Nitartha Digital Library
Tibetan
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །


   
   
   
  collapse section
གཉིས་པ། བྱང་ཆུབ་ལམ་གྱི་སྒྲོན་མ་འདི་ཇོ་བོས་ཇི་ལྟར་མཛད་པའི་ཚུལ་ལས་བརྩམས་ཏེ་དམ་པའི་ཆོས་ཀྱི་བྱུང་ཚུལ།
   
   
   
   
   
  expand section
   


 
previousགཉིས་པ། བྱང་ཆུབ་ལམ་གྱི་སྒྲོན་མ་འདི་ཇོ་བོས་ཇི་ལྟར་མཛད་པའི་ཚུལ་ལས་བརྩམས་ཏེ་དམ་པའི་ཆོས་ཀྱི་བྱུང་ཚུལ། next

གཉིས་པ། བྱང་ཆུབ་ལམ་གྱི་སྒྲོན་མ་འདི་ཇོ་བོས་ཇི་ལྟར་མཛད་པའི་ཚུལ་ལས་བརྩམས་ཏེ་དམ་པའི་ཆོས་ཀྱི་བྱུང་ཚུལ།

སངས་རྒྱས་ཀྱིས་བསྟན་པའི་ཆོས་ཐམས་ཅད་ཀྱི་སྙིང་པོ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དེ་ཉིད་བརྗོད་བྱར་སྟོན་པའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མ་འདི་ཇོ་བོས་ཇི་ལྟར་མཛད་པའི་ཚུལ་ལས་བརྩམས་ཏེ་དམ་པའི་ཆོས་ཀྱི་བྱུང་ཚུལ་བཤད་པ་ལ། དེ་ལ་སྟོན་པ་སངས་རྒྱས་འཇིག་རྟེན་དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ། བཀའ་བསྡུ་དང་བསྟན་པ་གནས་ཚད་ཀྱི་རྣམ་གཞག བོད་དུ་བསྟན་པ་བྱུང་ཚུལ། ཇོ་བོས་གཞུང་འདི་ཇི་ལྟར་མཛད་པའི་ཚུལ་དང་བཞི།

གཅིག སྟོན་པ་སངས་རྒྱས་འཇིག་རྟེན་དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ།

