Nitartha Digital Library
Tibetan
 
previousརྩོམ་པ་མཐར་ཕྱིན་པ་མཇུག་གི་དོན།no next

རྩོམ་པ་མཐར་ཕྱིན་པ་མཇུག་གི་དོན།

རྩོམ་པ་མཐར་ཕྱིན་པ་མཇུག་གི་དོན་ལ། སློབ་དཔོན་གང་གིས་མཛད་པ་དང༌། བོད་དུ་ཇི་ལྟར་བསྒྱུར་བའི་ཚུལ་གཉིས་ཀྱི། དང་པོ་ནི། གནས་བརྟན་མར་མེ་མཛད་དཔལ་གྱིས། །མདོ་སོགས་ཆོས་ལས་བཤད་མཐོང་བ། །བྱང་ཆུབ་འོད་ཀྱིས་གསོལ་བཏབ་ནས། །བྱང་ཆུབ་ལམ་བཤད་མདོར་བསྡུས་བྱས། །བྱང་ཆུབ་ལམ་གྱི་སྒྲོན་མ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། །ཞེས་གསུངས་ཏེ། དེ་ཡང་ཤ་ར་བའི་ཞལ་ནས། ཇོ་བོས་སྔར་གསུངས་པ་བཞིན་དུ་བླ་མའི་མན་ངག་དང་མདོ་སྡེ་ལ་སོགས་པའི་ཆོས་ལས་བཤད་པ་གཟིགས་ནས་ཞུ་བ་པོ་འདིས་ཞུས་པའི་ཆོས་འདི་མཛད། གསུངས་པ་ལྟར་ཇོ་བོ་བོད་དུ་བྱོན་ནས་བསྟན་བཅོས་འདི་མཛད་ཙ་ན་དགུང་ལོ་དྲུག་ཅུ་ཐོ་སྐོར་ཡིན་པས། ཉན་ཐོས་རྩ་བའི་སྡེ་པ་བཞི་ལས་དགེ་འདུན་ཕལ་ཆེན་སྡེ་པའི་བྱེ་བྲག་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པ་ལྷ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བཀའ་བརྒྱུད་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་ཡུན་རིང་དུ་ལོན་པའི་གནས་བརྟན་མཚན་མར་མེ་མཛད་དཔལ་ཡེ་ཤེས་ཀྱིས་སྔར་གསུངས་པ་བཞིན་དུ་བླ་མའི་མན་ངག་དང༌། རྒྱལ་བའི་བཀའི་ལུང་མདོ་སྡེ་དང་སོགས་པས་རྒྱུད་དང༌། དེ་ཀུན་གྱི་དགོངས་པ་འགྲེལ་བའི་བསྟན་བཅོས་ཚད་མར་གྱུར་པའི་ཆོས་རྣམས་ལས་བཤད་པ་དག་མཐོང་བ་ཇི་ལྟར་གཞུང་འདི་རྩོམ་པར་ཞུ་བ་པོ་སྨོན་ལམ་གྱིས་འབྲེལ་བའི་སློབ་མ་ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་སྔར་བསྟན་པ་བཞིན་དུ་གསོལ་བ་བཏབ་ནས་ཞུས་པའི་ངོར། སྡེ་སྣོད་ཀྱི་ཆོས་མ་ལུས་པ་ཐམས་ཅད་འཁྲུགས་བསྡེབས་ནས། སྟན་ཐོག་གཅིག་ཏུ་ཉི་མ་དེ་རིང་གི་སྒོམ་དོན་དུ་ཉམས་སུ་ལེན་པའི་གདམས་ངག་སྐྱེས་བུས་ཐོབ་པའི་འབྲས་བུ་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཕྱིན་ཅི་མ་ལོག་པར་བཤད་པ་མདོར་བསྡུས་པ་འདི་བྱས་ཏེ། དེ་ཡང་དོན་ལས་མཚན་དུ་གསོལ་བས་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ། རིག་པའི་གནས་ཐམས་ཅད་ལ་སློབ་དཔོན་གྱྀ་གོ་འཕང་བརྙེས་པའི་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་རྒྱལ་བའི་གསུང་རབ་མཐའ་དག་གི་དོན་གྱི་ཆ་ལེགས་པར་སྡེབས་ཏེ་ཚིག་ཉུང་ངུས་རྩོམ་པར་མཛད་པ་ལ་གེགས་དང་བར་ཆད་མེད་པར་མཐར་ཕྱིན་པས་ན་རྫོགས་སོ། །ཞེས་པ་སྟེ། སྤྱིལ་བུ་བའི་ཞལ་ནས། བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བ་ལ། །མདོ་སོགས་ཆོས་ལས་བཤད་མཐོང་བ། །ཞེས་པ་རང་བཟོ་སྤངས་པ་སྟེ། ཡ་གིར་བླ་མ་རྣམས་ཀྱིས་བསྟན་པའི་ཐབས་བཤད་ཟེར་ནས། འདིར་མདོ་སོགས་ཆོས་ལས་བཤད་མཐོང་ཞེས་པ་མི་འགལ་ཏེ། བླ་མའི་མན་ངག་ཙམ་ལས་མེད་པ་མ་ཡིན། མདོ་སྡེ་དང་རྒྱུད་སྡེ་མཐའ་དག་ན་བཞུགས་པའང་མཐོང་བ་ཡིན་ཏེ། གཉིས་ལྡན་ཡིན་ཞེས་པའོ་གསུངས།

