cover

མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།

གླེགས་བམ། ཨོཾ༽

གཡུ་ཁོག་མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ།

སྔ་འགྱུར་མདོ་ཁམས་གཡུ་ཁོག་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཀར་ཆག་མུ་ཏིག་ཕྲེང་བ།

༄༅། གར་དབང་འཇིགས་མེད་རྣམ་རྒྱལ་གྱི་དག་སྣང་ཆོས་སྡེའི་དཀར་ཆག་མུ་ཏིག་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

༄༅། ཨོཾ་སྭ་སྟི་སིདྡྷི་རསྟུ། རྒྱལ་དང་རྒྱལ་བའི་སྲས་པོ་ཇི་སྙེད་ཀྱི། །མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་དཔྱིད། །ལྷོ་ནུབ་འོ་མཚོར་མཚན་དཔེའི་སྐུར་བཞེངས་བ། །འཆི་མེད་པདྨ་ཀཱ་རས་ཤིས་པ་སྩོལ། །རྒྱལ་བ་བྱང་ཆུབ་སྤྲུལ་པའི་རོལ་ག༵ར་དག་སྣང་ཆོས་ལ་མངའ་དབ༵ང་བསྒྱུར། །བསམ་ཡས་ཆོས་ཚུལ་རྒྱ་མཚོའི་མཐར་སོན་འཇི༵གས་པ་མེ༵ད་པའི་བརྟུལ་ཞུགས་ཅན། །མི་མཐུན་ཕྱོགས་ལས་རྣ༵མ་པར་རྒྱ༵ལ་བའི་ངེས་པ་དོན་གྱི་ཧེ་རུ་ཀ །ཆོས་དབྱིངས་ཀུན་གསལ་བློ་གྲོས་རྒྱ་མཚོ་བདེ་ཆེན་འཁོར་ལོའི་རྒྱན་དུ་མཆོད། །རབ་འབྱམས་རྒྱལ་ཀུན་རྟག་ཏུ་མཆོད་པ་ལས། །གང་མཚན་ལན་གཅིག་དྲན་པའི་བསོད་ནམས་ཀྱིས། །སྟོང་ཆེན་ལྷ་ལམ་དོགས་པོར་བགྱིད་མཛད་པའི། །རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་བླ་མས་སྐྱོངས།། དེ་ལྟར་ཡུལ་དམ་པ་རྣམས་ལ་མཆོད་པར་བརྗོད་པའི་མེ་ཏོག་འཐོར་བ་སྔོན་དུ་བཏང་ནས་འདིར་གང་ཞིག་གླེང་བར་བྱ་བ་ནི། གསང་ཆེན་སྔ་འགྱུར་བའི་རིང་ལུགས་ལ་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་སྟེ་བབས་སོ་གསུམ་དུ་ཡོད་པ་ལས་ཕྱི་མའི་ཁོངས་སུ་གཏོགས་པ། གྲུབ་བརྙེས་རྗེ་འབངས་ཉེར་ལྔའི་ནང་ཚན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་སུམ་རྒྱལ་བ་བྱང་ཆུབ་ཀྱི་སྤྲུལ་པའི་རོལ་གར། གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོའམ་ཆོས་དབྱིངས་ཀུན་གསལ་བློ་གྲོས་རྒྱ་མཚོ་གང་དེའི་དག་སྣང་གི་ཆོས་སྐོར་གཙོ་བོར་གྱུར་པའི་གསུང་ཆོས་རྣམས་ཕྱོགས་སུ་འཐོར་བ་གསར་དུ་བསྡུ་བསྒྲིགས་བྱས་ཤིང་གླེགས་བམ་སྐུ་གསུམ་གྱི་གྲངས་ལྡན་དུ་བགྱིས་པའི་བཞུགས་བྱང་དཀར་ཆག་འགོད་པ་ལ་གསུམ། སྤྲུལ་པའི་གཏེར་སྟོན་ཆེན་པོ་གང་གི་མཛད་རྣམ་རགས་བསྡུས་སུ་བཀོད་པ། གཏེར་ཆོས་གླེགས་བམ་རྣམས་ཀྱི་བཞུགས་བྱང་དཀར་ཆག་དངོས་འགོད་པ། པར་དུ་བསྐྲུན་པའི་ཕན་ཡོན་བརྗོད་པས་མཇུག་བསྡུ་བའོ། །

སྤྲུལ་པའི་གཏེར་སྟོན་ཆེན་པོ་གང་གི་མཛད་རྣམ་རགས་བསྡུས་སུ་བཀོད་པ།

དང་པོ་ནི། རྒྱལ་དབང་ཨོ་རྒྱན་ཆེན་པོས། མ་འོངས་བསྐལ་མཐའ་བཞི་བཅུའི་མར་འགྲིབ་དེར༔ སངས་རྒྱས་བྱང་སེམས་སྤྲུལ་པ་མང་པོ་འབྱུང་༔ ཨོ་རྒྱན་ང་སྤྲུལ་ཉི་མའི་ཟེར་དང་མཚུངས༔ སྟོང་གསུམ་འགྲོ་དྲུག་འཛམ་གླིང་ཡོངས་ལ་ཁྱབ༔ དག་དང་མ་དག་སྣ་ཚོགས་གཟུགས་སུ་འོང་༔ སྤྲུལ་པ་སྣ་ཚོགས་འགྲོ་བ་ཐབས་ཀྱིས་འདུལ༔ ཞེས་དང་། མ་འོངས་འགྲོ་ལ་ཆོས་སྦྱིན་ཟད་མེད་དུ༔ སྲིད་པ་ཐམས་ཅད་པདྨའི་གཏེར་གྱིས་བཀང་༔ འབྱིན་མཁན་ཐམས་ཅད་ང་ཡི་སྤྲུལ་པ་ཡིན༔ ཆ་ལུགས་སྤྱོད་པ་ངེས་མེད་ཅིར་ཡང་སྣང་༔ ཞེས་འཁོར་མཚོ་མ་སྟོང་གི་བར་དུ་རྒྱལ་དབང་ཨོ་རྒྱན་ཆེན་པོའི་ཕྲིན་ལས་དུས་ལས་ཡོལ་བ་མེད་པར་ངོ་མཚར་སྤྲུལ་པའི་གཏེར་སྟོན་བརྒྱ་རྩ་སོགས་ཀྱི་རྣམ་པར་འཕྲུལ་ནས་བསྟན་དང་འགྲོ་བའི་དོན་རྒྱ་ཆེན་མཛད་པར་ཞལ་བཞེས་མཛད་པ་སྤྱི་ལྟར་དང་། བྱེ་བྲག་ཏུ་རིག་འཛིན་གསང་སྔགས་གླིང་པའི་རྒྱལ་ཁམས་སྤྱི་ལུང་ལས། རྒྱལ་བ་བྱང་ཆུབ་སྤྲུལ་པ་ལྕགས་མོའི་ཕྱོགས༔ དྷརྨའི་མིང་ཅན་སྔགས་ལ་མོས་པ་འབྱུང་༔ ཞེས་དང་། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལས། དེ་བཞིན་རྒྱལ་བ་བྱང་ཆུབ་དྷརྨ་ཤར༔ ཞེས་སོགས་ལུང་དུ་བསྟན་པ་ལྟར། ཡབ་རྡོ་སྨད་ཕྱུག་ཤུལ་འབྲོག་སྡེའི་ཕུར་ཚ་ཝ་མོའི་བུ་བདུན་གྱི་རིགས་རྒྱུད། ཕུར་ཚ་ཆོས་མགོན་དང་། ཡུམ་དགེ་རྩེ་བཟའ་སྒྲོལ་མ་མཚོ་གཉིས་ལ་བུ་སྤྲུལ་སྐུ་སྤུན་གསུམ་ཡོད་པའི་ཆེ་བ་རུ་བོད་རབ་བྱུང་བཅོ་ལྔ་པའི་ནང་ཚན་ལྕགས་མོ་ལུག་གི་༼༡༨༧༡ ༡༩༥༣༽ལོར་མགོ་ལོག་གཉན་པོ་གཡུ་རྩེའི་ཉེ་འདབས། རྒྱབ་རི་ལྷ་བཙན་དམར་ཡག་གི་རི་ཞོལ། ཆུ་མགོ་མགོ་མང་སྟེ། མགོ་ལོག་ཨ་སྐྱོང་གི་མངའ་ཁོངས་སུ་སྐུ་འཁྲུངས། ཁྱིམ་དེར་ཁོང་དང་། སྤྲུལ་ངག་དབང་བསོད་ནམས་བསྟན་འཛིན། བསེ་མཆོག་སྤྲུལ་ཡོན་ཏན་ལྷུན་གྲུབ། བཙུན་མ་ཆོས་དབྱིངས་བཟང་མོ། སྲིང་མོ་གཡང་སྒྲོན་བཅས་མིང་སྲིང་ལྔ་ཡོད། སྐབས་ཤིག་རྔ་བའི་བསེ་དགོན་པའི་བསེ་ཉིན་སྲིབ་གཉིས་ལས་བསེ་སྲིབ་ཚང་གི་གདུང་རྒྱུད་ཆད་པས་གསང་བདག་སྒྲོལ་བའི་མགོན་པོའི་དངོས་སློབ་ཀུན་དགའ་ཡོན་ཏན་ལྷུན་གྲུབ་ཀྱི་སྐྱེ་ཕྲེང་བདུན་པའམ་སྤྲུལ་པའི་སྐུར་ངོས་བཟུང་ནས་བསེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་གི་གདན་སར་བཀོད། ཡོངས་འཛིན་ངག་དབང་རབ་རྒྱས་ལས་ཡི་གེ་འབྲི་ཀློག་སྦྱངས། འགྱ་བ་ཨ་ལག་གི་མདུན་དུ་སྔོན་འགྲོ་འབུམ་ལྔ་ནས་དབེན་གསུམ་བར་བཞུགས། དེ་ནས་གྲོང་མང་རྣམ་སྣང་རྡོ་རྗེའམ་དཀོན་མཆོག་ཆོས་བཟང་མདུན་སྦྱོར་དྲུག་གི་སྔོན་འགྲོ་ནས་དངོས་གཞིའི་ཉམས་ལེན། གེགས་སེལ་བོག་འདོན་དང་བཅས་པ། བདེ་མཆོག་རྩ་རྒྱུད། གཤིན་རྗེ་རབ་འབྱམས། བདེ་མཆོག་རབ་འབྱམས། གཤིན་རྗེ་འཁྲུལ་འཁོར་ཆེན་མོ། ཆོས་རྒྱལ་མན་ངག་ཆེན་མོ། གུར་མགོན་ཁྲོ་བཅུའི་དབང་སོགས་སྨིན་ཁྲིད་མན་ངག་དུ་མ་མནོས།  འཛམ་ཐང་དགོན་དུ་དཔལ་ཇོ་ནང་བའི་གཞུང་དང་མན་ངག་དུ་མ་ལ་གསན་བསམ་མཛད། རྫོགས་ཆེན་སོགས་སུ་རྫོགས་སྤྲུལ་ལྔ་པ། འབྲུག་ཆོས་དབྱིངས་རོལ་པའི་རྡོ་རྗེ། གཞི་ཆེན་བཻ་རོ་སོགས་ལས་ཟབ་ཆོས་དུ་མ་མནོས། རྒྱ་གར་པཎ་ཆེན་ནག་མོའི་ཁོལ་དང་། གནག་རྫི་གྲུབ་ཆེན་ནོར་བུ་གོ་ལེབ། ཇོ་བོ་གསེར་གླིང་པ། བོད་ཡུལ་དུ་ལ་སུམ་རྒྱལ་བ་བྱང་ཆུབ། གཏེར་སྟོན་མ་ཏི་རཏྣ་སོགས་ཀྱི་རྣམ་སྤྲུལ་ཡིན་ཚུལ་སྐྱེ་ཕྲེང་གསོལ་འདེབས་བཟང་པོ་ཀུན་འདུས་སུ། འཕགས་མཆོག་ཕྱག་ན་པདྨོའི་ཐུགས་རྗེ་ལས། །ལེགས་འཁྲུངས་གསེར་གྱི་ལག་དང་མཛེས་པའི་ཏོག །གནག་རྫི་གྲུབ་ཆེན་ནོར་བུ་གོ་ལེབ་དང་། །པཎ་ཆེན་ནག་མོའི་ཁོལ་ལ་གསོལ་འདེབས། །བོད་ཡུལ་མཁས་དབང་ཐུ་མི་ཨ་ནུའི་སྲས། །ལ་སུམ་རྒྱལ་བ་བྱང་ཆུབ་གྲུབ་པའི་རྗེ། །པུཎྱེ་ཤྲི་ཡེ་རིང་མི་ཡི་དབང་། །བློ་གསལ་བསྟན་སྐྱོང་རྣམས་ལ་གསོལ་བ་འདེབས། །ཀོང་མོ་ཚེ་ལྷ་གང་འབྲེལ་དོན་དང་ལྡན། །སྲིད་སྡེ་དགེ་བའི་ས་སྐྱོང་རྒྱལ་བསྟན་འཛིན། །བློ་གྲོས་རིན་ཆེན་ཟབ་ཆོས་གཏེར་ལ་དབང་། །དབོན་སྤྲུལ་ཀུན་བཟང་གཉིས་པར་གསོལ་འདེབས། །གང་དེའི་ཡང་སྲིད་རབ་བྱུང་གསར་རྙིང་གཉིས། །སྔགས་སྤྱོད་གཅིག་བཅས་གསུམ་གྱི་རྗེས་མ་ཉིད། །སྦས་ཚུལ་བསྟན་འགྲོར་ཕན་པའི་ལྷག་བསམ་ཅན། །འཇིགས་མེད་རྣམ་རྒྱལ་བཟང་པོར་གསོལ་བ་འདེབས། །ཅེས་དང་། སྐྱེ་ཕྲེང་གསོལ་འདེབས་དུས་གསུམ་གསལ་བྱེད་ལས། སྔོན་དུས་བསྐལ་བར་གསེར་གྱི་ལག་པའི་དབང་། །ཐུབ་པའི་སྤྱན་སྔར་རྒྱལ་སྲས་མཛེས་པའི་ཏོག །དབྱངས་ཅན་འཕགས་མས་རྗེས་བཟུང་ནག་མོའི་ཁོལ། །མཁས་ཤིང་གྲུབ་བརྙེས་ནོར་བུ་ཧཱུྃ་ཀཱ་ར། །བྲམ་ཟེའི་སློབ་དཔོན་སུ་ཝརྞ་དྭཱི་པ། །སྨྲི་ཏི་ཛྙ་ན་རྣམས་ལ་གསོལ་བ་འདེབས། །བྷོ་ཊར་པདྨས་རྗེས་བཟུང་ལ་སུམ་པ། །སྙེ་ཐང་ཡང་དབེན་མུས་ཆེན་རྣམ་རྒྱལ་བཟང་། །ཟབ་གཏེར་མངའ་བདག་རཏྣ་ཀརྨ་གླིང་། །དབུ་མའི་སྲོལ་འཛིན་དགའ་བའི་རྡོ་རྗེའི་མཚན། །བསམ་གཏན་ཆོས་གླིང་མཆོག་སྤྲུལ་ཀུན་བཟང་པ། །དེ་སྤྲུལ་གསར་རྙིང་བསྟན་འཛིན་གསུམ་ལ་འདུད། །འདི་འོག་ཟབ་གཏེར་མངའ་བདག་ལམ་སྟོན་གླིང་། །མ་འོངས་འདྲེན་མཆོག་ཡོན་ཏན་རྒྱ་མཚོ་ཞེས། །སླར་ཡང་འགྲོ་ཕན་བྱེད་པོ་མཐའ་ཡས་ཀྱིས། །མཁའ་ཁྱབ་འགྲོ་དོན་མཛད་ལ་གསོལ་བ་འདེབས། །ཅེས་སོགས་གསུངས། དགུང་ལོ་ཉི་ཤུའི་སྟེང་བསེ་དགོན་པའི་བསྟན་པའི་བདག་པོའི་འགན་བཞེས་ནས་ལོ་བརྒྱད་ཙམ་ལ་བཞུགས་པར་སྣང་། དགུང་གྲངས་ཉེར་བརྒྱད་ཡས་མས་སུ་བསེ་ཉིན་སྲིབ་ནང་ཁུལ་གྱི་རྙོག་འཛིང་སྣ་ཚོགས་དང་། ཀིརྟི་དགོན་པས་ཁོང་ཚང་གི་དགོན་དུ་བཞུགས་དགོས་པར་བཤད་པ་སོགས་ཀྱིས་གཡུ་ཁོག་ཏུ་བྱོལ་ཏེ་གྲུབ་པའི་དབང་ཕྱུག་འགྱུར་མེད་བློ་གྲོས་མཐའ་ཡས་ཐུན་མིན་གྱི་བླ་མར་བརྟེན་ནས་ཡང་གསང་རྫོགས་པ་ཆེན་པོའི་མན་ངག་གི་ཆོས་སྐོར་རྣམས་རྫོགས་པར་ནོད། གཟན་དཀར་རིན་པོ་ཆེ་པདྨ་དངོས་གྲུབ་རོལ་བའི་རྡོ་རྗེ་ལས་ཟབ་ཆོས་གསན། ཁོང་གིས་སྔ་ཕྱིར་དགེ་བའི་བཤེས་གཉེན་ལྔ་བཅུ་ལས་ཟབ་རྒྱས་ཀྱི་ཆོས་བཀའ་གསན་ཚུལ་ཞལ་གསུང་གསོལ་འདེབས་སུ། སྐྱེས་མ་ཐག་ཏུ་དམ་པའི་ཆོས་དང་མཇལ། །ཚད་མའི་སྐྱེས་ཆེན་ལྔ་བཅུའི་བྱིན་རླབས་ཐོབ། །ཞེས་གསུངས། རིག་འཛིན་ལུང་རིག་གླིང་པ། བསམ་གཏན་ཡེ་ཤེས་གླིང་པ། རིག་འཛིན་གསང་སྔགས་གླིང་པ་གསུམ་གྱི་ལུང་ཟིན་ཆོས་བདག་ཏུ་གྱུར། དངོས་ཉམས་རྨི་ལམ་ལྟ་བུའི་སྣང་ཆར་མཁའ་སྤྱོད་དཔལ་རི་སྤྲུལ་པའི་ཕོ་བྲང་དུ་གུ་རུ་རིན་པོ་ཆེ་པཎྚི་ཏའི་ཆ་བྱད་ཅན་གྱི་ཞལ་མཇལ་ཞིང་། དེས་དབང་བསྐུར། བྱིན་གྱིས་བརླབས། ཆོས་ཀྱི་བདག་པོར་མངའ་གསོལ་བས་དམ་ཆོས་སྐུ་གསུམ་དགོངས་འདུས་ཞེས་ཟབ་མོ་དག་སྣང་གི་སྐོར་དྲི་མེད་དབུ་མའི་ཡང་རྫོང་ནས་སྤྱན་དྲངས། བདེ་གཤེགས་འབུམ་རྫོང་དཔལ་རི་བདེ་ཆེན་རྫོང་། །ལྷུན་གྲུབ་རྫོང་དང་དབང་དྲག་རོལ་པའི་རྫོང་། །འཆི་མེད་གྲུབ་རྫོང་གསང་ཆེན་རྡོ་བྲག་རྫོང། །རྨོག་ཆེན་རྣམ་རྒྱལ་བྲག་རྫོང་བདུན་གྱིས་མཚོན། །ཞེས་གསུངས་པ་ལྟར་རྫོང་བདུན་གྱི་གནས་སྒོ་གསར་དུ་ཕྱེས། ངེས་ལེགས་བསམ་གཏན་གླིང་དང་། རྦ་ཟི། གནམ་མཚོ་དགོན། བཀོད་ལེགས་དགོན་སོགས་སུ་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་ལན་གྲངས་དུ་མར་བསྐོར། གཡུ་མཁར་དགོན་དང་བཀོད་ལེགས་དགོན། སྨོན་ལམ་དགོན་བཅས་སུ་འཚོགས་བཞུགས་མཛད། ཆོས་དབྱིངས་ཀུན་གསལ་བློ་གྲོས་རྒྱ་མཚོ། གྲོལ་ཞིག་ཞིང་སྐྱོང་མགོན་པོ། ཀུན་བཟང་གཞན་ཕན་ཉི་མ། གྲོལ་ཞིག་ལམ་སྟོན་གླིང་པ། སྔགས་བན་བདུད་འཇོམས་རོལ་པའི་རྡོ་རྗེ། གར་གྱི་དབང་པོ་འཇིགས་མེད་རྣམ་རྒྱལ་བཟང་པོ་སོགས་མཚན་གྱི་རྣམ་གྲངས་དུ་མ་མངའ། ཡུལ་མགོ་ལོག་ནས་ཕེབས་པའི་རྒྱུ་མཚན་གྱིས་གཡུ་ཁོག་པས་མགོ་ལོག་སྤྲུལ་སྐུ་ཞེས་འབོད། རང་རྣམ་ཚིགས་བཅད་ཉུང་བསྡུས་ཤིག་ཡོད་པ་འདིར་བཀོད་ན། རང་བསྟོད་ཀྱི་གཏམ་ཉུང་ངུར་བརྗོད་པ་ལེགས་ལམ་ཁོལ་ཕྱུང་བུང་བའི་རྩི་བཅུད་ཞེས་བྱ་བ་བཞུགས། ཨོཾ་སྭ་སྟི། མཚུངས་མེད་གྲུབ་དབང་རྣམ་སྣང་རྡོ་རྗེ་ལ། །བཏུད་ནས་རང་བསྟོད་ཉུང་ངུར་བརྗོད་ལ་སྤྲོ། །ཨ་ཏིའི་རྣལ་འབྱོར་གསུམ་གྱི་སྒྱུ་འཕྲུལ་གར། །སྔགས་རིགས་འཆང་བ་བདུད་འཇོམས་རོལ་རྡོར་ང་། །སྐྱེས་མ་ཐག་ཏུ་དམ་པའི་ཆོས་དང་འཕྲད། །ཞག་བདུན་ལོན་དུས་ཡང་སྲིད་བཟུང་ཚུལ་བཤད། །ལོ་གསུམ་དུས་སུ་དམ་པའི་ཆོས་ལ་དད། །ལོ་བཞིའི་དུས་ནས་བྱང་ཆུབ་སེམས་མཆོག་སྐྱེས། །ལོ་ལྔའི་དུས་སུ་ཀློག་བསླབ་མཁས་པར་གྲགས། །ལོ་དྲུག་ནས་བཟུང་གཅིག་པུར་ཀློག་འདོན་ནུས། །ལོ་བརྒྱད་དུས་སུ་པད་འབྱུང་དངོས་སུ་མཇལ། །ལོ་གྲངས་དགུ་པར་སྨིན་གྲོལ་བདུད་རྩི་ཐོབ། །བཅུ་པར་མཁའ་འགྲོས་ལུང་བསྟན་གསལ་པོར་གནང་། །བཅུ་གཅིག་ལོ་ནས་ཟབ་ཆོས་ཉམས་སུ་བླངས། །བཅུ་བཞི་ལོ་ལ་སེམས་ཉིད་རང་ངོ་འཕྲོད། །བཅོ་ལྔའི་དུས་སུ་བསྟན་ལ་རབ་ཏུ་བྱུང་། །ཉི་ཤུའི་ལོ་ལ་ཆོས་ཁྲི་མཐོན་པོར་བཀོད། །སྐྱེས་ནས་ད་བར་གསར་རྙིང་རིས་མེད་ཀྱི། །བླ་མ་དམ་པ་ཉི་ཤུ་རྩ་གྲངས་ལས། །མདོ་སྔགས་ཟབ་དགུའི་ཆོས་ཀྱི་བདུད་རྩི་ཐོབ། །གཤིན་རྗེ་གཤེད་པོས་ཞལ་གཟིགས་བྱིན་རླབས་ཐོབ། །མ་གཤིན་ཐེའུ་རིང་རྒྱལ་བསེན་སྲོག་སྙིང་ཕུལ། །གུར་མགོན་དྲག་ཤད་ལྷ་མོ་གནོད་སྦྱིན་བཟང་། །སོ་སོས་བཀའ་བཞིན་སྒྲུབ་པའི་དམ་ཡང་བཅས། །ད་ལྟ་ལོ་གྲངས་ཉེར་དྲུག་ལོན་པ་སྟེ། །ཉེར་བརྒྱད་ལོན་དུས་ལས་ཀྱིས་ལྷོ་རུ་བགྲོད། །གཡས་འཁྱིལ་ཉལ་འགྲོ་ཟུང་གིས་ཉེ་བའི་ཆར། །ཕྱེད་བཅས་ལོ་དྲུག་བར་དུ་དམན་སྤྱོད་སྐྱོང་། །སོ་གསུམ་ནས་བཟུང་སླར་ཡང་མི་ངོ་འཕྲོད། །སོ་བདུན་དུས་སུ་ཚེ་གེགས་སེལ་བ་ན། །བཞི་བཅུའི་ལོ་ལ་ཡོ་བྱད་སྟ་གོན་བྱེད། །ཞེ་གཅིག་ནས་བཟུང་ཕྱོགས་གཉིས་གང་རུང་ལ། །རྒྱལ་བའི་ཐུགས་རྟེན་མཐོང་ཚད་རང་གྲོལ་བཞེངས། །དེ་སོགས་ཡ་མཚན་ཆེ་བའི་རྟེན་མང་པོ། །ལོ་གྲངས་ཞེ་དགུའི་བར་དུ་བསྒྲུབ་པའི་མཐར། །ལྔ་བཅུའི་ལོ་ནས་སྒྲུབ་པའི་གྲོགས་དང་བཅས། །འདག་སྦྱར་སྒྲུབ་ལ་བརྩོན་པའི་དམ་བཅའ་མཛད། །རེ་གཅིག་དོན་གསུམ་དག་གི་ཚེ་འཕྲང་ལས། །ཐར་ན་བརྒྱད་ཅུའི་བར་དུ་ངེས་པར་འཚོ། །དེ་ནས་ཞིང་མཆོག་ལྔ་རུ་ལན་གཅིག་འགྲོ། །སླར་ཡང་བྱང་ནས་དགེ་ལུགས་བསྟན་པ་འཛིན། །དེ་རྗེས་མངའ་རིས་ཕྱོགས་ནས་རྙིང་བསྟན་འཛིན། །དེ་མཐར་ཚེ་རབས་གཉིས་ཙམ་ཁམས་སུ་འོང་། །དེ་རྗེས་བོད་དུ་བརྟུལ་ཞུགས་སྤྱོད་པ་སྐྱོང་། །དེ་དང་བཀོད་ཆེན་གནས་སྒོ་ཕྱེ་བ་མཉམ། །དེ་སོགས་སྤྲུལ་པའི་བྱེ་བྲག་བསམ་མི་ཁྱབ། །ཚུལ་འདི་ཡོན་ཏན་ལེགས་པའི་ངོས་ནས་སྨྲས། །སྐྱོན་རྣམས་དཀར་ནག་གསལ་བཞིན་འདིར་མ་བཀོད། །འདི་ཉིད་སྨྲས་པའི་དགེ་བས་འགྲོ་རྣམས་ཀུན། །རིང་མིན་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་རང་བསྟོད་ཀྱི་ཚིག་ཉུང་ངུར་བསྡུས་པ་ལེགས་ལམ་ཁོལ་ཕྱུང་བུང་བའི་རྩི་བཅུད་ཅེས་བྱ་བ་འདི་ཡང་སྔགས་ནག་བདུད་འཇོམས་རོལ་པའི་རྡོ་རྗེས་ཤར་མར་བྲིས་པ་མངྒ་ལཾ། །ཞེས་གསུངས། དགུང་གྲངས་གྱ་གཉིས་བཞེས་པ་ཆུ་སྦྲུལ་ལོར་སྐུ་ཚེའི་སྨད་ཀྱི་བཞུགས་གནས་སྐུ་གསུམ་དབེན་གནས་སམ། ཡོངས་གྲགས་སྐུ་དབེན་དུ་གྲགས་པར་སྐུ་གཤེགས། འདའ་ཁར་ཉེ་འཁོར་རྣམས་ལ་ང་ཤི་རྗེས་རོ་དེ་ཡ་ཀིའི་སྤང་ངོས་སུ་བསྲེག་དགོས་ཞེས་ས་རྟགས་མཛད། དེ་སྐབས་དགུན་གྲང་བའི་སྒང་ཡིན་ཀྱང་ས་མིག་དེར་མེ་ཏོག་དཀར་པོ་ཞིག་སྐྱེས་ཡོད་པར་བཤད། གསུང་ཆོས་ཀྱི་སྐོར་ལ། རྩིས་ཀྱི་མན་ངག་བློ་དམན་ཉེར་འཚོ་སོགས་ཐུན་མོང་རིག་གནས་ཀྱི་སྐོར། མྱུར་ལམ་དམར་ཁྲིད་ཆེན་མོ་སོགས་ཐུན་མིན་ཉམས་ལེན་གྱི་སྐོར། དམ་ཆོས་སྐུ་གསུམ་ཡོངས་འདུས་སོགས་ཟབ་མོ་དག་སྣང་གི་སྐོར། འོད་ཟེར་ཅན་མའི་དགྲ་མནན་ལྕགས་ཀྱི་མཆོད་རྟེན་ནག་པོ་སོགས་གླིང་པ་རྣམ་གསུམ་གྱི་གཏེར་ཆོས་ཁ་སྐོང་གི་སྐོར། སྲི་མནན་བདེ་ཆེན་རྡོ་རྗེའི་རི་དབང་སོགས་ཉེར་མཁོ་ཆོག་བསྒྲིག་གི་སྐོར། གནས་བསྟོད་འབྲེལ་ཚད་མྱུར་གྲོལ་སོགས་གནས་ཡིག་གི་སྐོར། བྲོ་གླུ་བདུད་རྩིའི་མཆོད་པ་སོགས་མགུར་གླུའི་སྐོར། སྤྱི་བསང་འདོད་པ་ཀུན་འབྱུང་སོགས་ཡུལ་ལྷ་བསང་མཆོད་ཀྱི་སྐོར་སོགས་གླེགས་བམ་དུ་མ་ཞིག་ཡོད་པར་བཤད་ཀྱང་། དུས་འགྱུར་གྱི་ཁྲོད་གཏོར་བརླགས་སུ་སོང་བ་ལས་དེང་སྐབས་ཁོ་བོས་འཚོལ་བསྡུ་བྱས་པ་སྐུ་གསུམ་གྱི་གྲངས་ལྡན་གླེགས་བམ་གསུམ་བཞུགས། ཞལ་སློབ་ནི། ངེས་ལེགས་སྤྲུལ་སྐུ་བསྟན་འཛིན་ཆོས་ལྡན་དང་། འགྱུར་མེད་དཀོན་མཆོག་རྣམ་པ་གཉིས། གནམ་མཚོ་སྤྲུལ་སྐུ་འགྱུར་མེད་གཞན་ཕན། རྒྱལ་རོང་ཆུ་འཕུར་མ། སོག་པོ་མཁན་ཆེན་སྐལ་བཟང་དར་རྒྱས། སྐྱིད་པ་བླ་མ་མཁྱེན་རབ་རྒྱ་མཚོ། རིགས་སྲས་ཀློང་ཆེན་ཡོན་ཏན་རྒྱ་མཚོ། བཀོད་ལེགས་དབོན་པོ་པདྨ་སྐལ་བཟང་། གོས་དཀར་འཆང་བ་རྡོ་རྗེ་དཔལ་འཛིན། མཁར་ལོག་བླ་མ་པདྨ་དངོས་གྲུབ་སོགས་སྐྱེས་ཆེན་དུ་མ་བྱོན་པར་འདུག་གོ །

བཞུགས་བྱང་དཀར་ཆག་དངོས།

གཉིས་པ་གཏེར་ཆོས་གླེགས་བམ་རྣམས་ཀྱི་བཞུགས་བྱང་དཀར་ཆག་དངོས་འགོད་པ་ལ། ཐོགམར་གླེགས་བམ་༼ཨོཾ།༽རྟགས་ཅན་ལ། དག་སྣང་སྐུ་གསུམ་དགོངས་མཛོད་ཀྱི་སྐོར་སྟེ། བརྒྱུད་རིམ་གསོལ་འདེབས་སྐུ་གསུམ་ལམ་བཟང་། སྦྱོར་བའི་ཆོས་རྣམས་མདོར་བསྡུས་སུ་བྱ་བ། སྔོན་གཏོར་དང་བགེགས་གཏོར་བྱིན་རླབས། གུ་རུའི་ཐུགས་སྒྲུབ་སྐུ་གསུམ་ཡོངས་འདུས། ཐུགས་སྒྲུབ་བྱིན་འབེབ་ཆེན་མོ། འཁོར་གྱི་ཛཔ྄་དམིགས། ཚེ་འགུགས་མཚམས་སྦྱོར། ཚེ་འགུགས་བྱིན་རླབས་སྤྲིན་ཕུང་། ཐུགས་སྒྲུབ་ཀྱི་ཆ་ལག་ཚེ་འགུགས་བསྡུས་པ། གསང་ཐིག་སྙིང་པོའི་ཡང་བཅུད་ཀྱི་བླ་ཚེ་འགུགས་པའི་གབ་ཐིག བཤགས་ཆུང་ཉེས་ལྟུང་དབྱིངས་གྲོལ། ཚོགས་མཆོད་སྐུ་གསུམ་དགྱེས་པའི་དགའ་སྟོན། ཚོགས་གླུ། དྲང་སྲོང་མཆོད་ཐབས་ཕྲིན་ལས་ཐོགས་མེད། རྗེས་ཀྱི་ལས་རིམ། བསྐང་བཤགས་སྐུ་གསུམ་དགྱེས་པའི་རོལ་མོ། ཚེ་དབང་འཁོར་འདས་བཅུད་དྲིལ་མཚམས་སྦྱོར་དང་བཅས་པ། མཐའ་རྟེན་ནོར་བུའི་དོ་ཤལ། མཐའ་རྟེན་བསྡུས་པ། དམ་སྲི་རྒབ་འདྲེ་མནན་པའི་ལས་ཚོགས་རྒྱ་གྲམ་འབར་བ། གཡང་སྒྲུབ་དཔལ་ཡོན་འབུམ་བརྡལ། གཡང་སྒྲུབ་ཀྱི་དམིགས་བཟླས། གཡང་འགུགས་ཀྱི་དམིགས་རིམ། སྲིད་ཞིའི་དཔལ་འབྱོར་མ་ལུས་པ་ལྕགས་ཕྱེ་བཞིན་དུ་སྡུད་པའི་ཐབས་ཟབ་མོས་དད་གསོལ་སྨོན་ལམ་འདུས་པའི་ཁབ་ལེན་རི་བོ། བླ་མ་ནོར་ལྷའི་གཡང་འགུགས་སྲིད་ཞིའི་དཔལ་འབྱོར་དབང་སྡུད། གཡང་འགུགས་བསྡུས་པ་ཕྱྭ་གཡང་ཀུན་སྡུད། ཕྱྭ་གཡང་འགུགས་པའི་ཕྲིན་ལས་འདོད་འབྱུང་དཔལ་གྱི་བུམ་བཟང་། འཇའ་ཚོན་གཡང་འགུགས། ནོར་སྒྲུབ་སྤྱི་ལ་མཁོ་བའི་སྐོར་ལྷ་མོ་བརྒྱད་གཡང་ལས་ཕྱུངས་བ། རྟེན་བཞུགས་ལྡེབ་ཤར། དངོས་གྲུབ་ལེན་པ་ལྡེབ་ཤར། རྒྱུན་ཁྱེར་ཡང་སྙིང་འདུས་པ། འཆི་བསླུ་བདུད་བཞི་དབྱིངས་གྲོལ་ལ་ཉེ་བར་མཁོ་བའི་ཁ་བསྐང་། འཆི་བསླུ་བདུད་བཞི་དབྱིངས་གྲོལ། ཛམ་བྷ་ལ་ནག་པོའི་སྲོག་གི་གཟུངས་ཡིད་བཞིན་ནོར་བུ། མཚམས་ཐོ། སྔོན་འགྲོའི་ངག་འདོན་སྐུ་གསུམ་སྒོ་འབྱེད། མྱུར་ལམ་དགོངས་མཛོད་སྙིང་པོའི་དམར་ཁྲིད་སྐུ་གསུམ་དགོངས་མཛོད་རབ་ཏུ་སྣང་བའི་ཉི་མ་གཞོན་ནུ་བཅས་ཆོས་ཚན་བཞི་བཅུ་ཐམ་པ་བཞུགས། གླེགས་བམ་༼ཨཱཿ༽པ་ལ། གཙོ་བོ་རིག་འཛིན་ལུང་རིག་གླིང་པའི་གཏེར་ཆོས་ཁ་སྐོང་གི་སྐོར་སྟེ། རྡོ་རྗེ་གྲོ་ལོད་ཀྱི་ལས་བྱང་ཁྲིགས་བསྡེབས་གནམ་ལྕགས་ཐོག་གི་ཚྭ་ཚྭ། རྡོ་རྗེ་གྲོ་ལོད་ཀྱི་བསྐང་བསྡུས་འདོད་འབྱུང་ནོར་བུ། ཚོགས་ཞུ་ལན་ལྡེབ་ཤར། བསྙེན་གནས་ཐར་བའི་ཐེམ་སྐས་ཀྱི་ཁ་བསྐང་དུ་ཕྱག་འཚལ་བའི་རིམ་པ། རྟ་མགྲིན་གྱི་མཚམས་ལྷ་བསྐྱེད། རྟ་མགྲིན་མདུན་བསྐྱེད། རྟ་མགྲིན་གྱི་དབང་བཤད་སྐལ་བཟང་ཐར་ལམ་འདྲེན་པའི་ཐེམ་སྐས། གསང་བདག་གཏུམ་པོའི་ཐུགས་སྒྲུབ་སྙིང་པོའི་བསྐང་བ། གསང་བདག་རྡོ་རྗེ་གཏུམ་པོའི་སྒྲོལ་བ་དྲག་པོའི་ལས་རིམ་ཁྲིགས་སུ་བསྡེབས་པ་ཁྲོ་རྒྱལ་སྟོབས་འདུས། ཕུར་བའི་ལུས་དཀྱིལ་རྒྱུན་ཁྱེར་གྱི་རྗེས་ཆོག ཕུར་པ་དམ་སྲི་ཚར་གཅོད་ཀྱི་གཏེར་གཞུང་སྐབས་སུ་ཁ་སྐོང་ཟོར་གྱི་ལས་རིམ། སྲི་ཅན་གདུག་པའི་ཚོགས་རྣམས་སྐྱེ་མེད་དབྱིངས་ཀྱི་བྲུབ་ཁུང་དུ་གནོན་པའི་ཐབས་ཟབ་མོ་བདེ་ཆེན་རྡོ་རྗེའི་རི་དབང་། དབྱངས་ཅན་མའི་ལོ་རྒྱུས། འོད་ཟེར་ཅན་མའི་ཚེ་སྒྲུབ་བདུད་རྩིའི་ཡང་བཅུད། དཔའ་མོ་འོད་ཟེར་ཅན་མའི་དྲག་པོའི་ལས་མཐའ་དགྲ་མནན་ལྕགས་ཀྱི་མཆོད་རྟེན་ནག་པོ། འོད་ཟེར་ཅན་མའི་དགྲ་མནན་ལ་ཉེ་བར་མཁོ་བའི་ཟུར་ཡིག་ལིང་ཀ་བྲི་ཐབས། འོད་ཟེར་ཅན་མའི་དགྲ་མནན་གྱི་ཟུར་རྒྱན་གནམ་ལྕགས་རྡོ་རྗེའི་དྲྭ་བ། དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་གི་དགྲ་མནན་སྔགས་ཁོལ་དུ་ཕྱུང་བ། འོད་ཟེར་ཅན་མའི་དགྲ་མནན་འདོན་འགྲིགས། ལྷ་མོ་རིག་བྱེད་མའི་ལོ་རྒྱུས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྗེས་གནང་ལག་ལེན་བྱིན་རླབས་ཆར་རྒྱུན། དུད་སོལ་ལྷ་མོའི་བརྒྱུད་འདེབས་སྐྱབས་སེམས་བདག་བསྐྱེད་ཀྱི་རིམ་པ་རྡོ་རྗེའི་ཕ་ལམ། རྒྱལ་རོང་གཏེར་བྱོན་སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ཀྱི་དབང་གི་མཚམས་སྦྱོར་འཆི་མེད་ལམ་བཟང་བགྲོད་པའི་ཤིང་རྟ་བཟང་པོ། ཟབ་ལམ་འཕོ་བའི་ལས་རིམ་ཁྲིགས་སུ་བསྡེབ་པ་འཕྲད་ཚད་མྱུར་གྲོལ། ཤམ་བྷ་ལའི་ཆོས་རྒྱལ་རིགས་ལྡན་བརྒྱུད་པར་བཅས་ལ་གསོལ་བ་འདེབས་པའི་འཕོ་བ། ཕྱག་རྒྱ་ཆེན་པོའི་འཕོ་བ། ཡུལ་དམ་པ་རྣམས་ལ་གསོལ་འདེབས་འཕོ་བ། བླ་མ་སངས་རྒྱས་དབྱེར་མེད་ལ་གསོལ་འདེབས་ཀྱི་འཕོ་བ། སྐྱེས་བུ་དམ་པ་ལ་གསལ་འདེབས་ཚུལ། ཟབ་ལམ་འཕོ་བའི་མན་ངག་ཉུང་ངུར་བསྡུས་པ་འབྲེལ་ཚད་མྱུར་གྲོལ། ཟབ་ལམ་འཕོ་བའི་ཉམས་ལེན་སྙིང་པོ་བཅུད་དྲིལ། དམ་ཆོས་ཡང་ཟབ་པདྨའི་ཐུག་ཐིག་གི་ཆ་ལག་སྡིག་ཅན་གཤིན་པོའི་འཕོ་ལུང་། གཤིན་པོ་རྗེས་འཛིན་ཐུགས་རྗེའི་ལྕགས་ཀྱུ་ལས་ངོ་སྤྲོད་ཉུང་ངུ་ཐར་ལམ་གསལ་བྱེད། ཞི་ཁྲོའི་དབང་གི་མཚམས་སྦྱོར་མདོར་བསྡུས་བཅས་ཆོས་ཚན་སུམ་ཅུ་སོ་གཉིས་བཞུགས།གླེགས་བམ་༼ཧཱུྃ།༽པ་ལ། ཉེར་མཁོ་སྣ་ཚོགས་ཀྱི་སྐོར་སྟེ། སྐྱེ་ཕྲེང་གསོལ་འདེབས་བཟང་པོ་ཀུན་འདུས། སྐྱེ་ཕྲེང་གསོལ་འདེབས་དུས་གསུམ་གསལ་བྱེད། སྐྱེ་ཕྲེང་གསོལ་འདེབས་བསྡུས་པ། རང་བསྟོད་ཀྱི་གཏམ་ཉུང་ངུར་བརྗོད་པ་ལེགས་ལམ་ཁོལ་ཕྱུང་བུང་བའི་རྩི་བཅུད།དཔལ་མཆོག་གི་དང་པོའི་སངས་རྒྱས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་བློ་དམན་ཉེར་འཚོ། དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཉེར་མཁོའི་ལག་ལེན་ཉུང་ངུ་རྣམ་གསལ། དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཉུང་ངུ་རྣམ་གསལ་གྱི་རེའུ་མིག་ཉེར་མཁོ་འདུས་གསལ་ཚངས་བ། གཟའ་ལྔའི་དལ་མྱུར་རེའུ་མིག གླང་རྩིས་ཐོར་བུ། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་ཉུང་ངུར་བསྡུས་པ་ངོ་མཚར་སྤྲིན་གྱི་རོལ་མོ། སྔ་འགྱུར་བ་ཆེ་བ་དྲུག་གིས་ཁྱད་པར་དུ་འཕགས་ཚུལ། ཕྱི་ནང་གི་ཁྱད་པར་ལྔ། ཆེན་པོ་བདུན་གྱིས་ཐེག་ཆེན་འཕགས་ཚུལ། ཇོ་བོ་རྣམ་གསུམ་བཞེངས་ཚུལ། ཇོ་བོ་མི་བསྐྱོད་རྡོ་རྗེའི་ལོ་རྒྱུས་བསྡུས་པ། ཐུན་མཚམས་ཀྱི་སྤྱོད་ལམ། རྫ་བྲག་མདོའི་གནས་བསྟོད་འབྲེལ་ཚད་མྱུར་གྲོལ། གནས་མཆོག་རྡོ་རྗེའི་བྲག་རྫོངས་ལ་ཆ་ཙམ་བསྔགས་པ་ཐར་ལམ་མྱུར་བགྲོད། སྦས་གནས་གསོལ་འདེབས་བསྡུས་པ། གནས་མཆོག་སྒོ་འབྱེད་ཀྱི་སྨོན་ཚིག་རེ་འདོད་མྱུར་སྐོང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་མཆོད་རྟེན་གྱི་ཐིག་གདབ་ཚུལ་ཅུང་ཟད་བརྗོད་པ་འབྲེལ་ཚད་མྱུར་གྲོལ། སྤྲིངས་ཡིག་བདེན་པའི་རང་སྒྲ། བུད་མེད་ཀྱི་ཉེས་སྐྱོན་བརྗོད་པའི་གཏམ་འདུལ་འཛིན་དགྱེས་བྱེད། སྐལ་ལྡན་ཆོས་དབྱིངས་བཟང་མོ་ལ་གདམས་པ། འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་སྡེ་ཡོན་ཏན་བཀོད་པའི་རྒྱལ་པོ། བསྐལ་བཟང་སངས་རྒྱས་སྟོང་རྩའི་མཚན་བརྗོད་ངན་སོང་འཇིགས་སྒྲོལ། དཔལ་ལྡན་བླ་མ་འཇམ་པའི་དབྱངས་ཀྱི་རྣལ་འབྱོར་དགོས་འདོད་ཀུན་འབྱུང་དབང་གི་རྒྱལ་པོ། མི་འཁྲུགས་པའི་བསྒོམ་བཟླས་ཐར་ལམ་ཤིང་རྟ། ཐམས་ཅད་རིག་པའི་བསྒོམ་བཟླས་ཐར་ལམ་སྣང་བྱེད། དྲི་མེད་བཤགས་རྒྱུད་བཀླག་ཐབས། གྲུབ་ཆེན་བརྒྱད་ཅུ་རྩ་ལྔའི་གསོལ་འདེབས་ཐུགས་རྗེ་རྒྱུད་བསྐུལ། སྒྲོལ་མ་བསྡུས་པ། པདྨ་འབྱུང་གནས་དང་རྩ་བའི་བླ་མ་གཉིས་སུ་མེད་པ་ལ་གསོལ་འདེབས། གསོལ་འདེབས་ཉུང་ངུ། ཚོགས་མཆོད་བསྡུས་པ། དམར་ཕྱོགས་ཉེར་ལྔའི་གསོལ་འདེབས་མཁའ་འགྲོའི་རྒྱུད་བསྐུལ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ། སྐུ་གསུམ་རིག་པའི་གསོལ་འདེབས་འཁྲུལ་རྟོག་རང་གྲོལ། བླ་མ་རྒྱང་འབོད་བསྡུས་པ། གླིང་པ་རྣམ་གསུམ་གྱི་གསོལ་འདེབས། རྒྱུན་ཁྱེར་ཕུང་པོའི་མཆོད་སྦྱིན་འདོད་འཇོའི་འཁྲི་ཤིང་། རྩ་བའི་བླ་མ་འགྱུར་མེད་བློ་གྲོས་མཐའ་ཡས་ཀྱི་ཡང་སྲིད་མྱུར་འབྱོན་གསོལ་འདེབས་བརྩེ་ཆེན་ཐུགས་རྗེའི་བསྐུལ་མ། དཔལ་ལྡན་བླ་མ་དམ་པའི་གསོལ་འདེབས་མཆོག་ཐུན་དངོས་གྲུབ་མྱུར་དུ་འགུགས་པའི་ལྕགས་ཀྱུ། བྲོ་གླུ་བདུད་རྩིའི་མཆོད་པ། ཆང་མཆོད། གཟན་དཀར་རིན་པོ་ཆེའི་ཞབས་བརྟན་སྨོན་བྲོ་མི་ཤིགས་ན་དཱའི་སྒྲ་དབྱངས། ཐོག་མའི་ཀློག་སློབ་པ་རྣམས་ཀྱི་ཆེད་དུ་མཛད་པའི་གསོལ་འདེབས། ཆང་བུ་རྒྱུན་བསྔོ་བགེགས་ཚོགས་མྱུར་གྲོལ། ཆབ་གཏོར་འདོད་དགུའི་ཆར་འབེབས། བདེན་བརྗོད་སྤྱི་འགྲོས་གདོན་བགེགས་མཐར་བྱེད། ཡིག་དྲུག་བསྐུལ་མ་མེས་དབོན་དགྱེས་གླུ། བདེ་ཆེན་ཞིང་གི་སྨོན་ལམ་བསྡུས་པ། ནོར་བདག་གཏོར་འབུལ་དངོས་གྲུབ་འདོད་སྟེར། རྣམ་སྲས་ཀྱི་བསྐང་བསྡུས། རྒྱལ་ཆེན་རྣམ་སྲས་ཀྱི་གཏོར་འབུལ་ཀྱི་གཏོར་འབུལ་རྒྱུན་ཁྱེར། དྲང་སྲོང་གསོལ་མཆོད་ཕྲིན་ལས་མྱུར་མཛད། དཔལ་མགོན་ཕྱག་བཞི་པའི་གཏོར་འབུལ། འཛམ་གླིང་སྐྱེས་བུའི་རྒྱུན་གཏོར་འདོད་དགུ་མྱུར་སྩོལ། གེ་སར་སྐྱེས་བུའི་གཡང་འགུགས་དགོས་འདོད་ཀུན་འབྱུང་། ལྷ་ཆེན་གསོལ་མཆོད་འགྲོ་བ་དབང་བསྡུད། དགོངས་འདུས་བཀའ་བསྲུང་གསོལ་བསྡུས། བསང་གི་ཁ་སྨོན་དགེ་ལེགས་ཀུན་འབྱུང་། བསང་གི་ཁ་སྨོན་གནའ་བོའི་ལུགས་བཟང་། ཕུར་སྲུང་བསང་བསྡུས། རྡོ་རྗེ་སྡེར་མོའི་བསང་བསྡུས་དགྲ་འཇོམས་འཕྲུལ་རྒྱོགས། རྡོ་རྗེ་སྡེར་མོའི་བསང་བསྡུས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་བསང་བསྡུས་དབང་པོའི་རྒྱལ་རྔ། འཛམ་གླིང་སྤྱི་ཡི་བསང་བསྡུས་ཟག་མེད་བདུད་རྩིའི་སྤྲིན་ཕུང་། དུད་སོལ་མའི་བསང་བསྡུས། སྡེ་དཔོན་སུམ་ཅུའི་བསང་བསྡུས། ལྷ་བཙན་བསང་བསྡུས། ཐང་ལྷའི་བསང་བསྡུས། རྟ་ལྷའི་བསང་བསྡུས། གུ་དྲག་བཀའ་སྲུང་བསང་བསྡུས། འདོད་གསོལ། གངས་དཀར་ཏི་སེའི་བསང་བསྡུས་འདོད་འབྱུང་དབང་རྒྱལ། ཟོ་དོར་སྤྱི་བསང་འདོད་པ་ཀུན་འབྱུང་། ཆུ་དབར་གྱི་ཡུལ་ལྷ་སྤྱི་ཡི་བསང་བསྡུས་འདོད་པ་ཀུན་འབྱུང་། ཡུལ་ལྷའི་བསང་བསྡུས་དགོས་འདོད་ཀུན་འབྱུང་། ལྷ་ལུང་བྲག་མདོའི་ཕྱོགས་ཀྱི་ཡུལ་ལྷ་སྤྱིའི་བསང་བསྡུས་དགོས་འདོད་ཀུན་འབྱུང་། ས་དམར་དགོན་ཤར་གྱི་གནས་བདག་མཆོད་ཐབས་བསྡུས་པ་འདོད་དོན་མྱུར་འགྲུབ། གནས་སྲུང་བཙན་རྒོད་ཀྱི་གཏོར་འབུལ་རྒྱུན་ཁྱེར། ཡུལ་ལྷའི་བསང་བསྡུས་བསམ་དོན་མྱུར་སྩོལ། རྫ་བྲག་སྟོད་སྨད་ཀྱི་གཞི་བདག་བསང་བསྡུས། གཡུ་སྟོད་སྨད་ཀྱི་བསང་བསྡུས། བོལ་གོང་ལྡོང་རིའི་གནས་བསང་བསམ་འཕེལ་ནོར་བུ། དགའ་མ་གདོང་གི་གནས་བདག་ལྷ་སྨན་ཆེན་མོའི་བསང་མཆོད་ལྷ་མིའི་འདོད་འབྱུང་། གནས་གཞིའི་བདག་པོའི་བསང་བསྡུས་སྨོན་པ་མྱུར་འགྲུབ། གཡི་ཉིན་ནུའི་ཡུལ་ལྷའི་བསང་བསྡུས་བསམ་དོན་མྱུར་འགྲུབ། ཡུལ་ལྷ་ར་མ་གྱོ་བཙན་གྱི་བསང་བསྡུས་དགོས་འབྱུང་ནོར་བུ། གངས་སེང་བསང་བསྡུས། དཔའ་བོ་སྟག་འཕྲུའི་བསང་བསྡུས། དགྲ་བླའི་བསང་བསྡུས། ནོར་བུ་ལྷ་རྩེའི་བསང་བསྡུས། གཉན་པོ་གཡུ་རྩེའི་བསང་བསྡུས། མཚོ་སྨན་རྒྱལ་མོའི་བསང་བསྡུས། འཁྱིལ་ཆེན་གཞི་བདག་རྣམས་ཀྱི་བསང་བསྡུས། ཆུ་དབར་མཚོ་ལུང་གཡུང་དྲུང་དུང་རྩེའི་བསང་མཆོད་འདོད་དོན་མྱུར་འགྲུབ། ཡུལ་ལྷ་གཡུང་དྲུང་ལྷ་རྩེའི་བསང་མཆོད་བཀྲ་ཤིས་ཆར་འབེབས།ཡིག་དྲུག་གནས་ཀྱི་སྲུང་མ་ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་གི་བསང་མཆོད་ཡིད་བཞིན་ཆར་འབེབས། གཡི་སྨད་གནས་བདག་གི་བསང་མཆོད་ཕྲིན་ལས་ཀུན་འབྱུང་། ཡུལ་སྐྱོང་དངུལ་རྫིའི་རྒྱུན་བསང་འདོད་རྒུ་མྱུར་འགྲུབ། གཡི་རོང་ཡུལ་ལྷ་མངའ་རིའི་ཙན་དན་སྡོང་པོའི་བསང་མཆོད་འདོད་དོན་ཀུན་འབྱུང་། སྐུ་བླ་སྲིད་རྒྱལ་གྱི་བསང་མཆོད། རི་ཕྱུགས་མགོན་གྱི་བསང་མཆོད་དགོས་འདོད་རེ་སྐོང་། གནས་མཆོག་འཆི་མེད་དཔལ་གྱི་སེང་གེ་ཀེའུ་ཚང་གི་གནས་བདག་བསང་མཆོད་འདོད་དོན་ལྷུན་གྲུབ། ཡུལ་སྐྱོང་རྡོ་རྗེ་རབ་བརྟན་གྱི་བསང་བསྡུས་འདོད་དགུའི་འཁྲི་ཤིང་། ཡུལ་ལྷའི་འགྲས་བསྡུམ་ལྷ་མིའི་མཐུན་སྦྱོར། མཆོད་རྟེན་ཡུལ་ལྷའི་བསང་བསྡུས་འདོད་དོན་ལྷུན་གྲུབ། ཤོག་བཞི་ཡུལ་ལྷའི་བསང་བསྡུས་འདོད་འབྱུང་ནོར་བུ། ལྷ་སྲས་རྨུ་རྡོའི་བསང་བསྡུས། ཚེ་རབས་རྗེས་འཛིན་གསོལ་འདེབས་འབད་མེད་མྱུར་གྲོལ་བཅས་ཆོས་ཚན་བརྒྱ་དང་དགུ་བཞུགས་སོ།།

པར་དུ་བསྐྲུན་པའི་ཕན་ཡོན་བརྗོད་པས་མཇུག་བསྡུ་བ།

གསུམ་པ་པར་དུ་བསྐྲུན་པའི་ཕན་ཡོན་བརྗོད་པས་མཇུག་བསྡུ་བ་ནི། ཀརྨ་པ་མཁའ་ཁྱབ་རྡོ་རྗེས། སྙིགས་མའི་ཡང་མཐའ་འདིར་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་རྒྱལ་བ་དགྱེས་པའི་མཆོད་པ་མཆོག་དང་། འགྲོ་ཁམས་ཡོངས་ལ་སྨན་པའི་རྩ་བ་དེ་ལས་ཆེ་ཞིང་ཁྱད་པར་འཕགས་པ་གཞན་མ་དམིགས་ཤིང་། དེ་ཡང་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ནི་འཆད་ཉན་སྒོམ་སྒྲུབ་ཀྱི་སྒོ་ནས་འཛིན་པ་ཡིན་མོད་ཀྱང་། འདིར་འདུས་བྱས་ཀྱི་དགེ་བའི་རྩ་བ་གསུང་རབ་རིན་པོ་ཆེ་གཅིག་ལས་དུ་མར་འཇོ་བའི་སྤར་དུ་བཞེངས་པ་འདི་ནི་དགོས་པ་མཆོག་དང་ལྡན་ཏེ། རང་རེ་རྣམས་ཀྱི་གཉེར་བྱའི་མཐར་ཐུག་ནི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡིན་ལ། དེ་ཉིད་སྒྲུབ་པའི་ཐབས་ནི་ལུང་དང་རྟོགས་པའི་རང་བཞིན་ཅན་གྱི་དམ་པའི་ཆོས་སྒྲུབ་པ་ཁོ་ན་ལ་རགས་ལས་ཤིང་། དེའང་ཡི་གེའི་ཕྱི་མོ་ཉིད་ལ་གནས་པ་དང་། གསུང་རབ་ལ་ཐོས་བསམ་བགྱི་བ་དང་། ཡི་གེར་འབྲི་བ། གླེགས་བམ་སྦྱིན་པ་སོགས་ཀྱང་དམ་པའི་ཆོས་ཡོངས་སུ་བཟུང་བར་འགྱུར་ཞིང་། གསུང་རྡོ་རྗེ་གཟུགས་བརྙན་དུ་འཕོས་པའི་ཡི་གེའི་འབྲུ་རེ་རེའང་བདེ་བར་གཤེགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཇི་སྙེད་པ་རྣམས་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་ཡིན་པས། དེ་ཉིད་བསྐྲུན་པ་ནི་གཟུགས་སྐུ་བཞེངས་པའི་མཆོག་ཏུ་འགྱུར་བ་དང་། གླེགས་བམ་ཡི་གེར་འབྲི་བ་ལས་ཀྱང་སྤར་དུ་བཞེངས་པ་ནི་སྒོ་དུ་མ་ནས་ཁྱད་དུ་འཕགས་པ་དངོས་སྟོབས་ཀྱི་རིག་པས་འགྲུབ་ལ། ཞེས་གསུངས་པ་ལྟར། རྒྱལ་དབང་ཨོ་རྒྱན་ཆེན་པོས་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ཀྱི་དགོངས་པའི་ཡང་ཞུན་བཅུད་དུ་དྲིལ་ནས་རྗེ་འབངས་སྙིང་གི་བུ་མཆོག་རྣམས་ལ་སྨོན་ལམ་གྱི་གཏད་རྒྱ་དང་བཅས་ཏེ་སྙིགས་མའི་རྒུད་པ་འཇོམས་པའི་ཕྱིར་གཏེར་དུ་སྦས་པའི་ཟབ་ཆོས་བླ་ན་མེད་པ་རྣམས་རྟེན་འབྲེལ་དུས་སུ་སྨིན་པའི་ཚེ་ངོ་མཚར་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་གཏེར་ནས་སྤྱན་དྲངས་པའི་དུས་བབས་ཀྱི་ཟབ་ཆོས། རྒྱུད་ལུང་མན་ངག་གི་བཅུད་ཕུར། བསྐྱེད་རྫོགས་རྫོགས་ཆེན་གྱི་གནད་གསང་། ཡེ་ཤེས་མཁའ་འགྲོའི་སྙིང་ཁྲག་དྭངས་མ་འདི་དག་འཇིག་རྟེན་གྱི་ཁམས་སུ་དར་ཞིང་རྒྱས་ལ་ཡུན་དུ་གནས་པའི་སླད་དུ་འཐོར་བ་བསྡུས་ཤིང་གླེགས་བམ་དུ་བསྐྲུན་ནས་ཕྱོགས་སུ་སྤེལ་བའི་མཛད་པ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན། བསྟན་ལ་བྱ་བ་བྱས་ཤིང་བླ་མའི་སྲི་ཞུ་བསྒྲུབ་པ་བླ་ན་མེད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་མདོ་ལས། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། གླེགས་བམ་དུ་བྱས་ཏེ་འཆང་བ་དེས་འདི་སྙམ་དུ། བདག་གིས་དེང་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་དུ་སེམས་བསྐྱེད་པར་བྱའོ་ཞེས་དང་། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རིན་ཆེན་སྣ་བདུན་ལ་སོགས་པས། །རྒྱལ་བ་ཀུན་གྱི་རང་བཞིན་ཅན། །མ་ལུས་བསྡུས་པའི་ངོ་བོ་ཉིད། །སྐུ་གསུང་ཐུགས་ཉིད་བྲིས་པ་ཡིན། །ཞེས་དང་། གུ་རུའི་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུ་ལས། གླེགས་བམ་ཙམ་ཞིག་བཞུགས་པ་ཡི༔ ས་ཕྱོགས་དེ་དག་ཐམས་ཅད་ཀྱང༔ རྡོ་རྗེའི་འོག་མིན་ཉིད་དང་མཚུངས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ རིག་འཛིན་བརྒྱུད་པས་བྱིན་གྱིས་རློབས༔ དཔའ་བོ་དྷཱ་ཀི་སྤྲིན་བཞིན་འདུ༔ ཆོས་སྐྱོང་སྲུང་མས་བྲན་ལྟར་བྱེད༔ ཞེས་སོགས་མདོ་རྒྱུད་རྣམས་ནས་ཕན་ཡོན་རྒྱ་ཆེར་གསུངས་པ་ལྟར་འཆད་ཉན་སྒོམ་སྒྲུབ་ཀྱི་སྒོ་ནས་རྒྱལ་བའི་བསྟན་ལ་བྱ་བ་བྱེད་པ་ལྟ་ཅི། བཀའ་གཏེར་གསུང་རབ་རྣམས་ཀྱི་ཕྱི་མོ་དང་། དེ་ཉིད་གཅིག་ལས་དུ་མར་འཕྲུལ་བའི་གླེགས་བམ་རྣམས་གང་དང་གང་དུ་བཞུགས་པ་དེ་དང་དེར་མི་མཐུན་པའི་ཕྱོགས་ཀུན་ཞི་ཞིང་སྲིད་དང་ཞི་བའི་ལེགས་ཚོགས་ཐམས་ཅད་རང་བཞིན་འདུ་བར་འགྱུར་བར་གསུངས་པའི་ཕྱིར་ན་བསོད་ནམས་ཚད་མེད་པ་བསགས་པ་ཡིན་ནོ།། སླར་སྨྲས་པ། བཀའ་གཏེར་གླེགས་བམ་ལྷུན་པོའི་གཏོས་མཉམ་པ། །མཆོད་སྟེགས་དྲ་མིག་ནང་དུ་གཟིམ་པ་ལས། །གླེགས་ཐག་དཀྲོལ་བའི་གོ་སྐབས་དཀོན་དུས་འདིར། །འདི་ཀོ་ངལ་བས་བྱས་པ་དོན་ཆུང་མོད། །ཀུན་བཟང་ཧེ་རུ་ཀ་དཔལ་ཐུགས་ཀྱི་གཏེར། །མ་ཚོགས་མཁའ་འགྲོའི་སྙིང་གི་དྭངས་མའི་བཅུད། །སྐལ་དམན་སྐྱེ་བོར་གསང་བའི་རྡོ་རྗེའི་རྒྱ། །རང་གར་འཐོར་ལ་མི་ཕངས་སུ་ཞིག་ཡོད། །གར་གྱི་དབང་པོ་འཇིགས་མེད་རྣམ་རྒྱལ་གྱི། །དག་སྣང་སྐུ་གསུམ་དགོངས་མཛོད་ཀྱིས་མཚོན་པའི། །གསུང་ཆོས་གང་ཟིན་འབད་པས་རབ་བསྡུས་ནས། །གཅིག་ལས་དུ་མར་བསྐྲུན་པའི་སྐལ་བཟང་མངོན། །འདིའི་མཚོན་དུས་གསུམ་ལེགས་བྱས་ཆབ་ཀྱི་རྒྱུན། །དམིགས་བྲལ་འཁོར་གསུམ་དག་པའི་རྒྱས་བཏབ་སྟེ། །དཔའ་ཆེན་རྣམས་ཀྱི་ཚོགས་གཉིས་རྒྱ་མཚོ་ཆེར། །གཅིག་ཏུ་འདྲེས་ནས་མི་ཟད་འཕེལ་གྱུར་ཅིག །སྙིགས་མའི་སྐྱབས་གཅིག་ཨོ་རྒྱན་ཆེན་པོ་ཡི། །རིང་ལུགས་ཉེ་བརྒྱུད་དག་སྣང་ཟབ་ཆོས་འདི། །ནོར་འཛིན་ཡངས་པའི་ཁྱོན་དུ་རབ་དར་ཞིང་། །ནད་མུག་མཚོན་གྱི་བསྐལ་ངན་ཞི་གྱུར་ཅིག །ལུས་ཅན་ཡིད་མཁར་བྱིན་རླབས་སྤྲིན་ཕུང་འཁྲིགས། །སྨིན་གྲོལ་ཆར་གྱིས་རིགས་ཁམས་ནོར་འཛིན་བརླན། །སྐུ་བཞིའི་སྙེ་མས་དོན་གཉིས་བང་མཛོད་གཏམས། །འགྲོ་ལ་ཕན་བདེའི་དགའ་སྟོན་རྟག་འཇོ་ཤོག །ཞེས་གར་གྱི་དབང་པོ་འཇིགས་མེད་རྣམ་རྒྱལ་གྱི་དགོངས་གཏེར་ཆོས་སྡེའི་དཀར་ཆག་མུ་ཏིག་ཕྲེང་བ་ཞེས་བྱ་བ་འདི་ཡང་དམ་པ་གང་གི་རིགས་དབོན་དུ་སྐྱེས་པའི་གདོལ་སྤྱོད་མཁན་ཡི་དམ་རྡོ་རྗེར་འབོད་པས་གསུང་ཆོས་གང་རྙེད་རྩིས་འཕྲུལ་དུ་ཕབ་བསྡུ་ཞུ་དག་བཅས་གཅིག་ལྕོགས་སུ་བགྱི་བའི་ཞོར་དུ་བྲིས་ནས་ལྕགས་གླང་ཐ་སྐར་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོའི་ཉིན་མཇུག་གྲུབ་པར་བགྱིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ། དགེའོ།། དགེའོ༎ དགེའོ༎

བརྒྱུད་རིམ་གསོལ་འདེབས་སྐུ་གསུམ་ལམ་བཟང་།

དམ་ཆོས་སྐུ་གསུམ་དགོངས་པའི་ཀློང་མཛོད་ལསཿ བརྒྱུད་རིམ་གསོལ་འདེབས་སྐུ་

གསུམ་ལམ་བཟང་བཞུགསཿ

ཀ་དག་ཆོས་དབྱིངས་ཀུན་ཁྱབ་འདུས་མ་བྱས། །ཡེ་གྲོལ་བློ་འདས་དེ་ཉིད་དག་པའི་བདག །དང་པོའི་སངས་རྒྱས་རྒྱལ་ཀུན་བསྐྱེད་པའི་ཡབ། །ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །ཐུགས་རྗེས་དགོངས་ལ་བདག་རྒྱུད་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ། །མ་འགགས་རང་བྱུང་གསལ་དག་ཡོན་ཏན་རྫོགས། །སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་མདངས། །བདེ་སྟོང་ཟག་མེད་ངེས་པ་ལྔ་དང་ལྡན། །ལོངས་སྐུ་སྤྱན་རས་གཟིགས་དབང་ལ་གསོལ་བ་འདེབས། །ཐུགས་རྗེས་དགོངས་ལ་བདག་རྒྱུད་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ། །དམིགས་མེད་ཐུགས་རྗེ་ཆེན་པོའི་རང་རྩལ་ལས། །གང་འདུལ་མཚན་དཔེའི་རོལ་གར་སྣ་ཚོགས་ཀྱིས། །འགྲོ་དོན་རྒྱུན་མི་འཆད་པའི་ཕྲིན་ལས་ཅན། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཐུགས་རྗེས་དགོངས་ལ་བདག་རྒྱུད་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ། །རྨད་བྱུང་མཆོག་གི་དངོས་གྲུབ་ཀུན་གྱིས་བརྙེས། །ཐབས་མཁས་སྤྲུལ་བསྒྱུར་སྣ་ཚོགས་སོ་སོར་འགྱེད། །རྒྱལ་བསྟན་སྣང་བས་མཐའ་འཁོབ་མུན་སེལ་བ། །རྗེ་འབངས་གྲོགས་ཀྱི་ཚོམ་བུ་ལ་གསོལ་བ་འདེབས། །ཐུགས་རྗེས་དགོངས་ལ་བདག་རྒྱུད་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ། །རྒྱལ་བ་བྱང་ཆུབ་ཐུགས་རྗེའི་འབུམ་བརྡལ་ཟེར། །གུ་ཡངས་བློ་བདེ་འཆོལ་བའི་བརྟུལ་ཞུགས་ཅན། །དག་སྣང་ཆོས་དབང་དྷརྨཱའི་མིང་ཅན་སོགས། །ཆོས་བདག་རྩ་རྒྱུད་བླ་མ་ལ་གསོལ་བ་འདེབས། །ཐུགས་རྗེས་དགོངས་ལ་བདག་རྒྱུད་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ། །རང་སྣང་རྣམ་དག་མཁའ་སྤྱོད་དཔལ་གྱི་རི། །ཡོན་ཏན་ཀུན་རྫོགས་སྐུ་གསུམ་ཞིང་ཁམས་དབུས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷ། །སྐུ་གསུམ་ཞི་ཁྲོ་སྟོན་འཁོར་ལ་གསོལ་བ་འདེབས། །ཐུགས་རྗེས་དགོངས་ལ་བདག་རྒྱུད་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ། །བསྐྱེད་རྫོགས་ཟུང་འཇུག་སྨིན་གྲོལ་གདམས་པའི་བཅུད། །མཐོང་ཐོས་དྲན་རེག་འབྲེལ་ཐོབ་འགྲོ་རྣམས་ཀུན། །མཐར་ཐུག་སྐུ་གསུམ་གོ་སར་དབུགས་འབྱིན་པ། །དམ་ཆོས་སྐུ་གསུམ་དགོངས་མཛོད་ལ་གསོལ་བ་འདེབས། །ཐུགས་རྗེས་དགོངས་ལ་བདག་རྒྱུད་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ། །བདེ་སྟོང་རོ་མཉམ་དགའ་བཞིའི་བྱེད་ལས་ཀྱིས། །ཟག་མེད་སྐུ་བཞིའི་ཡེ་ཤེས་མཆོག་སྩོལ་མ། །ཞིང་སྔགས་ལྷན་སྐྱེས་ཏིང་འཛིན་ཕྱག་རྒྱ་ཆེ། །མ་ཚོགས་ཊཀྐི་རྒྱ་མཚོ་ལ་གསོལ་བ་འདེབས། །ཐུགས་རྗེས་དགོངས་ལ་བདག་རྒྱུད་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་། །བསྒྲུབ་བརྩོན་ཡོངས་ལ་བུ་ལྟར་ཐུགས་བརྩེ་བས། །རབ་འབྱམས་ཕྲིན་ལས་ཐོག་མེད་བསྒྲུབ་མཛད་པའི། །ཟབ་གསང་གཉན་གྱི་བསྲུང་མ་ལ་གསོལ་བ་འདེབས། །ཐུགས་རྗེས་དགོངས་ལ་བདག་རྒྱུད་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ། །སྔོན་སྨོན་ལས་འཕྲོ་བཟང་པོའི་རྟེན་འབྱུང་གིས། །བླ་མ་དཀྱིལ་འཁོར་ལྷ་སྔགས་ཏིང་འཛིན་གཅིག །བསླབ་ཁྲིམས་དམ་ཚིག་བརྒྱུད་པས་འབྲེལ་བ་ཡི། །ཆོས་གྲོགས་རྡོ་རྗེའི་མཆེད་ལྕམ་ལ་གསོལ་བ་འདེབས། །ཐུགས་རྗེས་དགོངས་ལ་བདག་རྒྱུད་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ། །མཁྱེན་བརྩེ་ནུས་པའི་མངའ་བདག་ཐམས་ཅད་ཀྱིས། །བདག་བློ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །ཆོས་མིན་བློ་སྣ་བསྟུངས་བར་བྱིན་གྱིས་རློབས། །བྱང་ཆུབ་སེམས་གཉིས་འབྱོངས་བར་བྱིན་གྱིས་རློབས། །མ་དག་སྣང་ཞེན་འགག་པར་བྱིན་གྱིས་རློབས། །དག་སྣང་ཕྱོགས་རིས་མེད་པར་བྱིན་གྱིས་རློབས། །བཟླས་བརྗོད་ནུས་སྟོབས་འབར་བར་བྱིན་གྱིས་རློབས། །ཉམས་རྟོགས་ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས། །བསྐྱེད་རྫོགས་བརྟན་པ་ཐོབ་པར་བྱིན་གྱིས་རློབས། །སྣང་བཞི་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །གྲུབ་འབྲས་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །འཁོར་བ་དོང་སྤྲུགས་འགྲོ་དོན་ནུས་པར་ཤོག །ཅེས་སྐུ་གསུམ་དགོངས་མཛོད་བརྒྱུད་པའི་གསོལ་འདེབས་སྐུ་གསུམ་ཞིང་དུ་བགྲོད་པའི་ལམ་བཟང་ཞེས་བྱ་བ་འདི་ཡང་། དད་བརྩོན་སྒྲུབ་ལ་གཞོལ་བའི་རྣལ་འབྱོར་པ་པདྨ་ཚེ་མཆོག་ནས་བསྐུལ་ངོར་འཆོལ་སྔགས་དྷརྨཱའི་མིང་ཅན་རང་ཉིད་ནས་སོ།།

སྦྱོར་བའི་ཆོས་རྣམས་མདོར་བསྡུས་སུ་བྱ་བ།

དམ་ཆོས་སྐུ་གསུམ་དགོངས་མཛོད་ཀྱི་རྩ་བའི་ཐུགས་སྒྲུབ་སྐུ་གསུམ་ཡོངས་འདུས་སོགས་འགའ་

ཞིག་གི་སྐབས་སུ་སྦྱོར་བའི་ཆོས་རྣམས་མདོར་བསྡུས་སུ་བྱ་བ་ལ།

སྐྱབས་འགྲོ་ནི། རང་གི་སྙིང་གི་ཧཱུྃ་གི་འོད་ཟེར་གྱིས་རང་སྣང་དག་པ་མཁའ་སྤྱོད་དཔལ་གྱི་རི་བོ་ནས་སྐུ་གསུམ་ཡོངས་འདུས་མ་ཧཱ་གུ་རུ་ལ་བདེ་གཤེགས་ཞི་ཁྲོ་རབ་འབྱམས་སྐྱབས་གྱུར་མ་ལུས་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ སྤྱན་དྲངས་བར་མོས་ལ། ན་མོ། བདག་སོགས་འགྲོ་ཀུན་བྱང་ཆུབ་སྙིང་པོའི་བར། །སྐུ་གསུམ་འདུས་པ་འགྲོ་མགོན་པདྨ་འབྱུང་། །རང་བྱུང་རིག་པ་དོན་གྱི་བླ་མ་ལ། །འདུ་འབྲལ་མེད་པའི་ངང་ནས་སྐྱབས་སུ་མཆི། །ཞེས་ཅི་ནུས་བརྗོད། སེམས་བསྐྱེད་ནི། ཀྱཻ་མ། བཟོད་དཀའ་འཇིགས་རུང་འཁོར་བའི་གྲོང་ཁྱེར་དུ། །འཁྲུལ་རྟོག་སྒྱུ་མས་བསླུས་པའི་འགྲོ་བ་ཀུན། །སྐུ་གསུམ་དབྱེར་མེད་བླ་མའི་གོ་འཕང་ལ། །འགོད་ཕྱིར་དོན་དམ་རྡོ་རྗེའི་སེམས་བསྐྱེད་དོ། །ལན་གསུམ། ཚོགས་བསགས་ནི། ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་འདུས་ཆོས་ཉིད་གདོད་མའི་ལྷར། །མངོན་སུམ་རང་ཞལ་མཇལ་བས་ཕྱག་འཚལ་ལོ། །ཉམས་སྣང་ཡོན་ཏན་གོང་འཕེལ་མཆོད་པ་འབུལ། །རིག་པ་ཚད་ཕེབས་དགོངས་པའི་ཀློང་དུ་བཤགས། །ཆོས་ཟད་བློ་འདས་ཆེན་པོར་ཡི་རང་ངོ་། །དོན་དམ་རྡོ་རྗེ་སྙིང་པོའི་ཆོས་འཁོར་བསྐོར། །འཁོར་འདས་དབྱེར་མེད་ངང་དུ་བཞུགས་གསོལ་འདེབས། །འཁོར་གསུམ་དམིགས་མེད་ཆོས་དབྱིངས་ཀློང་དུ་བསྔོ། །ཚད་མེད་བཞི་ནི། །མཁའ་མཉམ་འགྲོ་ཀུན་བདེ་དང་དེ་རྒྱུར་སྤྱོད། །སྡུག་བསྔལ་སྒྱུ་དང་བཅས་ལས་རྣམ་པར་གྲོལ། །བདེ་དགའི་དཔལ་ཡོན་ཕུན་ཚོགས་འབྲལ་མེད་ལྡན། །ཕྱོགས་རིས་སྡང་ཞེན་མཉམ་ཉིད་ཀློང་གྲོལ་ཤོག །ཛཿཧཱུྃ་བཾ་ཧོཿ སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་བསམ་མོ། །

སྔོན་གཏོར།

སྔོན་འགྲོའི་གཏོར་མ་བཤམས་ལ། རཾ་ཡཾ་ཁཾ་གིས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་འོད་དུ་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཨོཾ་ལས་གཏོར་མ་འདོད་དགུ་འབྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་བར་བསམ་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། ཨོཾ་བྷུ་མི་པཱ་ཏི་སརྦ་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛཿ ལྷ་མོ་བརྟན་མ་ལ་སོགས་ས་ཡི་བདག་པོ་རྣམས་སྤྱན་དྲངས་ལ། ཨོཾ་བྷུ་མི་པཱ་ཏི་སརྦ་ས་པཱ་རི་ཝ་ར་བྷྱཿན་མཿསརྦ་ཏ་ཐ་ག་ཏ་སོགས། ཁཾ་སྭཱ་ཧཱ། ལན་གསུམ་གྱིས་ཕུལ་ལ། ཧྲཱིཿ གང་དག་ཕྱོགས་འདིར་གནས་པ་ཡི། །ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས། །ལྷ་མོ་བརྟན་མ་ལ་སོགས་པའི། །ས་ལ་གནས་ཤིང་དབང་མཛད་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །འགྲོ་བ་ཀུན་ལ་སྨན་སླད་དུ། །སྐུ་གསུམ་རྣལ་འབྱོར་བསྒྲུབ་པའི་ཕྱིར། །ས་འདི་ལེགས་པར་སྩལ་དུ་གསོལ། །ཞེས་གཏོར་མ་ཕུལ་ལོ།། དེ་ནས་བགེགས་གཏོར་བསངས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་པར་བགེགས་ཚོགས་རྣམས་ཚིམ་པར་བྱེད་པའི་གཏོར་མ་ཁ་ཏོག་དྲི་རོ་བཅུད་དང་ནུས་པ་ཕུན་སུམ་ཚོགས་པར་གྱུར་བར་བསམ། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་སརྦ་བྷུ་ཏ་ཨ་ཀརྴ་ཡ་ཛཿབཀུགས། ཨོཾ་སརྦ་བིགྣན་ན་མཿསོགས། བྷ་ལེནྟ་ཡེ་སྭཱ་ཧཱ། གསུམ་གྱིས་བསྔོས་ལ། རང་ཉིད་སྐད་ཅིག་གིས་ཆེ་མཆོག་པདྨ་དྲག་པོ་ཁྲོ་གཏུམ་གར་དགུ་རྫོགས་པ་དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་རྡོ་རྗེ་དང་ལྕགས་སྡིག་བསྣམས་ཤིང་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོའི་ཀློང་དུ་བརྐྱང་བསྐུམ་གྱད་ཀྱི་དོར་སྟབས་སུ་བཞེངས་པར་བསྒོམ་ལ། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔

གུ་རུའི་ཐུགས་སྒྲུབ་སྐུ་གསུམ་ཡོངས་འདུས།

དམ་ཆོས་སྐུ་གསུམ་དགོངས་མཛོད་ལསཿ གུ་རུའི་ཐུགས་སྒྲུབ་སྐུ་གསུམ་ཡོངས་འདུས་ཞེས་བྱ་བ་བཞུགསཿ