ཤ་ར་བ་ཆེན་པོའི་གསུང་ལས། འོ་སྐོལ་གྱིས་ཁྱིམ་མཚེས་ཀྱི་བུ་མོ་བྱད་མི་མཚར་དུ་བྱས་ནས་ཐུགས་རྗེ་ཆེ་བ་རང་དུ་མི་བྱེད་པ་མེད་པ་རང་གི་ངོ་བོ་ལ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ཁོ་ན་ཐུགས་རྗེ་ཆེ་བ་ལགས་པར་གདའ་སྟེ། བུདྡྷ་སྟོང་པོ་གཞན་ཐམས་ཅད་ཀྱིས་བདག་ཞིང་ཁམས་ཡོངས་སུ་དག་པར་སེམས་ཅན་ཡོངས་སུ་སྨིན་པ་རྣམས་འདུལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ། བཅོམ་ལྡན་འདས་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་པའི་དུས་ན། ཕྱི་ཐ་ལ་ཁྱོད་རྣམས་ཐམས་ཅད་ཀྱིས་སྤངས་པའི་ཞིང་ཁམས་སུ་ཁྱོད་རྣམས་ཐམས་ཅད་ཀྱིས་སྙིགས་པའི་སེམས་ཅན་རྣམས་འདུལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་མཆེད་ཟླ་དེ་རྣམས་ཐམས་ཅད་ཐུགས་རྗེ་ལ་རྔེའུ་ལངས་པའམ་འགྲམ་ཆུ་ལངས་པ་བཞིན་དུ་གྱུར་ནས་སྤྱན་ཆབ་བྱུང་བའང་བཞུགས། དེ་ནས་བརྩོན་འགྲུས་ཀྱང་བླ་ལྷག་ཏུ་ཆེ་བས་བཅོམ་ལྡན་འདས་བྱམས་པ་བསྐལ་པ་བཅུ་གཉིས་ཀྱིས་ཐུགས་བསྐྱེད་པ་སྔ་བ་ལགས་པར་གདའ། ཐུགས་རྗེ་དང་བརྩོན་འགྲུས་མཚུངས་ལྡན་དུ་སོང་བས་བསྐལ་པ་བཅུ་གཉིས་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྔོན་དུ་སངས་རྒྱས་པ་ལགས་པར་གདའ། དེ་ལྟར་བཅོམ་ལྡན་འདས་ཀྱིས་སྔོན་གྱི་སྨོན་ལམ་གྲུབ་པས་སྐྱེ་དགུ་ཚེ་ལོ་བརྒྱ་པའི་དུས་སུ། ཞིང་ཁམས་ཀྱང་མ་དག་པ། སེམས་ཅན་ཡང་མ་སྨིན་པ། སྙིགས་མ་ལྔ་བདོ་བའི་དུས་སུ་མངོན་པར་རྫོགས་པར་སངས་རྒྱས། ཞིང་ཁམས་ཡོངས་སུ་མ་དག་པས་ཚེར་མ་དང་གཡང་ས་དང་སྡོང་དུམ་གྱོ་མོ་ལ་སོགས་པས་གང་ནས་ཡོད། ཞིང་ཁམས་དག་པ་ཀུན་ན་ས་གཞི་ཐམས་ཅད་ཀྱང་ཤེལ་དང༌། བཻཌཱུརྻའི་རང་བཞིན་དུ་ཡོད་པར་གསུངས། དུས་ཀྱང་ཚེ་དང༌། ལྟ་བ་དང༌། ཉོན་མོངས་དང༌། སེམས་ཅན་དང༌། དུས་ཀྱི་སྙིགས་དང་སྙིགས་མ་ལྔ་བདོ་བའི་དུས། ཞིང་ཁམས་དག་པ་ཀུན་ན་ངན་སོང་དང་བུད་མེད་དང་ཉན་ཐོས་དང་རང་བུདྡྷ་དང༌། ཐེག་པ་གསུམ་དང༌། ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒྲ་ཙམ་ཡང་མི་གྲགས་པར་ལམ་བདེ་བ་འཇུག་པ་བདེ་བ་ཐེག་པ་བདེ་བ་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ལམ་ཉག་གཅིག་ལ་སློབ་པ་ལགས་པར་གདའ། སེམས་ཅན་ཡང་ས་ཐོབ་པ་ཡན་ཆད་ཀྱི་བོདྷི་ས་ཏྭར་ཡོངས་སུ་སྨིན་པ་ཤ་སྟག་ཡོད་པ་ལགས་པར་གདའ། དེ་ལ་འོ་སྐོལ་གྱི་འདི་ལྟ་བཅོམ་ལྡན་འདས་ཀྱི་སྨོན་ལམ་གྲུབ་པའི་དབང་དུ་ལགས་ཏེ། སྤྱིར་སེམས་ཅན་གྱི་རྒྱུད་དང་སྣང་བ་དག་མ་དག་ཡིན། བདེ་བ་ཅན་པ་འོ་སྐོལ་གྱི་འདིར་བྱོན་པ་ཡིན་ཡང་ཁོང་རང་གི་བདེ་བ་ཅན་པ་ཉིད་ཀྱི་སྣང་བ་ཡོད་པ་ཡིན། འོ་སྐོལ་བདེ་བ་ཅན་དུ་བསྐྱལ་ནས་བཞག་ཀྱང་གྲམ་སྒང་འདི་རང་གི་སྣང་བ་ཡོང་བ་ཡིན། སྣང་བ་དག་ན། དག་པ་རྣམས་ཀྱི་མཐོང་བ་དག །སངས་རྒྱས་གཟིགས་པ་རྣམ་དག་ཕྱིར། །བུདྡྷ་ཞིང་ཡང་རྣམ་པར་དག །གསུངས་པ་བཞིན་དུ་ལགས། ཞེས་འབྱུང་བ་ལྟར་འཕགས་པ་བསྐལ་པ་བཟང་པོ་པའི་མདོ་ལས་སྤྱིར་བསྐལ་པ་འདི་ལ་སངས་རྒྱས་སྟོང་འབྱུང་བར་གསུངས་པའི་བཞི་པ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐུགས་རྗེ་མཆོག་ཏུ་ཆེ་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དེས། དང་པོ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་པ་གསུམ་མམ། སུམ་ཅུ་རྩ་གསུམ་མམ་དུས་ཐུག་པ་མེད་པར་ཚོགས་བསགས། ཐ་མར་སྔོན་གྱི་སྨོན་ལམ་བཞིན་བསྐལ་པ་བཟང་པོ་འདིའི་སྐྱེ་དགུ་རྣམས་མར་འགྲིབ་ཀྱི་ཚེ་ལོ་བརྒྱ་པའི་དུས་སྙིགས་མ་ལྔ་དང་ལྡན་པའི་ཚེ་ཤཱཀྱའི་རིགས་སུ་སྐུ་བལྟམས་ཤིང་སའི་སྙིང་པོ་རྡོ་རྗེའི་གདན་གྱི་སྤོ་ལ་བཞུགས་ཏེ་སྲོད་ལ་བདུད་བྱེ་བ་དུང་ཕྱུར་བྱམས་པའི་ཏིང་ངེ་འཛིན་གྱིས་བཏུལ་ནས་ཐོ་རངས་ཟག་པ་མེད་པའི་ཡེ་ཤེས་མངོན་དུ་མཛད་དེ་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བ་ཡང་ཤ་ར་བ་ཉིད་ཀྱི་ཞལ་ནས་ཐེག་པ་ཐུན་མོང་གི་དབང་དུ་བྱས་ན། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་དམ་པའི་ཆོས་དཀོན་པར་བསྟན་པ་དང་གཅེས་སྤྲས་སུ་བྱ་བའི་ཆེད་དུ་ཞག་བཞི་བཅུ་རྩ་དགུའི་བར་ཆོས་མ་གསུངས་པར་བསྐུལ་བའི་ས་ལ་བཞེས་ཏེ་བཞུགས་པ་ལ་བསྐལ་པ་བཟང་པོ་འདིའི་སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་པོར་སྨོན་ལམ་བཏབ་པ་ཚངས་པ་མི་མཇེད་ཀྱི་བདག་པོས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས་གསོལ་བ་བཏབ་པས་བཅོམ་ལྡན་འདས་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་གཤེགས་ནས་ལྔ་སྡེ་བཟང་པོ་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ལན་གསུམ་རྣམ་པ་བཅུ་གཉིས་ཀྱི་ཚུལ་དུ་བསྐོར་ཏེ། དེ་ལྟར་ལྔ་སྡེ་བཟང་པོ་ལ་དམ་པའི་ཆོས་ཐོག་མར་སྟོན་པའི་རྒྱུ་མཚན་ཡང་བཅོམ་ལྡན་འདས་རྒྱལ་པོ་བྱམས་པའི་སྟོབས་སུ་གྱུར་ཙ་ན་ལྔ་སྡེ་བཟང་པོ་གནོད་སྦྱིན་ལྔར་གྱུར་པས་བསམ་པ་ངན་པས་བགྲོངས་པའི་བསམ་པས་སྐུ་ཤ་དང་སྐུ་ཁྲག་བླངས་པ་དང་དེ་གནང་བས་ཁོང་ཚིམས་ནས། བདག་ཅག་གིས་ཁྱེད་འོ་བརྒྱལ་བར་བྱས་པས་བཟོད་པར་མཛོད་ཅིག གཞན་ཡང་བློན་པོ་དག་ལ་བག་ཕབ་ནས་བཀའ་ཇི་ལྟར་སྩོལ་བ་བཞིན་དུ་བདག་ཅག་ལ་ཡང་བཀའ་སྩལ་དུ་གསོལ། ཁྱེད་ཀྱིས་བདུད་རྩི་བརྙེས་ཙ་ན་བདག་ཅག་རྣམས་ལ་ཡང་བགོ་བར་ཞུ་བྱས་པའི་ལན་དུ་ང་ལ་གནོད་པ་ཡིན་ན་མི་བཟོད་པ་ཡིན་པ་ལས། འདི་ནི་ང་ལ་ཕན་པ་ཡིན་གྱི་གནོད་པ་མ་ཡིན་པས་མི་བཟོད་དུ་དོགས་པ་མ་བྱེད་ཅིག གཞན་ཡང༌། ང་ནི་དེ་ལ་དགའ་བར་ཤེས་གྱིས་ལ། །ཁྱོད་ཀྱིས་སྲོག་གཅོད་དུག་བཞིན་སྤང་བར་འོས། །གཞན་ནོར་ཆུང་མ་དག་ལ་ཆགས་པ་དང༌། །བརྫུན་དུ་སྨྲ་དང་ཆང་ལ་དགའ་བ་སྤོངས། །གསུངས་ནས་དགེ་བསྙེན་གྱི་གཏན་ཁྲིམས་ལྔ་ཕོག ད་ལྟ་སྡོམ་པ་འབོགས་པ་པོའང་དགེ་སློང་ཞིག་དགོས་པར་གསུངས་ཏེ། འདིར་རྒྱལ་པོ་ཁྱིམ་པ་ཞིག་གིས་ཕོག སྔོན་ཞང་སེངྒེ་རྒྱལ་མཚན་ལ་གཅིག་བསྙེན་གནས་ཞུར་བྱུང་བ་ལས་ཆོ་གའི་ཡི་གེ་ཁྱེར་ལ་ཤོག་གསུངས་ནས། ཡེ་གེ་འདི་ན་བཙུན་པ་དགོངས་སུ་གསོལ་ཟེར་བ་སྣང༌། དགེ་བསྙེན་དགོངས་སུ་གསོལ་མི་ཟེར། ངས་མི་ཡོང་བར་སྣང་གསུངས་སྐད་དེ། དགེ་བསྙེན་དང་དགེ་ཚུལ་གྱིས་དགེ་སློང་ཡེ་མེད་པའི་ས་མིན་པ་ཡོད་པའི་སར་སྡོམ་པ་འབོགས་པ་བྱར་ཡེ་མི་རུང༌། དེ་ནས་འཕགས་པ་ཐོགས་མེད་ཀྱིས་སྐྱེ་བ་བརྗོད་པ་ལན་གཅིག་གིས་ཀྱང་སྐྱེ་སྟེ་ངེས་པར་བྱ་བའི་ཆེད་དུ་བརྗོད་པ་ལན་གསུམ་བྱ་བར་གསུངས་པ་ལས། འདིར་བརྗོད་པ་ལན་གཅིག་གིས་སྐྱེས་པར་གསུངས། མི་མ་ཡིན་པ་ལ་ཡང་འདིར་སོ་སོར་ཐར་པའི་སྡོམ་པ་སྐྱེས་པར་གསུངས། དེ་ནས་ཞུ་བ་གསུམ་པའི་ལན་དུ། རྒྱུ་ཡི་དུས་སུ་འདི་འདྲའི་ཕན་བཏགས་པ། །འབྲས་བུའི་དུས་སུ་བརྗེད་པར་ག་ལ་འགྱུར། །རྣམ་པར་ཐར་པའི་ཆོས་ཀྱི་བདུད་རྩི་འདི། །ཐོག་མ་ཉིད་དུ་ཁྱེད་ཅག་ཉིད་ལ་བགོ །ཞེས་ཞལ་གྱིས་བཞེས་པ་ཡིན་པར་གསུངས། དེ་ནས་གནས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་སོགས་པར་མཚན་མ་མེད་པའི་ཆོས་ཀྱི་འཁོར་ལོ་དང༌། ངེས་པའི་དོན་གྱི་ཆོས་ཀྱི་འཁོར་ལོ་རྣམས་རིམ་གྱིས་བསྐོར་བར་བཤད། ཐེག་པ་ཆེན་པོའི་དབང་དུ་བྱས་ན་དང་པོ་ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་བཞུགས་པའི་དུས་ཉིད་དུ་ཡང་ལྷ་མ་སྲིན་སྡེ་བརྒྱད་ཀྱི་གཙོ་བོ་རྣམས་ལ་ཤིན་ཏུ་རྒྱས་པའི་སྡེ་སྣོད་དཔག་ཏུ་མེད་པ་གསུངས་པར་བཤད་པའང་ཡོད་གསུངས།

