས་སམ་ཞིང་མ་ཟོས་སམ་རྟ་ལ་རྩྭ་བྱིན་ནམ་ཟེར་བ་དེས་ཀྱང་མི་ཡོང་བས། འཇིག་རྟེན་པའི་བྱ་བ་ངན་པ་གང་གིས་ཀྱང་བར་དུ་མ་བཅད་པར་ངལ་གསོ་བའི་དུས་ན་ཡང་སྒོམ་ཉིད་ཀྱི་རྒྱུན་དུ་འདུག་པ་ཞིག་དགོས་པ་ཡིན་གསུངས་ཤིང༌། དེ་ལས་གཞན་སྐྱེ་བ་དྲན་པའི་མངོན་ཤེས་ཙམ་ནི་སྦྱིན་པས་ཀྱང་འགྲུབ་སྟེ། སྔར་སྨོས་པའི་ཟན་དྲོན་ཆངས་པའི་སྐྱེས་རབས་ལས་འབྱུང་བ་བཞིན་ནམ། ཆོས་ཀྱི་སྦྱིན་པས་སྐྱེ་བ་དྲན། །གཞོན་ནུ་དེ་ལྟར་ཤེས་པར་བགྱིས། །ཞེས་པ་བཞིན་དང༌། རྒྱལ་བུ་སེངྒེས་ཞུས་པ་ལས་ནི། མར་མེ་ཕུལ་བས་ལྷའི་མིག་ཐོབ་པ་དང༌། རོལ་མོ་དང་སིལ་སྙན་ཕུལ་བས་ལྷའི་རྣ་བ་ཐོབ་པ་ཡང་གསུངས། ཚུལ་ཁྲིམས་ཀྱིས་ཀྱང་འགྲུབ་པ། ལྷ་ཐམས་ཅད་སྐྱེས་མ་ཐག་ཏུ་གང་ནས་སྐྱེས་པ་དང་ལས་ཅིས་སྐྱེས་པ་དང་གང་དུ་སྐྱེས་པའི་གནས་གསུམ་མངོན་དུ་འགྱུར་བར་གསུངས་ཏེ་ཚུལ་ཁྲིམས་ཀྱི་འབྲས་བུ་ཡིན། བཟང་པོ་སྤྱོད་པ་བཏོན་པས་ཀྱང་སྐྱེ་བ་དྲན་པའི་གཏམ་རྒྱུད། ཡུལ་དབུས་པ་ཞིག་གིས་ཤར་ཕྱོགས་བྷངྒ་ལར་ཕྱིན་ཙ་ན་བྱིས་པ་ལོ་བཅུ་གསུམ་པ་དབུས་པའི་སྐད་དུ་སྨྲ་ཤེས་པ་ཞིག་སྣང་ནས། དེ་དང་བླའོ་བྱས་པས་ཁོ་དབུས་ཀྱི་དྲི་སྨེད་ཟེར་བ་ལ་ཡོད་བྱས་ཤི་བ་ལ་ཤི་བྱས་ཙ་ན། དགེ་སློང་འདི་ལྟ་བུ་ཞིག་ཡོད་པ་དེ་ཙུག་འདུག་འདྲི། དེ་ཤི་བྱས་པས་ཁོ་ངུས་དེ་ཁྱོད་ཀྱི་ཅི་ཡིན་བྱས་པས་དེ་ངའི་སྐྱེ་བ་སྔོན་མའི་མཁན་པོ་ཡིན། ང་འདི་ན་ཕ་མ་གཉིས་ཡོད་པས་དེའི་དོན་བྱས་ནས་ད་རུང་དབུས་སུ་ཕྱིན་ལ་རབ་ཏུ་འབྱུང་ཟེར། ཁྱོད་གང་ཡིན་བྱས་པས་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན་སྤྱིལ་བུ་འདི་འདྲ་བ་ཞིག་ཡོད། དེ་ན་ཡོད་པའི་དགེ་སློང་བསོད་ནམས་པ་དེ་ཡིན་ཟེར། འོ་ན་སྐྱེ་བ་དྲན་པའི་རྒྱུ་དེ་ཅི་ཡིན་བྱས་པས་བཟང་པོ་སྤྱོད་པ་ཁ་ཏོན་བྱས་པས་དྲན་པ་ཡིན་ཟེར་བ་དེ་ལྟ་བུའང་ཡོད་དེ། ཇོ་བོ་བོད་དུ་བྱོན་ཙ་ན་ད་ཚོད་སུམ་ཅུ་ཙམ་ལོན་པའི་ཚོད་ཡིན་གསུང་སྐད་པ་དང༌། སྒོ་དྲུག་པ་ལ་སོགས་པའི་གཟུངས་བཏོན་པས་དྲན་པ་ཡང་གསུངས་ནས། དེ་དག་ནི་རང་ཅག་གིས་ཀྱང་སྒྲུབ་པར་ནུས་པས་འབད་པར་བྱ། སྤྱིར་སྐྱེ་བ་དྲན་པས་ཚོགས་རྫོགས་པར་འགྲོ་བ་ལ་ཡང་སྲིད་པ་ལས་ཡིད་བྱུང་ཞིང་ཚུལ་ཁྲིམས་རྣམ་པར་དག་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་གྲོགས་བྱེད་པ་ཞིག་དགོས། དེ་རྣམས་ཀྱང་མེད་ན་དམྱལ་བ་དང་ཡི་དྭགས་དང་ལྷ་ཀུན་ལ་ཡང་དེ་ཡོད་པར་གསུངས་ཏེ་ཚོགས་རྫོགས་པའི་རྒྱུར་མ་གྱུར། བི་ཀྲ་མ་ལ་ཤཱི་ལའི་གནས་བརྟན་ཡི་དྭགས་སུ་སྐྱེས་པ་དེ་ལ་ཁྱོད་རྒྱུ་འབྲས་ལ་ངེས་པ་དེ་ཙམ་དུ་ཐོབ་པ་གཞན་ལ་གནོད་པ་བྱེད་པར་བཅུ་པ་ན་བྱས་པ་ལ། ངེད་ཡི་དྭགས་ཀྱི་སེམས་ལ་རང་དབང་མེད་པ་ཡིན་ཟེར་ལོ། །རྟེན་དེ་དག་ཏུ་སྐྱེས་ཙ་ན་ཉེས་དམིགས་ཤེས་ཀྱང་སྡིག་ལས་ལྡོག་མི་ནུས་པ་ཡིན་གསུངས།

གསུམ་པ། དེ་ལ་འབད་ཚུལ་བཤད་པ་ལ། ཞི་གནས་སྒྲུབ་པར་འདོད་པས་དེའི་ཚོགས་དང་ཡན་ལག་ལ་གནས་དགོས་པར་བསྟན་པ་དང༌། ཞི་གནས་སྒྲུབ་པའི་དམིགས་པ་བཤད་པ་གཉིས་ཀྱི། དང་པོ་ནི། ཞི་གནས་ཡན་ལག་རྣམ་ཉམས་པས། །རབ་ཏུ་འབད་དེ་བསྒོམས་བྱས་ཀྱང༌། །ལོ་ནི་སྟོང་ཕྲག་དག་གིས་ཀྱང༌། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ། །དེ་ཕྱིར་ཏིང་འཛིན་ཚོགས་ལེའུ་ལས། །གསུངས་པའི་ཡན་ལག་ལ་ལེགས་གནས། །ཞེས་གསུངས་ཏེ། དེ་ཡང་ཞི་གནས་སྒྲུབ་པ་ལ་དེའི་ཚོགས་དང་ཡན་ལག་ལ་གནས་དགོས་པ་ལས་ཞི་གནས་དེའི་ཚོགས་དང་ཡན་ལག་རྣམ་པར་ཉམས་པ་སྟེ་མི་ལྡན་པས་ནི་སྔར་བཤད་པའི་ཚུལ་གྱིས་རབ་ཏུ་འབད་དེ་ཞི་གནས་སྒྲུབ་པའི་དམིགས་པ་སྒོམ་བྱས་ཀྱང་དུས་ལོ་ནི་སྟོང་ཕྲག་དག་གིས་ཀྱང་ཞི་གནས་ཀྱི་ཏིང་ངེ་འཛིན་དེ་འགྲུབ་པར་མི་འགྱུར་རོ། །རྒྱུ་མཚན་དེའི་ཕྱིར་ཞི་གནས་སྒྲུབ་པར་འདོད་པས་དང་པོར་ཏིང་འཛིན་ཚོགས་ལེའུ་ལས་གསུངས་པའི་ཞི་གནས་ཀྱི་ཚོགས་དང་ཡན་ལག་ལ་ལེགས་པར་གནས་པར་བྱ། ཞེས་པ་སྟེ་དེ་ལ་ཤ་ར་བའི་ཞལ་ནས། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ་ལས་ཞི་གནས་ཀྱི་ཚོགས་དགུ་གསུངས་པ་དེ་ཡིན་ནམ་ཡང་ཟེར། མདོ་སྡེ་ཞིག་ཡོད་ཀྱང་ཟེར། ཉན་ཐོས་ཀྱི་ས་ལས་ཚོགས་བཅུ་གསུམ་གསུངས་པ་དེ་ཡིན་ནམ་ཡང་ཟེར་གསུངས་ནས་སྔོན་རང་དགེ་བཤེས་པུ་ཏོ་བ་དེ་ལས་ངེས་པ་ཞིག་མ་རྙེད་པ་བཀའ་ལུང་དུ་གསུངས་པ་ལ། མཁར་ཐོག་ན་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་གཟིགས། དེའི་དབུ་ན་ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་བཞུགས། འདི་ལགས་སམ་ཞུས་པ་ལ་འདི་ཡིན་ཏེ་ཡོང་བ་ཞིག་སྣང་གསུངས་ཤིང༌། དོན་གྱི་བཤད་པ་ལ་ཚུལ་ཁྲིམས་རྣམ་པར་དག དབེན་པར་གནས་པ། འདོད་པ་ཆུང་བ། ཆོག་ཤེས་པ་བཞི་མེད་པའི་ཁ་མེད་གསུང་བའི་ཚུལ། ཚུལ་ཁྲིམས་རྣམ་པར་དག་པ་ཞི་གནས་ཀྱི་ཚོགས་སུ་འགྲོ་བ་ཡང་འབྲས་བུ་ལྔའི་ཚུལ་བགྱིས་ཏེ། ཚུལ་ཁྲིམས་རྣམ་པར་དག་ན་སེམས་ལ་འགྱོད་པ་མེད་པས་ལུས་དང་སེམས་དགའ་བདེ་རྒྱས་པ་ལ་ཏིང་ངེ་འཛིན་སྐྱེ་ཡི། ཚུལ་ཁྲིམས་འཆལ་བ་སེམས་འགྱོད་པའི་གདུང་བ་དང་བཅས་པ་ལ་དེ་མི་སྐྱེ། ད་ལྟ་ངན་དགུ་མཐར་བྱུང་བ་ལ་ཡང་སེམས་གནས་པ་འདྲ་བ་ཡོང་བར་སྣང་སྟེ་དེ་ཆོས་མི་བདེན་པ་མིན། དད་པ་མེད་པས་འགྱོད་པ་མེད་པ་ཡིན། ཡང་ཚུལ་ཁྲིམས་དེ་དག་ན་དབང་པོའི་སྒོ་བསྡམས་པས་སེམས་ཉོན་མོངས་པས་མ་བརྙོགས་པའི་དང་བ་ལ་དེ་སྐྱེ་སྟེ་གོས་དྲི་མ་མེད་པ་ལ་ཚོན་འཇེན་པ་དང༌། མེ་ལོང་གཡའ་དག་པ་ལ་གཟུགས་བརྙན་འཆར་བ་ལྟ་བུ་ཡིན་གསུངས་ཏེ་དེ་གཉིས་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན། རྣམ་སྨིན་གྱི་འབྲས་བུ་བདེ་འགྲོའི་རྟེན་ཐོབ་པ་དང༌། རྒྱུ་མཐུན་གྱི་འབྲས་བུ་ཕྱི་མ་ལ་རྟེན་དེ་ཐོབ་ནས་ཚུལ་ཁྲིམས་སྲུང་བར་འགྱུར་བ་དང༌། དབང་གི་འབྲས་བུ་ལུས་སེམས་སྟོབས་དང་ལྡན་པར་འགྱུར་བས་སྤོང་བཟོད་པ་དང༌། བྲལ་བའི་འབྲས་བུ་ཚུལ་ཁྲིམས་འཆལ་བའི་དྲི་མ་དང་བྲལ་བས་ཏིང་ངེ་འཛིན་འགྲུབ་པ་ཡིན། དེ་ཙམ་ཡོད་ཀྱང་དབེན་པར་གནས་པ་མེད་ན་ཏིང་ངེ་འཛིན་མི་འཐོབ་པས་དེ་དགོས་ཏེ། ལུས་འདུ་འཛི་ལས་དབེན་པ་དང༌། སེམས་རྣམ་པར་རྟོག་པ་ལས་རྟོག་པ་ཡོད་ན་རྣམ་པར་མ་གཡེངས་པས་དེའི་ཚོགས་སུ་འགྱུར། ད་ལྟ་མཛེ་ཕོ་གཅིག་པུ་མི་ཁྱུ་ལས་བཀར་ནས་འདུག་པ་དག་ལ་སེམས་གནས་པ་བྱུང་བ་ཡོད་ཟེར་ཏེ། དེ་ཡང་དབེན་པའི་ཕན་ཡོན་ཡིན། གླང་རི་ཐང་པ་ལྟོ་གོས་ལ་གྱོང་བསྐུར་བྱ་བ་ཁོ་ན་གསུང་སྟེ། དེ་ལ་གྱོང་བསྐུར་མ་ནུས་པར་འདོད་པ་ཆེ་ཞིང་ཆོག་ཤེས་པ་མེད་པ་ལ་དབེན་པར་གནས་པ་དང་ཚུལ་ཁྲིམས་རྣམ་པར་དག་པ་ཉིད་ཀྱང་མི་ཡོང་བས། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་གཉིས་དགོས། བཟང་པོ་དང་མང་པོ་ལ་འདོད་པ་མེད་པ་དང༌། ངན་པ་དང་ཉུང་ངུས་ཆོག་ཤེས་པས་བཟང་མང་སྒྲུབ་པའི་དོན་དང་བྱ་བས་མ་གཡེངས་པའི་ཕྱིར་དེའི་ཚོགས་སུ་འགྱུར། ད་ལྟ་སྒོམ་པ་དང་ཚད་ཀྱང་ཏིང་ངེ་འཛིན་སྐྱེ་བ་མེད་པ་དེ་ཚོགས་ལ་མ་གནས་པས་ལན་པ་ཡིན། དགེ་བཤེས་སྟོན་པའི་ཞལ་ནས། རང་ཅག་མན་ངག་ཁོ་ནས་ལན་སྙམ་གྱིན་མན་ངག་ཉི་ཚེ་བཙལ་ཡང་ཏིང་ངེ་འཛིན་སྐྱེར་མ་བཏུབ་པ་དེ་ཚོགས་ལ་མ་གནས་པས་ལན་པ་ཡིན་གསུངས་ཤིང་པུ་ཏོ་བའི་ཞལ་ནས་ཀྱང༌། རང་ཅག་ཏིང་ངེ་འཛིན་གྱི་ཚོགས་དང་ཡན་ལག་ནན་ཏན་མ་བྱས་པས་ཏིང་ངེ་འཛིན་སྐྱེར་མ་བཏུབ་པ་ལ། མན་ངག་གིས་ལན་སྙམ་གྱིན་མན་ངག་ཁོ་ན་བཙལ་བས་ཚངས་པར་སྤྱོད་པ་ཕྱག་རྒྱ་མོ་བསྟེན་པའི་མན་ངག་དང་ཕྲད་ཀྱིན་ཡོང་བ་ཡིན་གསུངས། ཀམ་གྱི་ཞལ་ནས། ཇོ་བོ་དམག་ལྟས་ལ་མ་བཞུད། དེ་ལ་ཕྱིན་ན་དོ་ནུབ་སྒོམ་པའི་དུས་ན་རྨོག་མགོ་ཅན་རོག་རོག་ཡོང་བ་ལགས་གསུངས་སྐད་དེ། བྱ་བ་ངན་པ་ཐམས་ཅད་དེ་དང་འདྲ་བས་བྱ་བ་ངན་པ་ཐམས་ཅད་སྤངས་པ་ཞིག་དགོས་པར་སྔར་བསྟན་པ་བཞིན་དུ་ཡིན་ཏེ། དབང་པོའི་སྒོ་བསྡམས་པ་ཡང་མེད། སྒྲོ་བྱང་ཚུལ་ཤེད། སྐལ་པ་ཆུང་བས་མཐུན་པའི་ཡུལ་མ་འཛོམ། །འདོད་པ་ཆེས་པས་ཆུང་ངུས་ཆོག་མ་འཚལ། །ཟེར་བ་བཞིན་དུ། སྔོན་བསགས་པ་ལ་སྤྱོད་པར་ཡང་མ་སོང༌། འདོད་པ་ཆེས་པས་ཆུང་ངུས་ཆོག་ཤེས་པར་ཡང་མ་སོང༌། དེས་ན་དོན་དང་བྱ་བ་མང་པོས་གཡེངས། རང་ཅག་སྒོམ་པ་ཉིད་ལ་མཐུན་རྐྱེན་སྒོམ་གནས་ཁང་པ་ལེགས་པ་ཞིག་དགོས། དེར་གནས་མལ་བཟང་པོ་དང་ཟས་སྐོམ་འཕྲོད་པ་རེ་དགོས། དེའི་འཁོར་དུ་དེ་དགོས་དེའི་འཁོར་དུ་དེ་མིན་ཞིག་དགོས་པས་དེ་དག་སྒྲུབ་བསྒྲུབས་ནས་སྒོམ་པའི་སྐབས་མེད། ཅུང་ཟད་སྒོམ་པ་བཞིན་དུ་བྱས་ཙ་ན། ཡང་ན་དེ་དག་དྲན་ནས་ཡོང༌། ཡང་ན་ངལ་དུབ་ཀྱིས་གཉིད་དུ་འགྲོ་བ་ལས་མི་ཡོང་བ་ཡིན། སྒོམ་ཆེན་བསོད་ནམས་ཅན་འདོད་པས་ཀྱང་ག་ན་ལགས་སྤུན་པ་དང་འབྲེལ་བྱས་ཁུ་གསུངས་པ་བཞིན་དུ་དགོན་པ་ལམ་རྒྱ་གྲམ་ལོག་གེ་བྱས། དར་ཤམ་ཅན་པུ་རུ་རུ་སྤང་ཐང་ཅལ་ལེ་བྱས་པ་ལ་དབེན་པར་གནས་པ་ཡང་མི་ཡོང་བས། གཤའ་མར་སོང་ན་འདོད་པ་ཆུང་ཞིང་ཆོག་ཤེས་པ་སྤ་སྒོམ་འདྲ་བ་ཞིག་དགོས་པ་ཡིན། གཞན་ཡང་ད་ལྟར་གྱི་སངས་རྒྱས་མངོན་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་ལས་ཉེ་དུ་རྣམ་པར་སྤངས་པ་དང་སྐྱེས་པའི་ཡུལ་ཐག་བསྲིངས་པ་གཉིས་གསུངས་པ་དེ་གཉིས་ཀ་ཡང་དགོས། ཉེ་དུ་རྣམ་པར་མ་སྤངས་ན་གནོད་པའི་སྒོ་ཤིན་ཏུ་མང༌། དེ་སྤངས་པ་བཞིན་དུ་འདུག་ཀྱང་སྐྱེས་པའི་ཡུལ་ཞིག་རང་ཐག་མ་བསྲིངས་ན་གནོད་པའི་སྒོ་མང་ལ་ཉེ་དུ་སྤོང་བ་ཉིད་དུ་ཡང་མི་ནུས། པུ་ཏོ་བ་མཁར་ཐོག་ནས་སྤྲས་སུ་བྱོན། ཉན་པོ་ན་བཞུགས་པའི་དུས་སུ་མཁར་ཕུ་བ་ཞེ་ས་ལ་བྱོན། དེར་གང་ཀུན་ན་གདབ་ས་ཡོད་མེད་གླེང་ལངས་པ་ལ། མཁར་ཕུ་བའི་ཞལ་ནས་གདབ་ས་ལེགས་པ་ཞིག་ཁོ་བོས་མཐོང༌། བ་འོ་ཐང་གི་ཕུ་དེ་ན་གཅིག་གདའ་གསུངས་ནས་སྤྲས་སུ་བྱོན་པ་དེ་མ་ལེགས་པར་གསུངས་པ་ལགས་པར་གདའ་སྟེ། དེ་ལ་ལེགས་པའི་སྒོ་ཡེ་མ་བྱུང་བ་ལགས། རང་གི་དེ་གཉིས་ཀ་སྤངས་ཀྱང་གཞན་གྱྀ་ཡུལ་དང་ཉེ་དུ་ལ་ཞེན་པ་ཇེ་ཆེར་སོང་ན་དེ་བས་ཀྱང་ཐུ་བས། ཀུན་ལ་སྔུན་ཆད་མ་མཐོང་བཞིན། །འདྲིས་པ་མེད་པར་གནས་པར་བྱ། །གསུངས་པ་བཞིན་བྱའི། ཟན་རྡོག་རེའམ་ཇ་སུན་རེ་ཙམ་སྟེར་བ་ལ་ཞེན་ནས་ལྷ་ཆུ་སྐུར་དེ་དག་དང་སྐྱིད་སྡུག་ལྷན་ཅིག་ཏུ་སྤྱོད་པར་མི་བྱ། ད་ལྟ་སྒོམ་ཞུས་ན་དེ་ཀུན་གང་ཡང་མེད་པ་ལ་དམིགས་པ་སློབ་སྟེ་དེས་མི་ཡོང༌། ཚོགས་ལ་གནས་དགོས། དེ་བཞིན་དུ་བྱས་ཀྱང་ཚེ་དུམ་འདི་ལ་ཞི་གནས་འཐོབ་པ་དང་མངོན་ཤེས་འཐོབ་པ་ལྟ་མི་ཡོང་སྟེ། མ་འོངས་པ་ན་དེ་དག་འཐོབ་པར་བྱ་བའི་ཕྱིར་ཡུམ་གྱི་མདོ་ལས་དཀར་པོའི་ཆོས་ཐམས་ཅད་ལ་སྦྱར་གྱིན་ཡང་ཡང་གསུངས་པ་བཞིན་དུ་རང་ཡང་སྒོམ། གཞན་ཡང་སྒོམ་དུ་གཞུག སྒོམ་པའི་བསྔགས་པ་བརྗོད། གཞན་སྒོམ་པ་ལ་རྗེས་སུ་ཡི་རང་བར་བྱ། རང་ཅིག་མི་རྟོགས་ན་རྗེས་སུ་ཡི་རང་ཡང་དཀའ་བར་ཡོང་བ་ཞིག་གདའ་སྟེ་སྒོམ་ཉེས་པ་ཡིན། སྒོམ་པའི་མཐུན་རྐྱེན་སྦྱར་བ་དང་བར་ཆད་བསལ་བ་ནུས་པ་ཡོད་ཚད་བྱ། གང་ལ་ཆོས་དོན་གང་མེད་ན། །ཤིན་ཏུ་ཉམ་ཐག་འགྱུར་བ་དེ། །དེའི་མོད་ལ་དེ་བསལ་ན། །དེ་ལས་སྦྱིན་པ་མ་མཆིས་སོ། །ཞེས་པའི་ཚུལ་གྱིས་སྦྱིན་པའི་མཆོག་ཀྱང་སྒོམ་པའི་མཐུན་རྐྱེན་སྦྱར་བ་ཡིན། ཇོ་བོ་སྙེ་ཐང་ན་བཞུགས་པའི་དུས་སུ་བུར་ཕུར་ན་སྒོམ་སྡེ་བཞུགས་པ་ལ་ཁོ་བོ་སྒོམ་པ་བ་བལྟར་མཆི་ཁོང་ལ་དགའ་བར་བགྱིད། འོན་ཀྱང་ཁོ་བོ་མ་འོངས་པ་ན་སྒོམ་སྟེ་མཆི་བྱ་བ་ཁོ་ན་གསུངས། རྣལ་འབྱོར་པ་ཆེན་པོའི་ཞལ་ནས་དེ་ཁ་སྐད་གསུངས་ཟེར་བས་བྱོན་དུ་རེ་ཡིན་བསྡོགས་བྱས་པ་ལ་མ་བྱོན། ངེད་ལ་ཇོ་བོས་གཟིགས་རིན་དང་དགྱེས་པར་བྱ་རིན་ཅི་ཡོད་དེ་ཇོ་བོ་མན་ངག་གསུངས་པ་ཡིན་གསུངས་སྐད། ཡུམ་གྱི་མདོ་ལས་གསུངས་པའི་ཚོགས་དེ་རྣམས་ལ་ནན་ཏན་བྱས་ན་རྒྱུ་ཚོགས་པའི་འབྲས་བུ་མི་ལྡོག་པས་མ་འོངས་པ་ན་དེ་དག་ལ་འཐོབ་སྟེ་ཡོང༌། རང་སྒོམ་པའི་རྒྱུ་མཐུན་གྱིས་མ་འོངས་པ་ན་སྒོམ་པ་པོར་འགྱུར། གཞན་གྱི་གྲོགས་བྱས་པ་དང་བར་ཆད་སྲུང་བས་མཐུན་རྐྱེན་འཛོམས་པར་འགྱུར་ཞིང་བར་ཆད་མི་འབྱུང༌། དེ་ཡང་དད་པའི་རྩ་བ་བརྟན་པོ་ལ་བརྟེན་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་གིས་བྱེད་དགོས་པ་ཡིན་པས་དུས་རྟག་ཏུ་དད་པའི་གནས་གསུམ་དང་ཁྱད་པར་དུ་ཡང་ལས་དང་འབྲས་བུའི་ཆེ་བ་སྒོམ། དེ་བཞིན་དུ་བྱས་ནས་སྡིག་པ་ལས་ལོག་ན་སངས་རྒྱས་ཀྱི་བྱིན་རླབས་ཀྱང་འཇུག བྱིན་རླབས་བྱ་བ་ཡང་གཞན་ཞིག་ལ་ཟེར་བ་མིན། ཆོས་ལ་ངེས་པ་ཇེ་ཆེ་མི་མཐུན་པའི་ཕྱོགས་སྤོང་བ་དང་གཉེན་པོ་རྒྱུད་ལ་བསྐྱེད་པ་ལ་ནུས་པ་ཇེ་ཆེར་སོང་ན་བྱིན་རླབས་ཞུགས་ལ་བྱ་བ་ཡིན་གསུངས།

གཉིས་པ། ཞི་གནས་སྒྲུབ་པའི་དམིགས་པ་བཤད་པ་ནི། དམིགས་པ་གང་རུང་ཅིག་དག་ལ། །ཡིད་ནི་དགེ་ལ་གཞག་པར་བྱ། །ཞེས་གསུངས་ཏེ། དེ་ཡང་བསྟན་མ་ཐག་པ་ལྟར་གྱི་ཚོགས་དང་ཡན་ལག་ལ་གནས་པས་ཞི་གནས་སྒྲུབ་པའི་དམིགས་པ་གང་ཞེ་ན། ཉན་ཐོས་ཀྱི་ས་ནས། ལུང་དང་ལྡན་པ། རྟོགས་པ་དང་ལྡན་པ། གོ་རིམས་སུ་བབ་པ། ཕྱིན་ཅི་མ་ལོག་པ་བཞི་དང་ལྡན་པ་ཞིག་དགོས་པར་གསུངས་པའི་མཚན་ཉིད་ཅན་གྱི་དམིགས་པ་རང་གི་ལས་འཕྲོ་དང་དབང་པོ་དང་ཉོན་མོངས་པ་སྤྱད་པ་དང་འཚམ་པ་གང་ཡང་རུང་བ་ཞིག་དག་ལ་དམིགས་ནས་ཡིད་ནི་དེའི་རྣམ་པའི་དགེ་བ་ལ་གཞག་པར་བྱ། ཞེས་པ་སྟེ། ཤ་ར་བའི་ཞལ་ནས། དམིགས་པ་དེ་ཡང་ལུང་ན་ཡོད་པ་བླ་མས་དཔོད་པ་ཞིག་དགོས། ལུང་ན་བཞུགས་ཀྱང་རང་བཟོ་དང་རང་ཤུགས་ཀྱིས་མི་ཡོང༌། བླ་མས་དཔོད་ཀྱང་ལུང་ན་མི་བཞུགས་ན་དེ་ལ་ཡིད་བརྟན་དུ་མེད། བླ་མ་གཤའ་མ་དང་འཕྲད་པ་དང༌། འཕྲད་ནས་གདམས་པ་ཐོབ་པ་ལས་ཏིང་ངེ་འཛིན་སྐྱེ་བ་དང༌། སྐྱེས་པ་མི་ཉམས་པ་ཐམས་ཅད་ལ་ཡང་ཚོགས་བསགས་པ་ཞིག་དགོས་པས། ཚུལ་སྣ་ཚོགས་པས་བསོད་ནམས་བསགས་པ་ལ་འབད། བསོད་ནམས་བསགས་པས་བླ་མ་མངོན་པར་ཤེས་པ་ཅན་དང་མཇལ་ན། རང་གི་ལས་འཕྲོ་དང་དབང་པོ་དང་ཉོན་མོངས་པ་སྤྱད་པ་དང་འཚམ་པའི་དམིགས་པ་གང་ཡང་རུང་བ་ཞིག་ལ་འཁྲིད་པ་ཡིན་ཏེ། རང་ཅག་དེ་བཞིན་དུ་མི་འདུག་པའི་དུས་ན་ཇོ་བོའི་སྐྱེས་བུ་གསུམ་གྱི་རིམ་པས་བློ་སྦྱང་བ་འདི་རྣམས་ཁོ་ན་མན་ངག་ཡིན། ཆོས་ནས་གསུངས་པའི་དམིགས་པ་ཐམས་ཅད་ཀྱང་འདི་རྣམས་སུ་འདུ་བ་ཡིན། ལས་འཕྲོ་ཡོད་ན་འདི་ཐམས་ཅད་ལ་ཏིང་ངེ་འཛིན་དུ་འགྱུར་བའི་གནས་ཡོད་ལ་དེ་བཞིན་དུ་ཡོང་བར་ཡང་གདའ། སྤྱད་པ་རྣམ་པར་སྦྱང་བའི་དམིགས་པ་འདོད་ཆགས་ལ་མི་སྡུག་པ་སྒོམ་པ་ལ་སོགས་པ་ལྔ་པོ་དག་ན་ཡང་རུང་སྟེ། དེ་ཡང་འཕགས་པ་མོའུ་འགལ་གྱི་བུས་སློབ་མ་གཉིས་ལ་དམིགས་པ་གཅིག་བསླབས་པས་སྐྱེས་མ་བཏུབ་པ་ལ། ཤཱ་རིའི་བུ་ཤེས་རབ་ཅན་གྱི་མཆོག་ཡིན་པས་དམིགས་པ་དེ་སྤོས་པས་མོད་ལས་ཏིང་ངེ་འཛིན་བྱུང་བ་བཞིན་དུ་དམིགས་པ་གཅིག་ཐམས་ཅད་ལ་འཕྲོད་པའི་ངེས་པ་མེད་དེ། སྨན་གཅིག་ནད་ཐམས་ཅད་ལ་འཕྲོད་པའི་ངེས་པ་མེད་པ་དང་འདྲ། འདོད་ཆགས་ཅན་ལ་བྱམས་པ་དང་ཞེ་སྡང་ཅན་ལ་མི་སྡུག་པ་མི་འཕྲོད། དབུགས་བགྲང་བ་ཀུན་ཡང་གཏི་མུག་ཤས་ཆེ་བ་ལ་མི་འཕྲོད། བདག་མེད་གཉིས་ཁོ་ན་མཚན་མ་མེད་པའི་དམིགས་པ་ཟེར་མཆོག་ཏུ་གསུངས་ཏེ་ཡང་དུས་ཚོད་ལ་མ་བབ་པར་བསྟན་པ་ན་ཉེས་པ་གཉིས་སུ་འགྱུར་བར་རིན་པོ་ཆེའི་འཕྲེང་བ་དང་དབུ་མ་ལ་འཇུག་པ་ལས་གསུངས་པ་བཞིན་དུ་ཡིན། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་ཐམས་ཅད་ལ་ཡང་འཕྲོད་པ་ཡིན། སྒོམ་པའི་རིམ་པ་ལས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་ལ་དམིགས་པའམ། ཕུང་པོ་ལ་སོགས་པ་ལ་དམིགས་པའམ། སངས་རྒྱས་ཀྱི་སྐུ་གཟུགས་ལ་དམིགས་པ་ལ་ཡང་གསུངས་ཏེ་དེ་ཀུན་ཕྱིན་ཅི་མ་ལོག་པ་ལགས། གཞན་ལ་གདམས་པ་སྟོན་པ་ཡང་ཚིག་ཙམ་གྱིས་མ་འོངས་པ་རྗེས་སུ་སློབ་པ་ཉམས་སུ་མྱོང་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཞིག་དགོས་ཏེ་རྟོགས་པ་དང་ལྡན་པའི་དོན་ཡིན། མྱང་ཏིང་ངེ་འཛིན་སྐད་པ་ལག་ཏུ་རྡོ་བཅངས་ནས་སྒོམ་པ་དང་པར་བུ་ལ་ཤེས་པ་གཏད་ནས་སྒོམ་པ་ལ་སོགས་པའི་ཕྱོགས་སྔ་མ་མང་པོ་གསུངས་ཏེ། དེ་ཚོད་ཀྱི་མགུ་བ་དེ་འདི་ཀུན་གྱིས་གཏན་ལ་དབབ་པའི་གཞི་མིན་པས་དེ་ཀུན་ཕྱོགས་སྔ་མར་བྱ་རིན་མི་ཆོག ཡང་ལ་ལ་དག་ཐམས་ཅད་སྟོང་པ་ཉིད་ཡིན་ཟེར་ནས་ཐབས་ཅ་འབྱིད། མི་རྟོག་པ་ཡིན་ཟེར་ནས་རྟོག་པ་ཐམས་ཅད་འགེགས་པ་དེས་ཀྱང་མི་ཡོང་བས། དགེ་བཤེས་པུ་ཏོ་བ་སྟེངས་ཀ་འདིར་རླུང་རྩ་མིག་ཏུ་སོང་བས་ཉིན་མཚན་ངོ་མི་ཤེས་པར་སྒོམ་པའང་བག་རེ་བྱུང་བ་ལ་དེ་ཀུན་ལ་འདོད་པ་ཙུག་ཁ་ནའང་མ་བྱུང༌། ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པ་ཤས་ཤིག་ཡོད་པ་དེ་རང་གྲག་པ་བྱུང་གསུངས་པ་བཞིན་དུ། དམིགས་པ་གང་ཡང་རུང་བ་ཞིག་ལ་དམིགས་ནས་ཡིད་དགེ་བ་ལ་བཞག་པ་དེ་ཡང༌། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བརྟེན་པའི་རྒྱུ་ལས་བྱུང་བའོ། །ཞེས་པ་ལྟར་ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་བརྟེན་པའི་ཚུལ་གྱིས་འཇོག་སྟེ། དེ་ལ་ཉེས་པ་ལྔ་ནི། ལེ་ལོ་དང༌། གདམས་ངག་བརྗེད་པ་དང༌། བྱིང་བ་དང༌། རྒོད་པ་དང༌།འདུ་མི་བྱེད་པ་དང༌། འདུ་བྱེད་པའོ། །དེ་ལས་དང་པོ་ནི། སྙོམ་ལས་དང་སྦྱོར་བ་དམན་པ་གཉིས་ཀ་སྟེ། དེ་གཉིས་ཡོད་ན་ཏེང་ངེ་འཛིན་སྒོམ་པ་ལ་མི་འཇུག ཞུགས་ཀྱང་གདམས་ངག་བརྗེད་ན་ཐེ་ཚོམ་གྱི་འཕྱང་མོ་ལ་ཉུག་པས་དམིགས་པ་ལ་རྩེ་གཅིག་པར་མི་འགྱུར། ལན་གཅིག་དེར་གྱུར་ཀྱང་དྲན་པ་དང་ཤེས་བཞིན་དང་བྲལ་བས་བྱིང་རྒོད་དུ་གྱུར་ན་སྔ་མ་ལས་ཉམས་པར་འགྱུར། བྱིང་རྒོད་བྱུང་བའི་དུས་ན་དེ་ཉིད་ཀྱི་གཉེན་པོ་ལ་རྩོལ་བ་མ་བྱས་ན། བྱིང་རྒོད་མི་སྤོངས། དེ་དག་མེད་པར་དམིགས་པ་ལ་རྣལ་དུ་འདུག་པའི་དུས་སུ་བཙལ་ནས་སླར་དམིགས་པ་ཤོར་ཏེ་འགྲོ་བས། དབུས་མཐའ་རྣམ་འབྱེད་དུ། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །དེ་དག་ཉེས་པ་ལྔར་འདོད་དོ། །ཞེས་གསུངས། དེ་སྤོང་བའི་འདུ་བྱེད་བརྒྱད་ཀྱང་དེ་ཉིད་ལས། གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོགས་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འཇོག་པའོ། །ཞེས་དང༌། འགྲེལ་པ་ལས། རྩོལ་བའི་གནས་ནི་འདུན་པ། གནས་པ་ནི་རྩོལ་བ། གནས་འདུན་པའི་རྒྱུ་ནི་དད་པ་སྟེ་ཡིད་ཆེས་པར་གྱུར་ན་མངོན་པར་འདོད་པའི་ཕྱིར་རོ། །གནས་པ་རྩོལ་བའི་འབྲས་བུ་ནི་ཤིན་ཏུ་སྦྱངས་པ་སྟེ། བརྩོན་འགྲུས་བརྩམས་པས་ཏིང་ངེ་འཛིན་གྱི་ཁྱད་པར་ཐོབ་པའི་ཕྱིར་རོ། །ཞེས་གསུངས་ཏེ། དོན་ནི་དང་པོར་ཏིང་ངེ་འཛིན་མེད་དེ་སེམས་རྣམ་པར་གཡེངས་ནས་སྔར་བསྟན་པའི་ཉེས་པ་དེ་དག་ཡོད་ལ། ཏིང་ངེ་འཛིན་ཡོད་ན་ཕན་ཡོན་སྔ་མ་དག་འབྱུང་བ་ལ་ཡིད་ཆེས། ཏིང་ངེ་འཛིན་སྒྲུབ་པ་དམིགས་པ་ཕྱིན་ཅི་མ་ལོག་པར་སྟོན་པའི་གདམས་ངག་ལ་རག་ལས་པར་ཡིད་ཆེས་པའི་དད་པ་ལ་བརྟེན་ནས་དེ་ཐོབ་པར་འདོད་པའི་འདུན་པ་འབྱུང༌། དེ་ཡོད་ན་ཏིང་ངེ་འཛིན་ཐོབ་པར་བྱ་བའི་དོན་དུ་བརྩོན་འགྲུས་རྩོམ། བརྩོན་འགྲུས་བརྩམས་ནས་ལུས་དང་སེམས་སྦྱངས་པ་ཆུང་ངུའི་གནས་སྐབས་ཐོབ་པས། དེ་བཞི་ལེ་ལོའི་གཉེན་པོར་འགྱུར། ཏིང་ངེ་འཛིན་གྱི་དམིགས་པ་སྟོན་པའི་གདམས་ངག་མ་བརྗེད་པའི་དྲན་པས་བརྗེད་པ་སྤོང༌། ཤེས་བཞིན་གྱིས་བྱིང་བར་གྱུར་ཏམ་རྒོད་པར་གྱུར་ཏམ། དེ་གཉིས་སུ་མ་གྱུར་པར་དམིགས་པ་ལ་ལེགས་པར་འཛིན་ཏམ། ཞེས་བྱ་ར་བྱས་པས་བྱིང་རྒོད་དུ་གྱུར་ན་རྟོགས་པར་འགྱུར། དེ་དག་ཏུ་གྱུར་ན་བྱིང་བའི་གཉེན་པོ་དང་བར་འགྱུར་བའི་དངོས་པོ་རྗེས་སུ་དྲན་པ་དྲུག་ལ་སོགས་པ་སྒོམ། རྒོད་པའི་གཉེན་པོ་སྐྱོ་བ་ཡིད་ལ་བྱེད་པ་ལ་སོགས་པ་སྒོམ་པར་གསུངས་པ་ལས། རྗེས་སུ་དྲན་པ་དྲུག་ལ་སོགས་པ་བསྒོམས་པས་བྱིང་བ་སོལ་ནས་དང་སིང་གིས་འགྲོ་བ་ལ་ཡང་གོམས་པའི་མཐུ་ཆེན་པོ་དགོས། ད་ལྟ་དེ་ཙམ་དུ་ཕྱིན་པར་ཡང་མི་འདུག་པས། དེ་གཉིས་ཀའི་གཉེན་པོར་འཆི་བ་རྗེས་སུ་དྲན་པ་ཁོ་ན་སྒོམ། དེ་བསྒོམས་ན་བྱིང་བ་ལ་ཡང་གཉིད་ལོག་པའི་གདོང་དུ་ཆུ་གྲང་བཏབ་པ་བཞིན་དུ་འགྲོར་རུང༌། རྒོད་པའི་གཉེན་པོར་ཡང་ལྟད་མོ་ཆེན་པོའི་གསེབ་ཏུ་ཕ་ཤི་བའི་གཏམ་བཟླས་ནས་ལྟད་མོ་ཉམས་སུ་བླང་བའི་སྐབས་མེད་པ་བཞིན་དུ་འགྲོར་རུང༌། བསླབ་པ་ཀུན་ལས་བཏུས་པ་ལས་ཀྱང་གཉིས་ཀའི་གཉེན་པོར་དེ་གསུངས་པ་ཡིན། བྱིང་བའི་གཉེན་པོར་ཞི་གནས་ཀྱི་གསོ་སྦྱོང་གི་སྐབས་ནས་གསུངས་པ་བཞིན་དུ། གདོས་སུ་གདགས་པ་དང༌། དབྱུག་གུས་དལ་བུས་གཟུགས་པ་དང༌། ཕོ་ལོང་འཕང་བ་དང༌། མདུན་དུ་མར་མེ་བཞག་པ་དང༌། རྐང་པ་དབྱུང་བ་དང༌། རྐང་པ་གཉིས་ཀ་དབྱུང་བ་དང༌། འཕྲེང་ཐག་ལ་འཇུས་ཏེ་བཅག་པ་ལ་སོགས་པ་བྱ། ཟས་སྐོམ་ཡང་བསྟེན། གོས་སྲབ་པ་དང་ས་བསིལ་བ་དང་ནམ་མཁའ་དཀར་ས་དང་མཐོ་ས་དག་ཏུ་སྒོམ་པར་བྱ། གདོང་པ་བཀྲུ། བྱིང་རྒོད་མེད་པའི་དུས་ན་བཏང་སྙོམས་སུ་བཞག་པར་བྱ་སྟེ། དེ་ཡང་ཏུག་གིས་མ་ཆད་པ་ལ་ངལ་གསོ་ཡིན་བྱེད་དགོས་པ་ཡིན། ཏུག་གིས་བར་ཆད་བསྒོམས་ན་ཕྱིས་སྒོམ་སྙིང་ཡང་ཡེ་མི་འདོད། མལ་རང་མཐོང་ཙ་ན་ཡང་སྐྱུག་ལོང་ལོང་ཆ་ཉེན་ཡོད། དེ་བཞིན་དུ་སོང་བ་དེ་ལ་སྐྱེད་ཡེ་རང་མི་འོང༌། སྒོམ་པ་དབང་བློའི་ཞལ་ནས་ཁེན་གྱེས་བྱས་བྱ་བ་ཡིན་གསུངས་པས། དང་པོར་ཐུན་ཆུང་ལ་གྲངས་མང་དུ་སྒོམ། དེ་ནས་ཐུན་ཇེ་རིང་དུ་བཏང་གྲངས་ཇེ་ཉུང་དུ་བསླབ། དེ་ནས་ཐུན་བཞིའི་རྣལ་འབྱོར་དུ་བྱ། དེ་ཡུན་ཇེ་རིང་དུ་བསྲིངས་པས་ཉིན་མཚན་འབྱོར་པ་ཉིད་དུ་འགྲོ་བ་ཡིན། ཉན་པོར་དགེ་བཤེས་པུ་ཏོ་བ་ལ་རྒྱལ་བ་གྲགས་རྒྱལ་གྱིས་ལམ་སྒྲོན་ཞུས་པའི་དུས་ན། མི་རྟག་པ་ལ་སོགས་པ་ཡིད་ལ་བྱེད་པ་ཐམས་ཅད་ལ་སྦྱར་བ་ཡང་གསུངས་ཏེ། མི་རྟག་པའི་ཏིང་ངེ་འཛིན་མེད་ན་ཚེ་འདི་འབའ་ཞིག་ལ་ཞེན་པར་འགྲོ། དེ་ཙ་ན་སྔར་བསྟན་པ་བཞིན་དུ་དུད་འགྲོ་དང་ཁྱད་མེད་པས་ཚེ་འདི་ཉིད་ཀྱང་མཐར་མི་ཕྱིན་ན་གཞན་ལྟ་ཅི་སྨོས། དེ་ཡོད་ན་ལས་དང་འབྲས་བུ་ནས་མཐར་ཐུག་སྐྱེ་བ་མེད་པའི་དོན་ཤེས་པའི་བར་ཐམས་ཅད་འབྱུང༌། ལས་འབྲས་ལ་དམིགས་པའི་ཏིང་ངེ་འཛིན་མེད་ན་ཡང་དེ་ལ་ཡིད་མ་ཆེས་པས་ལས་འབྲས་ཁྱད་དུ་གསོད་པའི་ཕྱིར་ཕྱི་མའི་བདེ་འགྲོ་ཙམ་ཡང་མི་འགྲུབ་ན་གཞན་ལྟ་ཅི་སྨོས། དེ་ཡོད་ན་བདེ་འགྲོའི་རྟེན་ཐོབ་པ་ནས་མཐར་རྟེན་འབྲེལ་གྱི་རང་བཞིན་སྐྱེ་བ་མེད་པར་རྟོགས་པའི་བར་དུ་འབྱུང༌། འཁོར་བའི་ཉེས་དམིགས་ལ་ཏིང་ངེ་འཛིན་དུ་གྱུར་པ་མེད་ན་རང་ཡང་འཁོར་བ་ལས་མི་འདའ་ན་གཞན་བསྒྲལ་བ་ལྟ་ཅི་སྨོས། དེ་ཡོད་ན་རང་གི་རྣམ་གྲོལ་ཡང་ཐོབ་ལ། བྱམས་པ་དང་སྙིང་རྗེ་ལ་སོགས་པ་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱང་འབྱུང༌། བྱམས་པ་དང་སྙིང་རྗེའི་ཏིང་ངེ་འཛིན་མེད་ན། ཐེག་པ་ཆེན་པོ་བར་མི་འགྱུར། དེ་ཡོད་ན་ཐེག་པ་ཆེན་པོའི་རྩ་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་ཏིང་ངེ་འཛིན་ཡོད་ན་སྔར་བསྟན་པའི་ཕན་ཡོན་རྣམས་འབྱུང་ལ། མེད་ན་དེ་ལས་ཟློག་པའི་ཉེས་དམིགས་རྣམས་འབྱུང༌། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མེད་ན་དངོས་པོར་འཛིན་པ་མི་སྤོངས་པས་འཁོར་བ་ལས་ཀྱང་མི་འདའ་ན་ཐམས་ཅད་མཁྱེན་པ་ཏ་ག་ལ་འཐོབ། དེ་ཡོད་ན་དངོས་པོར་འཛིན་པའི་རྩ་བ་ཅན་གྱི་མི་མཐུན་པའི་ཕྱོགས་ཐམས་ཅད་སྤོང་ཞིང༌། གེགས་མེད་པས་ཡོན་ཏན་ཐམས་ཅད་ཀྱང་འབྱུང་ལ། མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་སྐྱེ་བ་ཡང་འབྱུང་བ་དག་ལ་ཡིད་ཆེས་ནས། འདུན་པ་ལ་སོགས་པ་འབྱུང་བ་ཐམས་ཅད་སྔ་མ་བཞིན་དུ་སྦྱར་གསུངས།