མཆོག་གི་དང་པོ་སྐུ་གསུམ་འཆངཿ སངས་རྒྱས་སྐུ་ལྔའི་བདག་ཉིད་ཅནཿ ཁྱབ་བདག་ཡེ་ཤེས་ལྔ་ཡི་བདགཿ མཚོ་སྐྱེས་འགྲོ་བའི་བླ་མར་འདུདཿ དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིགས་སྔགས་འཆང་། །བསྒྲུབ་པའི་རྣམ་གྲངས་མཐའ་ཡས་ཀྱང་། །ཀུན་གྱི་སྙིང་པོ་དགོངས་པའི་བཅུད། །ཐུགས་སྒྲུབ་སྐུ་གསུམ་ཡོངས་འདུས་ཉིད། །སེམས་ཅན་ཀུན་ལ་ཕན་པ་དང་། །བླ་མེད་འབྲས་བུ་འཐོབ་པའི་ཕྱིར། །ཚིག་ཉུང་དོན་ཟབ་གནད་དུ་འདྲིལ། །དབེན་པའི་གནས་སུ་ཡོ་བྱད་བསགས། །སྦྱོར་བའི་ལས་རིམ་སྔོན་སོང་ནས། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་། །སྒྲུབ་པའི་ཕྲིན་ལས་རང་གཞུང་དངོས། །སྤྱི་དོན་བཞི་རུ་བསྟན་པ་ལས། །དང་པོ་ལ་ཡང་རྣམ་གྲངས་བརྒྱད། །དེ་ཡི་དང་པོ་བཀའ་བསྒོ་ནི། །བགེགས་ཚོགས་གཏོར་མས་ཚིམ་བྱས་ལ། །དབང་དྲག་རོལ་པའི་ས་མ་དྷིས། ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་འདུས་དཀྱིལ་འཁོར་འདིར། །འདུས་པའི་དམ་ལྡན་མ་གཏོགས་པ། །དམ་མེད་བདུད་བགེགས་ལོག་འདྲེན་ཚོགས། །གནས་འདིར་མ་འདུག་གཞན་དུ་དེངས། །གལ་ཏེ་མི་འགྲོ་འཚེ་བྱེད་ན། །ཧེ་རུ་ཀ་དཔལ་ཐུགས་ཁྲོས་ནས། །ལྷ་སྔགས་ཏིང་འཛིན་རོལ་པ་ཡིས། །རྡུལ་དུ་བརླགས་པར་གདོན་མི་ཟ། །ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྚ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཧཱུྃ་བཞིའི་སྔགས་བརྗོད་འདྲེ་འཇིགས་བདུག །ཡུངས་ཐུན་བྲབ་ཅིང་དྲག་རོལ་བྱ། །གཉིས་པ་མཚམས་གཅོད་བསྲུང་འཁོར་ནི། ཧཱུྃ་ཧྲཱིཿ ང་ནི་ཡེ་ནས་ངང་གིས་ཁྲོ། །མཚམས་གཅོད་ཁྲོ་བོས་ནམ་མཁའ་གང་། །བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས། །སུ་ཡང་འདའ་བའི་གོ་སྐབས་མེད། །ང་ནི་རབ་འཇིགས་དབང་དྲག་སྐུ། །ཁྲོ་ཚོགས་མི་བཟད་སྤྲིན་ལྟར་གཏིབས། །མཚོན་ཆ་མེ་དཔུང་གློག་ལྟར་འགྱུ། །འདའ་བར་སེམས་པ་རྡུལ་དུ་རློགས། །ང་ནི་ཆེ་མཆོག་ཧེ་རུ་ཀ། །གསང་གསུམ་ཡེ་ནས་མཁའ་དང་མཉམ། །རང་བཞིན་ལྷུན་གྲུབ་བསྲུང་འཁོར་ལ། །འཁྲུལ་རྟོག་བདུད་ཀྱིས་གླགས་མི་རྙེད། །ཨོཾ་བཛྲ་ཀྲོ་དྷ་ཏིཀྵྞ་ཛྭ་ལ་རཾ་ཛྙ་ན་ཙཀྲ་ཧཱུྃ་བྷྲུྃ། གསུམ་པ་དམ་བཅའ་འབུལ་བ་ནི། ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་འདུས་བདེ་བར་གཤེགས། །དུས་གསུམ་འདུ་འབྲལ་མེད་པའི་དལ། །སེམས་ཉིད་ངང་དུ་ཡེ་རྫོགས་ཕྱིར། །མི་གཏོང་རྩེ་གཅིག་སྒྲུབ་པར་བྱ། །ཙིཏྟ་བཛྲ་ས་མ་ཡ་ཨ་ཏི༔ བཞི་པ་བྱིན་ཆེན་འབེབས་པ་ནི། སྤོས་དུད་རོལ་མོ་དབྱངས་དང་བཅས། ཧཱུྃ་ཨ་ལ་ལ་ཧོཿ བྷ་ག་ཝན་ས་མ་ཡ་ཧོཿ ས་མ་ཡ་སྟྭཾཿ ཧཱུྃ་ཧྲཱིཿ འཕགས་མཆོག་ཐུགས་རྗེའི་དུས་ལ་བབས། །ཁྱད་པར་བསྟན་པའི་དུས་ལ་བབས། །མཐུ་རྩལ་དབྱུང་བའི་དུས་ལ་བབས། །བྱིན་གྱིས་བརླབས་པའི་དུས་ལ་བབས། །དབང་མཆོག་བསྐུར་བའི་དུས་ལ་བབས། །དངོས་གྲུབ་སྩོལ་བའི་དུས་ལ་བབས། །མཐུ་ཆེན་མཐུ་སྩོལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །གྲུབ་པའི་རྟགས་མཚན་མྱུར་དུ་སྟོན། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཨེ་ཨ་རལླི་ཕེཾ་ཕེཾ་ཧྲིཾ་ཧྲིཾ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་དར་ཚོན་སྣ་ལྔས་གཡབ། མོས་གུས་གདུང་ཤུགས་བསྐྱེད་པར་བྱ། །ལྔ་པ་མཆོད་རྫས་བྱིན་རླབས་ནི། ཧཱུྃ་ཧྲཱིཿ སྐུ་གསུམ་བདེ་གཤེགས་ཡོངས་རྫོགས་ཀྱི། །གསང་ཆེན་བླ་མེད་དཀྱིལ་འཁོར་འདིར། །མཉམ་རྫོགས་ཡེ་ཤེས་ཆེན་པོའི་ཀློང་། །སྣང་སྲིད་གཞིར་བཞེངས་མཆོད་པའི་སྤྲིན། །ཕྱི་ནང་གསང་བའི་དམ་རྫས་རྣམས། །རྟོག་གཉིས་ཡུལ་སྣང་རྣམ་དག་རྫས། །དུས་གསུམ་རྒྱལ་ཀུན་མཉེས་བྱེད་སྤྲིན། །རབ་འབྱམས་ནམ་མཁའ་མཛོད་དུ་སྤེལ། །ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ། །ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྚ་ལ་ཧཱུྃ་ཧྲཱིཿཋ། །ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིང་ཏ་ཏེ་ཛོ་བྷ་ལིང་ཏ་བྷ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་ཧཱུྃ་ཧྲཱིཿཋ། །ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ཏ་ན་གྷ་ཎ་གུ་ཧྱ་སརྦ་པཱུ་ཛ་ཧོཿ ཨོཾ་ཨཱཿཧཱུྃ་བཛྲ་ཨརྒྷཾ་པ་དྱཾ༴སོགས། ཤཔྟ་པཱུ་ཛ་ཧོཿ ཞེས་དང་མཆོད་པའི་སྤྲིན་གཟུངས་འདོན། སྙན་པའི་རོལ་མོ་འཁྲོལ་བར་བྱ། །དྲུག་པ་བརྡ་སྒོ་དབྱེ་བ་ནི། །ཧཱུྃ་ཧྲཱིཿ འཁོར་འདས་གཉིས་མེད་རྣམ་དག་ཞིང་། །སྒོ་གསུམ་ལྷ་སྔགས་ཆོས་སྐུའི་ངང་། །གློ་བུར་འཁྲུལ་བས་བསྒྲིབ་ལགས་ཀྱང་། །རང་གསལ་ཐབས་ཀྱིས་བརྡ་སྒོ་དབྱེ། །བྷྲུཾ་པྲ་ཝེ་ཤ་ཡ་ཕཊཿ བདུན་པ་རྟེན་འབྲེལ་བརྡ་ཕྱག་ནི། །ཧཱུྃ་ཧྲཱིཿ མ་རིག་གཉིས་འཛིན་རྐྱེན་དབང་གིས། །རང་རིག་སྐུ་གསུམ་ཞལ་མ་མཇལ། །ད་ནི་སྙིང་པོ་དོན་གྱི་ལྷར། །གཉིས་མེད་རང་ཞལ་མཇལ་ཕྱག་འཚལ། །ས་མ་ཡ་ན་མོ། །བརྒྱད་པ་བཤགས་པ་བྱ་བ་ནི། །ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་རྫོགས་བདེ་བར་གཤེགས། །སྤྲོས་བྲལ་མཁའ་ལྟར་རྣམ་དག་ཀྱང་། །མ་རིག་དབང་གྱུར་སྒྲིབ་ཚོགས་ཀུན། །དག་མཉམ་དགོངས་པའི་ཀློང་དུ་བཤགས། །བཛྲ་ས་མ་ཡ་ཤུདྡྷེ་ཨཿ ཐུགས་སྒྲུབ་སྐུ་གསུམ་ཡོངས་འདུས་ལས། །སྔོན་དུ་འགྲོ་བའི་ལེའུ་འོ། །སྤྱི་དོན་གཉིས་པ་བསྐྱེད་རིམ་ལ། །རྣམ་གྲངས་བརྒྱད་ལས་དང་པོ་ནི། །དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། །བློ་ལས་འདས་པའི་སྟོང་ཉིད་བསྒོམ། །ཨོཾ། ཆོས་རྣམས་སྨྲ་བསམ་བརྗོད་ལས་འདས། །མ་བཅོས་མཐའ་བྲལ་གདོད་མ་ནས། །འཁོར་འདས་མཉམ་བརྡལ་དེ་བཞིན་ཉིད། །ཆོས་སྐུ་མི་འགྱུར་རྫོགས་པ་ཆེ། །ཨོཾ་མ་ཧཱ་ཤུདྡྷ་སྭཱ་བྷ་ཝ་དྷརྨ་དྷརྟུ་ཨོཾ། །གཉིས་པ་ཀུན་ཏུ་སྣང་བ་ཡི། །ཏིང་འཛིན་སྙིང་རྗེ་ཆེན་པོ་ནི། །ཨཱཿ ཆོས་རྣམས་ཡེ་ཤེས་སྙིང་པོ་ཅན། །ཡེ་ནས་སྐུ་གསུམ་རང་བཞིན་ཡང་། །མཐའ་ཡས་སྒྱུ་མའི་འཁོར་བ་ལ། །དམིགས་མེད་སྙིང་རྗེ་མཁའ་ལྟར་ཁྱབ། །ཨཱཿམ་ཧཱ་ཀཱ་རུ་ཎི་ཀ་ཛྙཱ་ན་ཨཱཿ གསུམ་པ་རྒྱུ་ཡི་ཏིང་ངེ་འཛིན། །རང་བྱུང་ས་བོན་བསྒོམ་པ་ནི། །ཧཱུྃ། ཆོས་རྣམས་རྟེན་འབྲེལ་རྒྱུ་ལས་བྱུང་། །རིག་པ་ཧཱུྃ༔མཐིང་འོད་ལྔ་ལྡན། །དབྱིངས་ནས་རང་བྱུང་རང་ཤར་བ། །སྐུ་གསུམ་དཀྱིལ་འཁོར་རྒྱུ་ཡིན་ནོ། །ཧཱུྃ་མ་ཧཱ་རཏྣ་གུ་ཧྱ་ཙིཏྟ་བཛྲ་ཧཱུྃ། བཞི་པ་རྟེན་གྱི་དཀྱིལ་འཁོར་ལས། །འབྱུང་བ་རིམ་བརྩེགས་བསྐྱེད་པ་ནི། །ཧཱུྃ་ཧྲཱིཿ ཆོས་ཀུན་མི་དམིགས་བློ་འདས་དབྱིངས། །སྟོང་ཆེན་ནམ་མཁའི་རང་བཞིན་ལ། །ཧཱུྃ་ལས་བསྐྱེད་བྱེད་ཡི་གེ་བདུན། །ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲུཾ། །རིམ་པར་འཕྲོས་ཤིང་འོད་ཞུ་བས། །ཆོས་འབྱུང་མཁའ་ལ་སྟོབས་ཆེན་རླུང་། །རཀྟའི་རྒྱ་མཚོ་གསེར་གྱི་གཞི། །ཀེང་རུས་རི་རབ་བསྐལ་མེ་འབར། །དེ་སྟེང་བྲག་ཆེན་མེ་དཔུང་དང་། །རྡོ་རྗེ་པདྨའི་ར་གུར་ནང་། །ཁོར་ཡུག་དུར་ཁྲོད་ཆེན་པོ་བརྒྱད། །མི་ཟན་རཀྴའི་ཡུལ་གླིང་དགུ། །ཟངས་མདོག་དཔལ་གྱི་རི་བོར་བཅས། །རྒྱ་ཁྱོན་མཁའ་དང་མཉམ་པར་གསལ། །ཨེ་ཀ་ཤ་མཎྚ་ལ། །ཡཾ་བ་ཡུ་མཎྚ་ལ། །ར་རུ་དྷི་ར་མཎྚ་ལ། །སུཾ་སུ་བརྞ་མཎྚ་ལ། ཀེཾ་ནེ་རི་ཏི་མཎྚ་ལ། རཾ་ཛྭ་ལ་མཎྚ་ལ། བྷྲུཾ་བི་ཤྭ་མཎྚ་ལ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ལྔ་པ་ཕྱི་སྣོད་གཟུང་བའི་ཡུལ། །གཞལ་ཡས་ཁང་དུ་བསྐྱེད་པ་ནི།། ཧཱུྃ་ཧྲཱིཿ ཆོས་རྣམས་ཡེ་ཤེས་རོལ་པའི་རྒྱན། །ཆོས་ཉིད་ཀློང་དུ་གཉིས་མེད་ཕྱིར། །སླར་ཡང་ནམ་མཁའི་ཧཱུྃ་ཡིག་ལས། །ལྔ་ལྡན་བྷྲུཾ་འཕྲོས་དཔལ་རིའི་རྩེར། །ཡོངས་གྱུར་ཕོ་བྲང་པདྨ་འོད། །ལྷུན་པོའི་ནང་ཐད་འོད་ཕུང་དབུས། །འོག་ཁང་ཁྲོ་བོ་རོལ་པའི་གནས། །ཚར་གསུམ་བྷནྡྷ་སྤེལ་མར་བརྩེགས། །གནམ་ལྕགས་འབར་བའི་འཛེར་གྱིས་བསྡམས། །གཟའ་དང་རྒྱུ་སྐར་ལྷ་ཀླུ་ཡི། །གདུང་དང་དྲལ་ཕྱམ་ཀ་བ་དང་། །ཀ་ཞུ་ཡ་ཐེམ་མ་ཐེམ་བྱས། །ཉི་ཟླའི་སྐར་ཁང་རྡོ་རྗེའི་སྒོ། །གཡང་གཞིའི་བླ་རེ་ཞིང་ཆེན་ཐོག །ཁྲག་ཞག་མི་རྟའི་བམ་ལ་སོགས། །རབ་འཇིགས་དུར་ཁྲོད་རྒྱན་ཆས་རྫོགས། །ལྷུན་པོའི་སྟེང་ནས་བར་ཁང་རྨངས། །རྡོ་རྗེ་ཕ་ལམ་བརྟན་པ་ལ། །སྤྲུལ་པའི་རང་བཞིན་གཞལ་མེད་ཁང་། །གསུམ་ཐོག་བང་རིམ་ལྟ་བུར་མཛེས། །ཀུན་ཀྱང་ཤར་ཤེལ་ལྷོ་བཻ་ཌཱུར། །ནུབ་ཏུ་པད་རཀ་བྱང་གི་ཕྱོགས། །ཨིནྟྲ་ནི་ལའི་རང་མདོག་འོད། །ཕྱི་ནང་ཀུན་ཏུ་གསལ་ཞིང་འབར། །རྩིགས་པ་འདོད་སྣམ་ཕ་གུ་དང་། །ཀ་བ་ཀ་ཞུ་དྲལ་ཕྱམ་གདུང་། །མདའ་ཡབ་པུ་ཤུ་ཟ་ར་ཚགས། །དྲ་བ་དྲ་ཕྱེད་བླ་རེ་འཕན། །སྐར་ཁུང་བསིལ་ཁང་རྟ་བབས་སྒོ། །རི་དྭགས་ཆོས་འཁོར་རྒྱལ་མཚན་གདུགས། །རྒྱ་ཕེབས་ཟླ་ཉི་ཏོག་ལ་སོགས། །སྣ་ཚོགས་རིན་པོ་ཆེ་རྣམས་དང་། །ལྷ་རྫས་གོས་ཀྱི་བྱེ་བྲག་ལས། །ལེགས་འཁྲུངས་ཚད་དང་མཚན་ཉིད་རྫོགས། །ཕྱི་ནང་བར་མེད་ཟངས་ཐལ་ཀློང་། །འཇའ་ཚོན་འོད་ཟེར་འབར་ཞིང་འཕྲོ། །ཉེར་སྤྱོད་འདོད་ཡོན་སྒེག་སོགས་དང་། །རྒྱལ་སྲིད་རིན་ཆེན་རྫས་རྟགས་སོགས། །སྲིད་ཞིའི་ཕུན་ཚོགས་གང་མཆིས་རྣམས། །མ་ཚངས་མེད་པས་ལེགས་བརྒྱན་ཅིང་། །སྐུ་གསུམ་ཞི་ཁྲོའི་ལྷ་ཚོགས་རྣམས། །སོ་སོའི་གདན་ཁྲི་བཅས་པས་མཛེས། །མདོར་ན་སྐུ་གསུམ་ཞིང་སོ་སོའི། །དཔལ་ཡོན་བཀོད་པ་ཡོངས་རྫོགས་པའི། །རང་བྱུང་རྟེན་གྱི་དཀྱིལ་འཁོར་མཆོག །མ་བཅོས་ལྷུན་གྱིས་གྲུབ་པར་བསྒོམ། །བྷྲུཾ་བྷི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྚ་ལ་བྷྲུཾ། རཱུ་ཊ་ཀྲོ་ཏི་ཏི་ར་བཾ། པཾ་པདྨ་མཎྚ་ལ། མ་སུརྱ་མཎྚ་ལ། ཨ་ཙནྡྲ་མཎྚ་ལ། བྷྲུཾ་ཧཱུྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཞེས་པས་གདན་དང་བཅས་པ་གསལ། དྲུག་པ་བརྟེན་པའི་ལྷ་བསྐྱེད་ནི། ཧཱུྃ་ཧྲཱིཿ ཆོས་རྣམས་ངོ་བོ་ཀ་དག་ཀྱང་། རང་བཞིན་སྐུ་གསུམ་ལྷུན་གྱིས་གྲུབ། །ཐུགས་རྗེས་སྤྲུལ་བསྒྱུར་ཅིར་ཡང་སྟོན། །རང་སྣང་རྣམ་དག་སྤྲུལ་སྐུའི་ཞིང་། །ཕུན་ཚོགས་ལྔ་ལྡན་དཀྱིལ་འཁོར་དབུས། །སྣ་ཚོགས་རིན་པོ་ཆེ་ཡི་ཁྲི། །པདྨ་ཉི་ཟླའི་གདན་གྱི་སྟེང་། །ནམ་མཁའི་ཧཱུྃ་ཆེན་བབས་པ་ལས། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །དོན་གཉིས་བྱས་ཤིང་སླར་འདུས་པས། །སྐུ་གསུམ་ཡོངས་རྫོགས་བྱིན་རླབས་བསྡུས། །ཐུགས་སྲོག་སྙིང་པོ་ཧཱུྃ་ལ་ཐིམ། །དེ་ཉིད་ཡོངས་སུ་གྱུར་པ་ལས། །འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེ། །རང་རིག་དོན་གྱི་པདྨ་འབྱུང་། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཨ་ཙར་གཞོན་ཚུལ་དཀར་གསལ་འཛུམ། །ཐེག་གསུམ་རྫོགས་པའི་བརྡ་རྟགས་སུ། །གསང་གོས་ཕོད་ཁ་དཀར་སྔོན་དང་། །ངུར་སྨྲིག་ཆོས་གོས་རྣམ་པ་གསུམ། །ཟ་འོག་བེར་སྨུག་དང་བཅས་གསོལ། །སངས་རྒྱས་སྐུ་ལྔའི་དབང་རྫོགས་བརྡར། །འདབ་ལྡན་པདྨ་མཐོང་གྲོལ་ལ། །རིགས་ལྔའི་ཕྱག་མཚན་རྟགས་ཀྱིས་བརྒྱན། །ཐེག་དགུའི་ཡང་རྩེར་ཕེབས་པའི་རྟགས། །ཉི་ཟླ་སྒྲོ་དར་མེ་ལོང་མཛེས། །ས་ལམ་ཡོན་ཏན་ཀུན་རྫོགས་བརྡར། །བྱང་ཆུབ་ཕྱོགས་ཀྱི་ཆོས་མཚོན་པའི། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །དབྱིངས་དང་ཡེ་ཤེས་དབྱེར་མེད་ཅིང་། །དུག་ལྔ་གདོན་ལྔའི་གཡུལ་འཇོམས་ཕྱིར། །གསེར་རྡོར་རྩེ་ལྔ་ཐུགས་ཀར་གསོར། །གཙང་སྨེའི་འཁྲུལ་རྟོག་ལས་ཉོན་ནད། །སེལ་ཕྱིར་བདེ་སྐྱོང་ཛ་གད་དང་། །འཆི་མེད་ཚེ་ཡི་བུམ་པ་བསྣམས། །མཆན་གཡོན་གསང་ཆེན་རྒྱུད་ཀུན་གྱི། །མཛོད་འཛིན་རྒྱལ་ཡུམ་མཁར་ཆེན་བཟའ། །ཁ་ཊཱཾ་རྣམ་པས་དཀུ་ལ་བརྟེན། །ཞབས་གཉིས་ཐབས་ཤེས་ལྷྭམ་ཟུང་གསོལ། །སྲིད་ཞིར་མི་གནས་སྐྱིལ་ཀྲུང་བཞུགས། །འགྲོ་རྣམས་ཐུགས་རྗེས་རྗེས་འཛིན་བརྡར། །སྤྱན་གཉིས་གདུལ་བྱ་ཡོངས་ལ་གཟིགས། །མཚན་བཟང་དཔེ་བྱད་འབར་བའི་སྐུ། །བལྟ་བས་ཆོག་མི་ཤེས་པར་གསལ། །སྤྱི་བོར་རིག་འཛིན་རྡོ་རྗེ་ཆོས། །མགྲིན་པར་འཕགས་མཆོག་སྤྱན་རས་གཟིགས། །ཐུགས་ཀར་ཚེ་མཐའ་ཡས་པ་རྣམས། །སྟངས་དཔྱལ་རྒྱན་དང་ཆ་ལུགས་རྫོགས། །ཡིད་ཤེས་བདེ་ཆེན་ཀུན་ཏུ་བཟང་། །ཆོས་ཁམས་སྟོང་གསལ་རྒྱལ་བའི་ཡུམ། །ཕུང་པོ་སངས་རྒྱས་ལྔའི་བདག་ཉིད། །འབྱུང་ཁམས་དབྱིངས་ཀྱི་གཤེགས་མ་ལྔ། །དབང་ཚོགས་ཉེ་བའི་སེམས་དཔའ་བརྒྱད། །ཡུལ་དུས་སྒེག་སོགས་ལྷ་མོ་བརྒྱད། །ཉོན་དྲུག་འགྲོ་འདུལ་ཐུབ་པ་དྲུག །ལུས་ཀྱི་རྣམ་ཤེས་དབང་པོ་དང་། །རེག་དང་དེར་ཤེས་སྒོ་སྲུང་ཡབ། །རྟག་ཆད་བདག་མཚན་ལྟ་བ་བཞི། །སྒོ་བཞིའི་ཕྱག་རྒྱའི་རྣམ་པར་གནས། །གཞན་ཡང་རྩ་རླུང་ཐིག་ལེ་རྡུལ། །སྐྲ་སེན་བ་སྤུ་ཕྲ་རབ་ཆར། །གདན་གསུམ་དཀྱིལ་འཁོར་རབ་འབྱམས་ཀྱི། །རྣམ་པར་ཡེ་ནས་ལྷུན་རྫོགས་གསལ། །མཐའ་བསྐོར་སྣ་ཚོགས་འདབ་བརྒྱད་ལ། །མདུན་དུ་དྲིན་ཆེན་བླ་མ་རྗེ། །དཀར་དམར་ཧེ་རུ་ཀ་པའི་ཆས། །ཁྲོ་འཛུམ་འགྱིང་བག་རྡོ་རྗེ་གསོར། །དྲིལ་བུ་དཀུར་བརྟེན་ཁ་ཊཱྃ་བསྒྲེང་། །ཕྱེད་ཀྲུང་པད་ཉི་ཟླ་སྟེང་བཞུགས། །གཡས་སུ་མཁན་ཆེན་ཞི་བ་འཚོ། །དཀར་དམར་པཎྚི་ཏ་ཡི་ཆས། །ཆོས་འཆད་མཉམ་བཞག་གླེགས་བམ་ཅན། །པད་ཟླར་མཉམ་པའི་སྐྱིལ་ཀྲུང་མཛེས། །རྒྱབ་ཏུ་སྦ་མི་ཁྲི་གཞེར་ནི། །དཀར་འཛུམ་བོད་ཀྱི་བཙུན་པའི་ཆས། །ཕྱག་གཉིས་གླེགས་བམ་ཕྱེ་བའི་ཚུལ། །པད་ཟླར་སེམས་དཔའི་སྐྱིལ་ཀྲུང་མཛད། །གཡོན་དུ་མངའ་བདག་ཁྲི་སྲོང་རྗེ། །རྒྱལ་པོའི་ཆ་ལུགས་དཀར་དམར་མདངས། །མཉམ་བཞག་ཕྱག་རྒྱས་ཆོས་འཁོར་བསྣམས། །པད་ཟླར་ཟ་འོག་འབོལ་སྟེང་རོལ། །མཚམས་བཞིར་ལྷ་གཅིག་འོད་འཆང་མ། །ཤཱཀྱ་དེ་ཝི་བལ་གྱི་ལྕམ། །ཀཱ་ལ་སིདྡྷི་བལ་འབངས་མཆོག །བཀྲ་ཤིས་ཁྱེ་འདྲེན་མོན་གྱི་རིགས། །ཀུན་ཀྱང་རང་ཕྱོགས་གོས་རྒྱན་གསོལ། །དཀར་དམར་ཞི་འཛུམ་ལང་ཚོས་སྒེག །མཐེབ་སྲིན་བྷནྡྷའི་བདུད་རྩི་འཐོར། །པད་ཟླར་སེམས་མའི་འདུག་སྟངས་མཛེས། །ཕྱི་རིམ་པད་འདབ་བཅུ་དྲུག་ལ། །ཤར་དུ་མཚོ་སྐྱེས་རྡོ་རྗེ་མཐིང་། །གཅེར་བུ་རུས་རྒྱན་རྡོར་དྲིལ་བསྣོལ། །ལྷ་ལྕམ་དཀར་མོ་གྲི་ཐོད་འཁྱུད། །རྡོ་རྗེ་པདྨའི་སྐྱིལ་ཀྲུང་སྦྱོར། །སྣ་ཚོགས་པད་ཉི་ཟླ་སྟེང་གསལ། །ལྷོ་རུ་ཤཱཀྱ་སེང་གེ་སེར། །མཚན་དཔེའི་རྒྱན་རྫོགས་སྤྲུལ་པའི་སྐུ། །ས་གནོན་མཉམ་བཞག་ཕྱག་རྒྱ་ཅན། །པད་ཟླར་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ནུབ་ཏུ་པདྨ་རྒྱལ་པོ་དམར། །ཕྱག་ན་ཊཱ་རུ་མེ་ལོང་བསྣམས། །འཁོར་ལོས་བསྒྱུར་བའི་ཆ་བྱད་ཅན། །པད་ཟླར་རྒྱལ་པོ་རོལ་སྟབས་མཛེས། །བྱང་དུ་སེང་གེ་སྒྲ་སྒྲོགས་ཁྲོ། །ལྗང་སྔོན་རྡོ་རྗེ་བྷནྡྷ་བསྣམས། །སེང་ལྤགས་དུར་ཁྲོད་ཆས་ཀྱིས་བརྒྱན། །པད་ཉི་བམ་སྟེང་གཡོན་བརྐྱང་རོལ། །ཤར་ལྷོར་པདྨ་སམ་བྷ་དཀར། །པད་ཕོར་གཡས་ལ་སྐྱབས་སྦྱིན་གཡོན། །ཞི་འཛུམ་པཎྚི་ཏ་ཡི་ཆས། །སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས། །ལྷོ་ནུབ་བློ་ལྡན་མཆོག་སྲེད་ནི། །དཀར་དམར་ཁྲོ་འཛུམ་སྔགས་ཆས་བརྗིད། །ཕྱག་གཉིས་ཊ་རུ་པད་ཕོར་བསྣམས། །གཡོན་རོལ་པདྨ་ཟླ་སྟེང་གསལ། །ནུབ་བྱང་ཉི་མ་འོད་ཟེར་ནི། །དམར་སེར་སྤྱན་གསུམ་ཞི་མ་ཁྲོ། །ཁ་ཊཱཾ་གཡས་ལ་ཉི་ཟེར་གཡོན། །རྣལ་འབྱོར་བརྟུལ་ཞུགས་པད་ཉིར་རོལ། །བྱང་ཤར་རྡོ་རྗེ་གྲོ་ལོད་སྨུག །ཁྲོ་གཉེར་ཨམ་གཙིགས་འཆོལ་བའི་ཆས། །རྡོ་རྗེ་གསོར་ཞིང་ཕུར་བ་གདེངས། །པད་ཉིར་གཡས་རོལ་དམ་སྲི་གནོན། །བར་མཚམས་བརྒྱད་ཀྱི་འདབ་མ་ལ། །ལྷུན་གྲུབ་ལ་སོགས་རིག་འཛིན་བཞི། །མཆོག་གི་རྡོ་རྗེ་སློབ་དཔོན་བཞི། །ཀུན་ཀྱང་སྟངས་དཔྱལ་གྲི་ཐོད་ཅན། །ཧེ་རུ་ཀ་པ་ལས་བཞིའི་མདོག །པད་ཉི་བམ་སྟེང་རོལ་སྟབས་བཞུགས། །དེ་རྒྱབ་པད་འདབ་སོ་གཉིས་ལ། །འཕགས་ཡུལ་རིག་འཛིན་མཆོག་བརྒྱད་དང་། །བྷོ་ཊའི་བཀའ་བབས་བརྒྱད་ལ་སོགས། །གྲུབ་བརྙེས་འབངས་མཆོག་ཉེར་བཞིར་བཅས། །ཕྱི་སྐོར་དྲུག་ཅུ་རྩ་བཞི་སོགས། །འབུམ་ཕྲག་གྲངས་འདས་འདབ་མ་ལ། །མཆོག་གྱུར་གླིང་པ་བརྒྱ་རྩ་སོགས། །གཏེར་ཆེན་གཏེར་ཕྲན་ཡང་གཏེར་ཚོགས། །རྒྱ་བོད་རིག་འཛིན་གྲུབ་ཐོབ་དང་། །ལོ་པཎ་ཆོས་ཀྱི་རྒྱལ་པོའི་རིགས། །ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྣམས། །སོ་སོའི་བརྒྱུད་འཛིན་ཚོགས་དང་བཅས། །ཁྱམས་ལ་ཕྱོགས་བཅུའི་སངས་རྒྱས་དང་། །རིགས་དྲུག་དོང་སྤྲུག་ཐུབ་པ་དྲུག །སྐལ་བཟང་འདྲེན་མཆོག་སྟོང་རྩ་སོགས། །སོ་སོའི་འཁོར་དང་བཅས་པ་གསལ། །དེ་ཡི་ཕྱི་རིམ་འདོད་སྣམ་ལ། །རྡོ་རྗེའི་ལྷ་མོ་བཅུ་དྲུག་སོགས། །མཆོད་པའི་ལྷ་དང་ལྷ་མོའི་ཚོགས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་བཅས། །ཕྱི་ཁྱམས་མཁའ་འགྲོ་ཤུགས་འགྲོ་གིང་། །དཔའ་བོ་དཔའ་མོ་དབང་ཕྱུག་མ། །གཙང་རིགས་དཔལ་མགོན་དམ་ཅན་ཚོགས། །སྒོ་ཡི་ནང་གཡས་མཐར་བྱེད་བཞི། །ནང་གཡོན་སྒོ་སྲུང་མགྱོགས་མ་བཞི། །ཕྱི་སྒོར་གིང་ཆེན་སྡེ་བཞིར་བཅས། །དེ་སྟེང་ངེས་པ་ལྔ་ལྡན་ཞིང་། །ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་དབུས། །བདེ་གཤེགས་རིགས་ལྔའི་སྒྱུ་འཕྲུལ་གར། །གུ་རུ་ཐོད་ཕྲེང་རིགས་ལྔ་ལ། །རང་རང་རིགས་ཀྱི་སྤྲུལ་འཁོར་ཚོགས། །ཏིལ་གོང་ཁ་ཕྱེས་ལྟ་བུར་གསལ། །དེ་སྟེང་ཆོས་སྐུའི་གཞལ་ཡས་ནང་། །མི་ཤིགས་འོད་ལྔའི་གུར་ཁྱིམ་དབུས། །རང་རིག་དོན་གྱི་རྡོ་རྗེ་འཆང་། །ཀུན་བཟང་འོད་མི་འགྱུར་བ་གསལ། །གུ་རུའི་ཐུགས་རྗེའི་རང་རྩལ་ལས། །རང་བྱུང་དྲག་པོའི་གཞལ་ཡས་སུ། །ཆེ་མཆོག་དྲག་པོ་ཐོད་ཕྲེང་རྩལ། །གཙོ་འཁོར་སྤྲུལ་པར་བཅས་རྣམས་དང་། །ཡང་སྤྲུལ་དཔལ་ཆེན་སྒྲུབ་སྡེ་དགུའི། །ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་དང་། །རྟ་ཕག་ཡབ་ཡུམ་སྲས་གསུམ་སོགས། །རྒྱུད་སྡེ་བཞི་དྲུག་ཐེག་པ་དགུའི། །ལྷ་ཚོགས་འཁོར་བཅས་མ་ལུས་ཀུན། །མ་འདྲེས་མཁའ་ལ་འཇའ་ལྟར་གསལ། །ལྷུན་པོའི་ཕྱི་རོལ་གྲོང་ཁྱེར་དགུའི། །གཙོ་བོ་ལང་ཀ་པུ་རིའི་དབུས། །ཁྲག་འཐུང་རཀྴ་ཐོད་ཕྲེང་རྩལ། །ཕྱོགས་མཚམས་བརྒྱད་ཀྱི་གྲོང་ཁྱེར་ན། །རིག་འཛིན་སྤྲུལ་པའི་སྲིན་རྒྱལ་བརྒྱད། །སོ་སོའི་བཙུན་མོ་སྲས་དང་བློན། །བཀའ་སྡོད་སྤྲུལ་པའི་འཁོར་བཅས་རྣམས། །སྦྱོར་སྒྲོལ་འདྲེན་པའི་ཕྲིན་ལས་མཛད། །ཀུན་ཀྱང་ཡེ་ཤེས་སྙིང་པོའི་དལ། །རང་རིག་དཀྱིལ་འཁོར་གཙོ་བོ་ལ། །རང་མདངས་འཁོར་གྱི་རྣམ་པ་རུ། །མ་བཅོས་ལྷུན་གྱིས་གྲུབ་པའོ། །ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་དྷརྨ་ཀཱ་ཡ་མཎྚ་ལ། སམ་བྷོ་ཀཱ་ཡ་མཎྚ་ལ། ནིརྨ་ཀཱ་ཡ་ཤནྟ་དཱེ་བ་མཎྚ་ལ། མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་མཎྚ་ལ། རཀྴ་ཨཥྚ་མཎྚ་ལ་ཧྲཱིཿཧཱུྃ་བྷྲུཾཿ བདུན་པ་སྒོ་གསུམ་ཡེ་ཤེས་ལྷའི། །གསང་བ་གསུམ་དུ་བྱིན་རླབས་ནི། །ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་འདུས་དཀྱིལ་འཁོར་འདིར། །ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱིས། །གནས་གསུམ་ཨོཾ་དཀར་ཨཱཿདམར་དང་། །ཧཱུྃ་མཐིང་རྣམས་ཀྱིས་མཚན་པ་ལས། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །སྐུ་གསུམ་བདེ་གཤེགས་སྲས་བཅས་ཀྱི། །གསང་གསུམ་བྱིན་རླབས་མ་ལུས་པ། །འོད་ཟེར་དཀར་དམར་མཐིང་གསུམ་གྱི། །རྣམ་པར་བསྡུས་ཏེ་ཐིམ་པ་ཡིས། །སྒོ་གསུམ་སྒྲིབ་དག་སྨིན་ཅིང་གྲོལ། །རྡོ་རྗེ་གསུམ་གྱི་རང་བཞིན་དུ། །གནས་འགྱུར་གསང་གསུམ་དཔལ་ཡོན་ཐོབ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་ཝཀྐ་ཙིཏྟ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾཿ རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ནི། །གནས་གསུམ་གཏུག་ཅིང་བྱིན་གྱིས་བརླབས། །བརྒྱད་པ་ཏིང་འཛིན་དབང་བསྐུར་ནི། །རིན་ཆེན་སྨན་འབྲུའི་མེ་ཏོག་བཅས། །ཧཱུྃ་ཧྲཱིཿ སྐུ་གསུམ་ལྷུན་རྫོགས་བཅོམ་ལྡན་འདས། །ཡེ་ཤེས་ལྔ་ལྡན་བདེ་བར་གཤེགས། །རིགས་བདག་སྟོན་མཆོག་རྣམ་ལྔ་ཡིས། །ལྔ་ལྡན་རྟགས་ཀྱིས་དབང་བསྐུར་སྩོལ། །སྐུ་དང་ཡེ་ཤེས་མཉམ་སྦྱོར་བའི། །གསང་ཆེན་སྙིང་པོའི་དཀྱིལ་འཁོར་འདིར། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །དབང་བསྐུར་བྱིན་རློབས་དངོས་གྲུབ་སྩོལ། །ཧཱུྃ་ཨོཾ་སྭ་ཨཾ་ཧཱཿ པཉྩ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་པཱཉྩ་པྲ་ཛྙཱ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ རིགས་ལྔའི་ཕྱག་རྒྱ་གནས་ལྔར་གཏུགས། །ཞི་ཁྲོ་ཡབ་ལ་ཡབ་དང་ནི། །ཡུམ་ལ་ཡུམ་གྱིས་དབང་བསྐུར་ཞིང་། །རྒྱས་གདབ་རང་རིགས་དབུ་བརྒྱན་བསམ། །ཞེས་པས། སྐུ་གསུམ་ཞི་ཁྲོའི་ལྷ་ཚོགས་ཡབ་རྣམས་ལ་རིགས་ཀྱི་ཡབ་ལྔ་དང་། ཡུམ་རྣམས་ལ་བདེ་གཤེགས་ཡུམ་ལྔས་དབང་བསྐུར་ཞིང་རྒྱས་བཏབ་པས་རང་རང་གི་རིགས་བདག་གཙོ་བོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ ཅན་གྱིས་དབུ་བརྒྱན་པར་གྱུར། རང་གི་སྙིང་གའི་འོད་ཟེར་གྱིས་རབ་འབྱམས་ཕྱོགས་བཅུའི་ཞིང་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྐུ་གསུམ་ཡོངས་འདུས་མ་ཧཱ་གུ་རུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ སྤྱི་དོན་གསུམ་པ་ལས་རིམ་གཞུང་། །རྣམ་གྲངས་བརྒྱད་ཀྱི་དང་པོ་ནི། །ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་ཕྱིར། །སྤོས་དར་རོལ་མོ་དབྱངས་དང་བཅས། །ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །དྷ་ན་ཀོ་ཤའི་མཚོ་གླིང་དུ། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །རྒྱལ་སྲས་པདྨ་འབྱུང་གནས་སམ། །མཚོ་སྐྱེས་རྡོ་རྗེ་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །སངས་རྒྱས་ཀུན་དང་གཉིས་སུ་མེད། །གང་འདུལ་ཕྲིན་ལས་སྣ་ཚོགས་སྟོན། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི། །བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། །དོན་ལ་ཐ་དད་མ་གྲུབ་ཀྱང་། །གང་ལ་གང་འདུལ་སྐུར་བཞེངས་ནས། །དུར་ཁྲོད་བརྒྱད་དུ་སྒྲུབ་པ་མཛད། །སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས་དང་། །གཉིས་སུ་མེད་པའི་དངོས་གྲུབ་བརྙེས། །མ་ཧཱ་གུ་རུ་མཚན་མཆོག་བརྒྱད། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི། །བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། །ཡེ་ཤེས་རང་སྣང་སྒྱུ་འཕྲུལ་གར། །མ་འདྲེས་ཅིར་ཡང་འཆར་བའི་སྐུ། །གཙོ་དང་འཁོར་གྱི་ཚུལ་བསྟན་པ། །སྤྲུལ་པའི་མཁན་སློབ་རྗེ་འབངས་གྲོགས། །རིག་འཛིན་སློབ་དཔོན་བརྒྱུད་པར་བཅས། །འགྲོ་དོན་མཛད་པ་བསམ་མི་ཁྱབ། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི། །བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། །ཐུགས་རྗེ་ཕྲིན་ལས་དཔག་མེད་ཕྱིར། །ཐབས་ཀྱིས་སྣ་ཚོགས་སྐུར་སྤྲུལ་པ། །འཕགས་ཡུལ་རིག་འཛིན་མཆོག་རྣམས་དང་། །བོད་ཀྱི་རྗེ་འབངས་ལོ་པཎ་ཚོགས། །སྐུ་གསུམ་ཡོངས་འདུས་དཀྱིལ་འཁོར་ལྷ། །ཞི་ཁྲོ་རབ་འབྱམས་མ་ལུས་རྣམས། །རང་དང་དབྱེར་མེད་སྒྲུབ་ལགས་ཀྱིས། །དངོས་གྲུབ་སྩལ་ཕྱིར་གཤེགས་སུ་གསོལ། །སྐུ་གསུམ་འོད་ཕུང་ཁྱུགས་སེ་ཁྱུག། །རྩ་གསུམ་ཟེར་མདངས་ལྷགས་སེ་ལྷག །དཔའ་བོ་མཁའ་འགྲོ་ཁྲིགས་སེ་ཁྲིག །ཕོ་ཉ་ལས་བྱེད་ཉི་ལི་ལི། །དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །རྒྱན་ཆ་སྣ་ཚོགས་ཁྲ་ལ་ལ། །མཛེས་པའི་བྲོ་གར་ཤིགས་སེ་ཤིག །སྙན་པའི་གླུ་དབྱངས་ཀྱུ་རུ་རུ། །བརྡ་སྐད་བཤུགས་གླུ་ཏི་རི་རི། །སིལ་སྙན་རོལ་མོ་འུ་རུ་རུ། །བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབས་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་ཛཿ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་སརྦ་ཀརྨ་ཙིཏྟ་ཧྲིཾ་ཧྲིཾཿ དྷརྨ་ནིརྨ་སམ་བྷོ་ཀཱ་ཡ་ཨ་ཝེ་ཤ་ཡ་ཕེཾ་ཕེཾཿ གཉིས་པ་བཞུགས་སུ་གསོལ་བ་ནི། ཧཱུྃ་ཧྲཱིཿ བདེ་གཤེགས་ཀུན་དངོས་གུ་རུ་རྗེ། །སྐུ་གསུམ་ཡོངས་འདུས་དཀྱིལ་འཁོར་ལྷ། །རྩ་གསུམ་དམ་ཅན་སྤྲུལ་འཁོར་བཅས། །མོས་པའི་བུ་ལ་ཞལ་སྟོན་འཚལ། །གསུང་གིས་གདམས་པའི་གནད་བསྒྲག་འཚལ། །ཐུགས་རྗེས་དགོངས་ཤིང་བྱིན་རློབས་འཚལ། །གདོད་ནས་དམ་ཡེ་དབྱེར་མེད་ཀྱང་། །འགྲོ་བའི་དོན་ལ་འདིར་བཞུགས་འཚལ། །རིན་ཆེན་ཕོ་བྲང་ཉམས་རེ་དགའ། །འབུམ་བརྡལ་པདྨ་མདངས་རེ་ཆེ། །ཉི་ཟླའི་དཀྱིལ་འཁོར་འོད་རེ་གསལ། །དུར་ཁྲོད་གཞལ་ཡས་བྱིན་རེ་ཆེ། །རྟོག་མེད་རོ་གདན་བག་རེ་དྲོ། །བཞུགས་པའི་གནས་མཆོག་དངས་རེ་སྤྲོ། །སྐུ་གསུམ་ཡོངས་འདུས་ཞི་ཁྲོའི་ལྷ། །འཁོར་དང་བཅས་རྣམས་མ་ལུས་ཀུན། །མོས་ཤིང་བསྒྲུབ་པའི་གང་ཟག་ལ། །དགྱེས་ཤིང་བྱིན་གྱིས་བརླབས་པའི་ཕྱིར། །བསྐྱེད་པའི་ལྷ་དང་མི་གཉིས་པར། །མི་གཡོ་བརྟན་པར་བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཏིཥྛ་ལྷན། ཛཿཧཱུྃ་བཾ་ཧོཿ གསུམ་པ་གུས་འདུད་ཕྱག་འཚལ་ནི། ཧཱུྃ་ཧྲཱིཿ སྐྱེ་འགགས་འགྱུར་མེད་ཕྲིན་ལས་རྫོགས། །རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ། །ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི། །སྐུ་གསུམ་ཡོངས་འདུས་བླ་མ་ལྷར། །མི་ལྡོག་རྩེ་གཅིག་དད་གུས་ཀྱིས། །སྙན་འགྱུར་གདུང་བའི་དབྱངས་དང་བཅས། །ལུས་སྨད་ཐལ་མོ་རྩེ་སྦྱར་ནས། །ཞབས་བརྟན་ཅོད་པཎ་རྩེ་མོར་མཆོད། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་པྲ་ཎ་མེ་ན་བཛྲ་བྷནྡྷ་ནཾ་ཀ་རོ་མི། བཞི་པ་ཕྱི་ཡི་མཆོད་འབུལ་ནི། །ཧཱུྃ་ཧྲཱིཿ དུས་གསུམ་ཕྱོགས་བཅུའི་ཞིང་རྣམས་ནས། །སྐུ་གསུམ་བདེ་གཤེགས་མཆོད་འོས་པའི། །ཁྱད་པར་རྨད་བྱུང་ལོངས་སྤྱོད་སྤྲིན། །བགྱིས་སམ་ལྷུན་གྱིས་གྲུབ་པ་ཀུན། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །རབ་འབྱམས་ནམ་མཁའི་མཛོད་ཆེན་པོར། །ཀུན་བཟང་རྣམ་འཕྲུལ་དང་མཉམ་པར། །སྤྲུལ་ཏེ་སྐུ་གསུམ་ལྷ་ལ་འབུལ། །རྣམ་དག་ཡོན་ཆབ་ཞལ་ལ་འབུལ། །ཡན་ལག་བརྒྱད་ལྡན་ཞབས་བསིལ་འབུལ། །མཛེས་སྡུག་མེ་ཏོག་དབུ་ལ་འབུལ། །དྲི་ཞིམ་བདུག་སྤོས་ཤངས་ལ་འབུལ། །ཀུན་གསལ་སྒྲོན་མེ་སྤྱན་ལ་འབུལ། །ཡིད་འོང་དྲི་ཆབ་སྐུ་ལ་འབུལ། །རོ་ལྡན་ཞལ་ཟས་ལྗགས་ལ་འབུལ། །གླུ་དབྱངས་རོལ་མོ་སྙན་ལ་འབུལ། །མཛེས་སྡུག་གཟུགས་དང་སྙན་པའི་སྒྲ། །ངད་ལྡན་དྲི་དང་ཞིམ་པའི་རོ། །སྲབ་འཇམ་རེག་བྱ་ལ་སོགས་པ། །འདོད་ཡོན་མ་སྤང་ཕྱི་མཆོད་ཚོགས། །མ་ལུས་སྐུ་གསུམ་ཡོངས་འདུས་ཀྱི། །ལྷ་ཚོགས་སྤྲུལ་འཁོར་བཅས་རྣམས་ལ། །མོས་པའི་སྟོབས་ཀྱིས་འབུལ་བར་བགྱི། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཨོཾ་བཛྲ་གུ་རུ་ཏྲི་ཀཱ་ཡ་ཤནྟ་ཀྲོ་དྷ་མཎྚ་ལ་སརྦ་ས་པ་རི་ཝ་ར་ཨརྒྷཾ་པ་དྱཾ༴སོགས། ཤཔྟ་རཱུ་པ་ཤཔྟ་གྷནྡྷེ་ར་ས་སྤརྴེ་མ་ཧཱ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ལྔ་པ་ནང་མཆོད་འབུལ་བ་ནི། ཧཱུྃ་ཧྲཱིཿ རང་བྱུང་ཡེ་ནས་རྣམ་པར་དག །རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་བག་ཆགས་ཀུན་སྦྱོངས་ཤིང་། །དུག་ལྔ་སེལ་བའི་བདུད་རྩི་ཆེ། །འཆི་མེད་གསང་བའི་ཨ་མྲྀ་ཏ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། སྨན་མཆོད་ནི། གདོད་མའི་མགོན་པོ་ཀུན་བཟང་སྣང་མཐའ་ཡས། །ཐུགས་རྗེའི་མངའ་བདག་འཕགས་མཆོག་སྤྱན་རས་གཟིགས། །མཐའ་ཡས་འགྲོ་བའི་འདྲེན་མཆོག་པདྨ་འབྱུང་། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། གསང་གསུམ་མཛོད་འཛིན་བཀའ་བབས་རྗེ་འབངས་གྲོགས། །དག་སྣང་ཆོས་ལ་དབང་བ་དྷརྨའི་མཚན། །ཆོས་བདག་རྩ་རྒྱུད་བླ་མའི་ཚོགས་བཅས་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། །རབ་འབྱམས་སྐུ་གསུམ་ཡོངས་འདུས་ལྷག་པའི་ལྷ། །མཆོག་གསུམ་རྩ་གསུམ་དམ་ཅན་བསྲུང་མར་བཅས། །མ་ལུས་ལུས་པ་མེད་པ་ཐམས་ཅད་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ། ༈ ལྕེ་ཡི་དམ་ཚིག་པདྨོ་ལ། །རྡོ་རྗེ་ཅན་གྱི་ཧཱུྃ་བསྒོམ་ཏེ། །མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས། །མྱང་ནས་དངོས་གྲུབ་མཆོག་སྩོལ་ཤོག །ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཧཱུྃ། གདོད་ནས་རྣམ་དག་དབང་གི་རྫས། །གློ་བུར་འཁོར་བའི་རྒྱུར་སྣང་བ། །མ་རིག་རྒྱུ་རྐྱེན་ལས་བྱུང་བའི། །གདུག་པ་ཀུན་བསྒྲལ་སྲོག་གི་ཁྲག །འཚོ་བྱེད་དྭངས་མ་རྩ་བའི་ཁྲག །རྩི་བཅུད་དམར་པོ་འབྱུང་བའི་ཁྲག །མཁའ་ལས་རང་བྱུང་སྦྱོར་བའི་ཁྲག །ཐམས་ཅད་མཉམ་པའི་རྒྱུན་ཆེན་པོ། །འཁོར་འདས་མཉམ་ཉིད་བྷནྡྷར་བསྐྱིལ། །མ་ཆགས་ཆགས་བྲལ་ཆགས་པ་ཆེ། །གཉིས་མེད་འཛིན་བྲལ་དམ་རྫས་མཆོག །བདེ་ཆེན་རཀྟའི་མཆོད་པ་འབུལ། །མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི། །ཡིད་ཅན་འགྲོ་རྣམས་གསོ་བའི་ཟས། །ཟག་མེད་ཡེ་ཤེས་བསྐྱེད་པའི་རྒྱུ། །དངོས་གྲུབ་དེ་ཉིད་ལྕགས་ཀྱུ་ལྔ། །བདེ་གཤེགས་དམ་ཚིག་སྒྲོན་མ་ལྔ། །མྱོས་ལྡན་དམ་རྫས་ལྔ་ལ་སོགས། །ཁ་ཏོག་དྲི་རོ་ནུས་ལྡན་པའི། །རྩི་བཅུད་འབྲུ་སྨན་སྦྱར་བའི་བཤོས། །སྣ་ཚོགས་རྒྱན་གྱིས་རབ་མཛེས་ཤིང་། །འདོད་ཡོན་ལོངས་སྤྱོད་སྤྲིན་འཕྲོ་བའི། །རྨད་བྱུང་གཏོར་མའི་མཆོད་པ་འབུལ། །མ་ཧཱ་བྷ་ལིངྟ་པཱུ་ཛ་ཁཱ་ཧི། །སྲིད་ཞིའི་འཁྲུལ་གྲོལ་མི་དམིགས་ཀྱང་། །རྟག་ཁྱབ་འགྲོ་འོང་མེད་པའི་ལྷར། །དུག་གསུམ་སྐུ་གསུང་ཐུགས་སུ་མཆོད། །དུག་ལྔ་ཡེ་ཤེས་ལྔ་རུ་མཆོད། །སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད། །དྲན་རྟོག་ཆོས་ཉིད་ཀློང་དུ་མཆོད། །ཉོན་མོངས་མ་སྤངས་རང་གྲོལ་བ། །ནང་གི་མཆོད་འབུལ་བཞེས་སུ་གསོལ། །ཨོཾ་གུ་རུ་ཏྲི་ཀཱ་ཡ་མཎྚ་ལ་མ་ཧཱ་སརྦ་པཱུ་ཛ་ས་མ་ཡཱ་ཨཱཿཧཱུྃ། དྲུག་པ་གསང་བའི་མཆོད་འབུལ་ནི། །ཧཱུྃ་ཧྲཱིཿ དབྱིངས་རིག་ཐབས་ཤེས་ཟུང་དུ་འཇུག །རྡོ་རྗེ་པདྨ་མཉམ་སྦྱོར་ཞིང་། །དགའ་བ་བཞི་བཞིའི་བྱེད་ལས་ཅན། །དབབ་བསྐྱིལ་བཟློག་དང་དགྲམ་པ་ཡི། །ཞུ་བདེ་བྱང་ཆུབ་སེམས་ཀྱི་སྤྲིན། །དབང་བཞིའི་དམ་ཚིག་རྨད་པོ་ཆེ། །མཁའ་དང་མཉམ་པའི་ཏིང་ངེ་འཛིན། །བླང་དོར་མེད་པའི་མཉེས་མཆོད་འབུལ། །མ་ཧཱ་སུ་ཁ་ཛྙཱ་ན་གུ་ཧྱ་པཱུ་ཛ་ཧོ། །འདོད་ཆགས་བྲལ་བའི་བརྟན་པ་ཡང་། །འཕྲོག་པར་བྱེད་འདྲའི་ལང་ཚོ་ཅན། །རྡོ་རྗེ་ལྷ་མོ་བཅུ་དྲུག་སོགས། །ཞིང་སྔགས་ལྷན་སྐྱེས་ཕྱག་རྒྱའི་སྤྲིན། །འདུ་འབྲལ་མེད་པའི་དགྱེས་མཆོད་འབུལ། །མ་ཧཱ་མུ་ཏྲ་གྷ་ན་གུ་ཧྱ་པཱུ་ཛ་ཧོཿ བདག་གཉིས་རྟོགས་གོམ་བསྒྲལ་བ་ཡིས། །ཐུགས་རྗེས་འགྲོ་རྣམས་རྗེས་བཟུང་ནས། །དྲག་ཤུལ་མངོན་སྤྱོད་བཅུ་གཉིས་ཀྱིས། །སྲིད་གསུམ་གདུག་པ་ཚར་གཅོད་ཅིང་། །གཉིས་མེད་དབྱིངས་སུ་རབ་བསྒྲལ་བས། །བློ་ངན་འཁོར་བའི་རྒྱུན་གཅོད་པ། །སྒྲོལ་བ་ལས་ཀྱི་མཆོད་པ་ཆེ། །གཉིས་འཛིན་རྟོག་པ་འཇོམས་ཕྱིར་འབུལ། །མ་ཧཱ་ཀརྨཱ་ཏ་ན་གུ་ཧྱ་པཱུ་ཛ་ཧོ། །ཁྱད་པར་རྨད་བྱུང་མཆོད་པའི་མཆོག །འདུས་བྱས་འདུས་མ་བྱས་པའི་དགེ། །ཟག་བཅས་ཟག་མེད་དགའ་བདེའི་ཉམས། །ཀུན་རྫོབ་བློ་དང་ཅིག་ཤོས་རྟོགས། །དམིགས་དང་དམིགས་བྲལ་ཏིང་འཛིན་གྱིས། །རྒྱལ་བ་རྒྱ་མཚོ་མཉེས་གྱུར་ཅིག །མཉེས་ནས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཏྲི་ཀཱ་ཡ་མཎྚ་ལ་མ་ཧཱ་གུ་ཧྱ་སརྦ་པཱུ་ཛ་ཨཱཿཧཱུྃ། བདུན་པ་བསྟོད་པ་སྒྲོག་པ་ནི། ཧཱུྃ་ཧྲཱིཿ ཀ་དག་བློ་འདས་ཆོས་ཀྱི་སྐུ། །བདེ་ཆེན་ལྷུན་གྲུབ་ལོངས་སྤྱོད་རྫོགས། །ཐུགས་རྗེ་རྨད་བྱུང་སྤྲུལ་པའི་སྐུ། །སྐུ་གསུམ་ཡོངས་འདུས་རྗེ་ལ་བསྟོད། །དུས་གསུམ་རྒྱལ་ཀུན་འདུས་པའི་ཐུགས། །རིམ་གསུམ་དམ་ཆོས་འདུས་པའི་གསུང་། །ཐེག་གསུམ་དགེ་འདུན་འདུས་པའི་སྐུ། །གུ་རུའི་གསང་བ་གསུམ་ལ་བསྟོད། །གྲུབ་མཆོག་རིག་འཛིན་ཡོངས་ཀྱི་རྗེ། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་གཙོ། །ཡེ་ཤེས་མཁའ་འགྲོ་ཀུན་གྱི་དཔལ། །འགྲོ་བའི་མགོན་པོ་ཁྱོད་ལ་བསྟོད། །མཁྱེན་པས་ཆོས་ཀུན་ཐུགས་སུ་ཆུད། །བརྩེ་བས་འགྲོ་ཀུན་བུ་བཞིན་སྐྱོངས། །ནུས་པས་སྣང་སྲིད་ཟིལ་གྱིས་གནོན། །མཚུངས་མེད་སྤྲུལ་པའི་སྐུ་ལ་བསྟོད། །ལས་སྨོན་ཐུགས་རྗེའི་རྟེན་འབྲེལ་གྱིས། །དག་པའི་ཚོམ་བུར་གཅིག་བསྡོམས་ཚུལ། །རིག་འཛིན་མཁན་སློབ་རྗེ་འབངས་གྲོགས། །གཙོ་འཁོར་གཉིས་སུ་མེད་ལ་བསྟོད། །དུར་ཁྲོད་གནས་བརྒྱད་སོ་སོ་ནས། །སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་དང་། །གཉིས་མེད་མཆོག་ཐུན་དངོས་གྲུབ་བརྙེས། །སྐུ་གཅིག་མཚན་བརྒྱད་མངའ་ལ་བསྟོད། །ཧྲཱིཿ མ་ཆགས་སྐྱོན་གྱིས་མ་གོས་པའི། །པདྨ་འབྱུང་གནས་སྐུ་ལ་བསྟོད། །ཡོན་ཏན་ཐམས་ཅད་རབ་ཏུ་རྫོགས། །པདྨ་སམ་བྷའི་སྐུ་ལ་བསྟོད། །སྤངས་རྟོགས་མ་ལུས་མཐར་ཕྱིན་པའི། །ཤཱཀྱ་སེང་གེའི་སྐུ་ལ་བསྟོད། །ཤེས་བྱའི་གནས་ཀུན་ཐུགས་སུ་ཆུད། །བློ་ལྡན་མཆོག་སྲེད་སྐུ་ལ་བསྟོད། །བདེ་བ་ཐམས་ཅད་རྫོགས་པའི་དཔལ། །པདྨ་རྒྱལ་པོའི་སྐུ་ལ་བསྟོད། །རྨོངས་པའི་མུན་པ་མཐའ་དག་སེལ། །ཉི་མ་འོད་ཟེར་སྐུ་ལ་བསྟོད། །བདུད་དང་མུ་སྟེགས་འདུལ་མཛད་ལྷ། །སེང་གེ་སྒྲ་སྒྲོག་སྐུ་ལ་བསྟོད། །ལོག་འདྲེན་དམ་སྲི་ཚར་གཅོད་པའི། །རྡོ་རྗེ་གྲོ་ལོད་སྐུ་ལ་བསྟོད། །གྲུབ་པའི་རིག་འཛིན་སློབ་དཔོན་དང་། །འཕགས་ཡུལ་མཆོག་བརྒྱད་པཎ་གྲུབ་ཚོགས། །བོད་ཀྱི་བཀའ་བབས་ལོ་ཆེན་འབངས། །རྒྱལ་བསྟན་སྣང་བྱེད་ཚོགས་བཅས་བསྟོད། །འགྲོ་དྲུག་འདྲེན་མཛད་ཐུབ་པ་དྲུག །སྲས་བཅས་སངས་རྒྱས་མཆོད་པའི་ལྷ། །ཕྱི་ནང་སྒོ་སྲུང་དབང་ཕྱུག་གིང་། །ལྷ་ཚོགས་ཡོངས་སུ་རྫོགས་ལ་བསྟོད། །བརྒྱད་པ་ཉེས་ལྟུང་བཤགས་བསྡམས་ནི། །ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་འདུས་གུ་རུ་རྗེ། །བརྩེ་བ་ཆེན་པོས་དགོངས་སུ་གསོལ། །རྣལ་འབྱོར་ཐེག་མཆོག་ལ་ཞུགས་ཀྱང་། །རྨོངས་འཁྲུལ་བག་མེད་ལེ་ལོ་ཡིས། །སོ་སོར་ཐར་པའི་བསྲུང་སྡོམ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་དང་། །གོང་མ་སྔགས་ཀྱི་དམ་ཚིག་ལ། །ཉམས་ཆགས་ཉེས་ལྟུང་བྱུང་བ་བཤགས། །གསང་ཆེན་ངེས་པའི་ལམ་མཆོག་གི། །རྩ་བ་བླ་མའི་དམ་ཚིག་དང་། །ཡན་ལག་དེ་གཞན་ཁས་བླངས་རྣམས། །བླ་མེད་ཐབས་མཆོག་གཉེན་པོ་བཞི། །སྟོབས་ཆེན་རྨད་དུ་བྱུང་བའི་མཐུས། །འགལ་བ་བཤགས་ལ་ཉམས་ལ་བསྐངས། །འདས་རལ་གསོས་ཤིང་སོར་ཆུད་ནས། །དག་ཚངས་མཆོག་གི་དངོས་གྲུབ་སྩོལ། །རྡོ་རྗེ་སེམས་དཔའི་ཡིག་བརྒྱ་བརྗོད། །ཉམས་ཆགས་རྟོག་སྒྲིབ་རང་གྲོལ་འགྱུར། །ཐུགས་སྒྲུབ་སྐུ་གསུམ་ཡོངས་འདུས་ལས། །བསྐྱེད་རིམ་དངོས་གཞིའི་ལེའུ་འོ།། ༧ བཞི་པ་ཛཔ྄་ལའང་རྣམ་གྲངས་བརྒྱད། །དང་པོ་ཛཔ྄་ཁང་དབྱེ་བ་ནི། །ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་རྫོགས་བཅོམ་ལྡན་འདས། །དུས་གསུམ་སྒྲུབ་པའི་བདེ་གཤེགས་རྣམས། །སྔོན་གྱི་ཐུགས་དམ་བསྐུལ་ཕྱིར་དང་། །བྱིན་རླབས་དངོས་གྲུབ་ཞུ་བའི་དཔང་། །དམ་ཚིག་བསྐྱེད་པའི་འཁོར་ལོ་ལས། །མ་བསྐྱེད་རང་བྱུང་ཡེ་ཤེས་སེམས། །རྟེན་དང་བརྟེན་པར་བཅས་པ་རྣམས། །ལྗོན་པ་ལས་ནི་མེ་ཏོག་བཞིན། །སོ་སོར་མ་འདྲེས་གསལ་བར་དབྱེ། །འོད་དང་ཟེར་གྱི་ཕྲེང་བ་ཡིས། །སྦྲེལ་ཏེ་མདུན་གྱི་ནམ་མཁའ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་ཨཱཿཧཱུྃ་བྷྲུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྚ་ལ་ཧཱུྃ་ཕཊ་ཛཿ གཉིས་པ་ཛཔ྄་བསྐུལ་བྱ་བ་ནི། ཧཱུྃ་ཧྲཱིཿ རང་སྣང་རྣམ་དག་རྔ་ཡབ་གླིང་། །རང་བྱུང་སྤྲུལ་པའི་ཕོ་བྲང་འདིར། །དུས་གསུམ་བདེ་གཤེགས་རྒྱལ་བ་རྣམས། །བསྙེན་བསྒྲུབ་ཛཔ྄་ཀྱིས་ཐུགས་རྒྱུད་བསྐུལ། །ཐུགས་དམ་ཐུགས་རྗེའི་དབང་གིས་དགོངས། །མི་མངོན་དབྱིངས་ནས་སྐུར་བཞེངས་ལ། །རྣལ་འབྱོར་སྒོ་གསུམ་བྱིན་གྱིས་རློབས། །སྒྲུབ་པ་མཐར་ཕྱིན་དངོས་གྲུབ་སྩོལ། །གསང་ཆེན་སྙིང་པོའི་དཀྱིལ་འཁོར་འདིར། །རྡོ་རྗེ་བླ་མ་འགྲོ་བའི་མགོན། །སྐུ་གསུམ་ཡོངས་འདུས་ལྷ་ཚོགས་ཀྱི། །ཐུགས་རྗེ་ཕྲིན་ལས་དཔག་མེད་ན། །ཐུགས་དམ་དུས་ལས་མི་ཡོལ་བར། །ནུས་བྱིན་མཐུ་སྟོབས་རྩལ་ཤུགས་བསྐྱེད། །མ་དག་སྒོ་གསུམ་གནས་བསྒྱུར་ལ། །སྒྲུབ་འབྲས་གསང་གསུམ་མངོན་གྱུར་མཛོད། །ནུས་བྱིན་མཐུ་སྟོབས་རྩལ་ཤུགས་བསྐྱེད། །མ་དག་སྒོ་གསུམ་གནས་བསྒྱུར་ལ། །སྒྲུབ་འབྲས་གསང་གསུམ་མངོན་གྱུར་མཛོད། །ཏིང་འཛིན་གནད་ཀྱི་ལྡེ་མིག་གིས། །ཡེ་ཤེས་གསང་བའི་སྒོ་ཕྱེས་ལ། །སྐུ་གསུམ་དགོངས་མཛོད་དབང་བསྒྱུར་བའི། །སྙིང་པོ་དོན་གྱི་དངོས་གྲུབ་ཞུ། །གསུམ་པ་དམ་བཅའ་བཟུང་བ་ནི། །ཧཱུྃ་ཧྲཱིཿ སྐུ་གསུམ་ཡེ་ཤེས་བླ་མའི་ཚོགས། །མདུན་མཁར་བཞུགས་རྣམས་དགོངས་སུ་གསོལ། །ངེས་པར་སྒྲུབ་པའི་རྣལ་འབྱོར་བདག །རྟོག་འཁྲུལ་སྒྱུ་མའི་མཚང་རིག་ནས། །འཁྲུལ་མེད་སྐུ་གསུམ་གཏན་བདེའི་སྲིད། །ཐོབ་ཕྱིར་བླ་མའི་གསང་གསུམ་བསྒྲུབ། །མ་གསལ་བར་དུ་བསྐྱེད་ཅིང་བསྒོམ། །མ་འགྲུབ་བར་དུ་བསྙེན་ཅིང་བསྒྲུབ། །དགོངས་ཀློང་གཅིག་ཏུ་མ་གྲོལ་བར། །ཞི་ལྷག་དབྱེར་མེད་ཏིང་འཛིན་སྒོམ། །བདེ་སྟོང་ཟུང་འཇུག་བྱང་ཆུབ་སེམས། །དྲན་དང་ཤེས་བཞིན་འཁྱེར་སོ་གསུམ། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །འཇུག་དཀའི་གསང་བསྟན་སྒོར་ཞུགས་ཏེ། །འདའ་དཀའི་དམ་ལས་མི་འདའ་བར། །སྤྱད་དཀའི་བྱང་ཆུབ་ལམ་མཆོག་སྤྱོད། །སྒྲུབ་དཀའ་ཚེ་འདིར་སངས་རྒྱས་བསྒྲུབ། །གདུལ་བྱ་འདུལ་བའི་ཐབས་ལམ་མཆོག །རང་བྱུང་རང་གྲོལ་རྫོགས་པ་ཆེ། །བླ་མེད་བླ་མའི་དཀྱིལ་འཁོར་འདིར། །དངོས་གྲུབ་མྱུར་དུ་འགྲུབ་གྱུར་ཅིག །བཞི་པ་བསྙེན་པའི་ཛཔ྄་དགོངས་ནི། །ཧཱུྃ་ཧྲཱིཿ སྐུ་གསུམ་དམ་ཚིག་དཀྱིལ་འཁོར་གཙོ། །རིག་འཛིན་རྒྱལ་པོའི་ཐུགས་ཀ་རུ། །ཡེ་ཤེས་སེམས་དཔའ་ཚེ་མཐའ་ཡས། །དམར་གསལ་མཉམ་བཞག་ཚེ་བུམ་བསྣམས། །ཚོན་གང་ཞི་ཚུལ་ལོངས་སྤྱོད་རྫོགས། །སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས། །ལྷ་ལྕམ་མནྡ་ར་བ་དང་། །གཉིས་མེད་ཡུམ་མཆོག་གོས་དཀར་མོ། །དཀར་གསལ་མདའ་དར་ཚེ་བུམ་འཁྱུད། །རྒྱན་རྫོགས་པདྨའི་འདུག་སྟངས་སྦྱོར། །ཚེ་བདག་དཔལ་གྱི་ཐུགས་ཀ་རུ། །ཉི་སྟེང་ཏིང་འཛིན་སེམས་དཔའ་ནི། །གསེར་རྡོར་རྩེ་ལྔ་ནས་ཙམ་དབུས། །ཡུངས་འབྲུ་ཕྱེད་ཙམ་ཟླ་བ་ལ། །ཧཱུྃ་མཐིང་སྤུ་ཡིས་བྲིས་ལྟ་བུར། །གསལ་འཚེར་འོད་ལྔ་ལྡན་པའི་མཐར། །ཤིན་ཏུ་ཕྲ་བའི་སྔགས་གཡས་འཁོར། །དུས་གསུམ་བདེ་གཤེགས་ཐུགས་ཀྱི་བཅུད། །སྐུ་གསུམ་ཡོངས་འདུས་དགོངས་པའི་སྲོག །གསང་ཆེན་སྔགས་ཀྱི་སྙིང་པོ་མཆོག །དེ་ངང་ཤེས་པ་ཆམ་མེར་བཞག །མ་ཡེངས་མི་བསྒོམ་ངང་ནས་བསྙེན། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། སྟོང་ཉིད་སྙིང་རྗེ་ཟུང་འཇུག་ངང་། །རེས་འགའ་རྟེན་གྱི་དཀྱིལ་འཁོར་དང་། །རེས་འགའ་བརྟེན་པ་གཙོ་དང་འཁོར། །ཡེ་ཤེས་སེམས་དཔའ་ཏིང་འཛིན་སྔགས། །རེས་འགའ་ཡོངས་རྫོགས་དཀྱིལ་འཁོར་གྱི། །གསལ་སྣང་མངོན་སུམ་ལྟ་བུ་ལ། །ཡིད་ཤེས་དྭངས་སང་ཝལ་ལེ་བལྟ། །སྐབས་འགར་བལྟ་བྱ་བལྟ་བྱེད་དང་། །བལྟ་ཡུལ་གང་ཞིག་ཇི་ལྟ་བུ། །དངོས་སམ་དེ་མིན་བདག་གམ་གཞན། །སྐྱེ་འགགས་ལ་སོགས་གཟུང་འཛིན་སེམས། །རང་ཐོག་ཚོལ་ཞིང་རང་ངོར་བརྟགས། །གང་ཡང་ཡོད་མེད་རྟག་ཆད་སོགས། །མཐའ་གཅིག་ཉིད་བཟུང་ཉམས་ལེན་གོལ། །སྟོང་དྭངས་སྒྲིབ་མེད་མཁའ་འདྲ་ཡང་། །བདེ་གསལ་སྣང་ཆ་མ་འགགས་པ། །བློ་འདས་རྒྱ་ཆད་ཕྱོགས་ལྷུང་བྲལ། །གཉིས་སུ་མེད་ཉིད་གནད་ཀྱི་མཆོག །སྐབས་འགར་སྙིང་པོ་སྔགས་ཀྱིས་བསྙེན། །དེ་ཡང་རེ་འགའ་ཡིད་ཀྱིས་བཟླས། །རེས་འགའ་འབྱུང་འཇུག་འགོགས་པས་བཟླ། །རེས་འགའ་སྙན་པའི་ཛཔ྄་དབྱངས་གྱེར། །སྐབས་སྐབས་ཤུབ་བུར་བསྙེན་པ་ཡིས། །སྐུ་གསུམ་ཡོངས་རྫོགས་ཐུགས་དམ་བསྐུལ། །དགོངས་ཤིང་ཐུགས་རྗེས་འཛིན་པར་འགྱུར། །བྱིན་གྱིས་རློབས་ཤིང་དངོས་གྲུབ་འཐོབ། །ཕྱི་མ་རྔ་ཡབ་དཔལ་རིར་སྐྱེ། །དེ་ཕྱིར་འདི་ལ་བརྩོན་པར་གྱིས།། ༈ ལྔ་པ་ཉེ་བར་བསྙེན་པ་ནི། །བྱ་སྤྱོད་བསྐྱུར་ནས་ལུས་གནད་བརྩམ། །སྨྲ་བརྗོད་མི་བྱ་རླུང་སྔགས་བགྲང་། །རྣམ་རྟོག་འཕྲོ་བཅད་ཏིང་འཛིན་བསྒོམ། །ཨོཾ་ཨཱཿཧཱུྃ། ཐུགས་སྲོག་གསེར་གྱི་རྡོ་རྗེའི་དབུས། །ཧཱུྃ་མཐིང་ནམ་མཁའི་མདོག་ཅན་ལས། །འོད་ལྔ་ཟེར་དང་བཅས་པའི་ཚོགས། །ཨོཾ་ཡིག་དཀར་པོས་སྣ་དྲངས་ཏེ། །ནང་འབྱུང་རླུང་གི་འཕོ་བ་དང་། །འགྲོགས་ནས་ཕྱོགས་བཅུ་གང་བར་སྤྲོས། །སྐུ་གསུམ་བདེ་གཤེགས་སྲས་བཅས་མཆོད། །མཁའ་ཁྱབ་འགྲོ་དྲུག་སྨིན་ཅིང་གྲོལ། །དབང་དང་བྱིན་རླབས་དངོས་གྲུབ་རྣམས། །ཨཱཿཡིག་དམར་པོས་དྲངས་ཤིང་བསྡུས། །ནང་ལྡོག་རླུང་དང་བཅས་ཏེ་ཞུགས། །ཧཱུྃ་ལ་གཉིས་སུ་མེད་པར་ཐིམ། །གནས་པ་ཧཱུྃ་ལ་མཉམ་པར་བཞག །སྣོད་བཅུད་སྣང་གྲགས་རྟོག་ཚོགས་ཀུན། །རྡོ་རྗེ་གསུམ་གྱི་རོལ་པར་བལྟ། །འདི་ནི་ཉེ་བར་བསྙེན་པའི་མཆོག །ཨོཾ་ཨཱཿཧཱུྃ། འབྱུང་འཇུག་གནས་གསུམ་རླུང་དང་སྦྲག །འབུམ་ཕྲག་གྲངས་ཀྱིས་ངེས་པར་བསྙེན། །དེ་ལ་རྒྱལ་བ་ཀུན་གྱིས་དགོངས། །སྒོ་གསུམ་ཉེས་སྐྱོན་བར་ཆད་ཞི། །འགྲུབ་ཐག་ཉེ་ཞིང་བྱིན་རླབས་མྱུར། །མཐར་ཐུག་རྡོ་རྗེ་གསུམ་འགྲུབ་འགྱུར། །དྲུག་པ་བསྒྲུབ་པའི་ཛཔ྄་དགོངས་ནི། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྐུ་གསུམ་ཡོངས་འདུས་དགོངས་པའི་སྲོག །སྙིང་པོ་ངག་ཏུ་བགྲང་བའི་མཐུས། །ཕྲ་བའི་སྔགས་ལས་དཔག་མེད་འོད། །མཁའ་དབྱིངས་གང་བའི་ཟེར་དུ་འཕྲོས། །ཡེ་ཤེས་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །ཐུགས་ལས་འོད་ཟེར་གྲངས་མེད་འཕྲོས། །འོད་ཟེར་དེ་དག་རེ་རེའི་རྩེར། །མཆོད་པའི་ལྷ་མོ་གྲངས་མེད་སྤྲུལ། །སྤྲུལ་པའི་ལྷ་མོ་རེ་རེས་ཀྱང་། །ཀུན་བཟང་མཆོད་སྤྲིན་མཐའ་ཡས་ཀྱིས། །སྐུ་གསུམ་བདེ་གཤེགས་སྲས་བཅས་མཆོད། །སོ་སོའི་ཐུགས་དམ་རྒྱུད་བསྐུལ་ནས། །བྱིན་རླབས་དངོས་གྲུབ་མ་ལུས་པ། །སོ་སོའི་ཐུགས་དམ་རྒྱུད་བསྐུལ་ནས། །བྱིན་རླབས་དངོས་གྲུབ་མ་ལུས་པ། །འོད་ལྔའི་རྣམ་པར་བསྡུས་ཤིང་ཐིམ། །སླར་འཕྲོས་མཁའ་མཉམ་འགྲོ་ལ་ཕོག །རིགས་དྲུག་སོ་སོའི་སྡུག་བསྔལ་དང་། །ལས་ཉོན་སྡིག་སྒྲིབ་ལྷག་མེད་སྦྱངས། །ཀུན་ཀྱང་སྐུ་གསུམ་ས་ལ་བཀོད། །འོད་ཟེར་ཚུར་འདུས་སྔགས་ལ་ཐིམ། །མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར། །ཞེས་བསམ་ཆུ་བོའི་རྒྱུན་བཞིན་བཟླས། །ཆོས་ཀུན་འདུས་པའི་སྙིང་པོ་མཆོག །རྩ་སྔགས་ཡི་གེ་བཅུ་གཉིས་པ། །འབུམ་ཕྲག་བཅུ་གཉིས་གྲངས་ཐེམ་ན། །སྐུ་གསུམ་ཡོངས་རྫོགས་ཐུགས་རྗེས་དགོངས། །མ་ཧཱ་གུ་རུས་བྱིན་གྱིས་རློབས། །རང་རང་དབང་པོ་སྐལ་བ་དང་། །མཐུན་པའི་དངོས་གྲུབ་རྟགས་མཚན་རྙེད། །འདི་བས་ཟབ་པའི་གསང་སྔགས་མེད། །བརྒྱ་ཕྲག་ཙམ་ཞིག་བརྗོད་པ་ཡང་། །ཕན་པའི་ཡོན་ཏན་གཟུགས་མཆིས་ན། །འཇིག་རྟེན་ཁམས་འདི་སྣོད་དུ་ཆུང་། །གནད་ལྡན་ཡུན་རིང་བརྩོན་གྱུར་ན། །འཇིགས་བརྒྱད་ཞི་ཞིང་ཚེ་བསོད་འཕེལ། །སྲིད་ཁམས་དབང་འདུས་ཟིལ་གྱིས་གནོན། །དྲེགས་པའི་ཚོགས་རྣམས་བྲན་དུ་འོང་། །ནད་མུག་མཚོན་འཁྲུགས་བཟློག་ནུས་ཤིང་། །གང་བརྩམས་ཕྲིན་ལས་ཐོག་མེད་འགྲུབ། །རབ་ཀྱིས་དངོས་དང་འབྲིང་ཉམས་སྣང་། །ཐ་མས་ཉིང་འཁྲུལ་སྐབས་སུ་ཡང་། །འདི་འམ་འཆི་ཁ་བར་མ་དོར། །མ་ཧཱ་གུ་རུའི་ཞལ་མཐོང་ཞིང་། །རྗེས་འཛིན་དབུགས་དབྱུང་ལུང་བསྟན་འཐོབ། །མི་འཁྱམས་མི་ལྟུང་ལམ་སྣ་ཟིན། །མཁའ་སྤྱོད་རྔ་ཡབ་ཨོ་རྒྱན་གླིང་། །རིག་འཛིན་ཕོ་མོའི་གྲལ་དུ་ཚུད། །བདུན་པ་ཉེ་བར་བསྒྲུབ་པ་ནི།། ཧཱུྃ་ཧཱུྃ་ཧཱུྃ༔ སྐུ་གསུམ་གཙོ་མཆོག་སྟངས་དཔྱལ་རྣམས། །ཟག་མེད་བདེ་སྟོང་མཉམ་སྦྱོར་བས། །དགྱེས་ཤིང་ཡེ་ཤེས་མཆོག་གིས་མྱོས། །དགའ་བ་ཆེན་པོས་ཧཱུྃ་བརྗོད་པས། །ཞལ་ནས་སྣ་ཚོགས་འོད་འབར་བའི། །ཧཱུྃ་འཕྲོས་སྐུ་གསུམ་ལྷ་ལ་ཕོག །ཀུན་ཀྱང་ཡེ་ཤེས་ཉམས་ཀྱིས་འུར། །ཧཱུྃ་ཆེན་སྔགས་ཀྱི་སྒྲ་དབྱངས་སྒྲོགས། །གཙོ་དང་འཁོར་བཅས་ཐམས་ཅད་ཀྱི། །ཐུགས་སྲོག་ཧཱུྃ་དང་ཞལ་རྣམས་ནས། །བདེ་ཆེན་བྱང་ཆུབ་སེམས་ཀྱི་སྤྲིན། །ཧཱུྃ་གི་རྣམ་པར་ཕྱོགས་བཅུར་སྤྲོས། །ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཀུན། །ཡི་གེ་ཧཱུྃ་གི་རྣམ་པར་བཞུས། །འགྲོ་བ་ཀུན་ཀྱང་ཧཱུྃ་དུ་གྲོལ། །ནམ་མཁའི་ཁྱོན་ཀུན་ཧཱུྃ་གིས་གང་། །ཀུན་ཀྱང་མཚོ་ལ་ཆར་བབས་བཞིན། །ཏིང་འཛིན་ཧཱུྃ་ལ་སིབ་སིབ་ཐིམ། །སྐུ་གསུམ་ལྷ་ཚོགས་གཙོ་འཁོར་ཀུན། །བདེ་སྟོང་ཡེ་ཤེས་ཆེན་པོའི་ཉམས། །མཐའ་ཡས་བརྗོད་དུ་མེད་པར་འབར། །སྐུ་ཡི་རྣམ་འགྱུར་ཤིགས་སེ་ཤིག །ཧཱུྃ་གི་གླུ་དབྱངས་འུ་རུ་རུ། །བརྗོད་མེད་ཡེ་ཤེས་ས་ལ་ལ། །ཧཱུྃ་ཆེན་འོད་ཀྱི་སྤྲོ་བསྡུ་ཡིས། །མ་དག་སྣོད་བཅུད་བཙན་ཐབས་སུ། །དག་པ་སྐུ་གསུམ་ཞིང་དུ་བསྒྱུར། །གཟུང་འཛིན་མཚན་མ་རང་སར་གྲོལ། །ཐམས་ཅད་ཧཱུྃ་དུ་ལྟེམ་གྱིས་ཞུ། །རང་གི་ཐུགས་སྲོག་ཧཱུྃ་ལ་ཐིམ། །སྐུ་གསུམ་བླ་མའི་ཐུགས་གསང་དང་། །དབྱེར་མེད་ཧཱུྃ་དུ་གྲོལ་བར་བསམ། །ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ གསལ་དག་འཇམ་ལ་ལྡིར་བའི་ཧཱུྃ། །བུང་བ་ཚང་ཞིག་ལྟ་བུར་བཟླ། །གྲངས་ནི་འབུམ་ཕྲག་གཅིག་ཡིན་ཏེ། །དུས་ཀྱི་དབང་གིས་དེའི་བཞི་འགྱུར། །འོན་ཀྱང་རྟགས་མཐོང་བར་དུ་འོ། །འདིས་ནི་སྐུ་གསུམ་ཡོངས་རྫོགས་འགྲུབ། །ལས་སྒྲིབ་བག་ཆགས་ཀུན་ཀྱང་འདག །མ་རིག་ཉོན་མོངས་རྟོག་ཚོགས་བྲལ། །གཟུང་འཛིན་ཐམས་ཅད་དབྱིངས་སུ་གྲོལ། །མཆོག་ཐུན་དངོས་གྲུབ་མྱུར་ཐོབ་བྱེད། །ཟབ་མོའི་སྒྲུབ་ཐབས་བགྲང་ཡས་ཀྱང་། །འདི་ལས་རྣོ་མྱུར་ཆེ་བ་མེད། །འདི་ཉིད་ཁོ་ནར་བརྩོན་པས་ཀྱང་། །ཚེ་འདིར་སྐུ་གསུམ་ས་ལ་རེག །བརྒྱད་པ་ལས་ལ་སྦྱོར་བ་ནི། །ཧཱུྃ་ཧྲཱིཿ རིགས་འདུས་མ་ཧཱ་གུ་རུ་རྗེ། །སྐུ་གསུམ་ཡོངས་འདུས་ཚེ་ཡི་ལྷ། །གཙོ་དང་འཁོར་བཅས་ཐམས་ཅད་ཀྱི། །ཐུགས་ལས་རང་མདོག་འོད་ཟེར་འཕྲོས། །ཕྱོགས་བཅུའི་བདེ་གཤེགས་སྲས་བཅས་མཆོད། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །ཚེ་དབང་བྱིན་རླབས་དངོས་གྲུབ་ཀུན། །ཕྱག་མཚན་ཡི་གེའི་རྣམ་པར་བྱོན། །ཕྱི་སྣོད་འབྱུང་ལྔའི་དངས་མ་བཅུད། །འོད་ཟེར་སྣ་ལྔའི་རྣམ་པར་བསྡུས། །ནང་བཅུད་འགྲོ་བའི་ཚེ་བསོད་དཔལ། །ཨ་ནྲྀ་ཧཱུྃ་གི་རྣམ་པ་རུ། །གནོད་ཅིང་ཉམས་པ་མེད་པར་བླངས། །ཐམས་ཅད་བདག་གི་ལུས་ཀྱི་གནས། །བ་སྤུའི་བུ་ག་ཀུན་ནས་ཞུགས། །ཐུགས་སྲོག་སྔགས་ལ་ཐིམ་པ་ཡིས། །རང་གི་ལུས་ཀྱི་ཕྱི་ནང་ཀུན། །མཚན་དཔེ་ཡོན་ཏན་ཀུན་རྫོགས་པའི། །ཨོ་རྒྱན་ཚེ་མཐའ་ཡས་པའི་སྐུ། །རྡུལ་ལྟར་ཕྲ་བ་གྲངས་མེད་པས། །ཏིལ་གོང་བཞིན་དུ་ཐེམ་གྱིས་གང་། །ཐམས་ཅད་སྔགས་སྒྲ་ཏིར་ཏིར་སྒྲོགས། །མི་ཉམས་བླ་དང་རྟག་པའི་ཚེ། །སྐྱེ་འཆི་འཕོ་འགྱུར་མེད་པའི་སྲོག །བགྲེས་རྒུད་བྲལ་བའི་ལང་ཚོ་དང་། །བཀྲག་མདངས་སྟོབས་རྩལ་རྫོགས་ཤིང་ཐོབ། །སྲིད་ཞིའི་ཕུན་ཚོགས་དཔལ་ཡོན་ལ། །དབང་འབྱོར་བསྟན་འགྲོའི་དཔལ་དུ་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨ་ཡུ་ཥེ་བྷྲུཾ་ནྲྀ་ཛཿཔུཎྱཻ་ཛྙཱ་ན་གུརྞ་ཀརྨ་སརྦ་སིདྡྷི་ཧཱུྃ༔ སྔགས་འདི་ཡེངས་མེད་ཏིང་འཛིན་གྱིས། །འབུམ་ཕྲག་གསུམ་གྱི་གྲངས་ཐེམས་ན། །དུས་མིན་ཚེ་ཡི་བར་ཆད་ཞི། །ཚེ་བདུད་བགེགས་ཚོགས་རིང་དུ་འབྲོས། །དེ་ལས་ལྷག་པར་བརྩོན་ནུས་ན། །སྔོན་བསགས་ལས་ཀྱི་རྣམ་སྨིན་གྱིས། །དུས་བབས་འཆི་བར་ངེས་པ་ཡང་། །ཞག་ཟླ་ལོ་ཡི་གྲངས་བཤོལ་ན། །གློ་བུར་ཚེ་གེགས་སྨོས་ཅི་དགོས། །རིག་འཛིན་ཚེ་ཡི་དངོས་གྲུབ་ཀྱང་། །འདི་ཉིད་ཁོ་ནས་འགྲུབ་པར་ནུས། །མངོན་མཐོའི་གནས་ཀྱི་ཡོན་ཏན་བདུན། །སྡེ་བཞིའི་དཔལ་དང་ཕྲིན་ལས་བཞི། །ཐུན་མོངས་གྲུབ་པ་བརྒྱད་སོགས་ཀྱང་། །དཀའ་མིན་དེ་ཡི་དྲུང་ན་གནས། །དེ་ཕྱིར་འབད་ཅིང་བརྩོན་པར་གྱིས། །ས་མ་ཡཱཿ ཐུགས་སྒྲུབ་སྐུ་གསུམ་ཡོངས་འདུས་ལས། །ཛཔ྄་ཀྱི་ལེའུ་རྫོགས་པ་འོ།། ཨེ་མ་ཧོ། ཀུན་མྱུལ་མུ་ཏོ་དྷཱརྨ་ངས། །ཉིང་འཁྲུལ་རྩུབ་མོས་ཟིན་སྐབས་ཤིག །དཔལ་གྱི་རི་བོའི་རྩེར་སོན་ནས། །ཕོ་བྲང་ལ་སོགས་རྒྱན་བཀོད་རྣམས། །ཤིན་ཏུ་གསལ་བར་མི་མངོན་ཀྱང་། །བློ་དང་འཚམས་པའི་གནས་ཤིག་ཏུ། །པདྨ་འབྱུང་གནས་སྤྲུལ་པའི་སྐུ། །རྣམ་འགྱུར་འདྲ་འབག་ཇི་བཞིན་ལས། །ཆེ་ཞིང་གཟི་བརྗིད་འོད་འབར་བ། །དབུ་ལ་པཎ་ཞུ་གསོལ་བ་ཞིག །དབང་པོས་མངོན་སུམ་ཉིད་དུ་མཇལ། །ཡུས་ཀྱིས་ངུས་ཤིང་གསོལ་བཏབ་ཚེ། །བརྡ་ཆོས་ཡི་གེ་བསྟར་མ་གཉིས། །གནང་ཞིང་གསུང་གི་དབུགས་དབྱུང་དང་། །བཅས་ཏེ་བྱིན་རླབས་མཛད་སྣང་ཤར། །དེ་ཕྱིན་སྐུ་གསུམ་དགོངས་མཛོད་ཅེས། །འདི་སྐོར་ཡིག་སྣ་ཕྲན་ཚེགས་རྣམས། །རྩོམ་འདོད་སྙིང་ནས་བྱུང་བཞིན་བྲིས། །འདི་ནི་འབྱུང་བཞིའི་བཅུད་མིན་ཞིང་། །གནས་དུས་ཇི་ལྟར་གདམས་ཚུལ་སོགས། །སྔོན་རབས་དྲན་པས་མ་ཡིན་ཕྱིར། །གཏེར་ཆོས་ཡིན་སྙམ་རེ་བ་མེད། །དག་པ་ཉམས་ཀྱི་སྣང་བ་རུ། །བཏགས་པར་ཆོག་གམ་སྙམ་པ་ལས། །ཚུལ་འདིར་མོས་པས་བརྩོན་རྣམས་ལ། །སྒྲུབ་འབྲས་འབྱུང་མིན་དོགས་པའང་མེད། །བསྒམ་ཕྱིར་ཞུགས་ཀྱང་ངལ་བའི་རྒྱུ། །མོས་པས་ཞུགས་རྣམས་དོན་ཡོད་འགྱུར། །འདི་བྲིས་དགེ་བས་འགྲོ་བ་ཀུན། །པད་འབྱུང་གོ་འཕང་མངོན་གྱུར་ཤོག །ཅེས་པའང་མགོ་སྤྲུལ་གྱིས་བྲིས་པས་བསྟན་འགྲོའི་དོན་ཆེན་འགྲུབ་པའི་རྒྱུར་གྱུར་ཅིག །དགེའོ།། དགེའོ།། དགེའོ།།

ཐུན་མཐར་མཆོད་བསྟོད་དངོས་གྲུབ་བླངས་རྗེས། ཛཿཧཱུྃ་བཾ་ཧོཿས་ཛཔ྄་ཁང་བསྡུ་ཞིང་། ཡིག་བརྒྱས་བརྟན་པར་བྱ་དགོས་སོ།། མཆན།

ཐུགས་སྒྲུབ་བྱིན་འབེབ་ཆེན་མོ།

སྐུ་གསུམ་ཡོངས་རྫོགས་ལྷ་ལ་འདུད། །ཐུགས་སྒྲུབ་བྱིན་འབེབ་ཆེན་མོ་ནི། །ཡང་དག་དོན་བསྒྲུབ་རྣལ་འབྱོར་བས། །དབེན་པའི་གནས་སུ་རྟེན་གསུམ་བཀྲམ། །སྐུ་གསུམ་སྒྲུབ་པའི་དལ་ཞལ་ཕྱེ། །མཆོད་རྫས་རྒྱན་དང་ཡོ་བྱད་བཀོད། །སྤོས་དཀར་ཙན་ཏན་གཡུ་ཤུག་སོགས། །ལེགས་པར་སྦྱར་བའི་དུད་སྤྲིན་གཏོང་། །རོལ་མོའི་བྱེ་བྲག་ཇི་སྙེད་བསྒྲགས། །སྣ་ཚོགས་དར་གྱི་གཡབ་འདོར་ཞིང་། །རབ་འབྱམས་ཕྱོགས་བཅུའི་ཞིང་རྣམས་ན། །བཞུགས་པའི་སྐུ་གསུམ་ལྷ་ཚོགས་རྣམས། །ཐུགས་དམ་རྒྱུད་བསྐུལ་ཐུགས་རྗེས་དགོངས། །མཁའ་ལ་འཇའ་སྤྲིན་འཁྲིགས་པ་ལྟར། །ཀུན་ཀྱང་མདུན་གྱི་ནམ་མཁར་བྱོན། །བདག་གནས་དཀྱིལ་འཁོར་ཡོ་བྱད་ལ། །ཐིམ་ཞིང་བྱིན་ཆེན་དབབ་པར་བསམ། །མོས་གུས་གདུང་བས་ཤུགས་བསྐྱེད་ལ། །སྙན་པའི་དབྱངས་ཀྱིས་འདི་ལྟར་བརྗོད།། ཧཱུྃ་ཧྲཱིཿ ཆོས་དབྱིངས་བློ་འདས་འོག་མིན་ཞིང་། །སྐྱེ་མེད་དོན་གྱི་ཕོ་བྲང་ནས། །ངོ་བོ་ཀ་དག་ཆོས་ཀྱི་སྐུ། །དང་པོའི་སངས་རྒྱས་ཀུན་ཏུ་ཞལ། །ཀུན་བཟང་སྣང་བ་མཐའ་ཡས་ཀྱིས། །བསྒྲུབ་པའི་གནས་འདིར་བྱིན་ཆེན་ཕོབ། །རྣལ་འབྱོར་བདག་ལ་དབང་བཞི་བསྐུར། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ངེས་པ་ལྔ་ལྡན་དག་པའི་ཞིང་། །བདེ་སྟོང་ཟུང་འཇུག་ཕོ་བྲང་ནས། །རང་བཞིན་ལྷུན་གྲུབ་ལོངས་སྤྱོད་རྫོགས། །ཐོད་ཕྲེང་རིགས་ལྔ་སྟངས་དཔྱལ་ལ། །རང་མདངས་འཁོར་གྱི་ཚོམ་བུར་བཅས། །བསྒྲུབ་པའི་གནས་འདིར་བྱིན་ཆེན་ཕོབ། །རྣལ་འབྱོར་བདག་ལ་དབང་བཞི་བསྐུར། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །རང་སྣང་རྔ་ཡབ་དཔལ་རིའི་ཞིང་། །པདྨ་འོད་ཀྱི་གཞལ་ཡས་ནས། །ཐུགས་རྗེས་འགྲོ་བ་འདུལ་བའི་སྐུ། །སྐུ་གསུམ་ཡོངས་འདུས་པདྨ་འབྱུང་། །ཐུགས་རྗེ་ཆེན་པོས་ཉེར་དགོངས་ལ། །བསྒྲུབ་པའི་གནས་འདིར༴སོགས། ཀོ་ཤའི་མཚོ་དབུས་པད་སྡོང་རྩེར། །རང་བྱུང་མཆོག་བརྙེས་སྤྲུལ་པའི་སྐུ། །མཚོ་སྐྱེས་རྡོ་རྗེ་འགྲོ་བའི་མགོན། །བསྒྲུབ་པའི་གནས་འདིར༴སོགས། དུར་ཁྲོད་བསིལ་བ་ཚལ་སོགས་ནས། །ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས། །མཁས་པ་བློ་ལྡན་མཆོག་སྲེད་ཀྱིས། །བསྒྲུབ་པའི་གནས་འདིར་༴སོགས། དབུས་འགྱུར་ར་ག་ར་ཏི་ནས། །ཐམས་ཅད་མཁྱེན་གཟིགས་རྫོགས་སངས་རྒྱས། །གུ་རུ་ཤཱཀྱ་སེང་གེ་ཡིས། །བསྒྲུབ་པའི་གནས་འདིར༴སོགས། ཟ་ཧོར་ཡུལ་གྱི་ཡང་དབེན་དུ། །བདུད་འདུལ་སྔགས་ཀྱི་དངོས་གྲུབ་བརྙེས། །དགེ་སློང་པདྨ་སཾ་བྷ་ཝས། །བསྒྲུབ་པའི་གནས་འདིར༴སོགས། དགའ་བ་ཚལ་གྱི་དུར་ཁྲོད་ནས། །ཁམས་གསུམ་དབང་བསྡུད་དངོས་གྲུབ་བརྙེས། །སྲས་མཆོག་པདྨ་རྒྱལ་པོ་ཡིས། །བསྒྲུབ་པའི་གནས་འདིར༴སོགས། སོ་ས་གླིང་གི་དུར་ཁྲོད་ནས། །ཕྲིན་ལས་འགྲོ་འདུལ་དངོས་གྲུབ་བརྙེས། །རྣལ་འབྱོར་ཉི་མ་འོད་ཟེར་གྱིས། །བསྒྲུབ་པའི་གནས་འདིར༴སོགས། རྡོ་རྗེ་གདན་གྱི་གནས་མཆོག་ནས། །མུ་སྟེགས་ཚར་གཅོད་དངོས་གྲུབ་བརྙེས། །གཏུམ་ཆེན་སེང་གེ་སྒྲ་སྒྲོགས་ཀྱིས། །བསྒྲུབ་པའི་གནས་འདིར༴སོགས། སྟག་ཚང་སེང་གེ་བསམ་གྲུབ་ཏུ། །དྲེགས་ཚོགས་ཀུན་འདུལ་དངོས་གྲུབ་བརྙེས། །ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱིས། །བསྒྲུབ་པའི་གནས་འདིར༴སོགས། འཇིགས་རུང་བསིལ་ཚལ་དུར་ཁྲོད་ནས། །ཡང་དག་ཐུགས་ཀྱི་གྲུབ་བརྙེས་པ། །འགྲོ་མགོན་ཧཱུྃ་ཆེན་ཀ་ར་ཡིས། །བསྒྲུབ་པའི་གནས་འདིར༴སོགས། དུར་ཁྲོད་སྐུ་ལ་རྫོགས་པ་ནས། །འཇམ་དཔལ་ཁྲོ་བོའི་སྐུ་བརྙེས་པའི། །མཁས་པ་མཉྫུ་མི་ཏྲ་ཡིས། ། བསྒྲུབ་པའི་གནས་འདིར༴སོགས། དུར་ཁྲོད་པདྨ་བརྩེགས་པ་ནས། །རྟ་མཆོག་རོལ་པའི་གསུང་གྲུབ་པའི། །དབང་ཆེན་ནཱ་གརྫུ་ན་ཡིས། ། བསྒྲུབ་པའི་གནས་འདིར༴སོགས། དུར་ཁྲོད་ལང་ཀ་བརྩེགས་པ་ནས། །ཕྲིན་ལས་ཕུར་པའི་གྲུབ་བརྙེས་པ། །དཔལ་ཆེན་པྲ་བྷ་ཧསྟི་ཡིས། ། བསྒྲུབ་པའི་གནས་འདིར༴སོགས། གསང་ཆེན་རོལ་པའི་དུར་ཁྲོད་ནས། །རྦོད་གཏོང་མ་མོའི་གྲུབ་བརྙེས་གཙོ། །བླ་མེད་དྷ་ན་སཾ་ཀྲི་ཏས། ། བསྒྲུབ་པའི་གནས་འདིར༴སོགས། དུར་ཁྲོད་ལྷུན་གྲུབ་བརྩེགས་པ་ནས། །རིག་འཛིན་རྣམ་བཞིའི་སར་བགྲོད་པ། །པཎ་ཆེན་བི་མ་ལ་མི་ཏྲས། ། བསྒྲུབ་པའི་གནས་འདིར༴སོགས། མངོན་རྫོགས་རོལ་པའི་དུར་ཁྲོད་ནས། །འཇིག་རྟེན་མཆོད་བསྟོད་གྲུབ་བརྙེས་གཙོ། །རོམ་བུ་གུ་ཧྱ་ཙནྟྲ་ཡིས། ། བསྒྲུབ་པའི་གནས་འདིར༴སོགས། དུར་ཁྲོད་ཧེ་ཆེན་བརྡལ་བ་ནས། །དྲག་སྔགས་དམོད་པའི་མཐུ་གྲུབ་པ། །སྟོབས་ལྡན་ཤནྟིཾ་གརྦྷ་ཡིས། །བསྒྲུབ་པའི་གནས་འདིར༴སོགས། སྒྲགས་ཀྱི་ཡང་རྫོང་ཤེལ་ཕུག་ཏུ། །འཇམ་དཔལ་སྐུ་བརྙེས་རིག་པ་འཛིན། །གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས། །བསྒྲུབ་པའི་གནས་འདིར༴སོགས། མཆིམས་ཕུ་བྲེ་གུའི་དགེ་གནས་སུ། །དབང་ཆེན་གསུང་གྲུབ་རིག་པ་འཛིན། །ངན་ལམ་རྒྱལ་བ་མཆོགདབྱངས་ཀྱིས། །བསྒྲུབ་པའི་གནས་འདིར༴སོགས། མཁར་ཆུ་དཔལ་གྱི་བྲག་ཕུག་ཏུ། །ཡང་དག་ཐུགས་བརྙེས་རིག་པ་འཛིན། །གནུབས་བན་ནམ་མཁའི་སྙིང་པོ་ཡིས། །བསྒྲུབ་པའི་གནས་འདིར༴སོགས། ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ། །བདུད་རྩིའི་གྲུབ་བརྙེས་རིག་པ་འཛིན། །གཉག་ཆེན་ཛྙཱ་ན་ཀུ་མ་རས། ། བསྒྲུབ་པའི་གནས་འདིར༴སོགས། གནས་མཆོག་སྒྲགས་ཀྱི་ཡང་དབེན་དུ། །ཕྲིན་ལས་གྲུབ་བརྙེས་རིག་པ་འཛིན། །མཁར་ཆུ་དཔལ་གྱི་དབང་ཕྱུག་གིས། །བསྒྲུབ་པའི་གནས་འདིར༴སོགས། ཡར་སྟོད་ཤམ་པོ་གངས་ཀྱི་རིར། །རྦོད་གཏོང་གྲུབ་པའི་རིག་པ་འཛིན། །འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས། །བསྒྲུབ་པའི་གནས་འདིར༴སོགས། གནམ་མཚོ་སྔགས་ཀྱི་སྒྲུབ་གནས་སུ། །མཆོད་བསྟོད་གྲུབ་བརྙེས་རིག་པ་འཛིན། །རླངས་ཆེན་དཔལ་གྱི་སེང་གེ་ཡིས། །བསྒྲུབ་པའི་གནས་འདིར༴སོགས། གཡའ་མ་ལུང་གི་དབེན་གནས་སུ། །དྲག་སྔགས་མཐུ་བརྙེས་རིག་པ་འཛིན། །པ་གོར་བཻ་རོ་ཙ་ན་ཡིས། །བསྒྲུབ་པའི་གནས་འདིར༴སོགས། བསམ་ཡས་དབུ་རྩེ་རིགས་གསུམ་ནས། །བདེ་གཤེགས་འདུས་པའི་དངོས་གྲུབ་བརྙེས། །མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས། །བསྒྲུབ་པའི་གནས་འདིར༴སོགས། ནཻ་རིང་སེང་གེའི་རྫོང་སོགས་ནས། །དོན་གཉིས་མཐར་ཕྱིན་སྒྲུབ་པ་མོ། །མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས། །བསྒྲུབ་པའི་གནས་འདིར༴སོགས། ངེས་མེད་དབེན་པའི་གནས་རྣམས་ནས། །རྣལ་འབྱོར་རྒྱལ་བ་བྱང་ཆུབ་སོགས། །མཆོག་ཐུན་གྲུབ་བརྙེས་འབངས་རིགས་རྣམས། །བསྒྲུབ་པའི་གནས་འདིར༴སོགས། གཞན་ཡང་མཁས་གྲུབ་རིག་འཛིན་ཚོགས། །སངས་རྒྱས་བྱང་སེམས་ཉན་རང་དང་། །ལྷ་མོ་མགྱོགས་མ་སྒོ་སྲུང་གིང་། །བསྒྲུབ་པའི་གནས་འདིར༴སོགས། དབང་དྲག་རོལ་པའི་གཞལ་ཡས་ནས། །ཆེ་མཆོག་པདྨ་དྲག་པོ་རྩལ། །གཙོ་འཁོར་བཀའ་ཉན་སྤྲུལ་པར་བཅས། །བསྒྲུབ་པའི་གནས་འདིར༴སོགས། ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་ནས། །དཔལ་ཆེན་གཙོ་དགུ་ཡབ་ཡུམ་འཁོར། །བདུན་བརྒྱ་ཉེར་ལྔ་བཀའ་སྡོད་བཅས། །བསྒྲུབ་པའི་གནས་འདིར༴སོགས། དུར་ཁྲོད་རྔམ་བརྗིད་རོལ་པ་ནས། །ཕག་སེང་ཁྲོས་མ་སྡེ་ལྔ་སོགས། །མ་སྲིང་མཁའ་འགྲོ་རྒྱ་མཚོའི་ཚོགས། །བསྒྲུབ་པའི་གནས་འདིར༴སོགས། ཡེ་ཤེས་དབྱིངས་ཀྱི་མགོན་པོ་དང་། །མ་གཟའ་རྡོར་གསུམ་ལ་སོགས་པའི། །དམ་ཅན་བསྲུང་མ་ཐམས་ཅད་ཀྱིས། །བསྒྲུབ་པའི་གནས་འདིར་བྱིན་ཆེན་ཕོབ། །རྣལ་འབྱོར་བདག་ལ་དབང་བཞི་བསྐུར། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨེ་ཨ་རལླི་ཧྲིཾ་ཧྲིཾ་བཛྲ་ས་མ་ཡ་ཛཿཛ༔ ཨ་བེ་ཤ་ཡ་ཕེཾ་ཕེཾཿ ཛཿཧཱུྃ་བཾ་ཧོ༔ ཅེས་བརྗོད་བྱིན་ཆེན་ཕེབས་པའི་རྟགས། །སྣང་བ་འགྱུར་ཞིང་དྲི་བཟང་འཐུལ། །མཆི་མ་འཁྲུགས་ཅིང་བ་སྤུ་གཟེངས། །བག་དྲོ་ཉམས་དགའ་རིག་པ་དྭངས། །ཏིང་འཛིན་གསལ་ཞིང་ཉམས་རྟོགས་འཕེལ། །དེ་ཚེ་ཐུགས་སྒྲུབ་དངོས་ལ་འཇུག །ས་མ་ཡཱཿ ཞེས་གུ་རུའི་ཐུགས་སྒྲུབ་སྐུ་གསུམ་ཡོངས་འདུས་ཀྱི་བྱིན་འབེབས་ཐུགས་རྗེའི་འོད་ཕུང་འབར་བ་འདི་ཡང་སྔགས་བན་འཇིགས་མེད་རྣམ་རྒྱལ་གྱིས་ལེགས་པར་སྦྱར་བ་ཛ་ཡནྟུ། བརྡ་ཐིམ་རྒྱ༔

འཁོར་གྱི་ཛཔ྄་དམིགས།

སྒྲུབ་པའི་མཚམས་སུ། འཁོར་གྱི་ཛཔ྄་དམིགས་ནི་ཐོག་མར། ཧཱུྃ་ཧྲཱིཿ སྐུ་གསུམ་བླ་མའི་ཐུགས་ཀ་ནས། །འོད་ཟེར་སྣ་ལྔ་ཕྱོགས་བཞིར་འཕྲོས། །སོ་སོའི་རྒྱུད་བསྐུལ་དོན་གཉིས་བྱས། །ཐུགས་རྗེས་གདུལ་བྱ་མི་གཏོང་ཞིང་། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་འཕེལ། །ཐབས་མཁས་འགྲོ་དོན་མཛད་པ་དང་། །བསྟན་པ་འཛིན་སྐྱོང་སྤེལ་བ་ལ། །ཐོགས་མེད་མཐུ་སྟོབས་ནུས་ལྡན་གྱུར། །ཨོཾ་ཨཱཿབཛྲ་གུ་རུ་ཨུ་པ་ཏ་ཀརྨ་པུརྵ་དྷརྨ་རཱ་ཛ་སརྦ་སིདྡྷི་ཧཱུྃ། དེ་བཞིན་དུ་ཕྱག་རྒྱ་བཞི་ལ། ཐུགས་སྲོག་འོད་ཀྱིས་ཕྱག་རྒྱ་བཞིའི། །རྒྱུད་བསྐུལ་མ་ཚོགས་བྱིན་རླབས་བསྡུས། །དགའ་བཞི་ཡེ་ཤེས་མངའ་དབང་འབྱོར། །སྐུ་བཞིའི་གོ་འཕང་མངོན་གྱུར་བསམ། །ཨོཾ་ཨཱཿཙ་ཏུར་མུ་ཏྲ་དེ་བཱི་སརྦ་སིདྡྷི་ཧཱུྃ། མཚན་བརྒྱད་ལ་རིམ་པར། ཐུགས་སྲོག་སྔགས་ལས་འོད་འཕྲོས་པས། །མཚོ་སྐྱེས་རྡོ་རྗེའི་ཐུགས་རྒྱུད་བསྐུལ། །བཟླས་པ་སྔགས་ཀྱི་འཕྲོ་འདུ་ཡིས། །འཇིགས་ཚོགས་སྡུག་བསྔལ་ཀུན་ཞི་གྱུར། །ཨོཾ་ཨཱཿམ་ཧཱ་གུ་རུ་པདྨ་ཀཱ་ར་སརྦ་སིདྡྷི་ཧཱུྃ། སླར་ཡང་ཤཱཀྱ་སེང་གེ་ཡི། །རྒྱུད་བསྐུལ་སྔགས་ཀྱིས་དོན་གཉིས་བྱས། །ཚེ་བསོད་དཔལ་འབྱོར་ཆོས་སྲིད་དོན། །ཡེ་ཤེས་ཡོན་ཏན་རྒྱས་པར་གྱུར། །ཨོཾ་ཨཱཿམ་ཧཱ་གུ་རུ་ཤཱཀྱ་སེང་ཧ་སརྦ་སིདྡྷི་ཧཱུྃ། པདྨ་རྒྱལ་པོའི་ཐུགས་རྒྱུད་བསྐུལ། །ཐུགས་སྲོག་སྔགས་ཀྱི་འཕྲོ་འདུ་ཡིས། །ཁམས་གསུམ་སྲིད་གསུམ་མོས་པ་བཞི། །རླུང་སེམས་སྣང་བ་དབང་འདུས་གྱུར། །ཨོཾ་ཨཱཿམ་ཧཱ་གུ་རུ་པདྨ་རཱ་ཛ་སརྦ་སིདྡྷི་ཧཱུྃ། སེང་གེ་སྒྲ་སྒྲོགས་ཐུགས་དམ་བསྐུལ། །བཟླས་བྱའི་སྔགས་ལས་མེ་མཚོན་འཕྲོས། །བདུད་བགེགས་ལོག་འདྲེན་བར་གཅོད་ཀུན། །མིང་ཡང་མེད་པར་བརླག་པར་བསམ། །ཨོཾ་ཨཱཿམ་ཧཱ་གུ་རུ་སིངྷ་གཎྚེ་སརྦ་སིདྡྷི་ཧཱུྃ། པདྨ་སཾ་བྷའི་ཐུགས་རྒྱུད་བསྐུལ། །ཐུགས་ཀའི་སྔགས་ལས་འོད་འཕྲོས་པས། །ཁྲིམས་འཆལ་ཉེས་ལྟུང་བག་ཆགས་སྦྱངས། །ཚུལ་ཁྲིམས་རྣམ་པར་དག་པར་མོས། །ཨོཾ་ཨཱཿམ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་སརྦ་སིདྡྷི་ཧཱུྃ། བློ་ལྡན་མཆོག་སྲེད་ཐུགས་དམ་བསྐུལ། །སྔགས་ཕྲེང་འོད་ཀྱིས་རྨོངས་མུན་བསལ། །ཆོས་རྣམས་ཀུན་གྱི་དོན་གཟིགས་པའི། །བློ་གྲོས་མཆོག་དང་ལྡན་པར་བསམ། །ཨོཾ་ཨཱཿམ་ཧཱ་གུ་རུ་སུ་མ་ཏི་བཛྲ་སརྦ་སིདྡྷི་ཧཱུྃ། ཉི་མ་འོད་ཟེར་ཐུགས་རྒྱུད་བསྐུལ། །སྔགས་ལས་འོད་འཕྲོས་མ་རིག་བསལ། །སྦྱོར་སྒྲོལ་འདྲེན་པའི་ཕྲིན་ལས་འགྲུབ། །བརྟུལ་ཞུགས་སྤྱོད་ལ་དབང་འབྱོར་བསམ།། ཨོཾ་ཨཱཿམ་ཧཱ་གུ་རུ་སུརྱ་རསྨི་སརྦ་སིདྡྷི་ཧཱུྃ། རྡོ་རྗེ་གྲོ་ལོད་ཐུགས་དམ་བསྐུལ། །སྔགས་ལས་ཁྲོ་མཚོན་མེ་དབལ་འཕྲོས། །རྒྱལ་བསེན་དམ་སྲི་བདུད་བགེགས་རྣམས། །ལྷག་མེད་རྡུལ་དུ་བརླག་པར་མོས། །ཨོཾ་ཨཱཿམ་ཧཱ་གུ་རུ་བཛྲ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ། ཞེས་པ་རྣམས་སོ་སོར་མང་དུ་བཟླའོ།། འཁོར་གྱི་བཟླས་དམིགས་རེ་ཞིག་དེ་ཙམ་མོ།།

ཚེ་འགུགས་མཚམས་སྦྱོར།

༄༅། སླར་ཡང་བདག་མདུན་སྐུ་གསུམ་ཡོངས་འདུས་རྒྱལ་བའི་དབང་པོར་གསལ་བའི་སྐུའི་གནས་གསུམ་ནས་འཕྲོས་པའི་འོད་ཟེར་གྱིས་རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་ཤིང་མུ་མེད་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་གསུམ་ཡོངས་འདུས་རིག་འཛིན་བླ་མའི་ལྷ་ཚོགས་རྣམས་ཀྱི་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དཔལ་དང་ཡོན་ཏན། ཕྱི་སྣོད་འབྱུང་ལྔའི་དྭངས་བཅུད། ནང་བཅུད་འགྲོ་བའི་ཚེ་བསོད་བཀྲག་མདངས། རིག་འཛིན་དྲང་སྲོང་རྣལ་འབྱོར་གྲུབ་པ་རྣམས་ཀྱི་ཡེ་ཤེས་དང་ཡོན་ཏན་ཐམས་ཅད་འུབ་ཀྱིས་བསྡུས་ཏེ་བསྟིམ་པས་སྒྲུབ་རྫས་རྣམས་བྱིན་གྱིས་བརླབས་ཤིང་སྐུ་གསུམ་ཡོངས་འདུས་མ་ཧཱ་གུ་རུའི་ལྷ་ཚོགས་རྣམས་ཀྱི་གསང་བ་གསུམ་དང་དབྱེར་མེད་དུ་གྱུར་བར་མོས་ལ།