གཉིས། བཀའ་བསྡུ་དང་བསྟན་པ་གནས་ཚད་ཀྱི་རྣམ་གཞག

བཅོམ་ལྡན་འདས་དེ་སངས་རྒྱས་ཀྱི་མཛད་པ་མཐར་ཕྱིན་ནས་དགོངས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་རྗེས་སུ་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་བཀའ་ལན་གསུམ་གྱི་བར་དུ་བསྡུས་པ་ལས། ཐེག་པ་ཐུན་མོང་གི་དབང་དུ་བྱས་ན་བཀའ་བསྡུ་དང་པོ་འཕགས་པ་འོད་སྲུངས་དང་ཀུན་དགའ་བོ་དང་ཉེ་བར་འཁོར་གསུམ་གྱིས་མཛད་པ་དང༌། ཐེག་པ་ཆེན་པོའི་དབང་དུ་བྱས་ན་བཅོམ་ལྡན་འདས་རིགས་གསུམ་མགོན་པོ་དང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཀུན་གྱིས་བསྡུས་པར་ཡང་བཞེད་དེ། དེ་ལྟར་སངས་རྒྱས་འཇིག་རྟེན་དུ་བྱོན་ནས་དམ་པའི་ཆོས་བསྟན་པའི་བསྟན་པ་དེ་ཡང་སྤྱིར་འབྲས་བུའི་དུས་ལ་ལོ་ལྔ་བརྒྱ་པ་ཕྲག་གསུམ། དེ་བཞིན་དུ་སྒྲུབ་པ་དང་ལུང་གི་དུས་གཉིས་ལ་ཡང་ལྔ་བརྒྱ་པ་ཕྲག་གསུམ་རེ། རྟགས་ཙམ་འཛིན་པའི་དུས་ལ་ལྔ་བརྒྱ་པ་ཕྲག་གཅིག་དང་ལྔ་བརྒྱ་པ་ཕྲག་བཅུར་གནས་པར་གསུངས་པ་ལས། གང་ཟག་གི་བློའི་འཕེལ་འགྲིབ་ལ་བརྟེན་ནས་བསྟན་པའི་འཕེལ་འགྲིབ་མང་པོ་རྒྱ་གར་ཉིད་དུ་ཡང་བྱུང་བར་གདའ། སངས་རྒྱས་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་པར་རུང་བ་མ་ཡིན་པའི་གཞི་བཅུ་ཀུན་ཡང་བྱུང་བར་གསུངས། བསྟན་པའི་འཕེལ་འགྲིབ་ལ་བརྟེན་ནས་ཐེག་པ་ཆེན་པོའི་མདོ་རྣམས་ཀླུས་སྤྱན་དྲངས། དུས་ཕྱིས་སློབ་དཔོན་གྱིས་དེ་ནས་སྤྱན་དྲངས་པས་ཐེག་པ་ཆེན་པོ་བཀར་མི་འདོད་པ་དག་དགེ་སློང་ཀླུ་སྒྲུབ་ཅེས་པ་སྒྲའི་སྡེབ་སྦྱོར་དང་སྙན་ངག་ལ་མཁས་པ་ཞིག་གིས་རང་བཟོར་སྦྱར་བ་ཡིན་ནོ་ཞེས་ཟེར་བ་ཡང་བྱུང་ཞེས་ཤ་ར་བ་ཆེན་པོས་གསུངས་སོ། །