བཞི་པ། ཞི་གནས་གྲུབ་པ་ལས་མངོན་ཤེས་འབྱུང་བར་བསྟན་པ་ནི། རྣལ་འབྱོར་ཞི་གནས་གྲུབ་གྱུར་ན། །མངོན་ཤེས་དག་ཀྱང་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། དེ་ཡང་གོང་དུ་བཤད་པ་བཞིན་གྱི་ཞི་གནས་ཀྱི་ཚོགས་དང་ཡན་ལག་ལ་གནས་ནས་རང་གི་ལས་འཕྲོ་དང་འཚམ་པ་ལ་སོགས་པའི་དམིགས་པ་གང་ཡང་རུང་བ་དག་ལ་ཉེས་པ་ལྔ་གཉེན་པོ་འདུ་བྱེད་བརྒྱད་ཀྱིས་སྤོང་བའི་ཚུལ་གྱིས་ཡིད་དགེ་བ་ལ་འཇོག་པའི་རྣལ་འབྱོར་པ་དེས་ནམ་ཞི་གནས་བསམ་གཏན་གྱི་དངོས་གཞི་གྲུབ་པར་གྱུར་པ་ན་དེ་ཉིད་གྲུབ་པ་ཙམ་དུ་མ་ཟད། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་ཡོངས་སུ་བཟུང་བ་དང༌། །ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། །མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། །ཞེས་མདོ་སྡེ་རྒྱན་ལས་གསུངས་པའི་ཚུལ་གྱིས་རྫུ་འཕྲུལ་གྱི་ཡུལ་ཤེས་པའི་མངོན་ཤེས་ཐོབ་པར་འདོད་པས་ལུས་ཤིང་བལ་ལྟར་དུ་ཡང་བར་སྒོམ་པ་ལ་སོགས་པ་སོ་སོའི་རྣམ་གནས་ཡིད་ལ་བྱས་པ་ལ་བརྟེན་ནས་ཇི་ལྟར་འདོད་པའི་མངོན་པར་ཤེས་པ་དག་ཀྱང་འགྲུབ་པར་འགྱུར་བས། དེའི་སྟོབས་ཀྱིས་རང་གི་བྱང་ཆུབ་ཀྱི་ཚོགས་རྫོགས་པ་དང་སེམས་ཅན་གྱི་དོན་ཐམས་ཅད་འགྲུབ་པར་འགྱུར། ཞེས་པ་སྟེ། དེ་ལ་ཤ་ར་བའི་ཞལ་ནས། དགོན་པ་སྟོང་པ་ཉིད་ལ་དམིགས་པའི་དངོས་གཞི་ཐོབ་ན་རྣམ་གནས་མི་དགོས་གསུང་སྐད་དེ་སྐུ་ཉམས་སུ་བཞེས་པ་མ་ལགས་སམ། སྤྱིར་མངོན་པར་ཤེས་པ་ལྔ་པོ་ཙམ་ཐོབ་ཀྱང་ཉམས་པའི་མཐའ་ཅན་ཡིན་པས་ཟག་པ་ཟད་པའི་མངོན་ཤེས་དགོས། དེ་ལ་ལྷག་མཐོང་གི་ཤེས་རབ་དགོས། དེ་ལའང་ཞི་གནས་ཐོབ་དགོས་པ། མཉམ་བཞག་ཡང་དག་ཇི་བཞིན་དུ། །ཤེས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་པ་བཞིན་དུ་ཡིན་ལ། སེམས་ནི་རྣམ་པར་གཡེངས་པའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ཞེས་པའི་ཚུལ་གྱིས། སེམས་རྣམ་པར་གཡེངས་པ་ལ་ཚུལ་ཁྲིམས་རྣམ་པར་དག་པ་ཡང་མི་ཡོང༌། བྱང་ཆུབ་ཀྱི་སེམས་ཀྱང་གཏན་ལ་མི་ཕེབས་པས། དེ་དག་ལ་ཡང་ཉོན་མོངས་པ་མགོ་གནོན་པའི་ཞི་གནས་དགོས་པ་ཡིན། ཞི་གནས་ཐོབ་པའི་རྟགས་ལུས་སྦྱངས་པ་མོང་གི་རྩེ་མོ་ལ་སྤྱི་བོ་གཏད་ནས་བསྒོམས་ཀྱང་རང་ཇི་སྲིད་འདོད་ཀྱི་བར་དུ་གནས་པར་ནུས། སེམས་ལས་སུ་རུང་བས་དམིགས་པ་གང་འདོད་པ་ལ་ཇི་སྲིད་འདོད་ཀྱི་བར་དུ་གནས་པར་ནུས་པ་ཡོང་བ་ཡིན་ཏེ། ད་ལྟ་རྟགས་དེ་ཀུན་གང་ཡང་མེད་པར་ཞི་གནས་ཐོབ་ཟེར་བར་སྣང་སྟེ། དགེ་བཤེས་སྟོན་པ། མངོན་པའི་ང་རྒྱལ་ཡིན་ན་རུང་དེ་མིན་ན་སོ་སོར་ཐར་པ་ཅ་འབྱིད་གསུངས་ཤིང༌། ཡུང་བ་བའི་བཙུན་ཆུང་ཞིག་ལ་ཚོགས་འདི་ན་ཁྱོད་ཁོ་ན་གཞོན་གྱིས་ལོ་བརྒྱད་ཅུ་ཙམ་དུ་ཐུབ་པར་གྱིས་ལ། སྔོན་འབྲོམ་དགེ་བསྙེན་རྒན་པོ་ཞིག་ན་རེ་ཞི་གནས་ཐོབ་ཟེར་ནས་ཉོན་མོངས་པ་རྒྱུད་ལ་སྐྱེ་བར་སྣང་ན་དེ་འདྲེས་ཁྱེར་བར་ཤེས་པར་གྱིས་ཤིག ཡི་དམ་གྱི་ལྷ་ཞལ་མཐོང་ཟེར་ནས་ཉོན་མོངས་པ་རྒྱུད་ལ་སྐྱེ་བར་སྣང་ན་དེ་འདྲེས་ཁྱེར་བར་ཤེས་པར་གྱིས་ཤིག་ཟེར་གྱིས་ལ་འཕྲིན་ཟློས་ཤིག་གསུངས་སྐད་དེ། དེ་ནི་བཟླས་སམ་མ་བཟླས་མ་འཚལ། ཁམས་པ་ལུང་པས་དགུང་ལོ་དགུ་བཅུ་རྩ་བགྲངས་སུ་བཞུགས་ནས་བཟླས། སེམས་གནས་པ་གཤའ་མར་ཡོད་ན་དངོས་གཞི་ཁོ་ན་མ་ཐོབ་ཀྱང༌། ཉོན་མོངས་པ་ལ་མགོ་གནོན་པ་དང༌། ཤེས་བྱ་ལ་ཤེས་པ་ཟེར་ཇེ་ཡང་དུ་འགྲོ། འདོད་པ་ཐམས་ཅད་ལ་ཡང་ཞེན་པ་ཇེ་ཆུང་དུ་འགྲོ་བ་ཡིན་ཏེ། ད་ལྟ་ཉོན་མོངས་པ་ཇེ་མཐུག འདོད་པ་ཐམས་ཅད་ལ་ཞེན་པ་ཇེ་ཆེར་སོང་བར་བྱས་ནས་སྒོམ་ཡང་ཡོད་པར་ཁས་ལེན་ཏེ་དེས་འདོད་སར་མི་ཕྱིན་གསུངས།

གསུམ་པ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་བཤད་པ་ལ། ལྷག་པའི་སེམས་དང་ཤེས་རབ་ཀྱི་བསླབ་པའི་འབྲེལ། ཐབས་ཤེས་ཡ་བྲལ་གྱིས་འཆིང་བས་གཉིས་ཀ་མི་སྤོང་བར་བསྟན་པ། ཐབས་དང་ཤེས་རབ་ཀྱི་དབྱེ་བ། དེ་གཉིས་སྒོམ་པའི་གོ་རིམ། ཤེས་རབ་ཀྱི་བསླབ་པ་ཉིད་བཤད་པ་དང་ལྔའི། དང་པོ་ལྷག་པའི་སེམས་དང་ཤེས་རབ་ཀྱི་བསླབ་པའི་འབྲེལ་བྱེད་པ་ནི། ཤེས་རབ་ཕ་རོལ་ཕྱིན་སྦྱོར་དང༌། །བྲལ་བས་སྒྲིབ་པ་ཟད་མི་འགྱུར། །དེ་ཕྱིར་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་པ་མ་ལུས་སྤང་བའི་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་རྣལ་འབྱོར། །རྟག་ཏུ་ཐབས་བཅས་སྒོམ་པར་བྱ། །ཞེས་གསུངས་ཏེ། དེ་ཡང་བཤད་མ་ཐག་པ་ལྟར་དུ་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་གཉིས་ལ་བསླབ་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའི་སྦྱོར་བ་དང་བྲལ་བས་དངོས་པོར་འཛིན་པ་མི་སྤོངས་པའི་ཕྱིར་དེའི་རྩ་བ་ཅན་གྱི་སྒྲིབ་པ་ཟད་པར་མི་འགྱུར་ལ། སྒྲིབ་པ་གཉིས་མ་ཟད་ན་ཡང་འཁོར་བ་པ་ཉིད་ཡིན་པ། དེའི་ཕྱིར། འཕགས་པའི་བདེན་པ་བཞི་ལ་རྨོངས་པའི་དབང་གིས་ཆགས་སྡང་གི་རྣམ་པར་སྐྱེ་བ་ཉོན་མོངས་པའི་སྒྲིབ་པ་དང༌། དངོས་པོར་འཛིན་པ་ལ་བརྟེན་པའི་རྣམ་པར་རྟོག་པ་ཤེས་བྱ་ཡི་སྒྲིབ་པ་ཞེས་བྱ་བ་དེ་གཉིས་མ་ལུས་པར་སྤོང་བའི་ཕྱིར་དུ་ཞི་གནས་ལ་བརྟེན་ནས་གང་ཟག་དང་ཆོས་ལ་བདག་མེད་པར་ལྟ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་སྒོམ་པར་བྱ་སྟེ། ཞི་གནས་མེད་ན་མར་མེ་རླུང་ལ་བཞག་པ་བཞིན་དུ་ཤེར་རབ་ཀྱིས་བདག་མེད་པའི་དོན་གསལ་པོར་མི་རྟོགས་ལ། དེ་ལྟར་དུ་ཤེས་རབ་སྒོམ་པ་དེ་ཡང་ཐབས་དང་ཡ་བྲལ་དུ་མ་སོང་བར་རྟག་ཏུ་སྐྱེས་བུ་གསུམ་གྱི་རིམ་པ་དང་ཕ་རོལ་ཏུ་ཕྱིན་པ་ལྔའི་ཐབས་དང་བཅས་ཏེ་བསྒོམ་པར་བྱ། ཞེས་པ་སྟེ། ཤ་ར་བའི་ཞལ་ནས། བསླབ་པ་སྔ་མ་གཉིས་ཀྱིས་ཉོན་མོངས་པ་སུན་ཕྱུང་བ་དང་མགོ་གནོན་པ་ཙམ་བྱས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་མེད་ན་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་བདག་ལྟ་མ་སྤངས་པར། བསམ་གཏན་ནགས་མེས་ཡང་དང་ཡང་དུ་ནི། །ཉེས་པའི་ནགས་ཚལ་བསྲེགས་པར་གྱུར་ན་ཡང༌། །བདག་ལྟའི་རྩ་བ་བརྟན་པོ་མ་བཏོན་པས། །ཆར་གྱིས་བརླན་བཞིན་མདུན་ནས་རབ་ཏུ་སྐྱེ། །ཞེས་གསུངས་ཏེ། མེས་ནགས་ཀྱི་ཅོ་དོ་བསྲེགས་ཀྱང༌། རྩ་བ་མ་བཏོན་ན་ཆར་ལ་སོགས་པས་བརླན་པའི་དུས་སུ་ཐལ་བས་ལུད་བྱས་ནས་སླར་བཟང་དུ་སྐྱེ་བ་བཞིན་དུ་བདག་ཏུ་ལྟ་བ་མ་སྤངས་ན་བསམ་གཏན་དང་གཟུགས་མེད་པ་ལ་སོགས་པ་ཐོབ་པས་ཉོན་མོངས་པ་མགོ་མནན་ཡང་ཕྱིས་རྐྱེན་ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་སླར་དྲག་ཏུ་སྐྱེ་ལ། གང་ཟག་གི་བདག་མེད་ཙམ་བསྒོམས་ཀྱང་ཕུང་པོ་ལ་སོགས་པ་བདེན་པར་འཛིན་པ་མ་སྤང་ན་ཡང༌། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་གསུངས་པས་བདག་ཏུ་ལྟ་བ་ཉིད་ཀྱང་སྤང་བར་མི་ནུས་ཏེ། ད0ེར་ན་ཐོ་ཡོར་ལ་མིར་འཁྲུལ་བ་དེའི་དྲུང་དུ་ཕྱིན་ཙ་ན། དེར་ཤེས་ཀྱང༌། དེ་མ་བསྒྱིལ་ན་ཐག་རིང་དུ་ཕྱིན་ཙ་ན་འཁྲུལ་བ་བཞིན་དུ་ཡིན་ལ། བདག་ལྟ་སྤོངས་སུ་བཅུག་ན་ཡང་ཤེས་བྱའི་སྒྲིབ་པ་ཆོས་ཀྱི་བདག་མེད་མ་བསྒོམས་པར་མི་སྤོངས་པས་སྒྲིབ་པ་མ་ལུས་པར་སྤང་བའི་ཕྱིར་དུ་དེ་སྒོམ་ཞེས་བྱ་སྟེ། སློབ་དཔོན་ཀླུ་སྒྲུབ་པའི་ལུགས་ཀྱིས་ཉན་ཐོས་ཀྱིས་ཀྱང་ཆོས་ཀྱི་བདག་མེད་རྟོགས་ཏེ། རང་གི་རྟེན་གྱིས་བསྡུས་པ་ཙམ་ལས་ཆོས་ཐམས་ཅད་ཀྱི་བདག་མེད་པ་ཡང་མ་རྟོགས་ལ། ཐབས་ཀྱི་ཆེ་བ་དང་ཡང་བྲལ་བས་ཤེས་བྱའི་སྒྲིབ་པ་མ་སྤོངས་པར་བཞེད་པ་ཡིན། དེ་བས་ན་ཡུམ་གྱི་རྣལ་འབྱོར་སྒོམ་པ་དེ་ཡང་ཤེས་རབ་རྐྱང་པ་ཙམ་མ་ཡིན་ཏེ་ཐབས་དང་བཅས་པར་སྒོམ་ལ། དེ་ཡང་ལན་ཅིག་ཐབས་དང་བཅས་པ་མ་ཡིན་ཏེ། རྟག་ཏུ་ཐབས་དང་བཅས་པར་སྒོམ་ཞེས་པའི་ཐབས་དེ་ཡང་འདི་ཉིད་ནས་གསུངས་པ་བཞིན་དུ་ལས་དང་རྒྱུ་དང་འབྲས་བུ་བསྒོམས་པས་འགྲོ་བ་མ་ཡིན་པ་བཞིས་ཆོས་ལས་མི་འདའི་བློ་ཚོད་དུ་ཕྱིན་པའི་ཐབས་དང༌། སྲིད་པ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་དུ་བསྒོམས་པས་ཁམས་གསུམ་དག་ནི་རྨི་ལམ་ན་ཡང་འདོད་པ་མེད་ཅིང་དེའི་རྒྱུ་སྤང་བའི་ཆེད་དུ་བསླབ་པ་གསུམ་ལ་གློ་བུར་དུ་མགོའམ་གོས་ལ་མེ་ཤོར་བ་གསོད་པ་བས་ཀྱང་རིངས་པར་བརྩོན་འགྲུས་རྩོམ་པའི་ཐབས་དང༌། ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ཕ་མར་ཤེས་པས་དེ་རྣམས་སྲིད་པ་ན་སྡུག་བསྔལ་སྣ་ཚོགས་པས་གཙེས་པ་ལ་རང་གི་ཉམས་ལ་དཔགས་ནས་སྙིང་རྗེ་ཕུན་སུམ་ཚོགས་པར་གྱུར་པས། དེ་དག་བསྐྱབ་པའི་ཆེད་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དམ་བཅས་ནས་བསླབ་བྱ་ལྔ་ལ་སློབ་པའི་ཐབས་དང༌། འབྲས་བུ་ཐོབ་པར་འདོད་པའི་རྒྱུ་ལ་ནན་ཏན་བྱེད་དགོས་པའི་ཕྱིར་ཚུལ་ཁྲིམས་བསླབ་པ་གསུམ་ཞི་གནས་ཀྱི་ཚོགས་སུ་གྱུར་པ་ལ་ལེགས་པར་སློབ་པ་དང༌། དེ་ལ་བརྟེན་ནས་ཞི་གནས་སྒྲུབ། དེ་ལ་བརྟེན་ནས་ལྷག་མཐོང་ཤེས་རབ་བསྒོམས་པ་ཡིན། དེ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡང་འཆི་བ་ཡང་རྗེས་སུ་དྲན་པ་བསྒོམས་པའི་སྒོ་ནས་འཕོངས་པ་དང་འཇིགས་པ་སྐྱབས་ཚོལ་ཞིང་དཀོན་མཆོག་གསུམ་སྐྱབས་ཡིན་པར་ཤེས་ནས་དེ་ལ་སྐྱབས་སུ་སོང་བས་སངས་རྒྱས་པ་ཉིད་དུ་གྲུབ་པའི་ཐབས་ཤིག་ཁོ་ན་གལ་ཆེ་བ་ཡིན། ཡང་དབུ་མ་ལ་འཇུག་པ་ནས་སྦྱིན་པ་མེད་ན་འཚོ་བ་གཞན་གྱི་ངོར་བལྟ་བས་སྟོང་པ་ཉིད་འཕྲོ་འཆད། ཚུལ་ཁྲིམས་མེད་ན་ངན་འགྲོར་ལྟུང་བས་ཀྱང་དེ་སྒོམ་པ་རྒྱུན་ཆད། བཟོད་པ་མེད་ན་ངན་སོང་དུ་འགྲོ་ཞིང་མིར་སྐྱེས་ན་ཡང་གཟུགས་ངན་དུ་སྐྱེ་བས་བླ་མས་ཐུགས་ལ་མི་འདོགས་ཤིང་སྟོང་པ་ཉིད་སྒོམ་པའི་གདམས་ངག་མི་འཐོབ། ཇོ་བོའི་ཞལ་ནས། ཁོ་བོ་གཟུགས་མཛེས་པས་བླ་མ་ཐམས་ཅད་ཀྱིས་ཐུགས་ལ་བཏགས་པ་ལགས་གསུངས་སྐད། སྙིང་རྗེ་མེད་ན་ཐེག་པ་དམན་པར་ལྟུང་བས་སྟོང་པ་ཉིད་བསྒོམས་ཀྱང་འབྲས་བུ་སངས་རྒྱས་མི་འཐོབ། དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོ་བ་མེད་ན་ཡང་སྟོང་པ་ཉིད་སྒོམ་པ་བར་མ་དོར་རྒྱུན་ཆད། བྱང་ཆུབ་སེམས་དཔའ་ལ་མ་གུས་ན་ཡུལ་མཐའ་འཁོབ་ཏུ་སྐྱེ་ཞིང་སྟོང་པ་ཉིད་སྟོན་པའི་དགེ་བའི་བཤེས་གཉེན་དང་མི་འཕྲད་པས་དེ་ཐམས་ཅད་དང་བཅས་པ་དགོས་པར་གསུངས། སྒོམ་པའི་རིམ་པ་ལས་ཀྱང་སྦྱོར་བའི་དུས་ན་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་ལ་ཡན་ལག་བདུན་པ་སྔོན་དུ་བཏང༌། དེ་ནས་དམིགས་པ་ལ་རྩེ་གཅིག་པའི་ཞི་གནས་སྒྲུབ་པ་དེ་ལ་བརྟེན་ནས་བཟོད་ལྷག་མཐོང་ཤེས་རབ་སྒོམ། མཇུག་གི་དུས་ན་སྟོང་པ་ཉིད་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་བསྐྱེད་དེ། བདག་གི་ཚོགས་གཉིས་རྫོགས་པར་བྱས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱས་ལ་དེ་དག་གི་ཆོས་ཉིད་དེ་ཁོང་དུ་ཆུད་པར་བྱ་སྙམ་དུ་བསམས་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་མཆོད་པ་དང་བསྟོད་པ་བྱས་ལ་དགེ་བའི་རྩ་བ་བསྔོ་བ་དང༌། རྗེས་ལས་ཐོབ་པའི་དུས་ན་ཐབས་ཀྱི་ཆ་ཐམས་ཅད་མ་ཚང་བ་མེད་པ་ལ་བསླབ་པར་གསུངས། སྤྱོད་པ་ལ་འཇུག་པ་ལས་ཀྱང་བྱང་ཆུབ་ཀྱི་སེམས་ནས་བསམ་གཏན་གྱི་བར་ཐམས་ཅད་ཤེས་རབ་ཀྱི་དོན་ཡིན་པར་གསུངས་ཤིང༌། གཞན་ཡང་ཐ་སྙད་ཀུན་རྫོབ་པ་རྣམས་མེད་ན་དོན་དམ་པ་མི་རྟོགས་པར་གསུངས་པ་ཀུན་ཡང་ཐབས་ཀྱི་དོན་ཡིན་པ་ལ་རང་ཅག་དབུ་མ་ཆེན་པོ་བ་བྱ་བ་ཅི་ཡང་མི་དགོས་པ་ཞིག་ཡིན་པ་ཁོ་ན་སྐད་ཟེར་ཏེ། ཆོས་ཐམས་ཅད་ནས་དེ་བཞིན་དུ་མ་བཤད། དེ་ལྟར་ཐབས་དང་བཅས་པར་སྒོམ་པ་ཡང་དང་པོ་བདག་ཏུ་ལྟ་བ་མ་བཤིག་པ་ཉིད་དུ་ཐབས་རྣམས་བརྟན་པར་བྱ་བ་གལ་ཆེ་སྟེ། རིགས་པ་དྲུག་ཅུ་པ་ལས་ཀྱང༌། དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ལ། །ཕྱིས་ནི་རྣམ་པར་དབེན་པའོ། །ཞེས་གསུངས། ཇོ་བོའི་ཞལ་ནས་ཀྱང་དྲི་མ་མེད་པར་གྲགས་པའི་མདོ་ལས། འཇིག་ཚོགས་ལ་ལྟ་བ་སངས་རྒྱས་ཀྱི་གདུང་ཡིན། ཞེས་གསུང་བ་བཞིན་དུ་ཡིན་གསུངས་པས། དང་པོར་བདག་འཇིག་རྟེན་འདི་ནས་ཕ་རོལ་ཏུ་འགྲོ་བའི་མི་རྟག་པ་བསྒོམས་པས་འཕོངས་པ་དང་འཇིགས་པ་སྐྱབས་ཚོལ་ཞིང༌། སངས་རྒྱས་ལ་སྐྱབས་སུ་འགྲོ་བ་སྒོམ། དེ་ནས་དེས་སྐྱོབ་པ་ཆོས་ཀྱིས་སྐྱོབ་པས་བདག་གིས་ལས་འདི་བྱས་ན་ངན་སོང་འདིར་སྐྱེ་བ་ལ་སོགས་པའི་ལས་འབྲས་སྒོམ་གསུངས། སྐབས་སུ་མི་རྟག་པའི་རྗེས་ལ་བདག་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་ཇི་སྙེད་ཅིག་ཉམས་སུ་བླང་དགོས་པ་སྒོམ། དེ་ནས་བདག་ངན་སོང་གསུམ་གྱི་སྡུག་བསྔལ་ལས་སྐྱོབ་པ་སྐྱབས་དཀོན་མཆོག་གསུམ་ཁོ་ན་ཡིན་པ་ཤེས་པར་བྱས་ལ་དེ་དག་ལ་སྐྱབས་སུ་འགྲོ་བ་སྒོམ། དེ་ནས་དེ་དག་གིས་ངན་སོང་ལས་སྐྱོབ་པའི་ཡང་དེའི་རྒྱུ་ལས་བཟློག་པའི་སྒོ་ནས་སྐྱོབ་པས་ངན་སོང་དང་བདེ་འགྲོའི་རྒྱུ་རྣམས་ཤེས་པར་བྱས་ལ་སྤང་ཞིང་སྒྲུབ་ཀྱང་གསུང་སྟེ། དེ་ནས་བདག་སྲིད་པ་ན་མི་རྟག་པ་དང་རྒྱུ་འབྲས་གཅིག་ནས་གཅིག་ཏུ་བརྒྱུད་པའི་སྡུག་བསྔལ་གྱིས་སྐྱོ་ཞིང༌། ཡིད་འབྱུང་བ་བསྒོམས་པས་དེ་ལས་བདག་ཐར་བར་འདོད་པ་དང༌། བདག་འཁོར་བ་ན་འཁྱམས་པའི་དུས་ན་སེམས་ཅན་ཐམས་ཅད་ཀྱིས་བདག་གི་མ་བྱས་པ་དང༌། བདག་གི་མ་འཁོར་བ་ན་སྡུག་བསྔལ་སྣ་ཚོགས་པས་གཙེས་པ་ལ་རང་གི་ཉམས་ལ་དཔག་ནས་སྙིང་རྗེ་སྒོམ། དེ་ནས་དེས་ཀུན་ནས་བླངས་ནས་བདག་གིས་སེམས་ཅན་ཐམས་ཅད་སངས་རྒྱས་ལ་འགོད་པར་བྱ་བའི་དོན་དུ་བདག་ཉིད་ཀྱིས་དེ་ཐོབ་པར་བྱ་སྙམ་དུ་བྱང་ཆུབ་ཆེན་པོར་སེམས་བསྐྱེད། དེ་ནས་བདག་གིས་གཞན་དོན་དུ་བྱང་ཆུབ་ཆེན་པོ་འཐོབ་པ་ལ་བདག་གིས་དེའི་རྒྱུ་ལ་འཇུག་དགོས་པ་ཤེས་པར་བྱས་ལ། འཇུག་པའི་སྡོམ་པ་བླང་ཞིང་དེའི་བསླབ་པ་ལྷག་པའི་ཚུལ་ཁྲིམས་དང་སེམས་གཉིས་ལ་བསླབས་ཏེ། ཐབས་དེ་རྣམས་བརྟན་པར་གྱུར་པ་ན། ཐབས་རྐྱང་པ་ཙམ་གྱིས་དངོས་པོར་འཛིན་པ་མི་སྤོངས་པས་ཐམས་ཅད་མཁྱེན་པ་མི་འཐོབ་ལ། འཁོར་བ་མཐའ་རིང་བ་དང་གདུལ་བྱའི་སེམས་ཅན་གྲངས་མང་ལ་བྱེད་ངན་པར་ཡང་ཤེས་པས་རང་འཁོར་བའི་སྡུག་བསྔལ་གྱིས་ཤིན་ཏུ་གཙེས་ཙ་ན། སྤྲེའུའི་གཏམ་རྒྱུད་བཞིན་དུ་འཁོར་བ་མཐའ་མེད་དུ་སེམས་ཅན་ཇི་སྙེད་ཅིག་གི་ཁུར་བདག་གིས་བསྐུར་མི་ནུས་སྙམ་དུ་ཞུམ་ནས་སྙིང་རྗེ་ཉིད་ཀྱང་ཉམས་པའི་ཉེན་ཡོད་པས། དང་པོ་རང་གི་རྒྱུད་ལ་གང་ཟག་གི་བདག་མེད་པ་སྒོམ། དེ་བཞིན་བསྒོམས་ཀྱང་བྱམས་པ་དང་སྙིང་རྗེ་བརྟན་པར་མ་གྱུར་གྱི་བར་དུ་སེམས་ཅན་གང་ཟག་གི་རྫས་ཉིད་དུ་བཟུང་ལ་དེ་གཉིས་སྒོམ། དེ་ནས་སེམས་ཅན་དང་དེ་དག་གི་སྡུག་བསྔལ་ཐམས་ཅད་རྫས་སུ་གྲུབ་པས་སེམས་ཅན་གྱི་སྡུག་བསྔལ་བསལ་བ་ཉིད་དུ་ཡང་མི་ནུས་སམ་སྙམ་དུ་མྱ་ངན་ཉིད་ཀྱང་སྐྱེ་བའི་ཚོད་དུ་གྱུར་པ་ན་སེམས་ཅན་གཞན་ལ་ཡང་གང་ཟག་གི་རྫས་སུ་གྲུབ་པ་མེད་པར་སྒོམ། དེ་ནས་ཆོས་ཀྱི་རྫས་གཅིག་གྲུབ་ན་ཡང་རྫས་སུ་གྲུབ་པའི་སྡུག་བསྔལ་བསལ་བར་མི་ནུས་སམ་སྙམ་པ་ན་རང་དང་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་བདག་མེད་པར་ཡང་སྒོམ་སྟེ། དེ་གཉིས་རིམ་གྱིས་སྒོམ་པ་དཔེར་ན་རྒྱལ་པོའི་བཙུན་མོ་ཤི་བ་བརྡ་སྤྲོད་པ་ལྟ་བུ་སྟེ། རྒྱལ་པོའི་བཙུན་མོ་མངའ་བྱད་ཕུན་སུམ་ཚོགས་པ་ལ་ཆགས་ནས་མི་གཡོལ་ཐབས་མེད་པར་འདུག་པ་ལས། སྐབས་སུ་དགོས་པའི་དབང་གིས་ཡུལ་གཞན་དུ་དམག་ལ་ཕྱིན་པའི་ཤུལ་དུ་བཙུན་མོ་ཤི། དེ་དང་པོ་ནས་བཟླས་ན་རྒྱལ་པོ་ཁྲག་དྲོན་མོ་སྐྱུགས་ནས་འཆི་བ་ཙམ་གྱི་མྱ་ངན་སྐྱེ་བས། བློན་པོ་ཐབས་ལ་མཁས་པ་ཞིག་གིས་ཕོ་ཉ་ཞིག་བཏང་ནས་རྒྱལ་པོ་མི་བདེ་བ་མེད་དམ་འདྲི་བའི་དུས་ན་གཞན་ནི་མི་གདའ། བཙུན་མོའི་དཔྲལ་བར་ཐོར་བ་ཆེན་པོ་ཞིག་བྱུང་ནས་གདའ་གྱིས་ཤིག་བྱས། དེ་ནས་ཕོ་ཉ་གཉིས་པ་དང་གསུམ་པ་དང་བཞི་པའི་བར་དུ་བཏང་ནས། སྔ་མ་བཞིན་དུ་འདྲི་བའི་དུས་ན་ཐོར་བ་དེ་ཤུ་བ་ཞིག་ཏུ་ཐལ་ཤེས་པ་དང༌། ཤུ་བ་འཕེལ་ནས་གདོང་པ་ཁེབས་པ་དང༌། བཙུན་མོའི་གདོང་པ་རུས་པར་ཟངས་ཀྱིས་ཐལ་ཞེས་པའི་བར་དུ་བཟླས་པས། རྒྱལ་པོའི་ཡིད་ལ་ལོག་ནས་ཕྱིན་ཙ་ན་བཙུན་མོ་དེ་ཤི་ནས་འདུག་ན་རུང་སྙམ་པ་སྐྱེ་བའི་དུས་ན། དེར་བཙུན་མོ་དེ་གུམ་ལགས་བྱས་ནས་རྒྱལ་པོ་དགའ་ཆེས་པ་ལ་མྱ་ངན་མི་སྐྱེ་བ་བཞིན་དུ་རང་དང་གཞན་གྱི་སྡུག་བསྔལ་གྱིས་མྱ་ངན་སྐྱེ་བར་སོང་ཙ་ན་སྡུག་བསྔལ་ཅན་གྱི་བདག་མེད་པར་བསྟན་པས་དགའ་ཆེས་པར་འགྱུར་བའི་དུས་སུ་བདག་མེད་གཉིས་སྟོན་པ་ཡིན། ཞི་བ་ལྷས། འདི་ལྟར་བདག་དང་གཞན་དག་ཀྱང༌། །འཇིགས་དང་སྡུག་བསྔལ་མི་འདོད་པར། །བདག་ལས་བྱེ་བྲག་ཅི་ཡོད་ན། །གང་དེ་བསྲུང་ལ་གཞན་མི་བསྲུང༌། །ཞེས་པ་དང༌། བདག་གཞན་མཉམ་ཉིད་གོམས་བྱས་ན། །བྱང་ཆུབ་སེམས་ནི་རབ་ཏུ་འཇུག །ཅེས་བྱང་ཆུབ་ཀྱི་སེམས་སྒོམ་པའི་མན་ངག་ཏུ་གསུངས་ཏེ། ལས་དང་པོ་པ་ལས་དེ་བཞིན་དུ་བསྒོམས་པས་བྱང་ཆུབ་ཀྱི་སེམས་བརྟན་པར་མི་འགྱུར། ཇོ་བོ་གསུངས་པ་བཞིན་དུ་སྒོམ་དགོས་པ་ཡིན་གསུངས།