ཚེ་འགུགས་བྱིན་རླབས་སྤྲིན་ཕུང་།

སྐུ་གསུམ་དགོངས་པའི་དབྱིངས་མཛོད་ལས། །ཚེ་འགུགས་བྱིན་རླབས་སྤྲིན་ཕུང་བཞུགས། དམ་ལྡན་ཚེ་ཡི་རྣལ་འབྱོར་པས། །བླ་ཚེ་འཁྱམས་པ་འགུགས་པའི་ཕྱིར། །མདའ་དར་སྣ་ལྔ་ཕྱོགས་བཅུར་གཡུག །སྙན་པའི་དབྱངས་ཀྱིས་འདི་ལྟར་བརྗོད། །ཧཱུྃ་ཧྲཱིཿ རང་སྣང་དག་པ་རྔ་ཡབ་དཔལ་གྱི་རི། །སྐྱེ་འགགས་འགྱུར་མེད་དོན་གྱི་འོག་མིན་ཞིང་། །རང་བྱུང་ལྷུན་གྲུབ་ཕོ་བྲང་པདྨ་འོད། །སྐུ་གསུམ་ཡོངས་རྫོགས་དཀྱིལ་འཁོར་ཆེན་པོ་ནས། །བདེ་གཤེགས་ཀུན་འདུས་གུ་རུ་པདྨ་འབྱུང་། །སྐུ་གསུམ་ལྷ་ཚོགས་འཁོར་བཅས་མ་ལུས་ཀུན། །ཡེ་ཤེས་དབྱིངས་ནས་ཐུགས་རྗེའི་སྒྱུ་འཕྲུལ་གྱིས། །བསྒྲུབ་བརྩོན་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །བླ་ཚེ་སྲོག་དབུགས་ཆད་ཉམས་ཡར་བ་ཁུག །མཆོག་ཐུན་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ་ཧྲཱིཿ མཁའ་སྤྱོད་འོག་མིན་སྐུ་གསུམ་རྒྱལ་བའི་ཞིང་། །པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོའི། །སྟེང་ཁང་སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས། །སྤྲོས་མེད་ཉག་གཅིག་ཐིག་ལེའི་འོད་ཀློང་དུ། །དང་པོའི་སངས་རྒྱས་ཁྱབ་བདག་འོད་མི་འགྱུར། །ཀུན་བཟང་སྣང་མཐའ་ཡས་པའི་ངོ་བོ་ཉིད། །ཆོས་སྐུའི་སྟོན་མཆོག་ཨོ་རྒྱན་རྡོ་རྗེ་འཆང་། །སྟོན་འཁོར་ཡོངས་རྫོགས་སྤྲུལ་དང་ཡང་སྤྲུལ་བཅས། །རྣམ་དག་ཆོས་དབྱིངས་ཁྱབ་བརྡལ་ཀློང་ནས་བཞེངས། །རྣལ་འབྱོར་བླ་ཚེ་སྲོག་དབུགས་བཀྲག་མདངས་རྣམས། །སྔོན་གྱི་ལས་དང་འཕྲལ་རྐྱེན་དྲག་པོ་ཡིས། །ཉམས་པ་གསོས་ལ་འཐོར་ཞིང་ཡར་བ་བསྡུས། །ཆད་པ་མཐུད་ལ་བརྐུས་ཤིང་འཁྱམས་པ་ཁུག །ཡོ་བ་བསྲིང་ལ་རལ་ཞིང་གས་པ་སྦྱོར། །འཁོར་འདས་ལམ་གསུམ་ཚེ་བསོད་དྭངས་བཅུད་བསྡུས། །བདག་དང་བསྲུང་བྱར་ཚེ་ཡི་གསོས་སུ་སྩོལ། །དབྱིངས་ཡུམ་ཤེར་ཕྱིན་བཟང་མོ་མནྡྷ་རས། །ཀུན་གཞི་སེམས་ཀྱི་ཚེ་བསོད་ཉམས་པ་བསྡུས། །ཆོས་དབྱིངས་ཀུན་ཏུ་བཟང་མོའི་མཁའ་ལ་བསྐྱིལ། །རིག་སྟོང་ཡེ་ཤེས་རྡོ་རྗེས་རྒྱས་ཐོབ་ཅིག །ཧཱུྃ་ཧྲཱིཿ མཁའ་སྤྱོད་འོག་མིན་སྐུ་གསུམ་རྒྱལ་བའི་ཞིང་། །བདེ་ཆེན་པདྨ་འོད་ཀྱི་ཕོ་བྲང་གི། །བར་ཁང་འགགས་མེད་རང་བྱུང་ཡེ་ཤེས་དབྱིངས། །མི་ཤིགས་འོད་ལྔའི་ཐིག་ལེ་འཁྱིལ་བའི་ཀློང་། །དུག་ལྔ་གནས་དག་ཡེ་ཤེས་ལྔའི་རང་བཞིན། །ངེས་པ་ལྔ་ལྡན་རིགས་ལྔའི་ཞིང་གི་གཙོ། །ལོངས་སྐུ་རྒྱལ་བ་རིགས་ལྔའི་སྒྱུ་འཕྲུལ་གར། །ཨོ་རྒྱན་ཐོད་ཕྲེང་རིགས་ལྔ་སྤྲུལ་འཁོར་བཅས། །ལྷུན་གྲུབ་ཡེ་ཤེས་ལྔ་ཡི་ཀློང་ནས་བཞེངས། །བདག་དང་བསྲུང་བྱའི་བླ་ཚེ་སྲོག་དབུགས་མདངས། །སྔོན་ལས་འཕྲལ་རྐྱེན་དྲག་པོས་ཟད་པ་བསྲིང་། །ཉམས་པ་གསོས་ལ་འཐོར་ཞིང་ཡར་བ་བསྡུས། །ཆད་པ་མཐུད་ལ་བརྐུས་ཤིང་འཁྱམས་པ་ཁུག །ཡོ་བ་སྲོང་ལ་རལ་ཞིང་གས་པ་སྦྱོར། །འཁོར་འདས་ལམ་གསུམ་ཚེ་བསོད་དྭངས་བཅུད་བསྡུས། །བདག་དང་བསྲུང་བྱར་ཚེ་ཡི་གསོས་སུ་སྩོལ། །སྐུ་གསུམ་ཡེ་ཤེས་ཊཀྐི་མཁར་ཆེན་བཟའ། །ཐུགས་རྗེའི་རང་རྩལ་མགྱོགས་མ་བཞི་སོགས་ཀྱིས། །མ་རིག་གཉིས་འཛིན་འཁྲུལ་བའི་རྐྱེན་དབང་གིས། །ཚེ་སྲོག་རླུང་རྟ་ཆད་ཉམས་རྒུད་པ་ཀུན། །བསྡུས་ལ་ཡེ་སྟོང་རིག་པའི་ཀློང་དུ་བསྐྱིལ། །གསལ་དག་བདེ་ཆེན་རྡོ་རྗེའི་རྒྱས་ཐོབ་ཅིག །ཧཱུྃ་ཧྲཱིཿ མཁའ་སྤྱོད་པདྨ་འོད་ཀྱི་ཕོ་བྲང་གི། །འོག་ཕྱོགས་དཔལ་གྱི་རི་བོའི་ནང་ཁོངས་སུ། །སྐུ་གསུམ་དབང་དྲག་རོལ་པའི་ཕོ་བྲང་དབུས། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །ཆེ་མཆོག་ཡོངས་འདུས་པདྨ་དྲག་པོ་རྩལ། །ཐུགས་རྗེའི་རང་མདངས་དཔལ་ཆེན་གཙོ་དགུའི་གར། །ཡབ་ཡུམ་སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་བཅས། །གཞན་ཡང་ཡི་དམ་རྒྱུད་སྡེ་བཞི་དྲུག་ལྷ། །མ་ལུས་འཁོར་བཅས་དབྱིངས་ནས་སྐུར་བཞེངས་ལ། །བདག་དང་བསྲུང་བྱའི་བླ་ཚེ་སྲོག་དབུགས་མདངས། །སྔོན་ལས་འཕྲལ་རྐྱེན་དྲག་པོས་ཟད་པ་བསྲིང་། །ཉམས་པ་གསོས་ལ་འཐོར་ཞིང་ཡར་བ་བསྡུས། །ཆད་པ་མཐུད་ལ་བརྐུས་ཤིང་འཁྱམས་པ་ཁུག །ཡོ་བ་སྲོང་ལ་རལ་ཞིང་གས་པ་སྦྱོར། །འཁོར་འདས་ལམ་གསུམ་ཚེ་བསོད་དྭངས་བཅུད་བསྡུས། །བདག་དང་བསྲུང་བྱར་ཚེ་ཡི་གསོས་སུ་སྩོལ། །དབྱིངས་ཡུམ་རྡོ་རྗེ་ཕག་མོ་རྣལ་འབྱོར་མ། །སྤྲུལ་པ་ཡང་སྤྲུལ་དྷཀྐིའི་ཚོགས་བཅས་ཀྱིས། །ཚེ་བསོད་ལྷ་འདྲེས་བརྐུས་སམ་ཕྲོག་པ་དང་། །ཤུགས་ཀྱིས་ཆད་ཉམས་འཁྱམས་ཤིང་ཟད་པ་དང་། །བྱད་དུ་བཅུག་པའི་བླ་ཚེ་མྱུར་ཁུག་ལ། །དྲི་མེད་ཟངས་ཐལ་སྟོང་ཆེན་ཡུམ་གྱི་མཁར། །ཆུ་ལ་ཆུ་བཞིན་གཉིས་མེད་རོ་གཅིག་བསྟིམས། །འགྱུར་མེད་སྐུ་གསུམ་དགོངས་པས་རྒྱས་ཐོབ་ཅིག །ཧཱུྃ་ཧྲཱིཿ མཁའ་སྤྱོད་པདྨ་འོད་ཀྱི་ཕོ་བྲང་གི། །མཐའ་སྐོར་ཟངས་མདོག་དཔལ་རིའི་ཕྱི་རོལ་ངོར། །ས་སྤྱོད་འོག་མིན་རིག་འཛིན་རོལ་པའི་ཞིང་། །རྔ་ཡབ་གླིང་གི་ཕྱོགས་མཚམས་དབུས་དང་དགུར། །མི་ཟན་སྲིན་པོའི་ཡུལ་གླིང་དགུར་སྣང་བའི། །དབུས་ཕྱོགས་ལང་ག་པུ་རིའི་གྲོང་བརྡལ་གཙོ། །ཐོད་མཁར་དགུ་བརྩེགས་མེ་རླུང་འཁྱིལ་བའི་ཀློང་། །པདྨ་འབྱུང་གནས་རཀྴ་ཐོད་ཕྲེང་རྩལ། །རྨད་བྱུང་སྦྱོར་སྒྲོལ་འདྲེན་པའི་ཕྲིན་ལས་ཀྱིས། །འགྲོ་འདུལ་སྲིན་རྒྱལ་རིག་འཛིན་གཙོ་བོ་བརྒྱད། །རཀྴའི་སྐུར་སྣང་དཔའ་བོ་དཔའ་མོའི་ཚོགས། །སྤྲུལ་པ་ཡང་སྤྲུལ་ཞིང་རྡུལ་གྲངས་སྙེད་ཀུན། །གང་འདུལ་ཐབས་ཀྱིས་སྤྲུལ་པའི་སྐུར་བཞེངས་ལ། །བདག་དང་བསྲུང་བྱའི་བླ་ཚེ་སྲོག་དབུགས་མདངས། །སྔོན་ལས་འཕྲལ་རྐྱེན་དྲག་པོས་ཟད་པ་བསྲིང་། །ཉམས་པ་གསོས་ལ་འཐོར་ཞིང་ཡར་བ་བསྡུས། །ཆད་པ་མཐུད་ལ་བརྐུས་ཤིང་འཁྱམས་པ་ཁུག །ཡོ་བ་སྲོང་ལ་རལ་ཞིང་གས་པ་སྦྱོར། །འཁོར་འདས་ལམ་གསུམ་ཚེ་བསོད་དྭངས་བཅུད་བསྡུས། །བདག་དང་བསྲུང་བྱར་ཚེ་ཡི་གསོས་སུ་སྩོལ། །ཕྲིན་ལས་ནུས་པས་སྒོ་གསུམ་བྱིན་རློབས་ལ། །གསང་གསུམ་རྒྱན་གྱི་འཁོར་ལོས་རྒྱས་ཐོབ་ཅིག །ཧཱུྃ་ཧྲཱིཿ ཞིང་མཆོག་དག་པ་རྔ་ཡབ་དཔལ་གྱི་རི། །སྐུ་གསུམ་རྒྱལ་བའི་གཞལ་མེད་ཁང་ཆེན་པོའི། །སྟེང་ན་བརྒྱུད་ལྡན་བླ་མ་སྤྲིན་ལྟར་འཁྲིགས། །བར་ན་ཡི་དམ་ལྷ་ཚོགས་སྐར་ལྟར་བཀྲམ། །ས་གཞིར་དཔའ་བོ་མཁའ་འགྲོ་རྡུལ་ལྟར་འཚུབས། །བཀའ་སྡོད་ལས་བྱེད་བསྲུང་མ་སེར་ལྟར་འདྲིལ། །ཀུན་ཀྱང་མི་མངོན་དབྱིངས་ནས་སྐུར་བསྐྱོད་ལ། །བདག་དང་བསྲུང་བྱའི་བླ་ཚེ་སྲོག་དབུགས་མདངས། །ལས་དང་རྐྱེན་གྱིས་ཟད་ཅིང་ཉམས་པ་གསོས། །དྲེགས་པའི་ཚོགས་ཀྱིས་བརྐུས་སམ་ཁྱེར་བ་བསྡུས། །བྱད་དུ་བཅུག་པས་འཐོར་ཞིང་ཡར་བ་ཁུག །ཤུགས་ཀྱིས་འཁྱམས་ཤིང་ཧུད་ཀྱིས་འདྲོགས་པ་དང་། །ཧད་ཀྱིས་བསྔངས་སམ་ཡེད་ཀྱིས་བརྒྱལ་བ་སོགས། །བླ་ཚེ་ཆད་ཉམས་ཡར་བ་མྱུར་དུ་ཁུག །སྐུ་གསུམ་ཡོངས་རྫོགས་ཐུགས་རྗེའི་བྱིན་རླབས་དང་། །བརྟན་གཡོའི་ཚེ་བསོད་དྭངས་བཅུད་ཀུན་བསྡུས་ལ། །རིག་སྟོང་ཀུན་ཟླུམ་ཐིག་ལེའི་ཀློང་དུ་བསྟིམ། །སྐྱོན་བྲལ་ཆོས་སྐུའི་དགོངས་པས་རྒྱས་ཐོབ་ཅིག །བསྒྲུབ་པའི་དཀྱིལ་འཁོར་གནས་འདིར་བྱིན་ཆེན་ཕོབ། །སྒྲུབ་རྫས་འཆི་མེད་ཡེ་ཤེས་བདུད་རྩིར་བསྒྱུར། །བསྒྲུབ་པ་མཐར་ཕྱིན་རྟགས་མཚན་མྱུར་དུ་སྟོན། །འཆི་མེད་ཚེ་དབང་མཆོག་ཐུན་དངོས་གྲུབ་སྩོལ། །ཚེ་དང་ཡེ་ཤེས་དཔག་མེད་གཟུངས། །བརྗོད་ཅིང་ཚེ་མདའ་སྤྱི་བོར་བཞག །སླར་ཡང་རྒྱ་གྲམ་མགོར་གཏུག་ཅིང་། །ཚེ་སྦས་རྒྱས་གདབ་བྱ་བ་ནི།། ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་འདུས་ལྷ་ཚོགས་འཁོར་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་བྱིན་རླབས་དཔག་མེད་མཐུས། །སྲ་བརྟན་འབྱུང་བ་ས་ཡི་བཅུད་བསྡུས་ལ། །ཤ་ཡི་ཁམས་ནས་ཉམས་པའི་བླ་ཚེ་གསོས། །སྲ་བ་སངས་རྒྱས་སྤྱན་མའི་ཀློང་དུ་སྦ། །མེ་ལོང་ཡེ་ཤེས་རྡོ་རྗེའི་རྒྱས་གདབ་བོ། །རླན་གཤེར་འབྱུང་བ་ཆུ་ཡི་བཅུད་བསྡུས་ལ། །ཁྲག་གི་ཁམས་ནས་ཉམས་པའི་བླ་ཚེ་གསོས། །མཉེན་པ་མ་མ་ཀི་ཡི་ཀློང་དུ་སྦ། །མཉམ་ཉིད་ཡེ་ཤེས་ནོར་བུའི་རྒྱས་གདབ་བོ། །བཀྲ་གསལ་འབྱུང་བ་མེ་ཡི་བཅུད་བསྡུས་ལ། །དྲོད་ཀྱི་ཁམས་ནས་ཉམས་པའི་བླ་ཚེ་གསོས། །དྲོ་བ་གོས་དཀར་མོ་ཡི་ཀློང་དུ་སྦ། །སོར་རྟོག་ཡེ་ཤེས་པདྨའི་རྒྱས་གདབ་བོ། །གཡོ་སྤེལ་འབྱུང་བ་རླུང་གི་བཅུད་བསྡུས་ལ། །དབུགས་ཀྱི་ཁམས་ནས་ཉམས་པའི་བླ་ཚེ་གསོས། །བསྐྱོད་པ་དམ་ཚིག་སྒྲོལ་མའི་ཀློང་དུ་སྦ། །བྱ་གྲུབ་ཡེ་ཤེས་རྒྱ་གྲམ་རྒྱས་གདབ་བོ། །དྭངས་གསལ་འབྱུང་བ་ནམ་མཁའི་བཅུད་བསྡུས་ལ། །སེམས་ཀྱི་ཁམས་ནས་ཉམས་པའི་བླ་ཚེ་གསོས། །རིག་སྟོང་ནམ་མཁའི་དབྱིངས་ཕྱུག་ཀློང་དུ་སྦ། །ཆོས་དབྱིངས་ཡེ་ཤེས་འཁོར་ལོའི་རྒྱས་གདབ་བོ། །ཨོཾ་བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨ་ཡུ་ཥེ་ཛྙཱ་ན་གྷརྦྷ་པཱ་ར་མརྠ་རཀྵ་རཀྵ་བྷྲུཾ༔ ཞེས་བརྗོད་ཡང་དག་དོན་ལ་བལྟ། །འཆི་མེད་དངོས་གྲུབ་ཐོབ་པར་འགྱུར། །མཐར་ནི་མེ་ཏོག་སིལ་མ་འཐོར། །ཤིས་པ་བརྗོད་པས་མཐའ་བརྒྱན་བྱ། །དེ་ནས་རྗེས་ཀྱི་བྱ་བ་རྣམས། །རང་གཞུང་ཇི་བཞིན་བྱ་བ་འོ། །ཞེས་སྐུ་གསུམ་དགོངས་པའི་ཀློང་མཛོད་ཀྱི་ཆ་ལག་ཚེ་འགུགས་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་འདི་ཡང་དགོས་གལ་ཆེ་བར་བྱུང་ཚེ་རྒྱལ་ཁམས་ཉུལ་བའི་མུ་ཏོ་བ་འཇིགས་མེད་རྣམ་རྒྱལ་རྒྱ་རས་ཤར་མ་ཉིད་དུ་བྲིས་པ་སརྦ་མང་ག་ལམ། དགེའོ།། དགེའོ།། དགེའོ།།

གུ་རུའི་ཐུགས་སྒྲུབ་ཀྱི་ཆ་ལག་ཚེ་འགུགས་བསྡུས་པ།

གུ་རུའི་ཐུགས་སྒྲུབ་ཀྱི་ཆ་ལག་ཚེ་འགུགས་བསྡུས་པ་ནི། བླ་ཚེ་ཆད་ཉམས་ཡར་བ་དགུག་པའི་ཕྱིར། །མདའ་དར་སྣ་ལྔ་ཐོགས་ལ་འདི་ལྟར་བརྗོད།། ཧཱུྃ་ཧྲཱིཿ ཆོས་སྐུའི་ཚེ་བདག་ཀུན་བཟང་སྣང་མཐའ་ཡས། །ཁྱེད་ཀྱི་མཁྱེན་བརྩེ་ནུས་པའི་དཔལ་ཡོན་གྱིས། །དོན་བརྒྱུད་དགོངས་པ་ཆོས་སྐུའི་ཚེ་བཅུད་བསྡུས། །སེམས་ཀྱི་ཁམས་ནས་ཉམས་པའི་བླ་ཚེ་གསོས། །འཁྲུལ་མེད་ཐུགས་ཀྱི་ཚེ་དབང་དངོས་གྲུབ་སྩོལ། །མཉམ་ཉིད་བློ་འདས་ཏིང་འཛིན་རྒྱས་ཐོབ་ཅིག །ཨོཾ་གུ་རུ་དྷརྨ་ཀཱ་ཡ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཧཱུྃ་ཧྲཱིཿ ལོངས་སྐུའི་ཚེ་བདག་ཐོད་ཕྲེང་རིགས་མཆོག་ལྔ། །ཁྱེད་ཀྱི་མཁྱེན་བརྩེ་ནུས་པའི་དཔལ་ཡོན་གྱིས། །ཁ་སྦྱོར་བདུན་ལྡན་ལོངས་སྐུའི་ཚེ་བཅུད་བསྡུས། །ངག་གི་ཁམས་ནས་ཉམས་པའི་བླ་ཚེ་གསོས། །འགགས་མེད་གསུང་གི་དངོས་གྲུབ་སྩལ་དུ་གསོལ། །གཞོམ་མེད་སྒྲ་གྲགས་སྔགས་ཀྱི་རྒྱས་ཐོབ་ཅིག །ཨོཾ་གུ་རུ་སམ་བྷོ་ཀཱ་ཡ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཧཱུྃ་ཧྲཱིཿ སྤྲུལ་སྐུའི་ཚེ་བདག་རིག་འཛིན་པདྨ་འབྱུང་། །ཁྱེད་ཀྱི་མཁྱེན་བརྩེ་ནུས་པའི་དཔལ་ཡོན་གྱིས། །སྟོབས་སོགས་མཐའ་ཡས་སྤྲུལ་སྐུའི་ཚེ་བཅུད་བསྡུས། །ལུས་ཀྱི་ཁམས་ནས་ཉམས་པའི་བླ་ཚེ་གསོས། །འགྱུར་མེད་སྐུ་ཡི་ཚེ་དབང་དངོས་གྲུབ་སྩོལ། །མ་འདྲེས་གསལ་སྟོང་མཚན་དཔེའི་རྒྱས་ཐོབ་ཅིག །ཨོཾ་གུ་རུ་ནིརྨ་ཀཱ་ཡ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཧཱུྃ་ཧྲཱིཿ ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །ཁྱེད་ཀྱི་མཁྱེན་བརྩེ་ནུས་པའི་དཔལ་ཡོན་གྱིས། །སྲིད་དང་ཞི་བའི་ཁམས་ཀྱི་ཚེ་བཅུད་བསྡུས། བླ་ཚེ་ཆད་ཉམས་ཡར་བ་སོར་ཆུད་ཅིང་། །མི་ཤིགས་རྡོ་རྗེ་གསུམ་གྱི་ཚེ་དབང་སྩོལ། །མི་འགྱུར་ལྷུན་གྱིས་གྲུབ་པའི་རྒྱས་ཐོབ་ཅིག །ཨོཾ་ཨ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཧཱུྃ་ཧྲཱིཿ ཆེ་མཆོག་ཡོངས་འདུས་དབང་དྲག་ཧེ་རུ་ཀ །ཁྱེད་ཀྱི་མཁྱེན་བརྩེ་ནུས་པའི་དཔལ་ཡོན་གྱིས། །མཐུ་རྩལ་སྟོབས་ནུས་དྲེགས་བྱེད་ཚེ་བཅུད་བསྡུས། །འཁྱམས་དང་བརྐུས་ཕྲོག་ཁྱེར་བའི་བླ་ཚེ་ཁུག །སྐྱེ་འཆིའི་འཇིགས་བྲལ་ཚེ་དབང་དངོས་གྲུབ་སྩོལ། །ཡོན་ཏན་ཕྲིན་ལས་སྟོབས་ཀྱི་རྒྱས་ཐོབ་ཅིག །ཨོཾ་གུ་རུ་ཤྲཱི་ཧེ་རུ་ཀ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཚེ་དང་ཡེ་ཤེས་དཔག་མེད་གཟུངས་ཀྱང་བརྗོད། །རྒྱ་གྲམ་མགོར་བཞག་རྒྱས་གདབ་བྱ་བ་ནི།། ཧཱུྃ་ཧྲཱིཿ ངོ་བོ་སྐྱེ་མེད་རྣམ་དག་ཆོས་སྐུའི་རྒྱ། །རང་བཞིན་འགགས་མེད་གསལ་སྟོང་ལོངས་སྐུའི་རྒྱ། །ཐུགས་རྗེ་ཀུན་ཁྱབ་འགྲོ་འདུལ་སྤྲུལ་སྐུའི་རྒྱ། །སྐུ་གསུམ་བདེ་གཤེགས་དགོངས་པས་རྒྱས་གདབ་བོ། །ཨོཾ་དྲ་དྲ་ཤག །མུ་ཏྲ་ཧོ། རཀྵནྟུ། ཏིཥྛ་ལྷན། ཞེས་བརྗོད་སྐབས་ཀྱི་སྨོན་ལམ་ཤིས་བརྗོད་བྱ། །རིན་ཆེན་སྨན་འབྲུ་མེ་ཏོག་སིལ་མ་འཐོར། །ཨི་ཐི་རྒྱ༔

གསང་ཐིག་སྙིང་པོའི་ཡང་བཅུད་ཀྱི་བླ་ཚེ་འགུགས་པའི་གབ་ཐིག

༄༅། གསང་ཐིག་སྙིང་པོའི་ཡང་བཅུད་ཀྱི་བླ་ཚེ་འགུགས་པའི་གབ་ཐིག་ནི། བྷྲཱུྃ་ཧྲཱིཿ རང་སྣང་མཁའ་སྤྱོད་དཔལ་གྱི་རི། །ཕོ་བྲང་པདྨ་འོད་གླིང་ནས། །རིག་པ་ཡེ་གྲོལ་བཅོམ་ལྡན་འདས། །སྐྱབས་གནས་མ་ལུས་འདུས་པའི་དཔལ། །པད་འབྱུང་རྒྱལ་བའི་དབང་པོ་ཡིས། །ཁབ་ལེན་དང་འཕྲད་ལྕགས་ཕྱེ་བཞིན། །སྲིད་དང་ཞི་བའི་ཚེ་བཅུད་བསྡུས། །བདག་ལ་བསྩལ་ཞིང་བརྟན་པར་མཛོད། །སྐྱེ་མེད་ཆོས་སྐུའི་དགོངས་པའི་བཅུད། །འགགས་མེད་ལོངས་སྐུའི་ཚེ་བསོད་དཔལ། །སྩོལ་མེད་སྤྲུལ་སྐུའི་བསྟན་འགྲོའི་དོན། །ཨ་ཡུརྫྙཱ་ན་སིདྡྷི་བྷྲཱུཾ། དུས་གསུམ་རྒྱལ་བའི་ཐུགས་བསྐྱེད་དང་། །ལུང་དང་རྟོགས་པའི་ཕན་བདེའི་དཔལ། །འཕགས་ཚོགས་འདུས་པའི་མཛད་སྤྱོད་རྣམས། ། ཨ་ཡུརྫྙཱ་ན་སིདྡྷི་བྷྲཱུཾ། །བརྒྱུད་གསུམ་རིག་འཛིན་ཉམས་བཞེས་དང་། །ཡི་དམ་ཞི་ཁྲོའི་དངོས་གྲུབ་གཏེར། །མ་ཚོགས་མཁའ་འགྲོའི་ཕྲིན་ལས་མཛོད། ། ཨ་ཡུརྫྙཱ་ན་སིདྡྷི་བྷྲཱུཾ། །ཕུང་ཁམས་དབང་ཚོགས་སྐྱེ་མཆེད་ཀྱི། །བླ་ཚེ་སྲོག་དབུགས་གཟི་བཀྲག་མདངས། །ཆད་ཉམས་ཟད་བརྐུས་འཁྱམས་ཕྲོག་ཀུན། །སརྦ་ཨ་ཡུ་སིདྡྷི་བྷྲཱུཾ། །འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ། །འགགས་མེད་གསུང་གི་དངོས་གྲུབ་སྩོལ། །འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩོལ། །ཡོན་ཏན་རེ་སྐོང་དངོས་གྲུབ་སྩོལ། །ཕྲིན་ལས་འགྲོ་འདུལ་དངོས་གྲུབ་སྩོལ། །དབང་དང་བྱིན་རླབས་དངོས་གྲུབ་རྣམས། །མ་ལུས་བསྩལ་ཞིང་བརྟན་པར་མཛོད། །ཉིད་དང་དབྱེར་མེད་མཛད་དུ་གསོལ། ། ཨ་ཡུརྫྙཱ་ན་སིདྡྷི་བྷྲཱུཾ། ཨ་བྷི་ཥིཉྩ་སིདྡྷི་ཧྲཱིཿ མང་བརྗོད་མདའ་དར་སྤྱི་བོར་བཞག །ཚེ་བསྙེན་ཚེ་གཟུངས་སྨོན་ཚིག་བརྗོད། ཧཱུྃ་ཧྲཱིཿ ངོ་བོ་ཀ་དག་རྡོ་རྗེའི་ཐུགས། །འཕོ་འགྱུར་མེད་པ་ཆོས་སྐུའི་རྒྱ། །རང་བཞིན་ལྷུན་གྲུབ་རྡོ་རྗེའི་གསུང་། །འགགས་འགྲིབ་མེད་པ་ལོངས་སྐུའི་རྒྱ། །ཐུགས་རྗེ་ཀུན་ཁྱབ་རྡོ་རྗེའི་སྐུ། །སྐྱེ་འཆི་མེད་པ་སྤྲུལ་སྐུའི་རྒྱ། །གཅིག་ཆོག་ཡིད་བཞིན་ནོར་བུ་ཡི། །གསང་གསུམ་རྡོ་རྗེའི་རྒྱས་གདབ་པོ། །ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྲཱུཾ་རྣྲི་ཛཿ ཚེ་སྦས་རྒྱས་གདབ་བོ།།

བཤགས་ཆུང་ཉེས་ལྟུང་དབྱིངས་གྲོལ།

དམ་ཆོས་སྐུ་གསུམ་དགོངས་མཛོད་ལས། །བཤགས་ཆུང་ཉེས་ལྟུང་དབྱིངས་གྲོལ་བཞུགས། སྐུ་གསུམ་ཡོངས་འདུས་གུ་རུ་རྗེ། །རང་རིག་ངོ་བོར་ཤེས་པས་འདུད། །ཐེག་ཆེན་ལམ་ཞུགས་རྣལ་འབྱོར་གྱི། །ཉེས་ལྟུང་དབྱིངས་གྲོལ་གདམས་པ་སྟོན། །དཔལ་རིའི་རྟེན་དང་བརྟེན་པ་ཀུན། །དཔང་དུ་མངོན་སུམ་བཞུགས་པར་མོས། །ལུས་སྨད་ཐལ་སྦྱར་གདུང་དབྱངས་ཀྱིས། །སྟོབས་བཞིའི་བཤགས་ཚིག་འདི་ལྟར་བརྗོད།། ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་འདུས་ལྷ་ཚོགས་རྣམས། །སྡིག་ལྡན་བདག་ལ་དགོངས་སུ་གསོལ། །བདག་གིས་ཐུབ་བསྟན་སྒོར་ཞུགས་ཀྱང་། །མ་རིག་བག་མེད་ཉོན་མོངས་པས། །སོ་ཐར་བྱང་སེམས་གསང་སྔགས་ཀྱི། །བསྲུང་སྡོམ་བསླབ་བྱ་དམ་ཚིག་ལ། །ཕམ་ལྟུང་ཉེས་བྱས་བྱུང་བ་དང་། །འགལ་ཉམས་འདས་རལ་གྱུར་པ་བཤགས། །ཁྱད་པར་དཔལ་ལྡན་བླ་མ་ཡི། །ཐུགས་དཀྲུགས་བཀའ་ལས་འདས་པ་དང་། །སྤུན་ལ་གཤེ་བསྐུར་བྱམས་པ་སྤངས། །བྱང་ཆུབ་སེམས་བསྐྱེད་ཉམས་པ་བཤགས། །གྲུབ་མཐའ་སྨད་དང་གསང་བ་བསྒྲགས། །ཕུང་པོར་བརྙས་བསྐུར་ཐེ་ཚོམ་ལྡན། །ལོག་སྤྱོད་བསྙེན་བཀུར་དོན་མིན་རྟོག །དད་ལྡན་སུན་འབྱིན་གྱུར་པ་བཤགས། །དམ་རྫས་མ་བརྟེན་བུད་མེད་སྨད། །མ་སྨིན་རྒྱ་བརྟེན་བདུད་རྩི་ཕྲོག །དམ་རྫས་མ་གསང་ཚོགས་སུ་རྩོད། །སྣོད་ལྡན་ཐེག་དམན་ལ་བྲིད་བཤགས། །དམན་འགྲོགས་རྫུན་གྱི་བསླུ་བྲིད་དང་། །མ་དད་པ་ལ་ཆོས་བཤད་པས། །རྩ་ལྟུང་ཡན་ལག་སྦོམ་པོར་བཅས། །ཉམས་ཤིང་ཉེས་པར་བགྱིས་ཀུན་བཤགས། །སློབ་དཔོན་རྡོ་རྗེ་འཛིན་པ་དང་། །ལྷ་དང་ཕྱག་རྒྱ་མཆེད་ལྕམ་ལ། །ལོག་ལྟ་ངན་སྨྲས་གནོད་སྦྱོར་གྱིས། །སྐུ་ཡི་དམ་ཚིག་ཉམས་པ་བཤགས། །བསྐྱེད་དང་བསྒོམ་པའི་ཏིང་འཛིན་གཡེལ། །ཕྱག་རྒྱ་རྣམ་བཞི་མ་གསལ་ཞིང་། །འཛབ་དང་བཟླས་བརྗོད་མ་དག་ཆད། །གསུང་གི་དམ་ཚིག་ཉམས་པ་བཤགས། །གསང་བཅུ་ལ་སོགས་གཉེར་གཏད་པ། །ཉམས་ལ་སྨྲས་ཤིང་གསང་མཚམས་དང་། །བག་མེད་སྤྱོད་པ་རྩིངས་པ་ཡིས། །ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། །ཕུང་ཁམས་དབང་ཤེས་ཁ་ཏོག་ཡུལ། །ཡེ་ཤེས་རིགས་ལྔ་ཡབ་ཡུམ་ལྔར། །རྨོངས་ཤིང་གཡེང་བས་སྦྱོར་མ་འཚལ། །ཤེས་བྱའི་དམ་ཚིག་ཉམས་པ་བཤགས། །བསྒྲུབ་བྱ་རིགས་ལྔའི་སངས་རྒྱས་ལྔ། །ཡེ་ནས་རང་ལས་མི་གཞན་ཀྱང་། །བསྒོམ་བསྒྲུབ་ཏིང་འཛིན་ཡུན་ཐུང་བས། །འབྲས་བུ་མ་ཐོབ་ཉམས་པ་བཤགས། །ཚུལ་བཞིན་བསྒྲལ་དང་ཐབས་ཤེས་སྦྱོར། །མ་བྱིན་ཐབས་བླངས་གསང་ཕྱིར་རྫུན། །ཞིང་བཅུར་ཚིག་བརླང་རྔོ་མ་ཐོགས། །སྤྱད་བྱའི་དམ་ཚིག་ཉམས་པ་བཤགས། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་ཏོག་མི་སྤང་ལྔ། །རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན། །མ་རྟོགས་རང་དགར་སྤྱད་པ་བཤགས། །ཡེ་ནས་དངོས་གྲུབ་སྒྲུབ་པའི་རྫས། །དྲི་ཆེན་དྲི་ཆུ་དམར་ཆེན་ཟིལ། །མཾ་ས་བདུད་རྩི་ལྔའི་རང་བཞིན། །མ་རྟོགས་གཙང་སྨེར་བལྟས་པ་བཤགས། །སྨོན་འཇུག་ཁྲིམས་གསུམ་རྡོ་དྲིལ་རྒྱ། །སྦྱིན་པ་བཞི་སྤངས་ཆོས་མ་བསྟན། །འགྲོ་དོན་མ་ནུས་དཀྱིལ་འཁོར་དྲལ། །རིགས་ལྔའི་དམ་ཚིག་ཉམས་པ་བཤགས། །སྣོད་བཅུད་ལྷ་དང་གཞལ་ཡས་ཁང་། །སྒྲ་གྲགས་གསུང་ལ་དྲན་བསམ་ཐུགས། །མ་རྟོགས་སྒོ་གསུམ་ཐ་མལ་ཤོར། །བུམ་དབང་དམ་ཚིག་ཉམས་པ་བཤགས། །དོན་དམ་རྡོ་རྗེའི་བཟླས་པ་མཆོག །བདེ་སྟོང་རླུང་གི་རྫོགས་རིམ་ལ། །མ་བརྩོན་རླུང་སེམས་རང་གར་ཡན། །གསང་དབང་དམ་ཚིག་ཉམས་པ་བཤགས། །ཕྱག་རྒྱ་ལ་བརྟེན་ཐབས་ལམ་གྱིས། །དབང་བཟློག་དགའ་བཞིའི་ཡེ་ཤེས་མཆོག །མ་བཙལ་རྩ་ཐིག་ལོག་ལམ་ཤོར། །ཤེར་དབང་དམ་ཚིག་ཉམས་པ་བཤགས། །ཚེ་འདིར་སྐུ་གསུམ་གོ་འཕང་མཆོག །ཐོབ་བྱེད་ཕྱག་རྫོགས་ཉམས་ལེན་ལ། །མ་བརྩོན་འཁྲུལ་རྟོག་རྒྱ་འབྱམས་སོང་། །ཚིག་དབང་དམ་ཚིག་ཉམས་པ་བཤགས། །གཞན་ཡང་བརྟུལ་ཞུགས་ཉེར་ལྔ་དང་། །མ་བསྙེན་རབ་གནས་དབང་ལ་སོགས། །ཐེག་དགུ་གོང་འོག་སོ་སོ་ནས། །གང་གསུང་དམ་ཚིག་ཉམས་པ་བཤགས། །མེད་པ་དམ་ཚིག་བསྲུང་མཚམས་དྲལ། །ཕྱལ་བ་གཟུང་འཛིན་དམིགས་མེད་སྟོང་། །གཅིག་པུ་ཐམས་ཅད་སེམས་སུ་འདུས། །ལྷུན་གྲུབ་ཀུན་རྫོགས་ཆེན་པོར་བཤགས། །མདོར་ན་རིག་འཛིན་རྣལ་འབྱོར་གྱིས། །འདའ་དཀའ་རྡོ་རྗེའི་དམ་ཚིག་ལ། །ཉམས་གྲིབ་སྐྱོན་གྱིས་གོས་སོ་ཅོག །དག་མཉམ་དགོངས་པའི་ཀློང་དུ་བཤགས། །འཁོར་འདས་མཉམ་པ་ཆེན་པོ་ལ། །བཤགས་བྱ་བཤགས་བྱེད་བཤགས་པའི་ཡུལ། །ཡེ་ནས་དམིགས་མེད་སྤྲོས་བྲལ་ངང་། །བློ་འདས་ཆོས་ཉིད་ཀློང་དུ་ཨ།། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་བརྗོད། །ཉམ་ཆགས་རྟོག་སྒྲིབ་རང་སར་གྲོལ། །མ་འོངས་འདིར་འཇུག་ལས་ལྡན་རྣམས། །བཤགས་པའི་ཐབས་འདིར་བརྩོན་པར་རིགས། །གུ་ཧྱ། ཞེས་བཤགས་ཆུང་ཉེས་ལྟུང་དབྱིངས་གྲོལ་འདི་ཡང་ཁོ་བོ་གར་དབང་འཇིགས་མེད་རྣམ་རྒྱལ་གྱིས་དམ་ཆོས་སྐུ་གསུམ་དགོངས་མཛོད་ཀྱི་ཆ་ལག་ཏུ་བྲིས་པ་དུས་ཀུན་ཏུ་དགེ་ཞིང་ཉམས་ཆགས་གསོ་ཞིང་སྐོངས་པའི་རྒྱུར་གྱུར་ཅིག །

ཚོགས་མཆོད་སྐུ་གསུམ་དགྱེས་པའི་དགའ་སྟོན།

དམ་ཆོས་སྐུ་གསུམ་དགོངས་པའི་ཀློང་མཛོད་ལས། ཚོགས་མཆོད་སྐུ་གསུམ་དགྱེས་པའི་དགའ་སྟོན་བཞུགས།

ཨེ་མ་ཧོ། སྐུ་གསུམ་ཡོངས་འདུས་སྤྱི་གཟུགས་པདྨ་འབྱུང་། །སངས་རྒྱས་ཀུན་གྱི་བླ་མ་མཆོག་དེར་འདུད། །གང་གི་ཐུགས་རྗེ་ལ་བརྟེན་འགྲོ་ཀུན་གྱི། །བསོད་ནམས་ཚོགས་ཆེན་རྫོགས་པའི་ཐབས་མཆོག་བསྟན། །དེ་ལའང་སྦྱོར་བ་དངོས་གཞི་རྗེས་དང་གསུམ། །ཐོག་མར་སྦྱོར་བ་ཡོ་བྱད་རྒྱན་འགོད་པ། །སྟེགས་བུ་ཁོད་སྙོམ་བང་རིམ་གསུམ་པ་ལ། །སྟེང་མར་རྩ་གསུམ་བསྒྲུབ་པའི་དམ་རྫས་དང་། །གུ་རུའི་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་བཀོད། །བར་མར་དངོས་གཙང་རཏྣའི་མཎྚལ་ལ། །འབྲས་སོགས་དཀར་པོའི་འབྲུ་ཚོམ་མཛེས་པར་བཀོད། །བསྙེན་སྒྲུབ་དབང་སོགས་གྲུབ་པའི་དགའ་སྟོན་ནམ། །སྤྲོས་པ་ཅན་རྣམས་དེ་སྟེང་མཉྫུ་ལ། །རིན་ཆེན་བུམ་པ་རྒྱན་ལྡན་བཀོད་ནང་བཅུད། །བླ་མེད་ཉེར་ལྔས་སུམ་གཉིས་གཏམས་པ་བཀོད། །གཡས་སུ་ཚེ་རིལ་སྣ་ལྔའི་དར་ལྡན་མདའ། །གཡོན་དུ་ཚེ་ཆང་འབྲང་རྒྱས་སྐུ་ཙཀ་ཅན། །མདུན་དུ་སྨན་གཏོར་རཀྟ་ཉེར་སྤྱོད་རྣམས། །མཐོང་བརྒྱུད་ཇི་བཞིན་མཛེས་ཤིང་ལེགས་པར་བཤམས། །འོག་མ་ལ་ཡང་མར་མེ་ཡོན་ཆབ་སོགས། །རྣམ་ལྔའི་མཆོད་པ་ཅི་འབྱོར་སྤེལ་བའི་མཐར། །ཚོགས་ཀྱི་ཡོ་བྱད་བཟའ་བཏུང་འབྱོར་དགུ་བསྒྲིགས། །བསང་ཆུ་ནང་མཆོད་འཐོར་ནས་གུལ་ཡུངས་དང་། །སྤོས་དར་རོལ་མོའི་བྱེ་བྲག་འདུ་བར་བྱས། །སྐུ་གསུམ་བསྒྲུབ་པའི་ཆོ་ག་གང་ཡང་རུང་། །བཟླས་པའི་བསྙེན་བསྟོད་མཇུག་བར་རང་གཞུང་བསྲིང་། །ཚེ་བསྐུལ་དབང་བཞི་དངོས་གྲུབ་སྐབས་བསྟུན་ཞུ། །རྩ་གསུམ་དམ་ཅན་སྤྱི་གཏོར་སྒོས་གཏོར་གཏོང་། །སྤྲོ་ན་བཤགས་དང་བསྐོང་བཞི་གང་འཚམས་སྦྱར། །དེ་ནས་ཚོགས་ཀྱི་ལས་རིམ་འདི་ལ་འཇུག །ཨྀ་ཐི་རྒྱ། ཚོགས་ཀྱི་ལས་རིམ་དངོས་ལ་འདིར་གསུམ་སྟེ། །ཚོགས་མཆོད་བསྐུལ་གཏོར་དངོས་གྲུབ་ཞུ་བ་འོ། །དང་པོ་ཚོགས་མཆོད་རྣམ་གྲངས་བརྒྱད་ཡིན་ཏེ། །ཐོག་མར་ཚོགས་འཁོར་བྱིན་གྱིས་བརླབས་པ་ནི།། ཧཱུྃ་ཧྲཱིཿ བདག་ཉིད་སྐུ་གསུམ་ཡོངས་འདུས་ཐུགས་ཀ་ནས། །རཾ་ཡཾ་ཁཾ་འཕྲོས་མེ་རླུང་ཆུར་གྱུར་པས། །ཚོགས་རྫས་འབག་རྩོག་རྟོག་གཉིས་དྲི་མ་ཀུན། །མེས་བསྲེག་ཆུས་བཀྲུས་རླུང་གིས་རབ་ཏུ་གཏོར། །ཨོཾ་ཨཱཿཧཱུྃ་འཕྲོས་ཞུ་ཞིང་འདྲེས་པ་ལས། །བདེ་སྐྱོང་དུམ་གཅིག་ཚོགས་སྣོད་རྒྱ་ཆེ་བར། །ཚོགས་རྫས་བཟའ་བཅའ་བལྡག་གཞིབ་བཏུང་བའི་རིགས། །སོ་སོར་ཟག་མེད་བདུད་རྩིའི་ཕུང་པོར་བསྒྱུར། །སླར་ཡང་ཧཱུྃ་ཨོཾ་སྭཱ་ཨཾ་ཧཱ་རྣམས་འཕྲོས། །ཡེ་ཤེས་ལྔ་ཡི་རང་བཞིན་རྣམ་དག་རྫས། །འདོད་ཡོན་ལོངས་སྤྱོད་སོ་སོའི་ལྷ་མོར་བཅས། །རབ་འབྱམས་ནམ་མཁའི་ཁྱོན་དང་མཉམ་པར་གྱུར། །རཾ་ཡཾ་ཁཾ། ཧཱུྃ་ཨོཾ་སྭཱ་ཨཾ་ཧཱ། ཨོཾ་ཨཱཿཧཱུྃ་གྷ་ཎ་ཙཀྲ་ཧ་ཧོ་ཧྲཱིཿ གཉིས་པ་ཚོགས་ཞིང་ལྷ་ཚོགས་སྤྱན་འདྲེན་ནི། །སྤོས་རོལ་དབྱངས་དང་བཅས་ལ་འདི་སྐད་དོ། །ཧཱུྃ་ཧྲཱིཿ ངོ་བོ་ཀ་དག་ཆོས་དབྱིངས་ཞིང་ཁམས་ནས། །གཅིག་དང་དུ་བྲལ་བློ་འདས་ཆོས་ཀྱི་སྐུ། །ཀུན་བཟང་སྣང་བ་མཐའ་ཡས་འོད་མི་འགྱུར། །ཡེ་ཤེས་རོལ་པའི་ཚོགས་ལ་སྤྱན་འདྲེན་གཤེགས། །རང་བཞིན་འགྱུར་མེད་ལྷུན་གྲུབ་ཞིང་ཁམས་ནས། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་གར། །ཐོད་ཕྲེང་རིགས་ལྔ་སྟངས་དཔྱལ་འཁོར་ཚོགས་བཅས། །ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཐུགས་རྗེ་ཀུན་ཁྱབ་འགྲོ་འདུལ་ཞིང་ཁམས་ནས། །འདྲེན་མཆོག་རིག་འཛིན་བླ་མ་སྤྲུལ་པའི་སྐུ། །སྤྲུལ་པ་ཡང་སྤྲུལ་འཁོར་ཚོགས་རྒྱ་མཚོར་བཅས། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །བདེ་ཆེན་དབང་དྲག་རོལ་པའི་གཞལ་ཡས་ནས། །དཔལ་ཆེན་དྲག་པོ་ཐོད་ཕྲེང་སྒྲུབ་སྡེ་དགུ། །རྟ་ཕག་སེང་གསུམ་ལ་སོགས་འཁོར་བཅས་ཀུན། །དམ་རྫས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཡེ་ཤེས་སྒྱུ་འཕྲུལ་རཀྴའི་གླིང་དགུ་ནས། །གསང་ཆེན་སྟོན་མཆོག་རིག་འཛིན་གཙོ་བོ་དགུ། །གང་འདུལ་རཀྴ་ཕོ་མོའི་སྤྲུལ་འཁོར་བཅས། །ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །མདོར་ན་སྤྲུལ་པའི་ཞིང་མཆོག་རྔ་ཡབ་གླིང་། །དཔལ་རི་པདྨ་འོད་ཀྱི་ཕོ་བྲང་ནས། །སྐུ་གསུམ་ཡོངས་རྫོགས་གཙོ་འཁོར་སྤྲུལ་པར་བཅས། །དགའ་སྟོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །གཞན་ཡང་སྐུ་གསུམ་ཞིང་ཁམས་རྒྱ་མཚོ་ནས། །རྒྱལ་བ་རྒྱ་མཚོ་སྲས་བཅས་མ་ལུས་ཀུན། །འདོད་ཡོན་ལོངས་སྤྱོད་ཚོགས་ཀྱི་དགའ་སྟོན་ལ། །བསྒྲུབ་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །བླ་མེད་སྒྲུབ་པའི་གནས་མཆོག་ཉམས་རེ་དགའ། །སྐལ་ལྡན་རྣལ་འབྱོར་ཕོ་མོ་དམ་རེ་གཙང་། །ལོངས་སྤྱོད་དམ་རྫས་བཀྲག་དང་མདངས་རེ་བཟང་། །གནས་འདིར་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ། །བཛྲ་ས་མ་ཡཱ་ཛ་ཛཿ ཨ་ཝེ་ཤ་ཡ་ཕེཾ་ཕེཾ། གསུམ་པ་ཚོགས་ཕུད་འབུལ་བ་ནི། ཚོགས་ཕུད་གསུམ་སྤྲོས་ཐོག་མ་ཉིད། ཞིང་མཆོག་རྒྱ་མཚོར་འབུལ་བའི་བློས། ལས་རྡོར་གྱིས་བཏེགས་འབུལ་སྟངས་བཅས། ཧཱུྃ་ཧྲཱིཿ བླ་མེད་ཚོགས་ཀྱི་མཆོད་པ་དམ་པ་འདིར། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །སྣ་ཚོགས་འདོད་ཡོན་ལྷ་མོས་རབ་ཏུ་བརྒྱན། །སྨན་རཀ་གཏོར་མཆོད་དམ་རྫས་འོད་དུ་འབར། །ལོངས་སྤྱོད་སྤྱན་གཟིགས་དཔག་མེད་སྤྲིན་དུ་འཁྲིགས། །སོ་སོའི་དགྱེས་སྐོངས་མཐུན་རྫས་ཆར་དུ་འབེབས། །སྐུ་གསུམ་ཡོངས་རྫོགས་བླ་མའི་ལྷ་ཚོགས་རྣམས། །ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །མ་ཧཱ་གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི། བཞི་པ་བར་བ་བཤགས་པ་འབུལ་བའི་བློས། །སྤྲོ་ན་སྤྱི་བསྐང་སྒོས་བསྐང་བཤགས་པའི་ཚིག །རྒྱས་བསྡུས་ཅི་རིགས་སྐབས་བསྟུན་བྱ་བའམ། །མིན་ཀྱང་སྟོབས་བཞིའི་རྩལ་བསྐྱེད་འདི་ལྟར་བརྗོད།། ཧཱུྃ་ཧྲཱིཿ བདག་ཅག་དང་པོ་གཞི་ལས་འཁྲུལ་བ་ནས། །ཐ་མ་ད་ལྟའི་ལུས་བླངས་དུས་འདི་བར། །མ་རིག་ཉོན་མོངས་བག་མེད་ལེ་ལོ་ཡིས། །ལུས་ངག་སེམས་ཀྱི་ཉེས་ལྟུང་སྟོབས་སུ་གྱུར། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་སོགས། །སྐུ་གསུམ་ཡོངས་རྫོགས་བླ་མའི་ལྷ་ཚོགས་ཀྱི། །གསང་བ་གསུམ་དང་འགལ་བགྱིས་ནོངས་པ་ཀུན། །འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས། །བཛྲ་ས་མ་ཡ་ཤུདྡྷེ་ཨ། ལྔ་པ་ཚོགས་ཕུད་ཐ་མར་དགུག་བསྟིམ་བྱ། །གསལ་བ་གསུམ་ལྡན་ཚེ་ཁྲུས་དགོངས་གནད་ཀྱིས། །བདག་ཕུར་འབེན་གསུམ་གྲུབ་པའི་མཐའ་གཅིག་ཏུ། །རྟོགས་པས་བདག་གཞན་སྒྲོལ་བའི་དམིགས་འདུན་བཅས།། ཧཱུྃ་ཧྲཱིཿ མ་རིག་གསུམ་དང་རྒྱུ་དྲུག་རྐྱེན་བཞི་ཡིས། །བསྐྱེད་པའི་དགྲ་གདོན་བདུད་བགེགས་དམ་སྲི་ཀུན། །མཚན་མ་རྫས་ཀྱི་རྣམ་པར་གནས་གྱུར་བའི། །ཚེ་བསོད་བདག་དང་སྲས་མཆོག་གསོས་སུ་གྱུར། །སེམས་བྱུང་གཟུང་འཛིན་ཐུགས་རྗེའི་ཕུར་བུས་བསྒྲལ། །རྣམ་ཤེས་རིག་པ་སྐུ་གསུམ་དགོངས་ཀློང་སྤར། །བདག་མེད་གཉིས་རྟོགས་ཤེས་རབ་རལ་གྲི་ཡིས། །ལས་སྒྲིབ་གཟུགས་ཀྱི་ཕུང་པོ་སིལ་བུར་གཏུབ། །ཨོཾ་ཨཱཿཧཱུྃ་མ་ཧཱ་ཤྲཱི་ཧེ་རུ་ཀ་རཀྴ་ཐོད་ཕྲེང་རྩལ་སརྦ་ནྲི་ཏྲི་མ་ར་ཡ་ཕཊཿ ཅེས་བརྗོད་སྒྲོལ་གྲིས་གཏུབ་ལ་བདུད་རྩི་བྲན། །དྲུག་པ་དཀྱིལ་འཁོར་ལྷ་ལ་སྟོབས་པ་ནི།། ཧཱུྃ་ཧྲཱིཿ ཐུགས་རྗེའི་ཤུགས་ཀྱིས་གཟུང་འཛིན་དབྱིངས་བསྒྲལ་བའི། །གཟུགས་ཕུང་བདུད་རྩི་ཚོགས་ཀྱི་འཁོར་ལོར་བསྒྱུར། །སྐུ་གསུམ་ཡོངས་འདུས་ལྷ་ཚོགས་ཞལ་དུ་བསྟབ། །ཐུགས་རྗེས་གདུལ་དཀའ་འདུལ་ཕྱིར་བཞེས་སུ་གསོལ། །རཱུ་དྲ་སརྦ་ཧ་ལ་པཉྩ་པཱུ་ཛ་ཁཱ་ཧི། བདུན་པ་རྣལ་འབྱོར་ཚོགས་ལ་རོལ་པ་ནི། །ལས་ཀྱི་རྡོ་རྗེས་འཁོར་གྱི་གཙོ་བོ་ལ། །ཕྱག་གསུམ་བཙལ་ནས་ཐབས་ཤེས་ཚོགས་རྫས་དག །བསྣོལ་མར་འབུལ་ཞིང་ངག་ཏུ་འདི་སྐད་ཞུ།། ཨེ་མ་ཧོ། མཉམ་ཉིད་མི་གཡོ་མཉམ་མཆོག་སངས་རྒྱས་དཔལ། །ལོག་རྟོག་སྤྲོས་པའི་མཚན་མ་ངང་གིས་ཞི། །དམ་ཚིག་བཞིན་ལས་ཅི་བདེར་སྤྱད་ནས་ཀྱང་། །མཉམ་རྫོགས་ཆེན་པོའི་མཆོད་པ་བཞེས་སུ་གསོལ། །སློབ་དཔོན་གྱིས་ཀྱང་འདི་བཞིན་ལན་དང་བཅས། །པདྨའི་ཕྱག་རྒྱ་བསྐོར་ཞིང་བླངས་ལ་རོལ།། ཨ་ལ་ལ་ཧོ། གསང་ཆེན་ཐེག་པའི་རྒྱལ་པོ་བླ་ན་མེད། །གསང་བའི་དཀྱིལ་འཁོར་འདིར་ཞུགས་སྐལ་བ་བཟང་། །གསང་སྤྱོད་ཚོགས་ཀྱི་དགའ་སྟོན་རྨད་དུ་བྱུང་། །མཉམ་རྫོགས་སྔགས་ཀྱི་དགོངས་སྤྱོད་ཨེ་མ་ཧོ།། རྡོ་རྗེ་མཆེད་ལྕམ་རྣམས་ལ་རིམ་པར་སྟོབས། ལྷ་རྣམས་རང་གི་ཕུང་ཁམས་སྐྱེ་མཆེད་དུ། །ཤེས་ཤིང་ནང་གི་བསྲེག་བླུག་དམ་ཚིག་གིས། །རྣལ་འབྱོར་པ་རྣམས་རོལ་ཞིང་ཚིམ་པར་སྤྱོད། །བརྒྱད་པ་ཚོགས་ཀྱི་ལྷག་མ་གཏོང་བ་ནི། །ཚོགས་སུ་སྤྲོས་པའི་ལྷག་མ་གཞི་རུ་བཀོད། །འབག་ལྷག་བསྡུས་ནས་དེ་ཡི་ཐོག་ཏུ་བསྣན། །དེ་སྟེང་མཆོད་ལྷག་བསྲེས་ལ་འདི་སྐད་བརྗོད།། ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་འདུས་ལྷ་ཚོགས་ཕུད་ཀྱི་བདག །ཚོགས་ཕུད་ཀུན་བཟང་སྤྲིན་གྱི་རོལ་བར་འབུལ། །རིག་འཛིན་འདུས་པའི་མཆེད་ལྕམ་ཚོགས་ལ་དགྱེས། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་འགྱེད། །བཀའ་སྡོད་ཕལ་ཆེར་ལྷག་ལ་དབང་མཛད་ཕྱིར། །ལྷག་གཏོར་འདོད་ཡོན་རྒྱ་མཚོའི་བརྔན་མཆོད་འབུལ། །ཅིའི་ཕྱིར་ཚོགས་ཀྱི་ཕུང་པོ་སོ་སོར་སྤྲོས། །ཡེ་ཤེས་རོལ་པའི་སྤྲུལ་བསྒྱུར་སྣ་ཚོགས་འགྱེད། །ཅི་ཕྱིར་ལྷག་མ་རྣམ་གསུམ་གཅིག་ཏུ་བསྡོམ། །འཁོར་འདས་གཉིས་མེད་ཡེ་ནས་མཉམ་ཉིད་བརྡལ། །ཅིའི་ཕྱིར་རྣལ་འབྱོར་གསང་བའི་ཞལ་ཆབ་བྲན། །ཁྱེད་རྣམས་བདག་དང་རྡོ་རྗེའི་གཡར་དམ་གཅིག །ལས་རྣམས་དབང་བྱེད་མུ་རན་ལ་གནས་པའི། །མཁའ་འགྲོ་ལྷག་བསྡུད་མ་སྲིང་གིང་གི་ཚོགས། །ལྷག་མ་ཞལ་ཆུས་དམ་ལ་དགྱེས་པ་རྣམས། །དམ་ཚིག་བཞིན་དུ་འདུས་ལ་ལས་བསྒྲུབ་ཤིག། ལྗགས་སྟེང་དབང་ཆེན་ཡབ་ཡུམ་སྦྱོར་མཚམས་ནས། །བྱང་ཆུབ་སེམས་ཀྱི་བདུད་རྩི་བབ་པར་བསམ། །མཁའ་གསང་ཕྱག་རྒྱས་ཛ་གད་ཁ་ཕྲུ་བཏབ། །དཀྱིལ་འཁོར་ཤར་ལྷོར་དྲི་ཡི་ཐིག་ལེར་བཞག། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿ ལན་གསུམ་བརྗོད་ནས་བྱིན་གྱིས་བརླབས་ནས་སུ། །ཧེ་རུ་ཀ་ཡི་རྒྱ་བཅས་འདི་ལྟར་བརྗོད།། ཨེ་ཨ་རལླི་ཕེཾ་ཕེཾ་ཧྲིཾ་ཧྲིཾ་ཛཿཧཱུྃ་བཾ་ཧོཿ ཊཱ་ཀ་ཊཱ་ཀི་ནི་ཧཱུྃ་ཧཱུྃ་ཛཿཛཿ ཞེས་བརྗོད་སྤྱུག་པའི་བརྡ་སྦྱར་སྤྱན་དྲངས་ལ། །ཐོད་པའི་ཕྱག་རྒྱས་འདི་བཞིན་ལྷག་གཏོར་འབུལ།། ཨོཾ་ཨཱཿཧཱུྃ་ཧྲཱིཿ སརྦ་ཀརྨ་ཊཱ་ཀ་ཊཱ་ཀི་ནི་ཨ་ཀརྵ་ཡ། ཨ་ཀརྵ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བྷནྡྷ་ཡ། བྷནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། མོ་ཧ་ཡ། མོ་ཧ་ཡ། སརྦ་བཛྲ་ཊཱཀྐི་ནི་ནཾ། ཧྲི་ད་ཡ་ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་བྷྱོ་བྷྱོ། ༀ་བཛྲ་ཊཱཀྐི་ནི་པྲ་ཏཱིཙྪ་མཾ་བ་ལིཾ་ཏ་ཧཱུྃ་ཕཊ། ༀ་བུདྡྷ་ཊཱཀྐི་ནི་པྲ་ཏཱིཙྪ་མཾ་བ་ལིཾ་ཏ་ཨོཾ་ཕཊ། ༀ་རཏྣ་ཊཱཀྐི་ནི་པྲ་ཏཱིཙྪ་མཾ་བ་ལིཾ་ཏ་ཏྲཾ་ཕཊ། ༀ་པདྨ་ཊཱཀྐི་ནི་པྲ་ཏཱིཙྪ་མཾ་བ་ལིཾ་ཏ་ཧྲཱིཿཕཊ། ༀ་ཀརྨ་ཊཱཀྐི་ནི་པྲ་ཏཱིཙྪ་མཾ་བ་ལིཾ་ཏ་ཨཱཿཕཊ། ཅེས་དང་ཨ་ཀ་རོ་ཡིས་ལྷག་གཏོར་གཏོང་། །རྣམ་ལྔ་རོལ་མོར་བཅས་དང་སྨན་རཀ་འབུལ།། ཧཱུྃ་བྷྱོ། ཆོས་དབྱིངས་རང་བཞིན་རྣམ་དག་ཞི་བ་ལས། །ཐུགས་རྗེ་ཆེན་པོས་གང་འདུལ་འཇིགས་སྐུར་སྤྲུལ། །དོན་ལ་ཐམས་ཅད་སངས་རྒྱས་ཡིན་མོད་ཀྱང་། །བསྟན་དང་སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །ལས་བྱེད་བྲན་གྱི་ཚུལ་དུ་ཁས་བླངས་པའི། །དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ། །ཡེ་ཤེས་དབྱིངས་ལ་དགྱེས་ཆགས་རིགས་ལྔའི་སླས། །མཁའ་འགྲོ་ཆེན་མོ་སུམ་ཅུ་རྩ་གཉིས་དང་། །བཛྲ་ཀིང་ཀ་ར་སོགས་གིང་ཕོ་དགུ། །ཁམས་གསུམ་དབུགས་སྡུད་ལ་སོགས་གིང་མོ་དགུ། །ཨེ་ཀ་ཛ་ཊི་ལ་སོགས་མ་མོ་བདུན། །གླིང་བཞི་མགྱོགས་མ་ལ་སོགས་སྲིང་མོ་བཞི། །ཉི་མའི་ཞགས་པ་ལ་སོགས་འབར་མ་བརྒྱད། །ཤེལ་མཆོང་བསེ་གཡུ་ལྕགས་གསེར་ལས་གྲུབ་པའི། །མ་མོ་ཕོ་ཉ་སུམ་བརྒྱ་དྲུག་ཅུ་དང་། །ཚངས་པའི་ཆུང་མ་སྲིན་མོ་གཡག་གདོང་སོགས། །དབང་ཕྱུག་ཉེར་བརྒྱད་མ་ཡམ་བསྟན་མའི་ཚོགས། །འཁོར་ཚོགས་བྱེ་བ་ཁྲག་ཁྲིག་དུ་མར་བཅས། །མུ་རན་སྐྱོང་ཞིང་དུར་ཁྲོད་གནས་རྣམས་ཉུལ། །རྣལ་འབྱོར་ཚོགས་ཁང་འགྲིམས་ཤིང་སྒྲུབ་པའི་གྲོགས། །ལྷག་ལ་དགྱེས་པའི་མཁའ་འགྲོ་དམ་ཅན་རྣམས། །སྔོན་གྱི་གཡར་དམ་གཉན་པོ་བརྩེར་དགོངས་ལ། །དཔལ་གྱི་ཕམ་ཕབས་ལྷག་གཏོར་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །ཨོཾ་ཨུཥྩི་ཊ་བྷ་ལིང་ཏ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཉིས་པ་དེར་འབྲེལ་བསྐུལ་དང་གཏོར་མ་ལ། །རྣམ་གྲངས་བཞི་སྟེ་དང་པོ་བསྐུལ་བ་ནི། །སྐུ་གསུམ་བདེ་གཤེགས་སྤྱི་བསྐུལ་རྒྱས་པར་གཏོང་། །ཡང་ན་འདི་བཞིན་བསྡུས་པས་བསྐུལ་ཀྱང་རུང་།། ཧཱུྃ་ཧྲཱིཿ དགོངས་ཤིག་སྐུ་གསུམ་དཀྱིལ་འཁོར་ལྷ་ཚོགས་དགོངས། །བཞེངས་ཤིག་རང་བཞིན་རྣམ་དག་དབྱིངས་ནས་བཞེངས། །བསྐུལ་ལོ་མཁའ་མཉམ་འགྲོ་བའི་དོན་ལ་བསྐུལ། །མཛོད་ཅིག་འཁོར་བ་དོང་སྤྲུག་ཕྲིན་ལས་མཛོད། །སྐུ་གསུམ་དགོངས་ཀློང་འཕོ་འགྱུར་མེད་པའི་གདངས། །རང་བཞིན་ལྷུན་གྲུབ་མ་འགགས་རོལ་པའི་རྩལ། །ཅིར་ཡང་སྣང་བ་ཡེ་ཤེས་འཇིག་རྟེན་ལྷ། །མ་ལུས་འཁོར་བཅས་ཐུགས་དམ་དབྱིངས་ནས་བསྐུལ། །སྐྱེ་མེད་ཀློང་ནས་འགགས་མེད་སྒྱུ་མའི་འཕྲུལ། །སྩོལ་མེད་ཞི་དང་ཁྲོ་བོའི་གར་བསྒྱུར་ལ། །བར་གཅོད་དམ་སྲི་བདུད་དཔུང་དབྱིངས་སུ་ཟློག །ཕྱོགས་རིས་ཡེངས་འཁྲུལ་རེ་དོགས་ས་ལམ་གྱི། །འགལ་རྐྱེན་ཀུན་སོལ་ཉམས་རྟོགས་ཡོན་ཏན་སྤོར། །གཉིས་འཛིན་འཁྲུལ་རྟོག་བག་ཆགས་དྲུང་ནས་ཕྱུངས། །རང་རིག་བདེ་གཤེགས་སྙིང་པོའི་རང་ཞལ་སྟོན། །འཁོར་འདས་གཞིར་གྲོལ་བླ་མེད་ཕྲིན་ལས་མཛོད།། གཉིས་པ་ཆད་ཐོའི་གཏོར་མ་འབྲུ་གསུམ་གྱིས། །བྱིན་གྱིས་བརླབས་ལ་ཐ་ཚིག་བསྒྲགས་པ་ནི།། ཧཱུྃ་ཧྲཱིཿ དུས་གསུམ་བློ་འདས་མཉམ་ཉིད་བརྗོད་བྲལ་ལ། །སྣང་སྲིད་རྣམ་དག་བདེ་ཆེན་ཞིང་ཁམས་སུ། །སྐུ་གསུམ་དབྱེར་མེད་འོད་སྣང་མཐའ་ཡས་ཀྱིས། །རང་བྱུང་རང་ཤར་འཁོར་ཚོགས་རྒྱ་མཚོ་ལ། །བླ་མེད་རྡོ་རྗེ་སྙིང་པོ་རྟག་བསྟན་ཚེ། །གསང་རྒྱུད་རྒྱ་མཚོའི་སྲུང་མ་ཐམས་ཅད་ཀྱིས། །ཇི་ལྟར་ཁས་བླངས་དམ་བཅས་མ་གཡེལ་བར། །མཆོད་གཏོར་འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད། །སྔོན་ཚེ་གྲུ་འཛིན་མགོན་པོ་སྤྱན་རས་གཟིགས། །རྫོགས་སངས་རྒྱས་པའི་མཛད་པ་མང་བསྟན་ཀྱང་། །བདེ་ལྡན་ཞིང་དུ་འོད་མཚན་དཔག་མེད་དྲུང་། །སླར་ཡང་རྒྱལ་བའི་སྲས་སུ་ཐུགས་བསྐྱེད་ནས། །འཁོར་བ་དོང་སྤྲུགས་འགྲོ་དོན་མཛད་པའི་ཚེ། །བསྟན་འགྲོའི་ཕན་བདེ་སྤེལ་མཛད་བསྲུང་མ་རྣམས། །ཇི་ལྟར་ཁས་བླངས་དམ་བཅས་མ་གཡེལ་བར། །མཆོད་གཏོར་འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད། །དེ་འོག་མཉམ་མེད་ཐུབ་པའི་དབང་པོ་ཡིས། །གྲངས་མེད་གསུམ་གྱི་བསྒྲུབ་འབྲས་དུས་སྨིན་ནས། །རྡོ་རྗེའི་གདན་དུ་མངོན་པར་སངས་རྒྱས་ཤིང་། །བྱེ་བ་ཕྲག་བརྒྱའི་ཞིང་ཁམས་མཐའ་ཡས་པར། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་མཛད་ཕྲིན་ལ། །མངའ་དབང་བསྒྱུར་ཚེ་བསྟན་སྲུང་རྒྱ་མཚོ་ཡིས། །ཇི་ལྟར་ཁས་བླངས་དམ་བཅས་མ་གཡེལ་བར། །མཆོད་གཏོར་འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད། །དེ་རྗེས་པད་འབྱུང་སངས་རྒྱས་གཉིས་པ་ཡིས། །འཇིགས་རུང་དུར་ཁྲོད་ཆེན་པོ་བརྒྱད་རྣམས་དང་། །རྒྱ་གར་བལ་བོད་སྒྲུབ་པའི་གནས་རྣམས་སུ། །གསང་རྒྱུད་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེས་ནས། །སྐུ་གསུམ་དོན་གྱི་སངས་རྒྱས་བསྒྲུབ་པའི་ཚེ། །བསྟན་བསྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀུན། །ཇི་ལྟར་ཁས་བླངས་དམ་བཅས་མ་གཡེལ་བར། །མཆོད་གཏོར་འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད། །ད་ལྟ་རྩོད་ལྡན་སྙིགས་མའི་ཡང་མཐའ་འདིར། །རྒྱལ་བ་བྱང་ཆུབ་ཐུགས་རྗེའི་ཆ་ཤས་ཟེར། །ཡན་པ་བློ་བདེ་འཆོལ་བའི་བརྟུལ་ཞུགས་ཅན། །ལས་སྨོན་འབྲེལ་བས་ཉིང་འཁྲུལ་གསལ་བའི་ཆར། །ཨོ་རྒྱན་ཆེན་པོས་ཐུགས་རྗེས་རྗེས་བཟུང་ཚེ། །སྐུ་གསུམ་དགོངས་མཛོད་སྐྱོང་བའི་བསྲུང་མ་རྣམས། །ཇི་ལྟར་ཁས་བླངས་དམ་བཅས་མ་གཡེལ་བར། །མཆོད་གཏོར་འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད།། གསུམ་པ་དམ་རྫས་བཤལ་ཆུ་གཏོར་མར་བཅས། །བྱིན་གྱིས་བརླབས་ལ་བསྟན་མ་སྐྱོངས་བ་ནི།། ཧཱུྃ་བྷྱོཿ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ལྷ་རི་རྡོ་རྗེ་གཡའ་མ་སྐྱོང་། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་བཟང་མ། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །ནག་མོ་མི་སྡུག་བུ་མོ་བདུད་མོ་བཞི། །འཁོར་བཅས་འདིར་བྱོན་དམ་རྫས་གཏོར་མ་ལོངས། །སྔོན་གྱི་གཡར་དམ་གཉན་པོ་རྗེས་དགོངས་ལ། །བོད་ཁམས་སྲུང་སྤེལ་སྒྲུབ་པའི་གྲོགས་མཛོད་ཅིག །གངས་དཀར་ཤ་མེད་རྡོ་རྗེ་གཡུ་སྒྲོན་མ། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་དང་། །རྨ་རིགས་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །དམར་མོ་ཁྲོ་གཉེར་བུ་མོ་གནོད་སྦྱིན་བཞི། །འཁོར་བཅས་འདིར་བྱོན་དམ་རྫས་གཏོར་མ་ལོངས། །སྔོན་གྱི་གཡར་དམ་གཉན་པོ་རྗེས་དགོངས་ལ། །བོད་ཁམས་སྲུང་སྤེལ་སྒྲུབ་པའི་གྲོགས་མཛོད་ཅིག །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོངས། །བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་གསིལ། །གཡུ་ཡི་དྲིལ་སྙན་རྡོ་རྗེ་གཟི་ལེགས་མ། །དཀར་ཤམ་བཞིན་བཟང་བུ་མོ་སྨན་བཙུན་བཞི། །འཁོར་བཅས་འདིར་བྱོན་དམ་རྫས་གཏོར་མ་ལོངས། །སྔོན་གྱི་གཡར་དམ་གཉན་པོ་རྗེས་དགོངས་ལ། །བོད་ཁམས་སྲུང་སྤེལ་སྒྲུབ་པའི་གྲོགས་མཛོད་ཅིག །བོད་ཁམས་སྐྱོངས་བའི་ཆེ་ཞེ་ཆེན་མོ་རྣམས། །སྔོན་ཚེ་ཨ་སུ་ར་ཡི་བྲག་ཕུག་ཏུ། །པད་འབྱུང་རྗེ་དང་རླངས་ཆེན་དཔལ་སེང་གིས། །བཀའ་བསྒོས་དམ་བཞག་ཞིང་ཆེན་སྟན་ལ་བཀོད། །ལག་ཏུ་རྡོ་རྗེ་གཏད་ནས་དབང་བསྐུར་ཞིང་། །གསང་བའི་མཚན་བཏགས་རྡོ་རྗེའི་གྲལ་བཞག་ཚེ། །ཇི་ལྟར་ཁས་བླངས་གཡར་དམ་གཉན་པོ་བཞིན། །དམ་རྫས་བདུད་རྩིའི་བཤལ་ཆུ་གཏོར་མ་བཞེས། །གངས་ཅན་བོད་ཀྱི་རྒྱལ་ཁམས་བསྲུང་ཞིང་སྐྱོངས། །མུ་སྟེགས་ཀླ་ཀློ་དུས་འཁྲུགས་རྒུད་པ་སོལ། །རྒྱལ་བསྟན་དར་རྒྱས་ཡུན་རིང་གནས་པ་དང་། །རྣལ་འབྱོར་སྒྲུབ་པའི་ཕྲིན་ལས་གཡེལ་མེད་མཛོད། །ཨོཾ་ལ་ལ། ལེ་ལེ། ཏ་ཏ། ཏེ་ཏེ། ཁ་རཀྨ། མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་བྷྱོཿ བྷ་ལིངྟ་ཁཱ་ཧིཿ བཞི་པ་གཏོར་གཞོང་སྦུབ་ལ་དམ་སྲི་དགུག །ཡེ་ཤེས་རོལ་པའི་བྲོ་བརྡུང་འདི་བཞིན་བྱ། ཧཱུྃ་ཧྲཱིཿ སྐུ་གསུམ་དབྱེར་མེད་བདེ་གཤེགས་སྙིང་པོའི་ཞལ། །གློ་བུར་འཁྲུལ་རྟོག་སྤྲིན་གྱིས་མི་མཐོང་བྱས། །ཡང་དག་ཐར་བའི་ལམ་མཆོག་ཐུབ་པའི་བསྟན། །བསམ་སྦྱོར་ལོག་པས་མི་སྣང་དབྱིངས་སུ་བསྣུབས། །འགྲོ་ཀུན་བདེ་སྐྱིད་བཅོམ་ནས་སྡུག་བསྔལ་གྱིས། །རྣམ་པར་གདུང་བྱེད་མ་རིག་རྣམ་གསུམ་ལས། །བྱུང་བའི་ལས་ཉོན་བག་ཆགས་སྣང་གཟུགས་ཚོགས། །ཉམས་པའི་བདུད་དགྲ་ཆོས་སྲིད་དམ་སྲིའི་རིགས། །སྣང་སྲིད་རི་རབ་གླིང་བཅས་འོག་ཏུ་གནོན། །འཆོར་མེད་ཏིང་འཛིན་དམིགས་པས་གཟིར་ཞིང་བཅིངས། །འདའ་བར་མི་ནུས་ཡེ་ཤེས་ཀློང་དགུར་བྲུབ། །ལྡང་དུ་མེད་པ་བདེ་ཆེན་ཕྱག་རྒྱས་གདབ། །དེ་སྟེང་དབང་དྲག་རོལ་པའི་ཕོ་བྲང་བཏབ། །སྐུ་གསུམ་ལྷ་ཚོགས་རྔམས་བརྗིད་བྲོ་གར་འཁྲབ། །ཡང་དག་རིགས་སད་བྱང་ཆུབ་སེམས་སྐྱེས་པ། །དེ་བར་ལྡང་བའི་གོ་སྐབས་བྲལ་བར་གྱུར། །ཨོཾ་ལཾ། ཨཱཿལཾ། ཧཱུྃ་ལཾ། ཡ་མ་དམ་སྲི་སྟྭཾ་བྷ་ཡ་ནན་ནན། ཞེས་བརྗོད་དེ་ནས་གཏོར་སྣོད་ཁ་ཡར་བསྟན། །རིན་ཆེན་སྨན་འབྲུ་གཏོར་ལ་བཀྲ་ཡང་བརྟགས།། སྤྱི་དོན་གསུམ་པ་དངོས་གྲུབ་ཞུ་བ་ཡང་། །རྣམ་གྲངས་དྲུག་ཏུ་བསྡུས་པའི་དང་པོ་ནི། །བླ་ཚེ་ཆད་ཉམས་ཡར་བ་དགུག་པའི་ཕྱིར། །མདའ་དར་སྣ་ལྔ་ཐོག་ལ་འདི་ལྟར་བརྗོད།། ཧཱུྃ་ཧྲཱིཿ ཆོས་སྐུའི་ཚེ་བདག་ཀུན་བཟང་སྣང་མཐའ་ཡས། །ཁྱེད་ཀྱི་མཁྱེན་བརྩེ་ནུས་པའི་དཔལ་ཡོན་གྱིས། །དོན་བརྒྱུད་དགོངས་པ་ཆོས་སྐུའི་ཚེ་བཅུད་བསྡུས། །སེམས་ཀྱི་ཁམས་ནས་ཉམས་པའི་བླ་ཚེ་གསོས། །འཁྲུལ་མེད་ཐུགས་ཀྱི་ཚེ་དབང་དངོས་གྲུབ་སྩོལ། །མཉམ་ཉིད་བློ་འདས་ཏིང་འཛིན་རྒྱས་ཐོབ་ཅིག །ཨོཾ་གུ་རུ་དྷརྨ་ཀཱ་ཡ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཧཱུྃ་ཧྲཱིཿ ལོངས་སྐུའི་ཚེ་བདག་ཐོད་ཕྲེང་རིགས་མཆོག་ལྔ། །ཁྱེད་ཀྱི་མཁྱེན་བརྩེ་ནུས་པའི་དཔལ་ཡོན་གྱིས། །ཁ་སྦྱོར་བདུན་ལྡན་ལོངས་སྐུའི་ཚེ་བཅུད་བསྡུས། །ངག་གི་ཁམས་ནས་ཉམས་པའི་བླ་ཚེ་གསོས། །འགགས་མེད་གསུང་གི་དངོས་གྲུབ་སྩལ་དུ་གསོལ། །གཞོམ་མེད་སྒྲ་གྲགས་སྔགས་ཀྱི་རྒྱས་ཐོབ་ཅིག །ཨོཾ་གུ་རུ་སམ་བྷོ་ཀཱ་ཡ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཧཱུྃ་ཧྲཱིཿ སྤྲུལ་སྐུའི་ཚེ་བདག་རིག་འཛིན་པདྨ་འབྱུང་། །ཁྱེད་ཀྱི་མཁྱེན་བརྩེ་ནུས་པའི་དཔལ་ཡོན་གྱིས། །སྟོབས་སོགས་མཐའ་ཡས་སྤྲུལ་སྐུའི་ཚེ་བཅུད་བསྡུས། །ལུས་ཀྱི་ཁམས་ནས་ཉམས་པའི་བླ་ཚེ་གསོས། །འགྱུར་མེད་སྐུ་ཡི་ཚེ་དབང་དངོས་གྲུབ་སྩོལ། །མ་འདྲེས་གསལ་སྟོང་མཚན་དཔེའི་རྒྱས་ཐོབ་ཅིག །ཨོཾ་གུ་རུ་ནིརྨ་ཀཱ་ཡ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཧཱུྃ་ཧྲཱིཿ ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །ཁྱེད་ཀྱི་མཁྱེན་བརྩེ་ནུས་པའི་དཔལ་ཡོན་གྱིས། །སྲིད་དང་ཞི་བའི་ཁམས་ཀྱི་ཚེ་བཅུད་བསྡུས། བླ་ཚེ་ཆད་ཉམས་ཡར་བ་སོར་ཆུད་ཅིང་། །མི་ཤིགས་རྡོ་རྗེ་གསུམ་གྱི་ཚེ་དབང་སྩོལ། །མི་འགྱུར་ལྷུན་གྱིས་གྲུབ་པའི་རྒྱས་ཐོབ་ཅིག །ཨོཾ་ཨ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཧཱུྃ་ཧྲཱིཿ ཆེ་མཆོག་ཡོངས་འདུས་དབང་དྲག་ཧེ་རུ་ཀ །ཁྱེད་ཀྱི་མཁྱེན་བརྩེ་ནུས་པའི་དཔལ་ཡོན་གྱིས། །མཐུ་རྩལ་སྟོབས་ནུས་དྲེགས་བྱེད་ཚེ་བཅུད་བསྡུས། །འཁྱམས་དང་བརྐུས་ཕྲོག་ཁྱེར་བའི་བླ་ཚེ་ཁུག །སྐྱེ་འཆིའི་འཇིགས་བྲལ་ཚེ་དབང་དངོས་གྲུབ་སྩོལ། །ཡོན་ཏན་ཕྲིན་ལས་སྟོབས་ཀྱི་རྒྱས་ཐོབ་ཅིག །ཨོཾ་གུ་རུ་ཤྲཱི་ཧེ་རུ་ཀ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཚེ་དང་ཡེ་ཤེས་དཔག་མེད་གཟུངས་ཀྱང་བརྗོད། །རྒྱ་གྲམ་མགོར་བཞག་རྒྱས་གདབ་བྱ་བ་ནི།། ཧཱུྃ་ཧྲཱིཿ ངོ་བོ་སྐྱེ་མེད་རྣམ་དག་ཆོས་སྐུའི་རྒྱ། །རང་བཞིན་འགགས་མེད་གསལ་སྟོང་ལོངས་སྐུའི་རྒྱ། །ཐུགས་རྗེ་ཀུན་ཁྱབ་འགྲོ་འདུལ་སྤྲུལ་སྐུའི་རྒྱ། །སྐུ་གསུམ་བདེ་གཤེགས་དགོངས་པས་རྒྱས་གདབ་བོ། །ཨོཾ་དྲ་དྲ་ཤག །མུ་ཏྲ་ཧོ། རཀྵནྟུ། ཏིཥྛ་ལྷན། ཞེས་བརྗོད་སྐབས་ཀྱི་སྨོན་ལམ་ཤིས་བརྗོད་བྱ། །རིན་ཆེན་སྨན་འབྲུ་མེ་ཏོག་སིལ་མ་འཐོར། །ཨི་ཐི་རྒྱ༔ རྩ་བའི་སྤྱིར་སྡོམ་གསུམ་པ་རྗེས་ལ་ཡང་། །མཆོད་བསྟོད་བཟོད་གསོལ་སྤྱི་ལྟར་གྲུབ་ནས་སུ། །མདུན་བསྐྱེད་དཀྱིལ་འཁོར་གཤེགས་སུ་གསོལ་བའམ། །གསང་གསུམ་རྟེན་ལ་བརྟན་བཞུགས་གང་ཡང་རུང་། །བདག་བསྐྱེད་བསྡུ་རིམ་ལྷར་སྡང་བསྔོ་སྨོན་དང་། །བཀྲ་ཤིས་རྣམས་ཀྱང་སྐུ་གསུམ་དགོངས་མཛོད་ཀྱི། །ཆོ་ག་སྤྱི་ཡི་འགྲོས་ཏེ་ལོགས་སུ་གསལ། །དེ་ཡིས་དགའ་སྟོན་ཚོགས་ཀྱི་ལས་རིམ་གྲུབ། རྟོག་གེའི་བློ་རིས་མེ་ཁྱེར་རང་འོད་ཀྱིས། །མིག་ལྡན་སྣང་བའི་གྲོགས་བགྱིད་མི་རེ་ཡང་། །སྐུ་གསུམ་ཐུགས་རྗེ་ནམ་མཁའི་ནོར་བུ་ཡིས། །ཡིད་ཅན་བློ་ཡི་མུན་པ་དྲུང་འབྱིན་ཅིང་། །ཕྲིན་ལས་གཟི་འོད་སྟོང་འབར་སྤྲོ་བསྡུ་ཡིས། །མ་རིག་ལས་ཉོན་བག་ཆགས་རྩྭ་རྩེའི་ཟིལ། །མ་བརྩལ་ཤུགས་ཀྱིས་སྐད་ཅིག་རེ་རེར་ཡང་། །སྐེམས་པར་བྱེད་འདི་ཆོས་ཉིད་རང་གི་གཤིས། །འདི་ལས་འགྲོ་ཕན་ཨེ་འབྱུང་སྙམས་པའམ། །མཁས་རྣམས་ཐུགས་ཁྲེལ་གནང་གཞིར་དོགས་པའང་མེད། །དེ་ཕྱིར་འདི་ལ་དད་ཅིང་མོས་པ་ཡི། །ལས་འཕྲོ་ཅན་རྣམས་ཚུལ་བཞིན་བརྩོན་པར་ཞུ། །ཕྱག་རྒྱ་བཞི་ལྡན་དབྱིངས་ཀྱི་མགོན་པོ་དང་། །མཚན་སྟོང་མངའ་བའི་སྔགས་སྲུང་རེ་མ་ཏི། །འདྲེན་བྱེད་གློག་སྟོང་འཁྱུག་པའི་དྲང་སྲོང་སོགས། །ཆོས་འདི་བསྲུང་སྤེལ་དུས་བབས་མ་གཡེལ་མཛོད། །ཨི་ཐི་རྒྱ། ཞེས་དམ་ཆོས་སྐུ་གསུམ་དགོངས་མཛོད་ཀྱི་ཆ་ལག་ཚོགས་མཆོད་ཀྱི་ལས་རིམ་སྐུ་གསུམ་དགྱེས་པའི་དགའ་སྟོན་ཞེས་བྱ་བ་འདི་ཡང་། ཁམས་རྡོ་སྨད་ཀྱི་འབྲོག་པ་ཚོ་བཞིའི་ནང་ཚན་ཕྱུག་ཤུལ་ཕུར་སྐོར་གྱི་རུས་ལས་བལྟམས་པའི་སྔགས་སྤྲུལ་གར་དབང་འཇིགས་མེད་རྣམ་རྒྱལ་གྱིས་བརྗོད་བྱའི་རིས་སུ་ཕབ་པ་དགེ་ལེགས་སུ་འཕེལ། །སརྦ་མངྒ་ལཾ། ཛ་ཡནྟུ།

ཚོགས་གླུ།

༄༅། ལས་ཀྱི་མཁའ་འགྲོ་མ་གྲོང་པའི་ཆོས་ཀྱིས་མ་གོས་པ་ཟུང་གིས་དད་འདུན་དགའ་སྤྲོ་དང་ལྡན་པའི་གླུ་དབྱངས་སྙན་པའི་ངང་ནས། ཨེ་མ། རང་སྣང་དག་པ་ཟངས་མདོག་དཔལ་རི་ཡི་ཞིང་ན། །རང་རིག་རྣམ་དག་ཨོ་རྒྱན་ཆེན་པོ་དེ་བཞུགས་ཡོད། །རང་རྩལ་མ་འགགས་ཤར་བའི་མཆེད་ལྕམ་གྱི་ཕོ་མོ། །སྟོན་འཁོར་དགོངས་པ་དབྱེར་མེད་རོ་གཅིག་གི་ངང་ནས། །དགའ་སྟོན་བདུད་རྩིའི་རྣམ་རོལ་དག་མཉམ་ལ་རོལ་ཤོག །དུག་ལྔ་མ་སྤངས་རང་བྱུང་ཡེ་གྲོལ་གྱི་དམ་རྫས། །ཤ་ལྔ་ལོངས་སྤྱོད་ཡེ་ཤེས་རྣམ་ལྔ་ཡི་ངོ་བོ། །རིགས་ལྔའི་འཁོར་ཚོགས་དཔའ་བོ་དཔའ་མོ་ཡིས་རོལ་ནས། །བདེ་སྟོང་ཞེན་མེད་མཉམ་ཉིད་ཡེ་དག་གི་ཀློང་ན། །ཡེ་ཤེས་སྒྱུ་མའི་སྐུ་ཡི་རྣམ་རོལ་དུ་ཤར་བས། །སྐལ་ལྡན་ལས་སྨོན་འཛོམ་པ་མཆེད་ལྕམ་གྱི་ཕོ་མོ། །འདིར་འདུས་རྟེན་འབྲེལ་ལེགས་པའི་བྱ་བ་དེ་འགྲིག་ཅིང་། །འོད་གསལ་རྡོ་རྗེ་ཐེག་པའི་གསང་ལམ་ལ་བགྲོད་ནས། །མཐར་ཐུག་ཚོམ་བུ་གཅིག་པའི་ད་ལ་རུ་སྨོན་ཤོག ། ཅེས་ལན་གསུམ་གྱིས་ཚོགས་ལ་རོལ་ཞིང་སྨོན་ནོ། །དྲི་མེད་དབུ་མའི་ཡང་རྫོང་ནས་ཟབ་གཏེར་ཆེན་པོ་སྤྱན་དྲངས་ཚེ་སྔགས་ནག་རྡོ་རྗེ་བཞད་པ་རྩལ་གྱིས་ཐོལ་བྱུང་དུ་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག །

དྲང་སྲོང་མཆོད་ཐབས་ཕྲིན་ལས་ཐོག་མེད།

དམ་ཆོས་སྐུ་གསུམ་དགོངས་མཛོད་ལས། དྲང་སྲོང་མཆོད་ཐབས་ཕྲིན་ལས་ཐོག་མེད་བཞུགས། བདེར་གཤེགས་ཡོངས་རྫོགས་དཔལ་ལ་འདུད། །དྲང་སྲོང་ཆེན་པོའི་མཆོད་ཐབས་བསྟན། །གཙང་མའི་སྣོད་དུ་འབྲུ་ནག་ཕྱེར། །དུག་ཁྲག་ཆང་སྦྲན་བག་ཟན་ལ། །བསྟན་སྲུང་སྤྱི་གཏོར་ཆ་ལྔ་པ། །ཡང་ན་རྒྱུན་གཏོར་ཟུར་གསུམ་མར། །ཞལ་སྤྱན་སྙིང་སྦྲུལ་མེ་རིས་བརྒྱན། །གཡས་སུ་གཟའ་གཏོར་གཡོན་ཀླུ་བཤོས། །དེ་མཐར་གཟའ་བཤོས་གཡས་དཀྱུས་བརྒྱད། །ཕྱོགས་བཞིར་དམར་གཏོར་མཚམས་ཀུན་ཏུ། །མཐེབ་ཀྱུ་གྲངས་མང་མཛེས་པར་བརྩེགས། །གདུགས་དང་གཏོར་ཙཀ་དར་ཚོན་གཟུགས། །འབྲུ་ཚོམ་སྟེང་བཀོད་མཆོད་པས་བསྐོར། །ཆེ་མཆོག་འདུས་པའི་ཏིང་འཛིན་གྱིས།། ཧཱུྃ། རང་མདུན་དུར་ཁྲོད་ཐོད་མཁར་ནང་། །ཁྲག་ཞག་ལྦུ་ཕྲེང་འཁྲུགས་པའི་མཚོར། །པད་ཉི་དགྲ་བགེགས་བསྣོལ་བའི་སྟེང་། །ཀྵཿལས་གཟའ་བདུད་དུད་སྤྲིན་མདོག །དབུ་དགུ་བྱ་རོག་གདོང་དང་བཅས། །ཕྱག་བཞིས་ཆུ་སྲིན་རྒྱལ་མཚན་སྦྲུལ། །མདའ་གཞུ་འགེངས་ཤིང་སྦྲུལ་མཇུག་འཁྱིལ། །ལྟོ་ཞལ་གདངས་ཤིང་སྤྱན་སྟོང་གཡོ། །རབ་འཇིགས་དུར་ཁྲོད་ཆས་ཀྱིས་བརྒྱན། །མེ་རླུང་འཁྱིལ་ཞིང་གློག་འོད་འཁྱུག །གཡས་སུ་རྡོ་རྗེ་སྲིན་པོ་མཐིང་། །དབུ་དགུ་ཕྱག་གཉིས་དབྱུག་ཏོ་སྦྲུལ། །ཞབས་གཉིས་བསྐྱང་བསྐུམ་ཀེང་རུས་ཁྲིར། །བམ་སྟེང་ཡེ་ཤེས་མེ་ཀློང་བཞུགས། །གཡོན་དུ་རྡོ་རྗེ་གློག་འགྱུ་དམར། །དབུ་དགུ་སྦྲུལ་ཞགས་ཁྲག་མཚོ་བསྣམས། །སྐུ་སྨད་སྦྲུལ་མཇུག་ཁྲག་མཚོར་བསྐྱིལ། །གདེངས་ཀ་གཡོ་ཞིང་རླུང་ནག་འཁྱིལ། །སྤྲུལ་འཁོར་གཟའ་བརྒྱད་གདོང་མོ་བཞི། །ཡང་འཁོར་སྒྱུ་སྐར་ཉེར་བརྒྱད་དང་། །སྣང་སྲིད་དྲེགས་པ་སྡེ་བརྒྱད་ཚོགས། །དཔག་མེད་རྡུལ་སྤྲིན་ལྟ་བུར་འཚུབས། །བདག་གི་ཐུགས་ཀའི་ཧཱུྃ་ཡིག་ལས། །འོད་འཕྲོས་ཕྱོགས་བཅུའི་རྒྱལ་ཀུན་གྱི། །མཐུ་དབང་བྱིན་ནུས་བསྡུས་ཏེ་བསྟིམ། །གནས་གསུམ་རྡོ་རྗེའི་ཡི་གེས་མཚན། །དྲང་སྲོང་ཐུགས་སྲོག་ཀྵཿཡིག་ལས། །འོད་འཕྲོས་མཁའ་སྤྱོད་དཔལ་རི་དང་། །དུར་ཁྲོད་བརྒྱད་སོགས་གནས་རྣམས་ནས། །ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར། །ཞེས་བསམ་ར་གསུར་ཚིལ་ཆེན་བདུག། ཧྲཱིཿཤག་རུ་རཾ་ན་ག་ཙིཏྟ་ཏྲཾཿ མ་མ་ཡོམ་ཟ་འགྲམ་ཧ་ཧ་ག་ཤ་ག་ཛཿཛཿ འབོད་པའོ།། ར་ཧུ་ལ་པྲ་མ་ན་ཛཿཧཱུྃ་བཾ་ཧོཿ བཛྲ་ཨངྐུ་ཤ་ཛཿཛཿ ཐོད་རྔ་རྐང་གླིང་སྒྲ་དང་བཅས།། ཧཱུྃ། ཆོས་ཉིད་དབྱིངས་ལས་སྙིང་རྗེའི་མདངས། །ཡེ་ཤེས་རང་སྣང་འཇིགས་པའི་སྐུ། །མཐུ་རྩལ་ཐོགས་མེད་རཱ་ཧུ་ལ། །ལྕམ་དྲལ་སྤྲུལ་འཁོར་བཀའ་ཉན་བཅས། །འདིར་གཤེགས་དམ་ཚིག་བསྐྱེད་པའི་ལྷར། །གཉིས་མེད་བརྟན་པར་བཞུགས་སུ་གསོལ། །ཨོཾ་ཛྙཱ་ན་རཀྴ་བཛྲ་ས་མ་ཡཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། ཧཱུྃ། རང་བཞིན་རྣམ་དག་དབྱིངས་ཉིད་ལས། །ཐུགས་རྗེས་འགྲོ་དོན་སྐུར་སྤྲུལ་པ། །ཡེ་ཤེས་དྲང་སྲོང་ཆེན་པོ་ལ། །མཉམ་ཉིད་རྟོགས་པས་ཕྱག་འཚལ་ཞིང་། །དམ་རྫས་སྣ་ཚོགས་མོས་པས་འབུལ། །བརྩེ་བར་དགོངས་ལ་བཞེས་སུ་གསོལ། །ཨོཾ་བཛྲ་ཨརྒྷཾ་པཱ་དྱཱཾ༴སོགས། ཤཔྟ་སརྦ་པཱུ་ཛ་ཧོ། མ་ཧཱ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་ཁཱ་ཧི། ཁྱད་པར་དམར་གཏོར་དགུག་གཞུག་བྱིན་གྱིས་བརླབས་ལ། དྲང་སྲོང་འཁོར་བཅས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུས་གསོལ་བར་བསམ་ལ། ཨོཾ་མ་ཧཱ་ཛྙཱ་ན་རཱ་ཧུ་ལ་རཀྴ་ནཱ་གི་སརྦ་ས་པཱ་རི་ཝ་ར་མ་ཧཱ་མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀེཾ་ནི་རི་ཏི་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་ཕུལ། མཐུ་སྟོབས་ཀྱི་དབང་ཕྱུག་དྲེགས་པའི་གཙོ་བོ་ཡེ་ཤེས་ཀྱི་གཟའ་མཆོག་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱིས་དམ་རྫས་ཀྱི་གཏོར་མ་འདི་བཞེས་ལ། བསྟན་པ་དང་བསྟན་འཛིན་སྤེལ་ཅིག རྣལ་འབྱོར་པའི་མགོན་སྐྱབས་མཛོད་ཅིག འཇིག་རྟེན་གྱི་རྒུད་པ་སོལ་ཅིག ནད་མུག་དང་མཚོན་འཁྲུགས་བཟློག་ཅིག ཆོས་སྲིད་ཀྱི་འདོད་དོན་སྤེལ་ཅིག མདོར་ན་ཞི་རྒྱས་དབང་དྲག་གི་ཕྲིན་ལས་གང་བཅོལ་ཐོགས་མེད་དུ་སྒྲུབ་ཅིག མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པར་མཛོད་ཅིག ཧཱུྃ། གསང་བ་ཀུན་བདག་རྡོ་རྗེ་འཆང་། །གདུག་པ་ཅན་རྣམས་ཚར་གཅོད་ཕྱིར། །རབ་འཇིགས་སྲིན་པོའི་སྐུར་བཞེངས་པ། །མཐུ་ཆེན་ཁྱབ་འཇུག་ནག་པོར་བསྟོད། །ཡབ་རྗེ་རཀྴ་ཛྭ་ལ་དང་། །ཡུམ་མཆོག་རྡོ་རྗེ་གློག་འགྱུ་མ། །སྤྲུལ་པའི་གཟའ་མཆོག་ཆེན་པོ་བརྒྱད། །ཐུགས་ཀྱི་དགྱེས་སྡེ་གདོང་མོ་བཞི། །བཀའ་སྡོད་དྲེགས་པ་སྡེ་བརྒྱད་ཚོགས། །མ་ལུས་འཁོར་དང་བཅས་ལ་བསྟོད། །ཡེ་ཤེས་སྤྱན་ལྡན་ཁྱེད་རྣམས་ཀྱིས། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ། །འགོ་ཞིང་སྡོང་གྲོགས་གཡེལ་མེད་མཛོད། །རབ་འབྱམས་ཕྲིན་ལས་སྒྲུབ་ཏུ་གསོལ། །ཧཱུྃ། གཟའ་མཆོག་ཆེན་པོ་རཱ་ཧུ་ལ། །ཡབ་ཡུམ་སྤྲུལ་འཁོར་བཅས་པ་རྣམས། །བཤོས་དང་སྐྱེམས་ཀྱིས་གསོལ་ཞིང་མཆོད། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ཉམས་ཆགས་ཅི་བགྱིས་དབྱིངས་སུ་བཤགས། །བསྟན་སྲུང་མཆོག་ཏུ་མངའ་གསོལ་ལོ། །འཁོར་དང་ལོངས་སྤྱོད་གཉེར་དུ་གཏད། །ཐུགས་བསྐྱེད་དམ་བཅས་གནད་ནས་བསྐུལ། །ཆོས་དང་སྲིད་ཀྱི་ལས་ཀུན་བཅོལ། །མཐུ་རྩལ་ནུས་པའི་དངོས་གྲུབ་ཞུ། །མ་གཡེལ་རེ་ཞིང་སྨོན་པ་ཀུན། །གེགས་མེད་ལྷུན་གྱིས་གྲུབ་པར་མཛོད།། ཅེས་བཀའ་སྲུང་དྲང་སྲོང་ཆེན་པོའི་མཆོད་ཐབས་ཕྲིན་ལས་ཐོགས་མེད་ཅེས་བྱ་བ་འདི་ཡང་རྣལ་འབྱོར་པ་པདྨ་ཚེ་མཆོག་ནས་ཡང་ཡང་བསྐུལ་ངོར་གར་དབང་འཇིགས་མེད་རྣམ་རྒྱལ་གྱིས་དག་སྣང་ཟབ་མོའི་ཆ་ལག་ཏུ་ཕབ་པ་དགེའོ།། དགེའོ།། དགེའོ།། སརྦ་མངྒ་ལཾ།