གསུམ། བོད་དུ་བསྟན་པ་བྱུང་ཚུལ།

པུ་ཏོ་བའི་ཞལ་ནས། རྒྱ་གར་དུ་གྲོང་ཁྱེར་དྲུག་གི་ས་སྐོར་དུ་བཅོམ་ལྡན་འདས་ལྷ་མ་སྲིན་སྡེ་བརྒྱད་ཀྱི་འཁོར་དང་བཅས་པས་འར་ཡ་འུར་ཡ་དེ་ཙམ་ཞིག་མཛད་པ་ལ། འོ་ཅག་ལ་དེ་ལྟ་བུ་བྱུང་བྱུང་རང་ཡང་མི་འདྲ་བ་འདི་ཁོ་ན་ཡི་རེ་མུག་གསུངས་པ་བཞིན་དུ་ཤ་ར་བའི་ཞལ་ནས་ཀྱང༌། བསྟན་པའི་སྙིང་པོ་ལྟ་བུ་འབྲས་བུ་དང་སྒྲུབ་པའི་དུས་ཀུན་ཏུ་བོད་དུ་བསྟན་པ་མ་བྱོན། མ་དྲོས་པའི་མཚོ་འགྲམ་དུ་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་པ་བྱོན་ནས་ལས་ཀྱི་རྒྱུ་བ་ལུང་བསྟན་པ་དང༌། ཀླུའི་རྒྱལ་པོ་དེས་བཅོམ་ལྡན་འདས་སྤྱན་དྲངས་ནས་དེས་ཞུས་པའི་མདོ་སྡེ་གསུངས། མ་དྲོས་པ་ད་ལྟ་མ་ཕམ་དུ་གྲགས་པ་དེ་ཡིན་པར་གདའ། དེའི་ཕྱོགས་བཞི་ནས་ཆུ་བོ་བཞི་འབབ། གངྒཱའི་མགོ་ཅི་ནས་ཀྱང་དེ་ལ་ཟུག་ནས་ཡོད་པར་གདའ་སྟེ་དེ་ཀུན་ཙ་ན་ཡང་སངས་རྒྱས་ཀྱི་བསྟན་པ་བོད་དུ་རྒྱས་པར་མ་གྱུར་གསུངས་པས་དང་པོ་འབྲས་བུའི་དུས་དང་གཉིས་པ་སྒྲུབ་པའི་དུས་ཀུན་ན་བོད་འདིར་སངས་རྒྱས་ཀྱི་བསྟན་པ་མ་བྱོན། འོ་ན་དུས་ནམ་གྱི་ཚེ་བོད་འདིར་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་དུ་དར་བར་གྱུར་ཅཻ་ན། ཤ་ར་བ་ཉིད་ཀྱི་ཞལ་ནས། དེ་ལ་བཅོམ་ལྡན་འདས་ཀྱི་བསྟན་པ་ལྔ་བརྒྱ་པ་ཕྲག་བཅུ་གནས་པ་ལ། འབྲས་བུའི་དུས་ལ་གསུམ། སྒྲུབ་པའི་དུས་ལ་གསུམ། ལུང་གི་དུས་ལ་གསུམ། རྟགས་ཙམ་འཛིན་པའི་དུས་ལ་གཅིག་ལགས་པར་གདའ་བ་ལས། འོ་སྐོལ་བོད་ལ་སྒྲུབ་པའི་ཕྱི་ཐ་ལ་གདོད་བྱུང་བ་ལགས་པར་གདའ་སྟེ། དེ་ཡང་འོ་སྐོལ་བོད་ལ་ཆོས་མ་བྱོན་པའི་གོང་དུ་ཚེ་འདི་དང་ཕྱི་མས་བསྡུས་པའི་དོན་ལ་རྨོངས་པའི་མུན་པ་ཆེན་པོས་གཏིབས་ནས་ཟ་འཐུང་ཤེས་ཙམ་དུད་འགྲོ་དང་ཁྱད་པར་མེད་པར་འདུག་པའི་དུས་སུ། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས། མེས་སྲོང་བཙན་སྒམ་པོའི་སྐུ་རིང་ལ་སྲོལ་བཏོད། ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་དར་ཞིང་རྒྱས་པར་མཛད། མངའ་བདག་རལ་པ་ཅན་གྱི་སྐུ་རིང་ལ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པས་རྒྱལ་པོ་མེས་དབོན་འོ་སྐོལ་བོད་ལ་བཀའ་དྲིན་ཆེ་ཟེར་བ་ཡང་དེ་ཙུག་ལགས་གསུངས་པ་ལྟར་འབྲས་བུ་དང་སྒྲུབ་པའི་དུས་ཀྱི་ལྔ་བརྒྱ་པ་སྔ་མ་གཉིས་འདས་པའི་རྗེས་ནས་གདོད་བོད་འདིར་སངས་རྒྱས་ཀྱི་བསྟན་པ་བྱོན་ཏེ། དེ་ཡང་དང་པོ་རྗེ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་རིང་ལ་ཟ་མ་ཏོག་བཀོད་པའི་མདོ་སྡེ་ལ་སོགས་པ་ཉུང་ཤས་ཤིག་འོད་དང་སྒྲ་དང་བཅས་པར་དེའི་ཁབ་ཏུ་བྱོན། གཉན་པོ་གསང་བ་ཞེས་བོན་གྱི་ཐ་སྙད་ཀྱིས་བཏགས་ནས་གསེར་གྱི་སྐྱེམས་དང་གཡུའི་སྔོན་གྱིས་མཆོད་པ་བྱས་པས་དེའི་བྱིན་བརླབས་ཀྱིས་རྒྱལ་པོ་དེ་བགྲེས་པོ་ལས་གཞོན་ནུ་ཟུར་ཕུད་ཅན་ཞིག་ཏུ་གྱུར་ཏེ། དེ་ནས་ཡང་སྐུ་ཚེ་གཏུགས་པའི་བར་དུ་བཞུགས། དེ་ལ་ཤ་ར་བའི་ཞལ་ནས། དེ་ཀུན་ཡང་རང་ཅག་ལ་ཡིད་ཆེས་པ་བསྐྱེད་པའི་ཐབས་ཁོ་ན་ཡིན། རྒྱལ་པོ་དེ་ཀུན་ཏ་ས་བཅུའི་བྱང་ཆུབ་སེམས་དཔའ་ཡིན་པར་ཡང་གསུངས་གསུངས། དེ་ནས་རྒྱལ་པོ་དེ་འདའ་བའི་དུས་ན་ཞལ་ཆེམས་སུ་ང་རྒས་པ་ལས་གཞོན་ནུར་གྱུར་ནས་སྐྱེ་བ་གཅིག་ལ་མི་ཚེ་གཉིས་སུ་བསྡད་དུ་བྱུང་བ་ཡང་གཉན་པོ་གསང་བ་ལ་མངོན་མཆོད་བྱས་པའི་བྱིན་བརླབས་ཡིན་པས། ད་ཕྱིན་ཆད་ཀྱང་འདི་ལ་མཆོད་པ་བྱས་ན་བདེ་ལེགས་ཐམས་ཅད་འབྱུང༌། མི་བདེ་བ་དང་བཀྲ་མི་ཤིས་པ་བྱུང་ན་ཡང་འདི་ལ་མཆོད་པ་དང་གསོལ་བ་གདབ་པ་བྱས་ན་བཟློག་སྟེ་ཡོང༌། མི་རབས་ལྔ་ཙམ་ན་འདིའི་དོན་གོ་བར་ཡང་ཡོང་གི་བྱ་བ་གསུངས། དེ་ནས་མི་རབས