གཉིས་པ། ཐབས་ཤེས་ཡ་བྲལ་གྱིས་འཆིང་བས་གཉིས་ཀ་མི་སྤང་བར་བསྟན་པ་ནི། ཐབས་དང་བྲལ་བའི་ཤེས་རབ་དང༌། །ཤེས་རབ་བྲལ་བའི་ཐབས་དག་ཀྱང༌། །གང་ཕྱིར་འཆིང་བ་ཞེས་གསུངས་པ། །དེ་ཕྱིར་གཉིས་ཀ་སྤང་མི་བྱ། །ཞེས་གསུངས་ཏེ། དེ་ཡང་སྔར་བསྟན་པ་བཞིན་དུ་ཤེས་རབ་ཐབས་དང་བཅས་ཤིང་ཐབས་ཀྱང་ཤེས་རབ་དང་བཅས་པ་ཉིད་དུ་མ་གྱུར་པར་དེ་གཉིས་ཡ་བྲལ་བ་ལ་ཉེས་པ་ཅི་ཡོད་ཞེ་ན། སྐྱེས་བུ་གསུམ་གྱི་རིམ་པ་ལ་སོགས་པའི་ཐབས་དང་བྲལ་བའི་ཤེས་རབ་སྟོང་པ་ཉིད་རྐྱང་པ་བསྒོམས་པས་ནི་ཞི་བའི་མཐར་འཆིང་བ་དང༌། ཤེས་རབ་གང་ཟག་གི་ཆོས་ལ་བདག་མེད་པའི་སྟོང་པ་ཉིད་སྒོམ་པ་དང་བྲལ་བའི་ཐབས་རྐྱང་བ་ལ་གོམས་པར་བྱེད་པ་དག་ཀྱང་སྲིད་པའི་མཐར་འཆིང་བར་བྱེད་པ་སྟེ། རྒྱུ་མཚན་གང་གི་ཕྱིར་ན་དྲི་མ་མེད་པར་གྲགས་པའི་མདོ་ལས། ཐབས་དང་བྲལ་བའི་ཤེས་རབ་ཀྱིས་ཉན་ཐོས་སུ་འཆིང་ལ། ཤེས་རབ་དང་བྲལ་བའི་ཐབས་ཀྱིས་འཁོར་བར་འཆིང་བར་འགྱུར་ཞེས་གསུངས་པའི་ཕྱིར། དེ་བས་ན་མཐའ་དེ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་སངས་རྒྱས་དོན་དུ་གཉེར་བ་དག་གིས་ཐབས་དང་ཤེས་རབ་དེ་གཉིས་ཀ་སྤང་བར་མི་བྱ་སྟེ། ཐབས་ཤེས་རབ་དང་བཅས་ཤིང་ཤེས་རབ་ཐབས་དང་བཅས་པ་ཉིད་དུ་སྒོམ། ཞེས་པ་སྟེ། དེ་ཡང་ཐབས་བརྟན་པར་གྱུར་པ་ན་བདག་མེད་གཉིས་ཤེས་པའི་ཤེས་རབ་ཀྱིས་ཀྱང་བསྟན་ན་སྒོམ་པ་ཡིན་ལ། དང་པོར་མིའི་རྐང་བ་བཞིན་དུ་ཐབས་ལ་བརྟེན་ནས་ཤེས་རབ་དང་ཤེས་རབ་ལ་བརྟེན་ནས་ཐབས་རེས་འཇོག་ཏུ་སྒོམ། དེ་བཞིན་དུ་གོམས་པར་བྱས་པས་ཁུལ་དུ་ཚུད་པ་ན་བྱའི་གཤོག་པ་བཞིན་དུ་དུས་གཅིག་ཏུ་སྒོམ་སྟེ། ཐབས་རྣམས་གོམས་པར་བྱེད་པའི་དུས་ན་ཡང་འཁོར་གསུམ་གྱི་རྫས་སུ་ཞེན་པ་མེད་ལ། ཤེས་རབ་སྟོང་པ་ཉིད་གོམས་པར་བྱེད་པའི་དུས་ན་ཡང་སྙིང་རྗེ་མི་འདོར་ཞིང༌། ཐབས་ཀྱིས་ཡུལ་དུ་བྱས་པ་དེ་དག་ཉིད་མི་དམིགས་པར་མཉམ་བཞག་རྗེས་ཐོབ་གཉིས་ཀའི་དུས་ན་སྒོམ་པ་ཡིན། ཞེས་ཤ་ར་བས་གསུངས།

གསུམ་པ། ཐབས་དང་ཤེས་རབ་ཀྱི་དབྱེ་བ་བསྟན་པ་ནི། ཤེས་རབ་གང་དང་ཐབས་གང་ཞེས། །ཐེ་ཚོམ་དག་ནི་སྤོང་བའི་ཕྱིར། །ཐབས་རྣམས་དང་ནི་ཤེས་རབ་ཀྱི། །ཡང་དག་དབྱེ་བ་གསལ་བར་བྱ། །ཤེས་རབ་ཕ་རོལ་ཕྱིན་སྤོངས་པའི། །སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས། །དགེ་བའི་ཆོས་རྣམས་ཐམས་ཅད་དག །རྒྱལ་བ་རྣམས་ཀྱིས་ཐབས་སུ་བཤད། །ཅེས་གསུངས་ཏེ། དེ་ཡང་མདོ་དང་བསྟན་བཅོས་དག་ནས་ཐབས་ཤེས་ཀྱི་སྒྲ་སྦྱར་ཡུལ་འགའ་ཞིག་གསུངས་པ་ལས་གཞུང་འདིའི་སྐབས་དོན་གྱི་ཤེས་རབ་ནི་གང་དང་ཐབས་ནི་གང་ཞེས་ཐེ་ཚོམ་ཟ་བར་གྱུར་ན། ཐེ་ཚོམ་དེ་དག་ནི་སྤོང་བར་བྱ་བའི་ཕྱིར་དུ་གཞུང་འདིའི་སྐབས་དོན་གྱི་ཐབས་རྣམས་གང་ཡིན་པ་དང་ནི་ཤེས་རབ་གང་ཡིན་གྱི་ཡང་དག་པའི་དབྱེ་བ་ཞིག་གསལ་བར་བྱ་སྟེ། དེ་ཡང་གང་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤངས་པ་སྟེ་དེ་མ་གཏོགས་པའི་གཞན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དགེ་བའི་ཆོས་སུ་བགྲང་བ་ཇི་སྙེད་པ་རྣམས་ཐམས་ཅད་དག་ནི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐབས་སུ་བཤད་པ་དེའི་དབང་དུ་བྱས་ཞེས་སྐབས་དོན་གྱི་ཐབས་གང་ཡིན་པ་དངོས་སུ་བསྟན་པའི་ཤུགས་ལས། ཐབས་དེ་དག་ཏུ་མ་གཏོགས་པའི་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཐབས་དེ་དག་དང་ཡ་མ་བྲལ་བར་བྱ་རྒྱུའི་ཤེས་རབ་ཏུ་གོ་དགོས་པར་བསྟན་པ་སྟེ། ཤ་ར་བའི་ཞལ་ནས། ཐབས་དང་ཤེས་རབ་གཉིས་རང་ཅག་ལ་ནི་ཐེ་ཚོམ་མེད་པར་སོ་སོར་གྲུབ་མོད་ཀྱི། མདོ་སྡེ་རྒྱན་ལས། རྣམ་པར་མི་རྟོག་ཐབས་ཡོངས་བཟུང་བ་དང༌། །ཞེས་རྣམ་པར་མི་རྟོག་པ་ཐབས་སུ་བཤད་ནས་ཀུན་རྫོབ་པའི་རྒྱུ་འབྲས་ཤེས་པ་ལ་ཤེས་རབ་ཏུ་བཤད་པ་ལ་སོགས་པ་དང༌། ཐེག་པ་ཆེན་པོ་བསྡུས་པ་ལས་འཁོར་གསུམ་དུ་མི་རྟོག་པ་ལ་ཐབས་མཁས་པ་དམ་པ་ཞེས་གསུངས་པ་དེ་ཀུན་དང་འཁྲུལ་བར་ཐུགས་ཕྱུང་ནས་དེ་གཉིས་གང་ཡིན་ཐེ་ཚོམ་ཟ་ན་དེ་སྤངས་པའི་ཕྱིར། དེ་གཉིས་ཀྱི་དབྱེ་བ་གསལ་པོར་མཛད་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤངས་པ་སྟེ། དཀར་བའམ་དེའི་སྒྲ་ཕྱིས་པའམ་དེ་མ་གཏོགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དགེ་བའི་ཆོས་ཐམས་ཅད་ཅེས་པ། གཙུག་ན་རིན་པོ་ཆེའི་མདོ་ལས་རྒྱལ་པོའི་གཟུགས་འདྲི་བའི་དཔེས་གསུངས་པ་བཞིན་དུ་སེམས་ཅན་གྱི་སེམས་རྒྱུད་རས་གཞི་དང་འདྲ་བ་ལ། རི་མོ་མཁན་དང་འདྲ་བའི་ཐབས་དང་ཤེས་རབ་ཀྱི་རྣམ་པ་ཐམས་ཅད་ཚང་ན་རྒྱལ་པོའི་གཟུགས་དང་འདྲ་བའི་སངས་རྒྱས་ཀྱི་སྐུ་གསུམ་ཡོངས་སུ་རྫོགས་པར་འགྱུར་ལ། གང་ཡང་རུང་བ་ཞིག་མ་ཚང་ན་ཡང་མི་རྫོགས་པས་ཕ་རོལ་ཏུ་དྲུག་གམ་བཅུ་དང༌། བསྡུ་བའི་དངོས་པོ་བཞི་དང༌། ཚད་མེད་པ་བཞི་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ཐམས་ཅད་ཀྱི་ཆ་ཐམས་ཅད་ཚང་བའི་སྒོ་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་སྒོམ་དགོས་པ་ཡིན་པས་དེ་ལྟར་དུ་བཤད་ཅིང༌། ཐབས་དག་ལ་ཡང་རིམ་གྱིས་སློབ་པ་ཡིན་ཏེ། སྦྱིན་པ་ལ་སོགས་པ་དྲུག་པོ་དག་ཀྱང་རིམ་གྱིས་སྐྱེ་ལ། སྦྱིན་པ་ཉིད་ཀྱང་དང་པོ་ཕྱིའི་དངོས་པོ། དེ་ནས་ནང༌། ཕྱི་ཉིད་ཀྱང་ཚོད་མ་ལ་སོགས་པ་སྦྱིན་པ་ལ་འདྲེན་པས་ཐོག་མར་སྦྱར་བར་བརྩོན་དགོས་པར་གསུངས་པ་བཞིན་དུ་ཡིན། དེ་ནས་རྒྱ་ཇེ་ཆེར་གཏོང༌། དེ་དག་ལ་གོམས་པས་རིམ་གྱིས་རང་གི་ལུས་གཏོང་བ་ལ་ཡང་ད་ལྟ་ཚོད་མ་སྟོར་བ་བས་སླ་བའི་དུས་ཡོང་བ་ཡིན་གསུངས།

བཞི་པ། ཐབས་དང་ཤེས་རབ་དེ་དག་སྒོམ་པའི་གོ་རིམ་ནི། ཐབས་གོམས་དབང་གིས་བདག་ཉིད་ཀྱིས། །གང་ཞིག་ཤེས་རབ་རྣམ་སྒོམ་པ། །དེས་ནི་བྱང་ཆུབ་མྱུར་དུ་ཐོབ། །བདག་མེད་གཅིག་པུ་བསྒོམས་པས་མིན། །ཞེས་གསུངས་ཏེ། དེ་ཡང་དང་པོར་སྐྱེས་བུ་གསུམ་གྱི་རིམ་པས་བློ་སྦྱངས་ཤིང༌། འབྲས་བུ་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པས་དེའི་རྒྱུ་སྦྱིན་པ་ནས་བསམ་གཏན་གྱི་བར་གྱི་ཐབས་ལ་ནན་ཏན་གྱིས་གོམས་པར་བྱས་པའི་དབང་གིས་འཕུལ་ཆེན་པོས། ཇི་ལྟར་མདུད་པའི་དབང་གིས་ན། །གོས་ལ་ཚོན་བཀྲ་མི་བཀྲ་བ། །དེ་བཞིན་འཕེན་པའི་དབང་གིས་ན། །གྲོལ་བའི་ཡེ་ཤེས་བཀྲ་མི་བཀྲ། །ཞེས་མདོ་སྡེ་རྒྱན་ལས་གསུངས་པ་བཞིན་དུ་ཤེས་རབ་དང་ཤུགས་ལས་སྐྱེ་བའི་བདག་ཉིད་ཅན་གྱིས། སྒོམ་བྱ་གང་ཞིག་བདག་མེད་གཉིས་ཀྱི་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་སྒོམ་པ་དེས་ནི། ཐབས་གོམས་པར་བྱས་པ་དེ་དག་ལ་བརྟེན་ནས་ཤེས་རབ་ཀྱི་སྟེང་དུ་ཕྱིན་པར་འགྱུར་བའི་ཕྱིར། ཇོ་བོའི་བླ་མ་ཨ་ཝ་ངྷུ་ཏི་པའི་ཞལ་ནས། སྟོང་ཉིད་སྙིང་རྗེ་གཅིག་པུར་ནི། །རྟོགས་བྱར་རང་གིས་རྟོགས་པ་ཡིན། །སྟོང་པ་ཉིད་ནི་གསལ་བ་ལས། །ངོ་བོ་ཉིད་ཀྱི་ཟུང་འཇུག་འདོད། །གསུངས་པ་བཞིན་དུ་ལམ་ཐབས་ཤེས་ཡ་མ་བྲལ་བས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །དེ་ནི་སངས་རྒྱས་ཡེ་ཤེས་འདོད། །སྟོང་ལས་སྙིང་རྗེ་གཞན་མིན་ཏེ། །སྙིང་རྗེ་ཡང་ནི་ཤེས་རབ་མཆོག །ཅེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་པའི་ཚུལ་གྱིས་འབྲས་བུ་རྫོགས་པའི་བྱང་ཆུབ་མྱུར་དུ་འཐོབ་པར་འགྱུར་གྱི། དེ་ལས་གཞན་ཐབས་རྣམས་བརྟན་པ་ཉིད་གོམས་པར་བྱས་པ་མེད་པར་བདག་མེད་པ་གཅིག་པུ་བསྒོམ་པས་དེ་ཉིད་ཀྱང་མི་རྟོགས་ལ། གལ་ཏེ་རྟོགས་ཀྱང་ཉན་ཐོས་སུ་ཆ་བས་རྫོགས་པའི་བྱང་ཆུབ་འཐོབ་པ་མིན། ཞེས་པ་སྟེ། ཤ་ར་བའི་ཞལ་ནས། དེ་ཡང་ཐབས་གོམས་པར་བྱས་པས་དེའི་འཕུལ་ཆེན་པོ་ལ་བརྟེན་ནས་ཤེས་རབ་རང་ཤུགས་ལ་སྐྱེ་བ་དང༌། ཐབས་དག་བརྟེན་པས་ཤེས་རབ་ཀྱིས་སྟོང་པ་ཉིད་གོམས་པར་བྱེད་ཀྱང་ཀུན་རྫོབ་ཀྱི་རྒྱུ་འབྲས་ཁྱད་དུ་མི་གསོད་པར་ཟུང་དུ་འཇུག་པ་ཉིད་དུ་འོང་བ་ཞིག་དགོས་ལ། ཐབས་གོམས་པར་བྱས་པས་དེ་དག་ཉིད་ཀྱིས་ཤེས་རབ་ཀྱི་སྟེང་དུ་རྩེན་གྱིས་ཕྱིན་པ་ཡང་ཡོང་བས། ཐབས་གོམས་དབང་གིས་བདག་ཉིད་ཀྱིས། །ཞེས་པ་ལ་སོགས་པ་སྨོས་ཏེ་ཐབས་དག་ལ་བརྟེན་ནས་ཤེས་རབ་ཀྱི་སྟེང་དུ་ཕྱིན་པ་ཡོང་བ་ནི། སྐྱེ་བ་ཤེས་པས་འཇིག་པ་ཤེས། །འཇིག་པ་ཤེས་པས་མི་རྟག་ཤེས། །མི་རྟག་ཉིད་ལ་འཇུག་ཤེས་ན། །དེས་ནི་ཆོས་ཀྱང་ཤེས་པར་འགྱུར། །ཞེས་པའམ། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་པའི་ཚུལ་གྱིས་མི་རྟག་པ་གོམས་པ་ཉིད་ཀྱིས་ཀྱང་ཤེས་རབ་ཀྱི་སྟེང་དུ་ཕྱིན་པར་འགྱུར། ལས་འབྲས་གོམས་ན་ཡང་ལས་འབྲས་ལ་ཡིད་ཆེས་པས་གེགས་བསལ་ཞིང་ཚོགས་བསགས་པས་དང༌། གང་ཞིག་བརྟེན་ནས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་པ་དང༌། རྟེན་ཅིང་འབྲེལ་བར་གང་འབྱུང་བ། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྒྱུར་བྱས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་པ་དང༌། བརྟེན་ནས་སྐྱེས་པ་མ་སྐྱེས་ཞེས། །ཡང་དག་མཁྱེན་པ་མཆོག་གིས་གསུངས། །ཞེས་པའི་ཚུལ་གྱིས་ཤེས་རབ་ཀྱི་སྟེང་དུ་ཕྱིན་པར་འགྱུར་ཏེ། རིན་པོ་ཆེའི་ཕྲེང་བར། འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །གསུངས། སྲིད་པ་ཐམས་ཅད་སྡུག་བསྔལ་དུ་གོམས་ན་ཡང་དེ་ལ་ཡིད་འབྱུང་བས། དེའི་རྒྱུ་སྤང་བའི་ཕྱིར་བསླབ་པ་གསུམ་ལ་རིམ་གྱིས་བསླབས་པས་ཤེས་རབ་ཀྱི་སྟེང་དུ་ཕྱིན་པར་འགྱུར། བྱམས་པ་དང་སྙིང་རྗེ་གོམས་པར་བྱས་ན་དེའི་ཆེ་བས་ཀྱང་ཤེས་རབ་སྐྱེ་བ་ཡོང་ལ། བྱང་ཆུབ་ཀྱི་སེམས་ཀྱི་ཆེ་བས་ཀྱང་དེ་སྐྱེ་ཞིང༌། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །གང་གིས་དེ་རྟོགས་འདོད་པ་ལ། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་པའི་ཚུལ་གྱིས། བྱང་ཆུབ་རྫས་སུ་གྲུབ་པ་ཞིག་ཐོབ་པར་འདོད་པ་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་མ་ཡིན་གྱི་བྱང་ཆུབ་ཀྱི་མཚན་ཉིད་ཆོས་སྐུ་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་དྲི་མ་གློ་བུར་བ་རྣམས་དང་བྲལ་བའི་སྒོ་ནས་ཇི་ལྟ་བ་བཞིན་དུ་མངོན་དུ་འགྱུར་བར་འདོད་པ་ཞིག་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་ཡིན་པས། དེས་ཀྱང་ཤེས་རབ་ཀྱི་སྟེང་དུ་ཕྱིན་པར་འགྱུར། སྦྱྀན་པ་ལ་སོགས་པ་ལྔ་པོ་ཕ་རོལ་ཏུ་ཕྱིན་པར་འགྱུར་བས་ན་ཡང་ཤེས་རབ་ཀྱི་སྟེང་དུ་ཕྱིན་པར་འགྱུར་བས། ཇོ་བོ་ཐབས་གཙོ་བོར་མཛད། དགེ་བཤེས་སྟོན་པ་ཡང་དེ་བཞིན་དུ་མཛད་པས་ཇོ་བོའི་བླ་མ་བརླ་ལས་ཤ་བཅད་པ་ཅན་དེས་དེང་སང་གནས་ལུགས་གང་ཡིན་པ་དེ་གཟིགས་ངེས་གསུངས་པ་ལགས་པར་གདའ། རང་ཅག་ལྟ་བ་རྟོགས་པར་གསོལ་བ་དག་ཤེས་རབ་གཅིག་པུས་ཆོག གཞན་ཅི་ཡང་མི་དགོས་ཟེར་ནས་མེད་པར་ལྟ་བ་ཁོ་ནར་ཡོང་བར་སྣང་སྟེ། ཆོས་གང་ནས་ཀྱང་ཤེས་རབ་གཅིག་པུས་ཆོག་པར་མ་གསུངས། ཡུམ་གྱི་མདོ་ཁོ་ན་ཟབ་ཤོས་སུ་བྱེད་པ་ཡིན་ཏེ། པུ་ཏོ་བའི་ཞལ་ནས། མཁྱེན་པ་གསུམ་ཡན་ཆོད་དུ་ཟབ་མོ་ཤས་ཆེ་སེ་ཙམ། སྦྱོར་བ་བཞི་མན་ཆད་དུ་ལྟོ་ཟ་མཁས་པ་ཟན་དང་བྱ་ན་སྤེལ་བ་བཞིན་དུ་ཐབས་དང་ཤེས་རབ་ཟུང་འགྲོགས་ཁོ་ནར་གསུངས་གསུངས་པར་གདའ། སློབ་དཔོན་གྱི་རིན་པོ་ཆེའི་འཕྲེང་བར་དབུ་མའི་དོན་རློན་པ་ལྗུར་གྱིས་ཕྱུང་ནས་བསྟན་པ་ཡིན་ཏེ། མདོར་ན་མེད་པར་ལྟ་བ་ཉིད། །ལས་ཀྱི་འབྲས་བུ་མེད་ཅེས་པ། །བསོད་ནམས་མ་ཡིན་ངན་སོང་པ། །ལོག་པར་ལྟ་བ་ཞེས་བཤད་དོ། །མདོར་ན་ཡོད་པར་ལྟ་བ་ཉིད། །ལས་ཀྱི་འབྲས་བུ་ཡོད་ཅེས་པ། །བསོད་ནམས་བདེ་འགྲོའི་རྒྱུ་མཐུན་པ། །ཡང་དག་ལྟ་བ་ཞེས་བཤད་དོ། །ཞེས་གསུངས། རིགས་པ་དྲུག་ཅུ་པ་ལས་ཀྱང་ཉེས་པ་ཐམས་ཅད་འབྱུང་བའི་གནས་མེད་པར་ལྟ་བ་ཡིན་པ་དང༌། སྔར་བསྟན་པ་བཞིན་དུ་དེ་ཉིད་ཚོལ་བ་ལ་ཐོག་མར་ཐམས་ཅད་ཡོད་པར་བསྟན་པར་གསུངས། དབུ་མའི་རྩ་བ་ཁོ་ན་ཟབ་ཤོས་ཡིན་ཏེ། རྒྱལ་བས་སྟོང་ཉིད་ལྟ་བ་ནི། །ཀུན་འབྱུང་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་གསོ་རུ་མེད་པར་གསུངས། །ཞེས་པ་དང༌། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་གསུངས། འཕགས་པ་ལྷས་ཀྱང༌། དང་པོར་བསོད་ནམས་མིན་ལས་བཟློག །བར་དུ་བདག་ལས་བཟློག་བྱ་ཞིང༌། །ཐ་མར་ཀུན་ལས་བཟློག་བྱ་བ། །དེ་ལྟར་ཤེས་པ་རིགས་པར་ལྡན། །ཞེས་གསུངས། ཟླ་བ་གྲགས་པ་ཁོ་ན་ཟབ་མོ་སྟོང་པའི་ཁུངས་སུ་བྱེད་པ་ཡིན་ཏེ་ཡང༌། སྔ་མ་བཞིན་དུ་ཐམས་ཅད་ཚང་བ་མེད་པར་ཤེས་རབ་ཉིད་ཀྱང་མི་སྐྱེ་ཞིང་ཉམས་པར་འགྱུར་བར་གསུངས། བཅོམ་ལྡན་འདས་ལ་འཇམ་དཔལ་ཙམ་དུ་ཟབ་མོའི་དོན་རྟོགས་པ་གཞན་མེད་དེ། ཡང་སངས་རྒྱས་མཆོད་པས་ཀྱང་ངོམས་པ་མི་མངའ་ལ་དེ་ལས་གཞན་པའི་ཐབས་ཐམས་ཅད་ལ་ཡང་ནན་ཏན་མཛད་པ་ཡིན། དེ་བས་ན་ད་ལྟ་དངོས་སུ་ཐབས་ཐམས་ཅད་ཚང་བ་ལ་བརྟེན་ནས་ཤེས་རབ་སྐྱེ་བར་ཕྱིན་པར་མི་འདུག་ཀྱང༌། ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་དེ་ལྟ་བུ་ཞིག་དགོས་པར་ལྟ་བས་ཐག་ཆོད་པར་བྱས་ནས་ས་བོན་ཅི་ཐེབས་བྱེད་དགོས་པའི་དུས་ཡིན་གསུངས།