རྗེས་ཀྱི་ལས་རིམ།

སྐུ་གསུམ་བདེར་གཤེགས་ཡོངས་འདུས་ལྷ་ཚོགས་ཀྱི། །སྒྲུབ་ཐབས་རྒྱས་བསྡུས་གང་ཡང་རུང་བའི་མཐར། །སྦྱར་དུ་རུང་བའི་རྗེས་ཀྱི་ལས་རིམ་ནི། །རྒྱས་བསྡུས་འཚམས་པར་རྣམ་གྲངས་བརྒྱད་དུ་བསྡུ། །དེ་ཡི་དང་པོ་མཆོད་ཅིང་བསྟོད་པ་ནི། །ཧཱུྃ་ཧྲཱིཿ དངོས་འབྱོར་ཡིད་སྤྲུལ་སྔགས་རྒྱ་ཏིང་འཛིན་གྱིས། །རབ་སྤེལ་ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །སྨན་རཀ་གཏོར་མཆོད་རྫས་རྟགས་རིན་ཆེན་སོགས། །རྨད་བྱུང་ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་འབུལ། །ཨོཾ་བཛྲ་ཨརྒྷཾ༴སོགས་ནས། ཤཔྟ་མ་ཧཱ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ། མ་ཧཱ་ཨ་མྲྀ་ཏ་ཁཱ་ཧཱི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བཱ་ལིངྟ་ཁཱ་ཧི། ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ལོངས་སྤྱོད་རྫོགས། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །མདོར་ན་དག་པའི་ཞིང་ཁམས་དཔལ་གྱི་རི། །ཡེ་ཤེས་དབྱིངས་ནས་སྤྲུལ་པའི་རྩ་གསུམ་ལྷ། །ཐུགས་དམ་ཐུགས་རྗེས་འཁོད་པའི་སྤྲུལ་འཁོར་ཚོགས། །མ་ལུས་ཡོངས་སུ་རྫོགས་ལ་ཕྱག་འཚལ་བསྟོད།། གཉིས་པ་དངོས་གྲུབ་ཚོགས་མཆོད་གཞུང་ལྟར་རམ། །ཡང་ན་འདི་བཞིན་བརྗོད་པས་བླངས་ཀྱང་རུང་།། ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་འདུས་གུ་རུ་པདྨ་འབྱུང་། །སྐུ་གསུམ་སྟོན་མཆོག་ཞི་ཁྲོའི་རྣམ་རོལ་གར། །སྐུ་གསུམ་ཡོངས་རྫོགས་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །སྐུ་གསུམ་དགོངས་པའི་ཀློང་ནས་བྱིན་གྱིས་རློབས། །ལུས་ལ་སྐུ་ཡི་བྱིན་གྱིས་རླབ་ཏུ་གསོལ། །བཀྲག་མདངས་གཟི་འབར་བདེ་ཆེན་བསྐྱེད་དུ་གསོལ། །ངག་ལ་སྔགས་ཀྱི་བྱིན་གྱིས་རླབ་ཏུ་གསོལ། །བཟླས་བརྗོད་སྨོན་ཚིག་ནུས་སྟོབས་བསྐྱེད་དུ་གསོལ། །ཡིད་ལ་ཐུགས་ཀྱི་བྱིན་གྱིས་རླབ་ཏུ་གསོལ། །ཉམས་རྟོགས་ཏིང་འཛིན་ཡེ་ཤེས་སྤར་དུ་གསོལ། །འཕོ་འགྱུར་མེད་པ་རྡོ་རྗེའི་ཚེ་དབང་སྩོལ། །དོན་གཉིས་མཐར་ཕྱིན་གསང་ཆེན་གྲུབ་འབྲས་སྩོལ། །མདོར་ན་སྐུ་གསུམ་རྒྱལ་བའི་དབང་པོ་ཡི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ། །དེང་འདིར་བདག་ལ་ཡོངས་རྫོགས་སྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧྲཱིཿ གསུམ་པ་སྒོ་གསུམ་ནོངས་བགྱིས་བཤགས་པ་ནི། ཧཱུྃ་ཧྲཱིཿ སྐུ་གསུམ་བདེ་གཤེགས་འདུས་པའི་ལྷ་ཚོགས་རྣམས། །མི་གཏོང་བསྙེན་ཅིང་བསྒྲུབ་པར་དམ་བཅས་ཀྱང་། །དྲན་ཤེས་མི་ལྡན་བག་མེད་ལེ་ལོ་ཡིས། །མཆོད་རྫས་མ་ཚངས་གཡེལ་ཞུད་ཕྱི་དུས་འགྱང་། །བསྐྱེད་རིམ་མ་གསལ་བཟླས་བརྗོད་ཟུར་ཆག་ཉམས། །ཏིང་འཛིན་བྱིང་རྨུགས་རེ་དོགས་གཙང་སྨེར་གོལ། །མདོར་ན་སྒོ་གསུམ་མ་རིག་དབང་གྱུར་པས། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི། །དམ་ཚིག་ཉམས་ཆགས་འགལ་འཁྲུལ་གྱུར་པ་ཀུན། །སྙིང་ནས་བཤགས་སོ་དག་ཚངས་དངོས་གྲུབ་སྩོལ། །ཨོཾ་ས་མ་ཡཱཿ ཨཱ་ས་མ་ཡཱཿ ཧཱུྃ་ས་མ་ཡཱཿ ཨོཾ་བཛྲ་ས་ཏྭ་ས་མ་ཡཱ༴སོགས། བདུན་ནམ་ཉེར་གཅིག་བརྒྱ་རྩ་བརྒྱད་སོགས་བརྗོད། །བཞི་པ་བརྟན་བཞུགས་བྱ་ཞིང་གཤེགས་གསོལ་ནི། །མདུན་བསྐྱེད་དཀྱིལ་འཁོར་རྟེན་དང་བཅས་དམིགས་ཏེ།། ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་རྫོགས་འདུས་པའི་ལྷ་ཚོགས་རྣམས། །སྒྲུབ་ལ་མཆོག་ཐུན་དངོས་གྲུབ་སྩོལ་བའི་ཕྱིར། །དངོས་བཤམས་བསྒྲུབ་པའི་དཀྱིལ་འཁོར་རྟེན་འདི་ལ། །དབྱེར་མེད་བརྟན་པར་བཞུགས་ནས་བདག་ཅག་གིས། །དུས་འདི་ཉིད་ནས་རིག་འཛིན་མཆོག་འགྲུབ་ཅིང་། །དོན་གཉིས་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ།། རྟེན་འབྲེལ་སྙིང་པོ་བརྗོད་ཅིང་མེ་ཏོག་འཐོར། །སྒྲུབ་པའི་ཞག་གྲངས་རྫོགས་ཚེ་འདི་བཞིན་བྱ།། ཧཱུྃ་ཧྲཱིཿ ཐུགས་རྗེ་ཆེ་ལྡན་སྐུ་གསུམ་བདེ་གཤེགས་རྣམས། །གྲུབ་འབྲས་མངོན་གྱུར་འགྲོ་དོན་མཛད་པ་ལེགས། །གཤེགས་བཞུད་སྤྲོས་པའི་མཚན་མ་མི་དམིགས་ཀྱང་། །སྐུ་གསུམ་ལྷུན་གྲུབ་ཀུན་བཟང་དགོངས་པའི་ཀློང་། །ཀ་དག་གདོད་མའི་དབྱིངས་སུ་བཛྲ་མཱུཿ སླར་ཡང་ཐུགས་རྗེས་དགོངས་ཤིང་འབྱོན་པར་མཛོད། །ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་དྷརྨཱ་ནིརྨ་སཾ་བྷོ་ཀཱ་ཡ་སརྦ་ཤནྟིཾ་ཀྲོ་ཏ་དཱེ་བ་མཎྚ་ལ་བཛྲ་མཱུཿ ཞེས་བརྗོད་བསྡུ་རྒྱ་བཀྲོལ་ཞིང་སེ་གོལ་གཏོགས། །ལྔ་པ་སྤྲོས་བཅས་བསྐྱེད་རིམ་དབྱིངས་སུ་བསྡུ། །སྤྲོས་མེད་རྫོགས་རིམ་ངང་དུ་མཉམ་པར་བཞག། ཧཱུྃ་ཧྲཱིཿ སྐུ་གསུམ་དག་པའི་སྣོད་བཅུད་འོད་དུ་ཞུ། །རིམ་བཞིན་གཞལ་ཡས་འཁོར་རྣམས་གཙོ་བོ་ལ། །དེ་ཡང་ཡེ་ཤེས་ཏིང་འཛིན་ན་དཱའི་བར། །ཐིམ་ཞིང་སྟོང་ཆེན་དམིགས་མེད་ངང་དུ་ཡལ། །སྣང་སྟོང་དངོས་འཛིན་བྲལ་བ་དབང་པོའི་ཚོན། །གྲགས་སྟོང་བརྗོད་དུ་མེད་པ་བྲག་ཆའི་སྒྲ། །དྲན་སྟོང་བློ་ལས་འདས་པ་ནམ་མཁའི་ངང་། །སྐྱེ་འགགས་གནས་མེད་སྤྲོས་པ་ཀུན་དང་བྲལ། །ཨ་ཨ་ཨཿ དྲུག་པ་རྗེས་ཐོབ་སྒྱུ་མའི་ལྷར་ལྡང་ཞིང་། །བྱིན་རླབས་ལུས་བསྲུང་གོ་བགོ་བྱ་བ་ནི། །ཧཱུྃ་ཧྲཱིཿ སྐུ་གསུམ་བདེ་གཤེགས་མཁྱེན་བརྩེའི་དགོངས་ཀློང་ནས། །ཡེ་ཤེས་ཐུགས་རྗེའི་རང་མདངས་སྒྱུ་མའི་སྐུ། །སྐུ་གསུམ་ཡོངས་འདུས་རྒྱལ་དབང་པདྨ་འབྱུང་། །གསལ་སྟོང་འཇའ་ལུས་མཚན་དཔེའི་རྒྱན་རྫོགས་གསལ། །ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ་བྷྲུྃཿ ཞེས་པས་གསང་གསུམ་བྱིན་གྱིས་རླབས་པ་དང་། །རྗེས་འབྲེལ་གནས་དགུ་རྡོ་རྗེའི་མདུད་རྒྱར་བཅས། ཨོཾ་ཏྲུཾ། ལན་དགུ་བརྗོད་ཅིང་ཐལ་མོ་བརྡབ། ཨོཾ་བཛྲ་ཏུ་ཥྱ་ཧོ། ཞེས་བརྗོད་ལུས་ཀུན་རྡོ་རྗེའི་གོ་ཆ་ཡིས། །གཏམས་པར་མོས་ཤིང་སླར་ཡང་སྔགས་འདི་བརྗོད། །ཨོཾ་བཛྲ་རཀྵ་ཀརྨ་ཝརྟི་ཛྭ་ལ་ཙཀྲ་ས་མ་ཡ་སྟྭཾ། ཞེས་བརྗོད་འཁྱེར་སོ་གསུམ་དང་མ་བྲལ་བར། །ཐུན་མཚམས་སྤྱོད་ལམ་རྣམ་བཞིས་འགྲོ་དོན་སྤྱོད། །བདུན་པ་དགེ་ཚོགས་བསྔོ་ཞིང་སྨོན་ལམ་གདབ། །ཧཱུྃ་ཧྲཱིཿ སྐུ་གསུམ་བདེ་གཤེགས་སྟོན་འཁོར་ཡོངས་རྫོགས་དགོངས། །བདག་གིས་དེང་འདིར་བསྒྲུབ་པའི་དགེ་བས་མཚོན། །དུས་གསུམ་ཟག་བཅས་ཟག་མེད་ལེགས་ཚོགས་ཀུན། །འཁོར་གསུམ་དམིགས་མེད་ཆོས་ཀྱི་དབྱིངས་སུ་བསྡོམས། །བསོད་ནམས་ཡེ་ཤེས་དཔལ་ཡོན་ཅི་མཆིས་ཀུན། །འགྲོ་བ་ཡོངས་ཀྱིས་ཐོབ་པར་བྱིན་གྱིས་རློབས། །ཡིད་ཅན་མཐའ་དག་དེང་ནས་བྱང་ཆེན་བར། །མི་མཐུན་རྒུད་པའི་མཚན་མ་ཀུན་ཞི་ཞིང་། །སྲིད་དང་ཞི་བའི་ཕུན་ཚོགས་མ་ལུས་པ། །འབད་མེད་ཡིད་བཞིན་རྟག་ཏུ་སྤྱོད་གྱུར་ཅིག །སྐུ་གསུམ་ཡོངས་འདུས་རྒྱལ་བའི་དབང་པོ་ཡི། །བྱིན་རླབས་དབང་དང་དངོས་གྲུབ་མ་ལུས་ཀུན། །འགྲོ་བ་ཡོངས་ཀྱིས་ཚེ་འདིར་ལེགས་ཐོབ་ནས། །རིང་མིན་ཕྱམ་གཅིག་སྐུ་གསུམ་འགྲུབ་གྱུར་ཅིག །ཅེས་དང་གཞན་ཡང་བསྔོ་སྨོན་ཅི་རིགས་བརྗོད། །བརྒྱད་པ་དུས་ཀུན་དགེ་བའི་ཤིས་བརྗོད་ནི། །ཧཱུྃ་ཧྲཱིཿ ངོ་བོ་ཀ་དག་སྐྱེ་མེད་ཆོས་ཀྱི་སྐུ། །རང་བཞིན་ལྷུན་གྲུབ་འགགས་མེད་ལོངས་སྤྱོད་རྫོགས། །ཐུགས་རྗེ་རྨད་བྱུང་རྩོལ་མེད་སྤྲུལ་པའི་སྐུ། །སྐུ་གསུམ་ཡོངས་འདུས་བླ་མའི་བཀྲ་ཤིས་ཤོག །བྱིན་རླབས་གཏེར་མཛོད་རྩ་རྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ལྷ། །བར་ཆད་ཀུན་སེལ་ཊཱཀྐི་དམ་ཅན་ཚོགས། །རྩ་གསུམ་ཀུན་འདུས་བླ་མའི་བཀྲ་ཤིས་ཤོག །མཐའ་ཡས་འགྲོ་བའི་འདྲེན་མཆོག་རྫོགས་སངས་རྒྱས། །ཟབ་ཞི་སྤྲོས་བྲལ་ལུང་རྟོགས་དམ་པའི་ཆོས། །ཚོགས་གཉིས་ཞིང་གྱུར་ཐེག་གསུམ་དགེ་འདུན་སྡེ། །མཆོག་གསུམ་སྤྱི་འདུས་བླ་མའི་བཀྲ་ཤིས་ཤོག །དཀྱིལ་འཁོར་གཙོ་མཆོག་མཚོ་སྐྱེས་སྤྲུལ་པའི་སྐུ། །བསྟན་པའི་རྩ་ལག་མཁན་སློབ་ཆོས་ཀྱི་རྒྱལ། །ལས་སྨོན་མཐུན་པའི་མཁས་གྲུབ་ཕྲིན་ལོན་པ། །ཕྱག་རྒྱའི་ལྷ་མོར་བཅས་པའི་བཀྲ་ཤིས་ཤོག །མཚན་མཆོག་བརྒྱད་དང་རིག་འཛིན་སློབ་དཔོན་ཚོགས། །འཕགས་བོད་མཁས་གྲུབ་ཤིང་རྟ་ཆེ་དགུ་དང་། །སངས་རྒྱས་བྱང་སེམས་ལྷ་མོ་སྒོ་སྐྱོང་གིང་། །སྐུ་གསུམ་ཞི་ཁྲོ་ཡོངས་རྫོགས་བཀྲ་ཤིས་ཤོག །སྐུ་གསུམ་ཡོངས་འདུས་ལྷ་ཚོགས་བདེན་སྟོབས་ཀྱིས། །མཐོང་ཐོས་དྲན་རེག་འབྲེལ་ཚད་འགྲོ་བ་ཀུན། །སྐུ་གསུམ་དགོངས་པའི་གསང་མཛོད་ལ་བརྟེན་ནས། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །བཀའ་བསྲུང་ཕོ་རྒྱུད་མགོན་པོ་ཕྱག་བཞི་དང་། །མོ་རྒྱུད་སྔགས་ཀྱི་བདག་མོ་རལ་གཅིག་མ། །བཀའ་ཉན་དྲང་སྲོང་རྡོར་ལེགས་དྲེགས་པའི་ཚོགས། །རབ་འབྱམས་ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག །མཚན་འཛིན་འཁྲུལ་སྣང་བདེན་ཞེན་དབྱིངས་སུ་དག །སྒོ་གསུམ་ལྷ་སྔགས་ཆོས་སྐུའི་རོལ་པར་རྫོགས། །འཁོར་འདས་མཉམ་ཉིད་སྐུ་གསུམ་དགོངས་ཀློང་སྨིན། །ཚེ་གཅིག་རྫོགས་སངས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་སོགས་བརྗོད་ཅིང་མེ་ཏོག་སིལ་མ་འཐོར། །ས་མ་ཡཱ་གུ་ཧྱ། ཞེས་པའང་སྐུ་གསུམ་དགོངས་མཛོད་ཀྱི་ཆོ་ག་སྤྱིའི་རྗེས་ཀྱི་ལས་རིམ་ཉིད་དུ་མོས་པས་གར་གྱི་དབང་པོ་འཇིགས་མེད་རྣམ་རྒྱལ་གྱིས་བྲིས་ནས་སྔོན་སྨོན་རྣམ་པར་དག་པའི་འབྲེལ་བས་ཆོས་འདིར་མི་ཕྱེད་དད་པ་ཅན་པདྨ་ཚེ་མཆོག་བཟང་པོ་ལ་ཕུལ་བ་དུས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པའི་རྒྱུར་གྱུར་ཅིག །དགེའོ།། དགེའོ།། དགེའོ།།

བསྐང་བཤགས་སྐུ་གསུམ་དགྱེས་པའི་རོལ་མོ།

དམ་ཆོས་སྐུ་གསུམ་དགོངས་པའི་གསང་མཛོད་ལས། །བསྐང་བཤགས་སྐུ་གསུམ་དགྱེས་པའི་རོལ་མོ་བཞུགས།

སྐུ་གསུམ་ཡོངས་རྫོགས་འདུས་པའི་ལྷ་ལ་འདུད། །མ་འོངས་སྙིགས་མའི་དུས་ཀྱི་གདུལ་བྱ་རྣམས། །ཚེ་ཐུང་ནད་མང་བསོད་ནམས་ལོངས་སྤྱོད་འགྲིབ། །བསྒྲུབ་བརྩོན་ཡུན་ཐུང་མཆོད་སྦྱིན་སྤྲོས་པ་ཆུང་། །དེ་ཚེ་བྱ་སླ་ཚེགས་མེད་བསྐང་བའི་ཐབས། །སྐུ་གསུམ་ལྷ་ཚོགས་དགྱེས་པའི་རོལ་མོ་བསྟན། །དམ་རྫས་གཏོར་ཆེན་རྒྱན་དང་ལྡན་པ་ལ། །སྨན་རཀ་ཉེར་སྤྱོད་ཚོགས་ཀྱིས་མཛེས་པར་བཤམས། །སྐུ་གསུམ་འདུས་པའི་བསྙེན་བསྒྲུབ་ལས་གཞུང་བསྲངས། །སྐབས་སུ་ཚོགས་ཀྱི་དགའ་སྟོན་དང་འབྲེལ་བར། །བསྐང་དང་བཤགས་པའི་ཐབས་མཆོག་འདིར་བརྩོན་བྱ། །བསྐང་རྫས་ནམ་མཁའི་དབྱིངས་མཛོད་སྔགས་རྒྱས་སྤེལ། །སྤོས་དུད་རོལ་མོ་སྙན་པའི་དབྱངས་དང་བཅས། །ཨོཾ། ཕྱོགས་བཅུའི་བདེར་གཤེགས་ཞིང་རྣམས་མཐའ་ཡས་དང་། །མི་མཇེད་གཞི་སྙིང་མེ་ཏོག་བརྒྱན་པའི་ཞིང་། །རྣམ་པར་མཛེས་བྱེད་སྲིད་ཞིའི་དཔལ་ཡོན་ཚོགས། །ལྷ་ཀླུ་མི་ཡི་ལོངས་སྤྱོད་མཆོད་པའི་སྤྲིན། །ཚངས་པ་རྔ་སྒྲའི་བསྐལ་པ་རྒྱ་མཚོའི་བར། །འབྱུང་ཞིང་རབ་ཏུ་རྒྱས་པ་ནམ་མཁའི་མཛོད། །དབང་བསྒྱུར་ཚངས་ཆེན་རབ་འབྱམས་གྲངས་མེད་ཀྱིས། །སྐུ་གསུམ་བདེ་གཤེགས་ཡོངས་འདུས་སངས་རྒྱས་དཔལ། །འོད་གསལ་རྡོ་རྗེ་སྙིང་པོའི་དཀྱིལ་འཁོར་ལ། །བློ་ཡིས་བླངས་ཏེ་བསམ་གཏན་སྟོབས་ཀྱིས་འབུལ། །ཐུགས་རྗེས་དགོངས་ལ་ཕྲིན་ལས་སྟོབས་ཀྱིས་བཞེས། །སྐུ་གསུང་ཐུགས་ཀྱི་དགྱེས་པ་སྐོངས་གྱུར་ཅིག །ཨཱཿ དབྱིངས་ནས་རང་བྱུང་ཡེ་ཤེས་སྒྱུ་མའི་འཕྲུལ། །ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན། །ཅིར་ཡང་འཆར་བ་ཀུན་བཟང་མཆོད་པའི་སྤྲིན། །དཔག་ཡས་ནམ་མཁའི་ཁྱོན་དང་མཉམ་པ་འདིས། །དགོངས་པ་བརྡ་དང་སྙན་ནས་བརྒྱུད་པ་ཡི། །རྩ་རྒྱུད་རིག་འཛིན་བླ་མའི་ཐུགས་དམ་བསྐང་། །ཀུན་འབྱུང་དཀའ་ཐུབ་དབང་བསྒྱུར་ཐེག་རིམ་དགུའི། །ཡི་དམ་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །དགའ་བཞིའི་འབྱུང་གནས་ཞིང་སྔགས་ལྷན་སྐྱེས་ཀྱི། །མ་སྲིང་ཊཱཀྐི་རྒྱ་མཚོའི་ཐུགས་དམ་བསྐང་། །ལས་ཀུན་ཐོགས་མེད་བསྟན་པའི་བྱ་ར་བ། །ཆོས་སྐྱོང་བཀའ་གཏེར་བསྲུང་མའི་ཐུགས་དམ་བསྐང་། །འདོད་རྒུའི་རེ་སྨོན་མཐའ་དག་ཡིད་བཞིན་སྐོངས། །དམ་ཅན་ནོར་ལྷ་གཏེར་བདག་ཐུགས་དམ་བསྐང་། །སྒྲུབ་བརྩོན་ཡོངས་ལ་འགོ་ཞིང་གྲོགས་བྱེད་པའི། །དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་ཐུགས་དམ་བསྐང་། །ཁྱད་པར་སྐུ་གསུམ་ཡོངས་རྫོགས་འདུས་པའི་དཔལ། །གུ་རུ་རྒྱལ་བའི་དབང་པོའི་ཐུགས་དམ་བསྐང་། །ངེས་གསང་རྡོ་རྗེ་སྙིང་པོའི་དགོངས་མཛོད་འཛིན། །མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་། །སྐུ་གསུམ་རྒྱལ་བའི་དགྱེས་སྐོང་ཕྱག་རྒྱའི་གར། །ཐུགས་བྱོན་ཊཱཀྐི་བཞི་ཡི་ཐུགས་དམ་བསྐང་། །སྐུ་གསུམ་ཡོངས་འདུས་བདེ་གཤེགས་སྒྱུ་འཕྲུལ་གར། །མཁས་གྲུབ་རིག་འཛིན་བླ་མའི་ཐུགས་དམ་བསྐང་། །བསླབ་གསུམ་མཛོད་འཛིན་རྒྱལ་བསྟན་མཛེས་པའི་རྒྱན། །མཁན་ཆེན་བྱང་ཆུབ་སེམས་དཔའི་ཐུགས་དམ་བསྐང་། །གངས་ཅན་བསྟན་པའི་མངའ་བདག་ཁྲི་སྲོང་རྗེ། །ཚངས་པ་ལྷ་ཡི་མེ་ཏོག་ཐུགས་དམ་བསྐང་། །ལས་སྨོན་དུས་བབས་འབངས་རིགས་འཕྲིན་ལོན་པ། །ཡར་ལུང་སྦ་མི་ཁྲི་གཞེར་ཐུགས་དམ་བསྐང་། །གང་ལ་གང་འདུལ་ཐུགས་རྗེའི་སྒྱུ་འཕྲུལ་གར། །མ་ཧཱ་གུ་རུ་མཚན་བརྒྱད་ཐུགས་དམ་བསྐང་། །ཡེ་ཤེས་དབྱིངས་ནས་རྒྱལ་ཀུན་བསྐྱེད་མཛད་མ། །ཕྱག་རྒྱའི་ལྷ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །དུར་ཁྲོད་བརྒྱད་དུ་བླ་མེད་དངོས་གྲུབ་བརྙེས། །འཕགས་ཡུལ་རིག་འཛིན་བརྒྱད་ཀྱི་ཐུགས་དམ་བསྐང་། །སོ་སོའི་བཀའ་བབས་ལྷ་དང་གཉིས་མེད་གྲུབ། །བོད་ཀྱི་གྲུབ་ཆེན་མི་བརྒྱད་ཐུགས་དམ་བསྐང་། །ཐུགས་བསྐྱེད་རྣམ་དག་རྨད་བྱུང་ཕྲིན་ལས་ཅན། །མཁས་གྲུབ་ལོ་པཎ་ཚོགས་ཀྱི་ཐུགས་དམ་བསྐང་། །རྒྱལ་བསྟན་སྣང་བྱེད་ཐར་ལམ་དེད་དཔོན་མཆོག །འཕགས་བོད་ཤིང་རྟ་ཆེ་དགུའི་ཐུགས་དམ་བསྐང་། །འགྲོ་དོན་མཐའ་ཡས་རྒྱལ་བའི་མཛད་པ་ཅན། །རིག་འཛིན་སློབ་དཔོན་ཡོངས་ཀྱི་ཐུགས་དམ་བསྐང་། །ཟབ་ཆོས་བཀའ་བབས་འབྲེལ་ཚད་དོན་ལྡན་པའི། །གཏེར་སྟོན་ཆོས་བདག་རྣམས་ཀྱི་ཐུགས་དམ་བསྐང་། །འགྲོ་དྲུག་སྒྲིབ་སྦྱོང་ཐར་ལམ་འདྲེན་པའི་གཙོ། །བཅོམ་ལྡན་ཐུབ་པ་དྲུག་གི་ཐུགས་དམ་བསྐང་། །སྦྱངས་བགྲོད་མཐར་ཕྱིན་དོན་གཉིས་ལྷུན་གྱིས་གྲུབ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐུགས་དམ་བསྐང་། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀུན་གྱི་གཏེར། །རྩ་གསུམ་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །བར་ཆད་ཀུན་སེལ་ལས་བཞི་འབད་མེད་སྒྲུབ། །སྒོ་སྐྱོང་གིང་ཆེན་སྟངས་དཔྱལ་ཐུགས་དམ་བསྐང་། །ངེས་པ་ལྔ་ལྡན་རིགས་ལྔའི་ལོངས་སྤྱོད་རྫོགས། །བདེ་གཤེགས་ཐོད་ཕྲེང་རིགས་ལྔའི་ཐུགས་དམ་བསྐང་། །དབྱིངས་ལྔའི་ཀློང་ནས་རང་ཤར་རྒྱལ་བའི་ཡུམ། །དབྱིངས་ཕྱུག་མཁའ་འགྲོ་སྡེ་ལྔའི་ཐུགས་དམ་བསྐང་། །དབྱིངས་རིག་སྟོང་གསལ་ཡེ་ཤེས་ལྔ་ཡི་བདག །རིགས་ལྔ་འཁོར་གྱི་ཚོམ་བུའི་ཐུགས་དམ་བསྐང་། །དང་པོའི་སངས་རྒྱས་ཀུན་བཟང་འོད་མི་འགྱུར། །ཀུན་གཟིགས་སྣང་བ་མཐའ་ཡས་ཐུགས་དམ་བསྐང་། །ཐུགས་རྗེའི་རོལ་པ་མི་སྡུག་སྲིན་པོའི་གར། །ཆེ་མཆོག་དབང་དྲག་པདྨའི་ཐུགས་དམ་བསྐང་། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས་པའི་དཔལ། །དྲག་པོ་ཐོད་ཕྲེང་རིགས་ལྔའི་ཐུགས་དམ་བསྐང་། །བདེ་སྟོང་ཡེ་ཤེས་བསྐྱེད་མཛད་མཁའ་སྤྱོད་ཡུམ། །རྣལ་འབྱོར་ཁྲོས་མ་ལྷ་ལྔའི་ཐུགས་དམ་བསྐང་། །ཐུགས་རྗེ་ཐབས་ཀྱིས་སྦྱོར་སྒྲོལ་མཛད་པའི་ཡུམ། །ཊཱཀྐི་ཕག་སེང་གདོང་ཅན་ཐུགས་དམ་བསྐང་། །ཡེ་ཤེས་གཅིག་ཉིད་དཔལ་ཆེན་གཙོ་དགུའི་གར། །བདུན་བརྒྱ་ཉེར་ལྔའི་ཚོགས་བཅས་ཐུགས་དམ་བསྐང་། །གང་ལ་གང་འདུལ་འགྲོ་དོན་སྐུར་སྤྲུལ་པ། །རཀྴ་ཐོད་ཕྲེང་འཁོར་བཅས་ཐུགས་དམ་བསྐང་། །མདོར་ན་རྔ་ཡབ་དཔལ་གྱི་རི་བོ་ལ། །བརྟེན་པའི་ལྷ་ཚོགས་མ་ལུས་ཐུགས་དམ་བསྐང་། །བསྐང་ངོ་འདོད་ཡོན་ལོངས་སྤྱོད་ཚོགས་ཀྱིས་བསྐང་། །སྣ་ཚོགས་སྣང་བ་ཡབ་ཀྱི་རང་བཞིན་བསྐང་། །མ་སྐྱེས་སྟོང་པ་ཡུམ་གྱི་ངོ་བོར་བསྐང་། །གཉིས་མེད་རོལ་བ་ཐུགས་རྗེ་ཆེན་པོར་བསྐང་། །བསྐང་དུ་མེད་དེ་གཉིས་མེད་ཆེན་པོར་བསྐང་། །སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར། །སྒྲོལ་དུ་མེད་དེ་མཉམ་ཉིད་ཆེན་པོར་སྒྲོལ། །ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་། ། ཧཱུྃཿ སྐུ་གསུམ་ཡོངས་འདུས་རྒྱལ་བ་འཁོར་བཅས་རྣམས། །ཐུགས་རྗེས་དགོངས་ལ་བདག་རྒྱུད་བྱིན་གྱིས་རློབས། །འཁོར་འདས་གཉིས་བསྡུས་འཁྲུལ་གྲོལ་ཆོས་སོ་ཅོག །ཡེ་ནས་རྣམ་དག་སྒྱུ་མའི་རང་བཞིན་ཡང་། །མ་རིག་དབང་གིས་སྣ་ཚོགས་སོ་སོར་བཟུང་། །གཉིས་མེད་མཉམ་པ་ཆེན་པོར་བཟོད་པར་གསོལ། །ཡེ་གཞི་ཀ་དག་སྟོང་ཞིང་བློ་འདས་ཀྱང་། །གཞི་སྣང་ལྷུན་གྲུབ་སྒོ་བརྒྱད་ཕྱིར་གསལ་བ། །རང་ངོ་མ་ཤེས་ཚོགས་དྲུག་རིམ་པ་བཞིན། །སྐྱོན་དུ་གྱུར་ནས་གཞི་ཐོག་འཁྲུལ་བ་བཤགས། །དེ་ཚེ་མ་རིག་རྣམ་གསུམ་རྒྱུ་རྐྱེན་ལས། །འཁོར་འདས་བར་ལག་གྱེས་ཤིང་བརྟན་གཡོ་གྲུབ། །གཟུང་འཛིན་སེམས་བྱུང་རྟོག་ཚོགས་རིམ་གྱིས་བརྟས། །ལས་སྒྲིབ་བག་ཆགས་འཐུག་པོར་སོང་བ་བཤགས། །ཐོག་མའི་དུས་ནས་རང་བྱས་ལས་འབྲས་ཀྱིས། །འགྲོ་རྒྱུད་ལྔར་འཁོར་སྲིད་པའི་ཁ་བརྒྱུད་ཀྱང་། །འཁྲུལ་འཛིན་སྒྱུ་མའི་རང་མཚང་མ་རིག་པས། །ཐར་མེད་ལས་ངན་ཡང་ཡང་བསགས་པ་བཤགས། །འཁོར་འདས་མིག་གི་འཛུམ་འབྱེད་ཙམ་ལགས་ཀྱང་། །མྱང་འདས་གོ་འཕང་དོན་དུ་གཉེར་ལྟ་ཅི། །མཐོ་རིས་ཐོབ་བྱེད་ཙམ་ཡང་མི་བརྩོན་པར། །བག་མེད་ལེ་ལོས་གཡེང་བ་མཐོལ་ལོ་བཤགས། །མེད་བཞིན་སྣང་བ་སྒྱུ་མའི་འདུ་བྱེད་ལྟར། །འཁོར་བ་བདེན་པར་མ་གྲུབ་ཤེས་ལགས་ཀྱང་། །བསམ་སྤྱོད་ལོག་པའི་རྣམ་འགྱུར་སྣ་ཚོགས་ཀྱིས། །རྟེན་བཟང་དལ་འབྱོར་ཆུད་ཟོས་བྱས་པ་བཤགས། །སོ་ཐར་སྒོར་ཞུགས་ཁྲིམས་དང་རྟགས་མི་འཛིན། །ཐེག་ཆེན་སེམས་བསྐྱེད་དངོས་བརྒྱུད་གཞན་ལ་གནོད། །གསང་ཆེན་དབང་མནོས་བླ་མ་སྨོད་ཅིང་སྤངས། །མནར་མེད་རང་གིས་བསྒྲུབ་པ་མཐོལ་ལོ་བཤགས། །ཐུབ་བསྟན་སྒོར་ཞུགས་དགེ་འདུན་མཆོག་མིང་འཛིན། །དོན་ལོག་སྒོ་གསུམ་དམན་ལས་དམན་པར་གོལ། །བསྐྱེད་རྫོགས་ཉམས་ལེན་བཟླས་བརྗོད་རྒྱབ་ཏུ་བོར། །གསོན་གཤིན་དཀོར་ལ་བག་མེད་སྤྱད་པ་བཤགས། །ལྟ་བ་མ་རྟོགས་ཕྱོགས་རིས་མུ་ཅོར་སྨྲ། །སྒོམ་པ་རོ་ཉལ་ལྐོག་འགྱུ་རྣམ་གཡེང་བསྒྲུབ། །སྤྱོད་པ་རང་སྐྱོན་མ་མཐོང་བླང་དོར་འཛོལ། །འབྲས་བུ་བརྣབ་སེམས་བཟང་བརྫུ་རེ་དོགས་བཤགས། །ཐོས་ཚད་རྒྱུད་ལ་མ་འབྱོངས་གོ་ཡུལ་ལུས། །གང་བསམ་ངེས་ཤེས་མ་རྙེད་སོམ་ཉི་ཅན། །བསྒོམ་ཀྱང་གནད་དུ་མ་ཁེལ་གཡེང་བས་བསླུས། །བསྒྲུབ་ཀྱང་ཡུན་ཐུང་གོལ་སར་ཤོར་བ་བཤགས། །བསྐྱེད་རིམ་མ་གསལ་འདིར་སྣང་ཞེན་པས་བསྒྲིབ། །བཟླས་བརྗོད་མ་དག་ཆགས་སྡང་ལོང་གཏམ་ཤོར། །ཏིང་འཛིན་བྱིང་རྒོད་འཁྲུལ་རྟོག་གཡེང་བས་བསྒྲིབ། །སྦྱོར་དངོས་རྗེས་ཉམས་གཡེལ་ཞུད་ཆད་པ་བཤགས། །མདོར་ན་རིམ་དགུའི་ཐེག་པར་གང་གསུངས་པའི། །བསྲུང་སྡོམ་བསླབ་བྱ་དམ་ཚིག་མ་ལུས་པ། །འགལ་ཉམས་འདས་རལ་ཉེས་ལྟུང་སྒྲིབ་ཚོགས་ཀུན། །སྐུ་གསུམ་ཡོངས་རྫོགས་འདུས་པའི་ལྷ་ལ་བཤགས། །ཆོས་ཀུན་མི་དམིགས་མཁའ་ལྟར་དག་པ་ལ། །བཤགས་བྱ་བཤགས་བྱེད་བཤགས་ཡུལ་མ་མཆིས་ཀྱང་། །རྟེན་འབྱུང་སྒྱུ་མའི་སྣང་ཆར་ནོངས་བགྱིས་ཀུན། །སྙིང་ནས་བཤགས་སོ་དག་ཚངས་དངོས་གྲུབ་སྩོལ། །ཞེས་བརྗོད་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་བཟླ། །དེ་ལྟར་ཡང་ཡང་བརྩོན་པའི་གནད་ལྡན་ན། །མཁའ་ལ་སྤྲིན་བཞིན་ཉེས་ཚོགས་དབྱིངས་སུ་དེངས། །སྐུ་གསུམ་ཡོངས་འདུས་རྒྱལ་བའི་གོ་འཕང་འཐོབ། །དེ་ཕྱིར་ཕྱི་རབས་ལས་ལྡན་འགའ་བྱུང་ན། །གདམས་ཟབ་སྙིང་པོ་འདི་ལ་བརྩོན་པར་གྱིས། །ས་མ་ཡཱཿ གུ་ཧྱཿ ཞེས་པའང་གར་དབང་འཇིགས་མེད་རྣམ་རྒྱལ་གྱིས་སོ། །སརྦ་མངྒ་ལཾ།

ཚེ་དབང་འཁོར་འདས་བཅུད་དྲིལ་མཚམས་སྦྱོར་དང་བཅས་པ།

དམ་ཆོས་སྐུ་གསུམ་དགོངས་མཛོད་ཀྱི་ཚེ་དབང་འཁོར་འདས་བཅུད་དྲིལ་མཚམས་སྦྱོར་དང་བཅས་པ་བཞུགསཿ

སྐུ་གསུམ་ཚེ་ཡི་ལྷ་ལ་འདུད། །ཡང་དག་དོན་སྒྲུབ་རྣལ་འབྱོར་པས། །ཚེ་ཡི་བར་ཆད་སེལ་བའི་ཕྱིར། །ཚེ་དབང་འཁོར་འདས་བཅུད་དྲིལ་བསྟན། །བཀྲ་ཤིས་དགེ་བའི་གནས་གཙང་བྱ། །དཀྱིལ་འཁོར་མདའ་གང་མཛེས་པ་ལ། །ཚེ་བུམ་དབུས་བཀོད་ཚེ་རིལ་གཡས། །ཚེ་མདའ་རྒྱབ་ལ་ཚེ་ཆང་གཡོན། །ཚེ་གཏོར་མདུན་བཞག་ཚོགས་མཆོད་བཀྲམ། །གཞན་ཡང་བྱིན་རླབས་མཐའ་རྟེན་རྫས། །ལས་བུམ་ལ་སོགས་ཡོ་བྱད་བསགས། །སྐུ་གསུམ་ཡོངས་འདུས་ལས་རིམ་བཞིན། །ཚེ་བསྒྲུབ་དམིགས་བཟླས་གནད་སྨིན་བྱ། །དེ་ནས་བུམ་པ་བསྒྲུབ་པ་ནི།། ཧཱུྃ་ཧྲཱིཿ བུམ་པ་མཚན་ཉིད་ཀུན་རྫོགས་ནང་། །པདྨ་འོད་ཀྱི་གཞལ་ཡས་ཁང་། །དཔལ་ཡོན་ཕུན་སུམ་ཚོགས་པའི་དབུས། །སྣ་ཚོགས་མཛེས་པའི་གདན་ཁྲི་ལ། །སྐུ་གསུམ་ཡོངས་འདུས་བཅོམ་ལྡན་འདས། །ཚེ་མཐའ་ཡས་པ་པདྨ་འབྱུང་། །སྐུ་གསུམ་བདེ་གཤེགས་ཞི་ཁྲོའི་ཚོགས། །མ་ལུས་གཙོ་འཁོར་སྤྲུལ་པར་བཅས། །སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས། །མ་འདྲེས་ཡོངས་རྫོགས་གསལ་བར་བསྒོམ། །ཀུན་གྱི་གནས་གསུམ་འབྲུ་གསུམ་མཚན། །ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས། །རང་བྱུང་སྐུ་གསུམ་དག་པའི་ཞིང་། །མཁའ་ཁྱབ་དཔལ་གྱི་རི་བོ་ནས། །སྐུ་གསུམ་ཡེ་ཤེས་ལྷ་ཚོགས་རྣམས། །སྤྱན་དྲངས་བུམ་པའི་ལྷ་ལ་ཐིམ། །བདག་གི་ཐུགས་སྲོག་སྔགས་ཕྲེང་ལས། །འོད་འཕྲོས་བུམ་ལྷའི་ཐུགས་རྒྱུད་བསྐུལ། །སྐུ་ལས་འཆི་མེད་བདུད་རྩིའི་རྒྱུན། །བབས་པས་བུམ་པ་ཡོངས་གང་བསམ། །ཚེ་བསྙེན་བརྒྱའམ་སྟོང་སོགས་བཟླ། །ཚེ་རྫས་གཞན་རྣམས་བསྒྲུབ་པ་ནི། །ཧཱུྃ་ཧྲཱིཿ སྐུ་གསུམ་ཚེ་ཡི་ལྷ་ཚོགས་ཀྱི། །ཐུགས་སྲོག་སྔགས་ལས་འོད་ཟེར་འཕྲོས། །འཁོར་འདས་ཀུན་གྱི་ཚེ་ཡི་བཅུད། །བྱིན་རླབས་དབང་དང་དངོས་གྲུབ་རྣམས། །དཀར་དམར་འོད་ཀྱི་རྣམ་པར་བསྡུས། །ཚེ་ཡི་རྫས་རྣམས་སོ་སོར་བསྟིམ། །འཆི་མེད་ཡེ་ཤེས་བདུད་རྩི་དང་། །ཚེ་མཆོག་འགྲུབ་པའི་རྫས་སུ་གྱུར། །ཞེས་བསམ་ཚེ་ཡི་སྙིང་པོ་བཟླ། །སྐབས་སུ་ཚེ་བསྐུལ་རྒྱས་གདབ་བྱ། །ལས་ཀྱི་བུམ་པ་བསྒྲུབ་པ་ནི།། ཧཱུྃ་ཧྲཱིཿ ལས་བུམ་མཚན་ཉིད་རྒྱན་རྫོགས་དབུས། །པད་ཉིའི་གདན་ལ་ཧྲཱིཿདམར་པོ། །འཕྲོ་འདུས་ཡོངས་སུ་གྱུར་པ་ལས། །དབང་ཆེན་རྟ་མགྲིན་སྐུ་མདོག་དམར། །གར་དགུའི་ཉམས་ལྡན་ཁྲོ་ཆས་རྫོགས། །རལ་གྲི་གཡས་ལ་སྦྲུལ་ཞགས་གཡོན། །ཡེ་ཤེས་མེ་ཀློང་བརྐྱང་བསྐུམ་བཞུགས། །དམ་ཡེ་གཉིས་སུ་མེད་པར་གསལ། །ཐུགས་སྲོག་ཧྲཱིཿཡི་འོད་ཟེར་གྱིས། །ཁྲོ་བོ་ཀུན་གྱི་བྱིན་རླབས་བསྡུས། །དྲེགས་ཚོགས་དབང་བྱས་བྲན་དུ་བཀོལ། །གནོད་བྱེད་མ་ལུས་མཐར་བྱས་ཏེ། །སྐུ་ལས་དག་བྱེད་བདུད་རྩིའི་རྒྱུན། །བབས་པས་བུམ་པ་གང་བར་གྱུར། །ཞེས་བསམ་སྔགས་འདི་བརྒྱ་རྩ་བཟླས།། ཧྲཱིཿཔདྨ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊཿ བཛྲ་ཨརྒྷཾ༴སོགས་དང་། ཆགས་མེད་སྐྱོན་བྲལ༴སོགས། བསྟོད། མཆོད་བསྟོད་བྱ་ཞིང་དུང་ཞལ་འབུལ། །ལྷ་ཉིད་འོད་ཞུ་དག་བྱེད་ཆུ། །ནུས་པ་ཀུན་དང་ལྡན་པར་གྱུར། །ཞེས་བསམ་ཡིག་བརྒྱས་བརྟན་པར་བྱ། །སླར་ཡང་ཚེ་ཡི་དབང་བསྐུར་ཕྱིར། །ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ། །དེ་ལ་ཁྲུས་ནི། ཇི་ལྟར་བལྟམས་པ༴སོགས་ནས། ཁྲུས་བགྱིའོ།། ཡི་གེ་བརྒྱ་པའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡཱ་ཤྲི་ཡེ་ཧཱུཾ། ཞེས་བརྗོད་ལས་བུམ་གྱིས་ཁྲུས་བྱ། །དེ་ནས་བགེགས་གཏོར་ཧྱ་གྷྲྀ་ཝའི་སྔགས་ཀྱིས་བསངས། སྭཱ་བྷ་ཝས་སྦྱངས་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཨོཾ་ལས་བྱུང་བའི་བགེགས་ཀྱི་གཏོར་མ་ཁ་ཏོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདོད་ཡོན་ལོངས་སྤྱོད་ཀྱི་སྤྲིན་བསམ་གྱིས་མི་ཁྱབ་པ་འཕྲོ་བར་གྱུར་བར་བསམ་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང་། ཁྱད་པར་དུ་སྐུ་གསུམ་ཡོངས་འདུས་ཨོ་རྒྱན་ཚེ་མཐའ་ཡས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། གནོད་བྱེད་ལོག་འདྲེན་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་འདོད་ཡོན་གླུད་གཏོར་ལེན་པའི་ཕྱིར་དུ་འདིར་མཆིས་པར་གྱུར་ཅིག ཨོཾ་སརྦ་བྷུ་ཏ་ཨ་ཀརྴ་ཡ་ཛ་ཛཿ ལན་གསུམ་གྱིས་བགེགས་བཀུག་ལ། ཨོཾ་སརྦ་བྷིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ༴སོགས། ཁཾ་གྲྀ་ཧྞ་དཾ་བ་ལིངྟ་ཡེ་སྭཱཧཱ། ལན་གསུམ་གྱིས་བསྔོས་ནས། ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་འདུས༴སོགས་ནས། གདོན་མི་ཟ། ན་མོ་དཀོན་མཆོག་གསུམ་ལ༴སོགས་ནས། མཐུས། དེང་འདིར་བསྲུང་བྱ་རྣམས་ཀྱི་ལུས་སྲོག་ཚེ་ལ་གནོད་ཅིང་། སྐུ་གསུམ་ཡོངས་འདུས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་དུ་འཆི་མེད་ཚེ་ཡི་དབང་མཆོག་ཟབ་མོ་བསྐུར་བ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཚོགས་ལོག་པར་འདྲེན་པ་ཐམས་ཅད་གླུད་གཏོར་འདིས་ཚིམ་པར་གྱིས་ལ་སོ་སོ་རང་རང་གི་གནས་སུ་བདེ་བར་དེངས་ཤིག གལ་ཏེ་མི་འགྲོ་ན་ཁྲོ་མཚོན་མེ་དཔུང་འབར་བའི་དབལ་ཟེར་གྱིས་རྡུལ་ཕྲན་བཞིན་དུ་བརླག་པར་གདོན་མི་ཟའོ།། དྲག་སྔགས་བརྗོད་ཅིང་ཐུན་གྱིས་བྲབ་བོ།། བསྲུང་འཁོར་ནི། ཧཱུྃ་ཧྲཱིཿ ང་ནི༴སོགས། རཀྵ་ཧཱུྃ། ཞེས་བརྗོད་པས་བགེགས་ཚོགས་ཐམས་ཅད་བསྐྲད་ཅིང་ཚར་བཅད་ནས། བསྲུང་བའི་གུར་ཁང་ཆེན་པོའི་ནང་དུ་ཁྱེད་རང་རྣམས་ཚུད་ནས་བསྐལ་པའི་བར་དུ་ཡང་རྐྱེན་གང་གིས་ཀྱང་མི་ཚུགས་པར་གྱུར་བར་མོས། དེ་ནས་མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐུ་གསུམ་བདེ་གཤེགས་ཡོངས་འདུས་ཨོ་རྒྱན་ཚེ་མཁའ་ཡས་པའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཚེ་ཡི་དབང་བསྐུར་ཟབ་མོ་ཞུ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་བཅས་པས་ཉན་འཚལ། གང་གསན་བྱའི་ཆོས་དེ་ཡང་སྒྲོན་མེའི་བསྐལ་པ་བཟང་པོ་འདི་ཉིད་ལ་མི་མཇེད་ཚེ་ལོ་བརྒྱ་པའི་དུས་སུ་འགྲོ་བའི་འདྲེན་མཆོག་བཞི་པ་ཀུན་མཁྱེན་ཤཱཀྱའི་དབང་པོ་དོན་ཐམས་ཅད་གྲུབ་པ་དེ་ཉིད་ལྷོ་རྒྱལ་འཛམ་བུའི་གླིང་གི་ཡུལ་དབུས་རྒྱ་གར་རྡོ་རྗེ་གདན་དུ་མངོན་པར་སངས་རྒྱས་ཏེ། རིགས་ཅན་གསུམ་གྱི་གདུལ་བྱ་སོ་སོའི་ཁམས་དང་། བསམ་པའི་བྱེ་བྲག་ཇི་བཞིན་དྲང་ངེས་ཀྱི་ཆོས་སྒོ་དཔག་ཏུ་མེད་པ་ཞིག་བསྟན་པ་རྣམས་ཀྱང་། མདོར་བསྡུས་ན་གསུང་རབ་ཡན་ལག་བཅུ་གཉིས་སུ་འདུས། དེ་ཡང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུས་པ་ལས། འདི་ནི་ཐེག་པ་ཆེན་པོ་ཡིན་ཞིང་། དེ་ལ་རྒྱུ་མཚན་ཉིད་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་གཉིས་སུ་ཡོད་པ་ལས། འདི་ཉིད་ཟབ་པ་ལས་ཀྱང་ཆེས་ཟབ་པ་འབྲས་བུའི་ཐེག་པ་ཡིན། དེ་ལ་ཡང་བོད་འདིར་དར་ཚུལ་གྱིས་གསར་རྙིང་གཉིས་སུ་ཡོད་པ་ལས། འདི་ཉིད་སྔགས་གསར་མ་ལས་ཆེ་བ་དྲུག་གིས་འཕགས་པ་གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་ཀྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ལའང་ཞལ་ནས་གསུངས་པའི་བཀའ་མ། རྗེས་སུ་གནང་བའི་གཏེར་མ། བྱིན་གྱིས་བརླབས་པའི་དག་སྣང་མ་སྟེ་སྐོར་ཚོ་གསུམ་ལས། འདི་ཉིད་དག་སྣང་གི་སྡེར་གཏོགས་ལ། དག་སྣང་ལ་ཡང་བརྒྱུད་པའི་བཀའ་སྲོལ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་། འདིར་རིག་འཛིན་གསང་སྔགས་གླིང་པའི་གཏེར་བྱོན་རྒྱལ་ཁམས་སྤྱི་ལུང་ལས། རྒྱལ་བ་བྱང་ཆུབ་སྤྲུལ་པ་ལྕགས་མོའི་ཕྱོགས༔ དྷརྨཱའི་མིང་ཅན་སྔགས་ལ་མོས་པ་འབྱུང་༔ ཞེས་དང་། དེ་དང་མཐུན་པར་འགྲོ་མགོན་ལུང་རིག་གླིང་པའི་ཐུགས་གཏེར་ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལས། ཡན་ལག་གི་ཆོས་བདག་རྣམས་ཀྱིནང་ཚན་དུ། དེ་བཞིན་རྒྱལ་བ་བྱང་ཆུབ་དྷརྨཱ་ཤར༔ ཞེས་སོགས་ཀྱིས་གྲུབ་བརྙེས་རྗེ་འབངས་ཉེར་ལྔའི་ནང་ཚན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྒྱལ་བ་བྱང་ཆུབ་ཀྱི་སྤྲུལ་པའི་ཆ་ཤས་སུ་རྡོ་རྗེའི་ལུང་གིས་བསྔགས་པའི་ཟབ་གསང་སྔགས་ཀྱི་རྣལ་འབྱོར་ཞིག་པོ་ཡན་པ་བློ་བདེ་ཆོས་དབྱིངས་ཀུན་གསལ་རྒྱ་མཚོའམ། མིང་གཞན་གར་དབང་འཇིགས་མེད་རྣམ་རྒྱལ་ལ་སྔ་ཕྱིར་དག་སྣང་བན་བུན་ཤར་བ་རྣམས་རྩལ་དུ་བཏོན། ཁྱད་པར་ཉིང་འཁྲུལ་གསལ་བའི་ཆ་ལ་མཁའ་སྤྱོད་དཔལ་རི་སྤྲུལ་པའི་ཕོ་བྲང་དུ་ཕྱིན་ནས། གུ་རུ་རིན་པོ་ཆེ་པཎྚི་ཏའི་ཆ་ལུགས་ཅན་གྱིས་དབང་བསྐུར་བྱིན་གྱིས་བརླབས། ཆོས་ཀྱི་བདག་པོར་མངའ་གསོལ་བ་ཉིད་གཞིར་བྱས་ཏེ་ལེགས་པར་བཀྲལ་བའི་དག་སྣང་གི་ཆོས་སྐོར་འདི་རྣམས་ལ་སྐུ་གསུམ་སྟོན་འཁོར་ཡོངས་ཀྱི་ཐུགས་རྒྱུད་དགོངས་པའི་བྱིན་རླབས་རྫོགས་ཤིང་བརྒྱུད་ཐག་ཉེ་བ་ཡིན། སྒོས་སུ་འཆི་མེད་ཚེ་ཡི་དབང་མཆོག་ཟབ་མོ་འདི་ཉིད་ཐོབ་པའི་ཕན་ཡོན་ནི། རང་གཞུང་ལས། ཡང་དག་དབང་ལྡན་སློབ་དཔོན་གྱིས། །དམ་ཚིག་སེལ་མ་ཞུགས་པ་ལ། །ཚེ་ཡི་དབང་མཆོག་འདི་བྱིན་པས། །དུས་མིན་འཆི་བ་བཟློག་པར་འགྱུར། །ནང་རྒྱས་བྱད་མ་རྦོད་གཏོང་སེལ། །སྔགས་བཟློག་དྲེགས་པའི་ཟ་ཁ་ལྡོག །ནད་མཚོན་དུག་སོགས་མི་མཐུན་ཕྱོགས། །ཐམས་ཅད་འདི་ཡིས་སེལ་བར་ནུས། །གནད་གསང་ཐབས་ལ་བརྩོན་གྱུར་ན། །འཆི་བདག་བདུད་ཀྱང་བྱམས་ཤིང་གདུང་། །དུས་ལ་བབས་ཀྱང་རིང་དུ་བཤོལ། །འཆི་མེད་དངོས་གྲུབ་དེ་དྲུང་གནས། ཞེས་གསུངས་པ་ལྟར་བྱིན་རླབས་མྱུར་ཞིང་ནུས་མཐུ་ཆེ་བའི་སྨིན་བྱེད་ཚེ་ཡི་དབང་བསྐུར་ཟབ་མོ་འདི་ཉིད་ཞུ་བ་ལ། །བདག་རྡོ་རྗེ་སློབ་དཔོན་གྱི་བྱ་བ་རྣམས་ལེགས་པར་གྲུབ་ཟིན། ད་ཁྱེད་རང་སློབ་མ་རྣམས་ཀྱིས་ཀྱང་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་སྐུ་གསུམ་ཡོངས་འདུས་གུ་རུ་རིན་པོ་ཆེ་དབྱེར་མ་མཆིས་པའི་དྲུང་དུ་མཎྚལ་ཕུལ། ཞེས་མཎྚལ་ཕུལ་ལ་འདི་ལྟར་གསོལ། དེ་ལྟར་མཎྚལ་ཕུལ་ནས་གསོལ་བ་འདེབས་པ་འདི་བཞིན་རྗེས་ཟློས་གྱིས། བྱས་ལ། ཨེ་མ་ཧོ། སྐྱེ་འགགས་འགྱུར་མེད་བཅོམ་ལྡན་འདས། །སྐུ་གསུམ་ཡོངས་འདུས་པདྨ་འབྱུང་། །ཐུགས་རྗེ་ཆེན་པོས་ཉེར་དགོངས་ལ། །འཆི་མེད་ཚེ་ཡི་དབང་བསྐུར་སྩོལ། །གསུམ་བརྗོད་བླ་མས་ལན་དྲི་བ། ཞེས་གསོལ་བ་བཏབ་པའི་ལན་དུ་བདག་གིས་དྲི་བ་བྱ་བ་འདི་ལ་ལེགས་པར་དགོངས་འཚལ། ཀྱེ་ཧོ་ལས་ལྡན་རིགས་ཀྱི་བུ། །ལས་དང་བྱ་བ་གང་གི་ཕྱིར། །བསམ་པའི་ཁྱད་པར་ཇི་ལྟ་བུས། །ཚེ་ཡི་དབང་མཆོག་འདོད་པ་སྨྲོས།། ཞེས་བརྗོད་སློབ་མས་འདི་ལྟར་ཞུ།། ཀྱེ་ཧུད་ལྔ་བདོའི་མར་གཤམ་འདིར། །མི་ཚེ་ཡུན་ཐུང་འཆི་རྐྱེན་མང་། །གཏན་བདེ་སྒྲུབ་པའི་ལོངས་མ་མཆིས། །དེ་ཕྱིར་ཚེ་ལ་དབང་བྱས་ཏེ། །མ་ནོར་ཡང་དག་ལམ་ཞུགས་ནས། །རང་གཞན་དོན་སྒྲུབ་འདོད་པ་ལགས།། སླར་ཡང་བླ་མས་ལན་བསྩལ་བ།། ཞེས་ཞུས་པའི་ལན་བྱིན་པ་འདི་ལ་ཉན་པས་ཁྱབ་པར་གདའ། ཀྱེ་ཧོ་ལས་ལྡན་སྙིང་གི་བུ། །ཁྱོད་འདོད་པ་ནི་རབ་ཏུ་ལེགས། །རང་དོན་ཡིད་བྱེད་བྱིས་པའི་བློ། །མི་ཚེ་རིང་ཡང་དགོས་གལ་དབེན། །གཞན་ཕན་དོན་གཉེར་ལྷག་བསམ་ཅན། །ཚེ་གེགས་དབང་འགྲོ་ངེས་པར་ཕངས། །དེ་ཕྱིར་འཆི་བའི་འཇིགས་འཕྲོག་པའི། །ཚེ་ཡི་དབང་བསྐུར་སྦྱིན་པར་བྱ།། ཞེས་བརྗོད་སྐྱབས་སེམས་ཚོགས་བསགས་ཀྱིས། །རང་རྒྱུད་ཡོངས་སུ་དག་བྱས་ལ། །ཞེས་པས། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་སྐུ་གསུམ་བདེ་གཤེགས་ཡོངས་འདུས་མ་ཧཱ་གུ་རུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་སྐྱབས་གནས་མ་ལུས་པས་བསྐོར་ནས་བཞུགས་པའི་སྤྱན་སྔར་དུས་འདི་ནས་བཟུང་སྟེ་ཇི་སྲིད་སྐུ་གསུམ་ཡོངས་འདུས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མཆོག་གི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། བྱས་ལ། སྐྱབས་འགྲོ་ནི། ན་མོ་བདག་སོགས༴སོགས། ལན་གསུམ། ཕྱོགས་བཅུ་ནམ་མཁའི་མཐས་གཏུག་པའི་སེམས་ཅན་ཐམས་ཅད་ལ་ཚེ་རབས་ཐོག་མ་མེད་པ་ནས་ཕ་མར་མ་གྱུར་བ་གཅིག་ཀྱང་མེད་ལ་དེ་རྣམས་ཐམས་ཅད་བདེ་བ་འདོད་པར་མཉམ་ཞིང་སྡུག་བསྔལ་མི་འདོད་པར་མཉམ་ཀྱང་། ཞེ་འདོད་དང་ལག་ལེན་འཛོལ་བས་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་ཏུ་སྤྱོད་པ་འདི་རྣམས་སྙིང་རེ་རྗེ། བདག་གིས་དེ་རྣམས་སངས་རྒྱས་ཐོབ་པའི་དོན་ཁོ་ནར་དམིགས་ཏེ་འཆི་མེད་ཚེ་ཡི་དབང་ཞུས་ཤིང་། ཐབས་ཀྱི་ལམ་མཆོག་ཟབ་མོ་སྐུ་གསུམ་དགོངས་པའི་གསང་མཛོད་ཀྱི་གནད་གསང་ལ་བརྟེན་ནས་ཚེ་ཡི་རིག་འཛིན་དངོས་སུ་གྲུབ་པར་བྱས་ཏེ། སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པར་སྐུ་གསུམ་ཡོངས་འདུས་གདོད་མའི་མགོན་པོའི་གོ་འཕང་ལ་འགོད་པར་བགྱིའོ་སྙམས་པས་འདིའི་རྗེས་ཟློས་གྱིས། སེམས་བསྐྱེད། ཀྱེ་མ་བཟོད་དཀའ༴སོགས། ལན་གསུམ། སླར་ཡང་ཚོགས་ཀྱི་ཞིང་མཆོག་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་སྒོ་གསུམ་གུས་པས་ཕྱག་འཚལ་བ། ཕྱི་ནང་གསང་བའི་མཆོད་པ་འབུལ་བ། དུས་གསུམ་གྱི་ཉེས་ལྟུང་བཤགས་པ། དགེ་ཚོགས་ལ་རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ། དགེ་བ་རྫོགས་བྱང་དུ་བསྔོ་བ་རྣམས་ཚིག་ཕྱིར་སེམས་གཞོལ་བས་འདི་བཞིན་རྗེས་ཟློས་མཛོད། ཡན་ལག་བདུན་པ། ཧཱུྃ་ཧྲིཿ སྐུ་གསུམ༴སོགས། ལན་གསུམ། དེ་ལྟར་རྒྱུད་དག་པར་བྱས་ནས་བྱིན་རླབས་ཐམས་ཅད་ཀྱི་གཞི་རྟེན་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་ལྟར་མཛད་པར་ཞུ། ཨོཾ་སྭཱ་བྷ་ཝས་སྦྱངས། གཟུང་འཛིན་འཁྲུལ་བའི་སྣང་སེམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་དབྱིངས་སྣང་ཡེ་ཤེས་སྒྱུ་འཕྲུལ་ཀྱི་རྣམ་རོལ་དག་པ་རབ་འབྱམས་མཁའ་ཁྱབ་དཔལ་གྱི་རི་བོ་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཕོ་བྲང་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་ཁོངས་སུ་སྣ་ཚོགས་པདྨ་ཉི་ཟླའི་གདན་ལ་ཁྱེད་རང་རྣམས་སོ་སོ་ནས་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས། སྐུ་གསུམ་ཡོངས་འདུས་པདྨ་འབྱུང་གནས་སུ་གསལ་བའི་སྐུའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་མཚན་པར་གྱུར་པའི་ཐུགས་སྲོག་ཧཱུྃ་ལས་འཕྲོས་པའི་འོད་ཟེར་གྱིས་ཞིང་མཆོག་བདེ་བ་ཅན་དང་། རྔ་ཡབ་དཔལ་གྱི་རི་བོ་ལ་སོགས་པ་རབ་འབྱམས་དག་པའི་ཞིང་ཁམས་རྒྱ་མཚོ་དཔག་ཏུ་མེད་པ་ན་བཞུགས་པའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་སྐུ་གསུམ་ཀུན་འདུས་མ་ཧཱ་གུ་རུའི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་པའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་ཚོགས་བསམ་གྱིས་མི་ཁྱབ་པའི་རྣམ་པར་སྤྱན་དྲངས་ཏེ་རྒྱ་མཚོ་ལ་ཁ་ཆར་བབས་པ་བཞིན་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པའི་མོས་པ་གྱིས་ཤིག །ཧཱུྃ་ཨ་ལ་ལ་ཧོ༴སོགས་ནས། མཆིས་པར་མཛོད། །ཅེས་ལན་གསུམ་སོགས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སརྦ་ཤནྟིཾ་ཀྲོ་ཏ་ཏྲི་ཀཱ་ཡ་དེ་བཱ་མཎྚ་ལ་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཛ་ཛཿ ཨ་ཝེ་ཤ་ཡ་ཕེཾ་ཕེཾཿ སྤོས་དུད་རོལ་མོ་དབྱངས་དང་བཅས། །སྤྱན་འདྲེན་སྔགས་བརྗོད་བརྟན་པར་བྱ།། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་རྣམས་ཇི་སྲིད་བྱང་ཆུབ་མཆོག་གི་གོ་འཕང་ཐོབ་པ་དེ་སྲིད་དུ་མི་ཉམས་ཤིང་བརྟན་པར་གྱུར་ཅིག ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ལན་གསུམ་བརྗོད་ཅིང་མེ་ཏོག་འཐོར། དེ་ནས་ཚེ་འགུག་ཅིང་རྒྱས་གདབ་པར་བྱ་བའི་ཕྱིར་སེམས་གཞན་དུ་མ་ཡེངས་པར་དམིགས་པ་བརྟན་པོ་འདི་བཞིན་དུ་མཛད་འཚལ།། བདག་མདུན་བུམ་པའི་ལྷ་ཚོགས་ཀྱི། །སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །འཁོར་འདས་ཀུན་གྱི་ཚེ་བཅུད་བསྡུས། །འཆི་མེད་རྡོ་རྗེའི་སྲོག་ཐོབ་དམིགས། །དེ་ནས་ཚེ་འགུགས་དངོས་ནི། ཧཱུྃ་ཧྲཱིཿ རང་སྣང་དག་པ་རྔ་ཡབ༴སོགས་ནས། རཀྵ་རཀྵ་བྷྲཱུཾ། ཞེས་ཚེ་བསྐུལ་བླ་འགུག་རྒྱས་གདབ་བྱ། །དེ་རྗེས་ཚེ་ཡི་དབང་བསྐུར་དངོས། །བཅུད་ལྡན་བུམ་པ་སྐུ་ཡི་དབང་། །བདེ་སྐྱོང་བདུད་རྩི་གསུང་གི་དབང་། །མྱོང་གྲོལ་རིལ་བུ་ཐུགས་ཀྱི་དབང་། །ཐམས་ཅད་རྫོགས་པ་གཏོར་མའི་དབང་། །མཐའ་རྟེན་བྱིན་རླབས་བཀའ་ཡི་དབང་། །རིམ་པར་བླང་ལ་བསྐུར་བར་བྱ། ཞེས་པའི་བུམ་དབང་ནི། བུམ་པ་འདི་ཉིད་ཕྱི་རིན་པོ་ཆེ་བུམ་པའི་དབྱིབས་ལ་ནང་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་རྒྱ་ཁྱོན་ཚད་དང་མཚན་ཉིད་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་སྐུ་གསུམ་ཡོངས་འདུས་མ་ཧཱ་གུ་རུའི་ལྷ་ཚོགས་རྣམས་མཁའ་ལ་གཟའ་སྐར་བཀྲ་བ་ལྟར་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་བས་ཁྱེད་རང་རྣམས་ཀྱི་ལུས་ཀུན་ཡོངས་སུ་གང་ཞིང་ལུས་ལ་འཕོ་འགྱུར་མེད་པ་བུམ་པ་སྐུའི་དབང་ཐོབ་བྱུང་སྙམ་དུ་མོས་ཤིག་བྱས་ལ་བུམ་པ་ཐོགས་ཏེ། ཧཱུྃ་ཧྲཱིཿ ཀུན་ཟླུམ་རིན་ཆེན་བུམ་པའི་བཅུད། །སྐུ་གསུམ་ཡོངས་འདུས་ལྷ་ཚོགས་ཀྱིས། །བྱིན་རླབས་ཡེ་ཤེས་བདུད་རྩིའི་ཆུས། རིགས་ཀྱི་བུ་ལ་དབང་བསྐུར་བས། །སྐྱེ་འཆི་བྲལ་བའི་ཚེ་ལ་དབང་། །བགྲེས་རྒུད་མེད་པའི་ལུས་ཐོབ་ཅིང་། །སྐུ་ཡི་དབང་དང་དངོས་གྲུབ་རྣམས། །དུས་འདིར་ཡོངས་རྫོགས་ཐོབ་བྱིན་རློབས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨ་ཡུ་ཥེ་བྷྲུཾ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་ཚེ་བསྙེན་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་བུམ་ཆུ་བླུད། ཚེ་དབང་དུ་གྱུར་ཅིག སོགས་དང་། མ་བཅོས་སྤྲོས་བྲལ་བླ་མ༴སོགས་ནས། རྡོ་རྗེ་འཆང་གི་བཀྲ་ཤིས་ཤོག དེས་བུམ་པ་སྐུ་ཡི་དབང་ཐོབ། དུས་མིན་འཆི་བ་ལས་གྲོལ། ལུས་ཀྱི་སྡིག་སྒྲིབ་དག ལུས་ལྷ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ།། བདུད་རྩིའི་དབང་ནི་ཚེ་ཆང་ཐོགས་ཏེ། ཐོད་ཆང་འདི་ཉིད་སྐུ་གསུམ་ཡོངས་འདུས་འཆི་མེད་མགོན་པོ་སྟངས་དཔྱལ་གཉིས་སུ་མེད་པར་སྦྱོར་བའི་ཀུནྡ་བྱང་ཆུབ་ཀྱི་སེམས་མཚན་ལྡན་བདེ་སྐྱོང་གི་སྣོད་དུ་བསྐྱིལ་བ་ཁྱོད་རང་གི་མགྲིན་པར་བསྟིམ་པས་ངག་ལ་འགགས་པ་མེད་པ་རྡོ་རྗེའི་གསུང་གི་དབང་ཐོབ་བྱུང་སྙམ་དུ་མོས་མཛོད། ཧཱུྃ་ཧྲཱིཿ སྐུ་གསུམ་བདེ་གཤེགས་བྱིན་རླབས་ལས། །ལེགས་འོང་འཆི་མེད་ཨ་མྲྀ་ཏ། །མཚན་ལྡན་བདེ་སྐྱོང་སྣོད་དུ་བསྐྱིལ། །རིགས་ཀྱི་བུ་ལ་དབང་བསྐུར་བས། །ངག་སྒྲིབ་ཉེས་སྐྱོན་ཀུན་བྱང་ཞིང་། །བཟླས་བརྗོད་སྔགས་ཀྱི་ནུས་སྟོབས་འཕེལ། །གསུང་གི་བྱིན་རླབས་དབང་དངོས་གྲུབ། །མ་ལུས་དེང་འདིར་སྩལ་དུ་གསོལ། ཚེ་བསྙེན་དང་། ཝཀྐ་ཨ་བྷི་ཥིཉྩ་ཨཱཿ ཞེས་བླུད། ཚེ་དབང་དུ༴སོགས་དང་། ཐུགས་རྗེ་ཆེན་པོས་འགྲོ་དྲུག་ཀུན༴སོགས་ནས། སྤྱན་རས་གཟིགས་ཀྱི་བཀྲ་ཤིས་ཤོག དེས་གསུང་གི་དབང་ཐོབ། རྦོད་གཏོང་བྱད་ཁ་ལས་གྲོལ། ངག་གི་སྡིག་སྒྲིབ་དག སྔགས་བཟླ་བ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ།། རིལ་བུའི་དབང་ནི། ཚེ་རིལ་ཐོགས་ལ། རིལ་བུ་འདི་ཉིད་སྐུ་གསུམ་ཡོངས་ཀྱི་བྱིན་རླབས་འཁོར་འདས་ཀུན་གྱི་ཚེ་བཅུད་མ་ལུས་པ་དམ་རྫས་མྱོང་གྲོལ་རིལ་བུའི་རྣམ་པར་བསྡུས་ཤིང་དྲིལ་ནས་ཁྱེད་རང་རྣམས་ཀྱི་སྙིང་ཀར་བསྟིམ་པས་འཁྲུལ་བ་མེད་པ་ཐུགས་ཀྱི་དབང་དང་དངོས་གྲུབ་མ་ལུས་ཐོབ་བྱུང་སྙམ་དུ་མོས་མཛོད། ཧཱུྃ་ཧྲཱིཿ སྐུ་གསུམ་བདེར་གཤེགས་དགོངས་ཀློང་ནས། །རང་བྱུང་འཁོར་འདས་དྭངས་མའི་བཅུད། །མྱོང་གྲོལ་འཆི་མེད་རིལ་བུ་འདིས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །གཟུང་འཛིན་རྟོག་སྒྲིབ་རྨོངས་པ་ཞི། །སྐུ་གསུམ་དགོངས་བཅུད་ཉམས་སུ་མྱོང་། །ཐུགས་ཀྱི་ནུས་བྱིན་དངོས་གྲུབ་དབང་། །མ་ལུས་དུས་འདིར་ཐོབ་པར་ཤོག །ཚེ་བསྙེན། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བྱིན། ཚེ་དབང་དུ༴སོགས་དང་། འཇིག་རྟེན་འདྲེན་པའི༴སོགས། ཚེ་དཔག་མེད་པའི་བཀྲ་ཤིས་ཤོག དེས་ཐུགས་ཀྱི་དབང་ཐོབ། རྨོངས་འཐིབས་འཁྲུལ་བ་གྲོལ། ཡིད་ཀྱི་སྡིག་སྒྲིབ་དག བསྐྱེད་རྫོགས་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་པའོ།། གཏོར་དབང་ནི། དབང་གཏོར་བཟུང་ལ། གཏོར་མ་འདི་ཉིད་ཕྱི་ལྟར་འབྲུ་སྨན་རྩི་བཅུད་རིན་པོ་ཆེ་སྣ་ཚོགས་སྦྱར་བའི་གཏོར་ཟླུམ་རྒྱན་དང་ལྡན་པའི་རྣམ་པ་ལ། ནང་ལྟར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་འོད་དང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་རབ་ཏུ་འབར་ཞིང་འཕྲོ་བའི་ཀློང་དུ་བླ་མ་སྐུ་གསུམ་ཡོངས་འདུས་ཀྱི་ལྷ་ཚོགས་མ་ལུས་པའི་ངོ་བོར་བཀྲ་ལམ་མེར་བཞུགས་པའི་སྐུ་ཡི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་རྒྱུན་དང་བཅས་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ཤིང་སྒོ་གསུམ་དང་དབྱེར་མེད་དུ་ཐིམ་པས་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབང་དང་དངོས་གྲུབ་ཐམས་ཅད་སྐད་ཅིག་ཉིད་ལ་ཐོབ་བྱུང་སྙམ་དུ་མོས་མཛོད། ཧཱུྃ་ཧྲཱིཿ སྐུ་གསུམ་ལྷ་ཚོགས་མ་ལུས་པའི། །གསང་གསུམ་བྱིན་རླབས་བདུད་རྩིའི་རྒྱུན། །དབང་དང་དངོས་གྲུབ་འོད་ཕུང་གི། །རྣམ་པར་བྱོན་ནས་སློབ་བུ་ཡི། །ལུས་ངག་སེམས་ལ་ཐིམ་ནས་ཀྱང་། །སྐུ་གསུམ་ཡོངས་འདུས་ལྷ་ཚོགས་ཀྱི། །བྱིན་རླབས་དབང་དང་དངོས་གྲུབ་རྣམས། །སྐད་ཅིག་ཉིད་ལ་ཐོབ་པར་ཤོག །གུ་རུ་ཞི་དྲག་ཕག་སེང་སོགས། །སྤྲུལ་སྐུའི་ལྷ་ཚོགས་འཁོར་བཅས་ཀྱིས། །སློབ་མའི་ལུས་ལ་བྱིན་གྱིས་རློབས། །འགྱུར་མེད་སྐུ་ཡི་དབང་ཐོབ་ཤོག །ཐོད་ཕྲེང་རིགས་ལྔ་སྟངས་དཔྱལ་སོགས། །ལོངས་སྐུའི་ལྷ་ཚོགས་འཁོར་བཅས་ཀྱིས། །སློབ་མའི་ངག་ལ་བྱིན་གྱིས་རློབས། །འགགས་མེད་གསུང་གི་དབང་ཐོབ་ཤོག །འོད་སྣང་མཐའ་ཡས་ཀུན་ཏུ་བཟང་། །ཆོས་སྐུའི་ལྷ་ཚོགས་འཁོར་བཅས་ཀྱིས། །སློབ་བུའི་སེམས་ལ་བྱིན་གྱིས་རློབས། །འཁྲུལ་མེད་ཐུགས་ཀྱི་དབང་ཐོབ་ཤོག །ལུས་ལ་བདེ་དྲོད་སྦར་དུ་གསོལ། །ངག་ལ་ནུས་སྟོབས་བསྐྱེད་དུ་གསོལ། །སེམས་ལ་ཉམས་རྟོགས་སྤར་དུ་གསོལ། །འཆི་མེད་ཚེ་ཡི་དབང་ཐོབ་ཤོག །ཚེ་བསྙེན། སརྦ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་གནས་གསུམ་དུ་གཏུག ཚེ་དབང་དུ༴སོགས་དང་། འོད་སྣང་མཐའ་ཡས་རིགས་ལྔ་ཐོད་ཕྲེང་རྩལ། །གུ་རུ་ཞི་དྲག་ལ་སོགས་གཙོ་དང་འཁོར། །སྐུ་གསུམ་ཡོངས་འདུས་དཀོན་མཆོག་གསུམ་གྱི་དངོས། །རྩ་གསུམ་བསྲུང་མར་བཅས་པའི་བཀྲ་ཤིས་ཤོག །དེས་དབང་ཡོངས་རྫོགས་ཐོབ། གནས་སྐབས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་ཅིང་། འཆི་བདག་གཤིན་རྗེའི་འཇིགས་པ་ལས་གྲོལ། སྒོ་གསུམ་ཆ་མཉམ་དུ་བསགས་་པའི་སྡིག་སྒྲིབ་དག ལམ་བསྐྱེད་རྫོགས་སྤྱི་དང་ཁྱད་པར་བདེ་སྟོང་གི་རྣལ་འབྱོར་བསྒོམ་པ་ལ་དབང་། མཐར་ཐུག་ཏུ་འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་གོ་འཕང་མངོན་དུ་བྱེད་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ།། མཐའ་རྟེན་གྱི་དབང་ནི། དེ་ནས་དབང་ཐམས་ཅད་ཀྱི་མཐའ་བརྟན་པར་བྱེད་པ་རྒྱལ་སྲིད་རིན་པོ་ཆེ་བདུན་དང་། བཀྲ་ཤིས་པའི་རྟགས་རྫས་བཅུ་དྲུག་ལ་སོགས་པས་གནས་སྐབས་སུ་འདོད་རྒུ་ཡིད་བཞིན་དུ་འབྱོར་བ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུ་དང་། མཐར་ཐུག་ཏུ་དོན་གཉིས་ལྷུན་གྱིས་གྲུབ་པ་ཆོས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོར་མངའ་གསོལ་བར་མོས་མཛོད། ཧཱུྃ་ཧྲཱིཿ འགྲོ་དྲུག་ཁ་ལོ་ཐར་ལམ༴སོགས། ཞེས་དང་། ཨོཾ་ན་མོ་བྷ་ག་ཝ་ཏེ༴སོགས། སྭཱ་ཧཱ། ཞེས་ཚེ་གཟུངས་བརྗོད། ཚེ་དབང་དུ༴སོགས་དང་། བརྟན་གཡོའི་དགེ་མཚན་མཆོག་གྱུར་རྒྱལ་སྲིད་བདུན། །རྒྱལ་བའི་མཚན་དཔེ་ལས་བྱུང་བཀྲ་ཤིས་རྟགས། །བྱིན་རླབས་རྫས་མཆོག་བརྒྱད་སོགས་མངའ་དབང་བསྒྱུར། །ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །བྱིན་རླབས་བཀའི་དབང་ནི། སླར་ཡང་སློབ་དཔོན་སྐུ་གསུམ་ཡོངས་འདུས་རྒྱལ་བའི་དབང་པོར་གསལ་བའི་སྐུའི་གནས་གསུམ་ནས་འཕྲོས་པའི་འོད་ཟེར་གྱིས་རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་ཤིང་མུ་མེད་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་བྱིན་རླབས་དང་དངོས་གྲུབ། སྐུ་གསུམ་ཡོངས་འདུས་རིག་འཛིན་བླ་མའི་ལྷ་ཚོགས་རྣམས་ཀྱི་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དཔལ་དང་ཡོན་ཏན། ཕྱི་སྣོད་འབྱུང་ལྔའི་དྭངས་བཅུད། ནང་བཅུད་འགྲོ་བའི་ཚེ་བསོད་བཀྲག་མདངས། རིག་འཛིན་དྲང་སྲོང་རྣལ་འབྱོར་གྲུབ་པ་རྣམས་ཀྱི་ཡེ་ཤེས་དང་ཡོན་ཏན་ཐམས་ཅད་འུབ་ཀྱིས་བསྡུས་ཏེ་ཁྱེད་རང་རྣམས་ལ་བསྟིམ་པས་སྐུ་གསུམ་ཡོངས་འདུས་མ་ཧཱ་གུ་རུའི་ལྷ་ཚོགས་རྣམས་ཀྱི་གསང་བ་གསུམ་དང་ཁྱེད་རང་རྣམས་ཀྱི་སྒོ་གསུམ་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད།བྱས་ལ་ཚེ་འགུགས་རྒྱས་བསྡུས་གང་རུང་གི་མཐར། ཚེ་བསྙེན་དང་ཚེ་གཟུངས་བརྗོད་ཅིང་། རྟེན་གསུམ་སྤྱི་བོར་གཏུག་ལ། ཨོཾ་ཨཱཿཧཱུྃ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁར་ཆེན་ཡེ་ཤེས་མཚོ་རྒྱལ། པ་གོར་བཻ་རོ་ཙ་ན། ཚངས་པ་ལྷ་ཡི་མེ་ཏོག གྲུབ་བརྙེས་རྒྱལ་བ་བྱང་ཆུབ། སྤྲུལ་པའི་རྗེ་འབངས་ཉེར་ལྔ། འཕགས་བོད་ལོ་པཎ་རྒྱ་མཚོ། འཇིགས་མེད་རྣམ་རྒྱལ་བཟང་པོ། ཆོས་བདག་རྩ་བརྒྱུད་བླ་མ། ཡི་དམ་ཞི་ཁྲོ་རབ་འབྱམས། མ་ཚོགས་མཁའ་འགྲོ་རྒྱ་མཚོ། མདོར་ན་སྐུ་གསུམ་རྩ་གསུམ་མཆོག་གསུམ་རྒྱ་མཚོའི་ཚོགས་སྤྱི་དང་། ཁྱད་པར་དུ་རིག་འཛིན་སྐུ་གསུམ་ཡོངས་འདུས་ཀྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་བསྲུང་མའི་ཚོགས་དང་བཅས་པའི་ཐུགས་རྗེ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ནད་གདོན་འཇིགས་ཚོགས་རྐྱེན་དང་བར་ཆད་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། འཆི་མེད་ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཚེ་འདི་ཉིད་ལ་མྱུར་བ་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་གཅིག་ལུས་གཅིག་ལ་སྐུ་གསུམ་ལྷུན་གྱིས་གྲུབ་ཅིང་འགྲོ་དོན་མཐའ་རུ་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་ཅིང་སྲོག་བསླུ་ཉེའུ་འདོན་པ་མཆོད་སྦྱིན་སོགས་ཁས་བླང་དུ་བཅུག་ལ། རྟེན་སྙིང་བརྗོད་ཅིང་མེ་ཏོག་འཐོར། དེ་ལྟར་དབང་བསྐུར་གྱི་རིམ་པ་གྲུབ་ནས་དབང་ལྷ་སྐུ་གསུམ་ཡོངས་འདུས་རིག་འཛིན་བླ་མའི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་བདེན་ཚིག་གི་སྒྲ་དབྱངས་འགགས་མེད་དུ་སྒྲོགས་པ་དང་ཆབ་གཅིག་པར་ཕུན་ཚོགས་མེ་ཏོག་མནྡ་ར་བའི་ཆར་ཆེན་པོས་གནམ་ས་བར་སྣང་ཐམས་ཅད་ཡོངས་སུ་གང་བས་བརྟན་གཡོའི་ཁམས་ཐམས་ཅད་དགེ་ལེགས་ཀྱི་གཟི་བྱིན་མཆོག་ཏུ་བསྐྱེད་པའི་མོས་པ་མཛོད། དོན་གཉིས་མཐར་ཕྱིན༴སོགས་དང་། བྱིན་རླབས་མཁའ་ལྟར་ཡངས་པའི་བླ་མ་རྗེ། །དངོས་གྲུབ་སྤྲིན་ལྟར་འཁྲིགས་པའི་ཡི་དམ་ལྷ། །ཕྲིན་ལས་གློག་ལྟར་མྱུར་བའི་མཁའ་འགྲོ་མ། །རྩ་གསུམ་བསྲུང་མར་བཅས་པའི་བཀྲ་ཤིས་ཤོག །ངོ་བོ་ཀ་དག་སྐྱེ་མེད་ཆོས་ཀྱི་སྐུ། །རང་བཞིན་ལྷུན་གྲུབ་འགགས་མེད་ལོངས་སྤྱོད་རྫོགས། །ཐུགས་རྗེ་ཀུན་ཁྱབ་རྩོལ་མེད་སྤྲུལ་པའི་སྐུ། །སྐུ་གསུམ་ཡོངས་འདུས་ལྷ་ཚོགས་བཀྲ་ཤིས་ཤོག །མི་འགྱུར་ལྷུན་པོ༴སོགས། སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །ཅེས་བརྗོད། དེ་ནས་རྗེས་ལ་དམ་བཅའ་དང་། །ཡོན་འབུལ་དགེ་བསྔོ་སྤྱི་ལྟར་རོ།། ཞེས་པའི་དམ་བཅའ་ནི། དེ་ལྟར་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་བསྲུང་སྡོམ་བསླབ་པའི་རིམ་པ་རྣམས་ལ་ཚུལ་བཞིན་དུ་བརྩོན་པར་བྱའོ་སྙམས་པས་འདིའི་རྗེས་སུ་ཟློས། གཙོ་བོས་ཇི་ལྟར༴སོགས། ལན་གསུམ། ཡོན་འབུལ་ནི། དེས་བླ་མ་སྐུ་གསུམ་ཡོངས་འདུས་ཀྱི་དཀྱིལ་འཁོར་དུ་འཆི་མེད་ཚེ་ཡི་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྚལ་ཕུལ། ཞེས་མཎྚལ་རྒྱས་བསྡུས་གང་རུང་ཕུལ་ལ། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་དཔལ་འབྱོར་ལྟར་སྤྲུལ་ཏེ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དབྱེར་མེད་པ་ལ་འབུལ་བ་ལགས་པས་ཐུགས་བརྩེ་བ་ཆེན་པོས་ཆ་ཤས་ནས་རིམ་པར་ལོངས་སྤྱོད་དུ་གསོལ་སྙམས་པས་འདི་བཞིན་རྗེས་ཟློས་གྱིས། དེང་ནས་བརྩམས་ཏེ༴སོགས་ནས། སྤྱད་དུ་གསོལ། ལན་གསུམ། བསྔོ་སྨོན་ནི། དེ་ལྟར་སྨིན་བྱེད་ཚེ་ཡི་དབང་མཆོག་ལེགས་པར་ཐོབ་པའི་དགེ་བས་མཚོན་དུས་གསུམ་གྱི་དགེ་ཚོགས་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམ་ཏེ་མཁའ་ཁྱབ་ཀྱི་འགྲོ་རྣམས་སྐུ་གསུམ་ཡོངས་འདུས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མཆོག་ཐོབ་པའི་རྒྱུར་བསྔོ་བར་བགྱིའོ། །དེའི་མཐུ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པའི་ཡེ་ཤེས་ཚེ་འདི་ཉིད་ལ་མངོན་དུ་བྱེད་པར་གྱུར་ཅིག་སྙམ་པས་མཐུན་འགྱུར་མཉམ་དུ་མཛད་པར་ཞུ། བསོད་ནམས་འདི་ཡིས༴སོགས་ནས། སྒྲོལ་བར་ཤོག །ཅེས་བརྗོད་དོ། ས་མ་ཡཱཿ ཡང་དག་དབང་ལྡན་སློབ་དཔོན་གྱིས། །དམ་ཚིག་སེལ་མ་ཞུགས་པ་ལ། །ཚེ་ཡི་དབང་མཆོག་འདི་བྱིན་པས། །དུས་མིན་འཆི་བ་བཟློག་པར་འགྱུར། །ནང་རྒྱས་བྱད་མ་རྦོད་གཏོང་སེལ། །སྔགས་བཟློག་དྲེགས་པའི་ཟ་ཁ་ལྡོག །ནད་མཚོན་དུག་སོགས་མི་མཐུན་ཕྱོགས། །ཐམས་ཅད་འདི་ཡིས་སེལ་བར་ནུས། །གནད་གསང་ཐབས་ལ་བརྩོན་གྱུར་ན། །འཆི་བདག་བདུད་ཀྱང་བྱམས་ཤིང་གདུང་། །དུས་ལ་བབས་ཀྱང་རིང་དུ་བཤོལ། །འཆི་མེད་དངོས་གྲུབ་དེ་དྲུང་གནས། །གུ་ཧྱཿ ཞེས་དམ་ཆོས་སྐུ་གསུམ་ཡོངས་འདུས་ཀྱི་ཚེ་དབང་འཁོར་འདས་བཅུད་དྲིལ་མཚམས་སྦྱོར་དང་བཅས་པ་འདི་ཡང་། དད་བརྩོན་དམ་ལྡན་རྣལ་འབྱོར་དམ་པ་པདྨ་ཚེ་མཆོག་ནས་ཡང་ཡང་བསྐུལ་ངོར། གར་དབང་འཇིགས་མེད་རྣམ་རྒྱལ་བས་འཇུག་བདེར་ཁྲིགས་ཆགས་སུ་སྤེལ་བ་དགེ་ལེགས་འཕེལ་བའི་རྒྱུར་གྱུར་ཅིག །དགེའོ།། དགེའོ།། དགེའོ།།