་དེ་ཙམ་ན་མེས་སྲོང་བཙན་བྱུང་སྟེ་རྒྱ་གར་གྱི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར། དེ་ཡང་དང་པོ་ཆོས་ལ་མ་ཚད་པར་ལུང་ཆོས་སྒྲུང་དང་རིགས་པའི་ཆོས་ལྡེབས་དག་ལ་ཚད་ཟེར་ཏེ། ཤ་ར་བའི་ཞལ་ནས། དེ་ཀུན་ཡང་མན་ངག་ཡིན་གསུངས། ཚད་པས་བསྒྱུར་དུ་བཏུབ་པར་དགོངས་ནས་ཆོས་བསྒྱུར། དོན་གྱི་གོ་བ་ཡང་སྐྱེས་པས་རྒྱལ་པོའི་བཀའ་ཁྲིམས་ལ་བརྟེན་ནས་རྒྱལ་འབངས་རྣམས་དགེ་བ་བཅུ་ལ་བཀོད་པས་ཆར་ཆུ་དུས་སུ་བབ་ཅིང་ལོ་ཐོག་དུས་སུ་སྨིན། མི་ནད་དང་ཕྱུགས་ནད་རྒྱུན་ཆད་པ་ལ་སོགས་པའི་བདེ་ལེགས་ཐམས་ཅད་བྱུང༌། དེ་ནས་ཡང་མི་རབས་ལྔ་ཙམ་ན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བྱོན་ཏེ་དེའི་སྐུ་རིང་ལ་འཛམ་བུ་གླིང་ཐམས་ཅད་མངར་འདུས་པ་ལྟ་བུ་ཞིག་བྱུང༌། རྒྱལ་པོ་འདི་དགུང་ལོ་བཅུ་གསུམ་པ་ཞིག་གིས་རྒྱལ་སྲིད་བཞེས། རྒྱ་གར་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་མཁན་པོ་བོ་དྷི་ས་ཏྭ་ཞི་བ་འཚོ་སྤྱན་དྲངས་ནས་འབངས་སད་མི་བདུན་ལ་རབ་བྱུང་ཚད་པས་བཏུབ་པར་བྱུང་བས། ཞབས་ཀྱི་ཆགས་འོག་ནས་རྡེའུ་ཕྱུང་ནས་དབུའི་མཆོད་གནས་སུ་བྱས་ཏེ། དགེ་འདུན་དེ་ནས་གཟོད་བྱུང་བ་ཡིན་ཏེ། དེ་ལ་པུ་ཏོ་བའི་ཞལ་ནས། རང་ཅག་ཕོར་རེ་སྟེ། རང་ཅག་མིའི་འགྲོ་བ་པ་ཡིན་པ་ལ་རབ་ཏུ་འབྱུང་བཏུབ་མི་བཏུབ་ཚང་བ་ཡིན། བཏུབ་བྱས་ཀྱང་ཅི་བཏུབ་ནས་སྐྲ་བཞར་བ་དང་གོས་ཁ་དོག་བསྒྱུར་དུ་བཏུབ་པ་ཙམ་ཞིག་ཡིན་གསུངས། ཤ་ར་བའི་ཞལ་ནས། དེ་ཙམ་གྱི་དུས་ན་ཏ་ལྷ་མི་ཉིད་དུ་འདུག་པའི་སྦ་མང་པོ། རྗེ་གསལ་སྣང་ལྟ་བུ་ལ་སོགས་པ་ལ་ཚང་པས་སྦ་ཡེ་ཤེས་དབང་པོ་ཟེར་བཏུབ་ཉིད་ཀྱང་བྱུང་བར་སྣང་སྟེ། ངན་མར་གྱི་ཀུན་ལ་མཛེས་ཀྱང་གཅིག་མཛེས་པ་ལ་ཟེར་བའི་ཚོད་ཀ་ལས་ཅི་ཡང་བཏུབ་པ་མེད་གསུངས། རྒྱལ་པོ་འདི་དང་སྦ་ཡེ་ཤེས་དབང་པོ་དང་སློབ་དཔོན་བོདྷི་ས་ཏྭ་གསུམ་བཅོམ་ལྡན་འདས་འོད་བསྲུངས་ཀྱི་བསྟན་པ་ལ་གཙུག་ལག་ཁང་གི་བརྒྱན་བསྲུངས་སུ་གྱུར་པའི་དུས་ན་འོ་ཅག་གསུམ་བྲམ་ཟེའི་ཁྱེའུ་བླ་མ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ན་གདོང་དམར་གྱི་ཡུལ་དུ་བསྟན་པ་སྤེལ་ལོ་གསུངས། ཕྱིས་སློབ་དཔོན་གྱིས་རྒྱལ་པོ་ལ་སྔོན་གྱི་ཐུགས་དམ་བཞེས་པ་མ་བསྙེལ་ལམ་གསུངས་པ་ལ། དར་ཅིག་སྐྱེ་བ་མ་དགོངས་ནས་ཏུ་རེ་བཞུགས། དེ་ནས་ཐུགས་ཀྱིས་སྐྱེ་བ་དགོངས་ནས་དབུ་ཅོག་མཛད་སྐད། རྒྱལ་པོ་མེས་དབོན་དེ་གསུམ་ཡང་ཆོས་ཀྱི་མེས་དབོན་ཡིན། བར་ན་མི་རབས་ལྔ་ཙམ་ཡོད། རྒྱལ་པོ་མེས་དབོན་གསུམ་པོ་འདི་བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་སྤྲུལ་པ་ཡིན་པར་གདའ་སྟེ། རྒྱལ་པོ་སྲོང་བཙན་སྒམ་པོ་འདི་ཇོ་བོ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་ངེས་ཞེས་ཤ་ར་བས་གསུངས། དེ་ནས་མངའ་བདག་རལ་པ་ཅན་གྱི་སྐུ་རིང་ལ་ཆོས་སྔར་མ་འགྱུར་པ་མང་པོ་ཡང་བསྒྱུར། སྔར་བསྒྱུར་བའི་ཞུ་ཆེན་མ་གྲུབ་པ་ཐམས་ཅད་ལ་ཞུ་ཆེན་མཛད་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ། རྒྱལ་པོ་མེས་དབོན་དེ་རྣམས་ཀྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་བྱིན་བརླབས་ལ་བརྟེན་ནས་རྗེའི་མངའ་ཐང་ནི་དགུང་དང་མཉམ། འབངས་ཀྱི་བདེ་འཆམ་ནི་ལྷ་བས་སྐྱིད། ཤེས་རྒྱ་ཡང་ལྷོ་བལ་ཀུན་ལས་ལྷག་པ་བཞིན་དུ་གྱུར། བཀྲ་ཤིས་དང་བདེ་ལེགས་ཐམས་ཅད་བྱུང་བ་ལགས་སྐད། དེ་ལྟར་སངས་རྒྱས་ཀྱི་བསྟན་པ་དར་ནས་དགེ་འདུན་བོད་དུ་བྱུང་བ་ལ་མངའ་བདག་ཁྲི་སྲོང་གི་སྐུ་ཚེའི་སྨད། འཇིང་ཡོན་གྱི་སྐུ་ཚེ་རིལ་པོ། ཁྲི་གཙུག་ལྡེ་རལ་པ་ཅན་གྱི་སྐུ་ཚེའི་སྟོད་དེ་ལོ་བརྒྱ་