ལྔ་པ་ཤེས་རབ་ཀྱི་བསླབ་པ་ཉིད་བཤད་པ་ལ། ཤེས་རབ་ངོས་བཟུང་ཞིང་སྒོམ་པའི་གོ་རིམ་བསྟན་པའི་སྒོ་ནས་གང་ཟག་གི་བདག་མེད་བཤད་པ་དང་ཆོས་ཀྱི་བདག་མེད་མདོར་བསྟན་པ། དེ་ཉིད་སྒོམ་ཚུལ་རྒྱས་པར་བཤད་པ། དོན་བསྡུ་བ་དང་གསུམ་གྱི། དང་པོ་ཤེས་རབ་ངོས་བཟུང་ཞིང་སྒོམ་པའི་གོ་རིམ་བསྟན་པའི་སྒོ་ནས་གང་ཟག་གི་བདག་མེད་བཤད་པ་དང་ཆོས་ཀྱི་བདག་མེད་མདོར་བསྟན་པ་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐྱེ་བ་མེད་པར་རྟོགས་གྱུར་པའི། །རང་བཞིན་སྟོང་ཉིད་ཤེས་པ་ནི། །ཤེས་རབ་ཅེས་ནི་ཡོངས་སུ་བཤད། །ཅེས་གསུངས་ཏེ། དེ་ཡང་ཐབས་གོམས་པའི་དབང་གིས་སྒོམ་པའི་ཤེས་རབ་དེ་རང་གང་ཡིན་སྙམ་ན། དང་པོར། གཅིག་དང་རྒྱུ་དང་ཟ་བ་དང༌། །ཞེས་པའི་ཚུལ་གྱིས། བདག་གཅིག་པུར་འཛིན་པའི་གཉེན་པོ་གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པའི་ཕུང་པོ་ལྔ་ཙམ་དུ་སྒོམ་སྟེ། སྤུངས་པའི་དོན་གྱིས་ན་ཕུང་པོ་ཡིན་པའི་ཕྱིར་གཅིག་པུ་མ་ཡིན་པ་དང༌། རྒྱུའི་ཚུལ་བདག་ཏུ་འཛིན་པའི་གཉེན་པོར་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་ཁམས་དྲུག མིག་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་ཁམས་དྲུག མིག་གི་རྣམ་པར་ཤེས་པ་སོགས་དེ་དག་གི་དབང་ཤེས་ཀྱི་ཁམས་དྲུག་དང་ཁམས་བཅོ་བརྒྱད་ཙམ་དུ་སྒོམ་སྟེ། ས་བོན་གྱི་དོན་གྱིས་ན་ཁམས་ཞེས་བྱ་བས་བྱེད་པ་པོའི་བདག་མེད་པ་དང༌། ཟ་བ་པོའི་བདག་ཏུ་འཛིན་པའི་གཉེན་པོར་ནང་མིག་སོགས་ཀྱི་སྐྱེ་མཆེད་དྲུག ཕྱི་གཟུགས་སོགས་ཀྱི་སྐྱེ་མཆེད་དྲུག་དང་སྐྱེ་མཆེད་བཅུ་གཉིས་ཙམ་དུ་སྒོམ་སྟེ། ཡུལ་དང་དབང་པོ་ཕྲད་པ་ལས་སེམས་དང་སེམས་ལས་བྱུང་བ་སྐྱེ་ཞིང་མཆེད་པ་ཙམ་ཞིག་ལས་ཟ་བ་པོའི་བདག་མེད་པ་ཉིད་དུ་གང་ཟག་གི་བདག་མེད་བསྒོམས་པས། གང་ཟག་གི་བདག་ནི་ཀུན་རྫོབ་ཏུའང་མེད་དེ་རི་བོང་གི་རྭ་དང་འདྲ་ཡང༌། ཡོད་པ་ནི་ཕུང་པོ་ལ་སོགས་པའི་རྒྱུ་འབྲས་ཙམ་ཞིག་སྟེ། དེ་དག་ཉིད་རྫས་སུ་གྲུབ་བམ་སྙམ་ན། ཕུང་པོ་ལ་སོགས་པ་དེ་རྣམས་ལ་འཆད་པར་འགྱུར་བའི་གཏན་ཚིགས་ཆེན་པོ་རྣམས་ཀྱིས་དཔྱད་པས་ཕུང་སོགས་ཀྱི་ཆོས་དེ་རྣམས་ཀྱང༌། ཁྱོད་ཀྱིས་སྐྱེ་བ་ཐམས་ཅད་ནི། །སྒྱུ་མའི་སྐྱེ་བ་ལྟ་བུར་གཟིགས། །ཞེས་པའི་ཚུལ་གྱིས་བཏགས་པ་ཙམ་ལས། དོན་དམ་ཡང་དག་ཏུ་སྐྱེ་བ་མེད་པར་རྟོགས་པར་གྱུར་པའི་ཆོས་བདག་མེད་བསྒོམས་པས། ཕུང་པོ་ལ་སོགས་པ་དེ་དག་ཀྱང་ཡོད་པ་བཤིག་ནས་སྟོང་པར་བྱས་པ་ལྟ་བུ་མ་ཡིན་པར་གཟོད་མ་ནས་རང་བཞིན་གྱིས་སྟོང་པ་ཉིད་ཡིན་པའི་གནས་ལུགས་ཤེས་པ་དེ་ནི། རྗེ་བཙུན་གྱིས་མདོ་སྡེ་རྒྱན་དུ་ཤེས་རབ་ཀྱི་སྒྲ་དོན། དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་གསུངས་པ་བཞིན་དུ། ཤེས་རབ་ཅེས་བྱ་བའི་ངོ་བོའམ་མཚན་ཉིད་དུ་ནི་ཡོངས་སུ་བཤད། ཅེས་པ་སྟེ། ཤ་ར་བའི་ཞལ་ནས། འདིས་ཤེས་རབ་ངོས་བཟུང་བ་ཡང་ཡིན་ལ། ཤེས་རབ་སྒོམ་པའི་གོ་རིམ་བསྟན་པ་ཡང་ཡིན་གསུངས་ཤིང༌། དགེ་བཤེས་དེ་ཉིད་ཀྱི་བཤད་རྒྱུན་ལམ་རིམ་གྱི་དོན་ཁྲིད་དག་ལས། སྲིད་པ་ཐམས་ཅད་ཀྱི་རྒྱུ་ནི་དངོས་པོར་ཞེན་པ་ཡིན་ལ། དེའི་གཉེན་པོར་མི་དམིགས་པའི་ཤེས་རབ་སྒོམ་དགོས། དེ་ཡང་ཤེས་རབ་མ་ཚང་བ་མེད་པ་ཞིག་སྒོམ་དགོས་པ་དེ་རྣལ་འབྱོར་སྤྱོད་པའི་དབུ་མའི་ལུགས་ཀྱིས། གང་ཟག་ལས་ནི་འདའ་བར་བྱ། །གང་ཟག་ལས་ནི་འདས་ནས་སུ། །ཕྱི་རོལ་ལས་ནི་འདའ་བར་བྱ། །སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ །ཡང་དག་དམིགས་པར་གནས་ནས་སུ། །སེམས་ཙམ་ལས་ནི་ཤིན་ཏུ་འདའ། །སེམས་ཙམ་ལས་ནི་འདས་ནས་ཀྱང༌། །སྣང་བ་མེད་ལས་ཤིན་ཏུ་འདའ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །འཇུག་པ་ལྷུན་གྱིས་གྲུབ་ཅིང་ཞི། །སྨོན་ལམ་དག་གིས་རྣམ་པར་སྦྱངས། །ཡེ་ཤེས་དམ་པ་བདག་མེད་པ། །སྣང་བ་མེད་ལ་མི་མཐོང་ངོ༌། །ཞེས་ལང་ཀར་གཤེགས་པ་ལས་གསུངས་པ་བཞིན་དུ། དང་པོ་གང་ཟག་མེད་པ། དེ་ནས་གཟུང་བ་མེད་པ། དེ་ནས་འཛིན་པ་མེད་པ། དེ་ནས་གཉིས་མེད་ཀྱི་ཤེས་པ་ཡང་མ་གྲུབ་པ་སྟེ། རྣལ་འབྱོར་གྱི་ས་བཞི་རིམ་པས་བསྒོམས་པར་བཞེད་ལ། ཇོ་བོ་བདག་མེད་པ་གཉིས་ལ་བཞེད་པས། དང་པོ་གང་ཟག་གི་བདག་མེད་སྒོམ་སྟེ། གང་ཟག་གི་བདག་ཡང་དག་པའི་ཀུན་རྫོབ་ཙམ་དུ་ཡང་མ་གྲུབ་ལ་ཕྱི་རོལ་པས་བདག་དང་བདག་ཏུ་བཏགས་ནས་ཤས་ཆེ་བར་བདག་ཏུ་བཟུང༌། ཤས་ཆུང་བས་བདག་ཏུ་བཏགས་སོ། །དེ་ཡང་བརྟགས་ན་མ་གྲུབ་པ་ལ་ཡེངས་ན་ང་སྙམ་པ་འབྱུང་བས་འབན་གུང་རྒྱལ་ན་རེ། གང་ཟག་གི་བདག་འདི་ངོ་ཡིབ་པ་ཞིག་འདུག་ཟེར་ཏེ་བསམས་པའི་རྟགས་ཡིན། བདག་ཏུ་འཛིན་པ་དེ། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །འདི་གཉིས་དང་ནི་འབྲེལ་བ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་པ་བཞིན་དུ་ཉེས་པ་དང་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཡིན་པས་དེ་སྟོང་པར་སྒོམ། མུན་ནག་ལ་ཕྲད་ཀྱང་སུ་ཡིན་བྱས་ན་བདག་ལགས་ཟེར་འོང་སྟེ། སྡུག་ཏུ་འཇུག་མཁན་ཡང་བདག་ཏུ་འཛིན་པ་ཁོ་ན་ཡིན་པས་དེ་སྤོང་དགོས། དེ་ལ། དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་མི་བཟད་འབྱུང༌། །ལྟ་བ་མ་རུངས་ཡོངས་སུ་འཛིན། །དེ་ལས་བྱུང་བའི་རྩོད་པར་འགྱུར། །དེ་ནི་ལྟ་བ་ཀུན་གྱི་རྒྱུ། །དེ་མེད་ཉོན་མོངས་མི་འབྱུང་སྟེ། །དེ་བས་དེ་ནི་ཡོངས་ཤེས་ན། །ལྟ་དང་ཉོན་མོངས་ཡོངས་སུ་འབྱང༌། །ཞེས་དབུ་མའི་རྒྱན་ལས་གསུངས་པ་ལྟར་དངོས་པོར་ཁས་ལེན་ཐམས་ཅད་དང་བྲལ་བའི་སྟོང་པ་སྒོམ་དགོས། དེ་ཡང་གང་ལ་ཞེན་པ་རགས་པ་དེ་ཉིད་ལ་དཔྱད་ནས་སྒོམ་པར་བྱེད་པ་ཡིན་པས། དང་པོ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཙམ་དུ་ཡང་སྒོམ་པ་ཉིད་མན་ངག་ཡིན་ཏེ། གང་ཟག་དང་ཆོས་ཀྱི་བདག་ཏུ་འཁྲུལ་བ་ཐམས་ཅད་ཕུང་པོ་ལ་སོགས་པ་ལ་བརྟེན་ནས་འཁྲུལ་བས། འཁྲུལ་པའི་གཞི་དེ་ཉིད་ཡུལ་དང་ཡུལ་ཅན་གང་ཡིན་ཡང་དཔྱད་ནས་སྟོང་པར་གཏོང་པ་ཡིན། དེ་ཡང་གཅིག་གི་བདག་ཏུ་རྟོག་པའི་གཉེན་པོར་དུ་མ་འདུས་པ་ཙམ་གྱི་ཕུང་པོར་བསམ། རྒྱུ་ཉིད་དུ་རྟོག་པའི་གཉེན་པོར་ཁམས་ཙམ་དུ་གྱུར་པར་བསམ། བྱེད་པ་མེད་པ་ལ་མཚན་ཉིད་འཛིན་པ་ན་ཁམས་ཏེ། སའི་མཚན་ཉིད་སྲ་བ་ལ་སོགས་པར་འཛིན་པའོ། །ཟ་བ་པོ་ཉིད་དུ་རྟོག་པའི་གཉེན་པོར་སྐྱེ་མཆེད་ཙམ་དུ་བསམ། དེ་ལྟར་བསམས་པས་བདག་ཏུ་འཛིན་པ་བཟློག་པའོ། །དེ་ཡང་ཡོད་པ་མེད་པར་བཏང་བ་བཀག་པའི་སྟོང་ཉིད་མ་ཡིན་པར་རང་བཞིན་གྱིས་སྐྱེ་བ་མེད་པ་ཞིག་ཡིན་ཏེ། བདེན་པར་གྲུབ་པ་མེད་པ་ལ་བདེན་པར་བཟུང་བའི་འཁྲུལ་བ་དེ་ངོ་ཤེས་པར་བྱ་བའི་ཕྱིར་འཁྲུལ་གཞི་དེ་ཉིད་སོ་སོར་རྟོག་པས་དཔྱད་པས་བདེན་པར་མི་འགྲུབ་པས་འཁྲུལ་བ་བཟློག དེ་ལོག་པས་རང་བཞིན་སྐྱེ་མེད་རྟོགས་པར་འགྱུར་ལ། བདག་ཏུ་འཛིན་པ་དེ་ཡང་ཆོས་སུ་འཛིན་པ་ལས་བྱུང་སྟེ། རིན་པོ་ཆེའི་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་པས། ཕུང་པོ་ལ་སོགས་པ་ལ་སྒྲོ་བཏགས། གཟུགས་ལ་བདག་ཏུ་ལྟ། ལྷག་མ་ལ་བདག་གིར་བྱས། བདག་དང་བདག་གིར་ལྟ་བ་འདི་ཁོ་ན་འཁོར་བ་དང་ངན་སོང་གི་རྒྱུ་ཡིན་པས་སྤང༌། འདི་སྤངས་པས་ཐར་པ་དང་བྱང་ཆུབ་ཀྱང་འཐོབ། དེ་ཡང་སོ་སོར་རྟོག་པས་དཔྱད་ནས་སྒོམ་པ་སྟེ། དེ་ལ་ཐལ་འགྱུར་དང་རང་རྒྱུད་གཉིས་རྒྱ་གར་ནས་བྱུང༌། ཇོ་བོ་ཐལ་འགྱུར་བཞེད་དེ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་མི་དཔྱད་པར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཞིགས་ནས་ཅིར་ཡང་མ་གྲུབ་པ་ཙམ་ལ་སྒོམ་པ་ཡིན་པས་ཡོངས་གཅོད་མི་བཞེད། སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་ཡང་འདི་ལྟར་ཡིན་གསུངས། ཞེས་ཀྱང་འབྱུང་སྟེ། དེས་ན་སངས་རྒྱས་ཐོབ་པར་བྱེད་པ་ལ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་བདག་མེད་རྟོགས་དགོས་པས། གཉིས་པ། དེ་ཉིད་སྒོམ་ཚུལ་རྒྱས་པར་བཤད་པ་ལ། རྟོགས་བྱ་བདག་མེད་ཀྱི་དོན་རིགས་པས་གཏན་ལ་དབབ་པ་དང༌། རྟོགས་པའི་ཤེས་རབ་ཀྱི་རྒྱུན་ལ་མཉམ་པར་འཇོག་ཚུལ་གཉིས་ཀྱི། དང་པོ་ལ། དངོས་དང༌། དེ་ཉིད་དབུ་མའི་གཞུང་ལུགས་ཆེན་པོ་རྣམས་ལས་རྒྱ་ཆེར་བཤད་པ་འདིར་བསྡུས་ཏེ་བསྟན་པའི་ཚུལ་གཉིས་ལས། དང་པོ་རྟོགས་བྱ་བདག་མེད་ཀྱི་དོན་གཏན་ལ་དབབ་པའི་རིགས་པའམ་གཏན་ཚིགས་དངོས་བཤད་པ་ལ། པུ་ཏོ་བའི་ཞལ་ནས། དབུ་མ་སྣང་བའི་རྗེས་སུ་འབྲངས་ནས་བོད་ཀྱིས་གཏན་ཚིགས་ཆེན་པོ་བཞི་བྱ་བར་བྱས་པ་ལས། གཏན་ཚིགས་ཐམས་ཅད་གཅིག་དང་དུ་བྲལ་དང་རྟེན་འབྲེལ་གཉིས་སུ་འདུ་བ་ཡིན། དེ་ལ་སྐྱེ་བ་འགོག་པའི་གཏན་ཚིགས་ཐམས་ཅད་ལ་རྟེན་འབྲེལ་ཞེས་བྱ་སྟེ། འདིར་མུ་བཞི་སྐྱེ་འགོག་མ་གསུངས། འབྲས་བུའི་ངོས་ནས་དཔྱད་པ་ཡོད་མེད་སྐྱེ་འགོག་དང༌། རྒྱུའི་ངོས་ནས་དཔྱད་པ་རྡོ་རྗེ་གཟིགས་མ་སྟེ་འདིའི་མིང་ཡང་སློབ་དཔོན་ཀ་མ་ལ་ཤཱི་ལས་བཏགས་པ་ཡིན། རྒྱུ་འབྲས་གཉིས་ཀ་ལ་དཔྱད་པ་གཅིག་དང་དུ་བྲལ་གྱི་གཏན་ཚིགས་སོ། །ཞེས་གསུངས་པ་ལྟར་གྱི་གཏན་ཚིགས་གཉིས་ལས། དང་པོ་སྐྱེ་བ་འགོག་པ་རྟེན་འབྲེལ་གྱི་གཏན་ཚིགས་ལའང་གཉིས་ཀྱི། དང་པོ་འབྲས་བུའི་ངོས་ནས་དཔྱད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་ནི། ཡོད་པ་སྐྱེ་བ་རིགས་མིན་ཏེ། །མེད་པ་ནམ་མཁའི་མེ་ཏོག་བཞིན། །ཉེས་པ་གཉིས་ཀར་ཐལ་འགྱུར་ཕྱིར། །གཉིས་ཀ་དག་ཀྱང་འབྱུང་བ་མིན། །ཞེས་གསུངས་ཏེ། དེ་ཡང་གོང་དུ་ཕུང་སོགས་ཀྱི་ཆོས་རྣམས་རང་བཞིན་སྟོང་ཉིད་དུ་དམ་བཅས་པ་དེ་མ་གྲུབ་སྟེ། ཤེས་བྱ་བདེན་པའི་དངོས་པོ་ཞིག་ཡོད་དམ་སྙམ་ན། དེའི་ལོག་རྟོག་འགོག་པ་ནི་ཡོད་ན་རྒྱུ་དང་འབྲས་བུར་ཡོད་དགོས་པ་ལས། འབྲས་བུའི་ངོས་ནས་དཔྱད་ན་ཕུང་པོ་ལ་སོགས་པ་ཡོད་པའམ་མེད་པའམ་གཉིས་ཀའི་རང་བཞིན་དུ་གྱུར་པ་ཞིག་སྐྱེ། ཡོད་པ་སྐྱེ་བ་ཡིན་ནོ་སྙམ་ན། དེའང་རིགས་པ་མིན་ཏེ། ཡོད་པ་གྲུབ་ཟིན་པ་ལ་རྒྱུ་རྐྱེན་གྱིས་བསྐྱེད་མི་དགོས་པའི་ཕྱིར་དང༌། ཡོད་པ་གྲུབ་ཟིན་པ་དེའི་ངོ་བོར་སྐྱེ་ན་མི་སྐྱེ་བའི་དུས་མེད་ཅིང་སྐྱེ་བ་ཐུག་པ་མེད་པར་ཡང་འགྱུར་བའི་ཕྱིར་རོ། །འོ་ན་མེད་པ་སྐྱེ་བའམ་སྙམ་ན། དེ་ཡང་མི་རིགས་པ་ནི་དཔེར་ན་ནམ་མཁའི་མེ་ཏོག་བཞིན་ཏེ། བྱེ་བ་ཕྲག་བརྒྱ་རྒྱུ་ཡིས་ཀྱང༌། །དངོས་པོར་མེད་ལ་བསྒྱུར་དུ་མེད། །ཅེས་པས། རྒྱུ་ཇི་ལྟར་ནུས་པ་ཆེ་ཡང་མེད་པ་བསྐྱེད་པར་མི་ནུས་ལ། མེད་པ་རྒྱུ་ལས་སྐྱེ་ན་ཁྱད་པར་མེད་པའི་ཕྱིར་རྐྱེན་མིན་ལས་ཀྱང་སྐྱེ་བར་འགྱུར་ཞིང༌། ནམ་མཁའི་མེ་ཏོག་དང་རི་བོང་གི་རྭ་ཡང་སྐྱེ་བར་འགྱུར་རོ། །ཡང་འབྲས་བུ་ཆེན་པོའི་ངོ་བོར་ནི་མེད་ལ། རྒྱུའི་ངོ་བོར་ནི་ཡོད་མིན་གཉིས་ཀ་ལས་སྐྱེའོ་སྙམ་ན། དེ་ཡང་རིགས་པ་མ་ཡིན་ཏེ། དེ་ཉིད་སྐྱེས་ནས་ཡོད་དམ་མ་སྐྱེས་པར་ཡོད་ཅེས་བརྟགས་ན་རྒྱུར་ཡོད་པ་ཉིད་ཀྱང་མི་འགྲུབ་ལ། ཡོད་མེད་ཆོས་འགལ་བས་གཉིས་ཀ་ཡིན་པ་མི་འཐད་པའི་ཕྱིར་དང༌། ཡོད་པ་སྐྱེ་བའི་ཕྱོགས་ལ་སྐྱེས་ཟིན་སླར་ཡང་སྐྱེ་ན་སྐྱེ་བ་ཐུག་མེད་དུ་འགྱུར་བ་སོགས་དང༌། མེད་པ་སྐྱེ་བའི་ཕྱོགས་ལ་ནམ་མཁའི་མེ་ཏོག་བཞིན་རྒྱུའི་ཡུལ་དུ་འགལ་བ་སྟེ། སྔར་བསྟན་པའི་ཉེས་པ་གཉིས་ཀར་ཐལ་བར་འགྱུར་བའི་ཕྱིར། འབྲས་བུ་ཕུང་པོ་ལ་སོགས་པ་ཡོད་མེད་གཉིས་ཀ་ལས་སྐྱེ་བ་དག་ཀྱང་འབྱུང་བ་མིན་ཏེ། དེ་ལྟར་ཡང་སྟོང་ཉིད་བདུན་ཅུ་པ་ལས། ཡོད་པ་ཡོད་པའི་ཕྱིར་མི་སྐྱེ། །མེད་པ་མེད་པའི་ཕྱིར་མི་སྐྱེ། །ཆོས་མི་མཐུན་ཕྱིར་གཉིས་ཀའང་མིན། །ཞེས་གསུངས་པ་བཞིན་ནོ། །གཉིས་པ། རྒྱུའི་ངོས་ནས་དཔྱད་པ་རྡོ་རྗེ་གཟེགས་པའི་གཏན་ཚིགས་ནི། དངོས་པོ་རང་ལས་མི་སྐྱེ་ཞིང༌། །གཞན་དང་གཉིས་ཀ་ལས་ཀྱང་མིན། །རྒྱུ་མེད་ལས་མེད་དེ་ཡི་ཕྱིར། །ངོ་བོ་ཉིད་ཀྱིས་རང་བཞིན་མེད། །ཅེས་གསུངས་ཏེ། དེ་ཡང་ཕུང་པོ་ལ་སོགས་པ་རྒྱུའི་དངོས་པོར་བདེན་ནམ་སྙམ་ན་ཡང༌། དེ་དག་ལ་རྒྱུའི་ངོས་ནས་དཔྱད་ན་ཕུང་པོ་ལ་སོགས་པ་རྒྱུ་རང་ལས་སྐྱེའམ། གཞན་ལས་སྐྱེའམ། གཉིས་ཀ་ལས་སྐྱེའམ། རྒྱུ་མེད་ལས་སྐྱེ་ཞེས་པའི་མཐའ་བཞི་ལས་མེད་ལ། དེ་ལས་རང་ལས་སྐྱེ་བར་འདོད་པ་ནི་མི་འཐད་དེ། ཇི་སྐད་དུ། མེད་ན་གང་གི་རྐྱེན་དུ་འགྱུར། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་པའི་རིགས་པས། རང་གྲུབ་པ་ལས་སྐྱེའམ་མ་གྲུབ་པ་ལས་སྐྱེ། གལ་ཏེ་གྲུབ་པ་ལས་སྐྱེ་ན་ནི་སྐྱེ་བ་དོན་མེད་པ་དང་ཐུག་པ་མེད་པར་འགྱུར་ལ། མ་གྲུབ་པ་ལས་སྐྱེ་ན་ནི་བསྐྱེད་བྱའི་རང་མ་གྲུབ་པ་བཞིན་དུ་སྐྱེད་བྱེད་ཀྱང་མ་གྲུབ་པས་མེད་པ་ཡིན་ཏེ། མེད་པ་ནི་ནུས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་རྒྱུར་མི་རུང་ཞིང་འབྲས་བུར་ཡང་མི་རུང་བ་དེས་ན། ཕུང་སོགས་ཀྱི་དངོས་པོ་ནི་རྒྱུའི་ངོས་ནས་རང་ལས་མི་སྐྱེ་ཞིང༌། གཞན་ལས་སྐྱེའོ་ཞེ་ནའང༌། གཞན་ཉིད་དུ་མི་འགྲུབ་སྟེ། འབྲས་བུ་རང་གྲུབ་ན་ནི་བསྐྱེད་མི་དགོས་པ་དང་ཐུག་པ་མེད་པའི་སྐྱོན་སྔ་མར་འགྱུར་ལ། རང་མ་གྲུབ་ན་ནི་ལྟོས་པ་མེད་པས་གཞན་དུ་ཇི་ལྟར་འགྱུར་ཏེ། ཇི་སྐད་དུ། གཞན་ནི་གཞན་ལ་བརྟེན་ཏེ་གཞན། །གཞན་མིན་གཞན་དུ་ཇི་ལྟར་འགྱུར། །ཞེས་པའི་ཚུལ་གྱིས་དེ་གཉིས་ཕན་ཚུན་ལྟོས་པ་ཡིན་པའི་ཕྱིར། དེར་ཡང་མ་ཟད་གཞན་ལས་གཞན་སྐྱེ་ན་ནི་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་བས། སློབ་དཔོན་ཟླ་བས་གསུངས་པ་བཞིན་དུ་མེ་ལྕེ་ལས་ཀྱང་མུན་པ་མཐུག་པོ་འབྱུང་བར་ཡང་འགྱུར་ལ། གཞན་ཡང་གཞན་ལས་གཞན་སྐྱེ་ན། གཞན་རྟག་པ་ལས་སྐྱེའམ་མི་རྟག་པ་ལས་སྐྱེ། རྟག་པ་ལས་སྐྱེའོ་ཞེ་ན་ནི། མ་ཡིན་ཏེ། རྒྱུ་རྟག་པ་ནུས་པ་ཐོགས་པ་མེད་པ་ཡིན་པས་འབྲས་བུ་ཐམས་ཅད་ཅིག་ཆར་དུ་འབྱུང་བར་འགྱུར་བ་ལས། འབྲས་བུ་རྣམས་རིམ་ཅན་དུ་དམིགས་པའི་ཕྱིར་དང༌། རྒྱུ་རྟག་པས་འབྲས་བུ་རིམ་ཅན་དུ་བསྐྱེད་པ་ཅི་ལྟོ་སྙམ་ན། རྒྱུ་རྟག་པས་འབྲས་བུ་རིམ་ཅན་དུ་བསྐྱེད་པ་ཡང་མི་འཐད་དེ། དེ་ལྟ་ན་འབྲས་བུ་ལ་རིམ་པ་ཡོད་པ་བཞིན་དུ་རྒྱུ་ལ་ཡང་རིམ་པ་ཡོད་དགོས་པས་རྟག་པ་ཉམས་པའི་ཕྱིར། གཞན་མི་རྟག་པ་ལས་སྐྱེའོ་ཞེ་ན། འདས་པའམ་མ་འོངས་པའམ་ད་ལྟ་བ་གང་ལས་སྐྱེ། འདས་པ་ལས་སྐྱེའོ་སྙམ་ན། འདས་པ་ནི་འགགས་པ་ཞིག་པ་བྲལ་བ་ཡིན་པས་མེད་པ་ཡིན་ལ། མེད་པ་ནི་ནུས་པ་ཐམས་ཅད་ཀྱིས་སྟོང་པས་རྒྱུར་མི་རུང་ཞིང༌། མ་འོངས་པ་ལས་ཀྱང་མ་ཡིན་ཏེ། མ་འོངས་པ་ནི་རང་གི་ངོ་བོར་མ་གྲུབ་པའམ་མ་ཐོབ་པ་ཡིན་པས་མེད་པའི་ཕྱིར། དེ་ཡང་རྒྱུར་མི་རུང་ལ། ད་ལྟ་བ་ལས་སྐྱེའོ་སྙམ་ན་ཡང༌། དེ་ནི་དུས་མཉམ་པ་ལས་ཕན་ཚུན་བསྟངས་པ་མེད་པའི་ཕྱིར་དུས་མཉམ་པ་ལ་རྒྱུ་འབྲས་མི་རུང་བས་ན་གཞན་ལས་སྐྱེ་བ་མ་ཡིན་པ་དང༌། འབྲས་བུ་རྣམ་པར་ཤེས་པའི་ཚོགས་དྲུག་རྐྱེན་བཞི་ལས་སྐྱེ་བའི་དབང་དུ་བྱས་ན་རྒྱུའི་རྐྱེན་ཤེས་པ་སྔ་མ་ལས་སྐྱེ་བའི་ངོས་ནས་རང་ལས་སྐྱེ་བ་ཡིན་ལ། དམིགས་པའི་རྐྱེན་གཟུགས་ལ་སོགས་པ་རྐྱེན་ལྷག་མ་གསུམ་ལས་སྐྱེ་བའི་ངོས་ནས་གཞན་ལས་སྐྱེ་བ་ཡིན་ཞིང༌། ས་བོན་དང་ཞིང་ས་དང་ཆུ་ལུད་དང་སྐྱེས་བུའི་རྩོལ་བ་ལ་སོགས་པ་ལས་མྱུ་གུ་སྐྱེ་བའི་ཚེ་ན་ཡང༌། ས་བོན་ལས་སྐྱེ་བའི་ངོས་ནས་རང་ལས་སྐྱེ་བ་ཡིན་ལ། རྐྱེན་གཞན་ལས་སྐྱེ་བའི་ངོས་ནས་གཞན་ལས་སྐྱེ་བ་ཡིན་ཞིང༌།སེམས་ཅན་སྐྱེ་བའི་དབང་དུ་བྱས་ན་ཡང་རྣམ་པར་ཤེས་པའི་ས་བོན་ལས་སྐྱེ་བའི་ངོས་ནས་རང་ལས་སྐྱེ་བ་ཡིན་ལ། ཕ་མའི་འདུ་འཕྲོད་ལས་སྐྱེ་བའི་ངོས་ནས་ནི་གཞན་ལས་ཏེ། དེ་བཞིན་དུ་ཐམས་ཅད་ལ་ཡང་འདྲ་བས་ན། གཉིས་ཀ་ལས་སྐྱེ་བ་ཡིན་ནོ་ཞེ་ན། རྒྱུ་དང་འབྲས་བུ་དུས་སྔ་ཕྱི་ཐ་དད་པའི་ཕྱིར་རྒྱུའི་རྐྱེན་ལ་སོགས་པ་ཡང་རང་དུ་མི་འགྲུབ་པས་གཉིས་ཀ་ལས་སྐྱེ་བ་མི་འགྲུབ་ལ། རང་དང་གཞན་ཆོས་འགལ་བར་གནས་པས་གཉིས་ཀ་ཡིན་པའང་མི་འཐད་ཅིང༌། རང་ངམ་གཞན་ལས་སྐྱེ་བར་འདོད་པའི་ཕྱོགས་ཀྱི་ཉེས་པ་གོང་དུ་སྨོས་པ་གཉིས་ཀར་ཡང་ཐལ་བར་འགྱུར་བའི་ཕྱིར་ཕུང་སོགས་ཀྱི་དངོས་པོ་རང་གཞན་གཉིས་ཀ་ལས་ཀྱང་སྐྱེ་བ་མིན་ནོ། །ཡང་རྒྱུ་མེད་དུ་སྨྲ་བ་དག་པདྨོའི་སྡོང་བུ་དང་གེ་སར་དང་འདབ་མ་ལ་སོགས་པ་དེ་དག་རྒྱུ་གང་གིས་བྱས། དེ་བཞིན་དུ་རྨ་བྱའི་མདོངས་ལ་སོགས་པའི་རི་མོ་དེ་དག་རྒྱུ་གང་གིས་བྱས། དེས་ན་དེ་དག་ལ་སོགས་པའི་དངོས་པོ་ཐམས་ཅད་རྒྱུ་མེད་ལས་བྱུང་བ་ཡིན་ནོ་སྙམ་ན། དེ་ཉིད་ཀྱིས་ན་རྒྱུ་དང་བཅས་པར་གྲུབ་སྟེ། རྒྱུ་མེད་དུ་བྱུང་ན་ཁྱད་པར་མེད་པས་གླང་མ་དང་བལ་བུ་ལ་སོགས་པ་ལ་ཡང་པདྨོའི་ཆོས་དེ་དག་ཡོད་པར་འགྱུར་ལ། ཁྭ་ཏ་ལ་ཡང་རྨ་བྱའི་ཆོས་དེ་དག་ཡོད་པར་འགྱུར་བ་ལས་དེ་ལྟ་མ་ཡིན་པའི་ཕྱིར་དང༌། གཞན་ཡང༌། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་པ་ལྟར་འགྱུར་རིགས་པ་ལས་དེ་ལྟར་ཡང་མ་ཡིན་ཏེ། དངོས་པོ་རྣམས་ནི་ཡུལ་ལ་ལར་དུས་རེ་འགའ་ཞིག་འབྱུང་བར་སྣང་བས་ན་ཀུན་རྫོབ་ཏུ་རྒྱུ་ལ་ལྟོས་པ་དང་བཅས་པར་གྲུབ་པས་རྒྱུ་མེད་ལས་སྐྱེ་བའང་མིན་ལ། དེས་ན་ཕུང་སོགས་ཀྱི་དངོས་པོ་དོན་དམ་པར་སྐྱེ་བ་མེད་པ་ཡིན་ཞིང༌། ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་ལས་འབྲས་བུ་སྐྱེ་བར་སྣང་བ་འདི་ནི། རིང་པོ་ལ་ལྟོས་པའི་ཐུང་ངུའམ། མར་མེ་ལ་ལྟོས་པའི་འོད་དམ། ཕ་རོལ་ལ་ལྟོས་པའི་ཚུ་རོལ་བཞིན་དུ་ལྟོས་པ་ཙམ་ཡིན་པས་ཀུན་རྫོབ་ཙམ་ཡིན་ཏེ། རྫས་སུ་གྲུབ་པ་མ་ཡིན་ཏེ། རང་བཞིན་རྒྱུ་དང་རྐྱེན་དག་ལས། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་འབྱུང་ན་ནི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་དག་ནི་ཇི་ལྟ་བུར། །བྱས་པ་ཅན་ཞེས་བྱ་བར་འགྱུར། །ཞེས་འབྱུང་བའི་རིགས་པས་རང་བཞིན་རྒྱུས་བཅོས་སུ་མི་རུང་བ་དེ་ཡི་ཕྱིར་ཕུང་པོ་ལ་སོགས་པ་དེ་དག་ནི་གཟོད་མ་ནས་ངོ་བོ་ཉིད་ཀྱིས་རང་བཞིན་མེད་པའི་སྟོང་པ་ཉིད་ཡིན་ཞེས་པ་སྟེ། དེ་ལ་ཤ་ར་བའི་ཞལ་ནས། རྡོ་རྗེས་དངོས་པོ་མི་ཆོམས་པ་མེད་པ་བཞིན་དུ་གཏན་ཚིགས་འདིས་ཀྱང་དངོས་པོར་འཛིན་པ་མི་ཆོམས་པ་མེད་པས་རྡོ་རྗེ། ཕྲ་ཞིང་རྟོགས་དཀའ་བས་གཟེགས་མ་ཞེས་བྱ་གསུངས། གཏན་ཚིགས་གཉིས་པ་གཅིག་དང་དུ་བྲལ་གྱིས་རྒྱུ་འབྲས་གཉིས་ཀ་ལ་དཔྱད་པ་ནི། ཡང་ན་ཆོས་རྣམས་ཐམས་ཅད་དག །གཅིག་དང་དུ་མས་རྣམ་དཔྱད་ན། །ངོ་བོ་ཉིད་ནི་མི་དམིགས་པས། །རང་བཞིན་མེད་པ་ཉིད་དུ་ངེས། །ཞེས་གསུངས་ཏེ། ཡང་ན་ཕུང་སོགས་ཀྱི་རྒྱུ་དང་འབྲས་བུ་གཉིས་ཀའི་ཆོས་རྣམས་ཐམས་ཅད་དག་ལ་གོང་གི་གཏན་ཚིགས་གཉིས་པོ་ལས་གཞན་གཅིག་དང་དུ་མས་བརྟག་པའི་གཏན་ཚིགས་འདིས་རྣམ་པར་དཔྱད་ན་བདེན་པའི་གཅིག་དང་དུ་མ་གང་གིའང་དངོས་པོའི་ངོ་བོ་ཉིད་དུ་གྲུབ་པ་ནི་མི་དམིགས་པས་ཕུང་སོགས་ཀྱི་ཆོས་དེ་དག་ཐམས་ཅད་གཟོད་མ་ནས་རང་བཞིན་མེད་པ་ཉིད་དུ་ངེས་པར་འགྱུར། ཞེས་པ་སྟེ། དེ་ལ་ཤ་ར་བའི་ཞལ་ནས། སློབ་དཔོན་ཟླ་བ་གྲགས་པས་དབུ་མ་ཕུང་པོ་ལྔ་པ་ལས། འདུ་བྱེད་ཀྱི་ཕུང་པོ་ཤེས་རབ་ཀྱི་སྐབས་སུ་དང་པོ་གང་ཟག་གི་བདག་མེད་པ་དང༌། དེ་ནས་ཤེས་བྱ་ཐམས་ཅད་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་གཉིས་སུ་ཁ་ཚོན་བཅད་ནས། གཅིག་དང་དུ་བྲལ་གྱི་རིགས་པས་རང་བཞིན་མེད་པར་གཏན་ལ་དབབ་པར་གསུངས། དེ་དང་མཐུན་པར་གཏན་ལ་དབབ་པ་ཇོ་བོའི་དབུ་མའི་མན་ངག་ཡིན་གསུངས་ཏེ། དེ་ལས་འདིར་གང་ཟག་གི་བདག་མེད་པ་ནི་གོང་དུ་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་སུ་བཤད་པས། བདག་གཅིག་པུ་དང་རྒྱུའི་བདག་དང་ཟབ་མོའི་བདག་མ་གྲུབ་པ་ཉིད་དུ་བསྟན་ཟིན་ནས། ཆོས་ཀྱི་བདག་མེད་པ་ཉིད་དུ་གཏན་ལ་དབབ་པ་ལ་གཏན་ཚིགས་གཉིས་གསུངས་པའི་ཕྱི་མ་གཅིག་དང་དུ་བྲལ་གྱི་རིགས་པ་སྟོན་པ་དགེ་བཤེས་པ་ཉིད་ཀྱི་ཞལ་ནས། རྒྱུ་དང་འབྲས་བུའི་ཆོས་གཉིས་ཀ་ལ་ཡང་གཅིག་དང་དུ་བྲལ་གྱི་རིགས་པས་དཔྱད་ན་མི་འགྲུབ་སྟེ། ཆོས་རྣམས་ཐམས་ཅད་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པ་དེ་དག་ལས་མ་གཏོགས་པའི་ཆོས་ནི་ཅི་ཡང་མེད། དེ་དག་ལ་གཅིག་དང་དུ་བྲལ་གྱིས་དཔྱད་པ་ལས། ཕུང་པོ་ལྔར་ཐོར་གྱིས་བཏང་བ་ཉིད་ཀྱིས་གཅིག་ཏུ་མི་འགྲུབ་ལ། ལྔ་པོ་རེ་རེ་ནས་བཙལ་ན་ཡང་གཅིག་ཏུ་མི་འགྲུབ་པས། ཇོ་བོའི་ཞལ་ནས་འདི་ཁོ་ན་སྒོམ་པ་ལ་བདེ་བ་ཡིན་གསུང་ཞིང༌། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཀྱང༌།འཇིག་རྟེན་རྣམ་པར་རྟོག་ལས་བྱུང༌། །རྣམ་པར་རྟོག་པ་སེམས་ལས་བྱུང༌། །སེམས་ཀྱང་ལུས་ལས་བྱུང་བས་ན། །དེ་ཕྱིར་ལུས་ལ་དཔྱད་པར་བྱ། །ཞེས་དང་པོར་གཟུགས་ཀྱི་ཕུང་པོ་ལ་དཔྱད། དེ་ལ་ཡང་རྒྱུ་འབྲས་གཉིས་ལས་རྒྱུའི་གཟུགས་རགས་པས་དེ་ལ་དཔྱད། རྒྱུའི་གཟུགས་བཞི་ལས་ཀྱང་ས་རགས་པས་དང་པོར་ས་ལ་དཔྱད་པར་གསུངས་ཏེ། རྒྱུ་དང་འབྲས་བུའི་གཟུགས་གཉིས་སུ་ཕྱེ་བ་ཉིད་ཀྱིས་ཀྱང་གཟུགས་ཀྱི་ཕུང་པོ་གཅིག་པུ་མི་འགྲུབ་ལ། རྒྱུའི་ཡང་འབྱུང་བ་བཞིར་ཕྱེ་བས་གཅིག་ཏུ་མི་འགྲུབ་ཅིང༌། ས་ལྟ་བུ་གཅིག་ལ་ཡང་གཞན་གསུམ་དང་མ་འདུས་པར་རང་རྐྱ་བར་གྲུབ་པ་མེད། སྲ་བ་ཉིད་ཀྱི་དབང་དུ་བྱས་ན་ཡང་རྡུལ་ཕྲ་རབ་དུ་མ་འདུས་པ་ཡིན་པས་གཅིག་མ་ཡིན། རྡུལ་ཡང་ཕྱོགས་ཆའི་དབྱེ་བས་ཕྱེ་ན་དྲུག་གམ་བཅུར་འགྱུར་བས་གཅིག་ཏུ་མི་འགྲུབ། དེ་རེ་རེ་ཡང་ཕྱོགས་ཆས་ཕྱེ་ན་ཅིའི་ངོ་བོར་ཡང་མི་འགྲུབ་ལ། འབྱུང་བ་ལྷག་མ་གསུམ་ཡང་དེ་དང་འདྲ་བས་ན་རྒྱུའི་གཟུགས་རང་བཞིན་མེད་པར་གྲུབ། དེ་ལྟར་རྒྱུའི་གཟུགས་མ་གྲུབ་པ་ཉིད་ཀྱིས་ཀྱང་འབྲས་བུའི་གཟུགས་མི་འགྲུབ་ཅིང༌། འབྲས་བུའི་གཟུགས་ཉིད་ཀྱང་དབང་པོ་ལྔ་ཡུལ་ལྔ་སྟེ་བཅུ། བྱེ་བྲག་ཏུ་སྨྲ་བ་ལྟར་ན་རྣམ་པར་རིག་བྱེད་མ་ཡིན་པ་དང་བཅུ་གཅིག་ཏུ་འདོད་པས་གཅིག་ཏུ་གྲུབ། དབང་པོ་ལྔ་རེ་རེ་ཡང་འབྱུང་བ་བཞི་ཁ་དོག་དང་དྲི་དང་རོ་དང་རེག་བྱ་དང་བཞི། དེ་དག་ཉིད་ཀྱི་རྡུལ་གྱི་རྫས་རེ་རེ། ལུས་ཀྱི་དབང་པོས་དབང་པོ་གཟུགས་ཅན་ཐམས་ཅད་ལ་ཁྱབ་པས་མིག་ལ་སོགས་པ་བཞི་ལ་ལུས་ཀྱི་རྡུལ་གྱི་རྫས་རེ་རེ་སྟེ་སྒྲ་མེད་པའི་དབང་དུ་བྱས་ན་རྡུལ་གྱི་རྫས་བཅུ་བཅུ་འདུས་པ་ཡིན་ལ། སྒྲ་ཡོད་པའི་དབང་དུ་བྱས་ན་བཅུ་གཅིག་འདུས་པ་ཡིན་པས་གཅིག་ཏུ་མ་གྲུབ། ལུས་ཀྱི་དབང་པོ་ལ་མིག་ལ་སོགས་པའི་རྡུལ་གྱི་རྫས་མ་གཏོགས་པ་དགུའམ་བཅུ་འདུས་པ་ཡིན་པས་གཅིག་ཏུ་མ་གྲུབ། ཡུལ་དག་ཀྱང་འབྱུང་བ་བཞི་ཁ་དོག་དང་དྲི་དང་རོ་དང་རེག་བྱ་བཞི་སྟེ་སྒྲ་མེད་པའི་དབང་དུ་བྱས་ན་རྡུལ་གྱི་རྫས་བརྒྱད་བརྒྱད། སྒྲ་ཡོད་པའི་དབང་དུ་བྱས་ན་དགུ་དགུ་འདུས་པ་ཡིན་པས་གཅིག་ཏུ་མ་གྲུབ། རྡུལ་གྱི་རྫས་རེ་རེ་ཡང་སྔ་མ་བཞིན་དུ་ཕྱོགས་ཆས་ཕྱེ་ན་གཅིག་ཏུ་མ་གྲུབ་པས་དུ་མ་ཡང་མི་འགྲུབ་པའི་ཕྱིར་གཅིག་དང་དུ་མ་དང་བྲལ་བའི་རང་བཞིན་མེད་པར་གྲུབ་བོ། །དེ་ལྟར་ན་རྟེན་དང་དམིགས་པ་མ་གྲུབ་པས་སྒོ་ལྔའི་རྣམ་ཤེས་མི་འགྲུབ། དེ་མ་གྲུབ་པས་དེ་དག་འགགས་མ་ཐག་པའི་ཡིད་མི་འགྲུབ། དེ་མ་གྲུབ་པས་ཡིད་ཀྱི་རྣམ་པར་ཤེས་པ་མི་འགྲུབ། དེ་ལྟར་རྣམ་པར་ཤེས་པའི་ཚོགས་དྲུག་སེམས་མ་གྲུབ་པས། དེ་དག་གི་གནས་སྐབས་སམ། དེ་དག་དང་མཚུངས་པར་ལྡན་པའི་ཚོར་བ་ལ་སོགས་པ་སེམས་ལས་བྱུང་བ་རྣམས་ཀྱང་མི་འགྲུབ། དེ་ལྟར་གཟུགས་དང་སེམས་དང་སེམས་ལས་བྱུང་བ་གསུམ་མ་གྲུབ་པས། དེ་དག་གི་གནས་སྐབས་ལ་བཏགས་པའི་སྐྱེ་བ་ལ་སོགས་པ་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ཀྱང་མི་འགྲུབ་ལ། དེ་ལྟར་འདུས་བྱས་རྣམས་མ་གྲུབ་ན། འདུས་མ་བྱས་གྲུབ་བམ་སྙམ་ན། སློབ་དཔོན་ཟླ་བ་གྲགས་པས་ནི་འདུས་མ་བྱས་འགོག་པ་གཉིས་ནམ་མཁའ་དང་གསུམ་དེ་བཞིན་ཉིད་དང་བཞིར་ཞལ་གྱིས་བཞེས་ནས། འདུས་མ་བྱས་ཡིན་པ་ཉིད་ཀྱིས་རང་བཞིན་མེད་པར་གྲུབ་པས་དཔྱད་མི་དགོས་པར་གསུངས། དབུ་མའི་རྒྱན་ལ་སོགས་པ་ལས་ནི་ནམ་མཁའ་ལ་སོགས་པ་ཁྱབ་པ་རྣམས་ཀྱང་ཕྱོགས་དུ་མ་དང་འབྲེལ་བའི་ཕྱིར་གཅིག་ཏུ་མི་འགྲུབ་ཅིང༌། འདུས་མ་བྱས་རྫས་སུ་ཁས་ལེན་པ་ཐམས་ཅད་ལ་ཡང་རིགས་པ་མཚུངས་པ་དང༌། འདུས་མ་བྱས་ཤེས་བྱར་ཁས་མི་ལེན་ན་ནི་དེ་ཉིད་ཀྱིས་རང་བཞིན་མེད་པར་འགྲུབ་ལ། ཤེས་བྱར་ཁས་ལེན་ན་ནི་ཤེས་པ་རིམ་ཅན་དང་འབྲེལ་བའི་ཕྱིར། ཤེས་པ་བཞིན་དུ་སྐད་ཅིག་མར་གྱུར་པས་འདུས་མ་བྱས་ཉིད་དུ་ཡང་མི་གྲུབ་པར་གསུངས་ཏེ། དེ་ལྟར་ན། གང་དང་གང་ལ་རྣམ་དཔྱད་པ། །དེ་དང་དེ་ལ་གཅིག་ཉིད་མེད། །གང་ལ་གཅིག་ཉིད་ཡོད་མིན་པ། །དེ་ལ་དུ་མ་ཉིད་ཀྱང་མེད། །ཅེས་པའི་ཚུལ་གྱིས་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། ཆོས་ཐམས་ཅད་རང་བཞིན་མེད་པར་གཟུགས་ཀྱི་ཕུང་པོ་ལ་དཔྱད་པ་ཁོ་ནས་ཀྱང་འགྲུབ་ལ། གཞན་ཡང་ཚོར་བ་ལ་སོགས་པའི་ཕུང་པོ་བཞི་པོ་ཉིད་ཀྱི་རང་བཞིན་གྱི་ངོ་བོ་ལ་དཔྱད་ན་ཡང་གཅིག་དང་དུ་མ་དང་བྲལ་བས་རང་བཞིན་མེད་དེ། ཚོར་བ་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་གསུམ་ཡིན་པ་ཉིད་ཀྱིས་ཀྱང་གཅིག་ཏུ་མི་འགྲུབ་ལ། དེ་རེ་རེ་ལ་ཡང་རྟེན་དང་དམིགས་པའི་སྒོ་ནས་དྲུག་དྲུག་བཅོ་བརྒྱད་དུ་གནས། འདུ་ཤེས་ཀྱང་ཆུང་ངུའི་འདུ་ཤེས་དང༌། ཆེན་པོ་དང༌། ཚད་མེད་པ་སྟེ་ཁམས་ཀྱིས་དབྱེ་ན་གསུམ། རྟེན་དང་དམིགས་པས་དབྱེ་ན་དྲུག རེ་རེ་ལ་ཡང་མཚན་མར་འཛིན་པའི་བྱེ་བྲག་ཏུ་མེད་པ་དང༌། འདུ་བྱེད་སེམས་དང་ལྡན་པ་བཞི་བཅུ་རྩ་དགུ་ལྡན་པ་མ་ཡིན་པའི་འདུ་བྱེད་བཅུ་བཞིའམ། ཉི་ཤུ་རྩ་གསུམ་ལ་སོགས་པ་སྣ་ཚོགས་པ་དང༌། རྣམ་པར་ཤེས་པ་ཚོགས་བརྒྱད་དམ་དྲུག་ཏུ་གནས་པ་ཉིད་ཀྱིས་ན་ཡང་གཅིག་ཏུ་གྲུབ་པ་གང་ཡང་མེད་ལ། དེ་དག་རེ་རེ་ལ་ཡང་ཡུལ་སྣ་ཚོགས་ལ་དམིགས་ནས་སྐྱེ་ལུགས་སྣ་ཚོགས་པས་གཅིག་ཏུ་མི་འགྲུབ་ཅིང༌། དུས་ཀྱི་སྒོ་ནས་དཔྱད་ན་ཡང་འདས་པ་དང་མ་འོངས་པ་དང་ད་ལྟ་བྱུང་བའི་དུས་གསུམ་ན་ཚོར་བ་ལ་སོགས་པའི་གནས་སྐབས་ཐ་དད་ཅིང༌། དེ་རེ་རེ་ལ་ཡང་ལོ་དང་ཟླ་བ་ནས་སྐད་ཅིག་མའི་བར་དུ་སྔ་ཕྱི་ཐ་དད་པ་ཉི་ཚེ་ལས་གཅིག་ཏུ་གྲུབ་པ་མེད་ལ། སྐད་ཅིག་མ་གཅིག་ཏུ་གྲུབ་བམ་སྙམ་ན་ཡང༌། ཇི་ལྟར་སྐད་ཅིག་མཐའ་ཡོད་པ། །དེ་བཞིན་ཐོག་མ་དབུས་བརྟག་དགོས། །དེ་ལྟར་སྐད་ཅིག་གསུམ་བདག་ཕྱིར། །འཇིག་རྟེན་སྐད་ཅིག་གནས་པ་མིན། །ཐོག་མ་དབུས་དང་ཐ་མ་ཡང༌། །སྐད་ཅིག་བཞིན་དུ་བསམ་བྱས་ན། །ཐོག་མ་དབུས་དང་ཐ་མ་ཉིད། །ཅེས་པའི་ཚུལ་གྱིས་གཅིག་ཏུ་གྲུབ། དེས་ན་དུ་མ་ཡང་མི་འགྲུབ་པའི་ཕྱིར། གཅིག་དང་དུ་མའི་ངོ་བོ་ཉིད་ནི་མི་དམིགས་པས་རང་བཞིན་མེད་པ་ཉིད་དུ་ངེས་ཞེས་སྔར་གྱི་དམ་བཅས་པ་གྲུབ་པར་མཛད་པ་ཡིན་ཏེ་རིགས་པ་དེ་དག་གི་དགག་བྱ་ཕུང་པོ་ལ་སོགས་པ་ཡིན། པུ་ཏོ་བས་སྐབས་སུ་རིགས་པ་དེ་གསུམ་རྟེན་འབྲེལ་དང་རྡོ་རྗེ་གཟེགས་མ་དང་གཅིག་དང་དུ་བྲལ་གསུམ་ཡིན་ཀྱང་གསུངས། དགེ་བཤེས་སྟོན་པའི་བླ་མ་ཇོ་བོ་དབང་ཕྱུག་གཞོན་ནུས་འཕགས་པ་ལྷའི་དབུ་མ་ལག་ཚད་ནས། ཐག་པ་ལ་ནི་སྦྲུལ་སྙམ་འཛིན། །ཐག་པ་མཐོང་ན་དོན་མེད་དོ། །དེ་ཆ་མཐོང་ན་དེ་ལ་ཡང༌། །སྦྲུལ་བཞིན་ཤེས་པ་འཁྲུལ་པ་ཡིན། །ཞེས་གསུངས་པ་དེ་དངོས་པོ་གང་རུང་རེ་ལ་སྦྱར་གྱིན་གཅིག་དང་དུ་བྲལ་གྱི་རིགས་པའི་སྒོ་ནས་ཀ་ཁ་ངོ་མི་ཤེས་པ་ཀུན་གྱིས་ཀྱང་སྟོང་པ་ཉིད་ལེགས་མོར་གོ་ནུས་པ་མཁྱེན་སྐད་དེ། སྦྲ་དག་ཏུ་བསོད་ནམས་ཀྱི་ལས་ཁ་དང་ལ་སྤྱན་དྲངས། ཡོན་བཤད་པའི་དུས་ན་ཁྱོད་ཀྱི་སྦྲ་བྱ་བ་འདི་རེ་བ་དུ་མ་འདུས་པ་ལ་ཟེར་བ་མིན་ནམ། རེ་བ་རྣམས་སོ་སོར་ཕྱེ་ན་སྦྲ་ཅང་འགྲུབ་བམ་ཞེས་འདྲི། ཨེན་ཅིག་བསམས་པས་གོ་ནས་ཁས་བླངས་པ་དང༌། རེ་བ་བྱ་བ་སྣལ་མ་དུ་མ་འདུས་པ་ལ་ཟེར་བ་མིན་ནམ། སྣལ་མ་སོ་སོར་ཕྱེ་ན་རེ་བ་ཅང་འགྲུབ་བམ་ཞེས་པ་དང༌། སྣལ་མ་བྱ་བ་སྤུའི་ཉག་མ་འདུས་པ་ལ་ཟེར་བ་མིན་ནམ། སྤུ་རྣམས་སོ་སོར་ཕྱེ་ན་སྣལ་མ་ཅང་འགྲུབ་བམ་ཅེས་པ་དང༌། སྤུ་དག་ཀྱང་སྣ་རྟིང་གློ་དག་ཏུ་ཕྱེ་ནས་དྲི་བ་མཛད། དེ་དག་གིས་ཨེན་རེ་བསམས་པས་གོ་ནས་ཁས་བླངས་པ་དང༌། རེ་བ་ལ་ནི་སྦྲ་སྙམ་འཛིན། །རེ་བ་མཐོང་ན་དོན་མེད་དོ། །དེ་ཆ་མཐོང་ན་དེ་ལ་ཡང༌། །སྦྲ་བཞིན་ཤེས་པ་འཁྲུལ་བ་ཡིན། །ཞེས་སྦྱར་བར་མཛད། ཁང་ཁྱིམ་དག་ཏུ་བསོད་ནམས་ཀྱི་ལས་ཁ་དང་ལ་སྤྱན་དྲངས། ཡོན་བཤད་པའི་དུས་ན་ཁྱེད་ཀྱི་ཁང་པ་བྱ་བ་འདི་རྡོ་ཤིང་དུ་མ་འདུས་པ་ལ་ཟེར་བ་མིན་ནམ། རྡོ་ཤིང་སོ་སོར་ཕྱེ་ན་ཁང་པ་ཅང་གྲུབ་བམ་ཞེས་དང༌། མཐར་རྡུལ་དག་ཀྱང་ཕྱོགས་ཆས་དབྱེ་བའི་བར་དུ་མཛད་ནས། ཁས་བླངས་པ་དང༌། རྡོ་ཤིང་ལ་ནི་ཁང་པར་འཛིན། །རྡོ་ཤིང་མཐོང་ན་དོན་མེད་དོ། །དེ་ཆ་མཐོང་ན་དེ་ལ་ཡང༌། །ཁྱིམ་བཞིན་ཤེས་པ་འཁྲུལ་བ་ཡིན། །ཞེས་སྦྱར་བར་མཛད་པར་གདའ་གསུངས། དེ་ལྟར་རིགས་པ་གསུམ་གྱིས་ཆོས་ཀྱི་བདག་མེད་པ་ཉིད་དུ་གཏན་ལ་དབབ་པ་ཟུར་ཙམ་གསུངས་ནས། གཉིས་པ། དེ་ཉིད་དབུ་མའི་གཞུང་ལུགས་ཆེན་པོ་རྣམས་ལས་རྒྱ་ཆེར་བཤད་པ་འདིར་བསྡུས་ཏེ་བསྟན་པའི་ཚུལ་ནི།སྟོང་ཉིད་བདུན་ཅུའི་རིགས་པ་དང༌། །དབུ་མའི་རྩ་བ་སོགས་ལས་ཀྱང༌། །དངོས་པོ་རྣམས་ཀྱི་རང་བཞིན་གྱི། །སྟོང་པ་ཉིད་ནི་གྲུབ་བཤད་པ། །གང་ཕྱིར་གཞུང་འདི་མངས་འགྱུར་བས། །དེ་ཕྱིར་འདིར་ནི་མ་སྤྲོས་ལ། །གྲུབ་པའི་གྲུབ་མཐའ་ཙམ་ཞིག་ཏུ། །སྒོམ་པའི་དོན་དུ་རབ་ཏུ་བཤད། །ཅེས་གསུངས་ཏེ། དེ་ཡང་སྨོས་མ་ཐག་པ་དེ་དག་ལ་སོགས་པ་རིགས་པའི་རྣམ་གཞག་རྒྱས་པར་སྟོང་པ་ཉིད་བདུན་བཅུའི་རིགས་པ་དང་དབུ་མའི་རྩ་བ་ཤེས་རབ་ལ་སོགས་པ་སློབ་དཔོན་ཀླུ་སྒྲུབ་ཉིད་ཀྱིས་མཛད་པ་དང་དེ་དག་གི་དོན་གཏན་ལ་འབེབས་པའི་སྔོན་གྱི་སློབ་དཔོན་རྣམས་ཀྱི་གཞུང་དག་ལས་ཀྱང་ཕུང་པོ་ལ་སོགས་པའི་དངོས་པོ་རྣམས་ཀྱི་རང་བཞིན་གྱི་གནས་ལུགས་སྟོང་པ་ཉིད་ནི་གྲུབ་པ་སྟེ་དེ་ལས་མ་འདས་པའི་ཚུལ་རྒྱ་ཆེར་བཤད་པ་ཡོད་མོད་ཀྱང༌། དེ་རྣམས་ཐམས་ཅད་ནི་འདིར་མ་སྤྲོས་ཏེ། རྒྱུ་མཚན་གང་གི་ཕྱིར་ན་གཞུང་འདི་ནི་ཧ་ཅང་མངས་པར་གྱུར་ན་དོགས་པས་དེའི་ཕྱིར་བསྟན་བཅོས་འདིར་ནི་དེ་ཐམས་ཅད་རྫོགས་པར་མ་སྤྲོས་ལ།དངོས་པོ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དུ་སོ་སོ་རང་གི་རིགས་པས་གྲུབ་པའི་ཚུལ་ལ་རིགས་པ་གཞན་གྱིས་མི་གནོད་པ་ཐེག་པ་ཆེན་པོ་དབུ་མ་པའི་གྲུབ་མཐའ་ནི་འདི་ལྟར་ཡིན་ནོ་བྱ་བ་ཙམ་ཞིག་ཏུ་བཤད་དེ། དེ་ཡང་དགོས་པ་གང་གི་ཆེད་དུ་བཤད་ན། རང་གི་ཕྱོགས་བཙན་པར་བྱ་བ་དང༌། གཞན་གྱི་ཕྱོགས་སུན་དབྱུང་བར་བྱ་བའི་ཆེད་དུ་མ་ཡིན་པར་རང་གི་རྒྱུད་ཀྱི་དངོས་འཛིན་བཟློག་པའི་གཉེན་པོར་སྒོམ་པའི་དོན་དུ་རབ་ཏུ་བཤད། ཅེས་པ་སྟེ། སྤྱིལ་བུ་བའི་ཞལ་ནས། སྟོང་ཉིད་བདུན་བཅུ་པ་དང༌། རིགས་པ་དྲུག་བཅུ་པ་ལ་སོགས་པའི་རིགས་པ་མང་པོ་ཡོད་ཀྱང་རང་གི་གྲུབ་མཐའ་ཁས་ལེན་པ་ལ་དེ་ཙམ་གྱིས་གོ་བར་ནུས་པ་དང་གཞུང་མངས་ཀྱིས་དོགས་པའི་འཇིགས་པས་འདིར་མ་བཀོད་པ་སྟེ། ཡོད་པ་དང་མེད་པ་དང་སྣང་གྲགས་དང་འཁོར་འདས་ལ་སོགས་པའི་དངོས་པོ་མ་ལུས་པའི་རང་བཞིན་སྐྱེ་བ་མེད་པར་གྲུབ་པ་རང་གི་སྒོམ་དོན་ཙམ་དུ་བྱས་པའོ་གསུངས་ཤིང༌། སློབ་དཔོན་གང་གིས་དབུ་མ་རྩ་བའི་དོན་ཇི་ལྟར་གཏན་ལ་ཕབ་པ་ཡང་ཤ་ར་བའི་ཞལ་ནས། སློབ་དཔོན་བུད་ངྷ་པཱ་ལི་ཏ་རྗེས་སུ་འབྲང་བ་དང་བཅས་པ་དང༌། སློབ་དཔོན་ལེགས་ལྡན་འབྱེད་རྗེས་སུ་འབྲང་བ་དང་བཅས་པ་ཐམས་ཅད་ཀྱིས་སློབ་དཔོན་གྱི་རྩ་བའི་ཤེས་རབ་ཀྱི་དོན་གཏན་ལ་ཕབ། ཤ་ར་བ་མཁན་ཀུན་ཡང་དེ་བཞིན་དུ་ཡིན། ལེགས་ལྡན་འབྱེད་ཀྱི་དབུ་མའི་སྙིང་པོ་ཞེས་པ་ཡང་དབུ་མ་རྩ་བའི་སྙིང་པོའི་དོན་གཏན་ལ་འབེབས་པ་ཡིན། ཟླ་བ་གྲགས་པའི་དབུ་མ་ལ་འཇུག་པ་ཅེས་པ་ཡང་དེ་ལ་འཇུག་པར་གསུངས་པ་ཡིན། དེ་བཞིན་དུ་དབུ་མའི་རྒྱན་ཞེས་པ་དང༌། དབུ་མའི་སྣང་བ་ཞེས་པ་ཀུན་ཡང་དེའི་དོན་གསལ་བ་དང་སྣང་བར་བྱེད་པར་བཤད་པ་ཡིན་གསུངས། གཉིས་པ་རྟོགས་པའི་ཤེས་རབ་ཀྱི་རྒྱུན་ལ་མཉམ་པར་འཇོག་ཚུལ་ལ། སྒོམ་དོན་ངོ་སྤྲད་པ་དང༌། དེ་ལ་བཞག་ཐབས་བསྟན་པ་གཉིས་ཀྱི། དང་པོ་ནི། དེ་བས་ཆོས་རྣམས་མ་ལུས་པའི། །རང་བཞིན་དག་ནི་མི་དམིགས་པས། །བདག་མེད་པ་ཉིད་སྒོམ་གང་ཉིད། །དེ་ཉིད་ཤེས་རབ་སྒོམ་པ་ཡིན། །ཅེས་གསུངས་ཏེ། དེ་ཡང་གོང་གི་རིགས་པ་དག་གིས་ཆོས་ཐམས་ཅད་གཏན་ལ་ཕབ་པས་རང་བཞིན་མེད་པར་གྲུབ་པ་དེ་བས་ན། གཟུང་བ་དང་འཛིན་པས་བསྡུས་པའམ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་རྣམས་མ་ལུས་པའི་རང་བཞིན་དག་ནི་དངོས་པོ་དང་དངོས་པོ་མེད་པ་གང་དུའང་མི་དམིགས་པར་རྟོགས་པས། དེ་དག་ལ་གང་ཟག་དང་ཆོས་ཀྱི་བདག་མེད་པ་ཉིད་དུ་སྒོམ་པ་གང་ཉིད་ཡིན་པ་དེ་ཉིད་ནི་ཆོས་ཐམས་ཅད་ཀྱི་དོན་དམ་པའི་གནས་ལུགས་ཤེས་པའི་ཤེས་རབ་སྒོམ་པ་ཡིན། ཤ་ར་བའི་ཞལ་ནས། རང་གི་སྡེ་པ་དག་གིས་ཤེས་བྱ་གཟུགས་ལ་སོགས་པ་བཟུང་བ་དང་འཛིན་པ་ལ་སོགས་པའི་རྫས་སུ་གྲུབ་པར་ཁས་བླངས་ནས་དེ་དག་ཕྱི་རོལ་པས་ཀུན་བཏགས་པའི་གང་ཟག་གིས་སྟོང་པ་དང༌། རྣལ་འབྱོར་སྤྱོད་པ་བས་རྣམ་པར་རིག་པ་གཞན་གྱི་དབང་རྫས་སུ་གྲུབ་པར་ཁས་བླངས་ནས། དེ་ལ་གཟུང་བ་དང་འཛིན་པ་གཉིས་ཀྱིས་སྟོང་པར་འདོད་པ་དག་ལ་ནི་ཤེས་རབ་མཐར་ཐུག་པ་སྒོམ་པ་ཡོད་པ་མ་ཡིན་པར་མདོ་སྡེ་དང་དབུ་མའི་བསྟན་བཅོས་དག་ལས། ཉི་ཚེའི་སྟོང་ཉིད་མུ་སྟེགས་ཅན་རྣམས་ཀྱི། །ཞེས་གསུངས་པ་བཞིན་དུ་ཡིན་པས། དངོས་པོ་དང་དངོས་པོ་མེད་པ་ཅིའི་ངོ་བོར་ཡང་མ་གྲུབ་པར་སྒོམ་པ་དེ་ཁོ་ན་ཤེས་རབ་མཐར་ཐུག་སྒོམ་པ་ཡིན་པར་བསྟན་གསུངས། གཉིས་པ། དེ་ལ་བཞག་ཐབས་བསྟན་པ་ལ། དངོས་དང༌། དེའི་རྒྱུ་མཚན་བཤད་པ་གཉིས་ལས། དང་པོ་ནི། ཤེས་རབ་ཀྱིས་ནི་ཆོས་རྣམས་ཀུན། །གང་གི་རང་བཞིན་མ་མཐོང་བཞིན། །ཤེས་རབ་དེ་ཉིད་རིགས་བཤད་པ། །རྣམ་རྟོག་མེད་པ་དེ་སྒོམ་བྱ། །ཞེས་གསུངས་ཏེ། དེ་ཡང་ཤེས་བྱ་རང་བཞིན་མེད་པར་ཤེས་རབ་ཀྱིས་གྲུབ་ན། ཤེས་རབ་དེ་ཉིད་རང་བཞིན་མེད་པར་གྲུབ་བམ་མ་གྲུབ། མ་གྲུབ་ན་ཆོས་ཐམས་ཅད་རང་བཞིན་མེད་པར་མི་འགྲུབ་ལ། གྲུབ་ན་ཤེས་རབ་དེ་ཉིད་རང་བཞིན་མེད་པར་ཇི་ལྟར་གྲུབ་སྙམ་ན། སྔར་བསྟན་པ་བཞིན་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ནི། ཤེས་བྱའི་ཆོས་རྣམས་ཀུན་ལ་དཔྱད་པས། གང་གིའང་རང་བཞིན་མ་མཐོང་བ་དེ་བཞིན་དུ་སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་རང་བཞིན་མེད་པ་ཉིད་དུ་རིགས་པར་སྤྱོད་པ་ལ་འཇུག་པ་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང༌། ཇོ་བོ་ཉིད་ཀྱི་དབུ་མའི་མན་ངག་ལས། ཤིང་གཉིས་དྲུད་པ་ལས་མེ་བྱུང་བས་ཤིང་ཟད་པ་ན་མེ་རང་ཞི་བའི་དཔེས་བཤད་པ་ལྟར། ཤེས་བྱ་མ་གྲུབ་པར་ཤེས་པའི་སྒོ་ནས་ཤེས་པ་ཉིད་ཀྱང་རང་ཞི་བའི་ཚུལ་གྱིས་དེ་ཁོ་ན་ཉིད་སྟོང་པ་ཉིད་དུ་རིག་པར་འགྱུར་བ་ཡིན་པས་ན། དབུ་མའི་མན་ངག་ལས། རང་དང་སྤྱིའི་མཚན་ཉིད་ཅན་གྱི་ཆོས་ཐམས་ཅད་མེད་པར་གྲུབ་ཙ་ན། ཤེས་རབ་དེ་ཉིད་ཀྱང་སྣང་བ་མེད་པར་འོད་གསལ་བ། སྤྲོས་པ་མཐའ་དག་དང་བྲལ་བ། ཅིའི་ངོ་བོར་ཡང་མ་གྲུབ་པས། བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དུ་གྱུར་པ་ཐམས་ཅད་བསལ་ཏེ་བར་སྐབས་དེར་ཤེས་པ་ཅི་ལ་ཡང་མི་རྟོག ཅི་ལ་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཇི་སྲིད་དུ་རྣམ་པར་རྟོག་པའི་དགྲའམ་ཆོམས་རྐུན་མ་ལངས་ཀྱི་བར་དུ། དེ་ལྟ་བུ་ལ་ཤེས་པ་གནས་པར་བྱའོ། །ཞེས་གསུངས་པ་ལྟར་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་བྱ་བ་ཙམ་དུ་ཡང་རྣམ་པར་རྟོག་པ་མེད་པ་དེ་ལ་མཉམ་པར་བཞག་ཅིང་སྒོམ་པར་བྱ། ཞེས་པ་ཡིན་ལ། གཉིས་པ་དེའི་རྒྱུ་མཚན་བཤད་པ་ལ། འཁོར་བ་སྤོང་ཞིང་མྱ་ངན་ལས་འདས་པ་མཆོག་འཐོབ་པ་ལ་རྣམ་པར་རྟོག་མེད་སྒོམ་དགོས་པའི་རྒྱུ་མཚན་དང༌། དེ་ཉིད་ལུང་གིས་སྒྲུབ་པ་གཉིས་ཀྱི། དང་པོ་ནི། རྣམ་རྟོག་ལས་བྱུང་སྲིད་པ་འདི། །རྣམ་པར་རྟོག་པའི་བདག་ཉིད་དེ། །དེ་ཕྱིར་མ་ལུས་རྟོག་སྤངས་པ། །མྱ་ངན་འདས་པ་མཆོག་ཡིན་ནོ། །ཞེས་གསུངས་ཏེ། དེ་ཡང་ཤེས་རབ་ཏུའང་རྣམ་པར་རྟོག་པ་དགག་ཅིང༌། རྣམ་པར་རྟོག་པ་ལ་དེ་ཙམ་དུ་ཉེས་དམིགས་སུ་ལྟ་བ་ཅིའི་ཕྱིར་ཞེ་ན། སྤྱིར་ལས་དང་ཉོན་མོངས་པ་གཉིས་ཀུན་འབྱུང་གི་བདེན་པར་གསུངས་པ་ལས། དེ་ཐམས་ཅད་ཀྱང་རྣམ་པར་རྟོག་པ་ཙམ་སྟེ། རྣམ་རྟོག་ཐམས་ཅད་ཀྱང་བདག་དང་ཆོས་རྟོག་པ་གཉིས་སུ་འདུས་ལ། སྲིད་པ་གསུམ་པོ་ཐམས་ཅད་ནི་བདག་ཏུ་རྟོག་པ་ལས་འབྱུང་ཞིང༌། དེ་ཡང་ཆོས་སུ་རྟོག་པ་ལས་བྱུང་སྟེ། བདག་ཏུ་བརྟགས་པ་ལ་བརྟེན་ནས་རང་གཞན་ཐ་དད་དུ་རྟོག གཞན་ལ་ཡང་སྡུག་པ་དང་མི་སྡུག་པ་དང་ཐ་མལ་པའི་ཕྱོགས་གསུམ་དུ་བརྟགས་པ་ལས་དུགས་གསུམ་གྱི་རྣམ་པར་རྟོག་པ་འབྱུང་ལ། དེ་ལས་དགེ་དང་མི་དགེའི་རྣམ་རྟོག་འབྱུང་བས་ན་ཀུན་འབྱུང་གི་བདེན་པ་ཡང་རྣམ་རྟོག་ཙམ། དེ་ལས་ཁམས་གསུམ་དུ་སྐྱེ་བའི་རྣམ་པར་རྟོག་པ་འབྱུང་བས་སྡུག་བསྔལ་གྱི་བདེན་པ་ཡང་རྣམ་རྟོག་ཙམ་སྟེ། དེ་གཉིས་ཁོ་ན་ལ་འཁོར་བའམ་སྲིད་པ་ཞེས་བྱ་བས་སམ། གཞན་ཡང་འདོད་པ་དང་གཟུགས་དང་གཟུགས་མེད་པར་བརྟགས་པ་ལས། བདག་འདོད་པ་ལ་སྲེད་པ་དང༌། གཟུགས་ལ་སྲེད་པ་དང༌། སྲིད་པར་སྲེད་པའི་རྣམ་པར་རྟོག་པ་གསུམ་འབྱུང་ཞིང༌། དེ་ལས་མ་ཡིན་པ་དང༌། བསོད་ནམས་དང༌། མི་གཡོ་བའི་འདུ་བྱེད་ཀྱི་རྣམ་པར་རྟོག་པ་གསུམ་འབྱུང༌། དེ་ལས་ཁམས་གསུམ་དུ་སྐྱེ་བའི་རྣམ་པར་རྟོག་པ་འབྱུང་བ་ཙམ་ཞིག་ལ་འཁོར་བའམ་སྲིད་པ་ཞེས་བྱ་བ་དེས་ན། རྒྱུ་ཀུན་འབྱུང་རྣམ་པར་རྟོག་པ་ཙམ་དེ་དག་ལས་བྱུང་བའི་འབྲས་བུ་སྡུག་བསྔལ་གྱི་བདེན་པ་སྲིད་པ་འདི་ཡང་རྣམ་པར་རྟོག་པའི་བདག་ཉིད་དུ་འདུག་པ་ཙམ་ལས་གཞན་དུ་མེད་དེ། དེའི་ཕྱིར་ཀུན་འབྱུང་གི་རྟོག་པ་སྤངས་པས་སྐྱེ་བའི་རྟོག་པ་འགགས་ཏེ། སྲིད་པའི་རྒྱུ་འབྲས་མ་ལུས་པའི་རྟོག་པ་སྤངས་པ་དེ་ནི་ཐོབ་བྱ་མྱ་ངན་ལས་འདས་པ་མཆོག་ཡིན་ནོ། །ཞེས་པ་སྟེ། དེ་ལ་ཤ་ར་བའི་ཞལ་ནས། མཆོག་ཅེས་པ་མྱ་ངན་ལས་འདས་པ་ཙམ་ཡང་འཁོར་བ་ལ་ལྟོས་ནས་མཆོག་ཡིན་ལ། མྱ་ངན་ལས་འདས་པའི་ནང་ན་ཡང་རྟོག་པ་ཐམས་ཅད་མ་ལུས་པར་སྤངས་པའི་སངས་རྒྱས་མི་གནས་པའི་མྱ་ངན་ལས་འདས་པ་མཆོག་ཡིན་པ། དེས་ན་ཤེས་རབ་ཏུ་རྣམ་པར་རྟོག་པ་མ་སྤངས་ན་ཡང་མྱ་ངན་ལས་འདས་པ་མཆོག་མི་འཐོབ་པས་དེ་ཡང་སྤང་བར་བྱ་བ་ཉིད་དེ། རྣམ་རྟོག་མ་སྤངས་ན་སྲིད་པ་མི་ལྡོག་པས་རྣམ་པར་རྟོག་པ་ལ་ཉེས་དམིགས་སུ་ལྟ་བ་ཡིན་གསུངས། གཉིས་པ། དེ་ཉིད་ལུང་གིས་སྒྲུབ་པ་ལ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའམ་རྒྱུ་འཕྲུལ་དྲ་བའི་ལུང་གིས་སྒྲུབ་པ་དང༌། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་ལུང་གིས་སྒྲུབ་པ་གཉིས་ལས། དང་པོ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའམ་སྒྱུ་འཕྲུལ་དྲ་བའི་ལུང་གིས་སྒྲུབ་པ་ནི། དེ་ལྟར་ཡང་ནི་བཅོམ་ལྡན་གྱིས། །རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། །རྟོག་མེད་ཏིང་འཛིན་ལ་གནས་པ། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། །ཅེས་གསུངས་སོ། །ཞེས་གསུངས་ཏེ། དེ་ཡང་སྲིད་པའི་རྩ་བ་མ་རིག་པ་མ་ཡིན་ནམ། འདིར་རྣམ་རྟོག་ལས་སྲིད་པ་བྱུང་བར་བཤད་པ་ལ་ཤེས་བྱེད་ཅི་ཡོད་སྙམ་ན། རྣམ་རྟོག་ལས་སྲིད་པ་བྱུང་བ་ཡིན་པ་དེ་ལྟར་ནི་བཅོམ་ལྡན་འདས་ཀྱིས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའམ། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །ཞེས་མ་རིག་པ་ཉིད་རྣམ་པར་རྟོག་པ་ཡིན་པར་གསུངས་ནས། དེའི་དབང་གིས་སྔ་མ་བཞིན་དུ་འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད་ལ། རྒྱུའི་དུས་ན་རྣམ་པར་རྟོག་པ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་དེས་ནི་འབྲས་བུའི་དུས་ན་དཔེ་ནམ་མཁའ་བཞིན་དུ་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་གསལ་བ་ཉིད་འཐོབ་པར་འགྱུར། ཞེས་གསུངས་སོ། །ཞེས་པ་དང༌། གཉིས་པ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་ལུང་གིས་སྒྲུབ་པ་ནི། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་ཀྱང༌། །དམ་ཆོས་འདི་ལ་རྒྱལ་བའི་སྲས། །རྣམ་པར་མི་རྟོག་བསམས་གྱུར་ན། །རྣམ་རྟོག་བགྲོད་དཀའ་རྣམ་འདས་ནས། །རིམ་གྱིས་མི་རྟོག་འཐོབ་པར་འགྱུར། །ཞེས་གསུངས་སོ། །ཞེས་གསུངས་ཏེ། དེ་ཡང་རྣམ་རྟོག་ལས་སྲིད་པ་འབྱུང་བ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའམ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་གསུངས་པར་མ་ཟད། དེ་དག་ལ་ཤེས་པར་བྱེད་པའི་ལུང་གཞན་ཡང་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་ཀྱང༌། ཐེག་པ་ཆེན་པོའི་དམ་པའི་ཆོས་འདི་ལ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བརྟག་བྱའི་དངོས་པོ་གང་ཡང་མ་གྲུབ་པ་ཉིད་དུ་ཤེས་པར་བྱས་ནས། རྣམ་པར་མི་རྟོག་པ་བསམ་པར་གྱུར་ན། རྣམ་རྟོག་བགྲོད་དཀའ་སྟེ། རྣམ་རྟོག་མ་སྤངས་པར་རྗེས་སུ་ཞུགས་ན་འཁོར་བ་སྡུག་བསྔལ་མུ་མཐའ་མེད་འཁྱམ་དགོས་པས་བགྲོད་པར་དཀའ་ཞིང༌། སྤོང་ན་དུས་བསྐལ་པ་དཔག་ཏུ་མེད་པར་འབད་པ་དཔག་ཏུ་མེད་པ་བྱེད་དགོས་པས་སྤང་དཀའ་བའི་ཕྱིར་བགྲོད་པར་དཀའ་བ་དེ་ལས་དང་པོར་འདོད་ཆགས་ལ་སོགས་པ་རང་བཞིན་གྱི་རྣམ་པར་རྟོག་པ་དང༌། དེ་ནས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གཉེན་པོའི་རྣམ་པར་རྟོག་པ་དང༌། དེ་ནས་རྣམ་པར་ཐར་པའི་སྒོ་གསུམ་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་དང༌། དེ་ནས་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཐོབ་པའི་རྣམ་པར་རྟོག་པ་བཞི་རིམ་པས་སྤོང་བའི་ཚུལ་གྱིས་རྣམ་པར་འདས་ནས། རིམ་གྱིས་དང་པོར་གང་ཟག་གི་བདག་ཏུ་མི་རྟོག་པ་དང༌། དེ་ནས་ཆོས་གཟུགས་ཅན་དུ་ཡང་མི་རྟོག་པ་དང༌། དེ་ནས་གཟུགས་ཅན་མ་ཡིན་པའི་ཆོས་སུ་ཡང་མི་རྟོག་པ་དང༌། དེ་ནས་ཤེས་རབ་ཉིད་དུ་ཡང་རྣམ་པར་མི་རྟོག་པ་འཐོབ་པར་འགྱུར་བའམ། ཡང་ན་ཚོགས་ལམ་གྱི་དུས་ན་རྣམ་པར་མི་རྟོག་པ་ལ་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ངེས་པ་ཐོབ་པ་དང༌། སྦྱོར་ལམ་གྱི་དུས་ན་འཇིག་རྟེན་པའི་སྒོམ་པ་ལས་བྱུང་བའི་ཤེས་རབ་སྐྱེས་པས་རྟོག་པ་རགས་པ་རྣམས་ངེས་འབྱེད་ཆ་བཞིས་རིམ་གྱིས་སྤངས་པ་ལས། མཐོང་ལམ་ཐོབ་པ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་དངོས་སུ་འཐོབ། དེ་ས་བཅུ་དག་ཏུ་གོམས་པར་བྱས་པ་ལས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རྟོག་པའི་བག་ཆགས་ཕྲ་མོ་ཙམ་ཡང་མ་ལུས་པར་སྤངས་ནས། སངས་རྒྱས་ཀྱི་ས་ལ་མི་རྟོག་པའི་ངང་དུ་འགྱུར་བའོ། །ཞེས་གསུངས་སོ། །ཞེས་པ་སྟེ། སྤྱིལ་བུ་བའི་ཞལ་ནས། རྣམ་པར་མི་རྟོག་བསམས་གྱུར་ན། །ཞེས་པ་རང་བཞིན་གྱི་རྣམ་པར་རྟོག་པ་དང༌། གཉེན་པོའི་དང༌། ངོ་བོ་ཉིད་ཀྱི་དང༌། ཐོབ་པའི་རྣམ་པར་རྟོག་པ་ལས་ཀྱང་འདས་པ་སྟེ། དང་པོ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱས་པས་ཆགས་སྡང་ལ་སོགས་པར་ཞེན་པའོ། །དེའི་གཉེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་སུམ་ཅུ་རྩ་བདུན་པོར་ཡང་མི་རྟོག་པའོ། །ཆོས་རྣམས་ཀྱི་ངོ་བོ་ཉིད་རྣམ་ཐར་སྒོ་གསུམ་ཡིན་པ་ལ། རྒྱུ་ལ་མཚན་མ་མེད་པར་ཡང་མི་རྟོག །འབྲས་བུ་སྨོན་པ་མེད་པར་ཡང་མི་རྟོག །ངོ་བོ་ཉིད་སྟོང་པ་ཉིད་དུ་ཡང་མི་རྟོག་པའོ། །བུད་ངྷའི་སྐུ་གསུམ་ཕྲིན་ལས་དང་བཅས་པ་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཐོབ་པར་འདོད་པ་ཡང་ཐོབ་པའི་རྣམ་པར་རྟོག་པ་ཡིན་པས་དེ་ཡང་སྤོང་པ་སྟེ། རྣམ་པར་མི་རྟོག་པའི་གཟུངས་འགྲེལ་ལས། ས་རྡོའི་བྲག་དང༌། ཤེལ་གྱི་བྲག་དང༌། གསེར་གྱི་བྲག་དང༌། རིན་པོ་ཆེ་སྣ་ཚོགས་ཀྱི་བྲག་སྟེ། དེ་རྣམས་བརྐོས་པས་དེ་ལས་འདས་པའི་ཕ་རོལ་ནས་བཻཌཱུརྱ་ལེན་པའམ་ཡོང་བའི་དཔེས་མི་རྟོག་པ་དེ་རྟོག་པ་བཞི་པོ་ཐམས་ཅད་ལས་འདས་པར་གསུངས། འཁོར་བ་ལ་ཐོག་མ་དང་ཐ་མ་དང་བར་མཚམས་མེད་པ་སྟེ་རྣམ་པར་རྟོག་པ་མ་ཟད་ཀྱི་བར་དུ་ཐར་མེད་པས་ན་བགྲོད་དཀའ་བ་ལས་འདས་ནས་རིམ་གྱིས་མི་རྟོག་པ་འཐོབ་པ་སྟེ། ད་ལྟ་ཀུན་ཐོད་པ་བོར་བས་ཆོག་ཟེར་བ་ཡོད་དེ་འཁྲུལ་བ་ཡིན། དུས་གཅིག་ལ་པན་མཆོངས་མི་བཏུབ། མས་ཞར་སྐྱེས་བུ་གསུམ་ལ་རིམ་གྱིས་བློ་སྦྱངས་པ་ལས་གདོད་དྲོད་ལ་སོགས་པ་རིམ་པར་ཡོང་བ་ཡིན་གསུངས། གསུམ་པ། དེ་རྣམས་ཀྱི་དོན་བསྡུ་བ་ནི། ལུང་དང་རིགས་པ་དག་གིས་ནི། །ཆོས་རྣམས་ཐམས་ཅད་སྐྱེ་མེད་པའི། །རང་བཞིན་མེད་པ་ངེས་བྱས་ནས། །རྣམ་པར་མི་རྟོག་སྒོམ་པར་བྱ། །ཞེས་གསུངས་ཏེ། སྨོས་མ་ཐག་པའི་ལུང་གི་དུམ་བུ་གཉིས་དང༌། ཡོད་མེད་སྐྱེ་འགོག་ལ་སོགས་པའི་རིགས་པ་གསུམ་པོ་དེ་དག་གིས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་རྣམས་ཐམས་ཅད་གཟོད་མ་ནས་སྐྱེ་བ་མེད་པའི་དོན་གྱིས་ན་རང་བཞིན་མེད་པ་ཉིད་དུ་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ངེས་པར་བྱས་ནས། སྔར་བསྟན་པ་བཞིན་དུ་ཤེས་རབ་ཉིད་དུའང་རྣམ་པར་མི་རྟོག་པ་བསྒོམ་པར་བྱ། ཞེས་པ་སྟེ། དེ་ཡང་དང་པོར་ལས་དང་འབྲས་བུའི་ཆེ་བ་བསྒོམས་ཤིང་དེ་ལ་ཡིད་ཆེས་པས་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་སྤང༌། དེ་ནས་སྲིད་པ་ཐམས་ཅད་སྡུག་བསྔལ་དུ་བསྒོམས་པས་དེ་ལས་ཡིད་འབྱུང་བ་འཐོབ་པར་བྱས་ལ། ཁམས་གསུམ་ལ་སྲིད་པའི་རྣམ་པར་རྟོག་པ་སྤང༌། དེ་ནས་མ་བྱེད་བྱེད་པའི་སེམས་ཅན་རྣམས་རྣམ་པར་རྟོག་པའི་དབང་གིས་སྲིད་པ་ན་སྡུག་བསྔལ་སྣ་ཚོགས་པ་ཉམས་སུ་མྱོང་བ་རྣམས་ལ་སྙིང་རྗེ་ཐོབ་པར་བྱས་ལ། དེ་རྣམས་རྟོག་པ་མ་ལུས་པར་སྤོངས་པའི་ཆོས་སྐུ་ལ་དགོད་པར་འདོད་ཅིང་དམ་འཆའ་བའི་བྱང་ཆུབ་ཀྱི་སེམས་བསྐྱེད། དེ་ནས་འབྲས་བུ་འདོད་པས་རྒྱུ་ལ་འཇུག་དགོས་པས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ལ་ལྷག་པའི་ཚུལ་ཁྲིམས་དང་སེམས་ཀྱི་བསླབ་པ་ལ་བསླབས་ཏེ། དེ་ལྟར་ཐབས་ཀྱི་ཆ་དག་བརྟན་པར་བྱས་ལ། དེ་ནས་རྣམ་པར་རྟོག་པ་ཐམས་ཅད་སྤང་བར་བྱ་བའི་ཕྱིར་དེ་ཁོ་ན་ཉིད་དུ་བརྟག་བྱའི་དངོས་པོ་གང་ཡང་མ་གྲུབ་པ་ཉིད་དུ་ལུང་དང་རིགས་པས་གཏན་ལ་ཕབ་ནས། དེ་ལྟར་གཏན་ལ་འབེབས་པའི་སོ་སོར་རྟོག་པའི་ཤེས་རབ་ཉིད་ཀྱང་རང་ཞི་བའི་ཚུལ་གྱིས་གང་དུ་ཡང་མི་རྟོག་པ་ཉིད་དུ་སྒོམ་པ་ཞིག་གིས་དངོས་པོར་འཛིན་པ་སྤོང་བར་ནུས་པ་ཡིན། ཞེས་ཤ་ར་བས་གསུངས་ཤིང༌། པུ་ཏོ་བའི་ཞལ་ནས། རིགས་པས་བརྟག་བྱ་མ་གྲུབ་པར་གཏན་ལ་ཕབ་པ་མེད་པར་རྣམ་པར་མི་རྟོག་པ་ཁ་ཙམ་གྱིས་བསྒོམས་པས་དངོས་པོར་འཛིན་པའི་རྣམ་པར་རྟོག་པ་ལས་མི་གྲོལ། ད0ེར་ན། ནམ་མཁའི་ནང་ན་སྲིན་པོ་ཡོད་ཟེར་བའི་དུས་སུ་སྲིན་པོ་མེད་དོ་སྙམ་དུ་བསྒོམས་པས་སྲིན་པོའི་འཇིགས་པ་ལས་མི་གྲོལ། སྒྲོན་མེ་བཏེགས་ནས་བཙལ་བས་མེད་པར་ཤེས་ནས། གཟོད་དེའི་འཇིགས་པ་ལས་གྲོལ་བར་འགྱུར་བ་བཞིན་གསུངས། དེ་རྣམས་ཀྱིས་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པ་ཉམས་སུ་བླང་བའི་ཐབས་བཤད་ནས།