མཐའ་རྟེན་ནོར་བུའི་དོ་ཤལ།

དམ་ཆོས་སྐུ་གསུམ་དགོངས་མཛོད་ལས། མཐའ་རྟེན་ནོར་བུའི་དོ་ཤལ་བཞུགས།

དཀྱིལ་འཁོར་ཀུན་གྱི་གཙོ་བོ་མཆོག །དཔལ་ལྡན་རྡོ་རྗེ་འཛིན་ལ་འདུད། །སྨིན་བྱེད་དབང་མཆོག་གང་ལ་ཡང་། །མཐའ་རྟེན་རྫས་ཀྱི་མངའ་གསོལ་ནི། །རྣམ་གྲངས་མང་ཀྱང་མདོར་བསྡུས་ཏེ། །ནོར་བུའི་དོ་ཤལ་ལྟ་བུ་བསྟན། །དེ་ལ་རྣམ་པ་གསུམ་ཡིན་ཏེ། །དང་པོ་འཁོར་ལོས་བསྒྱུར་བ་ཉིད། །རྒྱལ་སྲིད་མཆོག་ཏུ་མངའ་གསོལ་དབྱིག །འཁོར་ལོ་ལ་སོགས་བདུན་ཐོགས་ལ།། ཧཱུྃ་ཧྲཱིཿ འགྲོ་དྲུག་ཁ་ལོ་ཐར་ལམ་བསྒྱུར། །བླ་མེད་ཆོས་འཁོར་བསྐོར་བའི་ཕྱིར། །གསེར་འཁོར་རྩིབས་སྟོང་མུ་ཁྱུད་ཅན། །རྡོ་རྗེའི་བུ་ལ་མངའ་དབང་བསྐུར། །ཨོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་མཾ། །ཡོན་ཏན་ཀུན་གྱི་གཞིར་གྱུར་ནས། །འགྲོ་དོན་ཕན་བདེའི་མཆོག་སྩོལ་ཕྱིར། །བསམ་འཕེལ་ནོར་བུ་འོད་སྣང་ཅན། །རྡོ་རྗེའི་བུ་ལ་མངའ་དབང་བསྐུར། །ཨོཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་མཾ། །བདེ་སྟོང་དགའ་བཞིའི་ཡེ་ཤེས་ཀྱིས། །འགྲོ་རྣམས་རྗེས་སུ་སྐྱོང་བའི་ཕྱིར། །མཛེས་སྡུག་བཙུན་མོ་འཇོ་སྒེག་ཅན། །རྡོ་རྗེའི་བུ་ལ་མངའ་དབང་བསྐུར། །ཨོཾ་ཝསྟྲི་རཏྣ་ཨ་བྷི་ཥིཉྩ་མཾ། །ཐབས་མཁས་མཛད་པ་སྣ་ཚོགས་ཀྱིས། །རྒྱལ་ཀུན་ཕྲིན་ལས་སྒྲུབ་པའི་ཕྱིར། །བློ་ལྡན་ཁྱིམ་བདག་དཔལ་ཡོན་ཅན། །རྡོ་རྗེའི་བུ་ལ་མངའ་དབང་བསྐུར། །ཨོཾ་མ་ཧསྟ་རཏྣ་ཨ་བྷི་ཥིཉྩ་མཾ། །མི་ཉམས་ཐུགས་བསྐྱེད་རླབ་པོ་ཆེས། །རྒྱལ་ཀུན་མཛད་སྤྱོད་ཁུར་འདེགས་ཕྱིར། །སྟོབས་ལྡན་གླང་པོ་རྒྱན་ཆ་ཅན། །རྡོ་རྗེའི་བུ་ལ་མངའ་དབང་བསྐུར། །ཨོཾ་ཧསྟི་རཏྣ་ཨ་བྷི་ཥིཉྩ་མཾ། །ཐེག་མཆོག་ས་ལམ་མྱུར་བགྲོད་ནས། །འགྲོ་དྲུག་གནས་ནས་འདྲེན་པའི་ཕྱིར། །ཅང་ཤེས་གསེར་གྱི་སྒ་སྲབ་ཅན། །རྡོ་རྗེའི་བུ་ལ་མངའ་དབང་བསྐུར། །ཨོཾ་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་མཾ། །གང་འདུལ་ཕྲིན་ལས་དཔག་མེད་ཀྱིས། །ཉོན་མོངས་བདུད་ཚོགས་འཇོམས་པའི་ཕྱིར། །དཔའ་གཏུམ་དམག་དཔོན་གོ་ཁྲབ་ཅན། །རྡོ་རྗེའི་བུ་ལ་མངའ་དབང་བསྐུར། །ཨོཾ་ཁཏྒ་རཏྣ་ཨ་བྷི་ཥིཉྩ་མཾ།། གཉིས་པ་མཚན་དཔེ་ལས་བྱུང་རྟགས། །གདུགས་སོགས་བརྒྱད་པོ་རིམ་ཐོགས་ལ།། ཧཱུྃ་ཧྲཱིཿ བདེ་གཤེགས་གཙུག་ཏོར་ལས་འཁྲུངས་རྟགས། །བཀྲ་ཤིས་གདུགས་མཆོག་རྩིབས་བརྒྱ་པ། །འགྲོ་བའི་ཉོན་མོངས་གདུང་སེལ་ཕྱིར། །དེང་ཁྱོད་མངའ་གསོལ་དབང་མཆོག་སྦྱིན། །ཨོཾ་མངྒ་ལཾ་ཚ་དྲཾ་ག་ཨ་བྷི་ཥིཉྩ་མཾ། །རྒྱལ་བའི་སྤྱན་ལས་རང་བྱུང་རྟགས། །བཀྲ་ཤིས་དགའ་འཁྱིལ་གསེར་ཉ་ཟུང་། །མཁྱེན་གཉིས་ཡེ་ཤེས་རྒྱས་པའི་ཕྱིར། །དེང་ཁྱོད་མངའ་གསོལ་དབང་མཆོག་སྦྱིན། །ཨོཾ་མངྒ་ལཾ་མཏྱ་ཨ་བྷི་ཥིཉྩ་མཾ། །འདྲེན་མཆོག་ལྗགས་ལས་རང་བྱུང་རྟགས། །བཀྲ་ཤིས་པད་དཀར་འདབ་བརྒྱད་པ། །འགྲོ་ཚོགས་འཁོར་བའི་སྐྱོན་བྲལ་ཕྱིར། །དེང་ཁྱོད་མངའ་གསོལ་དབང་མཆོག་སྦྱིན། །ཨོཾ་མངྒ་ལཾ་པདྨ་ཨ་བྷི་ཥིཉྩ་མཾ། །ཐུབ་དབང་མགུལ་ལས་རང་བྱུང་རྟགས། །བཀྲ་ཤིས་བུམ་པ་ཆས་བཅུད་ལྡན། །ཟག་མེད་བདུད་རྩིའི་རྒྱུན་སྩོལ་ཕྱིར། །དེང་ཁྱོད་མངའ་གསོལ་དབང་མཆོག་སྦྱིན། །ཨོཾ་མངྒ་ལཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་མཾ། །རྒྱལ་བའི་སྐུ་མཆོག་ལས་བྱུང་རྟགས། །བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག །བདུད་བཞིའི་གཡུལ་ལས་རྒྱལ་བའི་ཕྱིར། །དེང་ཁྱོད་མངའ་གསོལ་དབང་མཆོག་སྦྱིན། །ཨོཾ་མངྒ་ལཾ་དྷྭ་ཛ་ཨ་བྷི་ཥིཉྩ་མཾ། །མི་མཆོག་ཚེམས་ལས་རང་བྱུང་རྟགས། །བཀྲ་ཤིས་གཡས་འཁྱིལ་སྒྲ་ཆེན་དུང་། །ཐེག་མཆོག་སྒྲ་དབྱངས་སྒྲོགས་པའི་ཕྱིར། །དེང་ཁྱོད་མངའ་གསོལ་དབང་མཆོག་སྦྱིན། །ཨོཾ་མངྒ་ལཾ་ཤཾ་ཁ་ཨ་བྷི་ཥིཉྩ་མཾ། །ཀུན་མཁྱེན་ཐུགས་ལས་རང་བྱུང་རྟགས། །བཀྲ་ཤིས་དཔལ་བེའུ་ལུ་གུ་རྒྱུད། །སྲིད་ཞིའི་མཐའ་ལ་མི་གནས་ཕྱིར། །དེང་ཁྱོད་མངའ་གསོལ་དབང་མཆོག་སྦྱིན། །ཨོཾ་མངྒ་ལཾ་ཤྲཱི་བཏྶ་ཨ་བྷི་ཥིཉྩ་མཾ། །སྟོན་མཆོག་ཞབས་མཐིལ་ལས་འོང་རྟགས། །བཀྲ་ཤིས་འཁོར་ལོ་འོད་སྟོང་འབར། །ཐུགས་རྗེས་འགྲོ་ཀུན་རྗེས་འཛིན་ཕྱིར། །དེང་ཁྱོད་མངའ་གསོལ་དབང་མཆོག་སྦྱིན། །ཨོཾ་མངྒ་ལཾ་ཙཀྲ་ཨ་བྷི་ཥིཉྩ་མཾ། །གསུམ་པ་སྟོན་པས་བྱིན་རླབས་རྫས། །མེ་ལོང་ལ་སོགས་བརྒྱད་ཐོགས་ལ།། ཧཱུྃ་ཧྲཱིཿ འོད་འཆང་མ་ཡིས་ལེགས་ཕུལ་རྫས། །བྱིན་རླབས་བཀྲ་ཤིས་མེ་ལོང་མཆོག །སྒྲིབ་གཉིས་བག་ཆགས་བྲལ་བྱེད་པའི། །བྱིན་རླབས་དབང་མཆོག་ཁྱོད་ལ་སྦྱིན། །ཨོཾ་ཨ་དརྴཱ་དྷིཥྛ་ན་ཨ་བྷི་ཥིཉྩ་མཾ། །ལེགས་སྐྱེས་དགའ་མོས་གུས་ཕུལ་རྫས། །བྱིན་རླབས་བཀྲ་ཤིས་འོ་ཐུག་ཞོ། །ཡེ་ཤེས་ཡོན་ཏན་རྒྱས་བྱེད་ཀྱི། །བྱིན་རླབས་དབང་མཆོག་ཁྱོད་ལ་སྦྱིན། །ཨོཾ་དྷ་རི་ཏཱ་དྷིཥྛ་ན་ཨ་བྷི་ཥིཉྩ་མཾ། །རྩྭ་འཚོང་ཁྱེའུས་ལེགས་བཀྲམ་པའི། །བྱིན་རླབས་བཀྲ་ཤིས་དུར་བའི་རྫས། །ཚེ་སྲོག་གཟི་མདངས་འཕེལ་བྱེད་འདིའི། །བྱིན་རླབས་དབང་མཆོག་ཁྱོད་ལ་སྦྱིན། །ཨོཾ་དརྦྷ་དྷིཥྛ་ན་ཨ་བྷི་ཥིཉྩ་མཾ། །གླང་ཆེན་ས་སྲུང་གིས་ཕུལ་རྫས། །བྱིན་རླབས་བཀྲ་ཤིས་གི་ཝཾ་སྨན། །ཉོན་མོངས་དུག་ནད་ཀུན་སེལ་བའི། །བྱིན་རླབས་དབང་མཆོག་ཁྱོད་ལ་སྦྱིན། །ཨོཾ་གྷི་ཧཾ་དྷིཥྛ་ན་ཨ་བྷི་ཥིཉྩ་མཾ། །ལྷ་དབང་བརྒྱ་བྱིན་གྱིས་ཕུལ་རྫས། །བྱིན་རླབས་བཀྲ་ཤིས་སྐྱེ་ལྔའི་དུང་། །ཚངས་པའི་གསུང་དབྱངས་ཐོབ་བྱེད་འདིའི། །བྱིན་རླབས་དབང་མཆོག་ཁྱོད་ལ་སྦྱིན། །ཨོཾ་ཤཾ་ཁཱ་དྷིཥྛ་ན་ཨ་བྷི་ཥིཉྩ་མཾ། །ཤིང་གི་ལྷ་མོས་ལེགས་མཆོད་རྫས། །བྱིན་རླབས་བཀྲ་ཤིས་བིལ་བའི་འབྲས། །ཡང་དག་སྙིང་པོ་རྟོགས་བྱེད་པའི། །བྱིན་རླབས་དབང་མཆོག་ཁྱོད་ལ་སྦྱིན། །ཨོཾ་བིལྦ་དྷིཥྛ་ན་ཨ་བྷི་ཥིཉྩ་མཾ། །ལྷ་མོ་བསྟན་མས་གུས་མཆོད་པས། །བྱིན་རླབས་བཀྲ་ཤིས་ལི་ཁྲིའི་རྫས། །ཆོས་སྲིད་འདུ་ཞིང་བརྟན་བྱེད་པའི། །བྱིན་རླབས་དབང་མཆོག་ཁྱོད་ལ་སྦྱིན། །ཨོཾ་སིནྡྷུ་ར་དྷིཥྛ་ན་ཨ་བྷི་ཥིཉྩ་མཾ། །གསང་བའི་བདག་པོས་གུས་མཆོད་པས། །བྱིན་རླབས་བཀྲ་ཤིས་ཡུངས་དཀར་རྫས། །མི་མཐུན་བགེགས་ཚོགས་འཇོམས་བྱེད་པའི། །བྱིན་རླབས་དབང་མཆོག་ཁྱོད་ལ་སྦྱིན། །ཨོཾ་ཤ་རི་ར་དྷིཥྛ་ན་ཨ་བྷི་ཥིཉྩ་མཾ། །ཞེས་བསྐུར་ཤིས་བྱེད་མེ་ཏོག་འཐོར། །དམ་བཅའ་ཡོན་འབུལ་དགེ་བ་བསྔོ། །མཐའ་རྟེན་རྫས་ཀྱིས་མངའ་གསོལ་བ། །ནོར་བུའི་དོ་ཤལ་ལྟ་བུ་འདི། །སྐུ་གསུམ་དགོངས་མཛོད་སྨིན་བྱེད་ཀྱི། །ཆ་ལག་ཉིད་དུ་གསལ་བར་བཀོད། །བཀའ་དང་མཐུན་ནོ་ས་མ་ཡཱ། །དག་སྣང་ཉིད་ཕྱིར་ཟབ་བོ་རྒྱ། །སྣོད་མིན་རྣམས་ལ་གསང་ངོ་རྒྱ། །དད་ལྡན་བུ་ལ་གཏད་དོ་རྒྱ། །གུ་ཧྱ། ཞེས་པའང་མགོ་སྤྲུལ་འཇིགས་མེད་རྣམ་རྒྱལ་གྱིས་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།

མཐའ་རྟེན་བསྡུས་པ།

ཧཱུྃ་ཧྲཱིཿ སྲིད་ཞིའི་བསོད་ནམས་དཔལ་ལས་རང་ཤར་བའི། །ངོ་མཚར་ཕུལ་བྱུང་རྒྱལ་སྲིད་རིན་ཆེན་བདུན། །སློབ་བུ་ཁྱོད་ལ་མངའ་གསོལ་དབང་བསྐུར་བས། །ཆོས་ཀྱི་འཁོར་ལོས་བསྒྱུར་རྒྱལ་སྲིད་ཐོབ་ཤོག །ཨོཾ་སཔྟ་མ་ཧཱ་རཏྣ་ཨ་བྷི་ཥིཉྩ་མཾ། ཧཱུྃ་ཧྲཱིཿ འགྲོ་བའི་ཚོགས་གཉིས་སྤེལ་ཕྱིར་ཡོན་ཕུལ་བ། །དོན་རྣམས་གྲུབ་པས་བྱིན་རླབས་རྫས་མཆོག་བརྒྱད། །དེང་འདིར་རིགས་ཀྱི་བུ་ལ་མངའ་གསོལ་བས། །སྲིད་ཞིའི་དཔལ་ཡོན་ཕུན་ཚོགས་དབང་ཐོབ་ཤོག །མངྒ་ལ་ཨཥྚ་དྲ་བྱ་ཨ་བྷི་ཥིཉྩ་མཾ། ཧཱུྃ་ཧྲཱིཿ ཐུབ་པའི་དབང་པོའི་སྐུ་ཡི་ཆ་ཤས་ལས། །ལེགས་སྤྲུལ་བཀྲ་ཤིས་རྟགས་བརྒྱད་དགེ་མཚན་གྱིས། །དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས། །བླ་མེད་མཚན་དཔེ་རྫོགས་པའིསྐུ་ཐོབ་ཤོག །མངྒ་ལ་ཨཥྚ་ཨཾ་ཀ་ཨ་བྷི་ཥིཉྩ་མཾ།

དམ་སྲི་རྒབ་འདྲེ་མནན་པའི་ལས་ཚོགས་རྒྱ་གྲམ་འབར་བ།

དམ་ཆོས་སྐུ་གསུམ་དགོངས་མཛོད་ཀྱི་ཆ་ལག་དམ་སྲི་རྒབ་འདྲེ་མནན་པའི་ལས་ཚོགས་རྒྱ་གྲམ་འབར་བ་བཞུགས། སྐུ་གསུམ་བདེ་གཤེགས་ཡོངས་རྫོགས་ཀྱི། །མཐུ་སྟོབས་གསང་བའི་མཛོད་འཛིན་པ། །ཆེ་མཆོག་བཛྲ་པ་ཎི་དང་། །བསྟན་བསྲུང་ནོར་ལྷའི་དབང་པོར་འདུད། །ལས་བཞི་སྤྱི་དང་ཁྱད་པར་དུ། །ཕྱྭ་གཡང་སྒྲུབ་ལ་གལ་ཆེ་བས། །སྒྲུབ་ཐབས་སྤྱི་ཡི་ཆ་རྐྱེན་དུ། །ཕུང་སྲི་རྒབ་འདྲེ་མནན་ཐབས་འབྲི། །དེ་ཡང་ཕྲིན་ལས་ཐམས་ཅད་ཀྱི་ཐོག་མར་དུག་ཤོག་དྲི་མས་མ་གོས་པར་ནྲྀ་དང་ཏྲི་ཡིག་ཛ་ཁྲམ་གྱིས་བསྐོར་བའི་མཐར། སྟེང་ནས་ཡིག་མགོ་ནང་བསྟན་གྱིས། ཨོཾ་སརྦ་ན་ཏྲི་ནི་ཧཱུྃ་ཛཿ སུ་ཏྲི་ནི་ཧཱུྃ་ཛཿ ནི་ཏྲི་ནི་ཧཱུྃ་ཛཿ ཤན་ཏྲི་ནི་ཧཱུྃ་ཛཿ ག་ཏྲི་ནི་ཧཱུྃ་ཛཿ གནོད་བྱེད་བསེ་རག་དམ་སྲི་རྒབ་འདྲེ་འབྱུང་པོ་གུམ་གུམ་ཛ་ཛཿ ཛཿཧཱུྃ་ཧོཿ བྲིས་པའི་ཕྱི་ནས་འདྲེ་གཟུགས་ལུས་རིད་ཅིང་ཉམ་ཐག་པ། དབུས་བྱ་མགོ། གཡས་སྦྲུལ་མགོ། གཡོན་ཕག སྟེང་སྟག དེ་སྟེང་ཁྱི་མགོ། རྐང་ལག་ལྕགས་སྒྲོག་གིས་བསྡམས་པའི་ཚིགས་ཆེན་བཞིར། ཛ་ཧཱུྃ་བཾ་ཧོ། ལྷུ་བཞིར་ཨེ་ཧུར་ཐུམ་རྦད་སོགས་སྤྱི་ལྟར་བྲིས་པའི་སྤྱི་བོའི་སྟེང་ནས་ཡིག་མགོ་ཕྱིར་བསྟན་ལ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ། སརྦ་མ་ཧཱ་ཀྲོ་དྷ་རཱ་ཛ་ག་རུ་ཎ་ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་རྒྱལ་འགོང་ཐེའུ་བསེན་བདུད་བགེགས་འབྱུང་པོ་བསེ་རག་དམ་སྲི་རྒབ་འདྲེ་ཐམས་ཅད་ཀྱི་སྲོག་ལ་ནྲྀ་ཏྲི་ཧུར་ཐུམ་ཛ་ཛཿ གཟེར་ཐུམ་རཾ་རཾ། ཤ་རུས་ཁུག་ཁུག དངོས་གྲུབ་རྣམ་གཉིས་བསྒྲུབ་པ་ལ་བར་ཆད་བྱེད་པའི་དམ་སྲི་རྒབ་འདྲེ་རྣམ་ཁུག་ཁུག རྒབ་འདྲེའི་སྲོག་སྙིང་ལ་ཛ་ཛཿ རྒབ་འདྲེ་མ་ར་ཡ་ནན་ནན། སྟྭཾ་བྷ་ཡ་ནན་ནན། ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སུཾ་ལཾ་སྟྭཾ་བྷ་ཡ་ནན་ནན། ཞེས་བྲི། དེ་རྒྱབ་རྡོ་རྗེའི་ཞགས་པ་དང་ཛ་ཁྲམ་སྤྱི་ལྟར་བྲིས་ལ། རིན་པོ་ཆེ་སྣ་ལྔ་སྙིང་པོར་བཅུག་ཅིང་རོ་ལྟེབ་བྱས་ལ། སྔོ་དམར་ཞགས་པས་བཅིངས་ཏེ། མཛོ་འགར་དྲེལ་གསུམ་དང་། ཁྱི་ཕག་རི་བོང་སོགས་ཀྱི་ཐོད་པའམ། ཡང་ན་ར་རུའམ་ལུག་རུར་བཅུག་ལ། ཕྲིན་ལས་གང་ཡིན་གྱི་རང་གཞུང་བསྲིང་ཞིང་། བྲོ་བརྡུང་མགོར་ལིང་གར་དུག་དང་ཁྲག་གིས་བྲན་ལ། ཨོཾ་བྷྲུཾ་ནྲྀ་ཏྲི་ཛཿ རང་ཉིད་སྐུ་གསུམ་ཡོངས་རྫོགས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀར་གསལ་བའི་མདུན་དུ་ཨེ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་འབར་བ། སྤྲུལ་པའི་ཁྲོ་མཚོན་བྱ་ཁྱུང་ལྕགས་སྡིག་མང་པོས་བར་མེད་དུ་བསྐོར་བའི་ནང་དུ། ལིང་ག་ཏྲི་ལྗང་སྔོན་ལས་བསེ་རག་ལྟོག་འགོང་དབུལ་སྲི་རྒབ་འདྲེ་ཡ་མ་དམ་སྲི་གང་ཡིན་པ་དེ་ཉིད་ཉམ་ཐག་པའི་གཟུགས་ཅན་དུ་གྱུར་བར་བསམ་ལ། ན་མོ། མཆོག་གསུམ་སྐུ་གསུམ་རྩ་གསུམ་རྒྱ་མཚོ་དམ་ཅན་བསྲུང་མ་དང་བཅས་པའི་བདེན་པ་དང་། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དང་། ཆོས་ཅན་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དཔལ་ཆེན་པོ་བཛྲ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ལྷ་ཚོགས༴སོགས་གང་རུང་ཁ་བསྒྱུར་ལ། སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པའི་སྟོབས་ཀྱིས། དངོས་གྲུབ་ཟབ་མོ་བསྒྲུབ་པ་ལ་བར་དུ་གཅོད་པའི་བསེ་རག་ལྟོ་འགོང་དབུལ་སྲི་རྒབ་འདྲེ་ཡ་མ་དམ་སྲི་ལོག་པར་འདྲེན་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་ཁུག་ཅིག ཛཿཧཱུྃ་བཾ་ཧོ། ཞེས་སོགས་འགུག་གཞུག་མང་དུ་བྱས་ནས། རྩ་སྔགས་དང་། ཨོཾ་སརྦ་ན་ཏྲི་ནི་ཧཱུྃ་ཛཿ སུ་ཏྲི་ནི་ཧཱུྃ་ཛཿ ནི་ཏྲི་ནི་ཧཱུྃ་ཛཿ ཤན་ཏྲི་ནི་ཧཱུྃ་ཛཿ ག་ཏྲི་ནི་ཧཱུྃ་ཛཿ གནོད་བྱེད་བསེ་རག་དམ་སྲི་རྒབ་འདྲེ་འབྱུང་པོ་གུམ་གུམ་ཛ་ཛཿ ཛཿཧཱུྃ་ཧོཿ ཅི་ནུས་དང་། ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་འདུས་མཐུ་སྟོབས་ཀྱིས། །དམ་སྲི་འབྱུང་པོའི་གནས་ལྔ་པོར། །གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་པ། །སྲ་བརྟན་ཆེ་བརྗིད་རེ་རེ་དང་། །ཡན་ལག་སྣ་ཚོགས་རྡོ་རྗེ་རེས། །བསྒུལ་བསྐྱོད་སྨྲ་བསམ་མི་ནུས་པར། །སྟོང་ཆེན་ཨེ་ཡི་དབྱིངས་ཀློང་དུ། །མནན་པས་འཁོར་བར་ལྡོག་མེད་བྱས། །འགྱུར་མེད་བདེ་བ་ཆེན་པོའི་རྒྱས། །བཏབ་པས་སྡུག་བསྔལ་མིང་མེད་བསམ།། རྩ་སྔགས་དང་། ཨོཾ་བཛྲ་པཱ་ཎི་མ་མ་རཀྵ་རཀྵ་བྷྲུཾ། སརྦ་མ་ཧཱ་ཀྲོ་དྷ་རཱ་ཛ་ག་རུ་ཎ་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། གནོད་བྱེད་རྒྱལ་འགོང་ཐེའུ་བསེན་བདུད་བགེགས་འབྱུང་པོ་བསེ་རག་དམ་སྲི་རྒབ་འདྲེ་ཐམས་ཅད་ཀྱི་སྲོག་ལ་ནྲྀ་ཏྲི་ཧུར་ཐུམ་ཛ་ཛཿ གཟེར་ཐུམ་རཾ་རཾ། ཤ་རུས་ཁུག་ཁུག དངོས་གྲུབ་རྣམ་གཉིས་བསྒྲུབ་པ་ལ་བར་ཆད་བྱེད་པའི་དམ་སྲི་རྒབ་འདྲེ་རྣམས་ཁུག་ཁུག རྒབ་འདྲེའི་སྲོག་སྙིང་ལ་ཛ་ཛཿ རྒབ་འདྲེ་མ་ར་ཡ་ནན་ནན། སྟྭཾ་བྷ་ཡ་ནན་ནན། ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སུཾ་ལཾ་སྟྭཾ་བྷ་ཡ་ནན་ནན། ཞེས་མང་དུ་བཟླས་ལ། རེ་བ་ནག་པོས་བཏུམ་ཞིང་། ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་རྫོགས་བདེན་པའི་མཐུས། །དངོས་གྲུབ་འཕྲོག་ཅིང་འཚེ་བ་ཡི། །བསེ་རག་རྒབ་འདྲེ་དམ་སྲིའི་མགོར། །མ་རིག་རྨུ་གབ་དགབ་ཏུ་གསོལ། །ཡ་མ་དམ་སྲི་མ་ར་ཡ་རྦད་ནན། བྱད་ཐག་གིས་བཅིང་ཞིང་། ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་རྫོགས་ཧེ་རུ་ཀའི། །ལྷ་ཚོགས་འཁོར་བཅས་བདེན་སྟོབས་ཀྱིས། །མི་འཆོར་དུག་ལྔའི་བྱད་ཐག་གིས། །རྒབ་འདྲེ་བར་གཅོད་དམ་དུ་བཅིང་། །རང་བྱུང་ཡེ་ཤེས་དོན་རྟོགས་བར། །གྲོལ་ཞིང་ཐོན་པར་མ་གྱུར་ཅིག ས་མ་ཡཱ་བཛྲ་ཨ་ཐཾ། སྒོ་མཚམས་སུ་དོང་གྲུ་གསུམ་བརྐོས་ལ་དེར་བཅུག་ཅིང་ས་ཆུ་མེ་རླུང་ནམ་མཁའི་རྒྱས་གདབ་ཅིང་། ཧཱུྃ་ཧྲཱིཿ སྐུ་གསུམ་ཡེ་ཤེས་ལྔ་ཡི་འཕྲུལ། །དུག་ལྔའི་གདོན་འདུལ་ཧེ་རུ་ཀས། །རྒབ་འདྲེ་བསེ་རག་དམ་སྲི་བདུད། །འགུགས་བསྒྲལ་མནན་པའི་ཕྲིན་ལས་མཛོད། །གཏི་མུག་ལས་གྱུར་བར་གཅོད་བདུད། །བསེ་རག་དམ་སྲི་རྒབ་འདྲེ་རྣམས། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཀྱི། །ཆོས་དབྱིངས་ཡེ་ཤེས་བརྟུལ་ཤུགས་ཀྱིས། །གོ་འབྱེད་དབྱིངས་ཀློང་འགུགས་མནན་མཛོད། །དབྱིངས་ཕྱུག་ཨེ་ཡི་རྒྱས་ཐོབ་ཅིག །ཞེ་སྡང་ལས་གྱུར་བར་གཅོད་བདུད། །བསེ་རག་དམ་སྲི་རྒབ་འདྲེ་རྣམས། །གསང་བདག་ཐུགས་ཀྱི་ལྷ་ཚོགས་ཀྱི། །མེ་ལོང་ཡེ་ཤེས་བརྟུལ་ཤུགས་ཀྱིས། །སྲ་བའི་དབྱིངས་ཀློང་འགུགས་མནན་མཛོད། །སྤྱན་མས་ལཾ་གྱི་རྒྱས་ཐོབ་ཅིག །ང་རྒྱལ་ལས་གྱུར་བར་གཅོད་བདུད། །བསེ་རག་དམ་སྲི་རྒབ་འདྲེ་རྣམས། །དཔལ་ཆེན་ཡོན་ཏན་ལྷ་ཚོགས་ཀྱི། །མཉམ་ཉིད་ཡེ་ཤེས་བརྟུལ་ཤུགས་ཀྱིས། །མཉེན་པའི་དབྱིངས་ཀློང་འགུགས་མནན་མཛོད། །མ་ཀིས་བཾ་གྱི་རྒྱས་ཐོབ་ཅིག །འདོད་ཆགས་ལས་གྱུར་བར་གཅོད་བདུད། །བསེ་རག་དམ་སྲི་རྒབ་འདྲེ་རྣམས། །དབང་ཆེན་གསུང་གི་ལྷ་ཚོགས་ཀྱི། །སོར་རྟོག་ཡེ་ཤེས་བརྟུལ་ཤུགས་ཀྱིས། །དྲོ་བའི་དབྱིངས་ཀློང་འགུགས་མནན་མཛོད། །དཀར་མོས་རཾ་གྱི་རྒྱས་ཐོབ་ཅིག །ཕྲག་ཏོག་ལས་གྱུར་བར་གཅོད་བདུད། །བསེ་རག་དམ་སྲི་རྒབ་འདྲེ་རྣམས། །ཕུར་བ་ཕྲིན་ལས་ལྷ་ཚོགས་ཀྱི། །ནན་ཏན་ཡེ་ཤེས་བརྟུལ་ཤུགས་ཀྱིས། །བསྐྱོད་པའི་དབྱིངས་ཀློང་འགུགས་མནན་མཛོད། །སྒྲོལ་མས་ཡཾ་གྱི་རྒྱས་ཐོབ་ཅིག །སྐུ་གསུམ་ལྷ་ཚོགས་བདེན་སྟོབས་དང་། །གསང་བའི་བདག་པོའི་མཐུ་བྱིན་གྱིས། །བར་གཅོད་འབྱུང་པོ་བསེ་རག་བདུད། །རྒབ་འདྲེ་ཡ་མ་དམ་སྲི་ཀུན། །གསེར་ས་རིམ་དགུའི་འོག་རོལ་དུ། །མནན་ནོ་ཐེག་པ་རིམ་དགུའི་རྒྱ། །འདའ་ཞིང་ལྡང་བའི་སྐལ་བ་མེད། །མཐར་ཐུག་སྐུ་གསུམ་མངོན་གྱུར་ཤོག །ཨོཾ་སུམ་བྷ་ནི་སུམ་བྷ་ནི་ཧཱུྃ། གྲིཧྞ་གྲྀཧྞ་ཧཱུྃ། གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ། ཨ་ན་ཡ་ཧོ། བྷ་ག་ཝན། བིདྱཱ་རཱ་ཛ་ཧཱུྃ་ཕཊ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཨེ་ཡཾ་རཾ་བཾ་ལཾ་རྒབ་འདྲེ་དམ་སྲི་སྟཾ་བྷ་ཡ་ནན་ནན། ཞེས་བརྗོད། དེ་ནས་བྲོ་བརྡུང་སོགས་བྱ། དེ་རྗེས་སྒྲུབ་པའི་ཞག་གྲངས་རྫོགས་ཀྱི་བར་དུ་དེའི་སྟེང་དུ་གཏོར་གཞོང་སྦུབས་ལ་འགུགས་གཞུག་མང་དུ་བྱ་ཞིང་། རྩ་སྔགས་དང་། ཨོཾ་བཛྲ་པ་ཎི་མ་མ་རཀྵ༴སོགས། ལན་བདུན་ནམ་ཉེར་གཅིག་སོགས་སྐབས་དང་མཐུན་པར་བརྗོད་ལ་བྲོ་བརྡུང་བྱས་པ་ཁོ་ནས་ཆོག་གོ། །དེ་ལྟར་བྱས་པས་ལས་དང་དངོས་གྲུབ་གང་བསྒྲུབ་ཀྱང་བར་ཆད་མེད་པར་འགྲུབ་པའོ།། འདི་བརྗོད་དགེ་བས་འདིར་ཞུགས་ཀུན། །བར་ཆོད་རྒབ་འདྲེའི་འཚེ་བ་ལས། །རྒྱལ་ནས་ཕྲིན་ལས་དངོས་གྲུབ་རྣམས། །འབད་མེད་ལྷུན་གྱིས་གྲུབ་པར་སྨོན། །ཞེས་རྒབ་འདྲེ་མནན་པའི་ལས་ཚོགས་རྒྱ་གྲམ་འབར་བ་འདི་ཡང་བསྒྲུབ་བརྩོན་དམ་པ་པདྨ་ཚེ་མཆོག་ནས་བསྐུལ་ངོར། སྐུ་གསུམ་དགོངས་མཛོད་ཀྱི་སྒྲུབ་ཐབས་སྤྱིའི་ཆ་ལག་ཏུ་གར་དབང་འཇིགས་མེད་རྣམ་རྒྱལ་གྱིས་བྲིས་པའི་དགེ་བས་རིག་འཛིན་རྣལ་འབྱོར་མཐའ་དག་བར་གཅོད་རྒབ་འདྲེའི་འཚེ་བ་ལས་རྒྱལ་ནས་ཕྲིན་ལས་གང་བརྩམས་ཐོག་མེད་དུ་འགྲུབ་ཅིང་ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག དགེའོ།། དགེའོ།། དགེའོ།།

གཡང་སྒྲུབ་དཔལ་ཡོན་འབུམ་བརྡལ།

དྷརྨཏྲིཀཡཱཀོཥཏྲེཿ པྲསུརསདྷཀཤྲཱིགུཎལཀྵཔརམཱསྟིཿ

དྷརྨཏྲིཀཡཱཀོཥཏྲེཿ པྲསུརསདྷཀཤྲཱིགུཎལཀྵཔརམཱསྟིཿ

དམ་ཆོས་སྐུ་གསུམ་དགོངས་མཛོད་ལས། །གཡང་སྒྲུབ་དཔལ་ཡོན་འབུམ་བརྡལ་བཞུགས། །

སྐུ་གསུམ་བདེ་གཤེགས་ཡོངས་རྫོགས་རྗེ་ལ་འདུད། །འགྲོ་ཀུན་དབུལ་ཕོངས་རྒུད་པ་སེལ་བའི་ཕྱིར། །རིན་ཆེན་མང་སྤྲུལ་ནོར་བདག་རྣམ་ཐོས་སྲས། །བསྒྲུབ་ཐབས་དཔལ་ཡོན་འབུམ་བརྡལ་འདི་རུ་བསྟན། །དེ་ཡང་སྦྱོར་བ་དངོས་གཞི་རྗེས་དང་གསུམ། །དང་པོ་སྦྱོར་བ་ཡོ་བྱད་བཅའ་བཤོམ་ནི། །སྐུ་གསུམ་བླ་མའི་དལ་གྱི་མདུན་ནམ་གཡོན། །སྟེགས་བུ་མདའ་ཚད་གྲུ་བཞི་ཁོད་སྙོམ་ལ། །བ་བྱུང་དྲི་བཟང་སྨན་གྱི་ཁུ་བས་བྱུག །སྣ་ཚོགས་དར་གྱིས་ལེགས་པར་ཁེབ་བྱས་སྟེང་། །རིན་ཆེན་སྨན་དང་འབྲུ་དཀར་ཚོམ་བུར་བརྡལ། །དེ་དབུས་རིན་པོ་ཆེ་ཡི་སྣོད་ནང་དུ། །རིན་ཆེན་འབྲུ་སྨན་དཀར་དང་གཙང་སྦྱར་ཕྱེར། །ལྔ་ཚན་ལྔས་བྲན་མར་གྱིས་སྦྲུས་པ་ལས། །གདན་ཟླུམ་སུམ་བརྩེགས་རིན་ཆེན་ཟུར་བརྒྱད་སྟེང་། །ནོར་ལྷ་སྤྱི་ཡི་སྒྲུབ་གཏོར་ཆ་ལྔ་པ། །རིན་ཆེན་འབར་བའི་དབྱིབས་ལྡན་གསེར་གྱི་མདོག །ནོར་བུའི་འདབ་ལྡན་མཛེས་ཤིང་བརྗིད་པ་བཀོད། །གདན་སྟེང་བང་རིམ་གསུམ་ཀ་རིལ་བུས་བསྐོར། །དེ་མཐར་མར་ཐུད་སུམ་བརྩེགས་དབྱིབས་ཀྱིས་བསྐོར། །རྩེ་རྒྱན་རྒྱལ་མཚན་ནེའུ་ལེས་མཚན་པ་དང་། །ལྔ་སྒྲོམ་ལ་སོགས་རྒྱན་གྱིས་མཛེས་བྱས་པ། །དར་ཚོན་སྐུ་ཙཀ་གདུགས་དང་བཅས་པ་བཤམས། །གཡས་སུ་གཡང་སྒྱེ་དཀར་མོ་ནུ་དགུ་དང་། །གཡོན་དུ་གཏེར་གྱི་བུམ་པ་བཟོ་ལེགས་ནང་། །ནོར་བདག་བསྙེན་བསྒྲུབ་ལས་སྦྱོར་དབྱངས་གསལ་སྔགས། །རྟེན་སྙིང་སྤེལ་ཚིག་དང་བཅས་སེང་ལྡིང་ལ། །དྲིལ་ཏེ་གནོད་སྦྱིན་འཁོར་ལོའི་ལྟེ་བར་བཙུགས། །དེ་མཐར་རྫས་བརྒྱད་སྲིད་རྟགས་རིན་ཆེན་གཟུགས། །མགོ་མཇུག་མ་ལོག་ཕྱོགས་མཚམས་སོ་སོར་བཀོད། །ཁྲིམས་ལྡན་ན་བཟའ་སྔགས་པའི་དམ་རྫས་དང་། །བླ་དཔོན་གདན་ཁྲི་འདུས་སྡེའི་ན་བཟའི་རྡུལ། །རྒྱལ་པོའི་ཨ་ར་བཙུན་མོའི་ཕོར་བ་དང་། །དཔའ་རྒོད་རལ་ཤུབ་ཁ་དྲག་ཅན་གྱི་སྐྲ། །སྐྱེས་པའི་སོར་གདུབ་བུད་མེད་རྣ་བའི་རྒྱན། །རྒྱ་ཡི་རལ་བ་བོད་ཀྱི་ཕྲེང་བའི་རྒྱན། །བུ་བདུན་སྐྱེས་པའི་མ་ཡི་ནོར་གཡུ་དང་། །འཕན་དར་ཕྱུག་པོའི་འབྲུ་ནོར་ཟས་སྣ་དང་། །མཁས་པའི་ལྗགས་དང་བློན་ཆེན་སྙིང་སོགས་རྫས། །དབང་ཆེན་ལག་པ་སྤོས་ཤེལ་ཁབ་ལེན་རྡོ། །རྐྱང་སོགས་རི་དྭགས་རྣ་བ་འབྲོང་བུའི་རྭ། །ཟ་བྱེད་མཆེ་བ་རྙབ་བྱེད་སྡེར་མོ་དང་། །སྣོམ་བྱེད་སྣ་དང་འདབ་ཆགས་བཟང་དགུའི་མཆུ། །གནགས་ལུག་རྟ་ཕྱུག་སོགས་ཀྱི་སྤུ་སྣ་དང་། །དར་ཟབ་གཅན་གཟན་པགས་པའི་རས་མ་དང་། །ས་ཆུ་རྡོ་ཤིང་མེ་ཏོག་བཟང་པོའི་རིགས། །དབང་པོ་རིལ་བུ་གངས་ཀྱི་ཐིགས་པ་དང་། །སེང་གེའི་འོ་མ་གཡུ་འབྲུག་ཁ་ཆུ་དང་། །རྒྱ་མཚོའི་ལྦུ་བ་སྲིན་ཁྱུང་སྡེར་མོ་སོགས། །རིན་ཆེན་སྨན་སྤོས་ཤིང་ཏོག་འབྲུ་སྣའི་རིགས། །ཐམས་ཅད་རྙེད་པ་མཆོག་སྟེ་དེ་མིན་ཀྱང་། །གང་རྙེད་གཙང་སྦྲར་བཅས་ཏེ་ལེགས་པར་བཀང་། །མདུན་དུ་འོ་སྦྲང་ཞོ་མར་ཆང་གི་མཚོ། །དུང་ཟངས་དངུལ་གསེར་གཡུ་རིས་མཚན་པ་བཀོད། །དེ་ཡི་མདུན་ནམ་རྒྱབ་ཕྱོགས་གང་བདེ་བར། །བུ་དགུའི་ཕ་ཡི་མདའ་ལ་དར་སྣ་ལྔ། །གསེར་གཡུ་དུང་གཟི་མེ་ལོང་བྱི་རུ་བཏགས། །གཞན་ཡང་གནོད་སྦྱིན་དགྱེས་པའི་མཐུན་རྫས་དང་། །མཁོ་དགུའི་ཡོ་བྱད་དངོས་སམ་རི་མོ་བཤམས། །དེ་མཐར་མཆོད་རྫས་སྣ་ཚོགས་ལེགས་པར་བཀྲམས། །གཞན་ཡང་གནོད་སྦྱིན་རྒྱུན་གཏོར་རྒྱས་པའི་དབྱིབས། །གཙོ་འཁོར་དགུ་ལྡན་མཐེབ་ཀྱུ་གསུམ་རིམ་བརྩེགས། །རྒྱན་མཛེས་རྫས་ལྡན་སླར་ཡང་དེ་གསོ་ཕྱིར། །རིལ་བུ་བསུང་བཅད་དཀར་རྫས་སྐྱེམས་དང་བཅས། །རྒབ་འདྲེ་མནན་པའི་ལིང་ག་རང་གཞུང་བཞིན། །མནན་ཐོད་རྫས་བཅས་བསགས་ཤིང་མནན་དོང་བརྐོ། །རྡོ་ཤིང་གཞི་ལ་ཐལ་བའི་ཏྲི་བྲིས་སྟེང་། །མི་གཟུགས་གསེར་གྱི་རྣ་ཆ་རྐེད་གྲི་ཅན། །རི་བོང་ཞོན་སྟེང་སྲེག་བྱ་ལྡིང་བ་ཡི། །གཡས་ཀྱིས་ཕྱག་མ་གཡོན་པས་སྣོད་སྟོང་ཐོགས། །དེ་མཐར་ཡས་ལེན་སྲེག་བྱ་ཞོན་པ་བརྒྱད། །འདོད་པའི་ཡས་བདུན་ཆང་བུ་མཐེབ་ཀྱུར་བཅས། །དར་ཚོན་བལ་ཚོན་ནམ་མཁའ་རྒྱང་བུ་བཙུགས། །འོ་ཞོ་ཆང་ལད་ཐལ་རམ་སྦང་ཕྱེའི་ཟན། །ཡོས་ཆག་སྲེ་ལོང་བཀྲུ་བཤལ་བཟའ་བཏུང་ལྷག །ཟོ་རྐྱལ་ཡོལ་གོ་ལ་སོགས་སྣོད་ཀྱི་རིགས། །གོས་ཆད་ཐག་རུལ་ལྷྭམ་གྲད་རྔ་རྔོག་གླུད། །འགོང་པོའི་ཡས་སྟག་མི་ཁའི་རྫས་ཀྱིས་བསྐོར། །དེ་ཉིད་བསྒྲུབ་པའི་གྲལ་གྱི་མཐའ་རུ་བཞག །གཞན་ཡང་འོ་ཆབ་རྡོ་ཐུན་གུལ་ཡུངས་སོགས། །འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་བསགས། །དེ་ནི་སྦྱོར་བ་ཡོ་བྱད་བསགས་པའོ། །གཉིས་པ་དངོས་གཞི་བསྒྲུབ་པའི་རིམ་པ་ནི། །སྐུ་གསུམ་འདུས་པའི་ཐུགས་སྒྲུབ་རྒྱས་བསྡུས་སོགས། །གང་ཡིན་ཕྲིན་ལས་གཞུང་བསྲང་བསྙེན་བསྟོད་རྗེས། །འགུགས་འཆིང་སྡོམ་མྱོས་ལ་སོགས་དམིགས་གནད་དང་། །ལྡན་པས་དམ་སྲི་རྒབ་འདྲེ་ནོན་ངེས་སུ། །མནན་སྟེང་རྡོ་རྗེ་གཞོན་ནུའི་རྟེན་གསུམ་བཞེངས། །དེ་ནས་ལས་བྱེད་མི་འཆི་ཐབ་སྦྱོར་བསྒོམ། །འོ་ཆབ་རྡོ་ཐུན་སྔགས་ཀྱིས་ནུས་ལྡན་བྱ།། ཧཱུྃ་ཧྲཱིཿ སྐུ་གསུམ་ཡེ་ཤེས་སྒྱུ་འཕྲུལ་རྣམ་རོལ་ལས། །རང་རྩལ་མ་འགགས་སྣང་བ་པྲ་ཕབ་བཞིན། །སྐད་ཅིག་དྲན་རྫོགས་ཁྲོ་རྒྱལ་བདུད་རྩི་འཁྱིལ། །ལྗང་ནག་རབ་གཏུམ་མི་བཟད་འབར་བའི་སྐུ། །སྤྱན་གསུམ་མཆེ་གཙིགས་རྫི་སྨིན་མེ་ལྟར་འབར། །དབུ་སྐྲ་དམར་སེར་གྱེན་བརྫིས་རྡོར་ཕྱེད་བརྒྱན། །ཕྱག་གཉིས་རྒྱ་གྲམ་བདུད་རྩིའི་བུམ་པ་བསྣམས། །ཁྲོ་ཆས་ཡོངས་རྫོགས་མེ་ཀློང་པད་ཉིའི་སྟེང་། །བརྐྱང་བསྐུམ་གར་གྱིས་བདུད་སྲིན་འབྱུང་པོ་གནོན། །སྨིན་མཚམས་གློག་འཁྱུག་ཞལ་ནས་ཐོག་སེར་འབེབ། །བགེགས་ཚོགས་མཐར་བྱེད་འཇིགས་པའི་གད་རྒྱངས་སྒྲོགས། །འཁོར་འདས་མཉམ་པར་རོལ་པའི་ཏིང་འཛིན་ཅན། །སྲིད་གསུམ་སྐད་ཅིག་སྒྲོལ་ནུས་མཐུ་ལྡན་གྱུར། །ཨོཾ་བཛྲ་ས་མ་ཡཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷནཿ ན་མོ་ན་མཿཧཱུྃ། ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ༴སོགས། ཤཔྟ་པཉྩ་བ་ལིངྟ་སརྦ་པཱུ་ཛ་ཁཱ་ཧི། ཧཱུྃ་ཧྲཱིཿ སྐུ་གསུམ་བདེ་གཤེགས་ཕྲིན་ལས་འདུས་པའི་དཔལ། །གཏུམ་ཆེན་རབ་འཇིགས་ཡེ་ཤེས་ཁྲོ་བོའི་རྒྱལ། །བགེགས་ཚོགས་མཐར་བྱེད་ཧཱུྃ་སྒྲའི་གད་རྒྱངས་ཅན། །མི་འཆི་ཐབ་སྦྱོར་ཧེ་རུ་ཀ་དཔལ་བསྟོད། །ཐུགས་ཀར་ཉི་སྟེང་ཧཱུྃ་ལྗང་སྔགས་ཀྱིས་བསྐོར། །འོད་འཕྲོས་བདུད་བགེགས་དམ་སྲི་མཐར་བྱས་ནས། །ཁྲོ་བོ་ཀུན་གྱི་མཐུ་སྟོབས་ནུས་བྱིན་བསྡུས། །སྐུ་དང་ཐུན་རྫས་འོ་ཆབ་རྣམས་ལ་བསྟིམས། །བགེགས་ཚོགས་མཐར་བྱེད་མེ་མཚོན་ཐོག་སེར་དང་། །ཉེས་སྐྱོན་དག་བྱེད་ཡེ་ཤེས་བདུད་རྩིར་གྱུར། །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྚ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཞེས་བརྒྱའམ་སྟོང་སོགས་བཟླས་ནས་རྡོ་ཐུན་དང་འོ་ཆབ་ལ་ཕུས་བཏབ། དེ་ནས་གླུད་ལ་ཆབ་བྲན་བསངས་སྦྱངས་བྱ། འབྲུ་གསུམ་ནམ་མཁའ་མཛོད་སྔགས་རྒྱས་བྱིན་རླབས། རཾ་ཡཾ་ཁཾ། ཨོཾ་སྭ་བྷ་ཝ༴སོགས། སྟོང་པའི་ངང་ལས་ཏྲཾ་ལས་གླུད་གཏོར་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་བགེགས་ཚོགས་རྣམས་ཚིམ་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ༴སོགས། སྭཱ་ཧཱ། ལན་གསུམ། མགྲོན་བཀུགས་ཁ་འབར་སྔགས་རྒྱས་ཚིམ་པར་བསྔོ། ཨོཾ་སརྦ་བྷུ་ཏ་ཨ་ཀརྴ་ཡ་ཛ་ཛཿ ལན་གསུམ། ན་མོ་མཆོག་གསུམ་སྐུ་གསུམ་རྩ་གསུམ་སྤྱི་དང་ཁྱད་པར་དུ་སྐུ་གསུམ་བདེ་གཤེགས་ཞི་ཁྲོ་ཡོངས་རྫོགས་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་ཕྱག་བརྙན་དང་བཅས་པའི་བདེན་པ་དང། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་རྣམ་དག་རྟེན་འབྱུང་རྒྱུ་འབྲས་དང་བཅས་པའི་བདེན་པའི་མཐུས། །འགོང་པོའི་རྒྱལ་པོ་གཞོན་ནུ་དཔལ་ལ་སོགས་པའི་འགོང་པོ་བསེ་རག་གི་སྡེར་གཏོགས་པའི་གནོད་བྱེད་འབྱུང་པོ་ཐམས་ཅད་འདོད་རྫས་གླུད་ཡས་འདི་ཉིད་ལེན་པའི་ཕྱིར་དུ་འདིར་མཆིས་པར་གྱུར་ཅིག ཨོཾ་ཊཀྐི་ཧཱུྃ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཡ་ཛཿ ཛཿཧཱུྃ་བཾ་ཧོ། ཞེས་བརྗོད། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། བདུན་ནམ་ཉེར་གཅིག་སོགས་ཀྱིས་མཆོག་སྦྱིན་སེ་གོལ་དང་བཅས་པས་བསྔོས་ལ། མཚན་བཞི་བརྗོད་ཅིང་བདེན་སྟོབས་སྨོན་ལམ་གདབ། དེ་བཞིན་གཤེགས་པ་རིན་ཆེན་མིང་ལ༴སོགས་དང་། ན་མོ་བདག་གི་བསམ་པའི༴སོགས་བརྗོད། ཧཱུྃ་ཧྲཱིཿ སྐུ་གསུམ་བདེ་གཤེགས་ཡོངས་རྫོགས་འདུས་པའི་བཀའ། །ཉོན་ཅིག་སྲིད་གསུམ་དབུལ་འདྲེ་འབྱུང་པོའི་ཚོགས། །མི་ལ་བསེ་རག་རྒྱལ་པོ་གཞོན་ནུ་དཔལ། །འགོང་པོ་སྤུན་དགུ་ཕོངས་བྱེད་སྡེ་རིགས་དཔུང་། །ཚེ་རབས་ལས་ཀྱིས་བསྐྱེད་པའི་ལེན་ཆགས་དང་། །གནས་སྐབས་རྐྱེན་གྱིས་བསྒྱུར་བའི་བགེགས་ཚོགས་ལ། །རྨད་དུ་བྱུང་བ་འདོད་ཡོན་ཡས་སྟག་བདུན། །ལོངས་སྤྱོད་ཀུན་འབྱུང་ཆང་བུ་མཐེབ་ཀྱུར་བཅས། །ནམ་མཁའ་རྒྱངས་བུ་དར་ཚོན་བལ་ཚོན་སོགས། །རང་རང་ཡིད་མཐུན་གླུད་ཡས་རྫས་བསགས་ཏེ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་རབ་སྤེལ་ཞིང་། །མི་ཟད་གཏེར་དུ་བྱིན་གྱིས་བརླབས་ནས་འབུལ། །ལྟོག་འགོང་དབུལ་འདྲེ་སྡེ་དཔུང་སྡོང་ཟླར་བཅས། །ཚིམ་པར་གྱིས་ལ་ལྕགས་རིའི་ཕ་མཐར་དེངས། །གལ་ཏེ་མི་འགྲོ་གནོད་ཅིང་འཚེ་བྱེད་ན། །ཡེ་ཤེས་རོལ་པའི་ཁྲོ་མཚོན་མེ་དཔུང་གིས། །ལུས་སེམས་རྡུལ་དུ་བརླག་པར་གདོན་མི་ཟ། །དེ་བས་མ་འདུག་མྱུར་དུ་ཕྱིར་དེངས་ཤིག །ན་མོ་མཆོག་གསུམ༴སོགས། འབྱུང་པོ་ཐམས་ཅད་འདོད་ཡོན་གླུད་ཀྱི་གཏོར་མ་རྒྱ་ཆེན་པོ་བྱིན་པ་འདིས་ཚིམ་ཞིང་མགུ་བར་གྱིས་ལ་འཇིག་རྟེན་གྱི་ཁམས་འདིར་མ་གནས་པར་ཕྱིར་དེངས་ཤིག ཅི་སྟེ་མི་འགྲོ་བར་གྱུར་ན་ཡེ་ཤེས་ཀྱི་ཁྲོ་རྒྱལ་ཆེན་པོ་བདུད་རྩི་འཁྱིལ་བའི་ཚོགས་རབ་ཏུ་སྤྲོས་ནས་བགེགས་ཁྱེད་རྣམས་ཀྱི་ལུས་སེམས་རྡུལ་དུ་བརླག་པར་འགྱུར་ཏ་རེ། འཁྱིལ་བའི་སྔགས་སོགས་བརྗོད་ཅིང་ཡུངས་དཀར་དང་། །རྡོ་ཐུན་བྲབ་ལ་འདྲེ་འཇིགས་དུད་པ་བདུག །རོལ་མོ་དྲག་ཏུ་འཁྲོལ་རྗེས་འོ་ཆབ་ཀྱིས། །བདག་གནས་ཡོ་བྱད་ཀུན་ལ་བསང་གཏོར་བྱ། །དེ་རྗེས་བསྲུང་བའི་འཁོར་ལོ་བསྒོམ་པ་ནི།། ཧཱུྃ་ཧྲཱིཿ ཕྱི་སྣོད་གཞལ་ཡས་ནང་བཅུད་སྐུ་གསུམ་ལྷ། །ཕྱོགས་མཚམས་ཁྲོ་བོ་མཚོན་ཆ་མེ་གུར་འཁྲིགས། །བསྲུང་བྱེད་མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །བསྐལ་པའི་བར་དུ་སྲ་མཁྲེགས་བརྟན་པར་གྱུར། ཨོཾ་བཛྲ་ཙཀྲ་རཀྵ་རཀྵ་ཧཱུྃ་བྷྲཱུཾ། དེ་ནས་གཡང་གི་དཀྱིལ་འཁོར་སྟེང་། །གཡང་གཏོར་ལྷ་རུ་གསལ་བ་ནི།། ཧཱུྃ་ཧྲཱིཿ སྐུ་གསུམ་བདེ་གཤེགས་ཡེ་ཤེས་ཀློང་ཡངས་ནས། །ཐུགས་རྗེས་ཐབས་མཁས་སྤྲུལ་བསྒྱུར་ཅིར་ཡང་འགྱེད། །རང་མདུན་གཡང་རྫས་དཀྱིལ་འཁོར་གཏོར་མ་བཅས། །དངོས་འཛིན་མཚན་རྟོག་དམིགས་མེད་དབྱིངས་སུ་སྦྱངས། །སྟོང་གསལ་ངང་མདངས་མཁའ་ལ་འཇའ་ཚོན་བཞིན། །བསྲུང་འཁོར་དབུས་སུ་འབྱུང་བ་རིམ་བརྩེགས་སྟེང་། །གླིང་བཞི་རིར་བཅས་སྲིད་གསུམ་དཔལ་ཡོན་རྫོགས། །དེ་སྟེང་བྷྲཱུཾ་ལས་རིན་ཆེན་གཞལ་མེད་ཁང་། །རཏྣའི་ཀ་ཆེན་སྟོང་ཕྲག་བརྒྱད་བརྒྱ་དང་། །ཀ་ཕྲན་དཔག་མེད་རིན་ཆེན་ཀ་ཞུ་དང་། །གདུང་རིང་གདུང་ཕྲན་ཐོག་ཕུབ་ཏོག་དང་བཅས། །རྩིགས་པ་འདོད་སྣམ་ཕ་གུ་དྲ་བ་དང་། །དྲ་ཕྱེད་མདའ་ཡབ་གློ་འབུར་རྟ་བབས་དང་། །རི་དྭགས་ཆོས་འཁོར་གདུགས་དང་རྒྱལ་མཚན་སོགས། །བློ་ལྡན་འབུམ་གྱིས་གཞལ་བར་མི་ནུས་པའི། །ཚད་དང་མཚན་ཉིད་རྒྱན་དང་བཀོད་པ་རྫོགས། །འོག་ཕྱོགས་གཏེར་གྱི་ཁང་པ་དྲུག་ཅུ་དང་། །རིན་པོ་ཆེ་ཡི་མཛོད་མིག་གྲངས་མང་བཅས། །ཕྱི་རོལ་གཏེར་གྱི་བུམ་བཟང་དཔག་བསམ་ཤིང་། །རིན་ཆེན་ལྗོན་ཤིང་ཁྲུས་ཀྱི་རྫིང་བུ་དང་། །མ་རྨོས་འཁྲུངས་པའི་ལོ་ཏོག་འདོད་འཇོའི་བ། །སྐྱེད་མོས་ཚལ་དང་ལྷ་ཡི་ཁང་བཟང་རྣམས། །བརྒྱད་བརྒྱད་སྤེལ་མར་གནས་པས་རབ་ཏུ་མཛེས། །དེ་རྒྱབ་རིམ་གསུམ་འཁོར་ས་དང་པོ་ལ། །ཕྱོགས་དང་མཚམས་སུ་རིན་ཆེན་ཁང་བཟང་བརྒྱད། །སོ་སོར་དཔལ་ཡོན་རྒྱན་དང་བཀོད་པས་མཛེས། །འཁོར་ས་ཐམས་ཅད་གནས་ཁང་ཡོ་བྱད་སོགས། །ཕུན་སུམ་ཚོགས་པའི་ལོངས་སྤྱོད་རྒྱན་གྱིས་མཛེས། །གཞལ་མེད་ཁང་དབུས་ཆུ་སྐྱེས་འབུམ་བརྡལ་སྟེང་། །ཟླ་དཀྱིལ་རྒྱང་གྲགས་ལྔ་བཅུ་ཁྱབ་པས་མཛེས། །དེ་དབུས་མི་འཇིགས་སེང་གེ་དཀར་མོ་ནི། །བརྟན་བརྗིད་རྩལ་རྫོགས་གཡུ་རལ་རྒྱས་པའི་སྟེང་། །གསེར་མདོག་བཻ་ཡིག་འོད་ཀྱི་སྤྲོ་བསྡུ་ལས། །ཡིད་བཞིན་གཏེར་གྱི་བདག་པོ་རྣམ་ཐོས་སྲས། །བཙོ་མ་གསེར་གྱི་བེར་གསོལ་རྒྱན་མང་མཛེས། །མཐོན་མཐིང་ལྕང་ལོ་ཕྱེད་བཅིང་ཟུར་ཕུད་སྟེང་། །རིན་ཐང་གཞལ་མེད་རཏྣའི་པྲོག་ཞུ་གསོལ། །མི་མཐུན་ཕྱོགས་ལས་རྣམ་རྒྱལ་མཚན་རྟགས་དང་། །འདོད་འབྱུང་ནོར་བུ་སྐྱུག་པའི་ནེའུ་ལེ་བསྣམས། །ཞབས་གཉིས་སག་ལྷྭམ་རྒྱལ་ཆེན་རོལ་སྟབས་འགྱིང་། །མདུན་དུ་གཡང་གི་ལྷ་མོ་ནོར་རྒྱུན་མ། །ཕྱག་གཉིས་མཆོག་སྦྱིན་འབྲས་ཀྱི་སྙེ་མ་བསྣམས། །གཡས་སུ་ཆོས་སྤེལ་ལྷ་མོ་གཡང་ལྡན་མ། །ཕྱག་གཉིས་བཻཌཱུར་རྒྱུད་མང་ཆོས་སྒྲ་སྒྲོགས། །གཡོན་དུ་སྲིད་སྤེལ་གནོད་སྦྱིན་དཔལ་ཆེན་མོ། །ཕྱག་གཉིས་ནོར་བུའི་སྙེ་མ་ནེའུ་ལེ་འཛིན། །རྒྱབ་ཏུ་གཡང་སྤེལ་ཀླུ་མོ་དུང་སྐྱོང་མ། །ཕྱག་གཉིས་ཐལ་སྦྱར་ཀླུ་ཡི་ནོར་བུ་འཛིན། །བཞི་ཀ་གསེར་མདོག་སྣ་ཚོགས་དར་གོས་གསོལ། །ལྷ་ཀླུ་གནོད་སྦྱིན་རིན་ཆེན་རྒྱན་གྱིས་མཛེས། །གསུམ་ནི་པད་ཟླར་སྐྱིལ་ཀྲུང་ཕྱེད་པའི་སྟབས། །གཅིག་ནི་སྦྲུལ་མཇུག་རྫིང་བུའི་པདྨར་འཁྱིལ། །མདུན་གཡས་ཕྱུག་ལྷ་ལྗང་གུ་ཟས་གཞོང་ཐོགས། །མདུན་གཡོན་ཛི་ན་ཤར་བྷ་ནོར་བུ་སེར། །གཉིས་ཀ་སྣ་ཚོགས་དར་དང་རིན་ཆེན་སྤྲས། །པད་ཟླའི་གདན་ལ་ཕྱེད་སྐྱིལ་གར་གྱིས་བཞུགས། །དེ་རྒྱབ་ཕྱོགས་མཚམས་བརྒྱད་ཀྱི་ཁང་བཟང་ལ། །ཤར་ནས་བརྩམས་ཏེ་གཡས་སྐོར་རིམ་པ་བཞིན། །ཛཾ་སཾ་པཾ་གཾ་མཾ་པཾ་ཀཾ་པཾ་ལས། །ཛཾ་བྷ་ལ་ནི་གསེར་མདོག་རིན་ཆེན་བུམ། །ཡང་དག་ཤེས་སེར་རལ་གྲི་འབར་བ་བསྣམས། །གང་བཟང་གསེར་མདོག་རིན་ཆེན་བུམ་པ་འཛིན། །འབྲོག་གནས་ནག་པོ་རིན་ཆེན་མདུང་དམར་བསྣམས། །ནོར་བུ་བཟང་པོ་དཀར་པོ་ནོར་བུ་འཛིན། །ལྔས་རྩེན་སེར་སྐྱ་རིན་ཆེན་ཁང་བརྩེགས་བསྣམས། །ཀུ་བེ་ར་ནི་མདོག་ནག་རལ་གྲི་འཛིན། །པི་ཙི་ཀུཎྚ་ལི་དཀར་གྲི་ཕུབ་ཅན། །ཀུན་ཀྱང་གཡོན་པ་གཏེར་གྱི་ནེའུ་ལེ་བསྣམས། །རང་མདོག་རྟར་ཞོན་དཔའ་ཆས་གོ་ཁྲབ་བརྗིད། །སོ་སོའི་བཙུན་མོ་སྲས་བློན་འཁོར་ཚོགས་བཅས། །འཁོར་ས་གཉིས་པར་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་སྟོབས་རྒྱུ་པདྨ་པད་ཆེན་དང་། །དུང་སྐྱོང་རིག་ལྡན་ལ་སོགས་ཀླུ་ཆེན་རྣམས། །ཀླུ་ཕྲན་འབུམ་སྡེ་རང་རང་འཁོར་ཚོགས་བཅས། །འཁོར་ས་ཐ་མར་ལྷ་སྲིན་སྡེ་བརྒྱད་པོ། །སྐུ་མདོག་མ་ངེས་མཚོན་ཆ་སྣ་ཚོགས་འཛིན། །དེད་དཔོན་ཉེར་བརྒྱད་དམར་ནག་གྲི་ཕུབ་བསྣམས། །སྟོབས་ཆེན་སོ་གཉིས་ལྗང་ནག་མདུང་གྲི་འཕྱར། །ཀུན་གྱི་གཡོན་ན་ནེའུ་ལེ་དཔའ་བོའི་ཆས། །རང་རང་འཁོར་ཚོགས་དཔག་མེད་དང་བཅས་གསལ། །བདག་ཉིད་ཐུགས་སྲོག་ཧཱུྃ་ལས་འོད་འཕྲོས་པའི། །སྣ་ལ་ཁྲོ་བོ་འདོད་པའི་རྒྱལ་པོ་སྤྲོས། །ལྕགས་ཀྱུ་ཞགས་པའི་ཕྱག་རྒྱས་སོ་སོ་ཡི། །སྔོན་གྱི་ཐུགས་དམ་གཉན་པོ་རྗེས་དགོངས་ནས། །རྒྱལ་ཆེན་བཙུན་མོ་སྲས་འཁོར་སྤྲུལ་པར་བཅས། །ཐོགས་པ་མེད་པར་མདུན་དུ་སྤྱན་དྲངས་བསམ། །མཛེས་པའི་དར་ཕྱར་སྙན་པའི་དུང་འབུད་ཅིང་། །སྤོས་རོལ་དབྱངས་དང་བཅས་པས་འདི་སྐད་དོ།། ཧཱུྃ་བཻ། རིན་ཆེན་མང་སྤྲུལ་རྒྱལ་ཆེན་རྣམ་ཐོས་སྲས། །སྲིད་གསུམ་དབུལ་སེལ་ས་བརྒྱད་རྣམ་ཐོས་སྲས། །ཐུགས་རྗེ་ཐུགས་དམ་གཉན་པོ་རྗེས་དགོངས་ལ། །སྒྲུབ་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ད་ལྟ་སྙིགས་མ་ལས་ཀྱང་ཆེར་སྙིགས་དུས། །འགྲོ་ཀུན་དུག་ལྔའི་བསམ་སྤྱོད་འཇོལ་ཉོག་སྤྱོད། །རྐྱེན་དེའི་དབང་གིས་ཕྱྭ་གཡང་དཔལ་འབྱོར་རྒུད། །དབུལ་བཀྲེས་སྐོམ་འཁྱག་གདུང་བ་བསམ་མི་ཁྱབ། །ནོར་བདག་སྐྱེས་བུ་ཆེན་པོ་ཁྱོད་ལྟ་བུ། །གཤེགས་ཤིང་བྱོན་པའི་གནས་བཟང་མ་ལགས་ཀྱང་། །ཐུགས་བསྐྱེད་ཞལ་བཞེས་ཡལ་བར་མི་འདོར་ཕྱིར། །བསྟན་པ་བསྲུང་དང་འགྲོ་ལ་ཕན་གདག་སླད། །ཕྱྭ་གཡང་དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་འདིར། །གཤེགས་ནས་རྣལ་འབྱོར་བསམ་པ་བསྒྲུབ་ཏུ་གསོལ། །ཡེ་ཤེས་གཅིག་ལས་གང་འདུལ་རོལ་པའི་གར། །གནོད་སྦྱིན་གཏེར་གྱི་བདག་པོ་རིགས་ཆེན་བརྒྱད། །ཐུགས་ཀྱི་དགྱེས་སྡེ་བཞི་དང་སྲས་མཆོག་བཞི། །རང་རང་ཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ། །གེགས་ཞི་ཚེ་འཕེལ་ལོངས་སྤྱོད་རྒྱས་པ་དང་། །མོས་ཚོགས་དབང་བསྡུད་ཞིང་བཅུ་སྒྲོལ་བའི་ཕྱིར། །འཁོར་ས་དང་པོར་བཞུགས་པའི་རྟ་བདག་བརྒྱད། །བསྒྲུབ་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ལོངས་སྤྱོད་ཕྱྭ་གཡང་དངོས་གྲུབ་སྩོལ་བ་དང་། །ལས་བཞི་གང་བརྩམ་ཐོགས་མེད་སྒྲུབ་པའི་ཕྱིར། །འཁོར་ས་བར་མར་གནས་པའི་ཀླུ་ཆེན་བརྒྱད། །ཀླུ་ཕྲན་འབུམ་དང་བཅས་ཏེ་འདིར་སྤྱོན་ཅིག །འཁོར་ས་ཐ་མར་ལྷ་སྲིན་སྡེ་བརྒྱད་དང་། །དེད་དཔོན་ཉེར་བརྒྱད་སྟོབས་ཆེན་སུམ་ཅུ་གཉིས། །སྤྲུལ་འཁོར་གནོད་སྦྱིན་བྱེ་བ་འབུམ་འབུམ་སོགས། །རབ་འབྱམས་ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །མདོར་ན་ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ནོར་ལྷ་གཡང་ལྷ་ཟས་གོས་ལོངས་སྤྱོད་ལྷ། །བྱང་ཕྱོགས་གནོད་སྦྱིན་གནས་སུ་བཞུགས་སོ་ཅོག །མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཨོཾ་བཻ་ཤྲཱ་མ་ཎ་སརྦ་ས་པཱ་རི་ཝ་ར་ཨེ་ཧྱ་ཧི་བཛྲ་ས་མ་ཡཱ་ཛ་ཛཿཧཱུྃ་བཾ་ཧོཿ ཞེས་པས་སྤྱན་དྲངས་རྗེས་སུ་འབྲང་བའི་བགེགས། །བསྐྲད་ཕྱིར་ཐུན་བྲབ་དྲག་པོའི་རོལ་མོ་བྱ།། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྚ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བཛྲ་ཡཀྴ་ཀྲོ་དྷ་ཛྭ་ལ་རཾ་ཛྭ་ལ་རཾ་ཕཊ་རཾ་ཕཊ་རཾ། ཞེས་སོགས་དྲག་སྔགས་མང་དུ་བརྗོད་བྱས་ལ། །རཀྵའི་སྔགས་ཀྱིས་བསྲུང་འཁོར་ཡང་གསལ་གདབ། །དེ་འཕྲལ་བརྟན་བཞུགས་བྱིན་རླབས་དབང་བསྐུར་བྱ།། ཧཱུྃ་བཻ། བདེ་གཤེགས་རིན་ཆེན་མང་སྤྲུལ་གནོད་སྦྱིན་དབང་། །མགོན་པོ་གནས་བསྲུང་ནོར་མང་རྣམ་ཐོས་སྲས། །བཙུན་མོ་སྲས་དང་བཀའ་འཁོར་སྤྲུལ་པར་བཅས། །དམ་ཡེ་དབྱེར་མེད་བརྟན་པར་བཞུགས་སུ་གསོལ། །བཛྲ་ས་མ་ཡཱ་ཏིཥྛནྟུ། ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཨོཾ་བཻ་སྭཱ་ཧཱ། བཻ།རིང་མིག་འཛུམ་སོ་གཉིས་ཡུན་ཙམ་བརྗོད། ནོར་བདག་ཐུགས་ཀར་པདྨ་འདབ་བརྒྱད་པའི། །འདབ་མ་རེ་རེར་བཻ་ཡིག་བཞི་བཞིར་ལྡན། །བདག་མདུན་ཐུགས་ཀའི་འོད་ཟེར་ལྕགས་ཀྱུས་སྦྲེལ། །འཕྲོས་པའི་འོད་ཀྱིས་སྐུ་གསུམ་ལྷ་ཚོགས་བསྐུལ། །དབང་ལྷས་དབང་བསྐུར་རིན་འབྱུང་དབུ་བརྒྱན་ཅིང་། །གནས་གསུམ་རྡོ་རྗེའི་ཡི་གེས་མཚན་པར་གྱུར། །ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཾ། ཨོཾ་ཨཱཿཧཱུྃ། མཆོད་རྫས་བསང་སྦྱངས་བྱིན་གྱིས་བརླབས་བྱས་ནས། །ནོར་ལྷ་འཁོར་དང་བཅས་ལ་འབུལ་བ་ནི། །ཞེས་པས་བྱིན་གྱིས་བརླབས་ལ། ཀུཎྚ་ལིས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་མཆོད་པའི་བྱེ་བྲག་དཔག་ཏུ་མེད་པ་སྲིད་ཁམས་ཡོངས་སུ་གང་ཞིང་དཔལ་ཡོན་ཕུན་སུམ་ཚོགས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་པདྱཱཾ༴སོགས། ཤཔྟ་སརྦ་པཱུ་ཛ་ས་མ་ཡ་ཨཱཿཧཱུྃ། ཧཱུྃ་བཻ། རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །ལྷ་རྫས་མཆོད་པའི་བྱེ་བྲག་རྨད་བྱུང་བ། །དྭངས་ཤིང་ཡིད་འོང་དྲི་མེད་མཆོད་ཡོན་རྒྱུན། །ཡན་ལག་བརྒྱད་ལྡན་ཞབས་བསིལ་ཁྲུས་ཀྱི་རྫིང་། །ཆུ་དང་ཐང་སྐྱེས་ཡིད་བྱུང་མེ་ཏོག་ཚོགས། །ལྷན་སྐྱེས་གཙང་སྦྱར་དྲི་ཞིམ་སྤོས་ཀྱི་སྤྲིན། །ཉི་ཟླ་ནོར་བུ་སྣང་བྱེད་སྒྲོན་མེའི་འོད། །དྲི་ཞིམ་ངད་ལྡན་གདུང་སེལ་ལྷ་ཡི་ཆབ། །རོ་མཆོག་བརྒྱ་ལྡན་བཟའ་བཅའ་བལྡག་གཞིབ་ཟས། །སྙན་འཇེབས་སྒྲ་དབྱངས་རོལ་མོ་སྣ་ཚོགས་དང་། །འདོད་ཡོན་རྒྱལ་སྲིད་རིན་ཆེན་རྫས་རྟགས་རིགས། །དཔག་བསམ་སྐྱེད་ཚལ་ཅང་ཤེས་འདོད་འཇོའི་བ། །མ་རྨོས་ལོ་ཏོག་གཏེར་བུམ་ནོར་བུའི་མཛོད། །གོས་སྔོན་ལུང་ཐང་ཕྲེང་བ་སྨན་སྤོས་དྲི། །འབྲུ་སྣ་སྙིང་པོ་འབྲས་བུ་དམ་རྫས་སོགས། །རྒྱལ་ཆེན་རྣམ་སྲས་འཁོར་བཅས་དགྱེས་སྐོང་སྤྲིན། །མ་ཚངས་མེད་པའི་མཆོད་བརྟེན་སྒྲུབ་རྫས་ཚོགས། །གུས་པས་འབུལ་ལོ་དགྱེས་བཞེས་དངོས་གྲུབ་སྩོལ། །ཨོཾ་བཻ་ཤྲ་མ་ཎ་སརྦ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་པདྱཱཾ༴སོགས། ཤཔྟ་མ་ཧཱ་སརྦ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མ་ཧཱ་ཛྙཱ་ན་ཨ་མྲྀ་ཏ་ས་མ་ཡཱ་སརྦ་པཱུ་ཛ་བྷ་ལིངྟ་ཁཱ་ཧི། ཨ་མྲྀ་ཏ་པཱུ་ཛ་ས་མ་ཡཱ་ཨོཾ་ཨཱཿཧཱུྃ། ཞེས་མཆོད་བརྗིད་པའི་དབྱངས་བཅས་འདི་སྐད་དོ།། ཧཱུྃ་བཻ། དཔལ་ལྡན་ཞིང་གི་སྟོན་མཆོག་རིན་ཆེན་མིང་། །མཁའ་མཉམ་འགྲོ་བའི་དབུལ་ཕོངས་རྒུད་པ་ཀུན། །སེལ་ཕྱིར་ནོར་མང་རྒྱལ་པོའི་སྐུར་སྤྲུལ་པ། །ས་བརྒྱད་དབང་ཕྱུག་གནས་སྲུང་མགོན་པོར་བསྟོད། །སྲིད་སྐྱོན་ལས་འདས་གེ་སར་སྙིང་པོའི་དབུས། །འཇིགས་ཚོགས་ཀུན་བྲལ་གདོང་ལྔའི་དབང་པོའི་སྟེང་། །ཉི་གཞོན་འབུམ་ལས་ལྷག་པའི་གཟི་བྱིན་ཅན། །ངལ་གསོའི་དགེ་བ་སྟོབས་པོ་ཆེ་ལ་བསྟོད། །ཕྱག་གཡས་རྒྱལ་མཚན་འཁོར་གྱི་འཁུ་ལྡོག་འཇོམས། །གཡོན་པས་ནེའུ་ལེས་འགྲོ་བའི་དབུལ་བ་སེལ། །རིན་ཆེན་པྲོག་ཞུས་མངོན་མཐོའི་དཔལ་ཡོན་སྩོལ། །འདོད་འབྱུང་གཏེར་གྱི་བདག་པོ་ཁྱོད་ལ་བསྟོད། །དཔལ་ཆེན་མོ་སོགས་དགྱེས་སྐོང་བཙུན་མོ་བཞི། །གར་མཁན་མཆོག་སོགས་སྤྲུལ་པའི་སྲས་པོ་བཞི། །ཛཾ་བྷ་ལ་སོགས་རྟ་བདག་གནོད་སྦྱིན་བརྒྱད། །མཐའ་ཡས་ལ་སོགས་ཀླུ་ཆེན་བརྒྱད་རྣམས་བསྟོད། །གཞན་ཡང་དྲེགས་པ་སྡེ་བརྒྱད་ནོར་ལྷའི་ཚོགས། །དེད་དཔོན་ཉེར་བརྒྱད་སྟོབས་ཆེན་སུམ་ཅུ་གཉིས། །གནོད་སྦྱིན་བྱེ་བ་བདུན་འབུམ་ལ་སོགས་པ། །ཡེ་ཤེས་འཇིག་རྟེན་ནོར་ལྷའི་ཚོགས་ཀུན་བསྟོད། །མི་མཐུན་འཇིགས་ཚོགས་བྲེལ་ཕོངས་དབུལ་བ་སོལ། །ཚེ་བསོད་དཔལ་འབྱོར་སྟོབས་རྩལ་སྙན་གྲགས་སྤེལ། །སྲིད་ཆོས་མོས་བཞི་སྣང་བ་དབང་དུ་བསྡུས། །རྒབ་འདྲེ་བསེ་རག་ཕུང་བྱེད་རྡུལ་དུ་རློགས། །སྲིད་ཞིའི་ཕྱྭ་གཡང་ལེགས་ཚོགས་ཡོན་ཏན་ཀུན། །འབད་མེད་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། །ཞེས་བསྟོད་བཟླས་དམིགས་གསལ་གདབ་འདི་ལྟར་བཟླ།། ནོར་ལྷའི་ཐུགས་ཀར་ཉི་སྟེང་བཻ་གསེར་མདོག །བཟླ་བྱའི་སྔགས་ཀྱིས་གཡས་སུ་བསྐོར་བར་བསམ། །བདག་བསྐྱེད་ཐུགས་ཀའི་འོད་འཕྲོས་དེར་ཕོག་པས། །འཁོར་བཅས་ཐུགས་དམ་ཞལ་བཞེས་རྗེས་དགོངས་ནས། །འཁོར་རྣམས་ཀུན་གྱིས་གང་བཅོལ་ལས་བསྒྲུབ་ཕྱིར། །གཙོ་བོས་ཕྱྭ་གཡང་དངོས་གྲུབ་ཀུན་བསྩལ་དམིགས།། ཨོཾ་བཻ་སྭཱ་ཧཱ། ཉེ་སྙིང་ངོ།། ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ། སྙིང་པོའོ།། ཨོཾ་བཻ་ཤྲ་མ་ཎ་ཡེ་མ་ཧཱ་ཡཀྴ་སརྦ་ས་མ་ཡ་ཙིཏྟ་ཧྲིང་ཧྲིང་ཛ་ཛཿསིདྡྷི་ཕ་ལ་ཧཱུྃ་བྷྲཱུྃཿ རྩ་སྔགས་སོ།། ཨོཾ་ཛཾ་བྷ་ལ་ཡེ་སྭཱ་ཧཱ། ཨོཾ་སཾ་པྲ་ཛྙཱ་ན་ཡེ་སྭཱ་ཧཱ། ཨོཾ་པུརྞ་བྷ་དྲ་ཡེ་སྭཱ་ཧཱ། ཨོཾ་གུ་ཧྱ་སྠ་ན་ཡེ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲ་ཡེ་སྭཱ་ཧཱ། ཨོཾ་པཉྩི་ཀ་ཡེ་སྭཱ་ཧཱ། ཨོཾ་ཀུ་བཻ་ར་ཡེ་སྭཱ་ཧཱ། ཨོཾ་པི་ཙི་ཀུཎྚ་ལི་ཡེ་སྭཱ་ཧཱ། འཁོར་གནོད་སྦྱིན་བརྒྱད་ཀྱི་སྔགས་སོ།། ན་མོ་རཏྣ་དྲ་ཡཱ་ཡ། ཏདྱཐཱ། སི་མི་སི་མི། སུ་མུ་སུ་མུ། ཙནྡྷ་ཙནྡྷ། ས་ར་ས་ར། ཀ་ར་ཀ་ར། ཀི་ལི་ཀི་ལི། ཀུ་རུ་ཀུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། ས་དཱ་ཡ་ཨཏྨ་ན་ནི་ཏྱ་ན་ཙན་དཱ་དྷུ་སྭཱ་ཧཱ། དཱ་ན་དྷ་ཡེ་སྭཱ་ཧཱ། ན་མོ་ར་ཐ་ན་པ་རི་པཱུ་ར་ཡ་སྭཱ་ཧཱ། མ་ཧཱ་པུཎྱེ་ཛྙ་ན་པུཥྚཾ་ཀུ་རུ་ཧཱུྃ་བྷྲུཾ། ནོར་ལྷ་སྤྱིའི་སྔགས་སོ།། ཨོཾ་བཛྲ་ཡཀྴ་ཀྲོ་དྷ་ཛྭ་ལ་རཾ་ཛྭ་ལ་རཾ་ཕཊ་རཾ་ཕཊ་རཾ། ལས་སྦྱོར་གྱི་སྔགས་སོ།། དེ་ནས་དམ་རྫས་གཏོར་མ་འབུལ་བ་ནི། རྒྱས་གཏོར་དཀར་མངར་རྒྱན་གྱིས་མཛེས་པ་བཤམས། འཁྱིལ་བའི་སྔགས་ཀྱིས་བསངས་ཤིང་སྭ་བྷས་སྦྱངས། སྟོང་པའི་ངང་ལས་རིན་ཆེན་སྣོད་ཡངས་པར། །རིན་ཆེན་སྨན་སྤོས་འབྲུ་སྙིང་རྩི་བཅུད་དྲི། །ལེགས་པར་སྦྱར་བའི་དམ་རྫས་གཏོར་ཆེན་པོ། །འབྲུ་གསུམ་སྔགས་ཀྱིས་སྦྱངས་སྤེལ་བདུད་རྩིར་བསྒྱུར། །ཞེས་བསམ། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་བརྗོད། ནོར་ལྷ་འཁོར་བཅས་ལྗགས་ཀྱི་སྦུ་གུ་ཡིས། །གཏོར་མའི་བཅུད་རྣམས་དྲངས་ཤིང་གསོལ་བ་ཡིས། །དགྱེས་ཤིང་ཚིམ་ནས་ཚེ་ཆོས་སྲིད་ནོར་བཞིའི། །ཕྱྭ་གཡང་དངོས་གྲུབ་མ་ལུས་བསྩལ་བར་མོས། །ཨོཾ་བཻ་ཤྲ་མ་ཎ་ཡེ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ༴སོགས། ཁཾ་སྭཱ་ཧཱ། ལན་བདུན། ཨོཾ་ཙ་ཏུར་བཱ་སུ་དྷེ་ཝཱི་ཙ་ཏུར་ཡཀྴ་པུ་དྲ་ཡེ་ཨ་ཀ་རོ༴སོགས། ཕཊ་སྭཱ་ཧཱ། ལྔ། ཨོཾ་ཨཥྚ་ན་ག་ཤ་ཏ་ས་ཧ་པྲ་ཀོ་ཊི་ཡཀྵ་རཀྵ་ས་ཨེ་དཾ་བྷ་ལིང་ཏ་གྷྲྀ་ཧྞནྟུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་མ་མ་སརྦ་ཀརྨ་ས་དྷ་ཨ་མོ་གྷ་ཡ་སྭཱ་ཧཱ། གསུམ་སྟེ་སྔགས་རྣམས་བདུན་ལྔ་གསུམ་བརྗོད་རིམ་པར་འབུལ། མཆོད་བསྟོད་བྱ་ཞིང་གཡང་འགུགས་དམིགས་འདོན་གྱེར། ཞེས་པར། ཧཱུྃ་ཧྲཱིཿ དངོས་འབྱོར་ཡིད་སྤྲུལ་ཏིང་འཛིན་ལས་བྱུང་བའི། །ནོར་ལྷ་འཁོར་བཅས་དགྱེས་སྐོང་མཆོད་པའི་སྤྲིན། །གུས་པས་འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་། །ཕྱྭ་གཡང་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་བཻ་ཤྲ་མ་ཎ་ཡ་སརྦ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་པཱདྱཾ༴སོགས། ཤཔྟ་མ་ཧཱ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཧཱུྃ་བཻ། རིན་ཆེན་མང་སྤྲུལ་ནོར་བདག་རྣམ་ཐོས་སྲས། །བཙུན་མོ་སྲས་དང་བློན་བློན་པོ་སྤྲུལ་བ་སོགས། །མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ལོངས་སྤྱོད་འདོད་དགུའི་དངོས་གྲུབ་མྱུར་དུ་སྩོལ།། ༢ བདག་གི་ཐུགས་ཀ་ནས་འོད་ཟེར་སེར་པོ་གསེར་གྱི་མདོག་ལྟ་བུ་འཕྲོས། ནོར་ལྷ་འཁོར་དང་བཅས་པའི་ཐུགས་ཀར་ཕོག དེ་རྣམས་ཀྱི་ཐུགས་ཀ་ནས་གསེར་བཙོ་མའི་མདོག་ཅན་གྱི་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་སྐུ་གསུམ་བདེ་གཤེགས་སྲས་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་ཐམས་ཅད་ཀྱི་བྱིན་རླབས་དབང་དང་དངོས་གྲུབ། ཕྱི་སྣོད་འབྱུང་བ་ལྔའི་དྭངས་བཅུད་བཀྲག་མདངས། ནང་བཅུད་འགྲོ་བའི་ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་སྟོབས་རྩལ་དབང་ཕྱུག་མངའ་ཐང་ལོངས་སྤྱོད་སོགས་སྲིད་དང་ཞི་བའི་ཕྱྭ་གཡང་དངོས་གྲུབ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པའམ། རིན་པོ་ཆེ་སྦུར་ལེན་ལ་རྡུལ་ཚོགས་འདུས་པ་ལྟར་འུབ་ཀྱིས་བསྡུས་ཤིང་ནོར་མང་རྣམ་ཐོས་སྲས་འཁོར་དང་བཅས་པའི་ཕྱྭ་དང་གཡང་གི་དངོས་གྲུབ་ཐམས་ཅད་འོད་ཟེར་སེར་པོའི་རྣམ་པར་འདུས་ཏེ་བདག་གནས་ཡོ་བྱད་ཐམས་ཅད་ལ་ཐིམ་པས་ལེགས་པའི་ཡོན་ཏན་ཐམས་ཅད་དབྱར་གྱི་མཚོ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་བར་བསམ་ལ། སྣ་ཚོགས་སྤོས་དུད་རོལ་མོ་དབྱངས་དང་བཅས། །གཡང་རྟེན་མདའ་དར་ཐོག་ལ་འདི་སྐད་དོ།། ཧཱུྃ་ཧྲཱིཿ སྐུ་གསུམ་རྒྱལ་བའི་ཞིང་ཁམས་ཐམས་ཅད་ནས། །སྐུ་གསུམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། །ཕྱྭ་གཡང་དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་འདིར། །ཕྱྭ་གཡང་དངོས་གྲུབ་སྩོལ་ཕྱིར་བྱིན་ཕོབ་ཅིག །ངོ་བོ་ཀ་དག་བློ་འདས་ཆོས་དབྱིངས་ནས། །ཆོས་སྐུའི་སྟོན་མཆོག་མགོན་པོ་འོད་མི་འགྱུར། །ཀུན་བཟང་འོད་སྣང་མཐའ་ཡས་འཁོར་དང་བཅས། །སྒྲུབ་པའི་གནས་འདིར་ཕྱྭ་དང་གཡང་ལ་སྤྱོན། །ཆོས་སྐུའི་ཕྲིན་ལས་མཛད་མཆོག་སོ་དྲུག་གིས། །འཕོ་འགྱུར་མེད་པ་རྡོ་རྗེ་སྙིང་པོའི་ཚེ། །ཡོངས་གྲུབ་འདུས་མ་བྱས་པ་དོན་དམ་གཡང་། །རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་དཔལ་ཡོན་སྩོལ། །རང་བཞིན་གསལ་སྟོང་ལྷུན་གྲུབ་དག་ཞིང་ནས། །ངེས་པ་ལྔ་ལྡན་རིགས་ལྔའི་ལོངས་སྤྱོད་རྫོགས། །སྐུ་དང་ཡེ་ཤེས་རང་སྣང་གཙོ་འཁོར་ཚུལ། །སྒྲུབ་པའི་གནས་འདིར་ཕྱྭ་དང་གཡང་ལ་སྤྱོན། །ཟབ་ཅིང་རྒྱ་ཆེ་ལོངས་སྐུའི་ཕྲིན་ལས་ཀྱི། །བདེ་སྟོང་འགགས་མེད་ཚངས་ཆེན་རྔ་སྒྲའི་ཚེ། །གངས་ཆེན་མཚོ་ལྔའི་ཞིང་གི་ཕྱྭ་དང་གཡང་། །བླ་མེད་རྣམ་པ་ཀུན་ལྡན་དཔལ་ཡོན་སྩོལ། །ཐུགས་རྗེ་ཀུན་ཁྱབ་འགྲོ་འདུལ་ཞིང་རྣམས་ནས། །ཕུན་སུམ་ཚོགས་པ་ལྔ་ལྡན་སྤྲུལ་པའི་སྐུ། །མ་ངེས་གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས། །སྒྲུབ་པའི་གནས་འདིར་ཕྱྭ་དང་གཡང་ལ་སྤྱོན། །མཁྱེན་བརྩེ་ནུས་བྱིན་ཕྲིན་ལས་མཐའ་ཡས་པས། །སྐྱེ་འཆི་བགྲེས་རྒུད་མེད་པ་རྡོ་རྗེའི་ཚེ། །དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྱྭ་དང་གཡང་། །ཕན་བདེ་ཀུན་འབྱུང་དཔལ་ཡོན་ཕུན་ཚོགས་སྩོལ། །ཁྱད་པར་དཔལ་ལྡན་མཛེས་པའི་ཞིང་ཁམས་ནས། །ཕོངས་པ་ཀུན་སེལ་བདེ་གཤེགས་རིན་ཆེན་མིང་། །བསོད་ནམས་མཆོག་སྩོལ་གཙོ་འཁོར་སྤྲུལ་པར་བཅས། །སྒྲུབ་པའི་གནས་འདིར་ཕྱྭ་དང་གཡང་ལ་སྤྱོན། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ། །སྲིད་ཞིའི་ཚེ་བསོད་དཔལ་འབྱོར་འདོད་དགུའི་གནས། །ཕུན་སུམ་ཚོགས་པའི་ཡོན་ཏན་མ་ལུས་ཀུན། །འཕེལ་ཞིང་རྒྱས་པའི་དངོས་གྲུབ་དུས་འདིར་སྩོལ། །མཁའ་ཁྱབ་སྤྲུལ་པའི་ཞིང་མཆོག་དཔལ་རི་ནས། །སྐུ་གསུམ་བདེ་གཤེགས་ཀུན་དངོས་པདྨ་འབྱུང་། །གང་ལ་གང་འདུལ་གཙོ་འཁོར་སྤྲུལ་པར་བཅས། །སྒྲུབ་པའི་གནས་འདིར་ཕྱྭ་དང་གཡང་ལ་སྤྱོན། །རྨད་བྱུང་མཛད་པ་བསམ་གྱིས་མི་ཁྱབ་པས། །རབ་འབྱམས་སྐུ་གསུམ་ཞིང་ཁམས་མ་ལུས་པའི། །ཚེ་དཔལ་ཆོས་སྲིད་ལེགས་པའི་ཡོན་ཏན་ཀུན། །དེང་འདིར་བདག་ལ་ཡོངས་རྫོགས་སྩལ་དུ་གསོལ། །བྱང་ཕྱོགས་རིན་ཆེན་སྣ་བདུན་གཞལ་ཡས་ནས། །ལོངས་སྤྱོད་གཏེར་གྱི་བདག་པོ་རྣམ་ཐོས་སྲས། །བཙུན་མོ་སྲས་བློན་བཀའ་སྡོད་སྤྲུལ་འཁོར་བཅས། །སྒྲུབ་པའི་གནས་འདིར་ཕྱྭ་དང་གཡང་ལ་སྤྱོན། །གནོད་སྦྱིན་ལྷ་ཀླུ་དྲེགས་པའི་ཚོགས་རྣམས་ཀྱི། །འཆི་མེད་ཚེ་དང་རྒུད་མེད་ལང་ཚོ་མདངས། །འཛད་མེད་ལོངས་སྤྱོད་དཔལ་འབྱོར་ཡོན་ཏན་ཀུན། །བདག་ཅག་རྣམས་ལ་བྱིན་ཕོབ་དངོས་གྲུབ་སྩོལ། །བུ་དཔལ་རིགས་རྒྱུད་གསལ་བའི་དངོས་གྲུབ་སྩོལ། །མི་ཕྱུགས་སྲིད་ཀྱི་རྒྱུད་འགབ་འཕེལ་བརྟན་མཛོད། །བསམ་པའི་དོན་དང་གཉེར་བའི་ལས་རྣམས་ཀུན། །འབད་མེད་ཡིད་བཞིན་འགྲུབ་པའི་དངོས་གྲུབ་སྩོལ། །འོག་མིན་མཁའ་སྤྱོད་གཡུ་ལོ་བཀོད་སོགས་ནས། །མི་གཡོ་མགོན་དང་དབང་ཕྱུག་འདོད་པའི་རྒྱལ། །གཙུག་ཏོར་རྣམ་པར་རྒྱལ་དང་གདུགས་དཀར་མོ། །མྱུར་མ་དཔའ་མོ་སོ་སོར་འབྲང་མ་སོགས། །དབང་ཐང་བུ་དཔལ་སྩོལ་མཛད་མ་ལུས་ཀུན། །དེ་རིང་གནས་འདིར་ཕྱྭ་དང་གཡང་ལ་སྤྱོན། །རྨངས་པོའི་སྲིད་སྤེལ་བརྒྱུད་འཛིན་བུ་དཔལ་སྩོལ། །ནད་གདོན་རྐྱེན་ངན་བར་ཆད་དབྱིངས་སུ་སོལ། །ཆོས་དང་སྲིད་ཀྱི་ལེགས་ཚོགས་དཔལ་ཡོན་ཀུན། །འཕེལ་རྒྱས་བརྟན་པའི་ཕྱྭ་གཡང་དངོས་གྲུབ་སྩོལ། །འཇིག་རྟེན་མེས་པོ་ཚངས་པ་ཆེན་པོ་དང་། །ཁམས་གསུམ་དབང་ཕྱུག་སྲིད་པའི་ལྷ་ཆེན་པོ། །རྩ་གསུམ་ལྷ་ཡི་དབང་པོ་བརྒྱ་བྱིན་སོགས། །ཕྱྭ་གཡང་དངོས་གྲུབ་སྟེར་བའི་ལྷ་རྣམས་ཀྱང་། །དེ་རིང་གནས་འདིར་ཕྱྭ་དང་གཡང་ལ་སྤྱོན། །ཁམས་གསུམ་ལྷ་ཡི་དཔལ་འབྱོར་གཡང་ཆར་ཕོབ། །འོག་ཕྱོགས་སྲིད་པའི་བདག་པོ་འདོད་སྟེར་དཔལ། །ཀླུ་དབང་དགའ་བོ་ཉེར་དགའ་སོག་མ་མེད། །མི་མགོན་དཀར་པོ་གཙུག་ན་རིན་ཆེན་སོགས། །ལེགས་ཚོགས་ཀུན་སྤེལ་ཀླུ་གཉན་ས་བདག་ཀུན། །དེ་རིང་གནས་འདིར་ཕྱྭ་དང་གཡང་ལ་སྤྱོན། །ལོངས་སྤྱོད་རིན་ཆེན་གཏེར་གྱི་དངོས་གྲུབ་སྩོལ། །སྟོང་གསུམ་སྲིད་པའི་གཉན་རྗེ་མཐུ་བོ་ཆེ། །སྐུ་བླ་གེར་འཛོ་ཏི་སེ་གཉན་ཐང་ལྷ། །རྨ་ཆེན་སྤོམ་ར་སྟོང་ཁྱབ་བསྟན་མ་སོགས། །སྐྱེ་དགུའི་བསམ་འཕེལ་ཀླུ་གཉན་ས་བདག་རྣམས། །དེ་རིང་གནས་འདིར་ཕྱྭ་དང་གཡང་ལ་སྤྱོན། །རྨ་གཡང་ལོངས་སྤྱོད་འདོད་དགུའི་ཆར་ཆེན་ཕོབ། །སྲིད་ཞིའི་བདེན་གསུང་མངའ་བ་ཐམས་ཅད་ཀྱི། །བདེན་པའི་སྟོབས་དང་ཐུགས་བསྐྱེད་སྨོན་ལམ་མཐུས། །རབ་འབྱམས་ཕྱོགས་བཅུའི་ཞིང་གི་དཔལ་ཡོན་དང་། །རྒྱལ་བ་སྲས་བཅས་མཁྱེན་བརྩེའི་ནུས་བྱིན་དཔལ། །ཕྱི་སྣོད་འབྱུང་ལྔའི་བཀྲག་མདངས་དྭངས་མའི་བཅུད། །ནང་བཅུད་སྐྱེ་འགྲོའི་ཚེ་བསོད་དཔལ་འབྱོར་གཡང་། །སྲིད་དང་ཞི་བའི་ཕུན་ཚོགས་མ་ལུས་པ། །དེ་རིང་གནས་འདིར་ཕྱྭ་དང་གཡང་དུ་ལེན། །མཁས་གྲུབ་ཁྲིམས་ལྡན་བཤེས་གཉེན་བླ་སློབ་མཆེད། །དམ་གཙང་སྣོད་ལྡན་རིགས་བཟང་བློ་གསལ་བ། །དགེ་འདུན་སྡེ་གཉིས་ཚོགས་བཅས་དབང་འདུས་ནས། །རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་དངོས་གྲུབ་སྩོལ། །རྒྱལ་པོ་རྒྱལ་ཕྲན་བློན་པོ་མི་ཆེན་གཙོ། །དབང་ཆེ་རྩལ་དྲག་འབྱོར་ལྡན་སྦྱིན་བདག་འབངས། །སྐྱེ་འགྲོ་ཕོ་མོ་ཐམས་ཅད་དབང་འདུས་ནས། །སྒོ་གསུམ་དགེ་ལ་སྦྱོར་བའི་དངོས་གྲུབ་སྩོལ། །གཟུགས་ཅན་གཟུགས་མེད་ལྷ་འདྲེ་མི་མ་ཡིན། །དྲི་ཟ་སྲིན་པོ་མཁའ་རྒྱུ་འབྱུང་པོའི་སྡེ། །ལོག་འདྲེན་གདུག་པ་ཅན་རྣམས་དབང་གྱུར་ཏེ། །བསྒྲུབ་པའི་བར་ཆད་སེལ་བའི་དངོས་གྲུབ་སྩོལ། །སྟོབས་རྩལ་བཀྲག་མདངས་བླ་ཚེ་སྲོག་དབུགས་དྲོད། །ཁ་རྗེ་རླུང་རྟ་སྙན་གྲགས་དཔལ་འབྱོར་གཡང་། །རིན་ཆེན་འབྲུ་ནོར་རྐང་འགྲོས་དབང་འབྱོར་བས། །འདོད་རྒུའི་ལོངས་སྤྱོད་འཛད་མེད་དངོས་གྲུབ་སྩོལ། །དངོས་གྲུབ་གཏེར་མཛོད་རྒྱལ་ཆེན་རྣམ་སྲས་ཀྱིས། །དགོས་འདོད་རེ་སྐོང་དངོས་གྲུབ་གཡང་ཆེན་སྩོལ། །བཙུན་མོ་རྣམ་བཞིས་བཞེད་དགུའི་ལོངས་སྤྱོད་དང་། །ཆོས་སྲིད་དཔལ་འབྱོར་རྒྱས་པའི་གཡང་ཁུག་ཅིག །སྲས་མཆོག་བཞི་ཡིས་ནོར་ཕྱུག་ཟས་གོས་རྒྱན། །ལོ་ཏོག་འབྲུ་དྲུག་འཕེལ་བའི་གཡང་ཁུག་ཅིག །ཛཾ་བྷ་ལ་ཡིས་གནགས་ཕྱུག་གཡང་སྤེལ་ཅིག །པུརྞ་བྷ་དྲས་ལུག་གི་གཡང་སྤེལ་ཅིག །མ་ཎི་བྷ་དྲས་ནོར་རྫས་ལོངས་སྤྱོད་སྤེལ། །ཀུ་བེ་ར་ཡིས་རྟ་དྲེལ་གཡང་སྤེལ་ཅིག །ཡང་དག་ཤེས་སོགས་ནོར་ལྷ་གཞན་རྣམས་ཀྱིས། །ཚེ་བསོད་དཔལ་འབྱོར་ཕུན་ཚོགས་གཡང་ཁུག་ཅིག །ཁུ་ཡེ་ཁུ་ཡེ་སྲིད་ཞིའི་ཕྱྭ་ཁུག་ཅིག །ཧུ་ཡེ་ཧུ་ཡེ་སྣོད་བཅུད་གཡང་ཁུག་ཅིག །ཕྱྭ་ཁུག་གཡང་འཕེལ་ཕུན་ཚོགས་དཔལ་ཡོན་རྒྱས། །ཕྱྭ་ཆགས་གཡང་ཆགས་བཀྲ་ཤིས་བདེ་ལེགས་ཤོག །མེ་ཏོག་འཐོར་ཞིང་རྟེན་འབྲེལ་སྙིང་པོ་དང་། །སུ་པྲ་ཏིཥྛའི་སྔགས་ཀྱང་བརྗོད་པར་བྱ། །དེ་རྗེས་ཚོགས་བསྐང་ལ་སོགས་གཞུང་བཞིན་ནོ། །གསུམ་པ་རྗེས་ཀྱི་ལས་སྦྱོར་རིམ་པ་ལ། །བསྒྲུབ་པ་རྫོགས་ནས་གཡང་སྒོ་བསྡམ་པ་ནི།། ཧཱུྃ་བྷྲུྃ། ནོར་ལྷའི་རྒྱལ་པོ་དཔལ་ལྡན་རྣམ་ཐོས་སྲས། །བཙུན་མོ་སྲས་དང་བཀའ་འཁོར་སྤྲུལ་པར་བཅས། །སྲིད་དང་ཞི་བའི་ཕྱྭ་གཡང་བདག་པོ་རྣམས། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ། །བཟང་ཤིང་སྣ་ཚོགས་བསྲེགས་པའི་དུད་སྤྲིན་དང་། །ཤེལ་ཚིག་འབྲུ་སྣ་གཙང་ཕྱེ་མར་ཐུད་ཕྲོམ། །རིན་ཆེན་འབྲུ་སྨན་སྣ་ཚོགས་འབྲས་བུ་དྲི། །ཇ་ཆང་འོ་ཞོ་གསེར་གཡུའི་སྐྱེམས་ཕུད་སོགས། །བཟའ་བཏུང་གོས་རྒྱན་ལོངས་སྤྱོད་སྤྱན་གཟིགས་ཚོགས། །རྨད་བྱུང་མཆོད་རྫས་ཡོ་བྱད་སྣ་ཚོགས་ཀྱིས། །བསང་ངོ་མཆོད་དོ་བསྐང་ངོ་མངའ་གསོལ་ལོ། །དགྱེས་ཤིང་ཚིམ་པར་མཛོད་ལ་བདག་ཅག་གིས། །འདོད་པའི་དོན་སྒྲུབ་རབ་འབྱམས་ལས་གྲུབ་མཛོད། །ཕྱྭ་གཡང་སྒྲུབ་པའི་རྫས་ལ་བརྟན་པར་བཞུགས། །གནས་དང་ཡོ་བྱད་རྣམས་ལ་བྱིན་གྱིས་རློབས། །ཕྱྭ་དང་གཡང་རྣམས་མ་ཉམས་མ་འཐོར་བར། །མི་འགྱུར་མི་གཡོ་སྲ་ཞིང་བརྟན་པར་མཛོད། །ཤར་གྱི་གཡང་སྒོ་ཚེ་འཛིན་དཀར་མོས་སྡོམས། །རྐང་འགྲོས་ཕྱུགས་ཀྱི་ཕྱྭ་གཡང་རྟེན་ཕུར་ཚུགས། །སྲིད་པའི་ལྷ་རབས་ཤམ་པོས་སྒོ་སྲུང་མཛོད། །གཡོ་མེད་ཏིང་འཛིན་རྡོ་རྗེའི་རྒྱས་ཐོབ་ཅིག །ལྷོ་ཡི་གཡང་སྒོ་ནོར་འཕེལ་སེར་མོས་སྡོམས། །རིན་ཆེན་ནོར་རྫས་འཕེལ་བརྟན་གཡང་ཕུར་ཚུགས། །སྐུ་ལྷ་འོད་དེ་གུང་རྒྱལ་སྒོ་སྲུང་མཛོད། །སྩོལ་མེད་ཡོངས་གྲུབ་ནོར་བུས་རྒྱས་ཐོབ་ཅིག །ནུབ་ཀྱི་གཡང་སྒོ་དགའ་བྱེད་དམར་མོས་སྡོམས། །སྣ་ཚོགས་ཡོ་བྱད་འཕེལ་རྒྱས་གཡང་ཕུར་ཚུགས། །དབང་ཕྱུག་མ་ཧཱ་དཱེ་བས་སྒོ་སྲུང་མཛོད། །མ་འགགས་རང་ཤར་པདྨས་རྒྱས་ཐོབ་ཅིག །བྱང་གི་གཡང་སྒོ་ལོ་ཏོག་ལྗང་མོས་སྡོམས། །ལོ་ལེགས་འབྲུ་འཕེལ་གཡང་བརྟན་རྟེན་ཕུར་ཚུགས། །ཡུལ་ལྷ་རྨ་རྒྱལ་འཕན་པོས་སྒོ་སྲུང་མཛོད། །ཕྲིན་ལས་ཀུན་འགྲུབ་རྒྱ་གྲམ་རྒྱས་ཐོབ་ཅིག །ལྷ་ཆེན་ཚངས་པ་བརྒྱ་བྱིན་སྟེང་ནས་སྲུངས། །ཀླུ་རྒྱལ་མི་མགོན་དཀར་པོས་འོག་ནས་སྲུངས། །དཔལ་ལྡན་ཚོགས་ཀྱི་བདག་པོས་གཡས་ནས་སྲུངས། །ལྷ་མོ་དབྱུག་གུ་སྤུན་གསུམ་གཡོན་ནས་སྲུང་། །མི་ཐུང་ནོར་གྱི་བདག་པོས་མདུན་ནས་སྲུངས། །གནོད་སྦྱིན་ཙི་ཏྲ་དམར་པོས་རྒྱབ་ནས་སྲུངས། །ནམ་ཡང་ནུབ་མེད་ཕྱྭ་གཡང་འཕེལ་ཞིང་བརྟན། །དུས་ཀུན་ཕུན་ཚོགས་དཔལ་ལ་སྤྱོད་པར་ཤོག །དེ་ནས་སྦྱིན་བདག་ཕོ་མོ་སོ་སོ་ལ། །ཕྱྭ་དང་གཡང་གི་རྫས་རྣམས་གཏད་པ་ནི།། ཧཱུྃ་ཧྲཱིཿ བདེ་ཆེན་དངོས་གྲུབ་འབྱུང་བའི་དཀྱིལ་འཁོར་འདིར། །སྐུ་གསུམ་ཡོངས་འདུས་ནོར་ལྷ་རྒྱ་མཚོའི་ཚོགས། །དངོས་གྲུབ་ཀུན་འབྱུང་བདེར་གཤེགས་རིན་ཆེན་མིང་། །འཛད་མེད་གཏེར་གྱི་བདག་པོ་རྣམ་ཐོས་སྲས། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱི། །ཐུགས་རྗེ་བྱིན་རླབས་ནུས་སྟོབས་ཕྲིན་ལས་ཀྱིས། །རྣལ་འབྱོར་བདག་ཅག་ཡོན་སྦྱོར་འཁོར་བཅས་ལ། །ཕྱྭ་གཡང་མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །ཞེས་པས་གསོལ་གདབ་དེ་ནས་འདི་བཞིན་གཏད། །དེ་ཡང་གཡང་གཏོར་གཡང་སྒྱེ་གཏེར་བུམ་འོ་སྦྲང་སོགས་ཀྱི་མཚོ་རྣམས་གཏད་ལ། ཧཱུྃ་ཧྲཱིཿ སྐུ་གསུམ་ནོར་བདག་གཡང་ལྷ་འཁོར་བཅས་ཀྱིས། །བྱིན་གྱིས་རླབས་པའི་སྒྲུབ་རྫས་གཡང་གི་རྟེན། །གཡང་གཏོར་བརྗིད་ལྡན་རིན་ཆེན་འབར་བ་དང་། །གཡང་སྒྱེ་དཀར་པོ་རྣུ་དགུ་མཛེས་པ་དང་། །གཏེར་གྱི་བུམ་བཟང་ཕྱག་རྒྱའི་མཚན་རྟགས་ཅན། །དུང་ཟངས་དངུལ་གསེར་གཡུ་ཡི་རི་བོའི་མཐར། །འོ་སྦྲང་ཞོ་མར་ཆང་གི་མཚོ་འཁྱིལ་རྫས། །ཕྱྭ་གཡང་བཀྲ་ཤིས་ཕུན་སུམ་ཚོགས་པའི་ཕྱིར། །དེང་འདིར་སྦྱིན་བདག་རྣམས་ལ་གཏད་པ་ཡིས། །ཕྱྭ་གཡང་དངོས་གྲུབ་ཐོབ་ཅིང་འཕེལ་བརྟན་ཤོག །མདའ་དར་སྐུ་གཟུགས་ཕྱག་མཚན་སོགས་གཏད། གཡང་རྟེན་སྨྱུག་དཀར་སྒྲོ་མདེལ་མཛེས་པ་ལ། །རིན་ཆེན་དར་སྣས་བརྒྱན་པའི་མདའ་དར་དང་། །སྐུ་གཟུགས་ཕྱག་མཚན་བླ་རྡོ་སྲོག་འཁོར་སྔགས། །ནོར་ལྷའི་རྒྱལ་པོ་ཡུམ་སྲས་འཁོར་བཅས་རྣམས། །བརྟེན་བསྒྲུབ་བསྐང་བའི་རྫས་མཆོག་ཁྱད་འཕགས་རྣམས། །དེང་འདིར་སྦྱིན་བདག་རྣམས་ལ་གཏད་པ་ཡིས། །གཡང་ལྷ་འཁོར་བཅས་མི་འབྲལ་འགྲོགས་པར་ཤོག །སྦྲ་གུར་སོགས་འབྲོག་པའི་ཡོ་བྱད་གཏད་ལ། ཆོན་ཕུར་ཀ་དར་མཛེས་པའི་སྦྲ་གུར་དང་། །རྡང་བྱུག་སྐེ་མཆར་སྣ་ཐག་ལག་སྦྲེལ་སོགས། །ཐ་གུའི་རིགས་དང་སྒ་སྟན་སྲབ་མཐུར་སྒྲོག །ཟོ་རྐྱལ་སྣོད་རིགས་འབྲོག་འཛིན་ཡོ་བྱད་ཀུན། །དེང་འདིར་ཡོན་བདག་རྣམས་ལ་གཏད་པ་ཡིས། །རྐང་འགྲོས་འཚོ་སྐྱོང་ལོངས་སྤྱོད་མི་འབྲལ་ཤོག །མཁར་ཁང་སོགས་རོང་པའི་ཡོ་བྱད་གཏད་ལ། བཀོད་ལེགས་མཁར་ཁང་ཏོག་དང་བ་གམ་ཅན། །མཛོད་ཁང་བང་བ་སྒོ་གླེགས་ལྡེའུ་མིག་དང་། །འཇོར་དང་ཐོང་གཤོལ་ཟོར་བ་འབྲང་ཞགས་སྒ། །འོབ་དང་ཆང་སྣོད་ཡོལ་ཀོ་རོང་འཛིན་ཆས། །དེང་འདིར་ཡོན་བདག་རྣམས་ལ་གཏད་པ་ཡིས། །འབྲུ་དྲུག་སོ་ནམ་སྐྱེད་འཕེལ་མི་འབྲལ་ཤོག །ཡོ་བྱད་མཁོ་བའི་རིགས་གཞན་རྣམས་གཏད་ལ།། རིན་ཆེན་རྫས་རྟགས་རྣམ་བཀྲའི་ཟངས་དཀར་དང་། །ཁྲོ་ཆེན་རྫ་སྐྱོགས་གཟར་བུ་ཐབ་ཆའི་རིགས། །ཆ་གཞོང་བྲེ་ཕུལ་ཉག་སྲང་པར་བུ་སྡེར། །སྲིད་པའི་ཉེར་སྤྱོད་མེད་ཐབས་མེད་པ་ཀུན། །དེང་འདིར་ཡོན་བདག་རྣམས་ལ་གཏད་པ་ཡིས། །ལོངས་སྤྱོད་འདོད་རྒུ་རྟག་ཏུ་སྤྱོད་པར་ཤོག །སེར་སྐྱ་བུད་མེད་ཀྱི་ཆས་སོ་སོར་གཏད་ལ།། རིན་ཆེན་ཁྲི་གདན་ཤིང་རྟ་དར་གདུགས་འཕན། །རྨད་བྱུང་བླ་དཔོན་ཆེ་དགུའི་ལོངས་སྤྱོད་དང་། །རྟེན་གསུམ་ངུར་སྨྲིག་རྒྱལ་མཚན་མཆོད་པའི་རྫས། །རོལ་མོ་ལ་སོགས་སྡེ་གཉིས་འཕགས་པའི་ཆས། །དེང་འདིར་རིགས་ཀྱི་བུ་ལ་གཏད་པ་ཡིས། །ཆོས་མཐུན་བསམ་པ་ཡིད་བཞིན་འགྲུབ་གྱུར་ཅིག །གོ་ཁྲབ་རྨོག་ཕུབ་རལ་ཤུབ་མེ་རྒྱོགས་མདུང་། །སྐེད་གྲི་ཤང་ལང་སྐྱེས་པའི་ཡོ་བྱད་མཚོན། །དེ་རིང་ཡོན་བདག་ཁྱོད་ལ་གཏད་པ་ཡིས། །བདུད་དགྲའི་གཡུལ་ལས་རྣམ་པར་རྒྱལ་བར་ཤོག །གཟི་མཆོང་སྦུར་ལེན་གཡུ་བྱིར་མུ་ཏིག་དང་། །མུ་མེན་ལ་སོགས་ཟ་མ་མོ་ཡི་རྫས། །ཐམས་ཅད་དེང་འདིར་ཁྱོད་ལ་གཏད་པ་ཡིས། །འདོད་དོན་ཡིད་ལ་སྨོན་ཀུན་མྱུར་འགྲུབ་ཤོག །བཟའ་བཏུང་ལོངས་སྤྱོད་རྐང་འགྲོས་ཀྱི་རིགས་རྣམས་གཏད་ལ། མར་ཐུད་ཟན་སྦྲང་ཟས་སྣའི་ལྷུན་པོར་སྤུངས། །ཇ་ཆང་འོ་ཞོ་བཏུང་བ་རྒྱ་མཚོར་བསྐྱིལ། །རིན་ཆེན་དར་ཟབ་འབྲུ་སྣའི་ཕུང་པོ་བརྡལ། །རྐང་འགྲོས་གོས་རྒྱན་ཡོ་བྱད་སྣ་ཚོགས་བཀྲམ། །དེང་འདིར་སྦྱིན་བདག་རྣམས་ལ་གཏད་པ་ཡིས། །དཔལ་འབྱོར་ཕུན་ཚོགས་འཕེལ་ཞིང་བརྟན་པར་ཤོག །མེ་ཏོག་སིལ་མ་འཐོར་ཞིང་རབ་གནས་བྱ། །དགེ་ཞིང་ཤིས་པའི་ཚིགས་བཅད་ཅི་རིགས་བརྗོད། །ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་ཞིང་། །གཡང་དཀྱིལ་བརྟེན་རྫས་ལ་དམིགས་རྟེན་བཞུགས་བྱ། །ཡང་ན་གཤེགས་སུ་གསོལ་བ་སྤྱི་དང་མཐུན། །དེ་རྗེས་བསྔོ་སྨོན་ཤིས་བརྗོད་རྒྱ་ཆེར་བྱ། །ས་མ་ཡཱཿ གུ་ཧྱཿ ཞེས་རྒྱལ་ཆེན་རྣམ་མང་ཐོས་སྲས་འཁོར་དང་བཅས་པའི་གཡང་སྒྲུབ་དཔལ་ཡོན་འབུམ་བརྡལ་ཞེས་བྱ་བ་འདི་ཡང་རྣལ་འབྱོར་དམ་པ་པདྨའི་མཚན་ཅན་གྱིས་བསྐུལ་ངོར། སྔགས་བན་འཇིགས་མེད་རྣམ་རྒྱལ་གྱིས་བྲིས་པ་དགེའོ།། དགེའོ།། དགེའོ།།