ཙམ་ལས་མ་ལོན་པར་རྒྱལ་པོ་དར་མས་བསྟན་པ་བསྣུབས་ཏེ་རབ་ཏུ་བྱུང་བ་རྣམས་ལྷ་ཁང་ཀུན་ན་ཆོས་ཉན་འཕྲོ་ལ་ཀེའུ་རོག་གེ་བཞག་ནས་དབུ་རུ་གཡོ་རུའི་འཁྲུག་པ་དང༌། རྒྱལ་འཁྲུག་དག་གིས་དམག་ལ་ཁྲིད་ཅིང་ཕབ། དེའི་དུས་ན་ཕྱི་རོལ་པ་སྔགས་སུ་བཅོས་པའི་སྔགས་ཉིད་དུ་གྲགས་པ་སྦྱོར་སྒྲོལ་ལ་སོགས་པའི་ཆོས་ལོག་ཐམས་ཅད་ཀྱང་འཕེལ་བས་བཀྲ་མི་ཤིས་པ་མང་པོ་བྱུང་ཞིང་ལོངས་སྤྱོད་ཐམས་ཅད་ཀྱང་འགྲིབ་པར་གདའ་སྟེ། ཤ་ར་བའི་ཞལ་ནས་བསྟན་པ་སྙིང་དེ་ལ་གཤའ་མ་ཞིག་བྱུང་སྟེ་ནུབ་གསུངས། དུས་དེ་ཙ་ན་དབུས་པ་ཉིད་ཀྱི་གཡོ་དགེ་འབྱུང་ལ་སོགས་པའི་དགེ་སློང་གཉིས་གསུམ་ཁམས་སུ་བྱོན་པ་ལ་བླ་ཆེན་པོས་སྡོམ་པ་བཞེས་བྱ་བ་ཡང་ཟེར། འདུལ་བའི་གླེགས་བམ་ལ་བརྟེན་ནས་ཉིད་ཀྱིས་སྡོམ་པ་བཞེས། དེ་ནས་གཞན་ལ་བཀའ་དྲིན་གནང༌། དགེ་འདུན་དུ་ལོངས་ཙ་ན་དེ་ཀུན་ལས་སྡོམ་པ་བཞེས་བྱ་བ་ཡང་ཟེར་བ་ལ། ཤ་ར་བའི་ཞལ་ནས་སྔ་མ་ཉིད་ཡིན་པ་འདྲ་གསུངས། འདིས་མཛད་པའི་མདོ་མཆོད་བྱ་བ་དེ་ཀུན་ཇོ་བོས་གཟིགས་པས་ཁྱོད་བོད་ཀྱིས་འདི་ལྟ་བུ་ག་ནས་ཤེས་པ་པཎྜི་ཏས་མཛད་པ་ཞིག་སྣང་གསུངས་ནས་མཉེས་སྐད། དེ་ནས་མཁན་པོ་བླ་ཆེན་པོ་དེས་ཡང་གོང་ཡེ་ཤེས་གཡུང་དྲུང་ལ་བསྟན་པ་གཏད་ནས་ཁོ་རང་དན་ཏིག་གི་དགོན་པར་གཤེགས། ཡང་གོང་གིས་ཀྱང་དྲུམ་ཡེ་ཤེས་རྒྱལ་མཚན་ལ་བསྟན་པ་གཏད་ནས་ཁོ་རང་དམར་ཟངས་ཀྱི་བྲག་ལ་གཤེགས་ཏེ། དེ་གཉིས་ཀྱི་རིང་ལ་དགེ་འདུན་ཡང་རྒྱས་པ་ཁོ་ནར་མ་གྱུར་ཅིང་ཚོགས་ཀྱང་ཡུན་རིང་པོ་མ་བསྡུས། དྲུམ་གྱིས་ཚོགས་ཡུན་རིང་དུ་བསྡུས། དེའི་དུས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། སུམ་པ་ཡེ་ཤེས་བློ་གྲོས། འབྲིང་རྫི་དཀར་བ། ལོ་སྟོན་རྡོ་རྗེ་དབང་ཕྱུག །ཚོང་ཚོར་ཤེས་རབ་སེངྒེ་སྟེ་དབུས་གཙང་གི་མི་ལྔ་བྱོན་ནས་དྲུམ་ལ་བཀའ་དྲིན་ཞུས་ཏེ་ཡར་བྱོན་པའི་ཤུལ་ཁར་སྦ་དང་རག་ཤ་མཆེད་གཉིས་དང་མཇལ་བ་ཀླུ་མེས་ཀྱིས་མཁན་པོ་མཛད། གཞན་གྱིས་སློབ་དཔོན་དང་དགེ་འདུན་མཛད་ནས་རབ་ཏུ་བྱུང༌། རྨ་དབུས་ཉིད་དུ་ཀླུ་མེས་ཀྱིས་མཁན་པོ་མཛད་ནས་རབ་ཏུ་བྱུང༌། དེ་ནས་ཕལ་ཆེར་ཡེར་བར་སྟབས་སུ་བཞུགས་པ་ལས། ཕྱིས་ཀླུ་མེས་དང་སུམ་པ་གཉིས་ཀྱིས་སྤྱིལ་གྱི་ལྗིམ་པ་ལུང་ཟེར་བ་དེ་མཛད། སྦས་ཞྭའི་ལྷ་ཁང་བཟུང༌། རག་ཤས་ལན་པ་སྤྱིལ་བུ་བཟུང༌། ལོ་སྟོན་གྱིས་ཀྱང་གཙང་དུ་དགེ་འདུན་གྱི་སྡེ་དར་བར་བྱ་བའི་ཆེད་དུ་དཀའ་སླ་ཆེ་བའི་ཚད་མཛད། འབྲིང་གིས་ཡུན་རིང་དུ་དགོན་པ་བརྟེན། ཕྱིས་གནས་གཞི་བཟུང་ནས་མཁན་པོ་ཡང་མཛད། རྨས་ཀྱང་གནས་གཞི་དང་མཁན་པོ་མཛད་པས་དེ་རྣམས་ཀྱི་རིང་ལ་དབུས་གཙང་དུ་ཀླུ་མེས་སྦ་རག་འབྲིང་སྡེ། རྨ་ཚོ་ཟེར་བ་ལ་སོགས་པའི་དགེ་འདུན་གྱི་སྡེ་དར་བར་གྱུར། མངའ་རིས་སུ་ཡང་དེ་གོང་དུ་རྒྱལ་པོ་དེ་ཀུན་གྱིས་པཎྜི་ཏ་དང་སྤྱན་དྲངས་ཀྱིན་དགེ་འདུན་སྤེལ་བས་དེ་ཙམ་དར་བ་མ་ནུས་པ་ལས། ཇོ་བོ་དྲུམ་གྱི་སྤྱན་སྔ་ནས་ཞེ་ཀུ་མ་ར་བྱ་བ་ཞིག་བྱང་ལམ་ནས་མངའ་རིས་སུ་བཞུད་པས་དེའི་མོད་རང་ལ་དགེ་འདུན་དར་བར་གྱུར་ཏེ་མདོ་སྨད་ཀྱི་ཁམས་ནས་བསྟན་པའི་མེ་རོ་སླར་སོས་ཟེར། དེ་ནས་ཀླུ་མེས་ཆེན་པོ་དེས་མཁན་པོ་མང་དུ་མཛད་ནས་དགེ་འདུན་གྱི་སྡེ་འདུལ་བ་བཞིན་དུ་བསྐྱང་བར་བཞེད་པ་ལ་མ་བཏུབ་པས་ཐུགས་མུག་སྟེ་ད་དགེ་འདུན་གྱི་སྡེ་ཆོས་བཞིན་དུ་བསྐྱང་དུ་མི་བཏུབ་པར་སྣང༌། གང་ཟག་སོ་སོའི་བསླབ་པ་ལ་ནན་ཏན་གྱིས། རྒྱ་གར་མཐའ་འཁོབ་ཏུ་འགྲོ་གསུངས་ནས་བཞུད་པས་བཤུལ་ཁར་གཡོ་རུར་འདས། དེ་ལ་པུ་ཏོ་བའི་ཞལ་ནས། ཀླུ་མེས་ཆེན་པོ་འདྲ་བ་ལ་འཇུ་འཆང་མི་བྱེད་པ་དེ་ཀུན་ཙ་ན་མི་རྩིས་ཆུང་ངམ། ད་ལྟ་བཙུན་ཆུང་རེ་ལ་ཡང་གྲོས་འདེབས་ན་གསུངས།