གཉིས་པ། ཐབས་དེ་ལས་བྱུང་བའི་འབྲས་བུ་བཤད་པ་ནི། དེ་ལྟར་དེ་ཉིད་བསྒོམས་བྱས་ན། །རིམ་གྱིས་དྲོད་སོགས་ཐོབ་བྱས་ནས། །རབ་དགའ་ལ་སོགས་ཐོབ་འགྱུར་ཏེ། །སངས་རྒྱས་བྱང་ཆུབ་ཡུན་མི་རིང༌། །ཞེས་གསུངས་ཏེ། དེ་ཡང་གོང་དུ་ཇི་སྐད་བསྟན་པ་དེ་ལྟར་དུ་ཐབས་ཀྱི་ཆ་མ་ཚང་བ་མེད་པས་དེ་ཁོ་ན་ཉིད་ཀྱི་དོན་རྣམ་པར་མི་རྟོག་པ་བསྒོམས་བྱས་ན། དང་པོར་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་སྐྱེ་སྟེ་དུས་དེ་ན། བྱང་ཆུབ་སེམས་དཔས་བསོད་ནམས་ཡེ་ཤེས་ཀྱི། །མཐའ་ཡས་ཕ་རོལ་ཚོགས་རྣམས་ལེགས་བསགས་ནས། །ཆོས་ལ་སེམས་པ་ཤིན་ཏུ་རྣམ་ངེས་ཕྱིར། །དོན་གྱི་རྣམ་པ་བརྗོད་པའི་རྒྱུ་ཅན་རྟོགས། །ཞེས་མདོ་སྡེ་རྒྱན་ལས་གསུངས་པ་བཞིན་དུ། སྒོམ་པ་ནི་ཡོད་ལ་བསྒོམས་པ་ལས་བྱུང་བ་ནི་མེད་པས། ཐོས་པ་དང་བསམ་པའི་རང་བཞིན་ཅན་ཡིན་ཏེ། བསོད་ནམས་ཀྱི་ཚོགས་གཙོ་བོར་གསོག་ལ། ཚོགས་ལམ་གསུམ་རིམ་གྱིས་བགྲོད་པ་དེ་ནས་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟས་སུ་འཇིག་རྟེན་པའི་སྒོམ་བྱུང་དང་པོ་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་སྐྱེ་ཞིང་སོགས་པས་དེ་ནས་དགེ་བའི་རྩ་བ་གཡོ་བའི་རྩེ་མོར་ཕྱིན་པ་དང༌། དེ་ནས་ཆོས་ཆེན་པོ་ལ་བཟོད་པ་དང༌། དེ་ནས་འཇིག་རྟེན་པའི་ཆོས་ནི་ཡིན་པ་ལ་དེ་ཐམས་ཅད་ཀྱི་མཆོག་རྣམས་རིམ་པས་ཐོབ་པར་བྱས་ནས་གནས་སྐབས་དེ་དག་ཏུ། དེ་ཡིས་བརྗོད་པ་ཙམ་དུ་དོན་རིག་ནས། །དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །དེ་ནས་ཆོས་དབྱིངས་གཉིས་ཀྱི་མཚན་ཉིད་དང༌། །བྲལ་བ་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །གསུངས་པ་བཞིན་དུ། འཇིག་རྟེན་པའི་སྒོམ་པ་ལས་བྱུང་བའི་ཤེས་རབ་ཐོབ་པས་དྲོད་རྩེ་བཟོད་པ་གསུམ་དུ་གཟུང་བ་རང་བཞིན་མེད་པ་དང༌། ཆོས་མཆོག་ཏུ་འཛིན་པའང་རང་བཞིན་མེད་པར་རྟོགས་པའི་སྒོ་ནས་ཡེ་ཤེས་ཀྱི་ཚོགས་གཙོ་བོར་གསོག་པ་ཡིན། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་དེ་དག་ཐོབ་པ་ལས། བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་པའི་ཚུལ་དུ་བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་དགའ་བ་མཐོང་ལམ་གྱི་གནས་སྐབས་འཐོབ་སྟེ། དེ་འཐོབ་པའི་དུས་ན་འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གི་ཤེས་རབ་ཐོབ་པས་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་དོན་དུ་རྟོགས་ལ། ལ་སོགས་པས་ནི། མཐོང་བས་སྤང་བྱའི་ཉོན་མོངས་རྣམས། །ཐམས་ཅད་ཡང་དག་ཟད་བྱས་ནས། །ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་བཞིན་དུ། ས་དང་པོ་ཐོབ་པས་མཐོང་སྤོང་ཉོན་སྒྲིབ་ཀྱི་ཆ་རྣམས་སྤངས་པ་དེ་ནས་ས་གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། ལྔ་པ་སྦྱང་དཀའ་བ། དྲུག་པ་མངོན་དུ་གྱུར་པ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་ཏེ་སྒོམ་ལམ་ས་དགུ་ཡང་རིམ་གྱིས་ཐོབ་པར་འགྱུར་ཏེ། དེ་དག་གི་གནས་སྐབས་སུ་སྔར་མཐོང་ལམ་དུ་རྟོགས་པའི་དོན་དེ་ཉིད་གོམས་པར་བྱས་པ་ལས། བློ་དང་ལྡན་པས་མི་རྟོག་ཡེ་ཤེས་སྟོབས། །རྟག་ཏུ་ཀུན་ནས་མཉམ་པར་སོང་བ་ཡིས། །དེ་ལ་བརྟེན་པའི་ཉེས་ཚོགས་ཚང་ཚིང་དག །དུག་སྨན་ཆེན་པོས་དུག་བཞིན་སེལ་བར་བྱེད། །ཅེས་པའི་ཚུལ་གྱིས་སྒོམ་སྤང་ཤེས་སྒྲིབ་ཀྱི་ཆ་རྣམས་རིམ་གྱིས་སྤངས་པས། དཀའ་སྤྱད་དཔག་མེད་བརྒྱ་ཕྲག་དང༌། །དཔག་མེད་དགེ་བ་བསགས་པ་དང༌། །དཔག་ཏུ་མེད་པའི་དུས་དང་ནི། །དཔག་མེད་སྒྲིབ་པ་ཟད་པའི་ཕྱིར། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །རྣམ་པ་ཐམས་ཅད་མཁྱེན་ཉིད་འཐོབ། །ཅེས་པ་ལྟར་ཚོགས་སྦྱོར་གཉིས་སུ་བསྐལ་པ་གྲངས་མེད་གཅིག མ་དག་ས་བདུན་དུ་གྲངས་མེད་གཅིག དག་པ་ས་གསུམ་དུ་གྲངས་མེད་གཅིག་སྟེ་བསྐལ་པ་གྲངས་མེད་པ་གསུམ་ན་བྱང་ཆུབ་སེམས་དཔའི་ལམ་གྱི་བསག་སྦྱང་མཐར་ཕྱིན་ནས། མི་སློབ་པའི་ལམ་གྱི་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཟད་པ་དང་མི་སྐྱེ་བ་ཤེས་པ་སྐུ་གསུམ་ཡེ་ཤེས་བཞིའི་བདག་ཉིད་སྟོབས་དང་མི་འཇིགས་པ་ལ་སོགས་པ་བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བ་དེ་འཐོབ་སྟེ། ཤ་ར་བས་གསུངས་པ་བཞིན་དུ། འཁོར་བ་མཐའ་མེད་ལ་ལྟོས་ན་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཐོབ་པ་དེ་ཡང་དུས་ཡུན་རིང་བས་ཐོབ་པ་ཡིན་པས། རྗེ་བཙུན་གྱིས་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་དུ་ཡང༌། ཐུབ་པས་གསུངས་པའི་དམ་ཆོས་ལེགས་བཞག་པ། །རྩ་བའི་ཆོས་ཀྱི་དབྱྀངས་ལ་བློ་གྲོས་བཞག །དྲན་རྒྱུ་རྟོག་པ་ཙམ་རིག་བརྟན་པ་དག །མྱུར་དུ་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ། །ཞེས་གསུངས་ཞེས་པ་སྟེ། དེ་ནི་གནས་སྐབས་ཀྱི་འབྲས་བུ་བྱང་ཆུབ་སེམས་དཔའི་ས་བཅུ་དང་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་གཞག་ཕྱོགས་ཙམ་ཞིག་བསྟན་ཏེ། དེ་ལ་སྤྱིལ་བུ་བའི་ཞལ་ནས། འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མན་ངག་གི་སྟོབས་ཀྱིས་འཁྲིད་པ་ཡིན་པས་ཚོགས་ལམ་བཞི་གསུམ་བཅུ་གཉིས་ཀྱི་བྱ་བ་མ་ཚང་བ་མེད་པ་ཞིག་གཏན་ལ་ཕབ། དེ་ནས་ཚོགས་ལམ་ཆེན་པོར་སྤྲུལ་པའི་སྐུའི་ཞལ་མཐོང༌། དྲོད་ཀྱི་ཡེ་ཤེས་སྐྱེས་ནས་དེ་ལས་ཆོས་ཉན་དུ་ཡོད་པས་འདི་ལ་ལྟོས་མི་དགོས། ཡང་ན་ཡན་ཆད་དུ་ཅི་ལྟར་སྒོམ་པ་དང༌། དེ་དག་གི་རྟགས་ལ་སོགས་པ་རྣམས་རྒྱས་འབྲིང་གསུམ་དང༌། བྱམས་པའི་ཆོས་ལྔ། འཕགས་པའི་སྣང་བ་ལ་སོགས་པ་ནས་ལེགས་པར་གཏན་ལ་ཕབ་པས་དེ་ཡན་ཆད་རྒྱས་པར་ཡུམ་ལ་ཞལ་འཕངས་མཛད་པ་ཡིན་གསུངས། དེ་ལྟར་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་བརྟེན་པའི་ལམ་འབྲས་བུ་དང་བཅས་པ་བསྟན་ནས།