གཡང་སྒྲུབ་ཀྱི་དམིགས་བཟླས།

གཡང་སྒྲུབ་ཀྱི་དམིགས་བཟླས་ནི། ཧཱུྃ་ཧྲཱིཿ སྐུ་གསུམ་བླ་མའི་ཐུགས་ཀ་རུ། །པད་ཟླའི་གདན་ལ་ཡེ་ཤེས་སེམས། །བདེ་གཤེགས་དཔལ་ལྡན་རིན་ཆེན་མིང་། །གསེར་མདོག་མཚན་དཔེའི་གཟི་བྱིན་འབར། །ཕྱག་གཡས་མཆོག་སྦྱིན་གཡོན་པ་ཡིས། །མཉམ་བཞག་ཕྱག་རྒྱས་རིན་ཆེན་བསྣམས། །ལོངས་སྤྱོད་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །ཡུམ་ཆེན་མཱ་ཀི་དབང་སྔོན་མདོག །རིན་ཆེན་སྙེ་མ་དྲིལ་འཛིན་སྦྱོར། །ཐུགས་ཀར་ཏིང་འཛིན་ཧཱུྃ་གི་མཐར། །སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས། །རབ་འབྱམས་ཞིང་གི་སངས་རྒྱས་དང་། །བྱང་སེམས་ལྷ་དང་དྲང་སྲོང་ཚོགས། །རིག་འཛིན་གྲུབ་པ་ཐམས་ཅད་དང་། །ཁྱད་པར་དཔལ་གྱི་རི་བོ་ན། །བཞུགས་པའི་སྐུ་གསུམ་ཞི་ཁྲོའི་ཚོགས། །དཔལ་ལྡན་ཞིང་ནས་རིན་ཆེན་མིང་། །འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ། །ཀུན་གྱི་ཐུགས་སྲོག་འོད་ཟེར་གྱིས། །འཁོར་འདས་ཀུན་གྱི་ཚེ་བསོད་དཔལ། །བརྟན་དང་གཡོ་བའི་དྭངས་བཅུད་ཀུན། །གསེར་མདོག་འོད་ཀྱི་རྣམ་པར་བསྡུས། །མཚོ་ལ་ཁ་ཆར་བབས་པ་བཞིན། །བདག་གནས་ཡོ་བྱད་ཀུན་ལ་ཐིམ། །སླར་ཡང་འོད་ཟེར་རབ་འཕྲོས་པས། །རི་རབ་ཆེན་པོའི་བྱང་ཕྱོགས་ནས། །རྒྱལ་ཆེན་རྣམ་སྲས་ཛཾ་བྷ་ལ། །ནོར་རྒྱུན་ལྷ་མོ་འཁོར་བཅས་ཀྱིས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ནས། །བྱིན་རླབས་དངོས་གྲུབ་ཕྱྭ་དང་གཡང་། །དཔལ་ཡོན་བཀྲ་ཤིས་དགེ་མཚན་རྣམས། །འཇའ་དང་འོད་ཀྱི་རྣམ་པར་བསྡུས། །ཕོངས་རྒུད་དབུལ་བ་རྒྱུན་བཅད་ནས། །ཚེ་བསོད་དཔལ་འབྱོར་སྙན་གྲགས་སྟོབས། །ཉམས་རྟོགས་ཡེ་ཤེས་ཡོན་ཏན་སོགས། །ལེགས་ཚོགས་འཕེལ་ཞིང་རྒྱས་པར་བསམ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་མ་མ་ཨ་ཡུ་པུཎྱེ་ཛྙཱ་ན་གུ་ཎ་སརྦ་སིདྡྷི་ཕ་ལ་ཧཱུྃ་བྷྲཱུཾ། འབུམ་ཕྲག་ལ་སོགས་རྟགས་མཐོང་བཟླ། །རྟགས་ནི་ལོ་ཏོག་བརྔ་བའམ། །གསེར་སོགས་རིན་ཆེན་རྙེད་པ་དང་། །ཟས་གོས་ལོངས་སྤྱོད་སྟེར་བ་དང་། །ན་ཆུང་རྒྱན་ལྡན་གྲོགས་བྱེད་དང་། །དཀར་མངར་ཆང་སོགས་འབུལ་བ་དང་། །སྐྱ་སེར་འདུད་ཅིང་གོ་མཚོན་སོགས། །སྟེར་དང་ལེགས་པའི་གཏམ་བརྗོད་པ། །དངོས་ཉམས་རྨི་ལམ་གང་རུང་འབྱུང་། །དེ་ཉིད་འགྲུབ་པའི་རྟགས་སུ་ཤེས། །ས་མ་ཡཱཿ

གཡང་འགུགས་མཚམས་སྦྱོར།

གཡང་འགུགས་ལ་ཐོག་མར། རང་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་སྣ་ཚོགས་ཕྱོགས་བཅུའི་མཁའ་དབྱིངས་ཁྱབ་པར་འཕྲོས་པས་རབ་འབྱམས་དག་པའི་ཞིང་ན་བཞུགས་པའི་སྐུ་གསུམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ། ཕྱི་སྣོད་འབྱུང་བ་ལྔ་ཡི་དྭངས་བཅུད་སྙིང་པོའི་ཡང་ཞུན། ནང་བཅུད་འགྲོ་བའི་ཚེ་བསོད་སྟོབས་འབྱོར། དཔལ་ཡོན་བདེ་སྐྱིད་བཀྲག་མདངས་གཟི་བརྗིད། སྙན་གྲགས་ཁ་རྗེ་རླུང་རྟ་སོགས་ཕྱྭ་གཡང་དངོས་གྲུབ་ཐམས་ཅད་གནོད་པ་དང་ཉམས་ཉེས་རྒུད་པ་མེད་པར་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་འོད་ཟེར་སེར་པོ་གསེར་གྱི་མདོག་ཅན་གྱི་རྣམ་པར་རྡོ་ཁབ་ལེན་ལ་ལྕགས་ཕྱེ་འདུས་པ་ལྟར་འུབ་ཀྱིས་བསྡུས་ནས་བདག་མདུན་གཡང་རྫས་རྣམས་ལ་མཚོ་ལ་ཁ་ཆར་བབས་པ་ལྟར་སིབ་སིབ་ཐིམ་ཞིང་། དེ་བཞིན་དུ་ལྷའི་རིན་པོ་ཆེ་ཡིད་བཞིན་དབང་གི་རྒྱལ་པོའི་རྣམ་པར་ཆར་ལྟར་བབས་པས་གནས་ཁང་དང་བང་མཛོད་ཐམས་ཅད་ཏིལ་གོང་བཞིན་མེར་མེར་ཁྲིག་ཁྲིག་གང་ནས་ཕྱྭ་གཡང་ཕུན་སུམ་ཚོགས་པའི་དཔལ་ལ་དབང་འབྱོར་བར་བསམ།

གཡང་འགུགས་བསྡུས་པ།

གཡང་འགུགས་བསྡུས་པ་ནི། ཧཱུྃ་ཧྲཱིཿ རང་སྣང་རྣམ་དག་རྔ་ཡབ་གླིང་། །སྐུ་གསུམ་ལྷུན་གྲུབ་རྒྱལ་བའི་གནས། །འོག་མིན་མཁའ་སྤྱོད་དཔལ་གྱི་རི། །པདྨ་འོད་ཀྱི་གཞལ་ཡས་ནས། །སྐུ་གསུམ་སྟོན་འཁོར་མ་ལུས་པའི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །དབང་དང་བྱིན་རླབས་དངོས་གྲུབ་རྣམས། །གནས་འདིར་ཕྱྭ་དང་གཡང་ལ་སྤྱོན། །ཁྱད་པར་དཔལ་ལྡན་མཛེས་པ་ནས། །སྐུ་གསུམ་ཡོངས་རྫོགས་རིན་ཆེན་མིང་། །སྟངས་དཔྱལ་འཁོར་བཅས་མ་ལུས་པའི། །ཡེ་ཤེས་ཐུགས་རྗེ་ཕྲིན་ལས་ཀྱིས། །ཕུན་ཚོགས་ངེས་པ་ལྔ་ལྡན་དཔལ། །རྟག་པ་རྒྱུན་གྱི་འཁོར་ལོ་ཡིས། །ཕྱྭ་དང་གཡང་རྣམས་བཅུད་དུ་དྲིལ། །དོན་དམ་དགོངས་པའི་ཀློང་ནས་སྩོལ། །མཁའ་སྤྱོད་ལོངས་སྐུའི་གཞལ་ཡས་ནས། །གུ་རུ་རཏྣ་ཐོད་ཕྲེང་རྩལ། །རིན་ཆེན་མཁའ་འགྲོ་གཙོ་དང་འཁོར། །དཔག་མེད་མཁྱེན་བརྩེ་ནུས་པའི་མཐུས། །སྲིད་ཞིའི་དཔལ་འབྱོར་ཕྱྭ་དང་གཡང་། །བཀྲ་ཤིས་ཕུན་ཚོགས་གང་ལགས་པ། །དེང་གི་སྒྲུབ་པའི་གནས་མཆོག་འདིར། །བསྩལ་ཞིང་བརྟན་པར་བྱིན་གྱིས་རློབས། །དག་ཆེན་སྤྲུལ་པའི་ཞིང་མཆོག་ནས། །སྐུ་གསུམ་ཡོངས་འདུས་འགྲོ་བའི་མགོན། །མཚན་མཆོག་བརྒྱད་དང་པཎ་གྲུབ་སོགས། །མཁའ་འགྲོ་ནོར་ལྷའི་ཚོགས་བཅས་ཀྱིས། །བརྟན་གཡོའི་ཁམས་དང་དྭངས་མའི་བཅུད། །ཚེ་བསོད་ཡེ་ཤེས་ཡོན་ཏན་ཀུན། །ཉམས་ཤིང་གནོད་པ་མེད་པར་བསྡུས། །གནས་འདིར་ཕྱྭ་གཡང་དཔལ་དུ་སྩོལ། །བྱང་ཕྱོགས་རིན་ཆེན་གཞལ་ཡས་ནས། །གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས། །ཛམ་བྷ་ལ་དང་ནོར་རྒྱུན་མ། །བྱེ་བ་བདུན་འབུམ་འཁོར་བཅས་ཀྱིས། །ཟས་གོས་བུ་ནོར་འཁོར་འབངས་སྲིད། །ཚེ་དཔལ་རླུང་རྟ་སྙན་གྲགས་སྟོབས། །བཀྲག་མདངས་གཟི་བརྗིད་ལོངས་སྤྱོད་སོགས། །ཕྱྭ་གཡང་དངོས་གྲུབ་མ་ལུས་སྩོལ། །མ་ཧཱ་དེ་བཱ་ལྕམ་དྲལ་དང་། །ཞང་བློན་རྡོ་རྗེ་བདུད་འདུལ་དང་། །མི་ཐུང་ནོར་བདག་དཔའ་བོ་སོགས། །ནོར་ལྷ་གཏེར་བདག་ཐམས་ཅད་ཀྱིས། །མཐུ་རྩལ་བསྐྱེད་ལ་དབང་ཐང་གསོས། །ལྷ་འདྲེ་མི་གསུམ་དབང་དུ་སྡུས། །དྲེགས་ཚོགས་ཆེ་དགུ་བྲན་དུ་ཁོལ། །འདོད་དགུ་འཕེལ་རྒྱས་དངོས་གྲུབ་སྩོལ། །ཕྱོགས་སྐྱོང་ལྷ་ཀླུ་གཟའ་སྐར་དང་། །འཇིགས་བྱེད་རྒྱལ་ཆེན་བཙུན་མོ་སྲས། །འཁོར་ཚོགས་སྤྲུལ་པར་བཅས་ཀུན་དང་། །གཞན་ཡང་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །དཔག་མེད་མཁྱེན་བརྩེ་ནུས་བྱིན་མཐུས། །ཚེ་བསོད་ཡེ་ཤེས་ཡོན་ཏན་དང་། །ཆོས་སྲིད་དཔལ་འབྱོར་ཕྲིན་ལས་ཀུན། །འཕེལ་རྒྱས་བརྟན་པའི་ཕྱྭ་གཡང་སྩོལ། །ལྷ་ཆེན་ཚོགས་ཀྱི་བདག་པོ་ཡིས། །ལྷ་ཡི་ལོངས་སྤྱོད་མངའ་ཐང་སྩོལ། །ཀླུ་རྒྱལ་མི་མགོན་དཀར་པོ་ཡིས། །ཀླུ་ཡི་དཔལ་འབྱོར་ལོངས་སྤྱོད་སྩོལ། །གཏེར་སྲུང་རྨ་གཉན་སྤོམ་ར་ཡིས། །རྨ་གཡང་འདོད་དགུའི་དངོས་གྲུབ་སྩོལ། །སྐུ་གསུམ་ཡོངས་འདུས་ལྷ་ཚོགས་ཀྱི། །བྱིན་རླབས་དངོས་གྲུབ་མ་ལུས་དང་། །འཁོར་འདས་ཡོངས་ཀྱི་དཔལ་ཡོན་ཀུན། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཕྱྭ་འཁོར་གཡང་འཁོར་ཀྱི་ལི་ལི། །ཕྱྭ་ཆགས་གཡང་ཆགས་སྒ་ར་ར། །ཕྱྭ་འཕེལ་གཡང་འཕེལ་མེ་རེ་རེ། །ཕྱྭ་གཡང་བཀྲ་ཤིས་རྒྱས་གྱུར་ཅིག །ཁུ་ཡེ་ཁུ་ཡེ་ཕྱྭ་ཁུ་ཡེ། །ཁུ་ཡེ་ཁུ་ཡེ་གཡང་ཁུ་ཡེ། །ཞེས་སོགས་གཡང་སྐྱབས་གཡང་ལེན་བྱ། བརྟན་ཕྱིར་དབྱངས་གསལ་རྟེན་སྙིང་དང་། །ཚེ་དང་ཡེ་ཤེས་དཔག་མེད་གཟུངས། །བཀྲ་ཤིས་འཕེལ་བའི་ཚིག་ཀྱང་བརྗོད། །གུ་ཧྱ༔ དགེའོ།།

དད་གསོལ་སྨོན་ལམ་འདུས་པའི་ཁབ་ལེན་རི་བོ།

སྲིད་ཞིའི་དཔལ་འབྱོར་མ་ལུས་པ་ལྕགས་ཕྱེ་བཞིན་དུ་སྡུད་པའི་ཐབས་ཟབ་མོས་དད་གསོལ་སྨོན་ལམ་འདུས་པའི་ཁབ་ལེན་རི་བོ་ཞེས་བྱ་བ་བི་ཛཱ་ཧ་རཾ། ཨོཾ་སྭ་སྟི་སིདྡྷིཿ བསླུ་མེད་གཏན་གྱི་སྐྱབས་གྱུར་དཀོན་མཆོག་གསུམ། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས། །བཀའ་གཏེར་བསྲུང་མ་ནོར་ལྷ་རྒྱ་མཚོར་བཅས། །དེ་རིང་གནས་འདིར་ཕྱྭ་དང་གཡང་ལ་སྤྱོན། །གཟུང་འཛིན་སྣང་བ་སྒྱུ་མའི་གྲོང་ཁྱེར་འདིར། །མ་རིག་ལས་ཉོན་གྱིས་གདུང་འགྲོ་ཀུན་དང་། །ལྔ་བདོ་སྙིགས་མའི་འགྲོ་བ་བདག་ཅག་ལ། །རེ་ལྟོས་དཔུང་གཉེན་གཞན་ན་མ་མཆིས་པས། །ཐུགས་རྗེས་ཟུངས་ཤིག་སྐྱབས་གནས་རྒྱ་མཚོའི་ཚོགས། །བྱིན་རླབས་དངོས་གྲུབ་སྩོལ་ཅིག་བླ་མ་ལྷ། །ཕྲིན་ལས་སྒྲུབ་ཤིག་ཊཱཀྐི་ཆོས་སྲུང་རྣམས། །འདོད་རྒུའི་ལོངས་སྤྱོད་སྩོལ་ཅིག་ནོར་ལྷའི་ཚོགས། །བརྩེ་ལྡན་འགྲོ་བའི་མགོན་པོ་ཁྱེད་རྣམས་ཀྱིས། །ཉམས་ཐག་ཡིད་སྨད་གདུང་བའི་ང་རོ་ཡིས། །གསོལ་བ་ལྷང་ལྷང་འདེབས་ལ་མྱུར་དགོངས་ཤིང་། །ཕྱྭ་གཡང་དངོས་གྲུབ་མ་ལུས་ད་སྩོལ་ཅིག །བྱིན་རླབས་མཁའ་ལྟར་ཁྱབ་པའི་གཡང་ཁུག་ཅིག །དངོས་གྲུབ་སྤྲིན་བཞིན་འདུ་བའི་གཡང་ཁུག་ཅིག །ཕྲིན་ལས་གློག་བཞིན་མྱུར་བའི་གཡང་ཁུག་ཅིག །འདོད་རྒུ་ཆར་ལྟར་འབེབས་པའི་གཡང་ཁུག་ཅིག །ཚེ་བསོད་དཔལ་འབྱོར་རྒྱས་པའི་གཡང་ཁུག་ཅིག །སྙན་གྲགས་རླུང་རྟ་དར་བའི་གཡང་ཁུག་ཅིག །མི་ནོར་རིགས་རྒྱུད་འཕེལ་བའི་གཡང་ཁུག་ཅིག །བཙན་ཕྱུག་འཕན་དར་འཛོམས་པའི་གཡང་ཁུག་ཅིག །ཕྲིན་ལས་གང་བརྩམས་འགྲུབ་པའི་གཡང་ཁུག་ཅིག །བདེ་སྐྱིད་ཕུན་སུམ་ཚོགས་པའི་གཡང་ཁུག་ཅིག །ཆོས་མཐུན་བསམ་སྤྱོད་འགྲུབ་པའི་གཡང་ཁུག་ཅིག །མཁས་བཙུན་བཟང་གསུམ་འཛོམས་པའི་གཡང་ཁུག་ཅིག །ཐོས་བསམ་བསྒོམ་པའི་ཕྱྭ་གཡང་འདིར་ཁུག་ཅིག །ཉན་བཤད་སྒྲུབ་པའི་ཕྱྭ་གཡང་འདིར་ཁུག་ཅིག །འཆད་རྩོད་རྩོམ་པའི་ཕྱྭ་གཡང་འདིར་ཁུག་ཅིག །འཛིན་སྐྱོང་སྤེལ་བའི་ཕྱྭ་གཡང་འདིར་ཁུག་ཅིག །ལྟ་སྒོམ་སྤྱོད་པའི་ཕྱྭ་གཡང་འདིར་ཁུག་ཅིག །གཞི་ལམ་འབྲས་བུའི་ཕྱྭ་གཡང་འདིར་ཁུག་ཅིག །སྲིད་ཞིའི་དཔལ་དང་ལེགས་པའི་ཡོན་ཏན་ཀུན། །དེ་རིང་གནས་འདིར་ཕྱྭ་དང་གཡང་དུ་ལེན། །ཁུ་ཡེ་ཁུ་ཡེ་གཡང་ཁུ་ཡེ། །བསྡུས་བསྡུས་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། འཕེལ་འཕེལ་སརྦ་པུཥྚཾ་ཀུ་རུ་ཡེ་སྭཱ་ཧཱ། ལས་རྣམས་འགྲུབ་ཅིང་ཕྱྭ་གཡང་བཀྲ་ཤིས་བདེ་ལེགས་ཐམས་ཅད་ནམ་ཡང་ནུབ་མེད་དུ་བརྟན་པར་གྱུར་ཅིག སརྦ་མངྒ་ལཾ་སྭ་སྟི་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་པའང་མགོ་སྤྲུལ་ཆོས་དབྱིངས་མིང་ཅན་གྱིས་གང་དྲན་ཤར་མར་བྲིས་པ་བཀྲ་ཤིས་དགེ་ལེགས་ཕུན་སུམ་ཚོགས་པ་འཕེལ་ཞིང་བརྟན་པའི་རྒྱུར་གྱུར་ཅིག །

གཡང་འགུགས་སྲིད་ཞིའི་དཔལ་འབྱོར་དབང་སྡུད།

༄༅། བླ་མ་ནོར་ལྷའི་གཡང་འགུགས་སྲིད་ཞིའི་དཔལ་འབྱོར་དབང་སྡུད་ཅེས་བྱ་བ་བཞུགས། ན་མོ་གུ་རུ་པུཎྱེ་ཛྙཱ་ན་སིདྡྷི་བྷྲཱུཾ། ཧྲཱིཿ ཀ་དག་བློ་འདས་ཆོས་སྐུ་སྣང་མཐའ་ཡས། །ལྷུན་གྲུབ་རང་གདངས་ལོངས་སྐུ་སྤྱན་རས་གཟིགས། །ཐུགས་རྗེའི་སྒྱུ་འཕྲུལ་སྤྲུལ་སྐུ་པདྨ་འབྱུང་། །སྐུ་གསུམ་ཡོངས་འདུས་རཏྣ་ཐོད་ཕྲེང་རྩལ། །བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་བཅས་ཀྱིས། །ཐུགས་རྗེ་བརྩེ་བ་ཆེན་པོས་མྱུར་དགོངས་ལ། །སྲིད་དང་ཞི་བའི་ཁམས་ཀྱི་ཚེ་བསོད་དཔལ། །ཡེ་ཤེས་ཡོན་ཏན་མ་ལུས་གཡང་དུ་ཁུག །བདག་གནས་ཡོ་བྱད་ཀུན་ལ་བྱིན་ཆེན་ཕོབས། །དབང་དང་དངོས་གྲུབ་མཆོག་རྣམས་དེང་འདིར་སྩོལ། །སྐུ་གསུམ་བདེ་གཤེགས་ཡེ་ཤེས་རང་རྩལ་ལས། །མ་རུང་རཱུ་ཊ་འདུལ་ཕྱིར་སྐུར་བཞེངས་པ། །ལོག་འདྲེན་བདུད་སྲིན་དམ་སྲི་གདུལ་དཀའི་གཤེད། །ཆེ་མཆོག་ཡོངས་འདུས་དབང་ཆེན་ཧེ་རུ་ཀ། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་འཁོར་བཅས་ཀྱིས། །རབ་འབྱམས་ཕྱོགས་བཅུའི་ཞིང་རྣམས་ཐམས་ཅད་ཀྱི། །ཚེ་དཔལ་སྟོབས་འབྱོར་ལེགས་ཚོགས་གཡང་དུ་ཁུག །བྱིན་དབང་དངོས་གྲུབ་མ་ལུས་དེང་འདིར་སྩོལ། །དབྱིངས་ཀྱི་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །ཕྱི་ནང་གནས་ཡུལ་དུར་ཁྲོད་ཞིང་ཀུན་གྱི། །མ་སྲིང་མཁའ་འགྲོ་ཡོངས་ཀྱི་སྤྱི་རྗེ་མོ། །ཁྲོ་རྒྱལ་ཀུན་ཡུམ་ཕག་མོ་རྣལ་འབྱོར་མ། །མ་མོ་མཁའ་འགྲོ་བྱེ་བ་འབུམ་ཚོགས་ཀྱིས། །ཨོ་རྒྱན་མཁའ་འགྲོའི་གླིང་སོགས་མ་ལུས་པའི། །ཕུན་ཚོགས་དཔལ་ཡོན་འབྱོར་དགུ་གཡང་དུ་ཁུག །རབ་འབྱམས་ཕྲིན་ལས་འགྲུབ་པའི་དངོས་གྲུབ་སྩོལ། །རིན་ཆེན་མིང་སྤྲུལ་ནོར་བདག་རྣམ་ཐོས་སྲས། །དངོས་གྲུབ་གཏེར་མཛོད་བཙུན་མོ་སྲས་བློན་འཁོར། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་པ་ལྔ། །ལོངས་སྤྱོད་འདོད་འབྱུང་རྣམ་སྲས་རིགས་ཆེན་བརྒྱད། །སོ་སོའི་འཁོར་དང་ཡང་འཁོར་བཅས་རྣམས་ཀྱིས། །བདག་ཅག་རྣལ་འབྱོར་བཙུན་སྔགས་ཐམས་ཅད་ཀྱི། །བསླབ་སྡོམ་དམ་གཙང་མཁས་བཙུན་བཟང་གསུམ་འཛོམ། །ཐོས་བསམ་བསྒོམ་དང་མཉན་བཤད་སྒྲུབ་ལ་བརྩོན། །ཆོས་མཐུན་དགེ་བའི་བསམ་སྤྱོད་གོང་འཕེལ་ནས། །རྒྱལ་བསྟན་བསྲུང་སྤེལ་ནུས་པའི་དངོས་གྲུབ་སྩོལ། །གཙང་རིས་ལྷ་ཡི་མགོན་པོ་གནས་སྲུང་ཁྱོད། །ལྷ་ཆེན་ཚངས་པ་དབང་པོ་ཉེ་དབང་སོགས། །དབང་བསྒྱུར་ལྷ་ཡི་སྡེ་དཔོན་མཛད་པའི་ཚེ། །འཁོར་ཚོགས་ལྷ་དམག་བྱེ་བ་འབུམ་བཅས་ཀྱིས། །དཀར་པོ་ལྷ་ཡི་ཚེ་བསོད་གཡང་དུ་ཁུག །ལྷ་ཡི་མངའ་ཐང་ལོངས་སྤྱོད་དངོས་གྲུབ་སྩོལ། །ཐུབ་པའི་བསྟན་བསྲུང་རྒྱལ་ཆེན་ངལ་གསོས་པོ། །ཡུམ་སྲས་རྟ་བདག་དེད་དཔོན་སྟོབས་ཆེན་སོགས། །དབང་བསྒྱུར་གནོད་སྦྱིན་སྡེ་དཔོན་མཛད་པའི་ཚེ། །གནོད་སྦྱིན་ནོར་ལྷ་བྱེ་བ་འབུམ་བཅས་ཀྱིས། །གླིང་བཞིའི་མི་ཡི་ཚེ་བསོད་གཡང་དུ་ཁུག །རང་རང་ལས་ཀྱི་དངོས་གྲུབ་འདོད་རྒུར་སྩོལ། །འཛད་མེད་གཏེར་གྱི་བདག་པོ་རྣམ་ཐོས་སྲས། །ཀླུ་ཆེན་བརྒྱད་དང་དགའ་བོ་ཉེ་དགའ་སོགས། །དབང་བསྒྱུར་ཀླུ་ཡི་སྡེ་དཔོན་མཛད་པའི་ཚེ། །འཁོར་བཅས་ཀླུ་གཉན་བྱེ་བ་འབུམ་ཚོགས་ཀྱིས། །ཀླུ་ཡི་ཚེ་བསོད་དཔལ་ཕུན་གཡང་དུ་ཁུག །ས་བདག་ཀླུ་ཡི་མངའ་ཐང་ལོངས་སྤྱོད་སྩོལ། །སྔོན་བསགས་ལས་དང་འཕྲལ་བྱུང་རྐྱེན་དབང་གིས། །བཀྲེས་ཕོང་དབུལ་བས་ཉམས་ཐག་འགྲོ་བ་རྣམས། །སྲིད་པ་གསུམ་གྱི་དཔལ་ཡོན་དབང་འབྱོར་ནས། །བདེ་སྐྱིད་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ། །མི་ཟད་ནམ་མཁའི་མཛོད་བརྙེས་ཛཾ་བྷ་ལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་པ་ལྔ། །ནོར་ལྷ་ཕོ་དགུ་ཛཾ་ལྷ་ཉེར་གཅིག་སོགས། །གཡང་བདག་ནོར་ལྷ་ཕོ་རྒྱུད་ཐམས་ཅད་ཀྱིས། །ནང་བཅུད་འགྲོ་བའི་ཚེ་བསོད་གཡང་དུ་ཁུག །བསྲུང་བྱར་གྱུར་པའི་སྐྱེས་པ་ཕོ་རིགས་རྣམས། །ཡངས་རྩལ་སྟོབས་ལྡན་དཔའ་རྒོད་རྐྱེན་གསུམ་འཛོམས། །དབང་ཤེས་འདོད་ལྔས་ངོམས་པའི་བདེ་མཆོག་སྩོལ། །ལོངས་སྤྱོད་གཏེར་གྱི་བདག་མོ་ནོར་རྒྱུན་མ། །སྤྲུལ་པའི་ལྷ་མོ་གཡང་བདག་མཆེད་ལྔ་དང་། །བཙུན་མོ་རྣམ་བཞི་ནོར་ལྷ་མོ་དགུ་སོགས། །ནོར་ལྷ་གཡང་བདག་མོ་རྒྱུད་ཐམས་ཅད་ཀྱིས། །ཕྱི་སྣོད་འབྱུང་ལྔའི་དྭངས་བཅུད་གཡང་དུ་ཁུག །འཚོ་ཆས་སྦྱོར་བའི་ཟ་མ་མོ་རིགས་རྣམས། །སྙིང་ཉེ་རྒྱུད་དྲང་ཕྲག་ཡངས་ཟས་བཅུད་ལྡན། །ལོངས་སྤྱོད་བུ་ནོར་ཕྱུགས་འཕེལ་བདེ་སྐྱིད་སྩོལ། །མདོར་ན་སྐུ་གསུམ་རྩ་གསུམ་བསྲུང་མའི་ཚོགས། །ནོར་ལྷ་གཡང་བདག་ཕན་སྐྱོབས་གྲོགས་མཛད་ལྷའི། །ཐུགས་རྗེ་བྱིན་རླབས་ནུས་སྟོབས་ཕྲིན་ལས་ཀྱིས། །ཕྱི་སྣོད་འབྱུང་བའི་བཅུད་ཀྱི་དྭངས་མ་དང་། །ནང་བཅུད་འགྲོ་བའི་ཕྱྭ་དང་གཡང་རྣམས་བསྡུས། །ཁྱད་པར་སྲིད་པ་གསུམ་གྱི་འབྱོར་བ་དྲུག །མཐོ་རིས་ཡོན་ཏན་བདུན་དང་སྡེ་བཞིའི་དཔལ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྱྭ་གཡང་སྩོལ། །ཟས་གོས་ནོར་འཕེལ་རྟ་ཕྱུག་རྐང་འགྲོ་འཕེལ། །ལོ་ཏོག་འབྲུ་འཕེལ་བཞོན་ལེགས་དཀར་བཅུད་འཕེལ། །ཡོ་བྱད་ཀུན་འཕེལ་འཁོར་གཡོག་རིགས་རྒྱུད་འཕེལ། །བཙན་ཕྱུག་འཕན་དར་འཛོམས་པའི་དངོས་གྲུབ་སྩོལ། །སྲིད་ཞིའི་དཔལ་འབྱོར་དབང་སྡུད་གཡང་འགུགས་འདི། །དད་ལྡན་པདྨ་ནོར་བུས་བསྐུལ་བའི་ངོར། །སྔགས་རྒན་གྲོལ་ཞིག་པ་དེས་བྲིས་འདིའི་མཐུས། །ཇི་ལྟར་སྨོན་པ་ཡིད་བཞིན་འགྲུབ་གྱུར་ཅིག །དགེའོ།།

གཡང་འགུགས་བསྡུས་པ་ཕྱྭ་གཡང་ཀུན་སྡུད།

༄༅། གཡང་འགུགས་བསྡུས་པ་ཕྱྭ་གཡང་ཀུན་སྡུད་བཞུགས། ཀ་དག་བདེ་སྟོང་འགྱུར་མེད་ཐུགས་ཀྱི་གཡང་། །ཁ་ཏོག་མཚན་དཔེ་གསལ་འཚེར་སྐུ་ཡི་གཡང་། །ག་དར་དྲི་མེད་ཚངས་དབྱངས་གསུང་གི་གཡང་། །ང་བདག་འཛིན་བྲལ་གསང་གསུམ་གཡང་ཁུག་ཅིག །ཅ་རིལ་ལྟ་བུའི་མིག་སོགས་དབང་ལྔའི་གཡང་། །ཆ་རོགས་མཐུན་གཉིས་ཟུང་སྡེབ་གྲོགས་ཀྱི་གཡང་། །ཇ་དར་གསེར་དངུལ་ཡོ་བྱད་ནོར་གྱི་གཡང་། །ཉ་གནས་ཆུ་བོའི་རྒྱུན་བཞིན་གནས་འདིར་ཁུག །ཏ་ཐཱ་ག་ཏའི་བསྟན་པ་རིན་ཆེན་གཡང་། །ཐ་དད་རྒྱ་བོད་ཧོར་གསུམ་རྟ་ཕྱུག་གཡང་། །ད་ལྟ་མངོན་མཐོའི་འབྱོར་བས་དྲེགས་ལྡན་གཡང་། །ན་བུན་མཁའ་ལ་འདུས་བཞིན་འདིར་ཁུག་ཅིག །པ་སངས་ལ་སོགས་གཟའ་སྐར་ལེགས་པའི་གཡང་། །ཕ་རོལ་དགྲ་འཇོམས་དཔའ་རྩལ་སྟོབས་ཀྱི་གཡང་། །བ་གམ་རྫོང་མཁར་སྦྲ་ཁང་ཁྱིམ་གྱི་གཡང་། །མ་ལུས་ལུས་པ་མེད་པའི་ཕྱྭ་གཡང་ཁུག །ཙ་རི་ལ་སོགས་གནས་ཡུལ་བྱིན་ཆེན་གཡང་། །ཚ་ཟེར་ཅན་སོགས་གསལ་བྱེད་སྣང་བའི་གཡང་། །ཛ་ཡས་བྱིན་རླབས་བཀྲ་ཤིས་རྫས་རྟགས་གཡང་། །ཝ་ཆུ་ཁྲིད་བཞིན་དགེ་བའི་གནས་འདིར་ཁུག །ཞྭ་ལྷྭམ་གོས་སོགས་མཁོ་དགུ་ནོར་གྱི་གཡང་། །ཟ་ར་ཚགས་བཞིན་མི་རབས་རྒྱུན་འབྲེལ་གཡང་། །འ་ཅག་ཚེ་འདིར་འདོད་དགུའི་འབྱོར་བའི་གཡང་། །ཡ་མཚན་གཏན་བདེ་ཐར་བའི་ཕྱྭ་གཡང་ཁུག །རྭ་ཅན་དུད་འགྲོ་སྟོབས་རྩལ་སྣ་དགུའི་གཡང་། །ལ་ལུང་སྐད་ཅིག་བགྲོད་བྱེད་རྟ་ཡི་གཡང་། །ཤ་བའི་རྭ་སོགས་ནུས་ལྡན་སྨན་གྱི་གཡང་། །ས་རྡུལ་རླུང་གིས་བསྡུས་བཞིན་གནས་འདིར་ཁུག །ཧ་ལ་རྣམ་རྟོག་ཞི་བྱེད་གདམས་པའི་གཡང་། །ཨ་ཏི་རྩོལ་བྲལ་ལྟ་སྒོམ་སྤྱོད་པའི་གཡང་། །ཨ་མི་དྷེ་ཝའི་དགོངས་དོན་འབྲས་བུའི་གཡང་། །ཨ་ཧོ་གསོལ་འདེབས་བརྩོན་པའི་གནས་འདིར་ཁུག །ཅེས་པ་འདི་ཡང་འཇིགས་རྣམ་པས་སོ།།

ཕྱྭ་གཡང་འགུགས་པའི་ཕྲིན་ལས་འདོད་འབྱུང་དཔལ་གྱི་བུམ་བཟང་།

༄༅། ཕྱྭ་གཡང་འགུགས་པའི་ཕྲིན་ལས་འདོད་འབྱུང་དཔལ་གྱི་བུམ་བཟང་བཞུགས་སོ།། ཀྱཻ། བཀྲ་ཤིས་གཟའ་སྐར་ཚེས་གྲངས་དུས་ཚོད་བཟང་། །བཀྲ་ཤིས་ལྷ་གཞི་དཔལ་གཡང་འདུ་བའི་རྟེན། །བཀྲ་ཤིས་ཕུན་ཚོགས་ཕྱྭ་ཆ་བཀོད་མཛེས་བཀྲམ། །བཀྲ་ཤིས་སྟེར་བྱེད་ལྷ་རྣམས་ཐུགས་རྗེས་དགོངས། །དོན་གཉིས་ལྷུན་གྲུབ་རྣམ་འདྲེན་སྟོང་རྩ་གཉིས། །བདེན་གཉིས་ཟུང་འཇུག་ལུང་རྟོགས་དམ་པའི་ཆོས། །ལྡན་གྲོལ་གཉིས་ལྡན་འཕགས་ཚོགས་སྡེ་བཅས་ཀྱིས། །ཚོགས་གཉིས་བསོད་ནམས་དཔལ་འབྱོར་ཕྱྭ་གཡང་ཁུག །སྐུ་གསུམ་ཀུན་དངོས་རྩ་རྒྱུད་བླ་མ་དང་། །རྒྱུད་སྡེ་བཞི་དྲུག་ཡི་དམ་ཞི་ཁྲོའི་ལྷ། །ཕྲིན་ལས་མྱུར་འགྲུབ་མཁའ་འགྲོ་ཆོས་སྐྱོང་ལྷས། །ཁམས་གསུམ་སྣོད་བཅུད་དཔལ་འབྱོར་ཕྱྭ་གཡང་ཁུག །ལེགས་ལེགས་གཏེར་མངའ་རྒྱལ་ཆེན་རྣམ་ཐོས་སྲས། །མང་མང་ལྷ་ཀླུ་ཕྱོགས་སྐྱོང་ནོར་ལྷའི་ཚོགས། །མཛེས་མཛེས་འདོད་འབྱུང་རྨད་དུ་བྱུང་བའི་བཅུད། །མེར་མེར་འཁྱིལ་བའི་དཔལ་འབྱོར་ཕྱྭ་གཡང་ཁུག །ཀི་བསྭོ་དབྱངས་རོལ་སྤོས་གསུར་དྲི་ཞིམ་འཐུལ། །ཁུ་ཡེ་བརྗོད་བཞིན་ལྷ་མདའ་དར་སྣའི་བརྡས། །གེ་སར་དྲི་ཡིས་གསེར་སྦྲང་འགུགས་པ་བཞིན། །ངོ་མཚར་རྟེན་འབྲེལ་ཁྱད་འཕགས་ཕྱྭ་གཡང་ཁུག །ཅི་འདོད་ལོངས་སྤྱོད་དཀོར་ཆ་རིན་ཆེན་མཛོད། །ཆུ་ཀླུང་དབྱར་དུས་ཆར་གྱིས་བསྐྱེད་པ་ལྟར། །ཇེ་མང་ཇེ་འཕེལ་གོང་ནས་གོང་དུ་འཕེལ། །ཉོ་ཚོང་ཤྭོ་རྒྱན་རྒྱལ་ཐོབ་ཕྱྭ་གཡང་ཁུག །ཏི་ཐི་གཟའ་དང་སྒྱུ་སྐར་དུས་སྦྱོར་དཔལ། །ཐུ་བོ་རྗེ་འབངས་ཡོངས་ལ་མངའ་དབང་བསྒྱུར། །དེ་ལ་ཉེར་འཚེའི་ཕ་རོལ་འགལ་ཟླའི་དཔུང་། །ནོ་པི་ཀ་ཡིས་འཇོམས་པའི་ཕྱྭ་གཡང་ཁུག །པི་ཝཾ་སྒྲ་བཞིན་སྙན་པའི་གྲགས་པ་དང་། །ཕུ་ནུ་ཚ་ཞང་མ་སྲིང་ཉེ་འཁོར་རྒྱས། །བེའུ་ལུག་རྟ་དྲེལ་ནོར་ཕྱུག་རྐང་འགྲོས་མང་། །མོ་མཛེས་ཕོ་དཔའ་རྒྱུད་འཕེལ་ཕྱྭ་གཡང་ཁུག །ཙི་ན་ཧོར་བོད་བལ་སོགས་གེ་སར་ལི། །ཚུ་རོལ་འདིར་སྣང་བདེ་སྐྱིད་འཛོམས་པའི་ལྗོངས། །ཛེ་ཏའི་ཚལ་སོགས་བྱིན་ལྡན་གནས་ཀྱི་བཅུད། །ཝོ་རེ་དེང་འདིར་འདུ་བའི་ཕྱྭ་གཡང་ཁུག །ཞི་དང་སྲིད་པའི་ཁམས་ཀྱི་ཡོན་ཏན་ལྡན། །ཟུ་ལེ་སྨན་སོགས་ཟོ་དོར་ཡུལ་ལྷས་སྐྱོབས། །འེ་ཞེས་ཀུན་གྱིས་ཡ་མཚན་ཕུད་དུ་བཀུར། །ཡོ་ལང་འཕྲལ་རྐྱེན་ཞི་བའི་ཕྱྭ་གཡང་ཁུག །རི་དབང་ལྟ་བུར་ཆོས་སྲིད་བརྟན་ཅིང་བརྗིད། །ལུ་མའི་རྒྱུན་བཞིན་འཚོ་བའི་ཚེ་སྲོག་རིགས། །ཤེ་མོང་སྟོབས་ཤུགས་དཔུང་རྩལ་འགྲན་ཟླ་བྲལ། །སོ་ནམ་ལས་ཀུན་འགྲུབ་པའི་ཕྱྭ་གཡང་ཁུག །ཧི་མའི་མདོག་མཚུངས་སེམས་བསྐྱེད་ཀུན་སློང་དཀར། །ཨུ་དྭ་ཀ་ལྟར་ཉམས་རྟོགས་སྒོམ་མཐར་ཕྱིན། །ཧེ་ཞེས་ཐོས་བསམ་འཆད་རྩོད་རྩོམ་ལ་མཁས། །ཨོ་ཊིའི་གླིང་བཞིན་ཆོས་བསྟན་རྒྱས་གཡང་ཁུག །ཇི་བཞིན་ཉིད་གཟིགས་མི་དམིགས་ཏིང་འཛིན་གྱིས། །གླིང་བཞིའི་མིག་གཅིག་ཉི་ཟླའི་ཐིག་ལེའི་དཔྱིད། །སྲིད་ཞིའི་ཞིང་གིས་ཤིས་ཤིང་གཟི་བརྗིད་བྱིན། །ཞིང་འདིར་ཡིད་བཞིན་དབྱིག་འཛིན་གྱི་ལི་ལི། །སྐུ་གསུམ་ལྷུན་གྲུབ་ཟུང་འཇུག་ནུས་དཔུང་མཐུས། །དབུལ་གྱུར་སྡུག་རྒུད་མུན་སྟུག་ཀུན་ཏུ་ཟུམ། །ཕུལ་བྱུང་ཀླུ་ཐུགས་ཆུ་ཀླུང་རྒྱུན་དུ་བསྲུབ། །ཕྱུགས་ལུག་འབྱུང་བཅུད་འབྲུ་དྲུག་ཀུན་འདུས་ཁུག །མཁྱེན་བརྩེ་ཡེ་ཤེས་ལེགས་བརྙེས་རྗེ་ཁྱེད་བསྙེན། །དགེ་ལེགས་གཏེར་ཆེན་མེ་ཤེལ་ཆེར་མཆེད་དེ། །དཔེ་མེད་བདེ་ལེགས་སྟེར་བྱེད་ཆེར་ཕྱེ་ཚེ། །རྙེད་ལེགས་རྟེན་འབྲེལ་ཟེར་ཕྲེང་མེ་རེ་རེ། །མགོན་པོ་གཙོ་བོ་བློ་གྲོས་མཆོག་ཐོབ་ཁྱོད། །དངོས་འབྱོར་ལོངས་སྤྱོད་སོགས་མཆོད་སྨོན་འདོད་སྩོལ། །ཐོས་དོན་སྤོང་ཀློག་འཁོར་ལོར་རྟོགས་མྱོང་སྤྱོད། །འགྲོ་སྡོད་ཕྱོགས་བགྲོད་མགྱོགས་འཁོར་དོན་ལོན་མཛོད། །བསྟན་ལ་ཕན་གདག་དམ་པ་བསྐ༵ལ་བ་བརྒྱར། །ཞབས་པད་བརྟན་དང་མཛད་བཟ༵ང་རྟག་པར་ལྡན། །རྨ་གཡང་ཕྱྭ་དཔལ་བཀྲག་མདངས་ད༵ར་དྲག་པས། །གངས་ཅན་རྒྱལ་ཁམས་མཐའ་དག་རྒྱ༵ས་པར་འཚལ། །ཨ་ཧོ་དེ་ལྟར་ཕྱྭ་འབེབས་གཡང་འབོད་ཚིག །ཚིག་ཕྲེང་སྤེལ་ལེགས་སྙན་པར་བརྗོད་པ་འདིས། །འདི་ཕྱིའི་འབད་འབྲས་ཆོས་མཐུན་དགེ་བའི་དོན། །དོན་གྲུབ་ཡིད་བཞིན་རེ་སྐོང་བཀྲ་ཤིས་ཤོག །ཅེས་དེ་ལྟར་དབྱངས་གསལ་གྱི་བྱ་དཀའ་བའི་ལམ་ནས་དྲངས་པའི་གཡང་འགུགས་འདི་ནི། ཆོས་མཆེད་སྐལ་བཟང་དར་རྒྱས་ནས་བསྐུལ་ངོར་སྙན་ངག་རིགས་ཀྱི་གྲལ་མཐའ་བ་བརྡ་སྤྲོད་ཀུན་བཤད་ཀྱི་བཏགས་མིང་བློ་གྲོས་སྦྲང་རྩིའི་ཟིལ་དངར་དུ་འབོད་པའི་སྔགས་རྒན་རྒྱ་རས་བྲིས་པའོ།། སརྦ་མང་ག་ལཾ།།

འཇའ་ཚོན་གཏེར་བྱོན་གཡང་འགུགས་བསྡུས་པ།

༄༅། གཡང་འགུགས་ནི། བདག་མདུན་ཐ་མི་དད་པའི་ཐུགས་ཀའི་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས༔ འབྱུང་བ་ས་ཆུ་མེ་རླུང་གི་བཅུད་རྣམས་དང༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཡིག་འབྲུ་གསུམ་གྱི་རྣམ་པ་དང༔ སྐྱེ་འགྲོའི་ཤེས་རྒྱུད་ཐམས་ཅད་གསལ་སྟོང་འཇའ་ཟེར་གྱི་རང་བཞིན་ལས༔ བཀྲ་ཤིས་རྟགས་བརྒྱད༔ བཀྲ་ཤིས་རྫས་བརྒྱད་དང༔ རྒྱལ་སྲིད་སྣ་བདུན་ལ་སོགས་པའི་རྣམ་པར་བྱོན་པ་དང༔ བསམ་གཏན་བཞིའི་གནས་མན་ཆད་ནས༔ ལོངས་སྤྱོད་ཚེ་དང་ཕྱྭ་གཡང་ཐམས་ཅད་གནས་འདིར་སིབ་སིབ་བབས་པས༔ བདག་དང་རྒྱུ་སྦྱོར་རྣམས་ཀྱི་ཚེ་ཉམས་པ་ཚེ་གསོས༔ བསོད་ནམས་ཉམས་པ་རྣམས་བསོད་ནམས་དར་ཞིང་རྒྱས་པར་གྱུར༔ སྟོབས་དང་མངའ་ཐང་ཐམས་ཅད་སླར་དར་ཞིང་རྒྱས་པར་གྱུར༔ ཧཱུྃ་ཧྲཱི༔  གུ་རུ་པདྨའི་སྐུ་ལས་འོད་འཕྲོས་པས༔ རྡོ་རྗེ་མཁའ་འགྲོས་ལྷ་རྣམས་དབང་དུ་སྡུས༔ རིན་ཆེན་མཁའ་འགྲོས་ཡེ་ཤེས་དབང་དུ་སྡུས༔ པདྨ་མཁའ་འགྲོས་ཀླུ་རྣམས་དབང་དུ་སྡུས༔ ལས་ཀྱི་མཁའ་འགྲོས་མི་རྣམས་དབང་དུ་སྡུས༔ སྣ་ཚོགས་མཁའ་འགྲོས་ལྷ་མིན་དབང་དུ་སྡུས༔ མ་ཚོགས་ཤུགས་འགྲོས་སྐྱེ་འགྲོ་དབང་དུ་སྡུས༔ ཕྱི་ནང་གསང་བའི་ཕྱྭ་གཡང་འདིར་བྱོན་ཅིག༔ ཧཱུྃ༔ རྣམ་ཐོས་སྲས་དང་ཛམ་ལྷ་ནོར་རྒྱུན་མ༔ དུས་གསུམ་བདེ་གཤེགས་དཀོན་མཆོག་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་གཞི་བདག་སོགས༔ དཀྱིལ་འཁོར་ལྷ་ཚོགས་རབ་འབྱམས་ཐམས་ཅད་ཀྱིས༔ ཕྱོགས་བཞི་མཚམས་བརྒྱད་ཕྱྭ་གཡང་འདིར་ཁུག་ཅིག༔ ཧཱུྃ༔ བདག་མདུན་ལྷ་ཚོགས་ཐུགས་ཀའི་འོད་ཟེར་གྱིས༔ སྟེང་འོག་བར་གསུམ་ལྷ་ཀླུ་མི་རྣམས་ཀྱི༔ ལོངས་སྤྱོད་མངའ་ཐང་སྙན་གྲགས་མི་ནོར་རྫས༔ དར་དཀར་གཡབ་ཅིང་ཀླད་ནས་སྤྱན་འདྲེན་ན༔ ཐོགས་པ་མེད་པར་ཕྱྭ་གཡང་འདིར་ཁུག་ཅིག༔ ཧཱུྃ༔ གུ་རུའི་རྣམ་འཕྲུལ་མཁའ་འགྲོ་ནོར་ལྷའི་ཚོགས༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བསམ་མི་ཁྱབ༔ ཇོ་བོ་དཀོན་མཆོག་གསུམ་པོའི་བྱིན་རླབས་དང༔ རིག་འཛིན་གྲུབ་ཐོབ་རྣམས་ཀྱི་ཐུགས་རྗེ་དང༔ ཞི་རྒྱས་དབང་དྲག་ཕྱྭ་གཡང་འདིར་ཁུག་ཅིག༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ ཉི་ཟླ་བཞིན་དུ་ཤར་ཞིང་བྱོན༔ ལྷོ་ཡི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ ལྷོ་སྤྲིན་བཞིན་དུ་འཐིབས་ཤིང་བྱོན༔ ནུབ་ཀྱི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ ཆུ་བོ་བཞིན་དུ་འབབ་ཅིང་བྱོན༔ བྱང་གི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ སྐྱི་སེར་བཞིན་དུ་འགྲིམ་ཞིང་བྱོན༔ སྟེང་གི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ སྦྲང་ཆར་བཞིན་དུ་འབབ་ཅིང་བྱོན༔ འོག་གི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ ལོ་ཏོག་བཞིན་དུ་སྨིན་ཞིང་བྱོན༔ ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ འཇམ་དཔལ་གཞོན་ནུའི་ཤེས་རབ་དང༔ སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང༔ ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང༔ བླ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ སངས་རྒྱས་སྟོང་རྩའི་བྱིན་རླབས་དང༔ དམ་པ་རིགས་བརྒྱའི་བྱིན་རླབས་དང༔ གནས་བརྟན་བཅུ་དྲུག་བྱིན་རླབས་དང༔ ཉེ་བའི་སྲས་བརྒྱད་བྱིན་རླབས་དང༔ ཐུབ་པ་དྲུག་གི་བྱིན་རླབས་དང༔ རྒྱལ་བ་རིགས་ལྔའི་བྱིན་རླབས་དང༔ རིགས་གསུམ་མགོན་པོའི་བྱིན་རླབས་དང༔ རྟ་ཕག་ཡབ་ཡུམ་བྱིན་རླབས་དང༔ རང་བྱུང་པདྨའི་བྱིན་རླབས་ཀྱིས༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ སྲིད་པའི་རྩེ་མོ་མན་ཆད་ནས༔ ན་རཀ་དུཿཁ་ཡན་ཆད་ཀྱི༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ མདོར་ན་གླིང་བཞི་གླིང་ཕྲན་དང༔ རྒྱ་གར་རྒྱ་ནག་ཧོར་དང་འཇང༔ བལ་ཡུལ་ཏི་སེ་མདོ་ཁམས་ཀྱི༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ དར་པོའི་དར་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ གཉན་པོའི་གཉན་གཡང་འདིར་ཁུག་ཅིག༔ རི་བོའི་རྩེ་ནས་ཕྱྭ་གཡང་ཁུག༔ རྒྱ་མཚོའི་གཏིང་ནས་ཕྱྭ་གཡང་ཁུག༔ མི་ནོར་ལོངས་སྤྱོད་ཕྱྭ་གཡང་ཁུག༔ རྟ་ཕྱུགས་སྤུ་ནག་ཕྱྭ་གཡང་ཁུག༔ ལོ་ཏོག་འབྲས་དྲུག་ཕྱྭ་གཡང་ཁུག༔ ད་ལྟ་ཉིད་དུ་འདིར་འདུས་ཤིག༔ མྱུར་བ་ཉིད་དུ་འདིར་འདུས་ཤིག༔ གནས་ཁང་འདི་ལ་བྱིན་ཕོབ་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག༔ ཅེས་དབྱངས་དང་པོ་དལ་བུ༔ བར་དུ་བྲེལ༔ ཐ་མ་མྱུར་མགྱོགས་སུ་གྱེར་རོ༔ གཡང་ཆོག་འདི་ལྟར་བྱས་ན་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་དཔག་ཏུ་མེད་པ་འབྱུང་བར་གསུངས་སོ༔ འཇའ་ཚོན་གཏེར་བྱོན་ནོར་བདག་ལྷ་གསུམ་གྱི་གཡང་སྐྱབས་ཆོ་ག་ལས་ཁོལ་དུ་ཕྱུང་བའོ།།

ནོར་སྒྲུབ་སྤྱི་ལ་མཁོ་བའི་སྐོར་ལྷ་མོ་བརྒྱད་གཡང་ལས་བཏུས་པ།

༄༅། ནོར་སྒྲུབ་སྤྱི་ལ་མཁོ་བའི་སྐོར་ལ་བརྒྱད་ལས། དང་པོ་གཡང་འགུགས་ལེགས་བཤད་གཞན་ནས་བཀོལ་བ་ནི། ཀྱེ། ཁུ་ཡེ་ཕྱྭ་དང་གཡང་བླན་ནོ། །གཡང་འགུགས་གཡང་བླན་གར་སྲིད་ན། །སྔོན་ཚེ་བསྐལ་པའི་དང་པོ་ལ། །སངས་རྒྱས་བསོད་ནམས་སྟོབས་ཆེན་པོས། །དུས་གསུམ་དགེ་བའི་ཕྱྭ་གཡང་བསྡུས། །རྗེས་འཇུག་འཚོ་བའི་ཆེད་དུ་བསྔོས། །བཅུད་མཆོག་ཟས་གཡང་དེ་ནས་སྲིད། །བར་དུ་སྤྱན་རས་གཟིགས་དབང་གིས། །གདོང་དམར་བོད་ལ་ཐུགས་རྗེ་བསྐྱེད། །དལ་འབྱོར་ཆོས་ལྡན་མི་བརྒྱུད་སྤེལ། །རིན་ཆེན་འབྲུ་སྣའི་གཏེར་སྒོ་ཕྱེས། །མི་གཡང་ནོར་གཡང་དེ་ནས་སྲིད། །དེ་རྗེས་སྲོང་བཙན་སྒམ་པོ་ཡིས། །རྒྱ་བལ་ནོར་གཡང་བོད་དུ་བླངས། །ཆབ་སྲིད་པདྨའི་མཚོ་ལྟར་རྒྱས། །དགེ་བཅུའི་ཆོས་ཀྱི་ལམ་བཟང་བཏོད། །དབང་ཐང་ཆོས་གཡང་དེ་ནས་སྲིད། །དེ་འོག་བཀྲ་ཤིས་འོམ་བུའི་ཚལ། །བྲག་དམར་དཔལ་གྱི་བསམ་ཡས་སུ། །མཁན་སློབ་ཆོས་གསུམ་ཞལ་འཛོམ་སྟེ། །དམ་པ་ཆོས་ཀྱི་སྒྲོན་མེ་སྦར། །སློབ་དཔོན་ཆེན་པོའི་བྱིན་རླབས་དང་། །ཆོས་ཀྱི་རྒྱལ་པོའི་ཐུགས་བསྐྱེད་ཀྱིས། །འཇིག་རྟེན་དཔལ་མགོན་ནོར་གྱི་ལྷ། །མཆོད་ཅིང་བརྔན་ནས་ནོར་གཡང་བསྡུས། །མཐའ་བཞིའི་རྒྱལ་ཁམས་མ་ལུས་པའི། །བདེ་ལེགས་དཔལ་འབྱོར་ཕྱྭ་དང་གཡང་། །ཐམས་ཅད་བོད་ཀྱི་ཡུལ་དུ་བཀུག །རྒྱལ་པོའི་མངའ་ཐང་དར་ཞིང་རྒྱས། །གཙུག་ལག་དགེ་འདུན་ས་གཞི་གང་། །མངའ་བདག་ཆེན་པོའི་བསམ་པ་འགྲུབ། །གཡང་འགུགས་གཡང་ལེན་དེ་ནས་སྲིད། །ད་ལྟ་རྣལ་འབྱོར་སྒྲུབ་པ་པོས། །སྦྱིན་བདག་ཚེ་གཡང་སྤེལ་བའི་ཕྱིར། །བཀྲ་ཤིས་ལྷ་གཞི་དཀར་པོ་བཏིང་། །གཡང་རྟེན་སྣ་ཚོགས་གཅལ་དུ་བཀྲམ། །གཡང་ལྷ་འཁོར་བཅས་སྤྱན་དྲངས་ཏེ། །ཏིང་འཛིན་སྔགས་རྒྱའི་གཟི་བརྗིད་བསྐྱེད། །དར་དཀར་གཡབ་ཅིང་གཡང་བླན་ན། །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་། །རྒྱལ་བ་སྲས་བཅས་བདེན་པ་དང་། །ནོར་ལྷ་འཁོར་བཅས་མཐུ་སྟོབས་ཀྱིས། །འཁོར་འདས་ལམ་གསུམ་དཔལ་འབྱོར་ཀུན། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཕྱོགས་བཅུའི་སངས་རྒྱས་ཞིང་རྣམས་ཀྱི། །ངོ་མཚར་བཀོད་པ་རབ་འབྱམས་དང་། །རྩ་གསུམ་བྱིན་རླབས་དངོས་གྲུབ་དང་། །མཐུ་སྟོབས་ཕྲིན་ལས་གཡང་དུ་ལེན། །འཆི་མེད་གྲུབ་པའི་སྐུ་ཚེ་དང་། །རབ་བརྟན་རྡོ་རྗེ་བདུད་རྩིའི་བཅུད། །བློ་ལྡན་མཁས་པའི་རྣམ་དཔྱོད་དང་། །གྲུབ་པའི་ཉམས་རྟོགས་གཡང་དུ་ལེན། །འཕགས་སྐྱེའི་དགེ་འདུན་དར་རྒྱས་དང་། །མཁས་བཙུན་བཟང་གསུམ་ཐོས་བསམ་སྒོམ། །ཚངས་དབང་འཁོར་ལོས་སྒྱུར་རྒྱལ་གྱི། །མངའ་ཐང་དཔལ་འབྱོར་གཡང་དུ་ལེན། །སྟེང་ཕྱོགས་ལྷ་དང་འོག་ཕྱོགས་ཀླུ། །བར་ཕྱོགས་མི་ཡི་འཇིག་རྟེན་གྱི། །བརྟན་གཡོའི་དྭངས་མ་བཅུ་བཞི་དང་། །སྣོད་བཅུད་དགེ་མཚན་གཡང་དུ་ལེན། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །དཔག་བསམ་ཤིང་དང་འདོད་འཇོའི་བ། །མ་རྨོས་ལོ་ཏོག་རིན་ཆེན་རི། །གཏེར་བུམ་བཅུད་རྣམས་གཡང་དུ་ལེན། །རྒྱ་གར་ཆོས་དང་རྒྱ་ནག་ཁྲིམས། །སྟག་གཟིག་ནོར་དང་གེ་སར་སྟོབས། །ཧོར་གྱི་རྩལ་དང་བོད་ཀྱི་ཚེ། །མཐོ་རིས་འབྱོར་བ་གཡང་དུ་ལེན། །རྣམ་ཐོས་སྲས་ཀྱི་དཔལ་འབྱོར་དང་། །ཀུ་བེ་ར་ཡི་རྟ་གཡང་དང་། །གང་བ་བཟང་པོའི་ལུག་གཡང་དང་། །ཛམ་ལྷའི་ནོར་རྣམས་གཡང་དུ་ལེན། །ནོར་རྒྱུན་མ་ཡི་ཕྱུགས་གཡང་དང་། །ཞིང་ལྷ་ཚངས་པའི་འབྲུ་གཡང་དང་། །མི་ཐུབ་དགྲ་ལྷའི་གོ་མཚོན་གཡང་། །ཉི་ཟླའི་བཀྲག་མདངས་གཡང་དུ་ལེན། །ཕྱུག་པོའི་ནོར་དང་བཙན་པོའི་སྟོབས། །འཕན་པོའི་བུ་དང་དར་པོའི་འཕྲུལ། །ལྷབ་ལྷུབ་གོས་དང་བང་མཛོད་ནོར། །བཅུད་ལྡན་ཟས་རྣམས་གཡང་དུ་ལེན། གཟུགས་བཟང་སྐད་སྙན་བློ་གྲོས་གསལ། །རང་བཞིན་བཟང་ལ་དགེ་བཅུ་སྤྱོད། །ཚེ་རིང་ནད་མེད་དབུ་འཕང་མཐོ། །བསོད་ནམས་དར་རྒྱས་གཡང་དུ་ལེན། །ཕྱོགས་ལས་རྣམ་པར་རྒྱལ་བའི་གཡང་། །འདོད་རྒུ་ལྷུན་གྱིས་གྲུབ་པའི་གཡང་། །མི་ཉམས་རྟག་ཏུ་བརྟན་པའི་གཡང་། །བཀྲ་ཤིས་དཔལ་འབྱོར་དགེ་ལེགས་ཀྱི། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །ཉི་ཟླ་བཞིན་ཏུ་ཤར་ཞིང་བྱོན། །ལྷོ་སྤྲིན་བཞིན་ཏུ་འཐིབས་ཤིང་བྱོན། ཆུ་ཆེན་བཞིན་ཏུ་འབྲུབ་ཅིང་བྱོན། །སྦྲང་ཆར་བཞིན་ཏུ་འབབས་ཤིང་བྱོན། །འཐོར་བ་སྡུས་ལ་ཉམས་པ་གསོས། །ཕྱྭ་ཡི་ཉི་མ་ཀྱི་ལི་ལི། །གཡང་གི་ཟླ་བ་ཏ་ལ་ལ། །ཕྱྭ་འདི་རི་ལ་མ་བྲོས་ལ། །གཡང་འདི་སྒོ་ལ་མ་ཉམས་ཤིག །ཛ་ཡ་ཛ་ཡ་སིདྡྷི་ཧོཿ སྲིད་ཞིའི་དྭངས་བཅུད་གཡང་རྟེན་རྣམས་ལ་འུབ་ཀྱིས་བསྡུས་པར་མོས། །གཉིས་པ་གཡང་རྣམས་སྦ་ཞིང་བརྟན་པར་བྱ་བ་ནི། ཧཱུྃ། དཀོན་མཆོག་རྩ་གསུམ་བྱིན་རླབས་དང་། །ཆོས་དབྱིངས་འགྱུར་མེད་བདེན་པ་ཡིས། །འཁོར་འདས་ཕྱྭ་གཡང་དྭངས་མའི་བཅུད། །བཀྲ་ཤིས་གཡང་རྟེན་རྣམས་ལ་ཐིམ། །ས་བཅུད་སེར་པོ་གསེར་ལ་བསྡུ། །ཆུ་བཅུད་ལན་ཚྭའི་སྙིང་པོར་བསྡུ། །མེ་བཅུད་འབར་བའི་ཤེལ་ལ་བསྡུ། །རླུང་བཅུད་སྲབ་འཇམ་དར་ལ་བསྡུ། །མཁའ་བཅུད་མེ་ལོང་གཙང་མར་བསྡུ། །སྤྲོས་པས་ཁམས་གསུམ་བཀྲག་མདངས་ལྡན། །བསྡུས་པས་རྟེན་ལ་གཟི་བྱིན་བསྐྱེད། །བརྟན་པས་མི་འགྱུར་རྡོ་རྗེ་འདྲ། །མི་ཉམས་ཉི་ཟླའི་གའུར་སྦ། །མི་ཤིགས་རྡོ་རྗེའི་ཕྲེང་བས་བསྡམ། །བདུད་རྩི་ཐབ་སྦྱོར་རིག་སྔགས་ཀྱི། །བདེན་པའི་མཐུ་ཡིས་བགེགས་ལས་སྲུངས། །ཆོས་ཀྱི་དབྱིངས་སུ་བཅུད་སྦས་པས། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ན། །གནོད་བྱེད་བགེགས་ཀྱིས་ལྟ་ཅི་སྨོས། །ཆོས་ཉིད་ཐབས་ཤེས་སྐུ་གསུང་ཐུགས། །ཚད་མེད་ཡེ་ཤེས་ཕ་རོལ་ཕྱིན། ཁ་སྦྱོར་བདུན་གྱི་ཕྱག་རྒྱ་ལས། །ནམ་ཡང་འདའ་བར་མི་འགྱུར་ཞིང་། །ཚེ་གཡང་བཀྲ་ཤིས་འཕེལ་བར་ཤོག །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བཛྲ་རཀྵ་རཀྵ། ལན་གསུམ་བརྗོད། །དེ་དང་འབྲེལ་བར། མ་འབྱོར་བ་དང༴སོགས། ཡིག་བརྒྱ། ཨཱ་ལི་ཀཱ་ལི། རྟེན་འབྲེལ་སྙིང་པོ་ལན་གསུམ་བརྗོད་ལ་ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱའོ། །གསུམ་པ་བརྟན་བཞུགས་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མགོན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། །བྱེ་བྲག་ཏུའང་ཕྱྭ་གཡང་སྒྲུབ་པའི་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དེ་སྲིད་དུ་བརྟན་པར་བཞུགས་སུ་གསོལ། །བརྟན་པར་བཞུགས་ནས་ཀྱང་བདག་དང་སྦྱིན་པའི་བདག་པོ་ལ་ཚེ་དང་བསོད་ནམས། དཔལ་དང་འབྱོར་བ། སྙན་གྲགས་རླུང་རྟ། ཕྱྭ་གཡང་ལོངས་སྤྱོད་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད།

བརྟན་བཞུགས།

༄༅། གཡང་འགུགས་ཀྱི་མཐར། རྟེན་འབྲེལ་སྙིང་པོའི་མཇུག་ཏུ། བླ་མ་སྐུ་གསུམ་བདེ་གཤེགས་རྩ་བ་གསུམ་དང་། མགོན་པོ་རྣམ་ཐོས་སྲས་སོགས་ནོར་ལྷ་རབ་འབྱམས་ཀྱི་ཚོགས་འཁོར་དང་བཅས་པ་རྣམས་བཀྲ་ཤིས་པའི་རྟེན་མཆོག་ཕྱྭ་གཡང་སྒྲུབ་པའི་རྫས་འདི་རྣམས་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་ནས་བདག་དང་སྦྱིན་པའི་བདག་པོའི་ཐོག་དྲངས་སེམས་ཅན་ཐམས་ཅད་ལ་ཚེ་དང་བསོད་ནམས། དཔལ་དང་འབྱོར་བ། སྙན་གྲགས་རླུང་རྟ། ཕྱྭ་གཡང་ལོངས་སྤྱོད་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཆོས་ཉིད་བདེན་པའི་སྟོབས་དང་དཀོན་མཆོག་མཐུས། །ལྟོས་བཅས་མི་ལ་ནོར་ལྷ་འགོ་ཞིང་འགྲོགས། །རྟགས་རྫས་རྟེན་ལ་ཕྱྭ་གཡང་འཁོར་ཞིང་ཆགས། །དཔལ་དང་ཡོན་ཏན་ཕུན་སུམ་ཚོགས་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན༴སོགས་དང་། གནས་འདིར་ཉིན་མོ་བདེ་ལེགས༴སོགས།

དངོས་གྲུབ་ལེན་པ།

༄༅། དངོས་གྲུབ་ལེན་པ་ནི། ཧཱུྃ། བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས། །རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན། །རྣམ་སྲས་ལ་སོགས་ནོར་ལྷའི་ཚོགས་རྣམས་ཀྱི། །སྐུ་གསུང་ཐུགས་དང་མཉམ་པའི་དངོས་གྲུབ་ནི། །ཕྲིན་ལས་བཟང་པོ་ལྷུན་གྱིས་གྲུབ་པའི་དཔལ། །བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ། །ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ། །འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །འགག་མེད་གསུང་གི་དངོས་གྲུབ༴ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ༴ ཡོན་ཏན་རེ་སྐོང་དངོས་གྲུབ༴ ཕྲིན་ལས་འགྲོ་འདུལ་དངོས་གྲུབ༴ འཆི་མེད་ཚེ་ཡི་དངོས་གྲུབ༴ འཛད་མེད་ནོར་གྱི་དངོས་གྲུབ༴ ཐུན་མོང་ཡིད་བཞིན་དངོས་གྲུབ༴ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཀཱ་ཡ་སིདྡྷི་ཨོཾ། ཝཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ དེ་ནས་གཡང་གཏོར་གནས་གསུམ་དུ་གཏུགས་ཤིང་དངོས་གྲུབ་བླང་ངོ།།