བཞི། ཇོ་བོས་གཞུང་འདི་ཇི་ལྟར་མཛད་པའི་ཚུལ།

ཤ་ར་བ་དེ་དང་པོ་ཙ་ན་དུས་དེ་ཙམ་ཀུན་ན་འདུལ་བའི་ལག་ལེན་གཞུང་གསལ་པོ་ལ་བརྟེན་ནས་ངལ་ཞིང་དུབ་པའི་མཐར་ཅི་ལྷུང་ཙམ་ལས་འདོད་པ་བསོད་ཉམས་སུ་ཡེ་མ་ཤོར་བར་ཡོད་པར་འདུག་ཀྱང་གསུངས། ཕྱིས་དགེ་གོང་དུ་ལན་གཅིག དེ་ལྟར་མངའ་རིས་སྟོད་དང་དབུས་གཙང་འདིར་རབ་ཏུ་བྱུང་བ་ལྕིབས་ཀྱིས་བྱུང་བ་ལགས་པར་གདའ། དེ་ལྟར་བྱུང་ཡང་འདྲ་མི་འདྲ་སྣ་ཚོགས་པ་བྱུང༌། གཏན་ལ་ཡེ་མ་ཕེབས། དམ་པའི་ཆོས་འདུལ་བ་ཀུན་ལ་ཆང་མ་མྱོས་ཙམ་དུ་འཐུང་བའམ་གང་སྡོམ་པ་ཟེར་བ་བྱུང་བར་གདའ། དེ་བས་ཕྱིས་ཇོ་བོ་བྱོན་ནས་བྲག་རྒྱབ་པའི་བགྲེས་པོ་གཅིག་ཤེད། ཁྱོད་ཀྱིས་དཔྱད་དཔྱད་པ་ལ་དཔྱད་དུ་ཡོད་པ་ངེས་ཀྱི་རིང་ལ་ཤམ་ཐབས་རང་ཡང་གོན་ལུགས་མི་འདྲ་བ་གསུམ་བྱུང་བ་ཡིན་གསུངས་སྐད། ཅེས་ཀྱང་གསུངས་ཏེ། གང་ལྟར་ཡང་གསང་སྔགས་ལ་སྔགས་རྙིང་དང་ཨ་ཙ་ར་དམར་པོ་ཀུན་གྱི་ཆོས་ལོག་དང་འདྲེས་པའི་བཅོས་སྲུབས་མང༌། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་ཡང་མནའ་མཆན་འདྲ་བ་དང་དེལ་བརྟེན་པའི་གཞུང་བཤད་འདྲ་བ་རེ་བྱེད་ཀྱང་ལག་ལེན་ཅི་ཡང་མེད་པར་གྱུར་པ་དེ་ཀུན་ལྷ་བཙུན་པས་གསན་པས། ལྷ་བཙུན་པ་དེ་བོད་མགོ་ནག་གི་སྤྱི་རྗེ་བསྟན་པའི་མངའ་བདག་ཏུ་བཞུགས་པས་ཐུགས་མ་བདེ་ནས་གཞུང་བསྲུང་བར་བཞེད་དེ། ད་ཡོད་རྒྱ་གར་ནས་པཎྜི་ཏ་བློས་ཐུབ་ཅིག་སྤྱན་དྲངས་དགོས་དགོངས་ནས་ཕོ་ཉ་བ་མང་པོ་བཏང་བ་ལ་པཎྜི་ཏ་སྤྱན་མ་དྲོངས་པར་བང་ཆེན་ཀུན་ཤི་བའི་དུས་ན་སླར་དགེ་བཤེས་ནག་ཚོ་ལ་གསེར་སྦྲམ་བརྫངས་ནས་ཨ་ཏི་ཤ་སྤྱན་འདྲེན་དུ་བཏང་བས། ནག་ཚོའི་སློབ་དཔོན་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་དེ་རྒྱ་གར་ཉིད་དུ་བཞུགས་པས་ནང་བྱན་མཛད་ནས། བི་ཀྲ་མ་ལ་ཤཱི་ལའི་གནས་བརྟན་རཏྣ་ཨཱ་ཀ་ར་ལ་གནས་འཆའ་བ་དང་མཐུན་འཇུག་མཛད་དུ་བཅུག ཇོ་བོ་ལ་ཡང་ལྐོག་ཏུ་ཞུ་རྟེན་གསེར་སྦྲམ་ཕུལ་ནས་ཞུ་བ་མཛད་པས་ཞལ་གྱིས་བཞེས་ཏེ། རང་བྱུང་ལ་མཆི་ཕྱག་ལ་བྱོན། དེ་ནས་མཉེལ་རང་ཡང་མ་སོས་པར་སྟོན་པ་ལ་མཆི་ཕྱག་ལ་བཞུད་པས། བི་ཀྲ་མ་ལ་ཤཱི་ལའི་གནས་བརྟན་ཤེད། ཁྱོད་ཨ་ཏི་ཤ་སྤྱན་འདྲེན་པར་སྣང༌། ཨ་ཏི་ཤ་ཡང་བཞུད་པར་སྣང་བ་ལ། ངས་བཅག་ན་བཅག་ཏུ་ཡོད་དེ། ཁྱོད་བོད་སྙིང་རྗེ་བས་ད་རེས་བཏང་གི་ད་སྟེ་ཟླ་བ་དགུ་ན་ཚུར་སྐྱོལ་ཅིག་གསུངས་ནས་རྩིགས་བཟུང༌། དེ་ནས་ལོ་ཙཱའ་བས་ཇོ་བོ་སྤྱན་དྲངས་ཏེ་ཚུར་མངའ་རིས་སུ་བྱོན་ནས་ཐོ་ལིང་གི་གཙུག་ལག་ཁང་དུ་ཆགས་ཕབ་པའི་དུས་ན་ལྷ་བཙུན་པས་བོད་ཀྱི་འདྲ་མི་འདྲ་ཐམས་ཅད་སྙན་དུ་གསོལ་ནས་དེ་ཀུན་གྱི་གཞུང་བསྲང་བའི་བསྟན་བཅོས་ཤིག་བརྩམ་པར་ཞུ་བ་ཕུལ་བས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་སམ་སྡེ་སྣོད་རྣམ་པ་གསུམ་གྱི་སྙིང་པོ་ཕྱུང་བ་ལྟ་བུའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མ་འདི་མཛད་པ་ཡིན་ཏེ། དེ་ལ་པུ་ཏོ་བའི་ཞལ་ནས། ཁ་ཅིག་ལྷ་བཙུན་པས་བོད་ཀྱི་འདྲ་མི་འདྲ་མང་པོ་སྙན་དུ་གསོལ་བ་དེ་རེ་རེའི་ལན་དུ་ལམ་སྒྲོན་མཛད་ཟེར་ཏེ། དགེ་བཤེས་སྟོན་པ། དེ་ཙམ་གྱི་ཏི་ཏི་ནི་ནི་ཁོ་ན་མི་གསུངས། སྤྱིར་ལོག་རྟོག་མཐའ་དག་དགག་པའི་ཕྱིར་མཛད་པ་ནི་ལགས་གསུངས་ཤིང༌། ཤ་ར་བའི་ཞལ་ནས། ད་ལྟ་བྱང་རིས་འདི་ཀུན་ན་བན་པོ་ཞིག་གཏམ་བཤད་དང་གཏོང་ཡང་ཇོ་བོ་རྗེ་ལྷ་གཅིག་བཀའ་དྲིན་ཆེ་ཟེར་བ་དེ་ཆོས་འདི་ཁོ་ན་བཀའ་དྲིན་ཆེ་བ་ཡིན། ཆོས་འདི་བཀའ་དྲིན་ཆེ་བ་ཡང་དགེ་བཤེས་སྟོན་པ་བཀའ་དྲིན་ཆེ་བ་ཡིན། དགེ་བཤེས་ཀྱིས་ཇོ་བོའི་ཐུགས་དགོངས་དང་མན་ངག་ཙེན་གྱིས་ལོན་ནས་ཐམས་ཅད་ཕྱག་བཞེས་སུ་མཛད་པས། ད་ལྟ་བསྙེན་གནས་ཉི་མ་རེ་བསྲུང་བ་དང་བཞི་སྡེ་རེ་ལ་ཆོས་སྟོན་རེ་འདྲེན་པ་ཡན་ཆད་ཀྱི་ལག་ལེན་ཅག་ཅག་དུ་ཡོད་པ་འདི་དགེ་བཤེས་སྟོན་པའི་བཀའ་དྲིན་ཡིན་ཏེ། པུ་ཏོ་བས། ད་ལྟ་འུ་ཅག་གི་རི་ཐེལ་འདི་ན་དེ་རིང་སྐྲ་བཞར་བའི་རྣ་བ་དཀར་ལྟར་རེ་བ་ཞིག་ལ་ཡང་བྱ་རྒྱུ་ཅག་ཅག་པོ་ཞིག་ཡོད། ཡ་གི་ཀུན་གྱི་བྱ་རྒྱུ་ཡང་ཆུང་ཞིག་ཡོད་ཅེས་གསུངས་པ་བཞིན་དུ་ཡིན། དགེ་བཤེས་སྟོན་པ་དེ་དགུང་ལོ་བཅུ་དྲུག་ལོན་ནས་ཇོ་བོ་སེ་བཙུན་དབང་ཕྱུག་གཞོན་ནུ་ཅན་དུ་ཁམས་སུ་བྱོན། སེ་བཙུན་དེ་ཡང་དྲུམ་གྱི་མཁན་བུ་ཡིན་པས་དྲུམ་གྱི་གཏམ་རྒྱུད་ཀུན་གཞན་པས་དགེ་བཤེས་སྟོན་པ་ཞི་བ་དགེ་བཤེས་སྟོན་པས་ཁམས་སུ་ལོ་ཉི་ཤུ་ལོན་ནས་ཁོང་རང་དགུང་ལོ་སུམ་ཅུ་རྩ་དྲུག་བཞེས་ཙ་ན་ཇོ་བོ་སེ་བཙུན་