(༢) ཐེག་པ་ཆེན་པོའི་གསང་སྔགས་ཀྱི་སྒྲུབ་པ་ཉམས་སུ་བླངས་པའི་ཐབས།

ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒྲུབ་པ་ཉམས་སུ་བླངས་པའི་ཐབས་བཤད་པ་ལ། སྤྱིར་གསང་སྔགས་ཀྱི་བྱ་བ་བྱེད་པ་ལ་སྔོན་དུ་དབང་ཐོབ་དགོས་པ། གང་ཟག་ཚངས་པར་སྤྱོད་པའི་རྟེན་ཅན་གྱིས་སྔགས་བླ་མེད་ལས་གསུངས་པའི་ཆགས་ལམ་གྱི་གསང་དབང་དང་ཤེས་རབ་ཀྱི་དབང་བྱར་མི་རུང་བ། དབང་དེ་གཉིས་མ་བྱས་ཀྱང་སློབ་དཔོན་གྱི་དབང་ཐོབ་ཅིང་བླ་མས་གནང་བ་ཐོབ་པ་དང་རང་སློབ་དཔོན་གྱི་ཆོས་དང་ལྡན་ན་སློབ་དཔོན་གྱི་བྱ་བ་བྱེད་པ་ལ་ཆོས་དབང་གཟས་པའི་ཉེས་པ་མེད་པར་བསྟན་པ་དང་གསུམ་གྱི།