རྒྱུན་ཁྱེར་ཡང་སྙིང་འདུས་པ།

དམ་ཆོས་སྐུ་གསུམ་དགོངས་མཛོད་ལས། །རྒྱུན་ཁྱེར་ཡང་སྙིང་འདུས་པ་བཞུགས། །

སྐུ་གསུམ་ཡོངས་འདུས་ལྷ་ལ་ཕྱག་འཚལ་ལོ། །རྒྱུན་གྱི་ཕྲིན་ལས་སྤྲོས་མེད་ལམ་ཁྱེར་ཡང་སྙིང་འདུས་པ་བསྟན་པར་བྱ་སྟེ། དེ་ལའང་དོན་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་སྦྱོར་བའི་རིམ་པ་ལ། གསོལ་འདེབས་ནི། གདོད་མའི་མགོན་པོ་ཀུན་བཟང་སྣང་མཐའ་ཡས། །ཐུགས་རྗེའི་མངའ་བདག་འཕགས་མཆོག་སྤྱན་རས་གཟིགས། །མཐའ་ཡས་འགྲོ་བའི་འདྲེན་མཆོག་པདྨ་འབྱུང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གསང་གསུམ་མཛོད་འཛིན་བཀའ་བབས་རྗེ་འབངས་གྲོགས། །དག་སྣང་ཆོས་ལ་དབང་བ་དྷརྨཱའི་མཚན། །ཆོས་བདག་རྩ་བརྒྱུད་བླ་མའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལ། །རབ་འབྱམས་སྐུ་གསུམ་ཡོངས་འདུས་ལྷག་པའི་ལྷ། །མཆོག་གསུམ་རྩ་གསུམ་དམ་ཅན་བསྲུང་མར་བཅས། །མ་ལུས་ལུས་པ་མེད་པ་ཐམས་ཅད་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དེ་ལྟར་གསོལ་བ་བཏབ་པས་ཕུང་ཁམས་དག། །སྒོ་གསུམ་ལྷ་སྔགས་ཆོས་སྐུའི་རོལ་བར་རྫོགས། །འཁོར་འདས་མཉམ་ཉིད་སྐུ་གསུམ་དགོངས་ཀློང་སྨིན། །ཚེ་འདིར་རྡོ་རྗེ་འཆང་དབང་མངོན་གྱུར་ཤོག །སྐྱབས་འགྲོ་ནི། ན་མོ། བདག་སོགས་འགྲོ་ཀུན་བྱང་ཆུབ་སྙིང་པོའི་བར། །སྐུ་གསུམ་འདུས་པ་འགྲོ་མགོན་པདྨ་འབྱུང་། །རང་བྱུང་རིག་པ་དོན་གྱི་བླ་མ་ལ། །འདུ་འབྲལ་མེད་པའི་ངང་ནས་སྐྱབས་སུ་མཆི། །ལན་གསུམ། སེམས་བསྐྱེད་ནི། ཀྱཻ་མ། བཟོད་དཀའ་འཇིགས་རུང་འཁོར་བའི་གྲོང་ཁྱེར་དུ། །འཁྲུལ་རྟོག་སྒྱུ་མས་བསླུས་པའི་འགྲོ་བ་ཀུན། །སྐུ་གསུམ་དབྱེར་མེད་བླ་མའི་གོ་འཕང་ལ། །འགོད་ཕྱིར་དོན་དམ་རྡོ་རྗེའི་སེམས་བསྐྱེད་དོ།། ལན་གསུམ། ཚོགས་བསགས་ནི། ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་འདུས་ཆོས་ཉིད་གདོད་མའི་ལྷར། །མངོན་སུམ་རང་ཞལ་མཇལ་བས་ཕྱག་འཚལ་ལོ། །ཉམས་སྣང་ཡོན་ཏན་གོང་འཕེལ་མཆོད་པ་འབུལ། །རིག་པ་ཚད་ཕེབས་དགོངས་པའི་ཀློང་དུ་བཤགས། །ཆོས་ཟད་བློ་འདས་ཆེན་པོར་ཡི་རང་ངོ། །དོན་དམ་རྡོ་རྗེ་སྙིང་པོའི་ཆོས་འཁོར་བསྐོར། །འཁོར་འདས་དབྱེར་མེད་ངང་དུ་བཞུགས་གསོལ་འདེབས། །འཁོར་གསུམ་དམིགས་མེད་ཆོས་དབྱིངས་ཀློང་དུ་བསྔོ།། དེ་ནས་བཀའ་བསྒོ་བ་ནི། ཧཱུྃ་ཧྲཱིཿ མ་རིག་ལས་ཉོན་གཟུང་འཛིན་འདྲེ་གདོན་བགེགས། །རྟོག་འཇོམས་དབང་ཆེན་ཁྲོ་བོས་བཀའ་བསྒོས་བཞིན། །མི་ལྡོག་ཆོས་དབྱིངས་ཡེ་ཤེས་ཀློང་དགུར་དེངས། །བཀའ་ལས་འདས་ན་རིག་སྟོང་རྡོ་རྗེས་གཞོམ། །དྲག་སྔགས་བརྗོད་ཅིང་ཐུན་བྲབ་བོ། །བསྲུང་འཁོར་ནི། ཧཱུྃ་ཧྲཱིཿ ཕྱི་སྣོད་གཞལ་ཡས་ནང་བཅུད་སྐུ་གསུམ་ལྷ། །ཕྱོགས་མཚམས་ཁྲོ་མཚོན་མེ་དཔུང་འབར་བས་གཏམས། །རང་བཞིན་ལྷུན་གྲུབ་དག་པ་རབ་འབྱམས་ལ། །འཁྲུལ་རྟོག་འབྱུང་པོས་ནམ་ཡང་གླགས་མི་རྙེད། །བཛྲ་ཙཀྲ་རཀྵ་རཀྵ་བྷྲཱུཾ། བརྡ་ཕྱག་ནི། ཧཱུྃ་ཧྲཱིཿ སྲིད་ཞི་གཉིས་མེད་སྐུ་གསུམ་མཉམ་བརྡལ་ཡང་། །མ་རིག་སྒྲིབ་གཡོག་རང་གསལ་ཐབས་ཀྱིས་བསལ། །སེམས་ཉིད་རིག་པ་རང་ཤར་སྐུ་གསུམ་ངང་། །གཉིས་མེད་ཡེ་ཤེས་རང་ཞལ་མཇལ་ཕྱག་འཚལ།། ཧཱུྃ་ཨ་ལ་ལ་ཧོ། བྱིན་འབེབས་ནི། ཧཱུྃ་ཧྲཱིཿ རང་བྱུང་ལྷུན་གྲུབ་མཁའ་སྤྱོད་དཔལ་རི་ནས། །སྐུ་གསུམ་ཡོངས་འདུས་བླ་མའི་ལྷ་ཚོགས་རྣམས། །གནས་འདིར་བྱིན་ཕོབས་སྒྲུབ་པའི་རྟགས་མཚན་སྟོན། །དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་སྩོལ། །བཛྲ་ས་མ་ཡཱ་ཨེ་ཨ་རལླི་ཕེཾ་ཕེཾ་ཧྲིང་ཧྲིང་ཛ་ཛཿ བྱིན་བརླབས་ནི། རཾ་ཡཾ་ཁཾ། མཆོད་རྫས་དངོས་འཛིན་མ་དག་བསྲེག་གཏོར་བཀྲུས། །རྣམ་དག་རང་བྱུང་མཆོད་པའི་སྤྲིན་ཆེན་པོ། །དཀྱིལ་འཁོར་ལྷ་ཚོགས་དགྱེས་སྐོང་དམ་པ་རུ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་སྦྱངས་སྤེལ་བསྒྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། བཤགས་བསྡམ་ནི། ཧཱུྃ་ཧྲཱིཿ རང་བྱུང་རིག་པ་ཡེ་གྲོལ་སྙིང་པོའི་ལྷ། །མ་རིག་གཉིས་རྟོག་མཉམ་ཆེན་ཀློང་དུ་བཤགས། །སེམས་ཉིད་ངང་དུ་སྐུ་གསུམ་ཡེ་རྫོགས་ཕྱིར། །མི་གཏོང་རྩེ་གཅིག་བསྒྲུབ་པར་དམ་བཅའ་འོ།། བཛྲ་ས་མ་ཡཱ་ཨ་ཏི། གཉིས་པ་དངོས་གཞི་ལ། བསྐྱེད་རིམ་ནི། ཧཱུྃ་ཧྲཱིཿ ཆོས་དབྱིངས་སྟོང་ཆེན་བློ་འདས་དེ་བཞིན་ཉིད། །དམིགས་མེད་སྙིང་རྗེའི་རང་མདངས་ཀུན་ཏུ་སྣང་། །རིག་པ་རྒྱུ་ཡི་ཧཱུྃ་མཐིང་འོད་ལྔ་འབར། །དེ་ལས་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུཾ། །རིམ་པར་འཕྲོས་ཤིང་འོད་དུ་ཞུ་བ་ལས། །འབྱུང་བ་རིམ་བརྩེགས་བསྲུང་འཁོར་དུར་ཁྲོད་དབུས། །རྒྱ་དཔངས་མཐའ་ཡས་དཔལ་གྱི་རི་བོའི་སྤོར། །སྐུ་གསུམ་ཞི་ཁྲོའི་ཕོ་བྲང་པདྨ་འོད། །ཐོག་རིམ་བཞི་ལྡན་ཚད་དང་མཚན་ཉིད་རྫོགས། །དེ་དབུས་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །ཧཱུྃ་སྔོན་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། །བདེ་གཤེགས་ཡོངས་འདུས་གུ་རུ་པདྨ་འབྱུང་། །ཨ་ཙར་གཞོན་ཚུལ་དཀར་དམར་མཚན་དཔེ་རྫོགས། །ཕོད་ཁ་ཆོས་གོས་ཟབ་བེར་སག་ལྷྭམ་གསོལ། །ཤ་བའི་མཉེན་ཞུ་རྒོད་ལྡེམ་དར་སྣས་བརྒྱན། །རྡོ་རྗེ་ཐོད་བུམ་ཁ་ཊཱཾ་ཕྱག་རྒྱས་མཛེས། །རྒྱལ་པོ་རོལ་སྟབས་སྣང་སྲིད་ཟིལ་གྱིས་གནོན། །སྐུ་ལ་གདན་གསུམ་དཀྱིལ་འཁོར་མ་འདྲེས་རྫོགས། །ཕྱོགས་བཞིར་བཱི་མ་མི་ཏྲ་ཞི་བ་འཚོ། །སྦ་མི་ཁྲི་གཞེར་མངའ་བདག་ཆོས་ཀྱི་རྒྱལ། །མཚམས་བཞིར་འོད་འཆང་མ་སོགས་ཊཱཀྐི་བཞི། །སོ་སོའི་རྒྱན་དང་ཆ་བྱད་མ་འདྲེས་གསལ། །དེ་རྒྱབ་སྤྲུལ་པའི་གུ་རུ་མཚན་མཆོག་བརྒྱད། །རིག་འཛིན་བརྒྱད་དང་བཀའ་བབས་གྲུབ་བརྙེས་བརྒྱད། །འཕགས་བོད་མཁས་གྲུབ་ལོ་པཎ་གཏེར་སྟོན་ཚོགས། །རིག་འཛིན་སློབ་དཔོན་ཤིང་རྟའི་སྲོལ་འབྱེད་རྣམས། །སོ་སོའི་སྤྲུལ་པ་ཡང་སྤྲུལ་འཁོར་ཚོགས་བཅས། །དཔག་མེད་ཏིལ་གོང་ཁ་ཕྱེས་ལྟ་བུར་གསལ། །དེ་སྟེང་ཐོད་ཕྲེང་རིགས་ལྔ་གངས་ཆེན་མཚོ། །རང་རིག་ལོངས་སྤྱོད་རྫོགས་པའི་འཁོར་ཚོགས་བཅས། །དེ་སྟེང་ཆོས་སྐུ་ཀུན་བཟང་སྣང་མཐའ་ཡས། །སྟངས་དཔྱལ་སྤྲོས་མེད་འོད་ལྔའི་ཀློང་དུ་གསལ། །འོག་ཕྱོགས་ཁྲོ་བོ་རོལ་པའི་གཞལ་ཡས་ན། །ཆེ་མཆོག་ཡོངས་འདུས་པདྨ་དྲག་པོ་རྩལ། །དཔལ་ཆེན་གཙོ་དགུ་ལ་སོགས་འཇིགས་པའི་གར། །གཅིག་ཏུ་མ་ངེས་རྣམ་འགྱུར་མཐའ་ཡས་སྟོན། །གཞན་ཡང་རཀྴའི་སྡེ་དཔོན་དགུ་ལ་སོགས། །རྔ་ཡབ་དཔལ་རིའི་ཞིང་གི་རྟེན་བརྟེན་པ། །མ་ལུས་ལུས་པ་མེད་པ་ཐམས་ཅད་ཀུན། །མངོན་སུམ་ལྟ་བུར་གསལ་བརྟན་རྩལ་རྫོགས་བསྒོམ། །ལྷ་ཚོགས་ཀུན་གྱི་གནས་གསུམ་འབྲུ་གསུམ་ལས། །འཕྲོས་པའི་འོད་ཀྱིས་ཟངས་མདོག་དཔལ་རི་ནས། །སྐུ་གསུམ་ཡོངས་རྫོགས་བླ་མའི་ལྷ་ཚོགས་རྣམས། །མཁའ་ལ་འཇའ་སྤྲིན་འཁྲིགས་ལྟར་སྤྱན་དྲངས་གྱུར། །སྤྱན་འདྲེན་ནི། ཧཱུྃ་ཧྲཱིཿ རང་སྣང་རྣམ་དག་རྔ་ཡབ་དཔལ་རི་ནས། །རང་རིག་གདོད་མའི་མགོན་པོ་པདྨ་འབྱུང་། །རང་བྱུང་སྐུ་གསུམ་ལྷ་ཚོགས་འཁོར་བཅས་རྣམས། །བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོ། བཞུགས་གསོལ་ནི། ཧཱུྃ་ཧྲཱིཿ རང་བྱུང་རིག་པའི་དབྱིངས་ནས་སྤྱན་དྲངས་པའི། །སྐྱེ་འགགས་འགྱུར་མེད་དོན་དམ་ཡེ་ཤེས་ལྷ། །ཀུན་རྫོབ་བློ་ཡིས་བསྐྱེད་པའི་དམ་ཚིག་ལྷར། །ཆུ་ལ་ཆུ་བཞིན་བརྟན་པར་བཞུགས་སུ་གསོལ། །བཛྲ་ས་མ་ཡཱ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃ་ཧྲཱིཿ རང་བྱུང་སྐུ་གསུམ་དོན་གྱི་པདྨ་འབྱུང་། །ཡེ་ནས་མི་གཉིས་རང་རིག་ངོ་བོ་རུ། །ཤེས་ཤིང་རྟོགས་ནས་དོན་དམ་ཡེ་ཤེས་ལྷར། །སྒོ་གསུམ་འདུ་འབྲལ་མེད་པར་གུས་ཕྱག་འཚལ། །ཨོཾ་ཨཱཿན་མོ་ནཱ་མཿཧཱུྃ། ཕྱི་མཆོད་ནི། ཧཱུྃ་ཧྲཱིཿ དངོས་འབྱོར་ཡིད་སྤྲུལ་སྔགས་རྒྱ་ཏིང་འཛིན་གྱིས། །རབ་སྤེལ་ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་རིན་ཆེན་སོགས། །རྨད་བྱུང་ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་འབུལ། །ཨོཾ་བཛྲ་ཨརྒྷཾ༴སོགས། ཤཔྟ་མ་ཧཱ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ། ནང་མཆོད་ནི། ཧཱུྃ་ཧྲཱིཿ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ། །རྒྱུ་རྐྱེན་སྣ་ཚོགས་སྦྱར་བའི་རཀྟ་དང་། །འབྲུ་སྨན་རྩི་བཅུད་སྦྱར་བའི་བྷ་ལིང་སོགས། །མཆོག་ཐུན་དངོས་གྲུབ་སྒྲུབ་པའི་དམ་རྫས་འབུལ། །ཨོཾ་ཨཱཿཧཱུྃ་མ་ཧཱ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་སརྦ་པཱུ་ཛ་ཁ་ཧཱི། གསང་མཆོད་ནི། ཧཱུྃ་ཧྲཱིཿ ཚོགས་དྲུག་རང་གྲོལ་ཐབས་མཆོག་ཡེ་ཤེས་དང་། །ཡུལ་དྲུག་གནས་དག་ཤེས་རབ་དབྱིངས་ཀྱི་ཡུམ། །མཉམ་སྦྱོར་ཟག་མེད་བདེ་སྟོང་མཆོད་པ་དང་། །མ་རིག་ལས་ཉོན་བག་ཆགས་བསྒྲལ་མཆོད་འབུལ། །མ་ཧཱ་པྲ་ཛྙཱ་ཛྙཱ་ན་པཱུ་ཛ་ཧོ། བསྟོད་པ་ནི། ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལྷུན་གྲུབ་བླ་མ་ལོངས་སྤྱོད་རྫོགས། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །ཀུན་བཟང་རིགས་ལྔ་མཁན་སློབ་རྗེ་འབངས་གྲོགས། །མཁས་གྲུབ་ལོ་པཎ་རིག་འཛིན་བརྒྱུད་པར་བཅས། །སངས་རྒྱས་འཕགས་ཚོགས་ལྷ་མོ་སྒོ་སྲུང་གིང་། །དབང་དྲག་ལྷ་ཚོགས་བསྲུང་མར་བཅས་ལ་བསྟོད། །མདོར་ན་དག་པའི་ཞིང་ཁམས་དཔལ་གྱི་རིར། །ཡེ་ཤེས་དབྱིངས་ནས་སྤྲུལ་པའི་སྐུ་གསུམ་ལྷ། །ཐུགས་དམ་ཐུགས་རྗེས་འཁོད་པའི་སྤྲུལ་འཁོར་ཚོགས། །མ་ལུས་ཡོངས་སུ་རྫོགས་ལ་ཕྱག་འཚལ་བསྟོད།། ཛབ་ནི། སྐུ་གསུམ་ཡོངས་འདུས་གུ་རུའི་ཐུགས་དབུས་སུ། །གསེར་རྡོར་རྩེ་ལྔ་ནས་ཙམ་ལྟེ་བ་རུ། །ཟླ་སྟེང་ཧཱུྃ་སྔོན་སྤུ་ཡིས་བྲིས་ལྟ་བུར། །ཤིན་ཏུ་ཕྲ་བའི་སྔགས་ཕྲེང་འོད་ལྔ་པ། །གཡས་སུ་འཁོར་བའི་འོད་ཀྱིས་སྣོད་བཅུད་སྦྱངས། །སྣང་སྲིད་དག་པ་ལྷ་དང་གཞལ་ཡས་ཁང་། །སྒྲ་གྲགས་སྟོང་པ་སྔགས་མཆོག་རྡོ་རྗེའི་དབྱངས། །དྲན་བསམ་རང་གྲོལ་སྐུ་གསུམ་དགོངས་པའི་ཀློང་། །མ་དག་རྟོག་འཁྲུལ་མཚན་མ་རང་སར་གྲོལ། །རབ་འབྱམས་དག་པའི་སྣང་བ་འུབ་ཆུབ་རོལ།། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་བར་མི་ཆད་པ་ཆུ་བོའི་རྒྱུན་བཞིན་དུ་བཟླའོ།། སྤྱིར་ནི་བསྙེན་བསྒྲུབ་ལས་གསུམ་འདི་ཁོ་ན་ལ་ཚངས་ཀྱང་། བྱེ་བྲག་སོ་སོར་བཟླ་བར་འདོད་ན་བསྒྲུབ་པ་ནི། ཧཱུྃ་ཧྲཱིཿ སྐུ་གསུམ་དམ་ཚིག་སེམས་དཔའི་ཐུགས་དབུས་སུ། །ཡེ་ཤེས་སེམས་དཔའ་རིག་འཛིན་ཚེ་དཔག་མེད། །ཚོན་གང་དམར་གསལ་པད་ཟླར་ལོངས་སྤྱོད་རྫོགས། །ལྷ་ལྕམ་དཀར་མོ་མདའ་དར་ཚེ་བུམ་སྦྱོར། །དེ་ཡི་ཐུགས་ཀར་ཉི་སྟེང་ཏིང་འཛིན་སེམས། །གསེར་རྡོར་རྩེ་ལྔ་ནས་ཙམ་ལྟེ་བའི་དབུས། །ཡུངས་དཀར་ཕྱེད་འདྲའི་ཟླ་སྟེང་གསལ་འཚེར་ཧྲཱིཿ ཤིན་ཏུ་ཕྲ་བའི་སྔགས་གཡས་འཁོར་བ་ལས། །འོད་ཟེར་དཔག་ཡས་ཀུན་བཟང་མཆོད་སྤྲིན་སྤྲོས། །སྐུ་གསུམ་བདེ་གཤེགས་ཡོངས་རྫོགས་མཆོད་ཅིང་བསྐུལ། །མཁའ་མཉམ་འགྲོ་བའི་ལས་ཉོན་སྒྲིབ་ཚོགས་སྦྱངས། །མ་ལུས་ཕྱམ་གཅིག་སྐུ་གསུམ་ཐོབ་པར་བྱས། །བྱིན་དབང་འོད་ལྔའི་རྣམ་པར་འདུས་ཤིང་ཐིམ། །མཆོག་ཐུན་དངོས་གྲུབ་མ་ལུས་མྱུར་ཐོབ་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲིང་ཧྲིང་ཛ་ཛཿ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཿ རིག་འཛིན་ཡབ་ཡུམ་བསྒྲུབ་པའི་ཡང་བཅུད་འདི། །འབུམ་ཕྲག་ཞེ་གཉིས་གྲངས་འཁྱོལ་ལས་སྐལ་ལྡན། །ཚེ་ལུས་འདིའམ་འཕོས་མ་ཐག་ཉིད་ནས། །དཔལ་གྱི་རི་བོར་མཆོག་གི་ས་ལ་རེག །ལས་སྦྱོར་ནི། ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་འདུས་བླ་མའི་ཐུགས་ཀ་ནས། །འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས། །སྐུ་གསུམ་བདེ་གཤེགས་སྲས་བཅས་མ་ལུས་པའི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །ཚེ་དབང་བྱིན་རླབས་ཐུན་མཆོག་དངོས་གྲུབ་དང་། །སྣོད་ཀྱི་སྙིང་པོ་དངས་བཅུད་བཀྲག་མདངས་འོད། །བཅུད་ཀྱི་ཚེ་བསོད་སྟོབས་འབྱོར་དཔལ་ཡོན་རྣམས། །མར་མེ་མཆེད་ལྟར་མ་ཉམས་མི་གནོད་པར། །བསྡུས་ཤིང་ཐིམ་པས་སྲིད་ཞིའི་ཚེ་བསོད་ལ། །དབང་བསྒྱུར་བསྟན་འགྲོའི་ཕན་བདེ་སྤེལ་ནུས་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨ་ཡུ་ཥེ་བྷྲཱུཾ་ནྲི་ཛཿཔུཎྱཻ་ཛྙཱ་ན་གུ་ཎ་ཀརྨ་སརྦ་སིདྡྷི་ཧཱུྃ། ཞེས་བཟླ་ཞིང་། ཐུན་མཐར་ཚེ་བསྐུལ་བྱའོ།། རྗེས་ལ་ཚོགས་ཀྱི་ལས་རིམ་སྤྱི་མཐུན་བྱ་བར་སྤྲོ་ན། ཚོགས་རྫས་རྣམས་བྱིན་གྱིས་བརླབས་པ་ནི། ཧཱུྃ་ཧྲཱིཿ རྨད་བྱུང་འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་རྫས། །དངོས་འཛིན་མཚན་མའི་བག་ཆགས་དབྱིངས་སུ་སྦྱངས། །རྣམ་དག་དམ་རྫས་བདུད་རྩིའི་གཏེར་ཆེན་པོ། །དཔག་མེད་ཀུན་བཟང་མཆོད་སྤྲིན་ལྟ་བུར་གྱུར། །རཾ་ཡཾ་ཁཾ། གསུམ། ཨོཾ་ཨཱཿཧཱུྃ། གསུམ། སྤྱན་འདྲེན་ནི། ཧཱུྃ་ཧྲཱིཿ རང་བཞིན་ལྷུན་གྲུབ་དཔལ་རིའི་ཞིང་ཁམས་ནས། །རང་རིག་གདོད་མའི་མགོན་པོ་པདྨ་འབྱུང་། །རང་བྱུང་སྐུ་གསུམ་ལྷ་ཚོགས་མ་ལུས་རྣམས། །ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །བླ་མེད་སྒྲུབ་པའི་གནས་མཆོག་ཉམས་རེ་དགའ། །སྐལ་ལྡན་རྣལ་འབྱོར་མཆེད་ལྕམ་དམ་རེ་གཙང་། །ལོངས་སྤྱོད་དམ་རྫས་བཀྲག་དང་མདངས་རེ་བཟང་། །གནས་འདིར་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ། །བཛྲ་ས་མ་ཡཱ་ཛ་ཛཿ ཨ་ཝེ་ཤ་ཡ་ཕཻཾ་ཕཻཾ། ཚོགས་མཆོད་ནི། ཧཱུྃ་ཧྲཱིཿ དམ་རྫས་ཟག་མེད་ཚོགས་མཆོད་བདུད་རྩིའི་སྤྲིན། །རྨད་བྱུང་འདོད་དགུའི་འོད་ཕུང་འཕྲོ་བ་འདི། །སྐུ་གསུམ་ཡོངས་འདུས་བླ་མའི་ལྷ་ཚོགས་ཀྱིས། །བཞེས་ནས་མཆོག་ཐུན་དངོས་གྲུབ་དེང་འདིར་སྩོལ། །མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཚོགས་བཤགས་ནི། ཧཱུྃ་ཧྲཱིཿ བདག་སོགས་མ་རིག་ལས་ཉོན་དབང་གྱུར་ཏེ། །དུས་གསུམ་བསགས་པའི་སྒོ་གསུམ་ཉེས་ལྟུང་སོགས། །འཕྲལ་གྱི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་ཀུན། །ཚོགས་ཀྱི་མཆོད་པས་བསྐང་བཤགས་དག་པར་བགྱི། །བཛྲ་ས་མ་ཡ་ཤུདྡྷེ་ཨཿ བསྒྲལ་བསྟབས་ནི། ཧཱུྃ་ཧྲཱིཿ མ་རིག་རྒྱུ་ལས་བྱུང་བའི་གདོན་དང་བགེགས། །བདག་མེད་རྟོགས་པའི་མཚོན་གྱིས་དུམ་བུར་གཏུབ། །རྣམ་ཤེས་རིག་པ་ཆོས་ཉིད་ཀློང་དུ་སྤོར། །ལས་སྒྲིབ་གཟུགས་ཕུང་ཚོགས་ཀྱི་འཁོར་ལོར་འབུལ། །རཱུ་ཏྲ་ཧ་ལ་པཉྩ་པཱུ་ཛ་ཁཱ་ཧི། འདིར་ཚོགས་ལ་རོལ། ལྷག་གཏོར་ནི། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཕཻཾ་ཕཻཾཿ ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་འདུས་རྒྱལ་བའི་དཀྱིལ་འཁོར་གྱི། །བཀའ་སྡོད་བསྲུང་མ་གནས་ཡུལ་དུར་ཁྲོད་བདག །དབང་ཕྱུག་གིང་ལིང་ཤ་ཟ་འབར་མའི་ཚོགས། །ལྷག་གཏོར་བཞེས་ལ་ལས་བཞི་འགྲུབ་པར་མཛོད། །ས་མ་ཡ་ཨུཥྩི་ཊ་བྷ་ལིང་ཏ་ཁཱ་ཧི། བསྐུལ་བ་ནི། ཧཱུྃ་ཧྲཱིཿ རབ་འབྱམས་རྒྱལ་བའི་ཞིང་ན་བཞུགས་པ་ཡི། །སྐུ་གསུམ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལྷ། །ཐུགས་རྗེས་ཡེ་ཤེས་སྒྱུ་མའི་གར་བསྒྱུར་ལ། །ཐུགས་དམ་མ་གཡེལ་ཐབས་མཁས་འགྲོ་དོན་མཛོད། །ངན་རྟོག་འཁྲུལ་བའི་བག་ཆགས་གཞི་ལ་དག །ཉམས་རྟོགས་ཡོན་ཏན་བཟང་ཞེན་རང་སར་གྲོལ། །སྦྱངས་བགྲོད་མཐར་ཕྱིན་ཉམས་ལེན་ཟད་སར་སྐྱོལ། །སྐུ་གསུམ་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད།། ཆད་ཐོ་ནི། ཧཱུྃ་ཧྲཱིཿ སྔོན་ཚེ་ཀུན་བཟང་འོད་སྣང་མཐའ་ཡས་ཀྱིས། །རྡོ་རྗེ་སྙིང་པོའི་གསང་རྒྱུད་རྟག་ཏུ་བརྟན། །བར་དུ་རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །འཁོར་བ་དོང་སྤྲུགས་འགྲོ་བའི་དོན་སེམས་བསྐྱེད། །ཐ་མ་པད་འབྱུང་རྒྱལ་བ་གཉིས་པ་ཡིས། །སྐུ་གསུམ་མངོན་གྱུར་བསྟན་འགྲོའི་བདེ་སྐྱིད་སྤེལ། །དེ་རྗེས་རང་སྣང་དག་པ་དཔལ་རིའི་རྩེར། །རང་རིག་སྐུ་གསུམ་ཡོངས་འདུས་པད་འབྱུང་གིས། །འཇིགས་མེད་རང་ཡན་ཞིག་པོ་རྗེས་སུ་བཟུང་། །མཛོད་གསུམ་ཕ་ཕོག་བསྩལ་ཞིང་བཀའ་བབས་ཚེ། །ཟབ་གསང་གཉན་གྱི་བསྲུང་མ་དམ་ལྡན་རྣམས། །ཇི་ལྟར་ཁས་བླངས་དམ་བཅས་མ་གཡེལ་བར། །དམ་རྫས་ཐ་ཚིག་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་ཕྲིན་ལས་གང་བཅོལ་མྱུར་འགྲུབ་མཛོད། །བསྟན་མ་ནི། ཧཱུྃ་བྷྱོཿ དཔལ་གྱི་བཀའ་ཉན་བོད་སྐྱོང་བསྟན་མའི་ཚོགས། །དམ་རྫས་བཤལ་ཆུའི་གཏོར་མ་འདི་བཞེས་ལ། །པདྨའི་བཀའ་བཞིན་མུ་སྟེགས་ཀླ་ཀློ་སོགས། །ཐབས་ཀྱིས་བཟློག་ལ་རྒྱལ་བསྟན་དར་བར་མཛོད། །མ་མ་ཧྲིང་ཧྲིང་བྷ་ལིང་ཏ་ཁཱ་ཧི། བྲོ་མནན་ནི། ཧཱུྃ་ཧྲཱིཿ མ་རིག་རཱུ་ཏྲ་ལས་ཉོན་དམ་སྲི་བདུད། །ཀློང་དགུར་མནན་ནོ་ཐེག་པ་རིམ་དགུའི་རྒྱ། །ཡང་དག་རིགས་སད་བྱང་ཆུབ་སེམས་ལྡན་པ། །དེ་སྲིད་ནམ་ཡང་ལྡང་བར་མ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་ལཾ་ནན། སྟྭཾ་བྷ་ཡ་ནན། མཆོད་བསྟོད་སྔོན་བཞིན་ནི། ཧཱུྃ་ཧྲཱིཿ དངོས་འབྱོར་ཡིད་སྤྲུལ༴སོགས། ཤཔྟ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་སརྦ་པཱུ་ཛ་ཨཱཿཧཱུྃ། ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ༴སོགས། རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་བླང་བ་ནི། ཧཱུྃ་ཧྲཱིཿ སྐུ་གསུམ་ཡོངས་འདུས་རྒྱལ་བའི་དབང་པོ་ཡིས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ། །དེང་འདིར་བདག་ལ་ཡོངས་རྫོགས་སྩལ་དུ་གསོལ། །སྙིང་པོའི་མཐར། ཀཱ་ཡ་ཝཱཀྐ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཧྲཱིཿ བཟོད་གསོལ་ནི། ཧཱུྃ་ཧྲཱིཿ སྒོ་གསུམ་མ་རིག་བག་མེད་དབང་གྱུར་པས། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི། །དམ་ཚིག་ཆགས་ཉམས་འགལ་འཁྲུལ་གྱུར་པ་ཀུན། །སྙིང་ནས་བཤགས་སོ་དག་ཚངས་དངོས་གྲུབ་སྩོལ། །ཡིག་བརྒྱ་བརྗོད། རྟེན་ཡོད་ན་བརྟན་བཞུགས་བྱ། བསྡུ་ལྡང་ནི། ཧཱུྃ་ཧྲཱིཿ སྣོད་བཅུད་དཀྱིལ་འཁོར་དམ་ཚིག་ཡེ་ཤེས་སེམས། །རིམ་པར་འོད་ཞུ་ཏིང་འཛིན་དམིགས་མེད་ཡལ། །སླར་ཡང་རང་རིག་དོན་གྱི་པདྨ་འབྱུང་། །མཚན་དཔེ་རྒྱན་རྫོགས་མཁའ་ལ་འཇའ་བཞིན་གསལ། །ཨོཾ་ཨཱཿཧཱུྃ། བསྔོ་བ་ནི། ཧཱུྃ་ཧྲཱིཿ ཟག་བཅས་ཟག་མེད་ཀུན་རྫོབ་དོན་དམ་ཆོས། །དུས་གསུམ་ཀུན་ཏུ་བགྱིས་པ་ཅི་མཆིས་རྣམས། །གཅིག་ཏུ་བསྡོམས་ནས་འགྲོ་ཀུན་དོན་གྱི་ཕྱིར། །འཁོར་གསུམ་དམིགས་མེད་ཆོས་ཀྱི་དབྱིངས་སུ་བསྔོ། །སྨོན་ལམ་ནི། །ཧཱུྃ་ཧྲཱིཿ འཁོར་བར་གནས་པའི་སེམས་ཅན་ཐམས་ཅད་ཀྱི། །ལས་ཉོན་བག་ཆགས་མ་ལུས་ཀུན་བྱང་ནས། །ཕྱམ་གཅིག་གདོད་མའི་མགོན་པོའི་གོ་འཕང་མཆོག །འབད་སྩོལ་མེད་པར་མྱུར་དུ་ཐོབ་གྱུར་ཅིག །བཀྲ་ཤིས་ནི། ཧཱུྃ་ཧྲཱིཿ རང་རིག་གདོད་མའི་མགོན་པོ་པདྨ་འབྱུང་། །རང་བྱུང་སྐུ་གསུམ་ལྷ་ཚོགས་འཁོར་བཅས་ཀྱི། །བྱིན་རླབས་ཐུགས་རྗེ་ནུས་པའི་བདེན་སྟོབས་ཀྱིས། །འགྲོ་ཀུན་སངས་རྒྱས་ཐོབ་པའི་བཀྲ་ཤིས་ཤོག །ཅེས་སོགས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་གི་སིལ་མ་འཐོར་བས་མཐའ་བརྒྱན་པར་བྱའོ།། ཞེས་སྐུ་གསུམ་ཡོངས་རྫོགས་འདུས་པ་མ་ཧཱ་གུ་རུའི་སྒྲུབ་ཐབས་རྒྱུན་ཁྱེར་གནད་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་ཡང་སྙིང་འདུས་པ་ཞེས་བྱ་བ་འདི་ཡང་དམ་པའི་རིགས་ཅན་བསྒྲུབ་བརྩོན་པདྨ་ཚེ་མཆོག་སོགས་ཆོས་འདིར་དོན་གཉེར་ཅན་རྣམས་ལ་ཕན་པའི་བློས་སྔགས་ཟོབ་མགོ་སྤྲུལ་གྱིས་བསྡུས་ཏེ་སྤེལ་བ་དགེའོ།། དགེའོ།། དགེའོ།།

འཆི་བསླུ་བདུད་བཞི་དབྱིངས་གྲོལ་ལ་ཉེ་བར་མཁོ་བའི་ཁ་བསྐང་།

ན་མོ་གུ་རུ། འདིར་འཆི་བསླུ་བདུད་བཞི་དབྱིངས་གྲོལ་ལ་ཉེ་བར་མཁོ་བའི་ཁ་བསྐང་ཅུང་ཟད་ཅིག་འབྲི་བར་བྱ་སྟེ། དེ་ལ་ཐོག་མར་ཡོ་བྱད་བསགས་པའི་སྐབས་སུ་སྲིད་པའི་འཁོར་ལོ་བསྡུ་ན་མུ་ཁྱུད་གསུམ་བསྐོར་བའི་ལྟོ་བར་ཆུ་རིའི་མཐར། བྱ་སྦྲུལ་ཕག་རྣམས་གཡས་སྐོར་དུ་གཅིག་གི་ཁ་ནས་གཅིག་བྱུང་བ་བྲི། དེའི་ཕྱི་ལིང་ཚེ་དྲུག་ལ་སྟེང་ནས་གཡས་སྐོར་དུ། ཨ་སུ་ཏྲི་དུ་པྲེ་ནྲི་རྣམས་བྲི། དེ་རྒྱབ་ལིང་ཚེ་བཅུ་གཉིས་ལ་མ་རིག་པ། འདུ་བྱེད། རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་རྣམས་བྲིས་ལ་རྟེན་སྙིང་ལན་བདུན་གྱིས་བརླབས་ཏེ། དུར་ཁྲོད་དང་མཆོད་རྟེན་རྙིང་པ། ལམ་རྒྱ་གྲམ་རྣམས་ཀྱི་ས། རོ་ཐལ་རྫ་ཐལ་བྲ་ནག་ཚིག་ཕྱེ་རྣམས་ཆུ་ལྐུགས་དུག་ཁྲག་སྦྱར་བས་སྦྲུས་ནས་གཤིན་རྗེའི་གཟུགས་བྱས་ལ་ལྟོ་བར་གཞུག་གོ། ༧ དེ་བཞིན་དུ་འབྱུང་ལྔའི་འཁོར་ལོ་ལྔའང་རེ་རེ་ནས། ལྟེ་བ་དང་རྩིབས་བཞིར་ནམ་མཁའི་འཁོར་ལོར་ཨེ་དང་། རླུང་ལ་ཡཾ། མེ་ལ་རཾ། ཆུ་ལ་ཁཾ། ས་ལ་ལཾ་རྣམས་རེ་རེ་བྲི། ཕྱིའི་མུ་ཁྱུད་ལ་དབྱངས་གསལ་བཀོད་པ་སྤྲོ་ན་རང་མདོག་ཏུ་བྱ། སྟོང་པའི་ངང་ལས་ས་བོན་འབྱུང་བའི་ཡི་གེ་སོ་སོ་ལས་བྱུང་བའི་ལྷ་མོ་ལྔ་འཁོར་ལོ་རང་རང་གི་མདོག་ཅན་རྒྱན་དང་ལྡན་པར་གསལ་བའི་ཐུགས་ཀའི་འོད་ཀྱིས་དབྱིངས་ནས་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མ་ཛཿ ཛཿཧཱུྃ་བཾ་ཧོ། ཨོཾ་བཛྲ་ཨརྒྷཾ༴སོགས། ཤཔྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ། ཨེ་སོགས་རང་སྔགས་སོ་སོར་ཉེར་གཅིག་རེ་དང་། དབྱངས་གསལ་རྟེན་སྙིང་རེ་བརྗོད་པས། འོད་དུ་ཞུ་ནས་འཁོར་ལོ་སོ་སོའི་རྣམ་པར་གྱུར་བར་མོས་ལ། འབྲུ་ལྔའི་ངར་ཕྱེ་ཁྲུས་ཁུས་སྦྲུས་པའི་སྒྲུབ་བྱའི་རང་གཟུགས་ཀྱི་གླུད་སྡེ་ལྔའི་ཁ་དོག་དང་མཐུན་པར་སོ་སོའི་སྙིང་ཀར་བཅུག་ཏེ་རྒྱན་ཆས་ཡོ་བྱད་དང་ལྡན་པར་བཤམས་བཀོད་དཀྱུས་མཐུན་བྱ། ༧ ཚོན་སྐུད་སྣ་ལྔ་འདོམ་དགུ་ལ། ན་མོ་རིག་འཛིན་རྩ་རྒྱུད་ཀྱི་བླ་མ་སྐུ་གསུམ་མཆོག་གསུམ་རྩ་གསུམ་དམ་ཅན་རྒྱ་མཚོ་སྤྱི་དང་ཁྱད་པར་དུ་ཨོ་རྒྱན་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་ཀྱི་བདེན་པས་སྒྲུབ་བྱའི་སྡིག་སྒྲིབ་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་ཚོན་སྐུད་འདི་ཉིད་ལ་ཐིམ་པར་གྱུར་ཅིག ཨོཾ་ཊཱཀྐི་ཧཱུྃ་ཛཿ ལན་གསུམ་བརྗོད་ལ། བསྒྲུབ་བྱའི་ཡན་ལག་ལྔ་ལན་བཅུར་དཀྲིས་པའི་སྣེ་ནང་མ་སྲིན་ལག་ལ་བཏགས་ཤིང་། ཕྱི་མ་གཤིན་རྗེའི་ལག་གཡོན་དུ་བཞག ༧ ཤིང་བྱང་ཁྲམ་བཅུ་པ་ལ་གོང་བཞིན་བདེན་བདར་སྔོན་དུ་འགྲོ་བས། སྒྲུབ་བྱ་འདི་ཉིད་གེགས་བདུད་གཤེད་གསུམ་དང་གཏད་ཁྲམ་ལ་བབས་པ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་སྐད་ཅིག་ཐང་གཅིག་ཡུད་ཙམ་ལ་ཁྲམ་ཤིང་ནག་པོ་འདི་ཉིད་ལ་ཐིམ་པར་གྱུར་ཅིག ཨོཾ་ཊཱཀྐི་ཧཱུྃ་ཛཿ ལན་གསུམ་བརྗོད་ནས་གཤིན་རྗེའི་མདུན་དུ་བཙུགས། ༧ རལ་གྲིའམ་གྲི་ཆུང་ལ་བདེན་བདར་སྔོན་དུ་འགྲོ་བས། ལས་ཀྱི་ལྷ་པདྨ་དབང་ཆེན་སོགས་གཉེན་པོ་སྟོབས་ཀྱི་ལྷ་རྣམས་ཀྱི་ནུས་སྟོབས་བྱིན་རླབས་ཐམས་ཅད་རལ་གྲི་འདི་ལ་ཐིམ་པར་གྱུར་ཅིག ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊ། ལན་གསུམ་བརྗོད་ནས་ཉེ་དྲུང་དུ་བཞག ༧ ཁྲམ་གཅོག་ཕྱི་སོགས་ལ། སྔར་བཞིན་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། སྒྲུབ་བྱ་ཆེ་གེ་མོ་འཆི་བདག་གི་ཞགས་པ་ལས་ཐར་བར་གྱུར་ཅིག གཤིན་རྗེའི་ཁྲམ་ལས་ཐར་བར་གྱུར་ཅིག མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཐར་བར་གྱུར་ཅིག ཅེས་བརྗོད་ལ། སྒྲུབ་བྱ་མིང་འདི་ཞེས་བགྱི་བའི་་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ལུས་ལས་དུ་རླངས་ཀྱི་རྣམ་པས་ཐོན་ནས་གླུད་ལ་ཐིམ་པར་བསམ་ཞིང་། ལས་ཀྱི་རྡོ་རྗེས་བསྒྲུབ་བྱ་ཚོན་སྐུད་ཀྱིས་བཅིངས་པའི་སྣེ་ནང་མ་ནས་བཀྲོལ་ནས་གླུད་ལ་དཀྲི། ཁྲམ་ཤིང་གི་ཁྲམ་རིས་གྲིས་ཕྱིས་ཤིང་ཁྲམ་གཅོག་ལ་གཤིན་རྗེའི་དྲུང་དུ་བཞག དེ་ལྟར་གཏོར་མ་བསྔོ་བ་སོགས་ལན་བཅུའི་བར་དུ་བསྒྱུར། ༧ གླུད་བསྔོ་བ་ནི། ངར་གླུད་རཾ་ཡཾ་ཁཾ་གིས་སྦྱངས་ཏེ། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞུ་བ་ལས་བྱུང་བའི་ངར་མི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྫོགས་པ་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པའི་དཀོར་ནོར་དང་བཅས་པར་བསམ་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་ལ། ཧཱུྃ། འབྲུ་བཟང་ངར་གྱི་མི་བོ་ཆེ། །ཁམས་ལྔའི་རང་བཞིན་ཉིད་ལས་གྲུབ། །རྣམ་ཤེས་ཚོགས་བརྒྱད་ཡང་དག་ལྡན། །གཟུགས་མཛེས་སྒེག་འགྲོས་ལམས་སེ་ལམ། །སྨྲ་མཁས་ངག་སྙན་ཀྱུ་རུ་རུ། །སེམས་ཀྱི་རྟོག་དཔྱོད་ཧྲིག་གེ་ཧྲིག །མཛེས་པའི་གོས་རྒྱན་པུ་རུ་རུ། །བཟའ་བཏུང་ལོངས་སྤྱོད་སྤུངས་སེ་སྤུང་། །འདི་འདྲའི་གླུད་བཟང་ཡ་མཚན་ཅན། །ཏིང་འཛིན་སྔགས་དང་ཕྱག་རྒྱ་དང་། །ཆོས་ཉིད་རོལ་པའི་མཐུ་ལས་གྲུབ། །མི་བས་གླུད་དགའ་བཞེས་སུ་གསོལ། །བཞེས་ནས་བསྒྲུབ་བྱ་འདི་ཉིད་ལ། །གདུག་རྩུབ་སེམས་ཀྱི་ཁྲོ་བ་སྤོངས། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །ཟོས་པ་སྐྱུགས་ལ་ཤི་བ་གསོས། །ཞི་དང་བྱམས་པའི་སེམས་ཀྱིས་ནི། །འཆི་བའི་འཇིགས་པ་ཞི་བར་མཛོད།། ཅེས་བསྒྲུབ་བྱའི་ལོ་གྲངས་ལ་སོགས་པ་བསྔོ་ཞིང་བར་མཚམས་སུ་སཾ་བྷ་དང་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་མཐར། ཧཱུྃ་ཡ། ལས་ཀྱི་གཤིན་རྗེ༴སོགས་བརྗོད་ནས་ངར་མི་ལོ་གྲངས་གླུད་ཆེན་སྡེ་ལྔའི་རྩར་འབུལ་ཞིང་། འཆི་བདག་གི་གཟུགས་ཀྱི་མདུན་དུ་བཀོད་པར་བྱའོ།། ༧ རྫས་འཇལ་བྱེད་ཀྱི་བྲེ་ལ། ཨོཾ་ཨརྨ་སརྦ་པ་ཙི་ཡེ་སྭཱ་ཧཱ། ཞེས་བྲིས་ལ་གོང་གི་བདེན་བརྗོད་མཐར། བྲེ་འདི་ཉིད་འབྲུ་སྣ་ལྔ་སོགས་གཞལ་དུ་རུང་བའི་ནུས་པ་དང་ལྡན་པར་གྱུར་ཅིག ལན་གསུམ། གོང་གི་སྔགས་ཉེར་གཅིག་བརྗོད། ༧ སྲང་ལ། ཨོཾ་ཏིཔྟ་མཐོང་བའི་རྒྱལ་པོ་སྭཱ་ཧཱ། བྲིས་ལ། བདེན་བརྗོད་མཐར། སྲང་འདི་ཉིད་འདོད་དགུ་གཞལ་བའི་ནུས་པ་དང་ལྡན་པར་གྱུར་ཅིག ལན་གསུམ། གོང་གི་སྔགས་ཉེར་གཅིག་བརྗོད། དེ་ནས་དཀོར་ཆ་རྣམས་ཨོཾ་སརྦ་བིད༴སོགས་ཀྱིས་སྤེལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། གསུམ་མམ་བདུན་སོགས་དང་། ཧོ་འཆི་བདག་གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་ལ། འབྲས་ཏིལ་གྲོ་ནས་བྲ་སྲན་ལ་སོགས་པ་འབྲུ་ཡི་བྱེ་བྲག་སྣ་ཚོགས་པ་བྲེ་གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་ས་ཡ་བྱེ་བ་དུང་ཕྱུར་གྲངས་མེད་ཀྱི་བར་དུ་འབུལ་ལོ། །སྒྲུབ་བྱ་འདི་ཉིད་ཀྱི་ཚེ་དང་བླ་དང་སྲོག་གི་གླུད་དུ་བཞེས་ལ་གནོད་དང་གདུག་པའི་བསམ་སྦྱོར་དང་བྲལ་ནས་ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་མཛད་དུ་གསོལ། དེ་བཞིན་དུ་ཟས་རིགས་རྣམས་སྲང་ལ་གཞལ་ཞིང་། ཨོཾ་ཨ་ཀ་རོ༴སོགས། གསུམ་མམ་བདུན་སོགས་དང་། ཧོ་འཆི་བདག༴སོགས། ཐོག་མཐའ་འདྲ་བར་བྱས་ལ། ཇ་མར་ཤ་ཐུད་བུར་སྦྲང་ཤིང་ཏོག་སོགས་ཟས་ཀྱི་བྱེ་བྲག་སྣ་ཚོགས་པ་སྲང་གཅིག་བཅུ༴སོགས་དང་། ཡང་རིན་པོ་ཆེ་སྨན་སྤོས་ཚོན་སྣ་སོགས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ༴སོགས། ཁཾ་སྭཱ་ཧཱ། ཧོ་འཆི་བདག༴སོགས། གསེར་དངུལ་གཡུ་བྱུར་སྨན་སྤོས་ཚོན་སོགས་ལོངས་སྤྱོད་ཀྱི་བྱེ་བྲག་སྲང་གཅིག་བཅུ༴སོགས། གོས་དར་ལྤགས་རིགས་ཀྱི་རས་མ་དང་ཉེར་སྤྱོད་གཟུགས་འགྲོས་སོགས་སྤར་བཏབ་པ་ཡོད་ན། ནམ་མཁའ་མཛོད་སྔགས་དང་སྤེལ་ཚིག་གི་ཐོག་མཐའ་འདྲ་བ་བྱས་ཏེ། གོས་ཕྲུག་དར་ཟབ་ལྤགས་རིགས་སོགས་ཉེར་སྤྱོད་སྤྱན་གཟིགས་མཐུན་རྫས་ཀྱི་བྱེ་བྲག་གཅིག་བཅུ༴སོགས་བརྗོད། ༧ མཇུག་ཏུ། དེ་ལྟར་གནས་སྐབས་སུ་འཆི་བ་བསླུ་བ་དང་། འཆི་མེད་ཚེ་ཡི་མངའ་གསོལ་བ་གྲུབ་ནས། ཇི་སྐད་དུ། གསོད་གཅོད་རྐུ་འཕྲོག་བརྡུང་བརྡེག་དང་། །ཚིག་རྩུབ་འཁོན་འགལ་བརྙས་པ་སོགས། །སྲོག་ལ་གནོད་པའི་ལས་སྤང་ཞིང་། །ཚེ་ཐར་སྲོག་བསླུ་ཉེ་འདོན་དང་། །མཆོད་དང་སྦྱིན་ལ་བརྩོན་པ་སོགས། །འཚོ་འགྱུར་དགེ་ལ་འབད་པར་གདམས། །གསུངས་པ་ལྟར། གཞི་སྲོག་ཆགས་གང་རུང་། བསམ་པ་གསོད་འདོད། སྦྱོར་བ་གསོད་ཐབས་ལག་ལེན། མཐར་ཐུག་སྲོག་འགག་པ་སྟེ་སྲོག་གཅོད་ཀྱི་ཡན་ལག་བཞི་ཚངས་བས་གཞན་གསོད་པའམ། གསོད་དུ་འཇུག་པ། གཞན་ལ་བརྡུང་བརྡེག་བྱེད་དམ་བྱེད་དུ་གཞུག་པ། མཐུ་གཏད་སོགས་གཞན་གྱི་ཚེ་སྲོག་ལ་གནོད་པའི་ལས་དང་། སྔགས་པ་ནུས་ལྡན་མི་དཔོན་གཙོ་བོ་སོགས་ལ་འགལ་བའི་ལས། གཞན་ལ་ཚིག་རྩུབ་འཐབ་འཁོན་བརྙས་བཅོས་བྱེད་པ་སོགས་ནི་ཚེ་དང་ལས་དང་བསོད་ནམས་འཛད་པའི་རྒྱུ་ཡིན་པས་སྤང་དགོས་ཤིང་། ཚེ་ཐར་དང་སྲོག་བསླུ་ཉེའུ་འདོན་པ། ལམ་འཕྲང་བསལ་བ། རི་རྒྱ་རྔོན་རྒྱ་སྡོམ་པ། ཉ་སྦྱིན་གྲོག་སྦྱིན་སོགས་མཆོད་སྦྱིན་ལ་བརྩོན་པ། ངན་སློང་ལ་ཟས་སྦྱིན། ཉམས་ཆུང་ལ་སྐྱེལ་མ་དང་ལམ་སྟོན་སོགས་བསམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པས། སྤྱོད་པ་འགྲོ་བ་གཞན་ཚེ་རིང་བ་དང་། ཡིད་དགའ་བར་འགྱུར་བའི་ལས་རྣམས་ནི། འཕྲལ་ཕུག་ཀུན་ཏུ་རང་གི་ཚེ་དང་བསོད་ནམས་འཕེལ་བ་དང་། སྲོག་འཚོ་བར་འགྱུར་བའི་གདམས་པ་ལགས་པས་བརྩོན་པར་གྱིས་ཤིག །བརྗོད་ལ་ཁས་ལེན་སྣ་རེ་བྱེད་དུ་བཅུག་གོ། །ཞེས་པའང་འཆི་བསླུ་བདུད་བཞི་དབྱིངས་གྲོལ་ལ་དགོས་གལ་ཆེ་བར་མཐོང་ནས་སྔགས་བན་འཇིགས་རྣམ་པས་བྲིས་པ་དགེའོ།།

འཆི་བསླུ་བདུད་བཞི་དབྱིངས་གྲོལ།

དམ་ཆོས་སྐུ་གསུམ་དགོངས་མཛོད་ཀྱི་ཆ་ལག་འཆི་བསླུ་བདུད་བཞི་དབྱིངས་གྲོལ་ཞེས་བྱ་བ་བཞུགས།

སྐུ་གསུམ་ཡོངས་འདུས་ཚེ་ཡི་ལྷ་ལ་འདུད། །འཆི་མེད་ཡེ་ཤེས་རྡོ་རྗེའི་ཚེ་སྲོག་ཏུ། །རྒྱས་འདེབས་འཆི་བ་བསླུ་བའི་གནད་ཟབ་མོ། །བདུད་བཞི་དབྱིངས་སུ་གྲོལ་བྱེད་འདི་རུ་བསྟན། །དེ་ལ་དམ་ཆོས་སྐུ་གསུམ་དགོངས་མཛོད་ཀྱི། །ཚེ་སྒྲུབ་སྙིང་པོ་བཅུད་འདུས་ཆ་ལག་ལས། །འཆི་བསླུ་བདུད་བཞི་དབྱིངས་གྲོལ་བྱ་བ་ལ། །སྤྱི་དོན་རྣམ་པ་བཅུ་གསུམ་ཡོད་པ་ལས། །དང་པོ་འཆི་བ་བརྟགས་པ་ནི། །གློ་བུར་ལུས་བྱད་མདངས་ཤོར་དང་། །སྤྱོད་ལམ་སྔར་ལས་འགྱུར་བ་དང་། །ཚེ་གཟུགས་ཉམས་ཤིང་མི་གསལ་དང་། །རླུང་གི་རྒྱུ་བ་མི་སྙོམ་པ། །སྣའི་རླུང་མཉམ་པར་མི་རྒྱུ་ཞིང་། །ཕལ་ཆེར་གཡས་ནས་རྒྱུ་བ་དང་། །དོན་མེད་དུ་ནི་ཡིད་མི་བདེ། །ཆགས་སྡང་ཡུལ་ལ་རྟོག་པ་ནི། །སྔར་ལས་ལྷག་པར་འགྱུ་བ་དང་། །ཤེས་རྒྱུད་འཇམ་རྩུབ་གོ་ལྡོག་པ། །བྱུང་བ་དངོས་ཉམས་རྨི་ལམ་དུ། །ཉི་མ་ཟླ་བ་ནུབ་པ་དང་། །མུན་སྲོད་ཡིད་ནི་མི་བདེ་བར། །གཅིག་པུ་ལྷོ་ཕྱོགས་འགྲོ་བ་དང་། །བོང་བུ་རྔ་མོང་མ་ཧེ་སོགས། །ཞོན་ནས་འགྲོ་བ་རྨི་བ་དང་། །གནས་འཚོལ་གཤིན་པོ་དང་འཕྲད་ནས། །བཟའ་བཏུང་བྱེད་པ་རྨི་བ་དང་། །གོས་ཕྲེང་དམར་པོས་བརྒྱན་པ་སོགས། །ཤས་ཆེར་རྨིས་ན་འཆི་བའི་རྟགས། །མེ་ཏོག་ལས་ནི་འབྲས་བུ་དང་། །དུ་བ་ལས་ནི་མེར་ཤེས་པ། །སྤྲིན་ལས་ཆར་འབྱུང་ཤེས་པ་བཞིན། །འཆི་བ་ཡི་ནི་སྔ་རོལ་དུ། །འཆི་བའི་ལྟས་འདི་འབྱུང་བ་ཡིན། །གཉིས་པ་འཆི་བ་སྤྱིར་བསླུ་ན། །རང་གི་འབྱོར་བ་ཅི་ཡོད་ཀྱིས། །དཀོན་མཆོག་གསུམ་ལ་མཆོད་པ་དང་། །ཚོགས་འཁོར་བསྐང་བཤགས་སྦྱིན་པ་གཏོང་། །སྲོག་བསླུ་ཉེའུ་འདོན་སཙྪ་གདབ། །ཚེ་སྒྲུབ་སོགས་འབད་བསླུ་ཐུབ་པའི། །རྟགས་མཚན་མ་མཐོང་བར་དུ་འབད། །གསུམ་པ་ཁྱད་པར་དུ་བསླུ་བའི། །སྦྱོར་བ་ཡོ་བྱད་བཅའ་གཤོམ་ནི། །ཚེ་ཡི་དཀྱིལ་འཁོར་བྱས་པ་དེའི། །ལྷོ་ཡི་ཕྱོགས་སུ་འཆི་བསླུ་འདིའི། །ཡོ་བྱད་རྣམས་ནི་བཤམས་པར་བྱ། །དེ་ཡང་དུར་ཁྲོད་ལམ་རྒྱ་གྲམ། །མཆོད་རྟེན་རྙིང་པ་རྣམས་ཀྱི་ས། །རོ་ཐལ་རྫ་ཐལ་བྲ་ནག་དང་། །ཚིག་ཕྱེ་རྣམས་ནི་ཆུ་ལྐུགས་པ། །དུག་ཁྲག་སྦྱར་བས་སྦྲུས་པ་ཡིས། །ཁ་ཏོག་ནག་པོ་གཤིན་རྗེའི་གཟུགས། །ཁ་གདངས་མཆེ་བ་བཞི་གཙིགས་པ། །མི་སྡུག་པ་ཡི་རྣམ་འགྱུར་ཅན། །གཡས་པས་དབྱུག་ཏོ་གཡོན་ཞགས་འཛིན། །ལྟོ་བར་སྲིད་པའི་འཁོར་ལོ་ནི། །རྒྱས་བསྡུས་གང་རུང་བྲིས་པ་བཅུག །དུར་གཡམ་སྟེང་དུ་རོ་སོལ་གྱིས། །ཆོས་འབྱུང་བྲིས་པའི་སྟེང་དུ་བཀོད། །རེ་བ་ནག་པོའི་གདན་ལ་བཞག །མདུན་དུ་དུག་གི་མེ་ཏོག་དང་། །ཉའི་གསུར་ཚིལ་ཆེན་སྒྲོན་མེ་དང་། །མཁྲིས་པའི་དྲི་ཆབ་འབྲུ་ནག་དང་། །ཤ་ཆེན་ཞལ་ཟས་བཅས་པ་བཤམས། །ཁམས་སའི་ཕོར་བ་བཅུ་ཡི་ནང་། །གཏོར་མ་བཅུ་ལ་ཉ་ཤ་དང་། །སྲན་ཆང་ཁྲག་དང་ཤ་ལྗེན་དང་། །ཁུར་བ་ཐུག་པ་སྒོག་པ་ཙོང་། །བུ་རམ་ཞོ་མར་ལ་སོགས་པས། །བརྒྱན་པ་བཅུ་དང་དེའི་གསོག་སྣོད། །ལྕགས་སླང་གཅིག་བཅས་ཉེ་ལོགས་བཤམས། །ལས་སྔགས་བཟླས་པའི་ཆུ་ཡིས་ནི། །སྒྲུབ་བྱའི་ལུས་པོ་ཡོངས་རྫོགས་སམ། །ཡན་ལག་ལྔ་ཁྲུས་བྱས་པའི་ཆུས། །འབྲུ་ལྔའི་ངར་ཕྱེ་སྦྲུས་པ་ཡིས། །སྒྲུབ་བྱའི་གཟུགས་གླུད་ཁྲུ་གང་བ། །དཀར་སེར་དམར་ལྗང་མཐིང་ཀ་ལྔའི། །སྙིང་གར་འབྱུང་བ་ལྔའི་འཁོར་ལོ། །སོ་སོར་མ་ནོར་བཀོད་པར་བྱ། །གོས་དང་རྒྱན་བཏགས་སྐྱེ་མཆེད་དོད། །ཧ་ཅང་གཙང་མའི་གཞི་མའི་སྟེང་། །ཀུ་ཤའི་གདན་བཀྲམ་དེའི་སྟེང་བཤམས། །དེ་ཡི་ཕྲག་པ་གཡས་གཡོན་ལ། །སྟག་པ་གླང་མའི་བྱང་བུ་ལ། །འཆི་བདག་ཕོ་མོའི་ཁྲམ་བྲིས་བཙུགས། །སྤྱི་བོ་དང་ནི་ཕྱོགས་བཞི་རུ། །མར་མེ་ལྔ་ཡང་བཀོད་པར་བྱ། །མཐའ་སྐོར་རིན་ཆེན་སྣ་ཚོགས་དང་། །འབྲུ་སྣ་ལྔ་སོགས་འབྲུ་ཡི་རིགས། །ཤ་མར་བུ་རམ་ཟས་ཀྱི་རིགས། །སྨན་སྣ་དར་གོས་ལྤགས་རིགས་དང་། །ཚོན་སྣ་ལྔ་སོགས་རྫོངས་ཆས་ཀྱི། །དཀོར་ཆ་ལོངས་སྤྱོད་ཇི་འབྱོར་བསགས། །དཀྱིལ་འཁོར་ཉེ་བར་སློབ་དཔོན་མདུན། །སྒྲུབ་བྱ་རེ་ནག་གདན་ལ་འཁོད། །ཚོན་སྐུད་སྣ་ལྔ་འདོམ་དགུ་པས། །ལན་བཅུ་དཀྲིས་པའི་སྣེ་ནང་མ། །སྒྲུབ་བྱའི་སྲིན་ལག་གཡོན་མ་དང་། །ཕྱི་མ་གཤིན་རྗེའི་ལག་གཡོན་གཏད། །གཞན་ཡང་ཁྲམ་ཤིང་བྲེ་སྲང་གྲི། །སྒྲུབ་བྱ་གོས་དཀར་མེ་ཏོག་སོགས། །ཤིས་པའི་རྫས་རྣམས་འདུ་བར་བྱ། །རྩ་བའི་དཀྱིལ་འཁོར་བདག་བསྐྱེད་ནས། །ཚེ་འགུགས་ཚེ་བསྟིམས་ལ་སོགས་པ། །ཐུགས་སྒྲུབ་སྐུ་གསུམ་ཡོངས་འདུས་དང་། །ཚེ་སྒྲུབ་སྙིང་པོ་བཅུད་འདུས་ལྟར། །འདས་དང་མ་འདས་འཇིག་རྟེན་གྱི། །གཏོར་མ་བསྔོ་དང་ཚོགས་བསྐང་སོགས། །འདི་ཡི་སྔོན་དུ་འགྲོ་བར་བྱ། །བཞི་པ་མཆོད་རྫས་བྱིན་བརླབ་ནི། རཾ་ཡཾ་ཁཾ་གིས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལས་འདོད་ཡོན་ཟད་པ་མེད་པའི་ལོངས་སྤྱོད་ཀྱི་དངོས་པོ་མཁོ་དགུ་ཚང་ཞིང་བཟང་དགུས་འབྱོར་བ་དགྱེས་དགུར་སྤེལ་བའི་མཐུན་རྫས་ཀྱི་ཚོགས་དང་བཅས་པ་རྒྱ་ནམ་མཁའི་མཐའ་དང་མཉམ་ཞིང་དུས་འཁོར་བ་རྒྱུན་ཆད་མེད་པར་འབྱུང་བ། འདོད་ཡོན་གྱི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་ཨཱཿཧཱུྃ་དང་ཁྱད་པར་དུ། །སྔགས་དྲུག་ཕྱག་རྒྱ་དྲུག་པ་ཡིས། །བྱིན་གྱིས་བརླབས་ཤིང་བདེན་སྟོབས་བརྗོད། །ལྔ་པ་མགྲོན་རྣམས་དགུག་པ་ནི། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རང་བཞིན་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་ཡང་བཅོམ་ལྡན་འདས་པདྨ་གར་དབང་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་བསྒྲུབ་བྱ་ཆེ་གེ་མོའི་ཚེ་སྲོག་ལ་བར་དུ་གཅོད་པའི་འཆི་བདག་གཤིན་རྗེའི་དཔུང་ཚོགས་འཁོར་དང་བཅས་པ་ཐམས་ཅད་གཟུགས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཨཀྵ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཉ་གསུར་དུད་དང་བཤུགས་པའི་སྒྲས། །ཡིད་ཆེས་པར་ནི་བཀུགས་ནས་སུ། །གཟུགས་བརྙན་གཤིན་རྗེ་དངོས་སུ་གསལ། །པུཥྤེ་སོགས་ཀྱིས་ཉེར་སྤྱོད་དབུལ། །དྲུག་པ་བདེན་པའི་བཀའ་བསྒོ་ནི། །སྙིང་རྗེ་བྱང་ཆུབ་སེམས་ལྡན་པས། ཨོཾ། གང་དག་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་དང་འབྲས་བུའི་མཚན་ཉིད་ནི། །མངར་དང་ཁ་བའི་ས་བོན་ལས། །འབྲས་བུ་སོ་སོར་སྨིན་པ་བཞིན། །དགེ་དང་མི་དགེའི་ལས་རྣམས་ཀྱི། །འབྲས་བུ་ཡང་ནི་དེ་བཞིན་ཏེ། །དེ་བས་ཞེ་སྡང་གདུག་རྩུབ་སོགས། །མི་དགེའི་ལས་རྣམས་ཀུན་སྤོངས་ལ། །ཞི་ཞིང་བྱམས་པའི་སེམས་ཀྱིས་ནི། །འགྲོ་བ་འདི་ལ་ཕན་པར་མཛོད། །དེ་ཡི་གདུག་རྩུབ་བསམ་པ་ཞི། །གཞན་ཕན་བྱང་ཆུབ་སེམས་ལྡན་པས། །ཇི་ལྟར་བསྒོ་བའི་བཀའ་ནོད་ཅིང་། །གཏོར་མ་ལེན་པར་མོས་པ་བྱ། །བདུན་པ་གཏོར་མ་བསྔོ་བ་ནི། །བཅུ་ཚན་བཅུ་པོ་བསངས་སྦྱངས་བྱ། སྟོང་པའི་ངང་ལས་གཏོར་སྣོད་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ།གིས་བྱིན་གྱིས་བརླབས། གཏོར་མ་དང་པོ་ལ་དམིགས་ཏེ། རང་གི་ལག་པ་གཡས་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བདུད་རྩི་འབྱུང་བའི་ཨོཾ་དཀར་པོ་གསལ་བ་ལས་བདུད་རྩིའི་རྒྱུན་བབས་པ་གཏོར་མ་དང་འདྲེས་ནས་འཆི་བདག་འཁོར་བཅས་ཀྱིས་གསོལ་བས་མཉེས་ཤིང་ཚིམ་པར་བསམ་ལ། སམ་བྷ་རས་བསྔོས་སྒྲུབ་བྱར་བསྐོར། ཧོ། འཆི་བདག་གཤིན་རྗེ་ནག་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་གཏོར་མ་འདི་བཞེས་ལ་སྒྲུབ་བྱ་ཆེ་གེ་མོ་འཆི་བའི་ནད་གདོན་བར་ཆད་ཐམས་ཅད་མྱུར་དུ་ཞི་བར་མཛད་དུ་གསོལ༔ ཞེས་གཏོར་སྣོད་ནང་དུ་བཞག བརྒྱད་པ་འདོད་གསོལ་བྱ་བ་ནི།། ན་མོ་དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ཕན་མཛད་ལྷ་ཡི་གཟི་བརྗིད་དང་། །རྟེན་འབྲེལ་བསླུ་བ་མེད་པའི་མཐུས། །བྱད་ཕུར་རྦོད་གཏོང་ཟུག་པ་དང་། །ཁྲམ་དང་དལ་ཁ་བབས་པ་སོགས། །མི་མཐུན་རྐྱེན་དང་བར་གཅོད་ཀུན། །ཤེལ་དཀར་དྲི་མས་ཕྱིས་པ་བཞིན། །ཞི་ཞིང་ལྷག་མེད་དག་གྱུར་ཅིག ། ཨོཾ་ཨ་ཀཱ་ལ་མྲྀ་ཏྱུ་ཛྭ་ར་དུཥྚཱཾ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་འགལ་རྐྱེན་བར་གཅོད་ཀུན། །གླུད་ལ་ཐིམ་བསམ་རྨ་སྒྲོས་བྱབ། །ཁྲམ་རིས་ཕྱིས་ལ་ཁྲམ་ཤིང་གཅོག །དགུ་པ་སྐུ་གླུད་བསྔོ་བ་ནི། །སྐུ་གླུད་ངར་མི་རྫོང་ཆས་རྣམས། །རཾ་ཡཾ་ཁཾ་གིས་སྟོང་པར་སྦྱངས། །ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། །སམ་བྷ་ར་སོགས་གསུམ་མམ་བདུན། །བདེ་གཤེགས་བཞི་ཡི་མཚན་ནས་བརྗོད། །ཧཱུྃ་ཡཿ ལས་ཀྱི་འཆི་བདག་ནག་པོ་སོགས། །གཤིན་རྗེའི་ཚོགས་དང་འབྱུང་བའི་ལྷ། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་ཚོགས། །ལན་ཆགས་མགྲོན་གྱུར་ཐམས་ཅད་ལ། །མི་བས་ལྷག་པའི་གླུད་དང་དཀོར། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །རབ་སྤེལ་ལོངས་སྤྱོད་འདོད་དགུའི་སྤྲིན། །སྒྲུབ་བྱའི་སྲོག་གི་གླུད་དུ་འབུལ། །ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་བཟུང་དང་བསམ་དང་རེག །གློད་དང་ཞི་དང་གྲོལ་བར་མཛོད། །ཅེས་བརྗོད་སླར་ཡང་ངར་མི་རྣམས། །བསྔོ་ཞིང་གླུད་ཆེན་ནང་དུ་བསོགས། །བཅུ་པ་དཀོར་ཆའི་རྫོང་འདེབས་ནི། །སརྦ་བིད་པཱུ་ར་ཡིས་སྤེལ། །ཁ་འབར་མ་ཡི་སྔགས་བརྗོད་ཅིང་། འབྲུ་རྣམས་བྲེ་ལ་གཞལ་ནས་འབུལ། །དེ་བཞིན་ཟས་རྣམས་སྲང་ལ་གཞལ། །ཨ་ཀ་རོ་ཡི་སྔགས་རྒྱས་འབུལ། །རིན་ཆེན་སྨན་སྤོས་ཚོན་ལ་སོགས། །མཁའ་མཛོད་སྔགས་རྒྱས་སྲང་གིས་གཞལ། །གོས་ཀྱི་རིགས་སོགས་གཞན་རྣམས་ཀྱང་། །ནམ་མཁའ་མཛོད་ཀྱི་སྔགས་རྒྱས་འབུལ། །ཀུན་ལ་སྤེལ་ཚིག་འདོད་གསོལ་ནི། །རིག་པས་འཕྲུལ་ཏེ་བརྗོད་ཅིང་སླར། །ཧཱུྃ་ཡཿ ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཚོགས། །འཆི་བདག་འཁོར་དང་བཅས་རྣམས་ལ། །སོ་སོའི་དགྱེས་སྐོང་མཐུན་རྫས་ཀྱི། །དཀོར་ཆ་སྣ་ཚོགས་རྫོངས་སུ་འདེབས། །འབྲུ་སྣ་བུ་རམ་ཤ་མར་ཐུད། །ཆན་ཐུག་ཁུར་བ་ལ་ཕུག་དང་། །ཉ་ཤ་ཤིང་ཏོག་ལན་ཚྭ་ཚོས། །སྨན་སྤོས་དར་ཟབ་མར་མེ་དང་། །གོས་རྒྱན་རིན་ཆེན་རྐང་འགྲོས་སོགས། །འདོད་ཡོན་ལོངས་སྤྱོད་རྒྱ་ཆེན་འདི། །དེང་གི་སྒྲུབ་བྱ་འདི་ཉིད་ཀྱི། །སྲོག་གི་རིན་དང་གླུད་དུ་འབུལ། །མ་བརྐུས་པ་ཡི་འཇལ་དུ་འབུལ། །མ་བསད་པ་ཡི་སྟོང་དུ་འབུལ། །མ་ཆགས་པ་ཡི་བུ་ལོན་དུ། །འབུལ་ལོ་མཉེས་ཤིང་ཚིམ་གྱུར་ཅིག །འཆི་བདག་འཁོར་བཅས་སྤྱན་ལམ་དུ། །མི་ཤེས་མ་གུས་བག་མེད་པས། །ཉེས་འགལ་ནོངས་པ་གང་བགྱིས་རྣམས། །མཆོད་སྦྱིན་འདི་ཡིས་སྐོངས་གྱུར་ཅིག །མོས་པ་བཞིན་དུ་རྒྱས་གྱུར་ཅིག །བསྔོས་པ་བཞིན་དུ་ཐོབ་གྱུར་ཅིག །འདོད་པ་བཞིན་དུ་འབྱུང་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །འབུལ་བ་བདག་གིས་མི་ནོར་ལ། །བཞེས་པ་ཁྱོད་ཀྱིས་མ་ནོར་བར། །ཐུགས་ཀྱིས་བརྣག་པ་ཞི་བར་མཛོད། །ནད་གདོན་རྐྱེན་དང་བར་ཆད་སོལ། །བྱམས་ཤིང་ཕན་པའི་བསམ་པ་ཡིས། །འཆི་བའི་འཇིགས་པ་བསལ་དུ་གསོལ། །ཞེས་བརྗོད་འཁོར་བཅས་མཉེས་པར་བསམ། །བཅུ་གཅིག་དུག་ཁྲུས་བྱ་བ་ནི། །ཧཱུྃ་ཧྲཱིཿ རིགས་འདུས་རྒྱལ་བའི་གསང་གསུམ་གྱི། །བྱིན་རླབས་ཐུགས་རྗེ་ལས་བྱུང་བའི། །ཕ་རོལ་ཕྱིན་དྲུག་རང་བཞིན་ཆུས། །ཉོན་དྲུག་དྲི་མ་དག་གྱུར་ཅིག །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །དཀོན་མཆོག་གསུམ་ལ་དུག་མི་མངའ། །མཆོག་གསུམ་བདེན་པས་དུག་བཅོམ་མོ། །ནམ་མཁའ་ས་ཆུ་མེ་དང་རླུང་། །དུག་གི་ཕ་དང་མ་ཡིན་ཏེ། །གནས་དག་ཡུམ་ལྔའི་བྱིན་རླབས་ཀྱིས། །འབྱུང་ལྔའི་དབྱིངས་སུ་དུག་བཅོམ་མོ། །སངས་རྒྱས་རྣམས་དང་རང་སངས་རྒྱས། །འབྲས་བུ་བཞི་ཐོབ་ཉན་ཐོས་དང་། །བདེན་པར་སྨྲ་རྣམས་གཟི་བརྗིད་ཀྱིས། །ལས་ཉོན་བག་ཆགས་དུག་བཅོམ་མོ། །འཇམ་དཔལ་ཁྲོས་པའི་རལ་གྲི་དང་། །གསང་བའི་བདག་པོའི་རྡོ་རྗེ་དང་། །ཚངས་པ་ཡི་ནི་བེ་ཅོན་དང་། །དབང་པོའི་རྡོ་རྗེས་དུག་བཅོམ་མོ། །དྲག་པོའི་རྩེ་གསུམ་ལྷ་མིན་སྒྱུ། །སྐེམ་བྱེད་མདུང་ཐུང་མེ་ལྷའི་དབལ། །ཆུ་ལྷའི་ཞགས་པ་ཀླུའི་རིགས་སྔགས། །ཁྱབ་འཇུག་འཁོར་ལོས་དུག་བཅོམ་མོ། །དོན་དམ་ཆོས་ཉིད་འགྱུར་མེད་དང་། །ཀུན་རྫོབ་རྒྱུ་འབྲས་བསླུ་མེད་དང་། །ལྷག་བསམ་རྣམ་དག་བདེན་སྟོབས་ཀྱིས། །ཁྱོད་ལུས་དུག་གིས་མི་ཚུགས་ཤོག །བསྲུང་བྱའི་ལུས་ངག་ཡིད་གསུམ་གྱི། །གྲིབ་དང་ནད་གདོན་གྲིབ་རྣམས་ཀུན། །རང་བཞིན་རྣམ་དག་དབྱིངས་ཆེན་པོར། །ལྷག་མེད་ཉིད་དུ་དག་གྱུར་ཅིག །རྡོ་རྗེ་སེམས་དཔའི་ཡིག་བརྒྱ་དང་། །ཁྲུས་བདུན་རིགས་པ་བརྗོད་ཅིང་བཀྲུ། །བཅུ་གཉིས་གླུད་ཡས་བསྐྱལ་བ་ནི། །གཤིན་གཟུགས་ལྷོ་རུ་ཁ་བསྒྱུར་ཞིང་། །གླུད་དང་རྫོང་ཆས་རྣམས་ཀྱིས་བསྐོར། །ལྟ་སྒོམ་དམིགས་པའི་གདེང་ལྡན་པས། །ཧཱུྃ་ཡཿ ཉོན་ཅིག་འཆི་བདག་གཤིན་རྗེའི་རྒྱལ། །ལས་ལས་གྲུབ་པའི་རྫུ་འཕྲུལ་ཅན། །སྐྱེ་འགྲོ་ཀུན་གྱི་སྲོག་དབུགས་བདག །དགེ་སྡིག་ཤན་ཐང་འབྱེད་པ་པོ། །འཁོར་དང་བཅས་པ་ཁྱེད་རྣམས་ལ། །དེ་རིང་ཡོན་གྱི་བདག་པོ་ཡི། །ཚེ་དང་སྲོག་གི་གླུད་འབུལ་ཞིང་། །བུ་ལོན་ལན་ཆགས་འཇལ་ཟིན་གྱིས། །དགྱེས་ཤིང་མགུ་བར་གྱུར་ནས་ཀྱང་། །མཆོད་སྦྱིན་བཟང་པོ་འདི་སྣོམ་ལ། །སོང་ཞིག་གཞན་དུ་འགྲོ་བར་གྱིས། །ཕྱིན་ཆད་འཁོར་འདིར་མ་གནོད་ཅིག །ཁྱོད་ཀྱི་འཁོར་གྱི་ཡི་དྭགས་ལ། །བཟའ་བཏུང་ལོངས་སྤྱོད་བྱིན་ལགས་ཀྱིས། །ཁྱེར་ལ་འཁོར་གྱི་ཡི་དྭགས་རྣམས། །མ་འཚེ་བར་ནི་གཞན་དུ་དེངས། །གདོན་དང་བགེགས་རིགས་ལན་ཆགས་མགྲོན། །མ་ལུས་མཆོད་སྦྱིན་འདི་ལོངས་ལ། །ཐ་དད་རང་རང་གནས་རྣམས་སུ། །མགུ་བའི་སེམས་ཀྱིས་ད་སོང་ཅིག །བདག་ནི་རྣལ་འབྱོར་སྒྲུབ་པ་པོ། །སེམས་ནི་བྱང་ཆུབ་མཆོག་ཏུ་བསྐྱེད། །ཚོགས་ནི་ཡོན་བདག་འདི་ཡིས་བསགས། །དོན་ནི་འགྲོ་ཀུན་དོན་ལ་དགོངས། །ལས་ནི་རྒྱལ་ཀུན་ཕྲིན་ལས་སྟེ། །བཀའ་ནི་དཀོན་མཆོག་གསུམ་གྱི་བཀའ། །བཀའ་དང་དམ་ལས་མ་འདའ་བར། །ཉི་མ་དེ་རིང་ཕྱིན་ཆད་ནས། །ཡོན་སྦྱོར་སྦྱིན་པའི་བདག་པོ་ལ། །མ་གནོད་གཤིན་རྗེའི་ཁྲམ་ཁ་ཕྱིས། །མ་བཅིངས་འཆི་བདག་ཞགས་པ་ཁྲོལ། །མ་གསོད་ཚེ་སྲོག་སླར་བྱིན་ནས། །མ་འཚེ་རྫོང་ཡས་འདི་ཁྱེར་ལ། །མ་འདུག་འཁོར་བཅས་རང་གནས་བསྐྱོད། །རྒྱལ་བའི་བཀའ་ལ་མི་ཉན་མེད། །ཟབ་མོའི་དོན་ལ་མི་སེམས་མེད། །བདེན་པའི་ཚིག་ལ་མི་བརྟོན་མེད། །རེག་གཅོད་མཚོན་གྱིས་མི་འཇིགས་མེད། །འཚོ་བའི་ཟས་ལ་ཀུན་ཀྱང་འདུ། །འཆི་བའི་སྲོག་ལ་ཀུན་ཀྱང་འཛེམས། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །འགལ་རྐྱེན་བར་ཆད་ཀུན་སོལ་ལ། །རང་རང་གནས་སུ་ད་བསྐྱོད་ཅིག །འཆི་བདག་ནག་པོ་ད་གཤེགས་ཤིག །སྲོག་བདུད་ནག་པོ་ད་གཤེགས་ཤིག །ལས་ཀྱི་གཤིན་རྗེ་ད་གཤེགས་ཤིག །ཆོས་རྒྱལ་འཁོར་བཅས་ད་གཤེགས་ཤིག །གདོན་བགེགས་འབྱུང་པོ་ལན་ཆགས་མགྲོན། །ཐམས་ཅད་མ་ལུས་ད་སོང་ཅིག །བདག་ཉིད་ཆེན་པོ་སངས་རྒྱས་བཀའི། །ཚིག་ལས་འདས་ན་རྡུལ་དུ་རློག །དེ་བས་བགེགས་ཆེན་ཁྱོད་སོང་ལ། །དམ་ཚིག་གཉན་ལས་མ་འདའ་ཞིག །སྔགས་བརྗོད་ཐུན་བྲབ་གུ་གུལ་བདུག །རོལ་མོ་དང་བཅས་ཚམས་རྔམས་ཀྱིས། །ལྷོ་ཡི་ཕྱོགས་ཀྱི་གྲོང་མཐར་བསྐྱལ། །མཚམས་གཅོད་བསྲུང་བའི་འཁོར་ལོ་བསྒོམ། །བཅུ་གསུམ་པ་ནི་རྒྱལ་དབྱངས་ཏེ། །སྒྲུབ་བྱས་གོས་དཀར་དྲི་མེད་གྱོན། །སྟན་དཀར་མེ་ཏོག་བཀྲམ་སྟེང་འདུག །རྣལ་འབྱོར་དཔོན་སློབ་ངག་སྙན་པོས།། ཨེ་མ་ཧོ། སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། །ཆོས་ནི་ཆོས་མ་ཡིན་ལས་རྒྱལ། །དགེ་འདུན་མུ་སྟེགས་རྣམས་ལས་རྒྱལ། །དབང་པོ་ལྷ་མིན་རྣམས་ལས་རྒྱལ། །མེ་ཡིས་ཤིང་རྣམས་བསྲེག་པ་དང་། །ཆུ་བོའི་རྒྱུན་གྱིས་མེ་གཞིལ་བཞིན། །བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་གྱིས། །བདུད་བཞི་དཔུང་བཅས་ཕམ་པར་བྱས། །རླུང་གིས་སྤྲིན་རྣམས་གཏོར་བ་དང་། །རྡོ་རྗེས་རིན་ཆེན་ཕུག་པ་ལྟར། །ཚོགས་གཉིས་བསགས་པའི་བདེན་འབྲས་ཀྱིས། །སྒྲུབ་བྱ་འཆི་བདག་གཡུལ་ལས་རྒྱལ། །ལྷ་རྣམས་བདེན་པར་རབ་ཏུ་གནས། །ས་ཡང་བདེན་པར་གནས་པ་ལགས། །སངས་རྒྱས་ཀྱང་བདེན་ཆོས་ཀྱང་བདེན། །བདེན་པས་རྒྱལ་འགྱུར་རྫུན་མ་ལགས། །ཛ་ཡ་ཛ་ཡ་སུ་ཛ་ཡནྟུ། །ཞེས་བརྗོད་ཀུ་ཤས་བསངས་གཏོར་བྱ།། ༧ རྗེས་ལ་ཚེ་དབང་རྒྱས་པར་བསྐུར། །ཡང་ན་འདི་ལྟར་མངའ་གསོལ་བྱ། །སྭ་བྷཱ་ཝ་ཡི་སྔགས་ཀྱིས་སྦྱངས། །སྒྲུབ་བྱ་སྐད་ཅིག་དྲན་རྫོགས་སུ། །ཚེ་དཔག་མེད་པའི་སྐུར་གསལ་བའི། །ཐུགས་སྲོག་འོད་ཀྱིས་ཞིང་ཀུན་ནས། །ཚེ་ཡི་ལྷ་ཚོགས་སྤྱན་དྲངས་ཐིམ། །སླར་ཡང་འོད་འཕྲོས་འཁོར་འདས་ཀྱི། །ཚེ་བཅུད་བསྡུས་ཏེ་ཐིམ་པར་མོས། །ཚེ་འགུགས་རྒྱས་བསྡུས་གང་རུང་བྱ། །བུམ་པ་མགོར་བཞག་བུམ་ཆུ་བླུད། །ཧཱུྃ་ཧྲཱིཿ ཚེ་དཔག་མེད་པའི་གསང་གསུམ་ལས། །ལེགས་བྱུང་འཆི་མེད་བདུད་རྩི་འདིས། །དེང་འདིར་ཁྱོད་ལ་དབང་བསྐུར་བས། །ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག །ཨོཾ་བཛྲ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཚེ་རིལ་སྦྱིན་ཞིང་འདི་ལྟར་བརྗོད། །ཧཱུྃ་ཧྲཱིཿ ཚེ་ཡི་རིག་འཛིན་མ་ལུས་པའི། །འཆི་མེད་གྲུབ་པའི་དམ་རྫས་འདིས། །དེང་འདིར་ཁྱོད་ལ་དབང་བསྐུར་བས། །འཆི་མེད་རྡོ་རྗེའི་ཚེ་ཐོབ་ཤོག །ཨོཾ་ཨ་ཡུ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། དེ་ནས་ཚེ་ཆང་བླུད་པ་ནི།། ཧཱུྃ་ཧྲཱིཿ ཚེ་ལ་དབང་བ་ཐམས་ཅད་ཀྱི། །བྱིན་རླབས་སྙིང་པོ་བསྡུས་པའི་བཅུད། །དེང་འདིར་ཁྱོད་ལ་དབང་བསྐུར་བས། །རིག་འཛིན་ཚེ་ལ་དབང་བསྒྱུར་ཤོག །ཨོཾ་མ་ཧཱ་ཨ་ཡུ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་སྤྱི་བོར་བཞག་བྱས་ལ། །ཧཱུྃ་ཧྲཱིཿ མཆོག་གསུམ་བདེན་པའི་བྱིན་རླབས་དང་། །རྩ་གསུམ་བསྲུང་མའི་གཟི་བརྗིད་ཀྱིས། །བུ་ཁྱོད་མི་མཐུན་ཕྱོགས་ལས་རྒྱལ། །ཚེ་གེགས་ཞི་བའི་བཀྲ་ཤིས་སྩོལ། །ཚེ་མཐར་ཕྱིན་ཅིང་དམ་ཆོས་འཕེལ། །ཚེ་དབང་རིག་འཛིན་འགྲུབ་པར་ཤོག །ཅེས་སོགས་བརྗོད་ཅིང་མེ་ཏོག་འཐོར། །གསོད་གཅོད་རྐུ་འཕྲོག་བརྡུང་བརྡེག་དང་། །ཚིག་རྩུབ་འཁོན་འགལ་བརྙས་པ་སོགས། །སྲོག་ལ་གནོད་པའི་ལས་སྤང་ཞིང་། །ཚེ་ཐར་སྲོག་བསླུ་ཉེ་འདོན་དང་། །མཆོད་དང་སྦྱིན་ལ་བརྩོན་པ་སོགས། །འཚོ་འགྱུར་དགེ་ལ་འབད་པར་གདམས། །དཀྱིལ་འཁོར་སྒྲུབ་པའི་ལས་རིམ་གཞན། །དཀྱུས་བཞིན་བྱས་པས་གྲུབ་པའོ། །ས་མ་ཡཱཿ གུ་ཧྱཿ ཞེས་ཚེ་སྒྲུབ་སྙིང་པོ་བཅུད་བསྡུས་ཀྱི་ཆ་ལག་འཆི་བསླུ་བདུད་བཞི་དབྱིངས་གྲོལ་ཞེས་བྱ་བ་འདི་ཡང་སྔགས་བན་རོལ་བའི་རྡོ་རྗེའི་བློ་མཚོ་ལས་བྱུང་བའོ།། དགེའོ།། དགེའོ།། དགེའོ།།

ཛམ་བྷ་ལ་ནག་པོའི་སྲོག་གི་གཟུངས་ཡིད་བཞིན་ནོར་བུ།

༄༅། ཛམ་བྷ་ལ་ནག་པོའི་སྲོག་གི་གཟུངས་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ། རྒྱ་གར་སྐད་དུ༔ ཡཀྴ་ཛམ་བྷ་ལ་མ་ཧཱ་ཙིཏྟ་ཙཀྲ་རཏྣ་དྷ་ར་ན་མ༔ བོད་སྐད་དུ༔ གནོད་སྦྱིན་ཛཾ་བྷ་ལ་ནག་པོའི་སྲོག་གི་འཁོར་ལོ་རིན་པོ་ཆེའི་གཟུངས་ཞེས་བྱ་བ༔ དཔལ་གསང་བའི་བདག་པོ་དང་ནོར་ལྷ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ བཅོམ་ལྡན་འདས་གསང་བའི་བདག་པོ་ཉིད་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ན༔ མཁའ་འགྲོ་མ་དང་གནོད་སྦྱིན་དྲེགས་པའི་ཚོགས་ནོར་ལྷའི་འཁོར་དང་ཐབས་གཅིག་ཏུ་བཞུགས་སོ༔ དེའི་ཚེ་དེའི་དུས་ན་གསང་བའི་བདག་པོ་ཉིད་ཀྱིས་གནོད་སྦྱིན་དྲེགས་པ་ནོར་ལྷའི་ཚོགས་རྣམས་ཀྱི་སྲོག་ཤངས་ཀྱི་བུ་ག་གཡས་པ་ནས་འོད་མཐིང་ཀའི་ལྕགས་ཀྱུས་དྲངས་ནས༔ ཐུགས་རིན་པོ་ཆེ་ཟུར་བརྒྱད་པར་བསྡུས་ཏེ༔ སླར་ཤངས་བུག་གཡོན་ནས་འཇའ་ཚོན་ལྟ་བུའི་གཟུངས་འདི་བྱུང་ངོ༔ ཨོཾ་ཛཾ་བྷ་ལ་ཛ་ལེན་ཏྲ་ཡེ་ཀཱ་ཡ་ཝཀྐ་ཙིཏྟ་སིདྡྷི་བཛྲ་ཛཾ་བྷ་ལ་ཛ་ལེན་ཏྲ་ཡེ་སྭཱ་ཧཱ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ཨོཾ་ཨིནྟྲ་ནི་མུ་ཁཾ་བྷྲ་མ་རི་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཛཾ་ལུཾ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཡཀྴ་ཀཱ་ལ་ཛ་ལེན་ཏྲ་ཡེ་མ་ཧཱ་པཱུ་ཛ་བཱ་ལིང་ཏ་ཁཱ་ཧི་ཁཱ་ཧི༔ ཨོཾ་བཛྲ་ས་ཀེ་ར་ནི་བྷ་ཤ་དྷཱ་རི་ནི༔ བ་སུ་དྷ་ར་ནི༔ བྷ་སུ་དྷ་ར་དུང་དུང་བསྡུས་བསྡུས་སྭཱ་ཧཱ༔ མི་སེམས་དཀྲུགས་ཡ་ཁུག་འདུས༔ ས་མ་ཡཱ་ཛ་ཛ༔ མི་སྙིང་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ ཨོཾ་བཛྲ་ཡཀྴ་ཛཾ་བྷ་ལ་ཛ་ལེན་ཏྲ་ཡེ༔ མ་ཧཱ་ཡཀྵ་སེ་ན་པཱ་ཏ་ཡེ༔ སརྦ་སིདྡྷི་དྷ་ནཾ་ན་ན་ཁ་དེ༔ སརྦ་སིདྡྷི་ཕ་ལ་ཨ་ཡུ་ཤེ་སིདྡྷི་ཛ་ཡེ༔ ཨ་བྷི་ཥིཉྩ་ས་མ་ཡ༔ ཛ་ཛ༔ བྷྱོ་བྷྱོ༔ ཨོཾ་བཛྲ་ཛཾ་བྷ་ལ་ཛ་ལེན་ཏྲ་ཡེ༔ བཛྲ་ཡཀྴ་མ་ཧཱ་ཀཱ་ལ་ཨ་པ་ར་ཙི་ཏ་མ་ཧཱ་རད་ཏི་ཧི་ཡ་རཏྣ་འུབས་འུབས༔ ཤང་ཀ་རཱ་ཛ༔ ང་ཡི་སྣོད་ཁོང་ཁོང༔ མ་ཧཱ་སྟི་ར་ཏི་ཧི་ཡ་ཙིཏྟ་རྦད་ཡ༔ ཨུ་ཙུཥྨ་གཞན་ལ་ཆོད་ཆོད༔ བོ་དྷོ་ཧོ་ཤིག་ཤིག༔ ཁྱེ་སྟོང་སྟོང་ཐུབ༔ ཁྲི་སྟོང་སྟོང་ཤ་ལ་བཛྲ་གྲིག་ཁྱེར་ཡ༔ ཡཀྴ་ནག་པོ་ས་མ་ཡཱ༔ ཧཱུྃ་ཧཱུྃ་ཧྲིཾ་ཧྲིཾ་ཛ་ཛ༔ བྷྱོ་བྷྱོ༔ ཨོཾ་མ་ཎི་བྷ་ཏྲ་ཡེ་སྭཱ་ཧཱ༔ ཨོཾ་ཙནྟ་ཀེ་ཏེ་ཡེ་སྭཱ་ཧཱ༔ ཨོཾ་པུརྞ་བྷ་ཏྲ་ཡེ་སྭཱ་ཧཱ༔ ཨོཾ་སུ་དན་ཏ་ཡེ་སྭཱ་ཧཱ༔ ཨོཾ་དྷ་ན་ཏ་ཡེ་སྭཱ་ཧཱ༔ ཨོཾ་དྷ་ན་ཡེ་སྭཱ་ཧཱ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ཨོཾ་ཨར་ཡ་ནི་ཡེ་སྭཱ་ཧཱ༔ ཨོཾ་ཀཱི་ལི་མཱི་ལི་ནི་སྭཱ་ཧཱ༔ ཨོཾ་སུ་བྷ་ཏྲ་ཡེ་སྭཱ་ཧཱ༔ ཨོཾ་ཛི་བྷི་ཀུན་ཏ་ལི་ཡེ་སྭཱ་ཧཱ༔ ཨོཾ་གུཔྟ་ཡེ་སྭཱ་ཧཱ༔ ཨོཾ་མུ་ཁྱེན་ཏྲ་ཡེ་སྭཱ་ཧཱ༔ ཨོཾ་དེ་བཱི་བྷ་ར་ཡེ་སྭཱ་ཧཱ༔ ཨོཾ་ཙ་རེནྟྲ་ཡེ་སྭཱ་ཧཱ༔ ཨོཾ་རཏྣ་པ་ཏེ་སྭཱ་ཧཱ༔ རཏྣ་སིདྡྷི་སྭཱ་ཧཱ༔ ཨོཾ་བི་ཛ་ཡེ་བི་ཛ་ཡེ༔ ཨུཀྐེ་ཨུཀྐེ༔ པྲཱ་ཏི་པྲ་བྷ་ཏི༔ ཨོཾ་ཨ་མུ་ཁྱ་ཏེ༔ པྲ་ས་དྷ་ར་པྲ་ས་དྷ་ར་སྭཱ་ཧཱ༔ ཨོཾ་པྲ་ཧ་ཀྵེ༔ མུ་ནེ་མུ་ནེ༔ གུ་ར་ནེ་གུ་ར་ནེ༔ ཨ་ཁྱེ་མུ་ཁྱེ༔ མུ་ར་ཀེ་མུ་ར་ཀེ༔ ས་མ་ཏི་གྷུ་ན་ཡ༔ སརྦ་སིདྡྷི༔ བྷྲུཾ་བྷྲུཾ་བྷྲུཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྭ་སྟི་སྭ་སྟི༔ མུ་ལེ་མུ་ལེ༔ ཀེ་ཤེ་ཀེ་ཤེ༔ ཙུརྞ་ཙུརྞ༔ ཨོཾ་བྷི་མ་ལེ་ཡེ་སྭཱ་ཧཱ༔ ཨོཾ་ཀཾ་ཀ་ར་ཀཾ་ཀ་ར༔ ནིར་རྒ་ཙིན་ཏ་ནིར་རྒ་ཙིན་ཏ༔ བྷ་ཏི་སིདྡྷི་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་པུཎྱེ་སིདྡྷི་སིདྡྷི་ཕ་ལ་ཧཱུྃ༔ དྷ་ན་མེ་དེ་སིདྡྷི་སིདྡྷི་ཕ་ལ་ཧཱུྃ༔ ན་ན་ཁ་དྷེ་སིདྡྷི་སིདྡྷི་ཕ་ལ་ཧཱུྃ༔ དྷ་ལ་སཾ་བྷོ་སིདྡྷི་སིདྡྷི་ཕ་ལ་ཛ་ཛ༔ཧཱུྃ༔ ཨོཾ་ཙཀྲ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་མ་ཎི་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཝརྟི་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་མ་ཧཱ་ཏཱ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཧསྟི་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་དུ་རང་གཱ་ཨ་ཤྭ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཁད་ཁ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་དྷ་ན་མ་ཏྲ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ དྷེ་ཧུར་དྷོ་ཀི་ནི༔ བྷི་ཧུ་བྷོ་ཀ་ནི༔ བཛྲ་ཧཱུྃ་བྷི་ལི་ཧཱུྃ༔ དྷ་ན་ཀ་སཱ་ཡེ་བྷི་ར་པི་ཨུ་ཊ་ཡ༔ བྷོ་ཧ་བྷོ་ཧེ་མ་ཧཱ་ཕ་ལ་ཧཱུྃ༔ རིན་པོ་ཆེ་རྩལ་ཆེན་འདུས་པའི་གཟུངས་འདི་ལན་གཅིག་བསྒྲགས་པ་ཙམ་གྱིས་སྐྱེ་བ་ལྔ་བརྒྱར་དབུལ་བའི་སྡུག་བསྔལ་ལས་ཐར་བར་འགྱུར་རོ༔ སྒྲ་ཐོས་པ་ཙམ་གྱིས་ཛཾ་བྷ་ལའི་ལོངས་སྤྱོད་དང་ལྡན་པར་འགྱུར་རོ༔ གཟུངས་འདི་བཞུགས་པའི་ཕྱོགས་སུ་དབུལ་བ་མེད་ཅིང་ལོངས་སྤྱོད་འཕེལ་ལོ༔ གཟུངས་འདི་མཛོད་ཁང་དུ་བཞག་ན་རཏྣའི་གཏེར་ཁང་དུ་འགྱུར་རོ༔ མཆོད་ཁང་དུ་བཞུགས་ན་བསམ་པ་ཡིད་བཞིན་དུ་འགྲུབ་བོ༔ གཞན་ཡང་བང་མཛོད་དམ༔ ཕྱུགས་རའམ༔ མཛོད་ལ་སོགས་པའམ༔ ཕྱོགས་གང་དུ་བཞག་པ་དེར་བསོད་ནམས་རྒྱས་ཤིང་བཀྲ་ཤིས་འཕེལ་བར་འགྱུར་རོ༔ འདི་གནོད་སྦྱིན་ཡབ་ཡུམ་གྱི་ལྟོ་བར་ཙཀྲ་བྲིས་ཏེ་གའུར་བཅུག་ན་བསམ་འཕེལ་གྱི་ནོར་བུ་རིན་པོ་ཆེ་དང་མཉམ་མོ༔ ཚངས་པའི་འཁོར་ལོ་བྲིས་ཏེ་རླུང་ལ་ཕྱར་ན་སུས་མཐོང་བའམ༔ སྒྲ་ཐོས་པ་ཙམ་གྱིས་ལོངས་སྤྱོད་འཕེལ་ཞིང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་མཉམ་མོ༔ འདི་རླུང་ལྷའི་སྲོག་ཤིང་ལ་བྲིས་ཏེ་ས་དཀར་དམར་གྱིས་ཚགས་བྱས་ཏེ་མཁའ་འགྲོ་བཅུ་དྲུག་གི་འཁོར་ལོའི་བར་རམ་བུམ་པའི་ནང་དུ་བཅུག་ནས་ཞག་བདུན་བསྐོར་ཏེ་ཁྲུས་ལེགས་པར་བྱས་ན་བསོད་ནམས་རྒྱས་ཤིང་ལོངས་སྤྱོད་འཕེལ་བར་འགྱུར་རོ༔ གནོད་སྦྱིན་གྱི་སྐུ་གཟུགས་ཀྱི་ནང་དུ་གཟུངས་སུ་བཅུག་ནས་རླུང་རྒྱུ་བར་བྱས་ཏེ་མཛོད་ཁང་དུ་ཞལ་གཟིགས་ན་ལོངས་སྤྱོད་ཛཾ་བྷ་ལའི་ཕོ་བྲང་དང་མཉམ་པར་འགྱུར་རོ༔ བུམ་པར་ཆུའི་བདུད་རྩི་དང་དཀར་གསུམ་མངར་གསུམ་ལ་བཏབ་སྟེ་གཟུངས་ཆུ་བྱས་ཏེ་བཟའ་བཏུང་ལ་གཏོར་ནས་འགྲོ་བ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ༔ གནས་ཁང་ལ་གཏོར་ན་བྱིན་ཆེ་ཞིང་བཀྲ་ཤིས་པར་འགྱུར་རོ༔ ཞིང་ལ་གཏོར་ན་ལོ་ཏོག་ལེགས་པར་འགྱུར་རོ༔ རི་བོ་ལ་གཏོར་ན་རྩི་ཤིང་ནགས་ཚལ་སྐྱེ་བར་འགྱུར་རོ༔ འབྲུ་དང་ཕྱུགས་ལ་གཏོར་ན་གང་ཡང་འཕེལ་བར་འགྱུར་རོ༔ དར་དཀར་ལ་དུང་དང་མཚལ་དང་ཙན་ཏན་དཀར་དམར་གྱིས་རྟེན་འབྲེལ་སྙིང་པོའི་མཐའ་རྟེན་ཅན་དུ་བྲིས་ནས་དེ་ལ་གཟུངས་སྔགས་བསྒྲགས་པས་རབ་ཏུ་གནས་པར་འགྱུར་རོ༔ ཕུགས་སུ་བཅིངས་ན་ཟས་ནོར་འཕེལ་བར་འགྱུར་རོ༔ ཆུ་བོའི་རྒྱུན་གཞུང་དུ་བཅུགས་ན་ཆུ་དེ་ལ་ལོངས་སྤྱད་ཚད་དབུལ་བའི་སྡུག་བསྔལ་ལས་ཐར་བར་འགྱུར་རོ༔ དེ་ལྟར་ངོ་མཚར་ཆེ་བའི་གཟུངས་འདི་གསང་བའི་བདག་པོས་མཁའ་འགྲོ་མ་ལ་གཏད་ཅིང་མ་ལུས་པར་གནང་བའོ༔ རིན་པོ་ཆེ་རྩལ་ཆེན་འདུས་པའི་གཟུངས་ཛཾ་ནག་གི་སྲོག་གཟུངས་ཞེས་བྱ་བ་རྫོགས་སོ༔ ཟབ་རྒྱ༔ སྦས་རྒྱ༔ གཏེར་རྒྱ༔ བཀའ་རྒྱ༔ གཏད་རྒྱ༔ ཅེས་གཏེར་སྟོན་རཏྣའི་ཛཾ་སེར་སྒྲུབ་ཐབས་ནས་ཕྱུང་བ་དང་། རྣམ་སྲས་མདུང་དམར་ཅན་གྱི་ལས་ཚོགས་ལས་བྱུང་བ་གཉིས་ཤིན་ཏུ་ཞལ་མཐུན་པས་ཕན་ཚུན་ཅུང་ཟད་རེ་བསྡེབ་ཏེ་བྲིས་པའོ།། ཞེས་མགོ་སྤྲུལ་པས་སོ།། དགེའོ།། དགེའོ།། དགེའོ།། སརྦ་ཛ་གད་དཾ།།

མཚམས་ཐོ་འབྲི་ཐབས།

སྐུ་གསུམ་ཡོངས་འདུས་རྗེ་ལ་འདུད། །དེ་ཉིད་སྒྲུབ་འདོད་རྣལ་འབྱོར་པས། བདུད་ཚོགས་ཟིལ་གནོན་ཐོ་བྱང་བརྩམས། །བཟང་ཤིང་རྒྱང་བུ་མདའ་གང་ལ། །དཀར་རྩིའི་ལེགས་བྱུག་རྩེ་མོ་རུ། །རྡོ་རྗེ་གྲོ་ལོད་མངོན་རྟོགས་བཞིན། །འབྲིའམ་ཡང་ན་མེ་དཔུང་དབུས། །ཕྱག་རྒྱ་སྣ་ཚོགས་རྡོ་རྗེ་འདྲི། །དེ་འོག་བཀའ་རྟགས་ཚིག་འདི་སྤེལ།། ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྱོ་ཕཊ་རཾ། སྐུ་གསུམ་བདེ་གཤེགས་ཡོངས་རྫོགས་པདྨའི་བཀའ། །ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་དཔལ་གྱི་ལུང་། །མི་ཟན་རཀྴ་ཐོད་ཕྲེང་རྩལ་གྱི་གཏམ། །སྲིད་གསུམ་ཟིལ་གནོན་རྡོ་རྗེའི་གད་རྒྱང་སྒྲོགས། །ཞེ་སྡང་རང་གཟུགས་ཕོ་གདོན་རྒྱལ་འགོང་དང་། །ཁོང་ཁྲོའི་རྟོག་ཚོགས་ལས་བྱུང་དྲེགས་བྱེད་རྣམས། །དཔལ་ཆེན་ཁྲག་འཐུང་རྡོ་རྗེ་སྲིན་པོའི་བཀས། །རྣལ་འབྱོར་བྱམས་སེམས་བསྒོམ་ལ་ཁོན་འཛིན་སྤོངས། །འཇིགས་ཚོགས་ལས་ཉོན་བར་ཆད་དབྱིངས་སུ་ཞི། །བཟོད་དང་བརྩོན་འགྲུས་མི་ཉམས་གོང་འཕེལ་མཛོད། །དགའ་བྲོད་ལྷའི་བུའི་བདུད་སོལ་ཡུལ་འཁོར་སྲུང་། །འཁོར་སྲུངས་སྐྱེན་སོལ་གདོན་ཟློག་ཕྱི་མཚམས་སྲུངས། །ང་རྒྱལ་རང་གཟུགས་འཆི་བདག་གཤིན་རྗེ་དང་། །མཆོག་འཛིན་རྟོག་ཚོགས་ལས་བྱུང་དྲེགས་བྱེད་རྣམས། །འཇམ་དཔལ་ཁྲོས་པ་ཡ་མན་ཏ་ཀའི་བཀས། །རྣལ་འབྱོར་སྙིང་རྗེ་བསྒོམ་ལ་མཐོ་གནོན་སྤོངས། །ཚེ་བསོད་ཡེ་ཤེས་ཡོན་ཏན་རྒྱས་པ་དང་། །སྦྱིན་དང་ཚུལ་ཁྲིམས་མི་ཉམས་གོང་འཕེལ་མཛོད། །སྙེམས་བྱེད་འཆི་བདག་བདུད་སོལ་འཕགས་སྐྱེས་པོས། །འཁོར་སྲུངས་སྐྱེན་སོལ་གདོན་ཟློག་ཕྱི་མཚམས་སྲུངས། །འདོད་ཆགས་རང་གཟུགས་མོ་གདོན་འདྲེ་བསེན་དང་། །སྲེད་ལེན་རྟོག་ཚོགས་ལས་བྱུང་དྲེགས་བྱེད་རྣམས། །པདྨ་ཁྲག་འཐུང་དབང་དྲག་རོལ་པའི་བཀས། །རྣལ་འབྱོར་དགའ་བ་སྤོངས་ལ་འདོད་ཞེན་སྤོངས། །སྲིད་གསུམ་མོས་བཞི་ཉམས་རྟོགས་དབང་དུ་སྡུས། །བསམ་གཏན་ཤེས་རབ་མི་ཉམས་གོང་འཕེལ་མཛོད། །ཐོགས་མེད་ཉོན་མོངས་བདུད་སོལ་སྤྱན་མི་བཟང་། །འཁོར་སྲུངས་སྐྱེན་སོལ་གདོན་ཟློག་ཕྱི་མཚམས་སྲུངས། །ཕྲག་ཏོག་རང་གཟུགས་མི་སྲུན་བདུད་པོ་དང་། །འཐབ་རྩོད་རྟོག་ཚོགས་ལས་བྱུང་དྲེགས་བྱེད་རྣམས། །བགེགས་ཚོགས་མཐར་བྱེད་རྡོ་རྗེ་གཞོན་ནུའི་བཀས། །རྣལ་འབྱོར་བཏང་སྙོམས་བསྒོམ་ལ་གནོད་གདུག་སྤོངས། །དགྲ་གདོན་བདུད་བགེགས་ལས་ཉོན་རྨིང་མེད་རློག །ཐབས་དང་སྨོན་ལམ་མི་ཉམས་གོང་འཕེལ་མཛོད། །ཐོགས་བཅས་ཕུང་པོའི་བདུད་སོལ་རྣམ་ཐོས་སྲས། །འཁོར་སྲུངས་སྐྱེན་སོལ་གདོན་ཟློག་ཕྱི་མཚམས་སྲུངས། །གཏི་མུག་རང་གཟུགས་ཀླུ་གདོན་ས་བདག་དང་། །མ་རིག་རྟོག་ཚོགས་ལས་བྱུང་དྲེགས་བྱེད་རྣམས། །སྐུ་གསུམ་བདེ་གཤེགས་ཡོངས་རྫོགས་ཆེ་མཆོག་བཀས། །རྣལ་འབྱོར་བྱང་ཆུབ་བསྒྲུབ་པའི་རྨོངས་འཐིབས་སོལ། །དམ་སྲི་རྒབ་འདྲེ་སྲིད་པའི་རྨིང་འོག་ཆུགས། །སྟོབས་དང་ཡེ་ཤེས་མི་ཉམས་གོང་འཕེལ་མཛོད། །མ་རིག་འཁྲུལ་རྟོག་བདུད་སོལ་མཐར་བྱེད་བཞིས། །མུ་བཞིར་ལྟ་བའི་གདོན་ཟློག་ནང་མཚམས་སྲུངས། །གནས་གསུམ་དཔའ་བོ་མཁའ་འགྲོས་བར་ཆད་སོལ། །ཕྱི་ནང་བཀའ་གཏེར་སྲུང་མས་ཕྲིན་ལས་སྒྲུབས། །དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་མེལ་ཚེ་མཛོད། །རྣལ་འབྱོར་སྐུ་གསུམ་དངོས་གྲུབ་སྒྲུབ་པ་ལ། །བར་ཆད་ཀུན་སོལ་མཐུན་རྐྱེན་འདོད་དགུ་སྩོལ། །དམ་ལས་མ་འདའ་བཛྲ་ས་མ་ཡཱཿ ཨ་ཐཾ། ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པའང་དམ་ཆོས་སྐུ་གསུམ་དགོངས་མཛོད་ཀྱི་ཆ་ལག་ཏུ་མགོ་སྤྲུལ་པས་ཤར་མར་བྲིས་པ་དགེའོ།། དགེའོ།། དགེའོ།།