གཉིས་པ། བོད་དུ་ཇི་ལྟར་བསྒྱུར་བའི་ཚུལ་ནི། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབས་པའོ། །ཞེས་གསུངས་ཏེ། དེ་ཡང་ཇོ་བོས། ཆོས་འདི་ཞང་ཞུང་གི་ཡུལ་ཐོ་ལིང་གསེར་ཁང་དུ་ལེགས་པར་སྦྱར་བ་སཾ་སྐྲྀ་ཏའི་སྐད་དུ་བརྩམས་པ་ལས། དེའི་ཚིག་དང་དོན་ཞུ་ཡུལ་གྱི་པཎྜི་ཏ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་སྟེ་དཔལ་མར་མེ་མཛད་ཡེ་ཤེས་བསྟན་བཅོས་མཛད་པ་པོ་དེ་ཉིད་དང་ཞུ་བྱེད་ཀྱི་ལོ་ཙཱ་བ་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་དགེ་སློང་རྨ་དགེ་བའི་བློ་གྲོས་ཀྱིས། རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཅིང་ཚིག་དང་དོན་གྱི་ཆ་རྣམས་པཎྜི་ཏ་ལ་ལེགས་པར་ཞུས་ཏེ་དག་པར་བགྱིས་ནས་ནོར་འཁྲུལ་མེད་པར་གཏན་ལ་ཕབ་པའོ།། །།ཞེས་པ་སྟེ། དེ་ལ་སྤྱིལ་བུ་བའི་ཞལ་ནས། འདིའི་ཚིག་རྡོག་པོ་ཁ་ཅིག་པོ་དེ་ལ་མི་ཟིན་པ་དང་མི་ཤེས་པ་ཙམ་ཡང་མེད་པས་ཐམས་ཅད་ཀྱིས་མ་བསྙེལ་བ་ཞིག་མཛད་པར་ཞུ། མ་བསྙེལ་བ་ཙམ་གྱིས་མི་ཆོག་དུས་ཐམས་ཅད་དུ་སྒོམ་པའམ་ཉམས་སུ་ལེན་པ་ཞིག་དགོས་གསུངས། དེ་ལྟར་སྐྱེས་བུས་མངོན་མཐོའི་རྟེན་ལས་ནི། །ངེས་ལེགས་བྱང་ཆུབ་སྒྲུབ་པར་བྱེད་པ་ཡི། །ལམ་རབ་སྣང་བྱེད་ལམ་གྱི་སྒྲོན་མའི་ཚུལ། །གཞུང་མཛད་མར་མེ་མཛད་དཔལ་རང་ཉིད་ཀྱིས། །གངས་ཅན་བསྟན་པའི་སྲོག་ཤིང་འབྲོམ་སྟོན་རྗེ། །མཚན་དང་དོན་མཐུན་རྒྱལ་བའི་འབྱུང་གནས་ལ། །ལེགས་པར་བཤད་པའི་ལེགས་བཤད་རིན་ཆེན་མཆོག །མཁྱེན་རབ་གསལ་བས་ཐུགས་ཆུད་པུ་ཏོ་བས། །ཇི་སྐད་གདམས་བཞིན་སྦྱངས་པའི་ཡོན་ཏན་གྱིས། །མཁས་དང་གྲུབ་པའི་གཙོར་གྲགས་ཤ་ར་བའི། །གསུང་སྒྲོས་ལས་བྱུང་ཡོངས་ཀྱི་དགེ་བའི་བཤེས། །དཀོན་མཆོག་འབངས་དེའི་དྲིན་ལས་ཕྱོགས་ཙམ་ཞིག །མཐོང་བར་གྱུར་གང་དེ་འདིར་བཀོད་པ་ཡི། །དགེ་བས་རྒྱལ་བའི་བསྟན་པ་རིང་གནས་ཤིང༌། །འགྲོ་ཀུན་བྱང་ཆུབ་ལམ་བཟང་འདིར་ཞུགས་ནས། །རྡོ་རྗེའི་གདན་པོར་མྱུར་དུ་འཚང་རྒྱ་ཤོག །བདག་ཀྱང་སྐྱེ་ནས་སྐྱེ་བ་བྱང་ཆུབ་བར། །ཇོ་བོ་ཡབ་སྲས་གདམས་པའི་ཆོས་ཚུལ་དང༌། །ནམ་ཡང་མི་འབྲལ་དེ་ཉིད་སྟོན་པ་ཡི། །དགེ་བའི་བཤེས་ཀྱི་མགོན་དང་བཅས་གྱུར་ཅིག །གལ་ཏེ་གཞུང་དང་འགྲེལ་བའི་ཚིག་དོན་དག །ཇི་བཞིན་མ་རྟོགས་དབང་གིས་སྡེབ་ལེགས་སུ། །རྩོམ་པར་མ་ནུས་ལ་སོགས་ཉེས་པའི་ཆ། །མཆིས་ན་མི་འཆབ་མཁས་པའི་ཚོགས་ལ་འཆགས། །ཞེས་ཤར་ཕྱོགས་མདོ་ཁམས་ཀྱི་སའི་སྐྱེ་དགུའི་འདྲེན་པ་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་པའི་གསུང་གིས་རིང་མོ་ནས་བསྐུལ་བའི་བཞེད་པ་བསྐང་བ་དང༌། དམ་པའི་ཆོས་ཀྱི་ཚུལ་འདི་ལ་མོས་པའི་སྐྱེ་བོ་གཞན་ལའང་ཕན་པར་འདོད་པའི་བློས། མཆོག་གི་དཔལ་ལྡན་བླ་མ་ཞྭ་དམར་ཅོད་པན་འཛིན་པ་ལྔ་པ་རྒྱལ་བ་ཐམས་ཅད་མཁྱེན་པ་དཔལ་དཀོན་མཆོག་ཤཱཀྱ་མཆོག་གི་གཙོ་བོའི་འབངས་རབ་ཏུ་ཚེས་པའི་ཞལ་སྔ་ནས་ཀྱི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་བཙུན་པ་ཆོས་སྨྲ་བ་གྲགས་པ་དོན་གྲུབ་ངག་གི་དབང་ཕྱུག་རྡོ་རྗེ་སྙིང་པོ་དགའ་བའི་ཕྲེང་བ་ཞེས་བྱ་བས་ཡི་གེར་བགྱིས་པ་སྐྱེ་དགུ་ཐམས་ཅད་ལ་དགེ་བར་གྱུར་ཅིག སརྦ་མངྒལཾ། །

འདིའི་གཞུང་གི་དཔེ་རྣམས་ལ་ཚིག་ཟུར་འདྲ་མིན་འདུག་པ་དགེ་བའི་བཤེས་གཉེན་ཤ་ར་བ་ཆེན་པོའི་གསུང་ལ་དངོས་ཀྱི་སློབ་མ་དག་གིས་ཟིན་བྲིས་སུ་མཛད་པའི་འགྲེལ་བ་དང་མཐུན་པར་བཀོད་པའོ།། མངྒལཾ།། །


previousརྩོམ་པ་མཐར་ཕྱིན་པ་མཇུག་གི་དོན།no next