གྱི་ཞལ་ནས། ཨ་ཅོ་ཁྱོད་ཀྱི་ཕ་དེ་ད་རུང་ཡོད་པར་འདུག་པས་ཕ་དེ་དང་ལན་གཅིག་འཕྲོད་གསུངས་ནས་ཡར་ལ་བྱོན། དེ་ཙ་ན་ཨ་ཏི་ཤ་མངའ་རིས་སུ་བྱོན་པའི་གཏམ་གསན་པས་དབུས་སུ་འགྲོ་ན་པཎྜི་ཏ་དེ་དང་ཅིག་གཏུག་དགོངས་ནས་ཡར་བཤུལ་ལ་ཡབ་དང་ཡུག་ཅིག་མཇལ་ནས་གཡས་རུ་ངོས་ཁ་ན་ཡར་བྱོན་པས་ཇོ་བོ་དཔོན་སློབ་ཟླ་བ་དགུའི་འཁོར་ཞག་ཐེམ་ནས་དགུང་བདུན་ན་རྒྱ་གར་དུ་བཞུད་རྒྱུའི་དུས་ཞང་ཞུང་གི་ཡུལ་དུ་སླེབ་སྟེ་སླེབས་པ་ཙམ་གྱིས་བཤོལ་བཏབ་པས་ནི་མི་ཐེབས། སྐུ་འཆག་པ་དང་གི་ཕྱག་ཕྱི་ལ་བྱོན་ཡིན་བོད་ལ་རབ་ཏུ་བྱུང་བ་འདི་ཙམ་བཞུགས་བྱ་བ་སྙན་དུ་གསོལ་བས་ཇོ་བོ་མཉེས་ནས་རབ་བྱུང་གྲངས་དེ་ཙམ་ཡོད་ན་དེའི་ནང་ནས་དགྲ་བཅོམ་པ་འབྱུང་བ་ཆོས་ཉིད་དུ་ཆོས་ལས་གསུངས་པས་བོད་ན་དགྲ་བཅོམ་པ་བཞུགས་ཏེ་མཆི་གསུངས་ནས་བོད་ལ་ཕྱག་བཞེས། དེ་ནས་ཀྱང་དེ་ཐམས་ཅད་ཐེག་པ་ཆེན་པོ་བ་ལགས། ཕལ་ཆེར་གྲུབ་མཐའ་དབུ་མ་འཛིན་པ་ལགས་ཞུས་པས་ཇོ་བོ་ཤིན་ཏུ་མཉེས། དེ་ཀུན་གྱིས་སྤོབས་པ་སྐྱེས་ནས་བོད་ལ་འབྱོན་པར་ཞུ་བ་ཕུལ་བས། ངས་དགེ་འདུན་གྱི་ཐུགས་དགོངས་སྒྲུབ་པར་དམ་བཅས་པ་ཡིན་ཏེ། དགེ་འདུན་ལ་ཕན་ན་འདྲ་བས་འགྲོ་ཡིས་གསུངས་ནས་གནང༌། དེ་ནས་དགེ་བཤེས་སྟོན་པས་བོད་སྟོན་རྣམས་ལ་བསུ་བ་ལ་བྱོན་བྱ་བའི་བཀའ་འཕྲིན་དང་བརྫངས་ཏེ། ཇོ་བོ་སྤྱན་དྲངས་ནས་བྱོན་པ་ལགས་པར་གདའ། ཕྱིས་ནི་རབ་ཏུ་བྱུང་བ་ལ་ཡང་མ་མཉེས་ཏེ། སྟོན་པས་བོད་ཀྱི་རབ་ཏུ་བྱུང་བ་ཅི་ཙུག་གདའ་ཞུས་པས་ཨ་ཝ་དྷཱུ་ཏིས་འབྲིང་པོ་ཙམ་གསུངས། དེ་ཙ་ན་བོད་ཐམས་ཅད་ཀྱི་ལྟ་བའི་ཐུགས་རྒྱུས་ཆོས་ཀྱི་རྒྱལ་པོ་ལ་བྱེད་པ་ལ་དྷརྨ་རཱ་ཛས་དེ་ཡང་སེམས་ཙམ་དུ་སྣང་གསུངས་སྐད། དེ་ལྟར་དགེ་བཤེས་སྟོན་པས་མ་སླེབས་པར་ཕར་བཞུད་ན་ཆོས་འདི་ཀུན་ལ་ད་ལྟ་མཚན་ཉིད་པའི་གྲྭ་ན་ཉན་བཤད་བྱེད་པའི་ཚོད་ཅིག་ལས་མི་ཡོང་བ་ཡིན། དགེ་བཤེས་སྟོན་པ་ལ་ཆོས་འདིའི་ཟེར་མཆུ་མཐུན་མི་མཐུན་དང་སྙན་དུ་གསོལ་ཙ་ན་གཞན་ཅི་ཡང་མི་གསུངས་པར་མཛད་པ་པོ་དངོས་ཀྱི་སློབ་མ་ཡིན་གསུངས། འདི་ལ་འགྲེལ་བ་གཅིག་ཁོ་ན་ཡོད་ན་བྱས་ཀྱིན་ཡིད་སྨོན་དང་བྱས་ཙ་ན་འདིའི་འགྲེལ་བ་ཁོ་ན་ད་ལྟ་ང་ཡིན་གསུངས་སྐད་དེ། དེ་ཤིན་ཏུ་ཡང་ཡིན། འགྲེལ་བ་ཞིག་ཡོད་ཀྱང་དེ་ལས་གཞུང་གི་འཐེམས་སྦྱོར་དང་མཛེས་ཆོས་ཤིག་ལས་གདམས་ངག་མི་ཡོང༌། ཆོས་འདི་ན་སྐྱེས་བུ་ཆུང་ངུ་དང་འབྲིང་གཉིས་ཤོ་ལོ་ཀ་རེ་ལས་མེད་དེ་དགེ་བཤེས་སྟོན་པ་ལ་ཨ་ཏི་ཤའི་མན་ངག་སྐུ་ཉམས་སུ་བཞེས་པ་མངའ་ཞིང་ཕར་བརྟེན་ཚུར་བརྟེན་མཛད་པས་དགེ་བཤེས་ཉིད་ཀྱིས་བསྐྱངས་པའི་སྐུ་མཆེད་ཀུན་ཡན་ཆད་ལ་དེ་གཉིས་ཀྱི་དོན་མངོན་སུམ་དུ་གཟིགས་པ་འདྲ་བ་མངའ་བར་གདའ། ད་ལྟ་ལྷབ་སྟོན་གྱི་ཟིན་བྲིས་ཀྱི་རྗེས་སུ་འབྲངས་ནས་བསྟན་པའི་སྲོལ་ཁ་ཟེར་བ་དང༌། ཐུན་བརྒྱད་མ་དང༌། རིམ་གྱིས་པ་དང༌། སྐྱེས་བུ་གསུམ་དང༌། ལམ་རིམ་དང༌། སྦྲེང་ཞེས་པའི་མིང་མང་པོར་བཏགས་པ་ཐམས་ཅད་འདི་ལ་བརྟེན་པ་ཡིན། ཆོས་འདི་ཀུན་གྱི་དོན་དགེ་བའི་བཤེས་གཉེན་པ་དེ་ཀུན་གྱི་བཀའ་དྲིན་ལ་བརྟེན་ནས་འཕྲིག་བཅུག་གིན་ནན་ཏན་དུ་མཉན་པ་དང་བསམ་པ་བྱས་ན་མདོ་སྡེ་དང་བསྟན་བཅོས་ཐམས་ཅད་ཀྱི་ལྡེ་མིག་བཞིན་དུ་སོང་ནས་གོ་ཡུལ་སྐྱེ་བ་ཡོང་བ་ཡིན། གོ་ཡུལ་ཆེ་གྲགས་ནས་འདི་ཉིད་དུ་ཐམས་ཅད་སྦྲན་ན་འདི་ཉིད་ཀྱང་བཟླད་པར་འགྱུར་བས་དགེ་བཤེས་ཀུན་གསུང་ཚོད་རེའི་བཤད་པ་དང་བྱ། དགེ་བཤེས་ཀྱང་མང་པོའི་ཟེར་མཆུ་བཟླས་པས་གང་ལ་ཡང་བློ་གཏོད་ངོ་མི་ཤེས་པས་རེ་རེའི་ལུས་ལ་ནན་ཏན་བྱ། ཆོས་འདི་ཀུན་གྱི་འཕྲིག་བཅུག་ཙ་ན་མདོ་སྡེ་དང་བསྟན་བཅོས་ཐམས་ཅད་ལམ་རིམ་དུ་གསུངས་ནས་འདུག་སྟེ། ལྷབ་སྟོན་གྱི་ཞལ་ནས་ཀྱང༌། དགེ་བའི་བཤེས་གཉེན་དེའི་བཀའ་ལུང་ཁ་ཡར་བོ་དེ་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་ལྡེ་མིག་བཏུབ་པ་ཞིག་ནི་བྱུང་གསུངས་སྐད། དེ་ཡང་གཞུང་ཟང་མར་བཤད་ནས་མན་ངག་ལྷན་པར་སློན་པ་མིན། བཀའ་དང་བསྟན་བཅོས་ཐམས་ཅད་གོ་རིམ་དུ་བབ་པ་དུས་ཚོད་དང་འཚམ་པར་ལག་ལེན་དུ་བྱེད་པའི་མན་ངག་ཅིག་ལ་བཀའ་གདམས་ཟེར་བ་ཡིན། ཆུང་ངུ་ཉུང་ངུ་ཞིག་ལ་ཟེར་བ་མིན། ཆོས་འདི་ཀུན་གྱི་འཕྲིག་མེད་པར་མཉན་བཤད་ཅི་ཙམ་བྱས་ཀྱང་རང་འཇིལ་མཁན་དང་གཞན་ཞིག་གཞིལ་བྱར་བྱས་ནས་རང་གི་ལག་ལེན་དུ་གོ་བ་ཡེ་མེད་པར་འགྲོ་བ་ཡིན་གསུངས།


previousགཉིས་པ། བྱང་ཆུབ་ལམ་གྱི་སྒྲོན་མ་འདི་ཇོ་བོས་ཇི་ལྟར་མཛད་པའི་ཚུལ་ལས་བརྩམས་ཏེ་དམ་པའི་ཆོས་ཀྱི་བྱུང་ཚུལ། next