དང་པོ་ལ། གསང་སྔགས་ཀྱི་བྱ་བ་བཤད་པ་དང༌། དེ་བྱེད་པ་ལ་སྔོན་དུ་དབང་ཐོབ་དགོས་པར་བསྟན་པ་དངོས་གཉིས་ལས། དང་པོ་གསང་སྔགས་ཀྱི་བྱ་བ་བཤད་པ་ནི།སྔགས་མཐུ་ཉིད་ལས་གྲུབ་པ་ཡི། །ཞི་དང་རྒྱས་སོགས་ལས་རྣམས་ཀྱིས། །བུམ་པ་བཟང་གྲུབ་ལ་སོགས་པ། །གྲུབ་ཆེན་བརྒྱད་སོགས་སྟོབས་ཀྱིས་ཀྱང༌། །བདེ་བ་ཡིས་ནི་བྱང་ཆུབ་ཚོགས། །ཡོངས་སུ་རྫོགས་པར་འདོད་པ་དང༌། །བྱ་བ་སྤྱོད་སོགས་རྒྱུད་གསུངས་པའི། །གལ་ཏེ་གསང་སྔགས་སྤྱོད་འདོད་ན། །ཞེས་གསུངས་ཏེ། དེ་ཡང་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞིས་རང་གི་བྱང་ཆུབ་ཀྱི་ཚོགས་རྫོགས་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བཞིན་དུ། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཚུལ་ལ་བརྟེན་ན། དེའི་ཐེག་པ་རྒྱུད་སྡེ་ཀུན་ནས་སྔགས་འདི་འདི་ཙམ་དུ་བཟླས་ན་ཕན་ཡོན་འདི་འབྱུང་གསུངས་པ་ཀུན་བཟླས་བརྗོད་ཚད་དུ་ལོང་བར་བྱས་པའི་མཐུ་ཉིད་ལས་གྲུབ་པ་ཡི། ཞི་བ་དང་རྒྱས་པ་དང་སོགས་ཁོངས་ནས་དབང་དང་མངོན་སྤྱོད་དེ་འཕྲིན་ལས་བཞི་པོ་རྣམས་ཀྱིས་འདོད་དགུའི་བུམ་པ་བཟང་པོ་གྲུབ་པ་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཆེན་པོ་བརྒྱད་བསྒྲུབས་པ་ལ་སོགས་པའི་སྟོབས་ཀྱིས་ཀྱང་རང་དོན་ཚོགས་རྫོགས་པ་དང་གཞན་དོན་འཕྲིན་ལས་བྱེད་པའི་སྒོ་ནས་ལམ་གྱི་འཇུག་པ་བདེ་བ་དང་མྱུར་བ་ཡིས་ནི་འབྲས་བུ་ཆེན་པོའི་ཚོགས་ཡོངས་སུ་རྫོགས་པར་བྱ་འདོད་པ་དང༌། དེ་ལྟར་འདོད་པས་སྔགས་ཀྱི་ཐེག་པ་དམ་ཚིག་གསུམ་བཀོད་སོགས་བྱའི་རྒྱུད་དང༌། རྣམ་སྣང་མངོན་བྱང་ལ་སོགས་པ་སྤྱོད་པའི་རྒྱུད་དང༌། སོགས་ཁོངས་ནས་དེ་ཉིད་བསྡུས་པ་སོགས་རྣལ་འབྱོར་གྱི་རྒྱུད་དང༌། གསང་བ་འདུས་པ་སོགས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། རྒྱུད་སྡེ་བཞི་པོ་གང་ཡང་རུང་བའི་སྒོར་ཞུགས་ནས་དེ་དག་ལས་གསུངས་པའི་ཚུལ་གྱིས་གལ་ཏེ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྤྱད་པ་སྤྱོད་པར་འདོད་ན་འཆད་པར་འགྱུར་བ་བཞིན་གྱིས་བླ་མ་ལས་དབང་འཐོབ་པར་བྱ། ཞེས་པ་སྟེ། དེ་ལ་ཤ་ར་བའི་ཞལ་ནས། སློབ་དཔོན་དཔལ་ཡེ་ཤེས་གྲགས་པས་བཀའ་ཐམས་ཅད་ཀྱི་དོན་བསྡུས་པ་དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་བའི་བསྟན་བཅོས་ལས་ཀྱང༌། སྡེ་པ་དང་ཐུན་མོང་བའི་བདེན་པ་བཞིའི་དོན་གཏན་ལ་དབབ་པ་དང༌། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ཚུལ་གཏན་ལ་དབབ་པ་དང༌། གསང་སྔགས་ཀྱི་ཚུལ་གཏན་ལ་དབབ་པ་བསྟན་བཅོས་འདི་བཞིན་དུ་བཤམས་པ་བཞུགས། ཚུལ་གསུམ་པའི་སྒྲོན་མ་ཞེས་བྱ་བའི་བསྟན་བཅོས་ལས་ཀྱང་འདི་བཞིན་དུ་གསུངས་ཏེ། དེ་དག་ཏུ་སྔ་མ་གཉིས་མི་རྒྱས་ཕྱི་མ་རྒྱས་པར་གསུངས། དེ་དག་གི་གདམས་ངག་སྐྱོང་བ་དང་ལག་ལེན་དུ་བྱེད་པ་མེད་པས་ད་ལྟ་ལུགས་གནས་པ་མེད་པ་འདིའི་གདམས་ངག་ཇོ་བོའི་དགོངས་པ་དགེ་བཤེས་སྟོན་པ་ཙེན་གྱིས་ལེན་ནས་ཕྱག་བཞེས་སུ་མཛད་ཅིང་གཞན་ལ་ཡང་གནང་བ་ད་ལྟ་ལུགས་གནས་ཤིང་ཐམས་ཅད་ལ་བཀའ་དྲིན་ཆེ་བ་ཡིན། དེ་ཡང་ཐེག་པ་ཆེན་པོའི་གསང་སྔགས་ལ་ཅི་ནས་ཀྱང་མི་འཇུག་པའི་གླགས་མེད་ཟེར་བའང་མིན་ཏེ། གལ་ཏེ་དེ་ལ་མོས་ནས་འཇུག་ན་ཡང་ཚུལ་འདི་ལྟར་ཡིན་ཞེས་སྟོན་པ། སྔགས་མཐུ་ཉིད་ལས་གྲུབ་པ་ཡི། །ཞེས་པ་ལ་སོགས་པ་སྟེ། དེ་ལ་འཇུག་པའི་སློབ་མའི་མཚན་ཉིད་ནི། སྐྱེས་བུ་གསུམ་གྱི་རིམ་པས་བློ་ལེགས་པར་སྦྱངས་ཤིང་སྐྱེས་པས་སྨོན་འཇུག་གི་སྡོམ་པ་བརྟན་པོ་དང་ལྡན་པ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སྐོར་དང་བཅས་པ་ལ་ལེགས་པར་བསླབས་ཤིང་ཁུལ་དུ་ཚུད་པ། དབང་པོའི་སྒོ་ནས་གང་གི་སྒོར་ཞུགས་ཀྱང་དེའི་གནས་ལུགས་ལེགས་མོར་རྟོགས་ནུས་པ། སྙིང་སྟོབས་དང་བརྩོན་འགྲུས་ཕུན་སུམ་ཚོགས་པ། སེམས་ཅན་ལ་སྙིང་རྗེ་ཤས་ཆེར་འཕེལ་བས་གཞན་དོན་དུ་ཐམས་ཅད་མཁྱེན་པ་ཐོབ་པར་ཆེས་རིངས་ལ། དེའི་ཐབས་ཀྱང་གསང་སྔགས་ཆེ་བ་དང་མྱུར་བར་ཤེས་ནས་དེ་ལ་འཇུག་པར་འདོད་ན་གལ་ཏེ་ན་འཇུག་སྲིད་དེ། མདོ་སྔགས་གཉིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དང་པོ་གསུམ་ལ་ཁྱད་མེད། བརྩོན་འགྲུས་ཀྱི་ཡུལ་དང༌། བསམ་གཏན་དང་ཤེས་རབ་བསྐྱེད་པའི་ཐབས་གཞན་ཡོད་པ་ཡིན། ཇོ་བོ་ཉིད་ཀྱིས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ལས་སློབ་མའི་མཚན་ཉིད་སྙིང་རྗེ་ཆེན་པོ་ལ་བརྟེན་པའི་བྱང་ཆུབ་ཀྱི་སེམས་བརྟན་པ་དང༌། སྲིད་པ་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པ་དང༌། ཡོངས་སུ་འཛིན་པ་ཐམས་ཅད་སྤངས་པ་དང༌། དད་པ་ལ་སོགས་པའི་ནོར་དང་ལྡན་པ་དང༌། བླ་མ་ལ་སངས་རྒྱས་དང་མཉམ་པའི་འདུ་ཤེས་སྐྱེ་བ་དང༌། བླ་མས་ཕོག་པའི་དམ་ཚིག་ལ་གུས་པ་རྣམས་དང་ལྡན་པ་ཞིག་དགོས་པར་གསུངས། ཀ་མ་པས་བླ་མ་མཚན་ཉིད་དང་ལྡན་པ་ཡོད་ན་དབང་བསྐུར་བྱ་རྒྱུ་ཡིན་པ་ལ་གསུངས་པ་ཕུ་ཆུང་བས་གསན་པས། བླ་མ་ཡོད་ན་རང་སྣོད་ལྡན་དུ་ཁས་ལེན་པར་འདུག་སྟེ། དེ་ཉིད་ཤིན་ཏུ་དཀའ་བ་ཡིན་གསུང་སྐད་དེ། དེ་བཞིན་དུ་ཡིན། སློབ་དཔོན་གྱི་མཚན་ཉིད་དེ་བས་ཀྱང་བླ་ལྷག་ཅིག་ཁོ་ན་དགོས་པར་རྒྱུད་སྡེ་ཐམས་ཅད་ནས་གསུངས་ཏེ། སློབ་དཔོན་འཇིག་རྟེན་ཆོས་སྤངས་ཤིང༌། །དེ་ཉིད་བཅུ་ནི་རབ་ཏུ་རིག །ཅེས་པའམ། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །གསང་སྔགས་རྒྱུད་ཀྱི་སྦྱོར་ཤེས་པས། །དཀྱིལ་འཁོར་བྲི་བའི་ལས་བྱའོ། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང༌། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །ཐེག་པ་ཆེ་ལ་རྟག་དགའ་བ། །དེ་ནི་སློབ་དཔོན་ཡིན་པར་གཟུང༌། །ཕྱི་རོལ་བསྟན་བཅོས་ཡོངས་ཤེས་དང༌། །ཉན་ཐོས་རྣམས་ཀྱི་ལམ་འགྲོ་དང༌། །གསང་བའི་དེ་ཉིད་བསྡུ་བ་དང༌། །ཐེག་པ་ཆེན་པོ་མི་ཤེས་པ། །སྙིང་རྗེ་ཡོད་པ་མ་ཡིན་དང༌། །དད་མེད་བརྩོན་འགྲུས་མི་ལྡན་ལ། །རྟག་ཏུ་ངན་པའི་ཚུལ་སྤྱོད་དང༌། །བསྟན་བཅོས་རྣམས་ལ་སྨོད་པ་མིན། །གོང་དུ་བསྟན་པའི་མཚན་ཉིད་དང༌། །ལྡན་པ་སློབ་དཔོན་ཡིན་པར་བཟུང༌། །ཞེས་པ་ལ་སོགས་པ་ལས། འཇིག་རྟེན་པའི་ཆོས་སྤངས་པ་ཉན་ཐོས་དང་ཡང་ཐུན་མོང་ཡིན། ཆོས་ཕྱིར་དུ་ལུས་སྲོག་ལ་མི་ལྟ་བ། ཕྱི་རོལ་པའི་བསྟན་པ་ལ་མི་འཇུག་པ། ཉན་ཐོས་ཀྱི་ཐེག་པ་ལ་རྒྱབ་ཀྱིས་ཕྱོགས་པ། ཐེག་པ་ཆེན་པོ་ལ་དགའ་བ། དེ་ཁོ་ན་ཉིད་བཅུ་རིག་པ། གསང་སྔགས་དང་རྒྱུད་ཀྱི་སྦྱོར་བ་ཐམས་ཅད་ཤེས་པ། དཀྱིལ་འཁོར་བྲི་བ་ལ་སོགས་པའི་ལས་ལ་མཁས་པ། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པའི་སྦྱིན་བདག་ཆེན་པོ། ཐབས་དང་ཤེས་རབ་གཉིས་ཟུང་དུ་ལེགས་མོར་འཇུག་པའི་རྡོ་རྗེ་འཛིན་པ་ཉིད་དུ་འཇུག་པ་ཞིག་དགོས་པ་ལས། རང་ཅག་ལ་གསང་སྔགས་ཀྱི་སྒོར་ཞུགས་ཤིང་སྒྲུབ་པ་བྱས་ཀྱང་ཡོན་ཏན་ཅི་ཡང་སྐྱེར་མི་བཏུབ་པ་དེ་སློབ་མ་སྣོད་ལྡན་དང་སློབ་དཔོན་མཚན་ལྡན་གང་ཡང་མེད་ཅིང་ཐེ་ནེ་སྣོལ་དུ་སོང་བས་ལན་པ་ཡིན། ད་ལྟ་རྒྱ་གར་ན་ཡང་བོད་ཁོ་ན་འདྲ་བ་ལས་མེད་ཚུལ་དུ་གདའ། བོད་ན་མར་སྔགས་འཚོང་ཞིག་ཡོང་བ་འདི་ཀུན་ཐམས་ཅད་རིམ་པ་དང་ཐམས་ཅད་བྱས་ཀྱིན་འོང་བ་ལགས་ཚུལ་དུ་གདའ་སྟེ། རྙེད་པ་དང་ཟང་ཟིང་ལ་དམིགས་པ་ཉི་ཚེ་ལས་སྣོད་ལྡན་མི་ཡོང་བར་སྣང༌། སློབ་མ་སྣོད་ལྡན་དང་སློབ་དཔོན་མཚན་ལྡན་ཡོད་ན་གསང་སྔགས་ཀྱི་བྱ་བ་བྱེད་པ་ལ་དབང་ཐོབ་དགོས་པ་དང༌། གསང་བ་ཤེས་རབ་ཀྱི་དབང་ཚངས་པར་སྤྱོད་པ་ཅན་གྱིས་བྱར་མི་རུང་བ་དང༌། སློབ་དཔོན་གྱི་བྱ་བ་བྱེད་པ་ལ་སློབ་དཔོན་གྱི་དབང་ཐོབ་ཅིང་བླ་མས་གནང་བ་ཐོབ་པ་སློབ་དཔོན་གྱི་ཆོས་དང་ལྡན་པ་ཞིག་དགོས་པའི་དོན་དེ་གསུམ་སྔགས་ཀྱི་དུམ་བུ་འདིས་གཏན་ལ་འབེབས་པ་ཡིན་ཏེ། རང་ཅག་དེ་དག་ཐམས་ཅད་ཀྱི་མཚམས་ལས་འདས་ནས། དབང་བསྐུར་བས་སྣོད་དུ་བྱས་པ་མེད་པར་གསང་སྔགས་ཉན། དེ་ནས་སློབ་དཔོན་གྱི་ཆོས་གང་ཡང་མེད་པར་སློབ་དཔོན་གྱི་བྱ་བ་ཐམས་ཅད་བྱེད་དུ་འགྲོ་བ་ཡིན། གསང་སྔགས་འདི་འདི་ཙམ་ཞིག་བཟླས་ན་ཕན་ཡོན་འདི་འབྱུང་གསུངས་པ་ཀུན་ཡང༌། སྔགས་མཐུ་ཉིད་ལས་གྲུབ་པ་ཡི། །ཞེས་པ་འདི་བཞིན་དུ་གསང་སྔགས་ཀྱི་ཆེ་བ་དེ་ལྟར་གནས་པ་ཡིན་གྱི་ཅི་ཕྱིར་གྱི་ལམ་ན་མེད། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་དང་དམ་ཚིག་གསུམ་བཀོད་པའི་རྒྱུད་ཀུན་ནས་གསང་སྔགས་ཀྱི་མཐུ་ཅི་ལས་འབྱུང་བ་ཞུས་པ་དང་གསང་སྔགས་ཉིད་ལས་བྱུང་བར་གསུངས། དེ་ཡང་གསང་སྔགས་ཀྱི་ཆེ་བ་ལ་ཡིད་ཆེས་པའི་དད་པ་ཁོ་ན་ལ་རག་ལས། ཇོ་བོ་དད་པ་ཁོ་ནས་ཐམས་ཅད་འགྲུབ་པར་མཛད་དེ། སྔོན་གྱི་སློབ་དཔོན་དངོས་གྲུབ་ཐོབ་པ་ཐམས་ཅད་ཀྱང་དད་པ་ཁོ་ནས་ཐོབ་བྱ་བ་ལས་གདམས་ངག་ལས་ཐོབ་བྱ་བ་ཙམ་མེད། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི་ཤེས་རབ་ཀྱང་གཙོ་བོ་ཡིན། གསང་སྔགས་ཀྱི་ཚུལ་ལ་དད་པ་ཁོ་ན་གཙོ་བོ་ཡིན་གསུངས། མན་ངག་ཟེར་བ་ཀུན་ལ་མན་ངག་དད་པ་ལགས་ཀྱིས་དད་པ་ཅི་ཡོད་མཛོད་གསུངས། དད་པ་ཡོད་པས་ཀྱང་བཟླས་པ་ཉིད་ཅིག་སྐྱེལ་དགོས། དེ་ཡང་ཡི་གེ་བཅུ་པ་མན་ཆད་འབུམ་ཚོ་གཅིག་བཟླས་པས་ཕན་ཡོན་འདི་འབྱུང་ཞེས་གསུངས་པའི་རིགས་ལ་ཡི་གེའི་གྲངས་ཀྱི་འབུམ་སྐྱེལ་དགོས། དེ་ཡན་ཆད་ལ་རྩོད་པའི་དུས་སུ་སུམ་འགྱུར་བྱ་བ་དང༌། ལྔ་འགྱུར་བྱ་བ་དང༌། བརྒྱད་འགྱུར་བྱ་བ་ཡང་གསུངས། དམིགས་པ་ལ་གཏད་བཟོད་པ་དང་མི་བཟོད་པ་ཁྱད་ཆེ། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞིས་རང་གི་བྱང་ཆུབ་ཀྱི་ཚོགས་རྫོགས་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བཞིན་དུ། ཐེག་པ་ཆེན་པོའི་གསང་སྔགས་ཀྱི་ཚུལ་ལ་བརྟེན་ན། ཕྲིན་ལས་བཞི་ལ་བརྟེན། གྲུབ་པ་ཆེན་པོ་བརྒྱད་ཀྱང་བསྒྲུབས་ནས་རང་དོན་ཚོགས་རྫོགས་པ་དང་གཞན་དོན་ཕྲིན་ལས་ཀྱང་བྱེད་པ་ཡིན་ཏེ། འཇིག་རྟེན་པ་དག་དཀའ་བ་ལ་གནམ་ལ་བཏགས་པ་འདྲ་ཟེར་བའམ། ཆོས་ནས་འཇོག་པོའི་གཙུག་གི་ནོར་བུ་ལེན་པ་དང་འདྲ་ཞེས་གསུངས་པ་བཞིན་དུ། གསང་སྔགས་ཕན་ཡོན་ཆེ་ཡང་སློབ་མ་སྣོད་དང་ལྡན་པ་དང་སློབ་དཔོན་ཚད་དང་ལྡན་པ་གང་ཡང་མེད་པར་སྒྲུབ་པར་མི་ནུས། སྤྱན་སྔ་བས་གསུངས་པ་བཞིན་དུ་རང་ཅག་བུ་ཆུང་སྐྱེས་མ་ཐག་གི་ཚོད་དུ་འདུག་པ་འདིས་ཤ་འཁེངས་དང་ཟན་འཁེངས་མི་འཇུ། འཕྲིན་ལས་བཞི་བྱེད་པ་ལ་རང་གི་སྡིག་པ་དང་ཉོན་མོངས་པ་ཞི་བར་ནུས་པ་དང༌། དད་པ་ལ་སོགས་པའི་དཀར་པོའི་ཆོས་ཐམས་ཅད་རྒྱས་པར་བྱེད་ནུས་པ་དང༌། རང་གི་སེམས་ལ་དབང་ཐོབ་པ་དང༌། རང་གི་སེམས་ཀྱི་དམུ་རྒོད་ཚར་གཅོད་ནུས་པ་ཞིག་གིས་གཞན་གྱི་གདོན་ལ་སོགས་པའི་བར་ཆད་ཞི་བ་དང༌། ཚེ་དང་དབང་ཐང་ལ་སོགས་པ་རྒྱས་པ་དང༌། གཞན་དབང་དུ་བསྡུ་བ་དང༌། གཞན་བསྟན་པ་ལ་གནོད་པ་ལ་སོགས་པ་སྡིག་པ་རླབས་ཅན་ལ་འཇུག་པ་དག་ལ་སྙིང་བརྩེ་བ་ཁོ་ནས་གསད་པ་དང་དགུག་པ་དང་རེངས་པ་དང་བསྐྲད་པ་ལ་སོགས་པའི་མངོན་སྤྱོད་ཀྱི་ལས་བྱེད་པ་ཞིག་དགོས་པ་ཡིན། ད་ལྟ་བཀའ་གདམས་པའི་ལས་ཁ་ཚར་བ་ཟེར་བ་འདི་རྣམས་ཀྱང་འཕྲིན་ལས་བཞིར་འདུས་ཏེ། དུས་ཚོད་ལ་བབ་ནས་བྱེད་པ་མེད། ཟ་ཚོལ་གྱི་ཆེད་དུ་བྱེད་པ་ཡིན་པས་ཚོང་བྱེད་པ་བས་ཀྱང་ཐུ། ཚོང་ནི་རབ་ཏུ་བྱུང་བའི་ལོག་འཚོ་ཡིན་ཡང་གཞི་མ་ཐ་མལ་པ་ལ་བརྟེན་པས་ཉེས་དམིགས་ཆུང༌། འདི་གཞི་མ་ཆོས་ལ་བརྟེན་པའི་ལོག་འཚོ་ཡིན་པས་ཉེས་དམིགས་ཤིན་ཏུ་ཆེ། དམྱལ་བ་སྒྲུབ་པའི་ལས་ཁ་ཚར་བ་བྱ་བ་ཡིན། རང་ལ་དེ་རྣམས་གང་ཡང་མེད་པར་ཕྲིན་ལས་བཞི་བྱར་མི་བཏུབ། ཕ་རོལ་པོ་ལ་སྙིང་བརྩེ་བ་ཁོ་ནས་བྱས་ན་ཕ་རོལ་ཏུ་ཕྱིན་པའི་གཞུང་ཉིད་ནས་ཀྱང་མི་དགེ་བ་བདུན་བྱས་ཀྱང་སྡིག་མི་ཡོང་གི་སྟེང་དུ་བསོད་ནམས་དཔག་ཏུ་མེད་པ་འཕེལ་བར་གསུངས་པ་ཡིན། རང་གི་བུ་སྨད་བསྲུང་བའི་ཆེད་དུ་བསྟན་པ་སྲུང་པ་ལགས་ཟེར་གྱིན་མངོན་སྤྱོད་བྱས་པས་དམྱལ་བའི་སྒྲུབ་ཐབས་ལས་མི་ཡོང་བ་ཡིན། འཕྲིན་ལས་དེ་བཞིས་གྲུབ་ཆེན་བརྒྱད་སྒྲུབ་པ་ལས། བུམ་པ་བཟང་པོ་བྱ་བ་འདི་ཐམས་ཅད་ནས་གཅིག་ཏུ་བགྲང༌། དེ་མིན་བགྲང་ལུགས་ཀྱང་མི་མཐུན་པ་ཁ་ན་ཡོད། བདེ་བ་ཡིས་ནི་ཞེས་པ་གསང་སྔགས་ལམ་བདེ་བ་དང་ལམ་ཉེ་བར་གསུངས། ལེང་འབྲོག་ཀུན་བྱང་ཆུབ་གྱུར་ཤོག་ལ་རེ་བ་མེད། ལག་གིས་བྱེད་པ་ཡིན་ཟེར་སྐད་དེ། དགེ་བཤེས་སྟོན་པའི་ཞལ་ནས། ལམ་ཉེ་བ་ཡང་ཕ་རོལ་ཏུ་ཕྱིན་པའི་ལུགས་རང་ཁོ་ན་ཉེ་བ་ཡིན། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ཚོགས་ལམ་ཕལ་པ་ཞིག་གི་བར་དུ་ཞག་རོ་ན་ཞག་བདུན་ལས་མ་བྱས། ལམ་དཔག་ཚད་ལྔ་བརྒྱར་བྱོན་པའི་དུས་ན་མཐོང་ལམ་སྐྱེས་པར་གསུངས་ཏེ། ནན་ཏར་ན་ལོ་གཅིག་རང་མ་འགོར་པའི་ཚོད་ཡིན། གསང་སྔགས་ལས་སློབ་དཔོན་མཚན་ཉིད་དང་ལྡན་པ་ཞིག་སློབ་མ་སྣོད་དང་ལྡན་པ་ཞིག་གིས་གདམས་ངག་ཕྱིན་ཅི་མ་ལོག་པ་མནོས་ནས་བསྒྲུབས་ན། བརྩོན་འགྲུས་ཤིན་ཏུ་དྲག་ལ་བར་མ་ཆད་པ་བྱུང་ན་ལོ་བཅུ་གཉིས་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་བྱ་བ་དེ་ཙམ་ལས་མེད་པ་ཡིན། གསང་སྔགས་ཀྱི་ཆེ་བ་དབྱུང་བའི་ཆེད་དུ་དབང་མ་སྐུར་བར་ཡང་འཚང་མི་རྒྱ། དེ་གོང་དུ་མ་བསྐུར་ཡང་སངས་རྒྱ་བའི་དུས་ན་དབང་བསྐུར་དགོས་བྱ་བ་ཡོད་དེ། ས་བཅུའི་བྱང་ཆུབ་སེམས་དཔའ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱི་འོད་ཟེར་གྱིས་དབང་བསྐུར་བ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་ཀྱང་གསུངས་པ་དེ་ཉིད་ཡིན། ལམ་བདེ་བ་ཡང་ཕ་རོལ་ཏུ་ཕྱིན་པའི་ལུགས་ཁོ་ན་བདེ་བ་ཡིན། ངལ་གསོ་ཡིན་བྱར་ཡོད་པ་ཡིན། གསང་སྔགས་ཀྱི་སྒོར་ཞུགས་ནས་མཚོན་ཆའི་འཁོར་ལོའི་ནང་དུ་སྐྱེ་བཅུག་པ་དང་འདྲ། ཀྲུས་ཙམ་ཞིག་ཀྱང་ཡེངས་པའི་གླགས་མེད་པ་ཡིན་གསུང་བར་གདའ། ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་ཡང་ལྡོག་པའི་ཕྱོགས་ཀྱི་ཚུལ་ཁྲིམས་དག་ལ་ངལ་བསོར་མེད་པ་སྔར་བསྟན་པ་བཞིན་དུ་ཡིན། པུ་ཏོ་བ་ཕ་རཽལ་ཏུ་ཕྱིན་པ་ནས་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེས་པར་བྱ་བ་དང༌། གསང་སྔགས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བྱ་བ་གཉིས་དོན་གཅིག་པར་གསུངས། དེ་ལྟར་གསང་སྔགས་ཀྱི་བྱ་བ་བྱེད་པ་དེ་ཡང་གང་ནས་འབྱུང་ན། བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་བཞི་ལས་འབྱུང་བས། བྱ་བ་སྤྱོད་སོགས་ཞེས་པ་སྟེ། ཇོ་བོའི་ཞལ་ནས། རྒྱུད་སྡེ་བཞི་པོ་དེ་ཡང་མིའི་རིགས་བཞི་དང་བསྟུན་པ་ཡིན། རྩ་བའི་སྡེ་བཞི་ཡང་དེ་བཞིན་དུ་ཡིན། ཀྲྀ་ཡ་བྲམ་ཟེ་དང་བསྟུན་པས་ཁྲུས་དང་གཙང་སྦྲ་གཙོ་བོར་བྱ་བར་བསྟན། སྤྱོད་པའི་རྒྱུད་རྗེའུ་རིགས་དང་བསྟུན། ཡོ་ག་རྒྱལ་རིགས་དང་བསྟུན། རྣལ་འབྱོར་བླ་ན་མེད་པ་དམངས་རིགས་དང་བསྟུན་པ་ཡིན་ཏེ་ཁྱོད་བོད་ཀྱི་རྒྱུད་སྡེ་གསུམ་ལ་བརྟེན་ནས་སྒྲུབ་པ་བྱར་ཡེ་མི་བཏུབ། བྱ་བ་དང་སྤྱོད་པའི་རྒྱུད་གཉིས་ལ་གཙང་སྦྲ་གཙོ་བོར་བྱ་དགོས་པ་ཡིན་ཏེ། བོད་ཀྱི་དགེ་སློང་རབ་ཅིག་ལ་ཡང་ཨ་བ་དྷཱུ་ཏཱྀ་བ་འབྲིང་པོའི་ཚོད་ཀྱི་གཙང་སྦྲ་ལས་མེད། གསང་སྔགས་ནང་པ་སྒྲུབ་པ་ལ་ཐ་མལ་པའི་རྟོག་པ་སྤངས་པ་ཞིག་དགོས་པ་ཡིན་ཏེ། བོད་ལ་དེ་སྤངས་པ་བས་ཁ་བྲི་བ་ཡང་མེད། ཨེན་ཅིག་དྲག་ན་ཡོ་ག་དྲག་གསུང་བར་གདའ་སྟེ། བོད་ན་འདི་ཡང་ཟ་ཚོལ་གྱི་ལག་ཆར་བྱེད་པ་ལས་འདི་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པ་མེད་གསུངས། དེ་རྣམས་ཀྱིས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་བྱ་བ་མདོ་ཙམ་དུ་བཤད་ནས། གཉིས་པ། དེ་བྱེད་པ་ལ་སྔོན་དུ་དབང་ཐོབ་དགོས་པར་བསྟན་པ་དངོས་ལ། དང་པོར་བླ་མ་མཉེས་པར་བྱ་བ་དང༌། མཉེས་ནས་དབང་བསྐུར་བ་ལས་དངོས་གྲུབ་སྒྲུབ་པའི་སྐལ་བ་ཅན་དུ་འགྱུར་བར་བསྟན་པ་གཉིས་ཀྱི། དང་པོ་ནི། དེ་ཚེ་སློབ་དཔོན་དབང་བསྐུར་ཕྱིན། །བསྙེན་བཀུར་རིན་ཆེན་སོགས་སྦྱྀན་དང༌། །བཀའ་སྒྲུབ་ལ་སོགས་ཐམས་ཅད་ཀྱིས། །བླ་མ་དམ་པ་མཉེས་པར་བྱ། །ཞེས་གསུངས་ཏེ། དེ་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོར་ཞུགས་ནས། དེའི་སྤྱད་པ་སྤྱོད་པར་འདོད་པ་དེའི་ཚེ་དང་པོར་མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས་དབང་བསྐུར་བའི་ཕྱིར་དུའམ་ཡོངས་སུ་རྫོགས་པ་སློབ་དཔོན་གྱི་དབང་བསྐུར་བའི་ཕྱིར་དུ་དབང་བླང་ཡུལ་གྱི་བླ་མ་དེ་ལ་དགེ་བཤེས་སྟོན་པས་ཇོ་བོ་ལ་མཛད་པ་བཞིན་དུ་སྒོ་གསུམ་བདེ་བ་ལ་རེག་པར་འགྱུར་བའི་ཐབས་ཀྱི་བསྙེན་བཀུར་དང་རིན་ཆེན་རིན་ཐང་མེད་པ་ལ་སོགས་པའི་དངོས་པོ་བཟང་དགུ་ཇི་སྙེད་པ་སྦྱིན་པ་ཟང་ཟིང་གི་སྒོ་ནས་དང༌། བདེན་པ་བཞིའི་ཚུལ་ལ་བླང་དོར་འཇུག་ལྡོག་གི་བཀའ་ཇི་སྐད་སྩོལ་བ་བཞིན་དུ་སྒྲུབ་པ་སྒྲུབ་པའི་སྒོ་ནས་ཏེ། དེ་དག་ལ་སོགས་པ་མདོར་ན་བླ་མ་དེ་ཉིད་གང་ལ་དགྱེས་པར་འགྱུར་བའི་བྱ་བ་དང་དངོས་པོ་ཐམས་ཅད་ཀྱིས། གཙོ་བོར་སློབ་མ་ཆོས་བཞིན་བྱེད་པའི་སྒྲུབ་པས་མཉེས་པར་འགྱུར་བའི་བླ་མ་དམ་པ་དེ་མཉེས་པར་བྱ་ཞེས་པ་སྟེ། ཤ་ར་བའི་ཞལ་ནས་རྒྱུད་སྡེ་བཞི་པོ་དེའི་རྗེས་སུ་འབྲངས་ནས་གསང་སྔགས་སྤྱོད་པ་ལ་དབང་ཐོབ་དགོས། དེ་ལ་བླ་མ་མཉེས་པར་བྱེད་དགོས་པས། དེ་ཚེ་སློབ་དཔོན་ཞེས་པ་ལ་སོགས་པ་སྟེ། སློབ་དཔོན་གྱིས་དབང་བསྐུར་བའི་ཕྱིར་ཡང་ཡིན་ཏེ། སློབ་དཔོན་གྱི་ཡིན་གསུངས་ཤིང༌། བླ་མ་མཉེས་པར་བྱེད་པའི་ཚུལ་ཡང་ཟང་ཟིང་གིས་མཉེས་པར་བྱེད་པ་དང༌། སྒྲུབ་པས་མཉེས་པར་བྱེད་པ་གཉིས་ལས། དང་པོ་ནི་བསྙེན་བཀུར་རིན་ཆེན་ཞེས་པ་སྟེ། བསྙེན་བཀུར་ནི་དགེ་བཤེས་སྟོན་པས་ཇོ་བོ་ལ་ཇ་ལན་གསུམ་གསུམ་བསྲེགས་པ་འདྲེན་མ་མྱོང༌། དེང་སང་གི་བར་དུ་མུན་པ་ལ་མ་བཞུགས། སྙེ་ཐང་ན་བཞུགས་པའི་དུས་སུ་ཇོ་བོས་ཟག་པ་ཀུན་གར་ཐོད་ཐོད་དུ་དོར་ནས་བཞུགས། དགེ་བཤེས་སྟོན་པས་བྱི་དོར་ལེགས་པར་མཛད། གཅི་བ་གསར་པས་བཀུས་དྲིས་བྱུགས་ནས་བཞག་པས་ཨ་ལེ་ང་ལ་རྒྱ་གར་ན་ཡང་ཁྱོད་ཁོ་ན་འདྲ་བའི་སློབ་མ་ཞིག་ཡོད་གསུངས་སྐད་དེ། དེ་བཞིན་དུ་བྱེད་དགོས་པ་ཡིན། རིན་ཆེན་སོགས་སྦྱིན་ནི། སྦྱིན་མིན་བུ་དང་ཆུང་མ་དང༌། །རང་སྲོག་གིས་ཀྱང་མཉེས་བྱས་ན། །ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས། །ཞེས་གསུངས་པ་བཞིན་དུ་སྟེ། དགེ་བཤེས་སྟོན་པས་ཇོ་བོ་ལ་གསེར་ཞོ་དགུ་ལ་སྲང་རེར་བྱས་ཞོ་ཁ་ཀུན་ཡང་མཐོ་ཁྱུག་ཁྱུག་པ་བརྒྱ་རྩ་བརྒྱད་དུས་གཅིག་ལ་ཕུལ། པུ་ཏོ་བའི་ཞལ་ནས་དགེ་བཤེས་སྟོན་པའི་འོག་ནས་བླ་མ་ལ་ཞབས་ཏོག་སྟོད་ལུང་པ་ཆེ་གསུངས། དགེ་བཤེས་སྟོན་པ་བས་ཀྱང་སྟོད་ལུངས་པ་ཆེ་ལགས་སམ། དེས་སྤྱན་སྔ་ལ་གསེར་ཞོ་བཞི་ལ་བླུགས་པ་རང་སྲང་བཞི་བརྒྱ་ཕུལ་མཆི་ན་ཞུས་པ་ལ། ཨ་བ་ར་དེས་དགེ་བཤེས་སྟོན་པས་ཇོ་བོ་ལ་ཕུལ་བའི་མར་མེ་རང་ལ་ག་ན་ཉེ་གསུངས། ཟང་ཟིང་ཡང་སློབ་མའི་ཚོགས་རྫོགས་པ་འདྲེས་པའི་ཡན་ལག་ཏུ་དབུལ་དགོས་ཏེ། དངོས་སུ་སྒྲུབ་པས་མཉེས་པར་བྱེད་དགོས་པས། བཀའ་སྒྲུབ་ལ་སོགས་ཞེས་པ་ལས། སྒྲུབ་པས་མཉེས་པར་བྱེད་པ་ཡང་བཀག་ས་ནས་ལྡོག་པར་འགྲོ་བ་ཞིག་དགོས་པ་ཡིན། སུམ་པ་རྡོ་རྗེ་འབར་བྲེ་རྡོ་རྗེ་མ་བསྟད་ནས་ཡོན་འབེབས་པ་དང༌། འཁྲུག་པ་བྱེད་པའི་དཔའ་བོ་སུས་བྱས་ལ་གང་གཟབ་སྦྱིན་ཟེར་བ་ཡོད་དེ་དེས་མཉེས་པར་མི་འགྲོ །བླ་མ་དམ་པ་བྱ་བ་ཡང་སྒྲུབ་པས་མཉེས་ན་ཡིན། ཟང་ཟིང་ལ་ལྟ་བས་གསང་སྔགས་ཀྱི་བླ་མ་བས་ཚེ་ཕྱི་མ་མངོན་མཐོ་སྒྲུབ་པའི་བླ་མ་ཡང་མི་བཏུབ། དགེ་བཤེས་སྟོན་པའི་ཞལ་ནས། ཉིན་མོ་པུ་སྟི་རྟ་རྒྱབ་གཅིག་གི་སྟེང་དུ་ཞོན་ནས། ནུབ་མོ་སློབ་མར་དབང་བསྐུར། ནངས་པར་གསེར་ཞོ་ལ་སྙེག་གིན་བྱེད་པའི་ཟང་ཟིང་ལ་ལྟ་བ་དེས་བླ་མ་དམ་པ་མི་ཡོང་གསུང་བར་གདའ་གསུངས། གཉིས་པ། བླ་མ་མཉེས་ནས་དབང་བསྐུར་བ་ལས་དངོས་གྲུབ་སྒྲུབ་པའི་སྐལ་པ་ཅན་དུ་འགྱུར་བར་བསྟན་པ་ནི། བླ་མ་མཉེས་པར་གྱུར་པ་ཡིས། །ཡོངས་རྫོགས་སློབ་དཔོན་དབང་བསྐུར་བས། །སྡིག་ཀུན་རྣམ་དག་བདག་ཉིད་ནི། །དངོས་གྲུབ་སྒྲུབ་པའི་བསྐལ་ལྡན་འགྱུར། །ཞེས་གསུངས་ཏེ། དེ་ཡང་བཤད་མ་ཐག་པ་དེ་ལྟར་དུ་བྱས་པ་ལས། བླ་མ་དམ་པ་དེ་ཟང་ཟིང་དང་གཙོ་བོར་སྒྲུབ་པའི་སྒོ་ནས་ཤིན་ཏུ་མཉེས་པར་གྱུར་པ་ཡིས། ཡོངས་རྫོགས་སློབ་དཔོན་དབང་བསྐུར་ཞེས་པ་ལ་པུ་ཏོ་བ་འདི་གཅིག་ཡིན་ནམ་ཐ་དད་ཡིན་ནམ་མི་ཤེས་གསུངས་པ་གང་ལྟར་ཡང་དེ་དབང་བསྐུར་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་ལ་གེགས་བྱེད་ཀྱི་སྡིག་པ་ཀུན་རྣམ་པར་དག་པའི་བདག་ཉིད་ཅན་དེ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དེ་སྒྲུབ་པའི་ཆེད་དུ་གསང་སྔགས་ཀྱི་བྱ་བ་བྱེད་པ་ལ་དབང་བའི་སྐལ་བ་དང་ལྡན་པ་ཉིད་དུ་འགྱུར། ཞེས་པ་སྟེ། དེ་ལ་པུ་ཏོ་བའི་ཞལ་ནས། བླ་མ་དམ་པ་ཞིག་རང་ཡོད་ནས་དེ་མཉེས་པར་བྱས་པ་ལས་དབང་ཉིད་གཤའ་མར་ཐོབ་ན་སྡིག་པ་ཐམས་ཅད་དག་པ་འདི་ཡོང་ངེས། ད་ལྟ་གབ་ཚེ་གོག་པོ་ཞིག་གི་སྟེང་དུ་ནོག་པོ་ཁ་ཆག་རྐེ་བ་བལ་གྱིས་དཀྲིས་པ་ཞིག་བཞག་ནས་སྔགས་རང་ཡང་གཤའ་མར་མི་ཀློག་པར་ཙ་ར་བ་ཙ་ར་བྱས་པས་ཀྱང་མི་འགྲུབ་དགུ་འགྲུབ་པར་སྣང་ན། གསུངས་ཞིངས། ཤ་ར་བའི་ཞལ་ནས། ད་ལྟ་གསང་སྔགས་ཀྱི་བླ་མ་དམ་པ་བས་ཕ་རོལ་ཏུ་ཕྱིན་པའི་བླ་མ་དམ་པ་ཡང་མི་རྙེད། དགེ་བཤེས་སྟོན་པ་འདའ་བའི་བསྙུན་གྱིས་ཟིན་རྗེས་ལ་སྐུ་མཆེད་ཀུན་ལ་ཞལ་ཆེམས་སུ། སངས་རྒྱས་མྱ་ངན་ལས་འདའ་བའི་དུས་ན་སྲས་དང་འཕགས་པ་ཀུན་དགའ་བོ་གཉིས་ཕྱག་གཡས་གཡོན་གྱིས་བཟུང་ནས་འདི་གཉིས་གཅིག་ང་ཡི་བུ་ཡིན། གཅིག་ཉེ་གནས་ཡིན་པས་ངས་སྐྱོང་བ་ཡིན་པ་ལ། ང་སྐུ་ཚེའི་འདུ་བྱེད་གཏོང་བས་འདི་གཉིས་ཕྱོགས་བཅུའི་སངས་རྒྱས་ལ་བཅོལ་ལོ་གསུངས་པས། བླ་མ་འདའ་བའི་དུས་ན་རང་གི་སློབ་མ་བླ་མ་རང་བས་ཡོན་ཏན་ལྷག་པའམ་མཉམ་པ་གཞན་ལ་འཆོལ་དགོས་པར་གསུངས་པ་ཡིན་ཏེ། ངས་ཁྱོད་བཅོལ་བའི་བླ་མ་བོད་ན་མ་མཐོང་བས་ཁྱེད་དག་གཉིས་གཉིས་གསུམ་གསུམ་མ་བྲལ་བར་འཁར་པ་གྱིས། དགེ་བའི་བཤེས་གཉེན་མདོ་སྡེ་ལ་གྱིས་ཤིག་གསུངས། དེ་ཙ་ན་ཁུ་རྔོག་དང་འགར་འགོས་ལ་སོགས་པ་བཞུགས་པའི་དུས་ཡིན་ཏེ་ཡང་བླ་མ་མ་མཐོང་གསུང་ན་ད་ལྟ་ག་ལ་ཡོད། ཀུན་དགའ་བོ་ལ་སོགས་པ་དང་རང་རྒྱུད་པར་བྱས་ན་ཡང་འཕགས་པ་ཡིན། སྙིང་རྗེ་པདྨ་དཀར་པོ་ལ་སོགས་པ་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པ་དག་ལས་བྱང་ཆུབ་སེམས་དཔའ་ཆེན་པོ་ཉིད་དུ་ཡང་གསུངས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི་རྣམ་སྣང༌། ཉན་ཐོས་ཆེན་པོ་བརྒྱད་ནི་ཉེ་བའི་སྲས་བརྒྱད། ཡབ་ཡུམ་ཀུན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་དག་ཏུ་བསྟན་པ་ཡང་བཞུགས་པས་བཅོལ་མི་དགོས་ཏེ་ཕྱི་རབས་པ་ལ་བསྟན་པའི་ཆེད་དུ་ཡིན་གསུངས། གཉིས་པ། གང་ཟག་ཚངས་པར་སྤྱོད་པའི་རྟེན་ཅན་གྱིས་སྔགས་བླ་མེད་ལས་གསུངས་པའི་ཆགས་ལམ་གྱི་གསང་བ་དང་ཤེས་རབ་ཀྱི་དབང་བྱར་མི་རུང་བ་ལ། དངོས་ལུང་ཁུངས་ཀྱིས་བཤད་པ་དང༌། ཚངས་པར་སྤྱོད་པས་དབང་དེ་དག་བླངས་པའི་ཉེས་དམིགས་བསྟན་པ་གཉིས་ལས། དང་པོ་གང་ཟག་ཚངས་པར་སྤྱོད་པའི་རྟེན་ཅན་གྱིས་སྔགས་བླ་མེད་ལས་གསུངས་པའི་ཆགས་ལམ་གྱི་གསང་བ་དང་ཤེས་རབ་ཀྱི་དབང་བྱར་མི་རུང་བ་དངོས་ལུང་ཁུངས་ཀྱིས་བཤད་པ་ནི། དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པས་བཀག་པའི་ཕྱིར། །གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་གསུངས་ཏེ། དེ་ཡང་ཤ་ར་བ་ཆེན་པོས་གསུངས་པ་བཞིན་དུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་འདོད་པ་སྤོང་མི་ནུས་པ་ལ་ཡོངས་སུ་རྫོགས་པའི་དགེ་བསྙེན་གསུངས་པ་དང་དོན་གཅིག་པར་གསང་སྔགས་ཀྱི་ལས་ཀྱང་ཚངས་པར་སྤྱོད་པ་ཁས་ལེན་མི་ནུས་པ་ལ་དྲང་དོན་དུ་གསུངས་པ་ཆགས་ལམ་བྱ་བ་དང༌། ཚངས་པར་སྤྱོད་པ་ཁས་བླངས་པ་རྣམས་ཀྱིས་འཇུག་པའི་ཚུལ་གྲོལ་ལམ་བྱ་བ་གཉིས་ཡོད་པ་ལས། དང་པོ་དེ་ཚངས་པར་སྤྱོད་པ་ཁས་བླངས་པ་ཚངས་སྤྱོད་དགེ་བསྙེན་ཡན་ཆད་རྣམས་ཀྱིས་བྱར་མི་རུང་བར། དང་པོའི་སངས་རྒྱས་དང༌། རྡོ་རྗེ་ཐེག་པ་དང༌། དུས་ཀྱི་འཁོར་ལོ་སྟེ། རྒྱུད་ཆེན་པོ་གསུམ་ལས་རབ་ཏུ་འབད་པས་བཀག་པ་ཁོ་ན་ལས་གནང་བ་གང་ན་ཡང་མེད་པའི་ཕྱིར། ཆགས་ལམ་ལ་བརྟེན་པའི་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ནི། གང་ཟག་ཚངས་པར་སྤྱོད་པས་བླང་བར་མི་བྱ། བླངས་ན་ཉེས་པ་ཅིར་འགྱུར་ཞེ་ན། གཉིས་པ། ཚངས་པར་སྤྱོད་པས་དབང་དེ་དག་བླངས་པའི་ཉེས་དམིགས་བསྟན་པ་ནི། གལ་ཏེ་དབང་བསྐུར་དེ་འཛིན་ན། །ཚངས་སྤྱོད་དཀའ་ཐུབ་ལ་གནས་པས། །བཀག་པ་སྤྱད་པར་གྱུར་པའི་ཕྱིར། །དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ། །བརྟུལ་ཞུགས་ཅན་དེ་ཕམ་པ་ཡི། །ལྟུང་བ་དག་ནི་བྱུང་གྱུར་ཞིང༌། །དེ་ནི་ངན་སོང་ངེས་ལྷུང་བས། །གྲུབ་པ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་ཏེ། དེ་ཡང་གལ་ཏེ་ཚངས་པར་སྤྱོད་པ་ཅན་གྱིས་ཆགས་ལམ་ལ་བརྟེན་པའི་གསང་བ་དང་ཤེས་རབ་ཀྱི་དབང་བསྐུར་བ་དེ་དག་ལེན་ཅིང་འཛིན་ན་གང་ཟག་ཚངས་སྤྱོད་ཀྱི་དཀའ་ཐུབ་ལ་གནས་པས་དེའི་མི་མཐུན་ཕྱོགས་སྤྱད་དུ་མི་རུང་བར་སྟོན་པ་བཅོམ་ལྡན་འདས་ཀྱིས་མདོ་རྒྱུད་ཐམས་ཅད་ལས་བཀག་པ་དེ་ཁྱད་དུ་བསད་ནས། སྤྱད་པར་གྱུར་པའི་ཕྱིར། ཚངས་པར་སྤྱོད་པའི་དཀའ་ཐུབ་དང་སྡོམ་པ་དེ་ཉམས་ཏེ། ཚངས་སྤྱོད་ཀྱི་བརྟུལ་ཞུགས་ཅན་དེ་ལ་ཕམ་པ་དང་པོ་ཡི་ལྟུང་བ་དག་ནི་བྱུང་བར་གྱུར་ཞིང༌། ལས་དེའི་རྣམ་པར་སྨིན་པས་གང་ཟག་དེ་ནི་སྐྱེ་བ་ཕྱི་མ་ངན་སོང་དུ་ངེས་པར་ལྷུང་བར་འགྱུར་བས་ན། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གྲུབ་པར་འགྱུར་བ་ནི་ནམ་ཡང་ཡོད་པ་མ་ཡིན་ནོ། །ཞེས་པ་སྟེ། པུ་ཏོ་བའི་ཞལ་ནས། དང་པོ་ཙ་ན་རྒྱ་གར་དུ་ཡང་ཇོ་བོ་བོད་ན་གསང་སྔགས་མ་རྒྱུད་ལ་བརྟེན་པའི་མན་ངག་མཛད་ལོ་ཟེར་བ་ཐོས་པས་ལྷོད་ཀྱིས་སོང་བའི་གནོད་པ་ཆེ་བའི་ཚད་ཅིག་བྱུང་བ་ལ་ཇོ་བོའི་ཞལ་ནས་ང་ནི་རྨི་ལམ་ན་ཡང་ཇོ་མོ་སྒྲོལ་མ་ལ་ཡང་མའི་འདུ་ཤེས་འཇོག་པ་ཡིན། དེ་བཞིན་དུ་ཡིན་ནམ་མིན་ཇོ་མོ་ཉིད་ད་ལྟ་འདི་ན་བཞུགས་གསུངས་ནས། ད་ལྟ་རྭ་སྒྲེང་ན་བཞུགས་པའི་འཇིགས་པ་བརྒྱད་སྐྱོབ་དེ་དཔང་དུ་གསོལ་ནས། རྨི་ལམ་ལ་ནམ་མཁའ་ལ་བུད་མེད་ཀྱི་རྒྱན་ཆ་ལ་སོགས་པའི་སྒྲ་གྲག བུད་མེད་ལ་ལྟ་མི་རུང་སྙམ་ནས་མགོ་མར་སྨད་ནས་འདུག་ཙ་ན་ཁྱོད་མ་ལ་ཡང་མི་ལྟའམ་ཟེར་བ་ཞིག་གྲག ངའི་མ་མི་འདྲ་ན་བྱས་པ་ལ། མ་སྒྲོལ་མ་ལ་ཡང་མི་བལྟའམ་ཟེར། བལྟས་ཙ་ན་ནམ་མཁའ་ལ་ཇོ་མོ་བཞུགས་གསུངས་པས། དེ་ཐོས་པས་ཡང་རྒྱ་གར་དུ་ཡང་ཤིན་ཏུ་ཕན་པར་བྱུང་ཟེར། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ་ལ་ཕམ་པ་དང་པོ་བྱུང་ནས། གཞུང་ངན་སྐྱོབ་པའི་ཆེད་དུ་ཚངས་པར་སྤྱོད་པས་ཀྱང་དབང་འདི་བྱར་རུང་བ་ཉིད་དུ་སྒྲུབ་པ་དབང་གི་རབ་ཏུ་བྱེད་པ་བྱ་བ་ཞིག་བརྩམས་པ་ལ། ཁོ་ངག་གི་དབང་ཕྱུག་གྲགས་པ་ཡིན་པས་རིགས་པ་ཅི་ཙམ་ཡང་རྙེད་པ་ལ། ལུང་གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གང་ནས་ཀྱང་མ་རྙེད་པ་ཡིན་གསུང་བར་གདའ། བོད་དུ་ཇོ་བོ་མ་བྱོན་གོང་དུ་ཚངས་པར་སྤྱོད་པ་ཅན་ཐམས་ཅད་ཀྱང་དབང་འདི་ཁོ་ནའི་ལག་ལེན་བྱེད་པ་ཡིན་པ་ལ་ཇོ་བོ་བྱོན་ནས་ཆོས་འདི་ཀུན་བརྩམས་པ་ནས་ལག་ལེན་བཤོལ་བ་ཡིན་ཏེ་ཇོ་བོ་བཀའ་དྲིན་ཆེ་བ་ཡིན། ད་ལྟ་ཡང་སོ་སོར་ཐར་པ་ལ་ཐེ་ཚོམ་ཟ་བ་དང༌། བཀའ་གདམས་པ་ལ་ཟ་མ་དོད་པ་དག་གསང་སྔགས་ལ་སྙེག་པས་དབང་བསྐུར་འདི་ཁོ་ནའི་སྟེང་དུ་འགྲོ་བ་མིན་ནམ་སྟེ། སོ་སོར་ཐར་པ་མ་ཐུབ་པར་གསང་སྔགས་ཀྱི་དམ་ཚིག་ཐུབ་པ་མི་ཡོང༌།སོ་སོར་ཐར་པ་ཉིད་ནས་ཕམ་པ་འཆབ་སེམས་མ་སྐྱེས་པ་ལ་བསླབ་པའི་སྡོམ་པ་སྦྱིན་པ་དང་སྐྱེས་ན་སྟོབས་བཞིས་སྡིག་པ་ཟད་པར་བྱེད་པར་བྱ་བའི་ཐབས་ཡོད་པ་ཉིད་ལ་བརྟེན་ན་ཙང༌། དེ་སྔགས་ལ་ཞུགས་པས་བུབ་པ་ལས་རིམ་པ་གཅིག་མནན་པ་ཡིན། གསང་སྔགས་ཀྱི་ཕན་ཡོན་འབྱུང་བ་དམ་ཚིག་ལ་རག་ལས་པ་ཡིན། དགེ་བཤེས་སྟོན་པ་ཁྱམས་སྟོད་ན་སྐུ་རྒྱབ་གདུགས་ལ་བསྟན་ནས་ཐུགས་དམ་མཛད། དེར་སྒོམ་པ་རིན་ཆེན་བླ་མ་དང་གཉིས་ཀྱིས་དགེ་བཤེས་ཀྱིས་མི་གསན་པའི་རྩེས་བྱས་གསན་ན་དེ་གླེང་ག་ན་ཕོད་པ་ལ། བན་དེའི་མ་བཏུབ་མ་བཅད་པའི་གླ་བོ་ཁ་ཡར་བྱུང་བ་ལ། དགེ་བཤེས་ཀྱིས་གསན་ནས། ཞལ་མར་གྱུ་ནས་གོའམ་གསུངས་ནས། ད་ལྟ་ཁྱེད་སྨྲེ་སྔགས་ཆེ་སྟེ་སོ་སོར་ཐར་པ་ལ་ནི་གསོག་པོ་ཡོད་བྱ་བ་ཙམ་ཡིན། ཕལ་ཆེར་དེ་མ་ཡིན་པ་ཡིན། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་ནི་གསོག་པོ་མིན་པ་ཡོད་བྱ་བ་ཙམ་ཡིན། ཕལ་ཆེར་དེ་ཡིན། ཐེག་པ་ཆེན་པོ་གསང་སྔགས་ལ་ནི་གསོག་པོ་མིན་པ་སྲིད་བྱ་ཙམ་ཡིན་གསུངས། ཐམས་ཅད་ཀྱི་གཞི་མ་ཚུལ་ཁྲིམས་རྣམ་པར་དག་པ་ཡིན། སོ་སོར་ཐར་པ་དང་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཐམས་ཅད་ལ་ཡང་རང་རང་གིས་གང་ཁས་བླངས་པའི་ཚུལ་ཁྲིམས་དག་པ་ཞིག་དགོས་པ་ཡིན། གསང་སྔགས་ཀྱི་སྒོར་ཞུགས་ན་ཡང་དམ་ཚིག་གཙང་སང་ངེ་བ་རེ་དགོས་པ་ཡིན། ད་ལྟ་ནི་སྔགས་པ་ཀུན་གྱིས་གབ་པ་བཞིན་བྱས་པས་ཀྱང་དེ་ཤེད་ནས་ཅི་ཞིག་ཡོད་དུ་རེ་ནས་ཟ་འདོད་དེ། ཁུའི་ཞལ་ནས་ཁྲི་ཁར་བླགས་ལ་ནག་ཏིངས་ཀྱིས་བཏང་རྒྱུ་ཡིན་པ་ལ་གསུང་སྐད་དེ་དེར་བླགས་ན་དེ་བཞིན་དུ་འགྲོ་བ་ཡིན། གསུངས་ཤིང་ཤ་ར་བའི་ཞལ་ནས། བོད་ཀྱི་སྔགས་ཀྱི་བཤད་པ་ཐམས་ཅད་པས་ཇོ་བོའི་བླང་མི་བྱ་ཞེས་པའི་ཚིག་གཅིག་པུུ་འདི་དགའ། བསྟན་པ་སྤྱིའི་གོ་བ་རང་ལ་འདིས་ཤིན་ཏུ་ཕན་པར་བྱུང་བ་ཡིན་གསུངས། དང་པོའི་སངས་རྒྱས་ཞེས་པ་ཤ་ར་བ་ཆེན་པོའི་གསུང་གིས་དུས་འཁོར་ལས་ལོགས་སུ་བགྲངས་པ་སྣར་ཐང་པ་བཅོམ་ལྡན་རིག་པའི་རལ་གྲིས་ལམ་སྒྲོན་རྒྱན་གྱི་མེ་ཏོག་ཏུ་གསང་བ་འདུས་པའི་བཤད་རྒྱུད་དགོངས་པ་ལུང་སྟོན་ལ་ངོས་བཟུང་ནས་དེ་ཉིད་རང་འགྲེལ་གྱིའང་དགོངས་པ་ཡིན་པར་འཆད་ལ།

གསུམ་པ། དབང་དེ་གཉིས་མ་བྱས་ཀྱང་སློབ་དཔོན་གྱི་དབང་ཐོབ་ཅིང་བླ་མས་གནང་བ་ཐོབ་པ་དང༌། རང་སློབ་དཔོན་གྱི་ཆོས་དང་ལྡན་ན་སློབ་དཔོན་གྱི་བྱ་བ་བྱེད་པ་ལ་ཆོས་དབང་གཟས་པའི་ཉེས་པ་མེད་པར་བསྟན་པ་ནི། རྒྱུད་ཀུན་ཉན་དང་འཆད་པ་དང༌། །སྦྱིན་སྲེགས་མཆོད་སྦྱིན་སོགས་བྱེད་པ། །སློབ་དཔོན་དབང་བསྐུར་རྙེད་གྱུར་ཅིང༌། །དེ་ཉིད་རིག་ལ་ཉེས་པ་མེད། །ཅེས་གསུངས་ཏེ། དེ་ཡང་གསང་བ་དང་ཤེས་རབ་ཀྱི་དབང་དེ་དག་མ་བྱས་ན་ཆོས་སྒོ་འགགས་ནས་ཉན་བཤད་ལ་སོགས་པ་མི་རུང་ངམ་སྙམ་ན། བྱང་ཆུབ་སེམས་དཔའ་གང་ཞིག་གསང་སྔགས་ཀྱི་སྒོར་ཞུགས་ནས་དེའི་རྒྱུད་ཀུན་རང་གིས་ཉན་པ་དང༌། གཞན་ལ་འཆད་པ་དང༌། སྦྱིན་སྲེག་དང༌། མཆོད་སྦྱིན་དང་སོགས་ཁོངས་སུ་དབང་བསྐུར་བ་དང་རབ་ཏུ་གནས་པ་ཀུན་ཡང་སྡུད་པའི་སློབ་དཔོན་གྱི་བྱ་བ་དེ་དག་བྱེད་པ་ལ་དབང་གཉིས་པོ་མ་བྱས་ཀྱང་སློབ་དཔོན་གྱི་དབང་བསྐུར་བ་རྙེད་པར་གྱུར་ཅིང་བླ་མའི་གནང་བ་ཐོབ་པ། རང་དེ་ཉིད་བཅུ་རིག་པ་ལ་སོགས་པ་སློབ་དཔོན་གྱི་ཆོས་དང་ལྡན་པའམ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རིག་པ་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེས་པ་ལ་གོང་གི་སློབ་དཔོན་གྱི་བྱ་བ་དེ་དག་བྱེད་དུ་མི་རུང་བ་དང་བྱས་པས་ཆོས་ལ་དབང་གཟས་པའི་ཉེས་པ་ནི་ནམ་དུ་ཡང་མེད་དོ་ཞེས་པ་སྟེ། དེ་ལ་ཤ་ར་བའི་ཞལ་ནས། མཆོད་སྦྱིན་བྱ་བ་འདི་ཅི་འདྲ་བ་ཞིག་བྱེད་པ་རང་ཡང་མི་ཤེས། སྤྱིར་སློབ་དཔོན་གྱི་བྱ་བ་དེ་དག་བྱེད་པ་ལ་སློབ་དཔོན་གྱི་དབང་ཐོབ་པ། དེ་ཉིད་བཅུ་རིག་པ་ལ་སོགས་པ་སློབ་དཔོན་གྱི་ཆོས་དང་ལྡན་པ་བླ་མས་གནང་བ་ཐོབ་པ་ཞིག་དགོས་པ་ཡིན། དབང་ལ་ཡང་དང་པོ་དཀྱིལ་འཁོར་གྱི་ཞལ་བསྟན་པ་ཙམ་དང༌། མེ་ཏོག་གཏོར་བ་ཙམ་ལ་སོགས་པའི་དཀྲིག་གེ་བ་ཞིག་ཡོད་པ་ལགས་པར་གདའ་སྟེ། རྒྱུད་སྡེ་བཞི་པོའི་དབང་གོང་མ་ཐོབ་པས་འོག་མ་འོག་མའི་བྱ་བ་བྱར་རུང༌། དེ་ལས་ལྡོག་པ་མི་རུང་བར་གསུངས། དེ་ཉིད་རིག་པ་བྱ་བ་དཀྱིལ་འཁོར་གྱི་དེ་ཁོ་ན་དང༌། ལྷའི་དང༌། སྔགས་ཀྱི་དང༌། རྡོ་རྗེ་དང༌། དྲིལ་བུའི་དེ་ཁོ་ན་ལ་སོགས་པ་བཅུ་རིག་པའམ། ཡང་ན་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རིག་པ་སྟེ། དེ་ལྟ་ན་མཐོང་ལམ་སྐྱེས་པའི་དོན་ཡིན། སྔོན་སྒོམ་པ་རྒྱ་མོན་གྱིས་གསང་ཕུ་བ་ལ་གསང་སྔགས་རྙིང་པའི་ཕྱི་རྒྱུད་སྤུས་འདོད་ཆུང་ཆུང་འགའ་ཞུས་པ་ལ་རིམ་པ་བྱས་སམ་གསུངས། མ་བགྱིས་ཞུས་པ་ལ། ངས་རིམ་པ་མ་བྱས་པ་ལ་གསང་སྔགས་བཤད་དུ་རུང་ངམ་མི་རུང་ཨ་ཏི་ཤ་ལ་ཞུ་ཡིས་གསུངས། ཕྱི་ཉིན་གདན་ཁ་ལ་བྱོན་ནས་ངས་ཞུས་པ་ལ་རིམ་པ་བྱས་ཀྱང་བོད་ཀྱི་རིམ་པས་གོ་མི་ཆོད། ཁྱེད་བོད་དད་པ་ཆེ་བས་གསང་སྔགས་ཀྱི་སྣོད་དུ་རུང་བའི་སློབ་མ་ཡོད་སྲིད་དེ། སློབ་མ་དབང་བསྐུར་ནུས་པའི་སྔགས་པ་མི་སྣང༌། རིམ་པ་མ་བྱས་ཀྱང་བྱང་ཆུབ་ཀྱི་སེམས་བརྟན་པོར་ཡོད་ལ་མི་སྤོང་ན་དེ་ཀུན་ཙམ་མཉན་དུ་རུང་གསུང་གསུངས་ནས་བཤད་པ་མཛད་སྐད། དེ་ཙ་ན་ལེང་འབྲོག་དང་འགར་འགོས་ལ་སོགས་པ་སྔགས་པ་སེངྒེ་འདྲ་བ་ཡོད་དེ་ཡང་དེ་སྐད་གསུངས་ན་ད་ལྟ་ག་ལ་ཡོད། གསང་ཕུུ་བ་ཁོང་རང་ཡང་གསང་སྔགས་གཟིགས་ཤིང་ཨ་ཏི་ཤའི་གནང་བ་འདི་ནི་ཆེས་སོ་བྱ་བ་ཚིག་སྨྲས་སུ་གསུངས། སྔགས་པ་གཞན་ཡང་གནང་བ་ཆེས་ཟེར་བ་ལགས་པར་གདའ། ཇོ་བོ་སློབ་མ་ཡོད་སྲིད་གསུངས་ཏེ། དེ་ཡང་མེད་པ་ཁ་ནས་ཡིན་ཏེ་ཡོད་ན་གནས་བརྟན་གསེར་སོ་ལ་སོགས་པ་བཞིན་དུ་སློབ་དཔོན་ཀྱང་ཡོང་བ་ཆོས་ཉིད་ཡིན། དགེ་བཤེས་སྟོན་པའི་ཞལ་ནས། ད་ལྟ་སྒྲུབ་ཐབས་འདྲ་བ་ཉན་མ་ཐག་ཏུ་ཉན་དུ་རུང་བྱས་པ་དེ་ལ་དཔག་བྱས་ནས་བཤད་དུ་འགྲོ་སྟེ། སྔར་བསྟན་པའི་སློབ་དཔོན་གྱི་ཆོས་དེ་དག་མེད་པར་གསང་སྔགས་འཆད་པ་དམྱལ་བར་མི་འགྲོ་ཁ་མེད་བྱེད་པ་ཡིན། ཕྱི་བའི་རྒྱུད་ལ་སོགས་པ་བག་ཆགས་བཞག་པའི་དོན་དུ་ཉན་པ་དང་ལྟ་བ་ཙམ་བྱང་ཆུབ་ཀྱི་སེམས་བརྟན་པོར་ཡོད་ན་རུང༌། སྒྲུབ་ཐབས་ཉིད་ཕྱམས་ཀྱིས་བསྒོམས་ན། སློབ་དཔོན་གྱི་དབང་ཐོབ་དགོས་དེ་མ་ཐོབ་པས་མི་རུང་གསུང་སྐད། ཕུ་ཆུང་བའི་ཞལ་ནས་ཁྱོད་ཀྱིས་སྒྲུབ་ཐབས་ཉན་མྱོང་ངམ་གསུངས། རླགས་ཆེ་ནས་མ་མྱོང་ལགས་དགེ་བཤེས་ལ་ཆུང་ཆུང་ཞིག་ཞུ་ལགས་ཞུས་པ་ལ། སྒྲུབ་ཐབས་བྱ་བ་ལ་ཆུང་ཆུང་ཡེ་མེད་པ་ཡིན་གསུངས། དགེ་བཤེས་སྟོན་པས་སློབ་དཔོན་གྱི་དབང་མ་ཐོབ་པར་སྒྲུབ་ཐབས་ཕྱམས་ཀྱིས་སྒོམ་དུ་མི་རུང་གསུངས་པ་ཡང༌། དེ་ཕྱམས་ཀྱིས་བསྒོམས་ན་དེ་ཉིད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་དང༌། བུམ་པའི་ཆོ་ག་དང༌། གཏོར་མ་དང་སྦྱིན་སྲེག་དང༌། བསྲུང་བའི་འཁོར་ལོ་ལ་སོགས་པའི་སློབ་དཔོན་གྱི་ལས་ཐམས་ཅད་བྱེད་དགོས་པའི་དོན་ཡིན། གསང་སྔགས་ནང་བ་ནི་བལྟར་ཡང་མི་རུང་སྟེ། དགེ་བཤེས་སྟོན་པའི་ཞལ་ནས། དེས་འཁྲིག་པའི་བསྟན་བཅོས་རློན་པར་གསུངས་པས། བལྟས་ཀྱང་ཀླན་ཚུལ་བྱང་གིས་དགྱེས་པའི་རྡོ་རྗེའི་རྒྱུད་གཟིགས་ནས་སངས་རྒྱས་ཀྱིས་མ་གསུངས་ངེས་པ་ཞིག་འདུག་གིས་ཕར་ལ་བཞུགས་ཤིག་གསུངས་སྐད་དེ། ཡང་ན་དེ་བཞིན་དུ་ཡོང༌། ཡང་ན་དད་ཆེས་ནས་དེའི་ལག་ལེན་བྱེད་དུ་འགྲོ་བ་ཡིན་པས། རང་གི་ཁས་བླངས་གཉས་ཁུར་བའི་ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་ཆོས་སྤྱོད་བཅུ་བྱར་ཡོད་པ་བཞག་ནས་ཕྱི་པ་རང་ཡང་ལྟ་བའི་ཆེད་ཀ་ཡང་མི་ཆེ་བ་ཞིག་ཡོད། པུ་ཏོ་བས་མཁར་ཐོག་ཏུ་གསང་སྔགས་ཀྱི་གླེགས་བམ་མང་པོ་བཞེངས། འཕགས་སྐོར་ལ་གཟིགས་རྟོག་མང་པོ་མཛད་ནས། མདང་ད་ནང་འཕགས་པ་ཡབ་སྲས་ཀྱི་ཆོས་དེ་ཀུན་ཞིག་བལྟས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བླ་ལྷག་ཏུ་དད་པ་བྱུང༌། ཟབ་མོའི་དོན་ཐམས་ཅད་རློན་པར་བསྟན། འདི་ཀུན་ནས་གབ་པོ་འདྲ་བ་བརྡ་སྣ་ཚོགས་ཀྱིས་བསྟན་པས་གོ་དཀའ་བར་འདུག་གསུངས། འཕྲལ་ལ་གཟིགས་ཀྱིན་ད་ལྟའི་ངའི་རྒྱུད་ཚོད་འདིས་དགེ་སློང་གི་ལམ་དུ་ཡེ་མི་བཏུབ་རྟོག་ངན་ཐམས་ཅད་འཕེལ་ཏེ་ཆ་བར་སྣང་གསུངས། དགེ་བཤེས་སྟོན་པ་ཡང་གསང་སྔགས་གཟིགས་ཤིང་འདི་ཀུན་ལས་དང་པོ་བས་བྱར་ཡེ་མི་བཏུབ་བྱ་བ་ཁོ་ན་ཚིག་སྨྲས་སུ་གསུང་སྐད། ཀྲྀ་ཡའི་བུམ་པའི་ཆོ་ག་ཀུན་ཡང་སྔར་བསྟན་པའི་སློབ་དཔོན་གྱི་ཆོས་དང་མི་ལྡན་པས་བྱར་ཡེ་མི་རུང༌། པུ་ཏོ་བས་དགེ་བཤེས་སྟོན་པའི་ཐད་དུ་ལོ་བདུན་བཞུགས་པ་ལ་བུམ་པ་བཅའ་བ་ལན་གཅིག་ལས་མ་གཟིགས། དེ་ཡང་རོག་ཧོམ་པའི་བུ་ཤི་བ་ཞིག་གིས་ཁོ་བོས་ཚེ་ལས་འདས་པ་འདིའི་ཆེད་དུ་བུམ་པ་ཞིག་བཞེངས་པར་ཞུ་ཟེར་ནས་སྤུས་ཕབ་ནས་བུམ་པ་ནི་གཉིས་བཞེངས་པ་ལ། གཅིག་ལ་འདི་རྨ་བྱ་ཆེན་མོའི་གཟུངས་ལ་བརྟེན་པ་ཞིག་ཡིན་ཏེ་ཁྱེད་ཀྱིས་ཡེ་མི་ཡོང་བ་ཞིག་ཡོད་གསུངས་ནས་རྦད་ཀྱིས་བཅད། ལད་མོ་བྱས་སུ་དོགས་པར་གདའ་གསུངས། སྣུབས་ཤེས་རབ་སེངྒེ་བྱ་བ་ན་ནས་པུ་ཏོ་བས་གཙུག་ཏོར་དྲི་མ་མེད་པའི་གཟུངས་ཆོག་ཧུར་ཕྱུང་བ་ཞིག་མཛད་པ་ལ་མ་ཕན་པར་ཤི་བས། བུམ་པའི་སྙིང་པོ་ཀུན་སོ་སྟོན་གྱི་ཕང་དུ་བསྐྱུར་ནས་འདི་རྣམས་ཨུགས་གཙོ་ཁྱེར། ཁོ་གཅེས་ནས་བྱས་པ་ཡིན་པ་ལ་སླར་ཕུལ་བ་བཞིན་དུ་སོང༌། བྱེད་པ་ལ་མི་དབང་བ་བྱས་པ་ཁོ་ནས་ལེན་གསུང་བ་ལགས་པར་གདའ། ཕྱིས་མཁར་ཕུ་པ་དང་བསྡུ་རུམ་པ་ཀུན་གཟིམས་མལ་གྱི་དབུ་སྔས་ནས་གཟུངས་ཆོག་མཛད། དགེ་བཤེས་ལ་གཙུག་ཏོར་དྲི་མ་མེད་པའི་གཟུངས་ཁ་ཡོར་བཟློ་བ་ཞུས་པ་ཡང་ཡེ་མི་གནང་བར་ད་ལྟ་བུམ་ཆོག་ལ་སོགས་པ་བྱས་པས་ནུས་པ་འདྲ་བ་དང་འབྱུང་གིན་འདུག་པས་ཕྱི་མའི་ཉེས་དམིགས་མི་འབྱུང་སྙམ་དུ་ཡིད་བརྟན་དུ་ཡང་མེད། ཕྱི་མ་ལ་རྡོ་རྗེ་དམྱལ་བར་འགྲོ་ཡང་ད་ལྟ་ནུས་པ་འབྱུང་བ་མི་སྟོ་སྟེ། གསང་སྔགས་ཀྱི་ཆེ་བ་ཡིན་གསུངས། དགེ་བཤེས་སྟོན་པ་དེ་ནས་ཟླ་བ་གཉིས་ཙམ་ན་འདའ་བའི་ནུབ་ཅིག་ཞུགས་ངོགས་ན་བཞུགས་པའི་དུས་སུ། སྐ་བ་ཡུལ་ཤེད་དུ་བནྡེ་ན་བ་ལ་ལོ་མ་ཆོས་བྱས་ནས་རྟགས་ཐོམ་ཀླད་དུ་བཏང་བ་དང༌། བུད་མེད་དང་མནའ་བྱས་པའི་ལོ་རྒྱུས་བྱས་པ་ལ། དེ་ཀུན་མ་ལེགས་པ་བྱས་པ་བྱ་བ་ཡིན། ཕྱོགས་སྔ་མ་ཡིན་གྱིས། ཁྱེད་དག་ནད་པའི་རིམ་གྲོ་དང༌། གསོན་པའི་ཚེ་སྲོག་བསྲིང་བ་དང༌། ཤི་བ་ལ་ཕན་འདོགས་པ་རྣམས་ལ་ཇི་ལྟར་བྱེད་གསུངས་ནས་དྲི་བ་མཛད་པ་ལ་སུས་ཀྱང་ལན་ཡང་མ་སྤོབས། ཞུ་བ་ཡང་མ་སྤོབས་པའི་དུས་སུ། དེ་ཐམས་ཅད་ལ་གསང་སྔགས་ཕྱི་ནང་ཐམས་ཅད་ནས་ཐབས་དཔག་ཏུ་མེད་པ་བཤད་ནས་ཡོད་དེ། ད་ལྟ་སློབ་དཔོན་མེད་གསུངས་ནས་རྦད་ཀྱིས་བཅད་ནས། དེ་དག་ཐམས་ཅད་ལ་དཀོན་མཆོག་ལ་མཆོད་པ་དབུལ། དགེ་འདུན་ལ་བསྙེན་བཀུར་བྱ། མདོ་སྡེ་ཀློག ཁ་འབར་མའི་གཏོར་མ་བྱ། ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་ཚ་ཚ་གདབ་གསུངས། གཡོ་རུ་སྟོད་དུ་བུམ་པ་བཟང་པོ་བསྒྲུབས་པ་དང་འཕན་ཡུལ་སྟོད་དུ་གནོད་སྦྱྀན་ཨ་པ་རཱ་ཙི་ཏ་བསྒྲུབས་པ་གཉིས་ལ་བར་ཆད་བྱུང་བ་ཅིས་ལན་ཞུས་པ་ལ་ཡང༌། སློབ་དཔོན་བྱ་བ་ཞིག་དགོས་པ་ཡིན། སྔགས་པ་བྱ་བ་གཅིག་དགོས་པ་ལགས་གསུང་སྐད་མདོ་སྡེ་ཀློག་པ་ཡང་སྐབས་གོ་རིམ་དུ་མ་བབ་པར་བཀླགས་ན་དཀྲུགས་མར་འགྲོ་བས་འུར་བང་མི་རུང་གསུངས། རྭ་སྒྲེང་དང་པུ་ཏོ་བའི་དུས་ན་ཡེ་མི་མཛད། ཀློག་སྐད་དང་མི་བྱ་སྐ་བ་རྒྱ་གར་ལད་མོ་བྱེད་པ་བཞིན་དུ་གཅོད་ལུགས་ཀྱིས་བསོད་ནམས་ཟད་མི་ཤེས་པ་དང་ལྡན་པར་གྱུར་ཞིག་ཏུ་འགྲོ་ཉེན་ཡོད། འགུ་སྟོན་བྲེ་འོས་ཀླཽག་སྐད་བྱས་པ་ལ་ཡང་དགེ་སློང་གིས་བྱ་བ་ཞིག་ཡོད་གསུངས་ནས་པུ་ཏོ་བ་མ་མཉེས། རྭ་སྒྲེང་ན་ནད་པ་བྱུང་ཡང་དགེ་འདུན་ལ་བསྙེན་བཀུར་བྱེད་པ་མ་གཏོགས་པ་ཐབས་གཞན་ཅི་ཡང་མི་མཛད། དེའི་དུས་སུ་དགེ་བཤེས་སྟོན་པས་ཁྱོད་རང་གི་དད་པ་ཚད་པ་ཡིན་ནོ་གསུངས་ནས། ནད་པ་དེར་ཡོང་མ་ནུས་ན་དགེ་འདུན་གྲལ་ལ་བཞུགས་ཞལ་ཆབ་འདྲེན་པའི་དུས་ན་ཁྱོད་ཀྱི་དོན་དུ་དགེ་འདུན་གདན་ལ་བཞུགས་ནས་ཞལ་ཆབ་འདྲེན་ནོ་ཟེར་བ་རེ་གཏོང༌། དེ་ནས་ཁྲུས་སྟོན་དྲངས་ནས་གསོལ་བའི་དུས་ན་དང༌། དེ་ནས་ཁྲུས་ཆབ་དྲངས་ནས་མདོ་འདོན་པའི་དུས་སུ་ཡང་སྔ་མ་བཞིན་དུ་མཛད། དེས་ཕལ་ཆེར་ཏྟ་སོས་སུ་འགྲོ། དེས་མ་སོས་ན་ད་འཆི་ཟེར་ནས་ཁོ་ཐག་གཅོད་པ་ལས་ཐབས་ཚབ་ཚུབ་གཞན་ཅི་ཡང་མི་མཛད། དགེ་བཤེས་རྣལ་འབྱོར་པའི་དུས་ན་སྒོམ་པ་དམར་པོ་བྱ་བ་ཞིག་རྐང་པ་ན་ནས་འཁྱོག་རང་ཡེ་མི་ཤེས་པར་འདུག་པའི་དུས་སུ། ནངས་པར་དགེ་འདུན་ལ་ཆོས་སྟོན་བྱེད་པའི་འཕེལ་བཏབ་པས་དེའི་ནུབ་མོ་རང་ཏྟ་སོས་སུ་སོང་ནས། ནངས་པར་ཁོ་རང་གིས་སྟོན་མོའི་ཤོམ་བྱེད་ནུས། པུ་ཏོ་བ་གདན་ཅིག་མཛད་པས་འཕྱི་མོ་ན་བཞེངས་ནས་བྱོན་ཙ་ན་ཁོ་སྟོན་མོའི་ཤོམས་བྱེད་ཅིང་སྣང༌། ཁྱོད་ན་བ་སོས་སམ་སྨྲས་པ་ལ་ཕར་སོས་ཟེར་སྐད། དགེ་བཤེས་སྟོན་པའི་ཞལ་ནས། ཁྱོད་ཇོ་བོ་བ་ད་ལྟ་ཤྲདྡྷ་ཀ་ར་བའི་ཐིག་གི་ཆོ་ག་ལ་བརྟེན་ནས་དཀྱིལ་འཁོར་ཁོ་ན་བྱེད་དེ། དེའི་ཆོ་ག་དང་ཐིག་གི་ཡན་ལག་རེ་རེ་ཚད་དུ་མ་བསྐྱལ་ན་ཡང༌། སོ་སོར་ཐར་པ་ལ་ཕམ་པ་བཞི་ཀ་བྱུང་བས་ཀྱང་བྲང་དུ་མེད་པའི་ཉེས་དམིགས་བཤད་ནས་ཡོད་པ་ཡིན་གསུངས། དགེ་བཤེས་ཉིད་དབུ་རུ་ཀླུང་དུ་མཆོད་རྟེན་བརྒྱ་པོ་ཞིག་གི་རབ་གནས་ལ་སྤྱན་དྲངས། ཇོ་བོ་ཡགས་ཀྱིས་ཞབས་ཏོག་མཛད་ནས་བྱོན་པ་ལ། གསང་སྔགས་ཀུན་ན་དཀྱིལ་འཁོར་ཁོ་ན་ཡང་མིན་པའི་རི་མོ་དང་མཛེས་པ་བྱ་བའི་ཐབས་བཤད་ནས་ཡོད་དེ། འབྲོམ་སྟོན་གྱིས་དཀྱིལ་འཁོར་བྱས་ཟེར་ནས་སྔགས་པས་ལད་མོ་བྱེད་དུ་འོང་གིས་རང་ཅག་གིས་མཎྜལ་ཁོ་ན་གྱིས་ཤིག་གསུངས། དགེ་བཤེས་ཡོག་རྫོང་དང་དཔོན་ཆོས་ཀྱི་རྒྱལ་པོ་དང་ཇོ་བོ་ཡགས་གསུམ་ལ་རིམ་པ་གནང་བར་གདའ་ན། དེའི་དུས་སུ་དཀྱིལ་འཁོར་བཞེངས་སམ། བུམ་པ་ཙམ་ལ་བརྟེན་ནམ་མ་འཚལ། དེ་མིན་གྱི་དཀྱིལ་འཁོར་བཞེངས་པ་དང་ཡེ་མ་མཛད། ཐེག་པ་ཆེན་པོ་གསང་སྔགས་འདི་ལ་གཉན་པ་ཟབ་པ་གླེགས་བམ་ལའང་རེག་ཏུ་མི་བཏུབ་པ་ཙམ་དུ་དགོངས་པར་གདའ། དེ་བས་ན་འདི་རྟེན་རང་སུ་རུང་ལ་བྱས་པས་མི་ཡོང་ཁྱད་པར་ཅན་ཞིག་དགོས་པ་ལགས་གསུངས། དེ་རྣམས་ཀྱིས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒྲུབ་པ་ཉམས་སུ་བླང་པའི་ཐབས་ཀྱང་བཤད་ཟིན་ནས།

རྩོམ་པ་མཐར་ཕྱིན་པ་མཇུག་གི་དོན།

རྩོམ་པ་མཐར་ཕྱིན་པ་མཇུག་གི་དོན་ལ། སློབ་དཔོན་གང་གིས་མཛད་པ་དང༌། བོད་དུ་ཇི་ལྟར་བསྒྱུར་བའི་ཚུལ་གཉིས་ཀྱི། དང་པོ་ནི། གནས་བརྟན་མར་མེ་མཛད་དཔལ་གྱིས། །མདོ་སོགས་ཆོས་ལས་བཤད་མཐོང་བ། །བྱང་ཆུབ་འོད་ཀྱིས་གསོལ་བཏབ་ནས། །བྱང་ཆུབ་ལམ་བཤད་མདོར་བསྡུས་བྱས། །བྱང་ཆུབ་ལམ་གྱི་སྒྲོན་མ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། །ཞེས་གསུངས་ཏེ། དེ་ཡང་ཤ་ར་བའི་ཞལ་ནས། ཇོ་བོས་སྔར་གསུངས་པ་བཞིན་དུ་བླ་མའི་མན་ངག་དང་མདོ་སྡེ་ལ་སོགས་པའི་ཆོས་ལས་བཤད་པ་གཟིགས་ནས་ཞུ་བ་པོ་འདིས་ཞུས་པའི་ཆོས་འདི་མཛད། གསུངས་པ་ལྟར་ཇོ་བོ་བོད་དུ་བྱོན་ནས་བསྟན་བཅོས་འདི་མཛད་ཙ་ན་དགུང་ལོ་དྲུག་ཅུ་ཐོ་སྐོར་ཡིན་པས། ཉན་ཐོས་རྩ་བའི་སྡེ་པ་བཞི་ལས་དགེ་འདུན་ཕལ་ཆེན་སྡེ་པའི་བྱེ་བྲག་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པ་ལྷ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བཀའ་བརྒྱུད་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་ཡུན་རིང་དུ་ལོན་པའི་གནས་བརྟན་མཚན་མར་མེ་མཛད་དཔལ་ཡེ་ཤེས་ཀྱིས་སྔར་གསུངས་པ་བཞིན་དུ་བླ་མའི་མན་ངག་དང༌། རྒྱལ་བའི་བཀའི་ལུང་མདོ་སྡེ་དང་སོགས་པས་རྒྱུད་དང༌། དེ་ཀུན་གྱི་དགོངས་པ་འགྲེལ་བའི་བསྟན་བཅོས་ཚད་མར་གྱུར་པའི་ཆོས་རྣམས་ལས་བཤད་པ་དག་མཐོང་བ་ཇི་ལྟར་གཞུང་འདི་རྩོམ་པར་ཞུ་བ་པོ་སྨོན་ལམ་གྱིས་འབྲེལ་བའི་སློབ་མ་ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་སྔར་བསྟན་པ་བཞིན་དུ་གསོལ་བ་བཏབ་ནས་ཞུས་པའི་ངོར། སྡེ་སྣོད་ཀྱི་ཆོས་མ་ལུས་པ་ཐམས་ཅད་འཁྲུགས་བསྡེབས་ནས། སྟན་ཐོག་གཅིག་ཏུ་ཉི་མ་དེ་རིང་གི་སྒོམ་དོན་དུ་ཉམས་སུ་ལེན་པའི་གདམས་ངག་སྐྱེས་བུས་ཐོབ་པའི་འབྲས་བུ་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཕྱིན་ཅི་མ་ལོག་པར་བཤད་པ་མདོར་བསྡུས་པ་འདི་བྱས་ཏེ། དེ་ཡང་དོན་ལས་མཚན་དུ་གསོལ་བས་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ། རིག་པའི་གནས་ཐམས་ཅད་ལ་སློབ་དཔོན་གྱྀ་གོ་འཕང་བརྙེས་པའི་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་རྒྱལ་བའི་གསུང་རབ་མཐའ་དག་གི་དོན་གྱི་ཆ་ལེགས་པར་སྡེབས་ཏེ་ཚིག་ཉུང་ངུས་རྩོམ་པར་མཛད་པ་ལ་གེགས་དང་བར་ཆད་མེད་པར་མཐར་ཕྱིན་པས་ན་རྫོགས་སོ། །ཞེས་པ་སྟེ། སྤྱིལ་བུ་བའི་ཞལ་ནས། བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བ་ལ། །མདོ་སོགས་ཆོས་ལས་བཤད་མཐོང་བ། །ཞེས་པ་རང་བཟོ་སྤངས་པ་སྟེ། ཡ་གིར་བླ་མ་རྣམས་ཀྱིས་བསྟན་པའི་ཐབས་བཤད་ཟེར་ནས། འདིར་མདོ་སོགས་ཆོས་ལས་བཤད་མཐོང་ཞེས་པ་མི་འགལ་ཏེ། བླ་མའི་མན་ངག་ཙམ་ལས་མེད་པ་མ་ཡིན། མདོ་སྡེ་དང་རྒྱུད་སྡེ་མཐའ་དག་ན་བཞུགས་པའང་མཐོང་བ་ཡིན་ཏེ། གཉིས་ལྡན་ཡིན་ཞེས་པའོ་གསུངས།

གཉིས་པ། བོད་དུ་ཇི་ལྟར་བསྒྱུར་བའི་ཚུལ་ནི། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབས་པའོ། །ཞེས་གསུངས་ཏེ། དེ་ཡང་ཇོ་བོས། ཆོས་འདི་ཞང་ཞུང་གི་ཡུལ་ཐོ་ལིང་གསེར་ཁང་དུ་ལེགས་པར་སྦྱར་བ་སཾ་སྐྲྀ་ཏའི་སྐད་དུ་བརྩམས་པ་ལས། དེའི་ཚིག་དང་དོན་ཞུ་ཡུལ་གྱི་པཎྜི་ཏ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་སྟེ་དཔལ་མར་མེ་མཛད་ཡེ་ཤེས་བསྟན་བཅོས་མཛད་པ་པོ་དེ་ཉིད་དང་ཞུ་བྱེད་ཀྱི་ལོ་ཙཱ་བ་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་དགེ་སློང་རྨ་དགེ་བའི་བློ་གྲོས་ཀྱིས། རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཅིང་ཚིག་དང་དོན་གྱི་ཆ་རྣམས་པཎྜི་ཏ་ལ་ལེགས་པར་ཞུས་ཏེ་དག་པར་བགྱིས་ནས་ནོར་འཁྲུལ་མེད་པར་གཏན་ལ་ཕབ་པའོ།། །།ཞེས་པ་སྟེ། དེ་ལ་སྤྱིལ་བུ་བའི་ཞལ་ནས། འདིའི་ཚིག་རྡོག་པོ་ཁ་ཅིག་པོ་དེ་ལ་མི་ཟིན་པ་དང་མི་ཤེས་པ་ཙམ་ཡང་མེད་པས་ཐམས་ཅད་ཀྱིས་མ་བསྙེལ་བ་ཞིག་མཛད་པར་ཞུ། མ་བསྙེལ་བ་ཙམ་གྱིས་མི་ཆོག་དུས་ཐམས་ཅད་དུ་སྒོམ་པའམ་ཉམས་སུ་ལེན་པ་ཞིག་དགོས་གསུངས། དེ་ལྟར་སྐྱེས་བུས་མངོན་མཐོའི་རྟེན་ལས་ནི། །ངེས་ལེགས་བྱང་ཆུབ་སྒྲུབ་པར་བྱེད་པ་ཡི། །ལམ་རབ་སྣང་བྱེད་ལམ་གྱི་སྒྲོན་མའི་ཚུལ། །གཞུང་མཛད་མར་མེ་མཛད་དཔལ་རང་ཉིད་ཀྱིས། །གངས་ཅན་བསྟན་པའི་སྲོག་ཤིང་འབྲོམ་སྟོན་རྗེ། །མཚན་དང་དོན་མཐུན་རྒྱལ་བའི་འབྱུང་གནས་ལ། །ལེགས་པར་བཤད་པའི་ལེགས་བཤད་རིན་ཆེན་མཆོག །མཁྱེན་རབ་གསལ་བས་ཐུགས་ཆུད་པུ་ཏོ་བས། །ཇི་སྐད་གདམས་བཞིན་སྦྱངས་པའི་ཡོན་ཏན་གྱིས། །མཁས་དང་གྲུབ་པའི་གཙོར་གྲགས་ཤ་ར་བའི། །གསུང་སྒྲོས་ལས་བྱུང་ཡོངས་ཀྱི་དགེ་བའི་བཤེས། །དཀོན་མཆོག་འབངས་དེའི་དྲིན་ལས་ཕྱོགས་ཙམ་ཞིག །མཐོང་བར་གྱུར་གང་དེ་འདིར་བཀོད་པ་ཡི། །དགེ་བས་རྒྱལ་བའི་བསྟན་པ་རིང་གནས་ཤིང༌། །འགྲོ་ཀུན་བྱང་ཆུབ་ལམ་བཟང་འདིར་ཞུགས་ནས། །རྡོ་རྗེའི་གདན་པོར་མྱུར་དུ་འཚང་རྒྱ་ཤོག །བདག་ཀྱང་སྐྱེ་ནས་སྐྱེ་བ་བྱང་ཆུབ་བར། །ཇོ་བོ་ཡབ་སྲས་གདམས་པའི་ཆོས་ཚུལ་དང༌། །ནམ་ཡང་མི་འབྲལ་དེ་ཉིད་སྟོན་པ་ཡི། །དགེ་བའི་བཤེས་ཀྱི་མགོན་དང་བཅས་གྱུར་ཅིག །གལ་ཏེ་གཞུང་དང་འགྲེལ་བའི་ཚིག་དོན་དག །ཇི་བཞིན་མ་རྟོགས་དབང་གིས་སྡེབ་ལེགས་སུ། །རྩོམ་པར་མ་ནུས་ལ་སོགས་ཉེས་པའི་ཆ། །མཆིས་ན་མི་འཆབ་མཁས་པའི་ཚོགས་ལ་འཆགས། །ཞེས་ཤར་ཕྱོགས་མདོ་ཁམས་ཀྱི་སའི་སྐྱེ་དགུའི་འདྲེན་པ་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་པའི་གསུང་གིས་རིང་མོ་ནས་བསྐུལ་བའི་བཞེད་པ་བསྐང་བ་དང༌། དམ་པའི་ཆོས་ཀྱི་ཚུལ་འདི་ལ་མོས་པའི་སྐྱེ་བོ་གཞན་ལའང་ཕན་པར་འདོད་པའི་བློས། མཆོག་གི་དཔལ་ལྡན་བླ་མ་ཞྭ་དམར་ཅོད་པན་འཛིན་པ་ལྔ་པ་རྒྱལ་བ་ཐམས་ཅད་མཁྱེན་པ་དཔལ་དཀོན་མཆོག་ཤཱཀྱ་མཆོག་གི་གཙོ་བོའི་འབངས་རབ་ཏུ་ཚེས་པའི་ཞལ་སྔ་ནས་ཀྱི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་བཙུན་པ་ཆོས་སྨྲ་བ་གྲགས་པ་དོན་གྲུབ་ངག་གི་དབང་ཕྱུག་རྡོ་རྗེ་སྙིང་པོ་དགའ་བའི་ཕྲེང་བ་ཞེས་བྱ་བས་ཡི་གེར་བགྱིས་པ་སྐྱེ་དགུ་ཐམས་ཅད་ལ་དགེ་བར་གྱུར་ཅིག སརྦ་མངྒལཾ། །

འདིའི་གཞུང་གི་དཔེ་རྣམས་ལ་ཚིག་ཟུར་འདྲ་མིན་འདུག་པ་དགེ་བའི་བཤེས་གཉེན་ཤ་ར་བ་ཆེན་པོའི་གསུང་ལ་དངོས་ཀྱི་སློབ་མ་དག་གིས་ཟིན་བྲིས་སུ་མཛད་པའི་འགྲེལ་བ་དང་མཐུན་པར་བཀོད་པའོ།། མངྒལཾ།། །