སྔོན་འགྲོའི་ངག་འདོན་སྐུ་གསུམ་སྒོ་འབྱེད།

༄༅། དམ་ཆོས་སྐུ་གསུམ་དགོངས་མཛོད་ལས། །སྔོན་འགྲོའི་ངག་འདོན་སྐུ་གསུམ་སྒོ་འབྱེད་བཞུགས། ཨེ་མ་ཧོ། སྐུ་གསུམ་བདེ་གཤེགས་ཡོངས་འདུས་པད་འབྱུང་དངོས། །བཀའ་དྲིན་གསུམ་ལྡན་བླ་མར་གསོལ་བ་འདེབས། །དྲན་དང་ཤེས་བཞིན་བག་ཡོད་རྣམ་དཔྱོད་བློ། །འབྲལ་མེད་གནས་ཤིང་བརྟན་པར་བྱིན་གྱིས་རློབས།། ཀུན་སློང་ནི། འགྲོ་རྣམས་མར་ཤེས་དྲིན་དྲན་ལན་ལྡོན་ཕྱིར། །འཁོར་བ་དོང་སྤྲུགས་བྱང་ཆེན་ཐོབ་འདོད་བློས། །ཕུན་སུམ་ཚོགས་པའི་དུས་གནས་སྟོན་འཁོར་ཆོས། །ཡེ་ནས་མ་བཅོས་རང་བྱུང་ལྷུན་གྲུབ་བསྒོམ།། ཀུན་སྤྱོད་ནི། སྐྱོན་གསུམ་དྲི་མ་དྲུག་དང་མི་འཛིན་ལྔ། །འདུ་ཤེས་ལོག་བཞི་མ་དག་སྤྱོད་ལམ་སྤངས། །ཕྱིན་དྲུག་འདུ་ཤེས་བཞི་བསྐྱེད་དབང་ཤེས་ཚོགས། །མ་ཡེངས་ལེགས་པར་རབ་ཉན་འཛིན་བགྱིད་འཚལ།། དལ་འབྱོར་རྙེད་དཀའ་ནི། དལ་བ་བརྒྱད་ཐོབ་ལྔ་གཉིས་འབྱོར་བ་ཚངས། །འགལ་རྐྱེན་བརྒྱད་ཚན་གཉིས་དབང་མ་སོང་བའི། །རྟེན་བཟང་འདི་འདྲ་དཔེ་དང་གྲངས་རྣམས་ཀྱིས། །བརྟགས་ནས་རྙེད་པར་དཀའ་ཚུལ་ཡང་ཡང་བསམ།། མི་རྟག་པ་ནི། ཕྱི་སྣོད་འཇིག་རྟེན་ནང་བཅུད་སེམས་ཅན་དང་། །དམ་པ་མཆོག་དང་སྐྱེ་དགུའི་བདག་པོའི་རིགས། །གཞན་ཡང་མཐོང་ཐོས་དོགས་པའི་དངོས་ཀུན་མཐའ། །རྟག་བརྟན་མེད་པས་འཆི་ཆོས་མྱུར་བསྒྲུབ་བྱ།། ལས་འབྲས་ནི། ཅིས་ཀྱང་མི་ཕན་ཤི་ཡང་ལས་རྗེས་འབྲང་། །གང་སྟོབས་འཕེལ་རྒྱས་ཅིག་ཤོས་ཉམས་སྲིད་གཞན། །རྒྱུ་འབྲས་བསླུ་མེད་མི་འགྱུར་དུས་སྨིན་པའི། །དཔེར་མཚུངས་ལུང་བཞིན་རིགས་པས་བརྟགས་དཔྱད་བྱ།། ཉེས་དམིགས་ནི། བླང་དོར་འགལ་བས་རིགས་དྲུག་འཁོར་ཞིང་འཁྱམས། །ངན་སོང་གནས་གསུམ་སྡུག་བསྔལ་བློས་མི་དཔོག །མཐོ་རིས་གསུམ་ནའང་མནོག་ཆུང་ཉེས་དམིགས་མང་། །འགྲོ་ཀུན་བདེ་འདོད་སྡུག་བསྔལ་མྱོང་ཚུལ་བསམ།། ཕན་ཡོན་ནི། སྲིད་དང་ཞི་བའི་བདེ་ཞིང་སྐྱིད་པ་ཀུན། །རབ་དཀར་དགེ་བའི་རྒྱུ་ལས་བྱུང་ངེས་པས། །ཐོག་མཐའ་བར་གསུམ་དགེ་བའི་ཐབས་ལམ་མཆོག །རྩེ་གཅིག་ཚུལ་བཞིན་བརྩོན་ལ་མྱུར་འཇུག་འཚལ།། སྐྱབས་ཡུལ་ནི། མདུན་མཁར་དཔག་བསམ་ཡལ་ག་ལྔ་པའི་རྩེར། །བརྒྱུད་ལྡན་སྐུ་གསུམ་ཡོངས་འདུས་རྩ་གསུམ་ལྷ། །སངས་རྒྱས་བྱང་སེམས་ཉན་རང་དམ་པའི་ཆོས། །བསྟན་སྲུང་དམ་ཅན་ཚོགས་རྣམས་གསལ་བར་བསྒོམ།། སྐྱབས་འཚོལ་ནི། རང་གི་གཡས་གཡོན་ཕ་མ་མདུན་རྒྱབ་ཏུ། །དགྲ་བགེགས་གཙོར་གྱུར་མཁའ་མཉམ་འགྲོ་བ་ཀུན། །ལུས་དཔག་མེད་པར་སྤྲུལ་ནས་ཕྱག་འཚལ་ཞིང་། །སྒོ་གསུམ་གུས་པས་སྐྱབས་འགྲོ་བྱེད་པར་མོས།། སྐྱབས་འགྲོ་ནི། དཀོན་མཆོག་ཀུན་དངོས་རྩ་གསུམ་འཁོར་ལོའི་མགོན། །རྩ་ཐིག་རླུང་གྲོལ་གཞི་ལམ་འབྲས་རྫོགས་དཔལ། །བདེ་མཆོག་ཟབ་གསལ་རྡོ་རྗེ་གསུམ་བདག་ཉིད། །སྐུ་གསུམ་ཡོངས་འདུས་བླ་མར་སྐྱབས་སུ་མཆི།། སེམས་བསྐྱེད་ནི། མཁའ་མཉམ་འཁོར་བར་གནས་པའི་མར་གྱུར་འགྲོ། །བླ་མེད་སྐུ་གསུམ་གོ་འཕང་ལ་འགོད་ཕྱིར། །མ་ནོར་ཡང་དག་རིམ་གཉིས་ལ་ཞུགས་ནས། །བདེ་གཤེགས་སྙིང་པོ་ངེས་པའི་སེམས་བསྐྱེད་དོ།། རྟེན་གྱི་སྟོབས་ནི། སྤྱི་གཙུག་པད་ཟླར་བླ་མ་རྡོར་སེམས་དཀར། །རྡོ་རྗེ་དྲིལ་འཛིན་སྙེམས་མ་གྲི་ཐོད་སྦྱོར། །ལོངས་སྐུའི་རྒྱན་རྫོགས་འགྱིང་བག་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་དཀར་ཡིག་བརྒྱས་བསྐོར།། སུན་འབྱིན་པའི་སྟོབས་ནི། དབང་པོ་བསམ་པ་མཁྱེན་མཆོག་འདིར་དགོངས་ཤིག །སྡིག་ལྡན་བདག་གིས་བྱས་ཤིང་བསགས་པ་ཀུན། །མི་འཆབ་མི་སྦེད་གནོང་འགྱོད་མཐོལ་བཤགས་འབུལ། །བཟོད་པར་བཞེས་ལ་བྱང་ཞིང་དག་མཛད་གསོལ།། ཀུན་སྤྱོད་ཀྱི་སྟོབས་ནི། ཡབ་ཡུམ་སྐུ་ལས་བདེ་ཆེན་བདུད་རྩི་བབས། །ནད་གདོན་སྡིག་སྒྲིབ་ཉོན་མོངས་དུད་ཁུ་དང་། །རྣག་ཁྲག་སྦྲུལ་སོགས་རྣམ་པར་བཀྲུས་ཤིང་དེད། །ལས་ཀྱི་འཆི་བདག་ངོམ་ཤིང་ཚིམ་པར་གྱུར།། ཨོཾ་བཛྲ་ས་ཏྭ་ས་མ་ཡ༴སོགས། སོར་ཆུད་པའི་སྟོབས་ནི། རང་ལུས་དྲི་མེད་ཤེལ་གོང་ལྟ་བུར་གྱུར། །མགོན་པོས་བུ་ཁྱོད་སྡིག་སྒྲིབ་དག་གོ་ཞེས། །ཉེས་སྡོམ་དམ་བསྟན་ཉམས་ཆགས་སོར་ཆུད་ཕྱིར། །འོད་ཞུ་ཐིམ་པས་གསང་གསུམ་བྱིན་ཐོབ་གྱུར།། ཚོགས་ཞིང་གསལ་གདབ་ནི། མདུན་མཁར་སྐུ་གསུམ་ཡོངས་འདུས་ལྷ་ཚོགས་རྣམས། །ཏིལ་གོང་ཁ་ཕྱེ་ལྟ་བུར་བཞུགས་པར་གསལ། །མ་གྱུར་འགྲོ་རྣམས་ཚངས་པ་ཆེན་པོར་གྱུར། །སྲིད་ཞིའི་ཕུན་ཚོགས་ཀུན་ལ་དབང་འབྱོར་བསམ།། ཕྱི་ཡི་མཎྚལ་ནི། བཀོད་ལེགས་རཏྣའི་མཎྚལ་མཛེས་པ་ལ། །རིན་ཆེན་སྨན་འབྲུའི་ཚོམ་བུ་ལེགས་པར་བརྒྱན། །སྟོང་གསུམ་འཇིག་རྟེན་གྲངས་མེད་བློས་སྤྲུལ་ནས། །འགྲོ་རྣམས་སྤྲུལ་པའི་སྐུ་མཆོག་ཐོབ་ཕྱིར་འབུལ།། ནང་གི་མཎྚལ་ནི། རང་ལུས་མཎྚལ་བཀྲག་མདངས་རྒྱས་པ་ལ། །ཕུང་ཁམས་སྐྱེ་མཆེད་དབང་ཚོགས་ཚོམ་བུའི་སྤྲས། །གངས་ཆེན་མཚོ་ལྔའི་ཞིང་ཁམས་མཐའ་ཡས་སྤྲུལ། །འགྲོ་རྣམས་ལོངས་སྤྱོད་རྫོགས་སྐུ་ཐོབ་ཕྱིར་འབུལ།། གསང་བའི་མཎྚལ་ནི། ཀུན་བྱེད་རྒྱལ་པོ་སེམས་ཉིད་མཎྚལ་ལ། །སྒྲོན་དྲུག་སྣང་བཞི་རང་གསལ་ཚོམ་བུ་བཀོད། །སངས་རྒྱས་རང་སྣང་ཞིང་མཆོག་དམ་པར་སྤྲུལ། །འགྲོ་ཀུན་བླ་མེད་ཆོས་སྐུ་ཐོབ་ཕྱིར་འབུལ། ཨོཾ་མ་ཧཱ་རཏྣ་མཎྚ་ལ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ།། བླ་མའི་རྣལ་འབྱོར་སྒོམ་པ་ནི། བདག་ཉིད་ཕག་མོ་དམར་གསལ་སྤྱི་གཙུག་སྟེང་། །པད་ཟླའི་གདན་ལ་སྐུ་གསུམ་ཡོངས་འདུས་དཔལ། །མན་ངག་དོན་བརྒྱུད་ཐོ་བརྩེགས་རྣམ་པ་ལ། །སྐྱབས་གྱུར་མ་ལུས་ཁྲོམ་ཚོགས་ལྟ་བུར་གསལ།། ཚོགས་གསོག་ནི། བརྒྱུད་གསུམ་ཡོངས་རྫོགས་བླ་མ་འདིར་གཤེགས་བཞུགས། །དད་བརྒྱས་ཕྱག་འཚལ་མཆོད་འབུལ་ཉེས་ལྟུང་བཤགས། །དགེ་ལ་ཡི་རང་ཆོས་བསྐུལ་བཞུགས་གསོལ་འདེབས། །འགྲོ་ཀུན་སྨིན་གྲོལ་སྐུ་གསུམ་མངོན་གྱུར་ཤོག། གསོལ་འདེབས་ནི། དཀོན་མཆོག་གསུམ་དངོས་རྩ་གསུམ་འཁོར་ལོའི་མགོན། །སྐྱབས་ཀུན་ཡོངས་འདུས་བརྒྱུད་ལྡན་བླ་མ་ལ། །སྙིང་ནས་གུས་པས་གསོལ་འདེབས་ཐུགས་དམ་བསྐུལ། །དབང་དང་བྱིན་རླབས་དངོས་གྲུབ་དེང་འདིར་སྩོལ།། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། དབང་བཞི་ནི། བླ་མའི་གནས་བཞིའི་ཡི་གེ་འབྲུ་བཞི་ལས། །བདུད་རྩི་འོད་ཟེར་དཀར་དམར་མཐིང་སེར་བབས། །སྒྲིབ་དག་སྣོད་རུང་ཡེ་ཤེས་དབང་བཞི་རྫོགས། །རིག་འཛིན་བཞི་སྨིན་སྐུ་བཞི་ཐོབ་གྲོལ་གྱུར།། ཨོཾ་ཨཱཿཧཱུྃ་ཧྲཱིཿ རྫོགས་རིམ་ནི། བླ་མ་དགྱེས་ཤིང་བརྩེ་བས་འོད་དུ་ཞུ། །སྙིང་དབུས་ཐིམ་པས་ཐུགས་ཡིད་དབྱེར་མེད་འདྲེས། །མ་བཅོས་སོ་མ་རང་ཤར་རིག་པའི་གཤིས། །བསལ་བཞག་འབད་རྩོལ་གྲོལ་འཁྲུལ་བློ་ལས་འདས།། ཨ་ཨ་ཨ། འཕོ་བའི་དམིགས་རིམ་ནི། རང་ཉིད་ཕག་མོའི་སྙིང་དབུས་དྷུ་ཏིའི་ནང་། །རྣམ་ཤེས་ཐིག་ཕྲན་ཧྲཱིཿཡིག་འདར་འཕྲིག་འཕར། །སྤྱི་བོར་སྐུ་གསུམ་ཡོངས་འདུས་འོད་དཔག་མེད། །པད་ཟླར་བཞེངས་སྟབས་མཚན་དཔེའི་རྒྱན་རྫོགས་གསལ།། གསོལ་འདེབས་ནི། ཨེ་མ་ཧོ། སྐྱབས་ཀུན་ངོ་བོ་གསུམ་ལྡན་བླ་མ་དང་། །དབྱེར་མེད་སྐུ་གསུམ་ཡོངས་འདུས་འོད་དཔག་མེད། །གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་ཟུངས། །བླ་མའི་ཐུགས་ཀར་འཕོ་བར་བྱིན་གྱིས་རློབས། ཧྲཱིཿལྔ། ཧིཀ་ལྔ། ཕཊ་ལྔའོ། བསྡུ་རིམ་ནི། སྤྱི་བོའི་བླ་མ་འོད་ཞུ་རང་ལ་ཐིམ། །འཕོ་འགྱུར་མེད་པ་རྡོ་རྗེའི་ཚེ་དབང་ཐོབ། །གདོས་བཅོས་མི་དམིགས་ཚེ་མཐའ་ཡས་པར་གྱུར། །སྣང་གྲགས་རྟོག་པ་ལྷ་སྔགས་ཆོས་སྐུར་འདྲེས།། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨ་ཡུ་ཥེ་བྷྲུཾ་ནྲི་ཛ་པུཎྱེ་ཛྙ་ན་གུ་ཎ་ཀརྨ་སརྦ་སིདྡྷི་ཧཱུྃ། བསྔོ་སྨོན་ནི། དམིགས་བཅས་དམིགས་མེད་དུས་གསུམ་ལེགས་བྱས་ཚོགས། །འཁོར་གསུམ་ཡེ་དག་ཆོས་དབྱིངས་ཀློང་དུ་བསྲེ། །སྐུ་གསུམ་བླ་མའི་དགོངས་མཛོད་ཀློང་ཆེན་པོར། །སྲིད་ཞི་མཉམ་ཉིད་མངོན་རྫོགས་བྱང་ཆུབ་ཤོག །ཅེས་སྔོན་འགྲོའི་ངག་འདོན་སྐུ་གསུམ་སྒོ་འབྱེད་ཞེས་བྱ་བ་འདི་ཡང་སྔགས་བཙུན་གར་དབང་འཇིགས་མེད་རྣམ་རྒྱལ་བས་བྲིས་པ་དགེ་བར་གྱུར་ཅིག །

མྱུར་ལམ་དམར་ཁྲིད་སྐུ་གསུམ་དགོངས་མཛོད་རབ་ཏུ་སྣང་བའི་ཉི་མ།

མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།

ཧཱུྃཿ ཤུདྡྷརུཙཱཏྲིཀཡཤཡཀོཏྲེཿ གུཀཔཐཱཐེབྷཥཥཡཀོཥཔྲརུཙིསུརྱནམསྟིཿ

ཧཱུྃཿ དག་སྣང་སྐུ་གསུམ་དགོངས་མཛོད་ལས༔ མྱུར་ལམ་དམར་ཁྲིད་སྐུ་གསུམ་དགོངས་མཛོད་རབ་ཏུ་སྣང་བའི་ཉི་མ་ཞེས་བྱ་བ་བཞུགས༔

ཧཱུྃཿ མྱུར་ལམ་དགོངས་མཛོད་སྙིང་པོའི་སྙན་རྒྱུད་དམར་ཁྲིད་སྐུ་གསུམ་དགོངས་མཛོད་རབ་ཏུ་སྣང་བའི་ཉི་མ་གཞོན་ནུ་དོན་ཟབ་འོད་སྟོང་ཕྱོགས་བརྒྱར་བརྡལ་བ་ཞེས་བྱ་བ། དཔལ་གདོད་མའི་མགོན་པོ་ལ་ཕྱག་འཚལ་ལོ། །ཀུན་ཁྱབ་འགྱུར་མེད་བདེ་ཆེན་ཡེ་ཤེས་དང་། །རྣམ་ཀུན་མཆོག་ལྡན་སྟོང་ཆེན་བློ་འདས་དབྱིངས། །ཟུང་འཇུག་སྐུ་གསུམ་དཔལ་ཡོན་ཀུན་བདག་ཉིད ། །རང་རིག་གདོད་མའི་མགོན་པོ་རྒྱལ་གྱུར་ཅིག ། ངོ་བོ་ཀ་དག་ཆོས་ཀྱི་དབྱིངས་ཆེན་པོར། །རང་བཞིན་ལྷུན་གྲུབ་ལོངས་སྤྱོད་མདངས་གསལ་ཞིང་། །ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་འོད་སྣང་ཅན། །སྐུ་གསུམ་ཡོངས་འདུས་འགྲོ་བའི་བླ་མར་འདུད། །འཕོ་འགྱུ ར་མེད་པ་བདེ་གཤེགས་སྙིང་པོ་ཡི། །གློ་བུར་དག་བྱ་འཁྲུད་བྱེད་བདུད་རྩིའི་རྒྱུན། །ཐེག་དགུའི་ཡང་རྩེ་སྙིང་ཐིག་སྙིང་པོའི་བཅུད། །བླ་མེད་རྫོགས་ཆེན་ཟབ་དོན་སྙིང་དབུས་བསྟེན། །ཟབ་ཅིང་རྒྱ་ཆེའི་རྒྱུད་དོན་རྒྱ་མཚོའི་མཐའ། །ཐམས་ཅད་མཁྱེན་མིན་བྱིས་བློས་གཞལ་ཅི་ནུས། །འོན་ཀྱང་དོན་བརྒྱུད་བདུད་རྩིའི་ཟེགས་མ་ཞིག །ལེན་དང་སྤེལ་ལ་མཁྱེན་ལྡན་བཀའ་གནང་སྩོལ།།

དེ་ཡང་དཔལ་ཀུན་ཏུ་བཟང་པོས་དགོངས་པ་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་ཉིད་ལས་མི་གཞན་པའི་འབྲས་བུའི་སངས་རྒྱས་ལྔ་ལ་དགོངས་པས་བརྒྱུད་ནས་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་ལུང་མན་ངག་གི་སྣང་བ་བསམ་གྱིས་མི་ཁྱབ་པས་ག དུ ལ་བྱའི་ཁམས་རྣམས་རང་བཞིན་གྱིས་གྲོལ་བར་མཛད ་པ་ལས། འདིར་གདུ ལ་བྱ་འདུལ ་བྱེད་གྱི་ཐེག་པ་བསམ་གྱིས་མི་ཁྱབ་པའི་ཡང་བཅུད་སྙིང་པོ་མཐར་ཐུག་པ་གསང་བ་ལས་ཀྱང་ཆེས་གསང་ཆེན་དམ་པར་གྱུར་པ། ཡང་གསང་བླ་ན་མེད་པ་ཨ་ཏི་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཡང་རྩེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པུའི་ལམ་མཆོག་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་སྐུ་གསུམ་གྱི་གོ་འཕང་ཐོབ་པར་བྱེད་ནུས་པའི་མྱུར་ལམ་ཁྱད་པར་ཅན། སྐུ་གསུམ་ཡོངས་འདུས་རྒྱལ་བའི་ད བང་པོའི་དགོངས་པའི་ཀློང་མཛོད་མཐའ་ཡས་པའི ་སྙིང་པོ་ལྟ་བུར་གྱུར་པ། མན་ངག་སྡེ་པའི་འཕགས་ཆོས་སྙན་རྒྱུད་ཀྱི་གདམས་ངག་འདི་ཉིད་དམར་ཁྲིད་དུ་སྟོན་པར་བྱེད་པ་ལ། ཐོག་བར་མཐའ་རུ་དགེ་བའི་དོན་ཁྲིད་གསུམ་ལས། དང་པོ་ཐོག་མར་དགེ་བའི་དོན་ཁྲིད་ལ། མཆོད་པར་བརྗོད་པ། དམ་བཅའ་བ། གདམས་པ་ལ་འཇུག་པའི་རྒྱུ་བསྟན་པ་དང་གསུམ།

ཐོག་མར་དགེ་བའི་དོན་ཁྲིད་།

མཆོད་པར་བརྗོད་པ།

དང་པོ་མཆོད་པར་བརྗོད་པ་ནི། ཇི་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱིས། བསྟན་བཅོས་བྱེད་པོས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་འདུན་བསྐྱེད་པར་བྱ་ཕྱིར་རོ། །ཞེས་གསུངས་པ་ལྟར། ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ཡབ་ཡུམ་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བ་ལས། ཟབ་པ་དང་རྒྱ་ཆེ་བའི་ལོངས་སྤྱོད་རྫོགས་པའི་སྐུ་ཡབ་ཡུམ་རིགས་ལྔ་གངས་ཆེན་མཚོ་ཞལ་ཕྱག་གི་རྣམ་པར་བཞེངས་ཏེ་རང་བཞིན་དང་འགྲོ་འདུལ་སྤྲུལ་པའི་སྐུ་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ། སླར་ཡང་སྤྲུལ་པ་དང་ཡང་སྤྲུལ་ལ་སོགས་གྲངས་དང་བསམ་བརྗོད་ལས་འདས་པ། སེམས་ཅན་གྱི་ཁམས་དབང་མོས་པ་དང་མཐུན་པར་སོ་སོར་སྣང་བ་ཐམས་ཅད་མ་ལུས་ཡོངས་སུ་འདུས་པའི་སྤྱི་གཟུགས་གུ་རུ་རིན་པོ་ཆེ་དང་། བཀའ་དྲིན་གསུམ་ལྡན་རྗེ་བཙུན་བླ་མ་དམ་པ་དབྱེར་མེད་པ་གང་དེར། འདས་དང་མ་འོངས་ད་ལྟ་དུས་གསུམ་དུ་རང་གི་རིག་པ་དང་གཉིས་སུ་མེད་པས་ཆབ་གཅིག་ཏུ་འདུ་བ་དང་། ཐ་དད་དུ་འབྲལ་བ་མེད་པར་ཤེས་ནས་དགའ་བ་དང་། གུས་པ་དང་། དད་པའི་མཆོག་དང་ལྡན་པའི་སེམས་ཀྱིས་རབ་ཏུ་འདུད་ཅིང་ཕྱག་འཚལ་བར་བགྱིའོ། ཞེས་སོ།།

དམ་བཅའ་བ།

གཉིས་པ་དམ་བཅའ་བ་ནི། གང་ཟག་དབང་པོ་རྣོན་པོ་རྒྱུའི་སྟོབས་ལྡན་རྣམས་ཚེ་ལུས་གཅིག་པོ་འདི་ཉིད་ལ་གདོད་མའི་གཞི་དབྱིངས་སུ་གྲོལ་ནས་ཕུང་པོ་ལྷག་མེད་དུ་སངས་རྒྱས་པར་ནུས་པའི་མྱུར་ལམ་མཆོག་ཏུ་གྱུར་པ། སྐུ་གསུམ་གྱི་དགོངས་པའི་ཀློང་མཛོད་བསམ་གྱིས་མི་ཁྱབ་པ་ལས། ཐབས་ལམ་ཟབ་མོའི་གནད་གསང་བླ་ན་མེད་པ་རྣམས་རྟོན་པ་བཞི་ལྡན་གྱི་ངག་གིས་བསྡུས་ཤིང་སྙིང་པོར་དྲིལ་ནས་བརྗོད་པར་བྱའོ། ཞེས་ཏེ། དེ་ལ་ཀ་དག་གི་གནས་ལུགས་སྤྲོས་བྲལ་དུ་སྟོན་པ་ཁྲེགས་ཆོད་དང་། ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ཐོད་རྒལ་གྱི་ལམ་ནི་བརྗོད་བྱ། དེ་ལྡན་གྱི་ལེགས་བཤད་འདིར་བརྟེན་ནས་ཡང་དག་པའི་ལམ་ལ་ཞུགས་པ་ནི་དགོས་པ། ཞུགས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་གསུམ་གྱི་གོ་འཕང་ཐོབ་པ་ནི་ཉིང་དགོས། དེ་རྣམས་གཅིག་ལ་བརྟེན་ནས་གཅིག་འབྱུང་བས་འབྲེལ་བ་ཅན་དུ་གྲུབ་པ་ནི་འབྲེལ་བ་སྟེ། དགོས་སོགས་ཆོས་བཞི་ཡང་དོན་གྱིས་ཚང་བར་བསྟན་པ་ཡིན་ལ། དོན་གཞན་བྱ་བ་དེ་མཐར་ཕྱིན་པ་དང་། དེ་ཉིད་གཞན་དོན་དུ་འགྱུར་བའི་དགོས་པའང་ཡོད་དེ། རྒྱལ་སྲས་ཞི་བ་ལྷས། མ་བརྩམ་པ་ཉིད ་མཆོག་ཡིན་གྱི། །བརྩམ་ནས་ལྡོག་པར་མི་བྱའོ། ཞེས་དང་། བྱང་ཆུབ་སྤྱོད་པའི་རྗེས་མཐུན་པར། །རྒྱལ་བའི་མཆོད་སྡོང་བསྒྲུབ་པ་ཡང་། །བྱང་ཆུབ་སེམས་དཔའི་མྱ་ངན་ལས། །འདས་ཀྱང་དོན་རྣམས་ཐམས་ཅད་མཛད། སེམས་མེད་པ་ལ་མཆོད་བྱས་པས། །ཇི་ལྟར་འབྲས་བུ་ལྡན་པར་འགྱུར། །གང་ཕྱིར་བཞུགས་པའམ་མྱ་ངན་འདས། །མཚུངས་པ་ཉིད་དུ་བཤད་ཕྱིར་རོ། །ཞེས་སོགས་གསུངས་པ་ལྟ་བུའོ།།

གདམས་པ་ལ་འཇུག་པའི་རྒྱུ་བསྟན་པ།

གནས་ཀྱི་ཁྱད་པར།

གསུམ་པ་གདམས་པ་ལ་འཇུག་པའི་རྒྱུ་བསྟན་པ་ལ། གནས་ཀྱི་ཁྱད་པར། དུས་ཀྱི་བྱེ་བྲག བླ་མའི་མཚན་ཉིད། སློབ་མའི་མཚན་ཉིད། དབང་ཡོན་དང་འཚོ་ཆས་བསྟན་པ། གདམས་ངག་ཇི་ལྟར་གནང་བའི་ཚུལ་བསྟན་པ། གྲོགས་ཀྱི་མཚན་ཉིད་བརྗོད་པ་སྟེ་བདུན། དེའི་དང་པོ་གནས་ཀྱི་ཁྱད་པར་བརྗོད་པ་ནི། རྒྱུད་ཀློང་གསལ་ཉི་མ་ལས། གངས་ཁྲོད་ལུང་སྟོང་རི་རྩེ་དུར་ཁྲོད་དམ། ཤིན་ཏུ་དབེན་པ་དྭངས་ཤིང་མཐོ་བའི་སར། །སྐལ་ལྡན་སྐྱེས་བུ་ཉམས་ལེན་བྱེད་པའི་གནས། ཞེས་གསུངས་པ་ལྟར། ཡང་གསང་སྙིང་ཐིག་སྙིང་པོ་འདི་ཉིད་ཉམས་སུ་ལེན་པའི་གནས་ནི། གངས་ཁྲོད་དུ་རིག་པ་དྭངས་ཤིང་རི་རྩེར་ཤེས་པ་གསལ། ལུང་སྟོང་རང་བཞིན་གྱིས་དགེ་སྦྱོར་འཕེལ་ཞིང་དུར་ཁྲོད་དུ་སྐྱོ་ཤས་དང་ངེས་འབྱུང་སྐྱེ། དྭངས་ཤིང་མཐོ་བས་དབྱིངས་རིག་གསལ་ལ་དབེན་པའི་གནས་སུ་ཉམས་ལེན་འཕེལ་ཆེ། ཤར་ཐག་རིང་ཞིང་དམའ་བས་ཤར་གྱི་མདངས་འཕྲོག་ཅིང་། ནུབ་ཐག་རིང་ཞིང་དམའ་བས་ནུབ་ཀྱི་ཟེར་སྡུད་པའི་སར་ལས་དང་པོ་བས་ཐོད་རྒལ་སྒོམ་བདེ་བར་གསུངས་ཤིང་། དེ་ལྟ་བུའི་གནས་ཁྱད་པར་ཅན་དང་པོ་ནས་འཚོལ་དགོས་པ་ཡང་། རྒྱུད་དེ་ཉིད་ལས། གསང་སྔགས་གནས་ཀྱི་ཁྱད་པར་འབྱུང་། ཞེས་དང་། གནས་དེར་བསྡད་པའི་ཕན་ཡོན་ཡང་། དེ་ཉིད་ལས། བསམ་གཏན་འཕེལ་ཞིང་བརྟན་པ་མྱུར་དུ་འཐོབ། ཅེས་དང་། གནས་ངན་པའི་སྐྱོན་ནི། མཚན་ལྡན་གནས་བྲལ་རྐྱེ ན་དབང་ཉིད་དུ་འགྱུར། ཞེས་གསུངས་སོ།།

དུས་ཀྱི་བྱེ་བྲག

གཉིས་པ་དུས་ཀྱི་བྱེ་བྲག་བསྟན་པ་ནི། ཀློང་གསལ་ལས། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན། ཞེས་པ་ལྟར། དཔྱིད་རྩི་ཤིང་དང་ལོ་འདབ་མེ་ཏོག་གསར་དུ་སྐྱེ་ཞིང་ཁ་འབུས་པའི་དུས་སུ་ཡོན་ཏན་དང་རྟོགས་པ་གསར་དུ་སྐྱེ་ཞིང་། སྟོན་འབྲས་བུ་སྨིན་པ་དང་འབྲུ་བཅུད་སྡུད་པའི་དུས་སུ་སྒྲུབ་པའི་འབྲས་བུ་འགྲུབ་པ་དང་སྙིང་པོའི་དོན་རྟོགས་སླ་ལ། དགུན་བུ་ཆུང་བསིལ་དྲོད་སྙོམ་དུས་ཁམས་བདེ་ཞིང་སྒོམ་སྙིང་འདོད། ཟེར་གཉིས་ཏེ། སྔ་དྲོ་ཉི་མ་རི་རྩེར་ཤར་བ་དང་། ཕྱི་དྲོ་ནུབ་ཁའི་དུས་གཉིས་སུ་མངོན་སུམ་གསལ་ཞིང་འཆར་སྣང་རྒྱས་པས་བཟང་ཞིང་། དེ་ཡང་ངོ་སྤྲོད་པ་ལ་གལ་ཆེ་བ་དང་། དུས་གནད་དང་ལྡན་པའི་ཕན་ཡོན་དང་། མི་ལྡ ན་པའི་སྐྱོན་རྣམས་ཀྱང་། སྔ་མ་ལས། ངོ་སྤྲོད་དུས་ཀྱི་ཁྱད་པར་ཕྱིར། །མཁས་པས་དུས་གནད་བཙལ་བར་བྱ། ཞེས་དང་། ངོ་སྤྲོད་འཇོག་ཅིང་ཉམས་སྣང་གོང་དུ་འཕེལ། ཞེས་དང་། མཁས་པས་དུས་གནད་བརྟེན་པར་མ་བྱས་ན། །ངོ་བོ་འགག་ཅིང་ཉམས་ཀྱི་འཕེལ་དང་བྲལ། ཞེས་གསུངས་སོ།།

བླ་མའི་མཚན་ཉིད།

སྤང་བྱའི་བླ་མའི་མཚན་ཉིད།

གསུམ་པ་བླ་མའི་མཚན་ཉིད་ལ་སྤང་བླང་གཉིས། དང་པོ་སྤང་བྱའི་མཚན་ཉིད་ནི། རིག་པ་རང་ཤར་ཆེན་པོའི ་རྒྱུད་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བླུན་རྨོངས་ཚིག་ཕྱིར་འབྲང་བ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་ལྡན། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་ཕྱལ་བར་གྱུར་པ་དང་། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་ཡི། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། ཞེས་ཐེག་པ་ཆེ་ཆུང་གི་ཚིག་དོན་མི་ཤེས་ཤིང་། ཕྱོགས་རེ་ཙམ་ཤེས་པས་ང་རྒྱལ་ཆེ་བ། རྨོངས་པས་ཚིག་ཙམ་གྱི་ཕྱིར་འབྲང་ཞིང་ཡིད་ཆེས་པ། གསང་སྔགས་གབ་སྦས་གཅུས་པའི་དོན་མཐའ་དྲུག་ཚུལ་བཞིས་འབྱེད་མི་ཤེས་པ། རྒྱུད་ངན་ཞིང་མ་དུལ་བས་ཞེ་གཅོད་དང་ཁེངས་པའི་ཚིག་སྨྲ་བ། དོན་ཕྱིན་ཅི་ལོག་ཏུ་གོ་བས་ལམ་ལོག་པར་གོལ་བ། ཐུན་མོང་དང་ཐུན་མིན་གྱི་དབང་གི་དཀྱིལ་འཁོར་རྫོགས་པར་མ་མཐོང་བ། སྡོམ་པ་དང་དམ་ཚིག་ལས་འགལ་ཉམས་འདས་རལ་དུ་གྱུར་པ། དྲིས་ལན་ཅི་བཞིན་མི་ཐེབས་པ། ཐོས་རྒྱ་ཆུང་བ། རང་མཐོང་གི་ང་རྒྱལ་ཆེ་བ་སྟེ། སྐྱོན་དེ་རྣམས་དང་ལྡན་ན་རིགས་དང་གོ་ས་མཐོ་ཡང་ཡང་དག་པའི་ལམ་ལ་འགྲོ་བའི་བདུད་ཡིན་པས་སྤང་དགོས་ཤིང་མ་སྤང་ན་དོན་ཐམས་ཅད་ཉམས་པར་འགྱུར་ཞིང་འཁོར་བ་དང་ངན་སོང་དུ་ལྟུང་བའི་རྒྱུར་འགྲོ་བ་ཡང་། ཀློང་གསལ་ལས། མཚན་ཉིད་མི་ལྡན་བླ་མ་ཡིས། །ད བང་བསྐུར་བྱས་ན་གཉིས་ཀ་ཕུང་། །ཞེས་སོགས་གསུངས་པ་བཞིན་ནོ།།

བླང་བྱའི་བླ་མའི་མཚན་ཉིད།

གཉིས་པ་བླང་བྱའི་མཚན་ཉིད་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལྡན་ཚད་ཕེབས་དང་། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། ཞེས་ཐེག་པ་སྤྱི་དང་ཁྱད་པར་རྡོ་རྗེའི་ཐེག་པ་ལ་མཁས་ཤིང་། བདག་འཛིན་དང་འདོད་ཞེན་ཆུང་བས་བྱ་བ་བཏང་ཞིང་དབེན་པ་ལ་དགྱེས་པ། ཆོས་ཉིད་ཀྱི་དོན་སྟོན་པ་ལ་མཁས་པ། བསྐྱེད་རྫོགས་ཉམས་ལེན་ལ་དྲོད་རྟགས་ཐོན་ཞིང་འདི་བར་ཕྱི་གསུམ་གང་རུང་ལ་གྲོལ་བའི་ཚད་དང་ལྡན་པ། གདུལ་བྱ་རང་ར ང་གི་གང་འདོད་ཀྱི་ཆོས་སྟོན་པ་ལ་མཁྱེན་བརྩེ་རླབས་ཆེ་ཞིང་སྐྱོ་དུབ་མེད་པ། ཡོན་ཏན་ཕུལ་དུ ་བྱུང་ཡང་ང་རྒྱལ་དང་རློམ་སེམས་མེད་པ་སྟེ། ཡོན་ཏན་གྱི་མཚན་ཉིད་དེ་རྣམས་དང་ལྡན་ན་རིགས་དང་ཆ་བྱད་དམན་ཡང་ཡང་དག་པའི་ལམ་གྱི་དེད་དཔོན་ཡིན་པས་བསྟེན་དགོས་ཤིང་། དེར་བརྟེན་པས་རྡོ་རྗེ་བླ་མ་དེ་ཡིས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་ཐོབ་པར་བྱེད་ནུས་པ་ཡང་། ཀློང་གསལ་ལས། མཚན་ཉིད་ལྡན་པའི་བླ་མ་ཡིས། །དབང་བསྐུར་བས་ནི་སྡུག་བསྔལ་གྲོལ། ཞེས་གསུངས་སོ།།

སློབ་མའི་མཚན་ཉིད།

སྤང་བྱའི་སློབ་མའི་མཚན་ཉིད།

བཞི་པ་སློབ་མའི་མཚན་ཉིད་ལའང་སྤང་བླང་གཉིས་ལས། སྤང་བྱ་ནི། རང་ཤར་ལས། སྣོད་དང་མི་ལྡན་སློབ་མ་ནི། །ཤེས་ཆུང་ཁ་གསག་ངོས་ལྟས་ཆེ། །ཁ་མཁས་ལག་དམ་གཡོ་སྒྱུ་ཆེ། །བླ་མའི་གསུང་གཅོག་དྲིན་ལན་རྩོད། །ཡོན་ཏན་མི་མཐོང་སྐྱོན་ལ་རྟོག །རིགས་རྒྱུད་ངང་རྒྱུད་ངན་པ་དང་། །བཀའ་དྲིན་ཁྱད་གསོད་རང་ལ་བསྟོད། །སྡོམ་དང་དམ་ཚིག་ཉམ་ལེན་འཆལ། །སློབ་མ་མ་བརྟག་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དབང་དང་ནི། །དོན་དང་གདམས་པ་བསྟན་མི་བྱ། ཞེས་ཤེས་རབ་ཆུང་ཞིང་དྲིན་མི་གཟོ་བ། གསར་ངོས་དང་ཁ་གསག་ཅན། དངོས་སུ་བསྟོད་ཅིང་ལྐོག་ཏུ་གཤེ་བ། ཁ་མཁས་ཤིང་ལག་དམ་པ། རྫུན་དང་གཡོ་སྒྱུ་ཆེ་བ། བླ་མའི་བཀའ་མི་བརྩི་ཞིང་བསྒོ་བ་མི་ཉན་པ། ཡོན་ཏན་མི་མཐོང་ཞིང་སྐྱོན་རྟོག་པ། ཕན་ལན་དུ་གནོད་སྐྱེལ་བ། ཕྲ་མ་དང་དབྱེན་ལ་དགའ་བ། རང་བསྟོད་དང་བྱས་ཡུས་རྩོད་ཅིང་ཁོང་ཁྲོ་དང་ཀོ་ལོང་དམ་པ། སྡོམ་པ་དང་དམ་ཚིག་ལ་མི་གནས་ཤིང་སྒྲུབ་པ་དང་ཉམས་ལེན་འཆལ་བ། རིགས་རྒྱུད་དང་སྤྱོད་པ་ངན་པ། མཐོང་ན་སྐྱུག་ལོག་ཅིང་འགྲོགས་ན་ཞེ་སུན་པར་འགྱུར་བ་རྣམས་ནི་རྫོགས་པ་ཆེན་པོའི་དབང་དང་གདམས་ངག་གི་སྣོད་མིན་པས་སྦྱིན་པར་མི་བྱ་སྟེ། བྱིན་ནའང་ཕན་མི་ཐོགས་པའི་སྟེང་དུ་ཁ་ལྟ་འུད་པོར་སོང་ནས་ལོག་ལྟ་དང་མི་དགེ་བའི་རྒྱུར་འགྲོ་ཞིང་། གདམས་པ་འཆལ་ཏེ་བྱིན་རླབས་ཆུང་། མཐར་ངན་སོང་དུ་འགྲོ་བ་ཡང་། ཀློང་གསལ་ལས། ཡང་སྙིང་བཅུད་ཀྱི་ཐིག་པ་འདི། །སྣོད་ངན་རྣམས་སུ་བླུགས་གྱུར་ན། །སྣོད་ཆག་བཅུད་འབོ་དམྱལ་བར་ལྟུང་། ཞེས་སོ།།

བླང་བྱའི་སློབ་མའི་མཚན་ཉིད།

བླང་བྱ་ནི། རིག་པ་རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། ཅེས་དང་། ཀློང་གསལ་ལས། དད་ལྡན་སྙིང་རྗེ་གཏོང་ཕོད་ཆེ། །རྒྱུད་དུལ་སྡིག་འཛེམ་དབང་པོ་རྣོ། །གསང་ཐུབ་ཉམས་ལེན་བརྟུལ་ཞུགས་ཆེ། །སྐྱོ་ཤས་སྡུག་བསྲན་སྙིང་རུས་ཆེ། །དེ་ནི་གསང་སྔགས་གསང་བའི་སྣོད་ཡིན་པས། །བདུད་རྩི་ཐིག་པ་སྙིང་གི་ཡང་ཞུན་འདི། །བུ་ཡི་བུ་མཆོག་དེ་ལ་བསྟན་པར་བྱ། ཞེས་ཏེ། བླ་མ་དང་གདམས་ངག་ལ་ཡིད་སྤྲོ་བ་དྭངས་བའི་དད་པ། དོན་དུ་གཉེར་ཞིང་ཆེས་དུང་བ་འདོད་པའི་དད་པ། ཐེ་ཚོམ་མེད་པ་ཡིད་ཆེས་པའི་དད་པ། རྐྱེན་གྱིས་བསྒྱུར་མི་བཏུབ་པ་མཐར་ཐུག་མི་ལྡོག་པའི་དད་པ་སྟེ། བྱིན་རླབས་འཇུག་པའི་རྒྱུ་ཚང་བས་ཞུམ་པ་མེད་པའི་བློ་སྟོབས་དང་ལྡན་པ། ཕྱི་བཤོལ་དང་ཐང་ལྷོད་མེད་པའི་བརྩོན་འགྲུས་ཀྱི་དམ་བཅའ་བརྟན་པ། ཚིག་དོན་གོ་བས་གནས་ལུགས་ཟབ་མོའི་དོན་ལ་གོལ་ས་གཅོད་པ། འཛིན་ཆགས་ཀྱི་ཞེན་པ་ལོག་པས་འཁོར་བའི་བྱ་བ་ལ་བློ་མི་འཇུག་པ། སྒོ་གསུམ་གྱི་ཞབས་ཏོག་བློ་རྩེ་གཅིག་ཏུ་བྱེད་པ། ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པས་གསང་སྔགས་ཟབ་མོའི་སྤྱོད་པ་ལ་འཇུག་པ། ཐ་མལ་གྱི་ལོག་རྟོག་མེད་པས་སྔགས་སྤྱོད་ལ་སྔངས་སྐྲག་མི་སྐྱེ་བ། གཡེང་བ་ཆུང་བས་སྒོ་གསུམ་དལ་ཆ་བསྟན་པ། དམ་ཚིག་གཙང་བས་ཉེས་ལྟུང་མི་འབྱུང་བ། སྐྱོ་དུབ་དང་ལེ་ལོ་མེད་པས་ཉམས་རྟོགས་སྐྱེ་སླ་བ། དག་སྣང་དང་མོས་གུས་ཕྱོགས་རིས་མེད་པ། སྙིང་རྗེས་ཀུན་ལ་བརྩེ་ཞིང་ཕན་སེམས་ཆེ་བ། ཚོགས་གསོག་པ་ལ་གཏོང་ཕོད་ཆེ་བ། རྒོད་བག་མེད་ཅིང་ཞི་དུལ་ཅན། སྡིག་པའི་ལས་ལ་འཛེམ་བག་ཆེ་བ། ཆོས་དང་ཆོས་མིན་འབྱེད་ཤེས་པ། ཉམས་ལེན་དང་རྟག་ཏུ་མི་འབྲལ་ཞིང་སྤྱོད་ཚུལ་ཉམས་པ་མེད་པ། འཇིག་རྟེན་མཐུན་འཇུག་གི་བྱ་བ་ལ་བློ་སྣ་ཐུང་བ། དཀའ་སྤྱད་ལ་སྡུག་བསྲན་དང་ཆོས་ལ་སྙིང་རུས་ཆེ་བ་རྣམས་ནི་ལས་འཕྲོ་དང་སྐལ་བ་བཟང་པོ་ཅན་གསང་སྔགས་ཀྱི་སྣོད་མཆོག་མཚན་ཉིད་དང་ལྡན་པ་ཡིན་པས་དབང་དང་གདམས་པ་རྣམས་གནང་བར་འོས་པའོ། །དེ་ལ་རིགས་ཀྱི་བུ་མཆོག་དེ་འདྲ་དེར་གདམས་པ་བྱིན་པས་ཡོན་ཏན་དང་མ་བྱིན་ན་སྐྱོན་དུ་འགྱུར་ཏེ། ཀློང་གསལ་ལས། གསང་སྔགས་སྙིང་པོའི་སྣོད་དུ་རུང་། །འགྲོ་བ་འདྲེན་པའི་བུ་ཆེན་མཆོག །ཅེས་དང་། སྙིང་ཏིག་གི་སྣོད་དང་དུས་བརྟགས་པ་ལས། འདི་ཉིད་སྦྱིན་པའི་གནས་ལ་མ་བསྟན་ན། །ཟབ་མོའི་ཆོས་གཏེར་ནུབ་པར་འགྱུར་ཏ་རེ། །དུས་ལ་བབ་ཚེ་རང་གིས་མ་བསྟན་ན། །འགྲོ་དོན་རྒྱུན་ཆད་ལྟུང་བ་ཕོག་ཏ་རེ། ཞེས་སོ། །དེ་ཡང་དུས་གཅིག་ཁོ་ནར་མ་ཡིན་པར་དབང་ཁྲིད་གནང་ནས་རིམ་པར་གདམས་ངག་སྦྱིན་ཞིང་ཡེ་ཤེས་འོད་གསལ་གྱི་སྣང་བ་ལ་ཡིད་ཆེས་ཤིང་ཉམས་ལེན་ལ་དམ་བཅའ་དང་ཁས་ལེན་ནུས་པ་ན་རྫོགས་པར་གནང་དགོས་པ་ཡང་། དེ་ཉིད་ལས། དབང་ཁྲིད་རྫོགས་ནས་ལོ་དང་ཟླ་རེའི་བར། །དུས་གཅིག་མི་སྦྱིན་རིམ་པ་བཞིན་དུ་སྦྱིན། །ཐིག་ལེ་ཉིད་ལ་སློབ་བུས་འཕྲིག་ཚུད་ནས། །ཉམས་ལེན་མནའ་བསྐྱལ་ནུས་ན་རྫོགས་པར་སྦྱིན། ཅེས་གསུངས་སོ།།

དབང་ཡོན་དང་འཚོ་ཆས་བསྟན་པ།

ལྔ་པ་དབང་ཡོན་དང་འཚོ་ཆས་བསྟན་པ་ནི། ཀློང་གསལ་ལས། མེ་ཏོག་དབང་ཡོན་ཚོགས་འཁོར་གཏོར་ཚོགས་རྒྱུ། །ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་སོ་བཙལ། །མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ། ཞེས་གསུངས་པ་ལྟར། མ ཉེས་པའི་ཡོ་བྱད་ཕྱ ག་རྟེན་གྱི་མེ་ཏོག་དབང་ཡོན་གྱི་མཎྚལ་ཚོགས་གཏོར་སོགས་དང་། འཚོ་བའི་ཡོ་བྱད་ཟས་ག ོ ས་ཀྱི་ཆ་རྐྱེན་མཐའ་གཉིས་སུ་མ་ལྷུང་བ་དང་། མཚོན་པའི་ཡོ་བྱད་རྡོ་རྗེ་དྲིལ་བུ་ཐོད་རྔ་སོགས་དང་། བསྟན་པའི་ཡོ་བྱད་གསང་སྔགས་ཀྱི་དམ་རྫས་སྣ་ཚོགས་དང་། མཐུན་པའི་ཡོ་བྱད་སྨན་དང་རྟེན་འབྲེལ་གྱི་རྫས་དང་། མཆོག་གི་ཡོ་བྱད་ཐོས་བསམ་སྒོམ་གསུམ་འབྱུང་བའི་དཔེ་ཆ་སོགས་སྒྲུབ་པ་ལ་ཉེ་བར་མཁོ་བའི་མཐུན་རྐྱེན་རྣམས་ཚང་བར་བྱ་དགོས་པས་བསགས་སུ་བཅུག དེ་བསགས་དགོས་པ་དང་། ཡོ་བྱད་འཛོམ་པའི་ཡོན་ཏན། མ་ཚང་བའི་སྐྱོན་རྣམས་ཀྱང་རིམ་པར་ཀློང་གསལ་ལས། གསང་སྔགས་ཐབས ་ཀྱི་ལམ་ཡིན་ཕྱིར། །རྟེན་འབྲེལ་ཡོ་བྱད་རྫས་རྣམས་བསགས། ཅེས་དང་། ཡོ་བྱད་ཀུན་ལྡན་ཆོས་ཀྱི་དངོས་གྲུབ་འབྱུང་། ཞེས་དང་། རྟེན་འབྲེལ་རྫས་མེད་དངོས་གྲུབ་ཡལ་བར་དོར། ཞེས་གསུངས་སོ།།

གདམས་ངག་ཇི་ལྟར་གནང་བའི་ཚུལ་བསྟན་པ།

ལོ་རྒྱུས་བཤད་པ།

དྲུག་པ་གདམས་ངག་ཇི་ལྟར་གནང་བའི་ཚུལ་བསྟན་པ་ལ། ལོ་རྒྱུས་བཤད་པ། དབང་བསྐུར་བ། ཉམས་ལེན་བསྟན་པ། དམ་ཚིག་བཟུང་བ་བཞི། དང་པོ་ལོ་རྒྱུས་བཤད་པ་ནི། ཀློང་གསལ་ལས། བརྒྱུད་པ་པོ་ཟབ་ཁུང་བཙུན་ཕྱིར། །ཀུན་ཏུ་བཟང་ནས་རིམ་པར་བཤད། ཅེས་གདམས་པ་སྟོན་པ་ལ་ཐོག་མར་ལོ་རྒྱུས་བརྗོད་པས་སྐལ་ལྡན་གྱི་སློབ་མ་རྣམས་ཡིད་ཆེས་པ་དང་ངེས་ཤེས་བསྐྱེད་པར་བྱ་དགོས་པས། དེ་ལ་ཡང་བཏགས་གྲོལ་སྙིང་པོ་ལས། སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས། །ཉིད་ལས་མི་གཞན་སེམས་དཔའི་སྣོད། །བྱིན་གྱིས་བརླབས་ཀྱིས་བདག་ཉིད་ལ། །བཏགས་པས་གཅིག་ཤེས་ཀུན་གྲོལ་ལོ། །བཅིང་དང་གྲོལ་བའི་མཐའ་ལས་འདས། །རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། །རང་བྱུང་དགའ་རབ་ཐུགས་ལ་ཤར། །སེངྷ་ཉིད་ལ་རྒྱུད་གཏད་པ། །འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད། །ཨོ་རྒྱན་པདྨ་ཉིད་ལ་གཏད། ཅེས་སོགས་གསུངས་པ་ལྟར་གདོད་མའི་དབྱིངས་ཆོས་ཉིད་ཀ་དག་སྤྲོས་པ་བྲལ་བའི་ངང་ནས་དཔལ་ཀུན་ཏུ་བཟང་པོ་ལྷུན་གྲུབ་ཡེ་ཤེས་ཀྱི་སྐུར་བཞེངས་ཏེ། རྡོ་རྗེ་སེམས་དཔའ་སོགས་རང་རྩལ་རིགས་ལྔ་ཞི་ཁྲོའི་དཀྱིལ་འཁོར་གྲངས་མེད་པ་ལ་རྫོགས་པ་ཆེན་པོ་སྒྲ་ཚིག་བྱ་རྩོལ་ལས་འདས་པ་དུས་གསུམ་མཉམ་ཉིད་ཆེན་པོར་གསུངས། རྡོ་རྗེ་སེམས་དཔའ་སོགས་ཀྱིས་འོག་མིན་གྱི་ཞིང་ཁམས་མཐའ་དབུས་མེད་པར་རང་གི་རྣམ་པར་འཕྲུལ་བ་ལས་རང་སྣང་བའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་འགག་མེད་རང་ཤར་སྒྲ་བརྙན་ལྟ་བུར་གསུངས་པ་རྣམས་ནི་རྒྱལ་བ་ཉིད་ཀྱིས་ཉིད་ལ་དགོངས་པ་ཙམ་གྱིས་བརྒྱུད་པས་དགོངས་བརྒྱུད་དང་། རྡོ་རྗེ་སེམས་དཔའ་ཉིད་ཀྱིས་དུར་ཁྲོད་མེ་རི་འབར་བར་དགའ་རབ་རྡོ་རྗེ་ལ་ཆོས་ཉིད་བྱ་རྩོལ་ལས་འདས་པ་ཚིག་སྡེབ་སྦྱོར་ལེགས་པས་བཤད་ཅིང་བཀའི་བསྡུ་བ་རང་ནས་མཛད་དེ། དུར་ཁྲོད་རྩུ བ་འགྱུར་ཚལ་དུ་ཤྲཱི་སེངྷ་ལ་མངོན་སུམ་རང་ཐོག་ཏུ་ཕབ་ནས་བཤད། དེས་སོ་ས་གླིང་དུ་སློབ་དཔོན་པདྨ་འབྱུང་གནས་སོགས་ལ་གནས་ལུགས་ཡིད་དཔྱོད་དང་བྲལ་བ་བརྡ་དང་བརྡའི་སྒོ་ནས་བསྟན་པས་བརྡ་བརྒྱུད་དང་། དེས་གཞོ་སྟོད་ཏི་སྒྲོ་བྲག་དཀར་སོགས་ནས་མཁར་ཆེན་བཟའ་སོགས་རྗེ་འབངས་གྲོགས་ཀྱི་ཚོམ་བུ་ལ་ལྔ་ལྡན་ཡེ་ཤེས་སྙིང་པོ་རང་གསལ་མངོན་སུམ་དུ་གཏན་ལ་ཕབས་ནས་གསུངས། དེ་རྣམས་ལས་ཐུགས་ཀྱི་དགོངས་པ་མཚོན་བྱ་དོན་གྱི་ཡེ་ཤེས་བྱིན་རླབས་རིམ་པར་འཕོ་བའི་སྨོན་ལམ་གྱི་རྒྱས་གདབ། མཚོན་བྱེད་བརྡ་ཡི་ཚིག་བརྒྱུད་ཡི་གེར་བཀོད་ཅིང་བཀའ་གཏེར་དག་སྣང་སོ་སོ་ནས་བཀའ་བབས་ཏེ། མན་ངག་ཁྲིགས་སུ་བསྡེབས་ནས་སྙན་ནས་སྙན་དུ་བརྒྱུད་པ་ནི་སྙན་བརྒྱུད་ཡིན་ལ། དེ་ལྟར་བརྒྱུད་པའི་ཁྱད་པར་གསུམ་མམ་དྲུག་ལས་འོང་པའི་ཟབ་ཆོས་རྒྱུད་སྡེ་གཞན་རྣམས་སུ་རྡོ་རྗེའི་ཚིག་གིས་་སྦས་པའི་དོན་རྣམས་རྒྱུད་བཅུ་བདུན་དགོངས་འགྲེལ་དང་བཅས་པས་གསལ་བོར་བསྟན། གབ་པ་མངོན་དུ་ཕྱུངས། གཅུས་པ་དྲང་པོར་བསྲངས། དཀྲུག་པ་རང་སོར་བཞག་ནས་སྐུ་གསུམ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་གསང་མཛོད་བླ་ན་མེད་པའི་ལམ་མཆོག་རྫོགས་པ་ཆེན་པོ། མཚོན་བྱེད་ཀྱི་བརྡ་ལ་བརྟེན་ནས་མཚོན་བྱ་དོན་གྱི་གནས་ལུགས་མྱུར་དུ་རྟོགས་པར་བྱེད་པའི་ཐབས་ལམ་སྙིང་པོར་དྲིལ་བ་འདི་ཉིད་ཉམས་སུ་བླངས་བས་ཚེ་ལུས་འདི་ཉིད་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་བར་ངེས་པ་ཡང་། སྒྲོན་མ་རྣམ་པར་བཀོད་པའི་རྒྱུད་ལས། དགོངས་པ་བརྡ་དང་སྙན་བརྒྱུད་ནས། །གསང་སྔགས་དོན་གྱི་ཚད་མ་འབྱུང་། །དཔེ་ལ་བརྟེན་ནས་དོན་ངོ་ཤེས། །རྟགས་ལ་བརྟེན་ནས་ཡིད་ཆེས་འགྱུར། །དོན་གྱི་སྙིང་པོ་ཐག་ཆོད་པས། གཞི་ལ་གྲུབ་པའི་ཤེས་རབ་གསུམ། །ས་བོན་ཚུལ་དུ་གནས་པ་དེ། །རྐྱེན་ལས་བྱུང་བའི་ཤེས་རབ་ཀྱིས། །འབྲུ་ཡི་ཚུལ་དུ་སྨིན་པ་ཡིས། །མ་རིག་པ་ཡི་མུན་པ་སངས། །ཤེས་བྱའི་སྒྲིབ་པ་རང་དག་པས། །མ་བཙལ་འབྲས་བུ་རང་གིས་མཐོང་། །ཞེས་གསུངས་པ་ལྟར་རོ།། དེ་ལྟར་ལོ་རྒྱུས་བརྗོད་དགོས་པ་དང་། བཤད་པའི་ཕན་ཡོན། མ་བཤད་པའི་སྐྱོན་རྣམས་ཀྱང་། ཀློང་གསལ་ལས། སྐལ་ལྡན་ངེས་ཤེས་བསྐྱེད་པའི་ཕྱིར། །བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ། །ཞེས་དང་། བརྒྱུད་པ་ཁྱད་དུ་འཕགས་པ་དང་། གདམས་ཟབ་བྱིན་རླབས་ངེས་ཤེས་སྐྱེ། །ཞེས་དང་། རྒྱུད་ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་རྒྱུད་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། ཞེས་སོ།།

དབང་བསྐུར་བ།

གཉིས་པ་དབང་བསྐུར་བ་ནི། ཀློང་གསལ་ལས། སྤྲོས་བཅས་ཕྱི་ཡི་བུམ་དབང་དང་། །སྤྲོས་མེད་ནང་གི་གསང་དབང་དང་། །ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་དབང་། །རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ། །སྣོད་ལྡན་བུ་ལ་རིམ་པ་བཞིན་དུ་བསྟན། ཅེས་དང་། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཀུན་དུ་སྤྲོས་མེད་ཁྱད་པར་དབང་ལྔ་བསྐུར། ཞེས་གསུངས་པས་སྒོ་འབྱེད་དབང་གི་ལྡེའུ་མིག་ལྟར་རྒྱས་བསྡུས་མཚམས་པར་བསྐུར་རོ། །དེ་ལ་དབང་བསྐུར་དགོས་པ་དང་། ཐོབ་པའི་ཡོན་ཏན། མ་ཐོབ་པའི་སྐྱོན་རྣམས་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་ག་ལ་འགྱུར། །དཔེར་ན་མཉན་པ་ལག་སྐྱ་མེད་པ་བཞིན། །ཕ་རོལ་སྒྲོལ་བར་ག་ལ་འགྱུར། ཞེས་དང་། ཀློང་གསལ་ལས། དབང་ཐོབ་རྒྱུད་སྨིན་ཆོས་སྒོ་ཕྱེ། །གསང་སྔགས་དོན་ཀུན་འགྲུབ་པར་འགྱུར། ཅེས་དང་། ཡང་སྙིང་གི་མེ་ལོང་ལས། དབང་རྣམས་རབ་ཏུ་ཐོབ་བྱས་ན། །གསང་སྔགས་ཐམས་ཅད་མ་བསྒྲུབ་འགྲུབ། ཅེས་དང་། ཀློང་གསལ་ལས། གསང་སྔགས་དབང་ནི་མ་ཐོབ་ན། །ཟབ་དོན་དངོས་གྲུབ་ག་ལ་འཐོབ། ཅེས་གསུངས་སོ།།

ཉམས་ལེན་བསྟན་པ།

གསུམ་པ་ཉམས་ལེན་བསྟན་པ་ནི། གདམས་ངག་ཁྲིད་ཀྱི་ལུགས་དང་། ངོ་སྤྲོད་ཀྱི་ལུགས་དང་། མགྲོན་པོ་ལ་བརྒལ་བ་ཚངས་སྤྲུགས་སུ་གདབ་པ་དང་གསུམ་ལས། འདིར་དང་པོའི་ཁོངས་སུ་ཕྱི་མ་གཉིས་ཚངས་བ་མན་ངག་གི་ལུགས་སུ་གྲོལ་བྱེད་ཀྱི་ལམ་ཉམས་སུ་ལེན་པའི་རིམ་པ་འདི་འོག་ས་བཅད་གཉིས་པ་ནས་རྒྱས་པར་འཆད་དོ།།

དམ་ཚིག་བཟུང་བ།

བཞི་པ་དམ་ཚིག་བཟུང་བ་ནི། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། དབང་བརྟེན་པ་ཡི་དམ་ཚིག་བཤད། །བྱེ་བྲག་བརྗོད་ཀྱིས་མི་ལང་ཡང་། །མདོར་བསྡུས་སྐུ་གསུང་ཐུགས་ཉིད་བསྲུང་། ཞེས་བསྲུང་བྱའི་དོན་ལས་མི་འདའ་བར་སྡོམ་པའི་བསམ་པ་ས་བོན་དང་བཅས་པ་སྟེ། དབྱེ་ན་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ལུས་པ་རྣམས་བསྡུས་ན་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་མི་འདའ་བ་ཡིན་ལ། ཁྱད་པར་བསྲུང་བྱའི་གྲངས་དང་དམིགས་སུ་མ་གྲུབ་པ་ཡེ་བསྲུང་བཅིངས་སྡོམ་མེད་པ་ནི་དམ་ཚིག་གི་མཆོག་དམ་པ་ཡིན་ཏེ། དེ་ཉིད་ལས། ཡེ་ནས་བསྲུང་མེད་ཆེན་པོ་ལ། །བསྲུང་མཚམས་རིམ་པར་བཀོད་པ་མེད། ཅེས་དང་། བསྲུང་མཚམས་ཀུན་ལས་རྒྱལ་བས་ན། །དམ་ཚིག་ཀུན་གྱི་རྩེ་མོར་བཤད། ཅེས་གསུངས་པ་ལྟར། མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་མ་དེས་ཀྱང་དཀའ་བ་དང་དུ་བླངས་ཤིང་ངལ་བ་ཁྱད་དུ་བསད། སྒོ་གསུམ་བླ་མའི་བྲན་དུ་བཀོལ་ནས་དམ་ཚིག་སྤྱི་དང་ཁྱད་པར་ཡེ་བསྲུང་གི་དམ་ཚིག་བཟུང་ཞིང་། ཟང་ཟིང་སྒོ་གསུམ་སྒྲུབ་པ་དང་བཅས་པས་མཉེས་པར་བྱེད་པ་སྟེ་རྒྱས་པར་ལོགས་སུ་གསལ་ལོ།།

གྲོགས་ཀྱི་མཚན་ཉིད།

བདུན་པ་གྲོགས་ཀྱི་མཚན་ཉིད་ནི། ཀློང་གསལ་ལས། དམ་ཚིག་གཙང་ལྡན་དག་པའི་སྣང་བ་ཆེ། །དུག་ལྔའི་ཤུགས་ཆུང་ཁོང་ཡངས་བློ་བརྟན་ཆེ། །ངང་རྒྱུད་རིང་ཞིང་བརྩེ་བའི་གྲོགས་དང་འགྲོགས། །ཞེས་དམ་ཚིག་གཙང་ལ་སེལ་མེད་ཅིང་བློ་གསལ་ལ་བརྟན་པ། ཉོན་མོང་ཆུང་ལ་དག་སྣང་ཆེ་བ། ཞི་ཞིང་དུལ་བ། རང་བཞིན་ལྷོད་ལ་བློ་ཁོག་ཡངས་ཤིང་ངང་རྒྱུད་རིང་ལ་སྙིང་ཉེ་བ། ཕན་འདོགས་དང་བརྩེ་གདུང་ཆེ་ཞིང་ཕྱི་ཐག་རིང་བ། སྙིང་རུས་དཀའ་སྤྱད་བཟོད་ཅིང་དབེན་པ་ལ་དགའ་བ། ལྟ་སྤྱོད་རང་དང་མཐུན་ཅིང་བྱ་བྱེད་ཆོས་དང་མཐུན་པའི་གྲོགས་མཆོག་དམ་པ་དང་རྟག་ཏུ་འགྲོགས་ཤིང་འབྲལ་བར་མི་བྱ་སྟེ། དེ་ལྟ་བུའི་གྲོགས་ཁྱད་པར་ཅན་དགོས་པ་དང་། འགྲོགས་པའི་ཡོན་ཏན། མ་འགྲོགས་པའི་སྐྱོན་རྣམས་ཀྱང་། ཀློང་གསལ་ལས། འབྲས་བུ་ཚེ་གཅིག་གསང་སྔགས་གནད། །ཁྱད་པར་འཕགས་པའི་གྲོགས་ལས་འབྱུང་། ཞེས་དང་། གྲོགས་མཆོག་དམ་པས་ཆོས་ལྡན་བྱང་ཆུབ་ཐོབ། ཅེས་དང་། བདེ་བའི་གྲོགས་སྤངས་སྡུག་བསྔལ་ཉིད་དུ་འགྱུར། ཞེས་སོ།། ཆོས་གྲོགས་དམ་པ་དེ་ལྟ་བུ་དང་བཅས་ཏེ། སྦྱོར་བ་དངོས་གཞི་རྗེས་དང་གསུམ་གྱི་ཁྲིད་རིམ་རྣམས། བླ་མ་དམ་པ་དེ་ཡིས་ཇི་ལྟར་བསྟན་པ་བཞིན། ཐབས་ལམ་མ་ནོར་བར་ཉམས་སུ་ལོངས་པར་བྱའོ། །དེས་ཐོག་མར་དགེ་བའི་དོན་ཁྲིད་སོང་ནས།

བར་དུ་དགེ་བའི་དོན་ཁྲིད་ཀྱི་རིམ་པ།

སྦྱོར་བ་སྔོན་དུ་འགྲོ་བའི་ཁྲིད་རིམ།

ཐུན་མོང་གི་སྔོན་འགྲོ།

སྤྱི་སྡོམ་གཉིས་པ་བར་དུ་དགེ་བའི་དོན་ཁྲིད་ཀྱི་རིམ་པ་ལ། སྦྱོར་བ། དངོས་གཞི། རྗེས་དང་གསུམ་མོ། དང་པོ་སྦྱོར་བ་སྔོན་དུ་འགྲོ་བའི་ཁྲིད་རིམ་ལ། ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས། དང་པོ་ཐུན་མོང་གི་སྔོན་འགྲོ་ནི། ཐེག་པ་ཐུན་མོང་གི་སྔོན་འགྲོ་དལ་འབྱོར་རྙེད་དཀའ། མི་རྟག་བསྒོམ་པ། ལས་རྒྱུ་འབྲས། འཁོར་བའི་སྡུག་བསྔལ། ཐར་བའི་ཕན་ཡོན་བསམ་པ་སྟེ་ལྔ་དང་། གསང་སྔགས་ཐུན་མོང་གི་སྔོན་འགྲོ་སྐྱབས་འགྲོ། སེམས་བསྐྱེད། རྡོ་རྗེ་སེམས་དཔའི་བསྒོམ་བཟླས། མཎྚལ། བླ་མའི་རྣལ་འབྱོར་ཏེ་བཅུ་པོ་དེ་རྣམས་ཀྱིས་གཞན་སྤྱི་དང་ཚུལ་མཐུན་པར་རྒྱུད་སྦྱངས་པའི་རིམ་པ་ལོགས་སུ་བཀོད་པ་ལྟར་བྱའོ། །ཡང་ན་རྒྱུད་ཀློང་གསལ་ལས། བྱམས་དང་སྙིང་རྗེ་ཆོས་སྤྱིའི་ལམ། །ཐེག་པ་ཆེན་པོར་འཇུག་ཕྱིར་རོ། །ཞེས་དང་། འདས་རྗེས་དོན་ཁྲིད་ལས། མི་རྟག་སྙིང་རྗེ་བྱང་སེམས་སྦྱངས། ཞེས་མི་རྟག་པ་དང་། སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་གསུམ་གཙོ་ཆེ་བའི་དབང་དུ་དགོངས་ནས་དངོས་བསྟན་དུ་གསུངས་པ་ལས། ཐོག་མར་མི་རྟག་པ་བསྒོམ་པ་ནི། འཕགས་པ་ཏིང་འཛིན་རྒྱལ་པོའི་མདོ་ལས། ནམ་ཞིག་འཇིག་རྟེན་ཁམས་འདི་འབྱུང་བ་དང་། །འཇིག་རྟེན་ཐམས་ཅད་ནམ་མཁར་གྱུར་པའི་ཚེ། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། ཞེས་གསུངས་པ་ལྟར། ཕྱི་བརྟན་པ་སྣོད་ཀྱི་འཇིག་རྟེན་རི་རབ་གླིང་བཞི་ཁོར་ཡུག་མུ་ཁྱུད་འོག་གཞི་དང་བཅས་པ་ཡང་མེ་བདུན་གྱིས་བསྲེགས། ཆུས་བཤལ། རླུང་གིས་གཏོར་ནས་ནམ་མཁའ་སྟོང་པར་འགྱུར་དགོས་པས་མི་རྟག་པར་ངེས་ལ། དེ་བཞིན་དུ་ཆེད་དུ་བརྗོད་པའི་ཚོམ་ལས། རིན་ཆེན་བདུན་ལྡན་རྒྱལ་པོ་དང་། །གཞན་ཡང་རྒྱལ་ཕྲན་བློན་པོ་དང་། །དགེ་སློང་བྲམ་ཟེ་ཁྱིམ་བདག་སོགས། །འགྲོ་བ་འདི་ཀུན་མི་རྟག་སྟེ། །རྨི་ལམ་འགྲོ་བ་ཇི་བཞིན་ནོ། །ཞེས་པ་ལྟར་ནང་གཡོ་བ་བཅུད་ཀྱི་སེམས་ཅན་ལ་བསམ་ཀྱང་མི་རྟག་མི་བརྟན་མྱུར་དུ་འཇིག་སྟེ། དགྲ་གཉེན་བར་མའི་འགྲོ་བ་བསམ་གྱིས་མི་ཁྱབ་པ་དེ་ཙམ་ཞིག་ཤི་བ་མཐོང་ཞིང་ཐོས་པས་ཀྱང་རང་ཉིད་ནམ་འཆི་ཆ་མེད་པར་ཐག་ཆོད། དེར་མ་ཟད་སློབ་དཔོན་དཔའ་བོས། ཇི་སྟེ་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཕལ་བ་གཞན་ལ་སྨོས་ཅི་དགོས། ཞེས་འགྲོ་བ་ལྷ་དང་བཅས་པའི་སྟོན་པ་འཁོར་ཚོགས་དང་བཅས་པ་ཡང་མི་རྟག་པ་དང་། ཀུན་མཁྱེན་ཀློང་ཆེན་པས། ཚངས་དང་བརྒྱ་བྱིན་དྲག་པོ་མིག་སྟོང་ལྡན། །སྲེད་མེད་བུ་ཡང་མི་རྟག་ཕ་རོལ་འགྲོ། གསུངས་པ་བཞིན་སྲིད་པ་གསུམ་གྱི་ཆེ་བཙུན་མཐོ་བའི་སྐྱེ་དགུའི་བདག་པོ་རྣམས་ཀྱང་མི་རྟག་པའི་ཚུལ་ལ་བསམ་ན། ངེས་པར་འཆི་བ་ལ་ཐེ་ཚོམ་མི་འདུག ཡིད་བཞིན་མཛོད་ལས། ཕྱི་ནང་དུས་བཞི་ན་ཚོད་འགྱུར་བས་ན། །མི་རྟག་འཆི་བར་ངེས་ཀྱི་རྟག་འཛིན་སྤོང་། །གཟུགས་ནི་རྡུལ་ཕྲན་དུས་ནི་སྐད་ཅིག་མ། །བར་སྣང་གློག་འགྱུ་བཞིན་དུ་མི་རྟག་གིས། །གསུངས་པ་བཞིན་ཕྱི་དུས་བཞིའི་འཕོ་འགྱུར། ནང་འབྱུང་བཞིའི་དར་རྒུད། གསང་བ་ལུས་སེམས་བྱ་སྤྱོད་ཀྱི་འགྱུར་ལྡོག་སོགས་གང་དང་གང་ནས་བསམ་ཀྱང་སང་གི་བྱ་བ་དང་། ཚེ་ཕྱི་མ་གཉིས་གང་སྔ་མི་ཤེས་པར་མངོན་སུམ་གྱིས་གྲུབ། ནམ་འཆི་ཆ་མེད། འཆི་བའི་རྐྱེན་མང་། ནད་གདོན་སོགས་འདིས་མི་འཆི་བྱ་བ་མེད། ཚེ་མི་རྟག་འཆི་བ་ཟེར་བ་དེ་གློ་བུར་ཞིག་ཏུ་འོང་། བརྩིགས་པའི་ཁང་ཁྱིམ། བསགས་པའི་ལོངས་སྤྱོད། མཛའ་བའི་གཉེན་གྲོགས་སོགས་ཀྱིས་མི་ཕན་པར་ལས་ཁོ་ན་བདག་གིར་བྱས་ནས་འགྲོ་དགོས། འཆི་བ་ལ་ཕན་པ་དམ་པའི་ཆོས་ལས་གཞན་མེད་སྙམ་པས། རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །ཉེ་བར་ལེན་པའི་དུས་འདི་འཇིག་ཅིང་བྲལ། །དུས་བཞི་མི་རྟག་འགྱུར་ཞིང་སྙིང་པོ་མེད། །རྒས་ཤིང་རྒུད་ལ་འཆི་བའི་ཆོས་ཅན་ཏེ། །ཐང་གཅིག་ཡུད་ཙམ་སྐད་ཅིག་གནས་པ་མེད། །སྐྱེས་བུའི་ཚེ་འགྲོ་རི་གཟར་འབབ་ཆུ་འདྲ། ཞེས་དང་། ཀླུ་སྒྲུབ་ཀྱིས། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ལྡོག་སླད་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱིད་སླད་འབད་འཚལ་ཏེ། །དེ་ལས་ཆོས་མཆོག་དགོས་པ་གཞན་མ་མཆིས། ཞེས་གསུངས་པའི་དོན་ཡིད་ལ་བསམ་ཞིང་ཚིག་ངག་ཏུ་ཡང་ཡང་བརྗོད་པས་ཚེ་འདིའི་བྱ་བཞག་རྨི་ལམ་ལྟར་ཤེས་པས་ཡིད་ཕྱུངས་ཏེ་ལེ་ལོ་དང་། ཕྱི་བཤོལ་དུ་འཇོག་མི་ཁོམ་པར་ད་ལྟ་ནས་གཏན་བདེ་ཞིག་སྒྲུབ་ལོངས་ཨེ་ཡོད་ལྟ་དགོས་སྙམ་པ་མ་བྱུང་གི་བར་དུའོ། །དེ་ནས་རྟེན་བྱམས་དང་སྙིང་རྗེ་བསྒོམ་པ་ནི། ཕྱོགས་བཅུའི་ནམ་མཁའ་ལྟར་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ། དེ་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ། དེ་ཐམས་ཅད་མར་མ་གྱུར་པ་གཅིག་ཀྱང་མེད། དེ་རྣམས་སོ་སོ་ནས་ད་ལྟའི་མ་བཞིན་བརྩེ་བའི་སེམས་ཀྱིས་བཟུང་། བྱམས་པའི་སྤྱོད་ལམ་གྱིས་བསྐྱངས ། ཐབས་སྣ་ཚོགས་ཀྱིས་ཕན་བཏགས། གནོད་པ་ལས་བསྐྱབས་པའི་དྲིན་ཅན་ཤ་སྟག་ཡིན་ལ། ཐམས་ཅད་བདེ་བ་འདོད་སྡུག་བསྔལ་མི་འདོད་པར་མཉམ་ཡང་། རྨོངས་ཤིང་ཐབས་ལ་མི་མཁས་པས་སྡུག་བསྔལ་གྱི་རྒྱུ་འབྲས་འབའ་ཞིག་ལ་རྟག་ཏུ་སྤྱོད་ཅིང་རྒྱུན་དུ་མནར་བས་ཉམས་ཐག་པར་གྱུར་པའི་རྣམ་འགྱུར་ཡིད་ལ་དྲན་པས་བཟོད་དུ་མེད་པའི་སྙིང་རྗེ་མཆི་མ་འཁྲུགས་པ་ཙམ་གྱིས་བློ་བསྐུལ་ནས་ད་ལྟའི་མ་དང་སྐྱེ་བ་གཞན་གྱི་མ་ཞེས་ཉེ་རིང་རིས་སུ་མི་གཅོད་པར་ཐམས་ཅད་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་རྒྱུ་འབྲས་ཀུན་དང་བྲལ་བར་གྱུར་ཅིག་སྙམ་པས། སྙིང་པོ་མཆོག་གི་མདོ་ལས། བྱམས་པའི་རང་བཞིན་སྲིད་པའི་སེམས་ཅན་ལ། །བདེ་བ་སྨིན་ཅིང་གཅིག་པུ་བླ་མེད་པས། །ཁྱབ་པར་གྱུར་ཅེས་ཐུགས་རྗེའི་སྤྲིན་ཚོགས་ཅན། །གཉིས་མེད་ཡེ་ཤེས་མཆོག་གི་གནས་པ་ལགས། ཞེས་དང་། བུ་མོ་ཟླ་མཆོག་གིས་ཞུས་པའི་མདོ་ལས། འགྲོ་བ་སྡུག་བསྔལ་གྱུར་པའི་ཚོགས་མཐོང་ན། །ཐུགས་རྗེས་མི་བཟོད་སྡུག་བསྔལ་བྲལ་གྱུར་ཞེས། །རྟག་ཏུ་ཕན་པ་འབའ་ཞིག་སྦྱོར་མཛད་པ། །སྙིང་རྗེའི་ལྗོན་ཤིང་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཚིག་ངག་ཏུ་བརྗོད་ཅིང་དོན་ཡིད་ལ་ཡང་ཡང་དྲན་པས་འགྲོ་ཀུན་བདེ་དང་ལྡན་འདོད་སྡུག་བསྔལ་དང་བྲལ་འདོད་བཅོས་མིན་ནམ་སྐྱེས་ཀྱི་བར་དུའོ།། དེ་དང་འབྲེལ་བར་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། ཐ ོག་མ་མེད་པ་ནས་མ་རིག་པའི་མུན་པས་འཐོམ། ཉོན་མོངས་པས་ཡིད་དཀྲུགས་ནས་སྨྱོས། བླང་དོར་ལ་བལྟ་བའི་མིག་དང་བྲལ་ཞིང་དགེ་བའི་བཤེས་གཉེན་གྱི་ལོང་ཁྲིད་ནི་མེད་པས། ཉེས་སྤྱོད་ཀྱིས་རྡོག་འཆལ་ནས་འཁོར་བ་དང་ངན་སོང་གི་གཡང་སར་ལྷུང་བ་རྣམས་འཁོར་བའི་སྡུག་བསྔལ་ཆེན་པོ་ལས་བསྒྲལ་ནས་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་དགོས་ཀྱང་། ད་ལྟ་དེའི་ནུས་པ་བདག་ལ་མི་འདུག་པས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་གཅིག་ཀྱང་མ་ལུས་པར་བསྒྲལ་བར་བགྱིའོ་སྙམ་པས། རྒྱལ་སྲས་ཞི་བ་ལྷས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། ཞེས་དང་། ཀུན་མཁྱེན་གྱིས། རང་བཞིན་དག་པའི་དགེ་བ་འདིས། །འཁོར་བ་ངན་སོང་དོང་སྤྲུག་ནས། །སྲིད་ན་འགའ་ཡང་མི་གནས་པར། །ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག གསུངས་པའི་ཚིག་དོན་དྲན་བཞིན་བྱང་ཆུབ་ཀྱི་སེམས་བཅོས་མིན་ནམ་དེ་དང་རྗེས་མཐུན་རྒྱུད་ལ་མ་སྐྱེས་ཀྱི་བར་ཡང་ཡང་ནན་ཏན་དུ་བྱའོ། །དེ་ལྟར་བསྒོམ་པའི་དགོས་པ་ནི། ཚེ་མི་རྟག་པར་བསྒོམ་པས་འཇིག་རྟེན་གྱི་བྱ་བ་ལ་བློ་ལོག་སྟེ་ཅི་བྱས་ཆོས་སུ་འགྲོ། བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་བསྒོམ་པས་ཐ ེག་ད མན་ལས་བློ་ལོག་ནས་ཅི་བྱས་གཞན་དོན་དུ་འགྱུར་བ་ནི། ཀློང་གསལ་ལས། མི་རྟག་སྙིང་རྗེ་བྱང་སེམས་ཀྱིས། །ཆོས་འཇུག་ཐ ེག་ཆེན་ལམ་དུ་འགྲོ། ཞེས་གསུངས་པ་ལྟར་རོ། །དེས་རྒྱུད་དག་པར་སྦྱངས་པའི་རིམ་པ་རྣམས་གྲུབ་ནས།

ཐུན་མོང་མ་ཡིན་པའི་སྔོན་འགྲོ།

འབྱུང་བཞིའི་རྣལ་འབྱོར་ལ་བསླབ་པ།

གཉིས་པ་དེ་དང་རྗེས་སུ་འབྲེལ་བར་ཐུན་མོང་མ་ཡིན་པའི་སྔོན་འགྲོས་གནས་ལུགས་གཏན་ལ་འབེབས་པ་ལ། འབྱུང་བཞིའི་རྣལ་འབྱོར་ལ་བསླབ་པ། འཁོར་འདས་རུ་ཤན་དབྱེ་བ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱང་བ། སྒོ་གསུམ་རྣལ་དུ་དབབ་ཅིང་སོར་གཞུག་པ་སྟེ་བཞི་ལས། དང་པོ་འབྱུང་བཞིའི་རྣལ་འབྱོར་ནི། ཐལ་འགྱུར་རྩ་བའི་རྒྱུད་ལས། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི། །སྒྲ་ལས་བསླབ་པས་ངེས་པར་འགྲུབ། ཅེས་བསྟན་ཀྱང་ལག་ལེན་ལ་འདེབས་པའི་རྒྱུད་པ་མི་མང་བས་མ་བྱས་ཀྱང་ཆོག་ཕྱིར་འདིར་ཡང་མ་བརྗོད་དོ། །

འཁོར་འདས་རུ་ཤན་དབྱེ་བ།

དབྱེ་བར་བསྟན་པ།

གཉིས་པ་ཕྱི་འཁོར་འདས་རུ་ཤན་དབྱེ་བ་ལ། དབྱེ་བར་བསྟན་པ་དང་། དབྱེ་བའི་ཚུལ་གཉིས་ཀྱི། དང་པོ་རུ་ཤན་དབྱེ་བར་བསྟན་པ་ནི། ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེད་ན། །ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང་། །འབྲེལ་བ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བར་བཤད། ཅེས་སེམས་ཅན་རྣམས་ཀྱི་སྒོ་གསུམ་གྱི་ཆོས་ཉིད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་ཀྱང་གནས་སྐབས་སུ་གློ་བུར་འཁྲུལ་བའི་སྣང་ཞེན་གྱིས་བསྒྲིབས་པས་ཐོག་མ་མེད་པ་ནས་རིགས་དྲུག་གི་གནས་རྣམས་སུ་འཁོར་ཞིང་འཁྱམས་ནས་རིགས་དྲུག་སོ་སོའི་ལུས་ཀྱི་རྣམ་འགྱུར། ངག་གི་སྨྲ་བརྗོད། སེམས་ཀྱི་རྟོག་དཔྱོད། སྡུག་བསྔལ་གྱི་མྱོང་ཚུལ་བསམ་གྱིས་མི་ཁྱབ་ཀྱང་ད་དུང་ཞེན་ཅིང་ཆགས་པས་ཅི་ཞིག་བྱ། དེ་བས་འཁོར་འདས་རུ་ཤན་ཕྱེད་པར་བྱས་ཏེ་ཕྱིན་ཆད་འཁོར་བར་སྐྱེ་བའི་གཞི་རྩ་ཆོད་པ་ཞིག་བྱ་དགོས་ཏེ། རྒྱུད་གཞན་ནས་ཀྱང་། རྣམ་རྟོག་ལས་ནི་རྣམ་རྟོག་དང་། །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་དགུག་པར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང་། །རྣམ་པར་ངེས་པས་སྦྱང་བར་བྱ། ཞེས་གསུངས་སོ། །

རུ་ཤན་ཇི་ལྟར་དབྱེ་བའི་ཚུལ།

ཕྱི་ལྟར་དབྱེ་བའི་ཚུལ།

སྤྱིར་བསྟན་པ།

གཉིས་པ་ཇི་ལྟར་དབྱེ་བའི་ཚུལ་ལ་ཡང་ཕྱི་ནང་གཉིས་ལས། དང་པོ་ཕྱི་ལྟར་དབྱེ་བའི་ཚུལ་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་སྤྱིར་བསྟན་པ་ནི། བསྟན་བུ་ལས། སྔོན་དུ་ལུས་ངག་ཡིད་རྣམས་ཀྱི། །མངོན་པར་ཞེན་པ་ལྡོག་པའི་ཕྱིར། །སྔོན་དུ་སྤྱོད་པ་བརྩམ་པར་བྱ། གསུངས་པ་ལྟར་རྩ་ལྟུང་བདུན་པས་མི་གོས་ཕྱིར། ལུང་སྟོང་ནགས་གསེབ་རི་ངོགས་སོགས་མི་ཡི་འགྲོ་འོང་དང་མཐོང་ཐོས་མེད་པའི་གནས་སུ་གསང་སྟེ་ཕྱིན་ནས་ཡུལ་དེའི་གཞི་བདག་ལ་གཏོར་མ་ཕུལ་ནས་གྱ་ཚོམ་གྱི་སྤྱོད་པ་ལ་ཀོ་ལོང་མི་བྱེད་པའི་ཕྲིན་ལས་ཞུས་ནས་ལས་དང་རྐྱེན་ལས་བྱུང་བའི་འཁོར་བའི་འཁྲུལ་སྣང་ཐམས་ཅད་རྒྱུན་གཅོད་པའི་ཕྱིར་དུ་ཕྱི་ལྟར་འཁོར་འདས་རུ་ཤན་སོ་སོར་དབྱེ་བར་བྱ་སྟེ། དེ་ཡང་མ་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཀུན་གྱི་དོན་བསྒྲུབ་པའི་ཕྱིར་དུ་ལས་སྣང་འཁོར་བའི་སྒོ་གསུམ་དང་མྱང་འདས་རུ་ཤན་སོ་སོར་ཕྱེད་པར་བྱས་ནས་ཕྱིན་ཆད་འཁོར་བར་སླར་མི་ལྡོག་པར་བྱ་སྙམ་དུ་ངེས་པར་འདོད་པའི་བློས་སྒོ་གསུམ་གྱི་བྱ་སྤྱོད་སྣ་ཚོགས་ལ་ཞུགས་པས་ངལ་དུབ་ཀྱི་རྣམ་པར་ཤར་དེ་སྙེམས་ཐག་ཆོད་པའི་རྗེས་ཤེས་ཀྱི་ངོ་བོ་ལ་བལྟ་ཞིང་ངལ་གསོའོ།།

བྱེ་བྲག་ཏུ་དབྱེ་བའི་ཚུལ།

གཉིས་པ་བྱེ་བྲག་ཏུ་དབྱེ་བའི་ཚུལ་ནི། འདས་རྗེས་ལས། ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད། །དཀོན་མཆོག་གསུམ་གྱི་སྤྱོད་པའང་སྤྱད། །ངག་གི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད། །ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ། །རྣམ་པ་སྣ་ཚོགས་ཉིད་ལའང་སྦྱང་། །ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྡུག་བསྔལ་བློ་ལ་བླང་། ཞེས་གསུངས་ཤིང་དེ་དང་མཐུན་པར་ཐལ་འགྱུར་ལས། ལུས་ནི་འགྲོ་དང་འདུག་པ་དང་། །གཅུད་ཅིང་འཁྲུལ་འཁོར་སྣ་ཚོགས་དང་། །ཡན་ལག་འཕེན་ཅིང་སྡུད་པ་དང་། །བྱ་བྱེད་རྣམ་པ་སྣ་ཚོགས་བསྟན། །དྲན་པའི་སེམས་ཀྱིས་མངོན་བླངས་ཏེ། །འགྲོ་དྲུག་གཟུགས་ཀྱི་སྤྱོད་པ་རྣམས། །སེམས་ཀྱིས་བླངས་ཏེ་ལུས་ཀྱིས་བྱ། ཞེས་དང་། ཅི་སྨྲས་ལྡོག་པ་མེད་པའི་ཕྱིར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་གྲུལ་བུམ་ཁྱབ་འཇུ ག་གི། །སྐད་ནི་བཟང་ངན་བྱེ་བྲག་བརྗོད། །མདོར་ན་འགྲོ་བ་དྲུག་གི་སྐད། །སེམས་ཀྱིས་དྲན་བསམ་ངག་གིས་བརྗོད། །ཅེས་དང་། སངས་རྒྱས་སྲས་གཅིག་གི་རྒྱུད་ལས། དགའ་དང་མི་དགའ་བདེ་དང་སྡུག །རྟག་དང་མི་རྟག་ལ་སོགས་པ། །ལྟ་སྒོམ་སྤྱོད་པའི་བསམ་པ་དང་། །ཆོས་དང་ཆོས་མིན་ལ་སོགས་དང ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །དགེ་དང་མི་དགེ་ལ་སོགས་པའི། །བསམ་སྤྱོད་རྣམ་པ་སྣ་ཚོགས་བྱ། ཞེས་གསུངས་པས་ལུས་ཀྱིས་དམྱལ་བ་པའི་ཚ་གྲང་། ཡི་དྭགས་ཀྱི་བཀྲེས་སྐོམ། དུད་འགྲོའི་བཀོལ་སྤྱོད། ལྷ་མིན་གྱི་འཐབ་རྩོད། ལྷའི་འཕོ་ལྟུང་སོགས་ཀྱི་སྡུག་བསྔལ་རང་རྒྱུད་ལ་བཀལ་ཞིང་འགྲོ་དྲུག་སོ་སོའི་རྣམ་འགྱུར་དང་སྤྱོད་པ་སྣ་ཚོགས་དང་། དང་པོ་ཐུགས་བསྐྱེད་ཚུལ་ནས་བཟུང་སངས་རྒྱས་ཏེ་ཆོས་གསུངས་པ་དང་། མྱ་ངན་ལས་འདས་ཏེ་བསྟན་པ་གནས་པའི་བར་གྱི་མཛད་ཚུལ་དང་། འཁོར་ཚོགས་བརྒྱུད་ལྡན་གྱི་མཛད་སྤྱོད་སྣ་ཚོགས་སྤྱོད་ཅིང་གཞན་ཡང་རྒྱུག་ཅིང་མཆོང་བ། འགྲོ་ཞིང་འདུག་པ། ཡན་ལག་འཕེན་སྡུད། གཅུད་དང་འཐེན་པ་སོགས་འཁྲུལ་འཁོར་སྣ་ཚོགས། འདར་འཁྲབ་འཕར་བ། ཞི་ཁྲོའི་སྟངས་སྟབས། གླུ་བྲོ་གར་གྱི་རོལ་རྩེད་སོགས་གང་དྲན་ཚད་ཀྱི་སྤྱོད་པ་བརྩམས་པས་སྐྱོ་ཞིང་ངལ་དུབ་པར་བྱ། ངག་གིས་དམྱལ་བ་པའི་སྒྲ། ཨ་ཚ་ཚ། ཨ་ཆུ་ཆུ། ཨ་ན་ན། ཀྱེ་ཧུད་སོགས་དང་། ཡི་དྭགས་ཀྱིས་ང་ལྟོག ང་འཁྱག ང་སྐོམ། ང་ལ་མེད་སོགས་དང་། དུད་འགྲོའི་འུ་དང་། འབུ་དང་། འབའ་དང་། ཝཾ་དང་། ཨཾ་ལ་སོགས་པ་དང་། མིའི་ངུ་སྒྲ་དང་། སྨྲེ་ངག མྱ་ངན་གྱི་གཏམ་སོགས་དང་། ལྷ་མིན་གྱི་རྒྱོབ་སོད་དང་། ཆོད། གཏུབས། རྡུངས། ཆོམས་སོགས་དང་། ལྷའི་གླུ་གར་སོགས་དགའ་བའི་གཏམ་གྱི་མཐར། ཤིང་སྐམ་འདུག ཆུ་མིག་སྐམ་འདུག གྲོགས་གར་སོང་། རྟ་ཤི་འདུག བ་བོར་ཐལ། ང་ལ་དྲི་ངན་པ་ཞིག་བྲོའམ། ང་ཤི་ན་ངན་འགྲོར་ལྟུང་གི། ཀྱེ་ཧུད་སོགས་རིགས་དྲུག་སོ་སོའི་སྒྲ་སྐད་དང་། འབྱུང་བ་བཞིའི་སྒྲ་དང་། འཆད་རྩོད་སོགས་ཆོས་མཐུན་གྱི་གཏམ་དང་། ཞི་ཁྲོའི་འཛབ་དབྱངས་རྡོ་རྗེའི་གླུ་དང་། དྲག་པོའི་གད་མོ་ཧཱུྃ་ཧཱུྃ་ཕཊ་ཕཊ་སོགས་ཅ་ཅོའི་སྒྲ་དང་སྐད་ཀྱི་བརྗོད་པ་སྣ་ཚོགས་པ་སྒྲོགས་པས་རྩལ་སྦྱངས། སེམས་ཀྱིས་དེ་རྣམས་སོ་སོའི་སྡུག་བསྔལ་དང་བདེ་བའི་ཚོགས་ཅི་ཡོད་ཐམས་ཅད་རང་ཐད་རང་ཐད་ནས་རྒྱུད་ཐོག་ཏུ་བཀལ་ཞིང་རང་ཉམས་སུ་བླངས། དགའ་མི་དགའ་བདེ་སྡུག་ཆགས་སྡང་རྟག་མི་རྟག་སོགས་དགེ་བ་དང་མི་དགེ་བ་གང་དྲན་ཚད་ཀྱི་རྟོག་ཚོགས་སྤྲོ་བ་དང་བསྡུ་བ་སྣ་ཚོགས་བཙན་ཐབས་སུ་སློང་བས་སྙེམས་ཐག་ཆོད་པར་བྱ། ཁྱད་པར་འཁོར་བ་ཐོག་མ་མེད་པ་ནས་སྐྱེ་བ་དཔག་ཏུ་མེད་པ་བླངས་ཏེ་ལུས་རེ་རེ་ནས་རིགས་དྲུག་རང་རང་སོ་སོའི་རྣམ་འགྱུར་དང་སྤྱོད་ལམ་གྱི་སྡུག་བསྔལ་མྱོང་བ་བསམ་གྱིས་མི་ཁྱབ། ངག་གིས་སྨྲ་བའི་སྒྲ་འདིས་ཀྱང་གཉིས་སུ་འཛིན་པའི་རྒྱུ་རྐྱེན་བྱས། སེམས་འདི་རིག་ན་སངས་རྒྱས་ཀྱི་ཐུགས་དང་དབྱེར་མེད་ཡིན་ཡང་། མ་རིག་པའི་དབང་དུ་སོང་བས་འཁོར་བར་འཁྱམས་ཤིང་། དེ་ཙམ་སྡུག་བསྔལ་གྱི་རྒྱུ་འབྲས་ལ་སྤྱོད་ཀྱང་དོན་མེད་ཁོ་ནར་སོང་། ཤིན་ཏུ་འཁྲུལ་ཚབ་ཆེ་བ་འདི་འཁོར་འདས་མ་ཕྱེད་པས་ལན། ད་ནི་རུ་ཤན་ཕྱེས་ནས་འཁོར་བར་མི་འཁྱམ་པ་ཞིག་ངེས་པར་བྱ་དགོས་བསམ་པས་སྒོ་གསུམ་ངལ་དུབ་དང་སྐྱོ་བའི་རྣམ་པར་ཤར་ཚེ་རྗེས་ཤེས་ཀྱི་རང་ངོར་བལྟ་ཞིང་ངལ་གསོ་བར་བྱའོ། །དེ་ལྟར་ཡང་ནས་ཡང་དུ་བྱས་པས་ལུས་མེད་སྙམ་པ་དང་། ལུས་ལ་ཆགས་མེད་དང་དགག་སྒྲུབ། ཚ་གྲང་དང་ན་ཚ། བཀྲེས་སྐོམ་གྱི་གདུང་བ་སོགས་མེད་པའི་ཉམས་སྐྱེ་འདུག་ན་ལུས་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ཡིན་ལ། ངག་གི་རྟགས་བླ་མའི་གདམས་ངག་རྣམས་ལ་གོ་བ་སྐྱེས་ནས་ཚིག་དོན་ཆེད་དུ་མ་བཟུང་བར་སྒོམ་བྱུང་གི་ཤེས་རབ་རང་རྡོལ་བས་གདམས་ངག་གི་ཚིག་དོན་རྣམས་ཤེས་སླ་བ་འོང་ན་ངག་རུ་ཤན་ཕྱེད་པའི་རྟགས་དང་། སེམས་ཀྱི་རྟགས་དངས་ཤིང་གསལ་ལ་འཁྲུལ་བ་མེད་པ་དང་། གདམས་ངག་ལ་བྲོད་པ་སྐྱེ་ཞིང་ཉམས་ལ་དགའ་ཞིང་བདེ་བ་འཆར་བ་སོགས་བྱུང་ན་ཡིད་རུ་ཤན་ཕྱེད་པའི་རྟགས་ཡིན་ནོ། །དེ་ལྟར་སྒོ་གསུམ་རུ་ཤན་སོ་སོར་ཕྱེད་པའི་རྟགས་རྣམས་མ་འབྱོངས་ཀྱི་བར་དུ་ཞག་བདུན་ནམ། བཅུ་གཅིག་ཟླ་ཕྱེད་སོགས་སུ་བསྲང་ནས་ཡང་ཡང་བསྐྱར་རོ། །

རུ་ཤན་ནང་ལྟར་དབྱེ་བ།

དབྱེ་བར་བསྟན་པ།

གཉིས་པ་རུ་ཤན་ནང་ལྟར་དབྱེ་བ་ལ། དབྱེ་བར་བསྟན་པ་དང་། ཇི་ལྟར་དབྱེ་བའི་ཚུལ་བསྟན་པ་གཉིས། དང་པོ་རུ་ཤན་དབྱེ་བར་བསྟན་པ་ནི། ཀློང་གསལ་ལས། ནང་གི་འཁྲུལ་རྒྱུ་ཟད་པའི་ཕྱིར། །འཁོར་འདས་རུ་ཤན་ནང་ལྟར་དབྱེ། ཞེས་ཏེ། རུ་ཤན་ཕྱི་ལྟར་དབྱེ་བས་ཕྱི་འཁྲུལ་བའི་རྐྱེན་སྣང་ཟད་ཀྱང་ནང་འཁྲུལ་བའི་རྒྱུ་དང་ས་བོན་མ་ཟད་ན་ཞེ་སྡང་སོགས་ཉོན་མོངས་པའི་ཀུན་སློང་གིས་མི་དགེ་བའི་བག་ཆགས་ས་བོན་སོ་སོ་ལ་བཞག་པས་དེ་དང་དེའི་ནུས་པ་སད་པར་བྱས་ཏེ། འབྲས་བུ་རིགས་དྲུག་གི་འཁོར་རྒྱུན་ཆོད་པར་མི་འགྱུར་བས་དེ་ཆོད་པའི་ཕྱིར་རུ་ཤན་ནང་ལྟར་དབྱེ་དགོས་པ་ཡིན།

ཇི་ལྟར་དབྱེ་བའི་ཚུལ་བསྟན་པ།

གཉིས་པ་ཇི་ལྟར་དབྱེ་བའི་ཚུལ་བསྟན་པ་ནི། ཀློང་གསལ་ལས། སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་གནས་རྐང་མཐིལ་དུ། །ཨ་སུ་ནྲྀ་ཏྲི་པྲེ་དུ་གནས། ཞེས་དང་། འདས་རྗེས་ལས། ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་འབྲུ་གསུམ་ཤར། །ཡི་གེ་རྩལ་སྦྱངས་རུ་ཤན་དབྱེ། གསུངས་པ་ལྟར། སྦྱང་གཞི་འགྲོ་བ་རྣམས་ཀྱི་ལུས་ཀྱི་གནས་དྲུག་ཏུ་རིགས་དྲུག་གི་གནས་སོ་སོར་འཕེན་བྱེད་ཀྱི་ས་བོན་རྒྱུན་ཆགས་སུ་གནས་པའི་སྦྱང་བྱའི་ཡི་གེ་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྟག་རྩྭ་བ་མེན་གྱི་རྭ་འདྲ་བའི་ནང་དུ་ལྷ་མིན་གྱི་ས་བོན་སུ་ལྗང་སེར། སྙིང་གར་སྲོག་རྩའི་ནང་དུ་མིའི་ས་བོན་ནྲྀ་སྔོ་སྐྱ། ལྟེ་བར་རྩ་བ་ཐག་བརྒྱངས་པ་ལྟ་བུའི་ནང་དུ་དུད་འགྲོའི་ས་བོན་ཏྲི་དམར་ནག གསང་བར་བདེ་ཆེན་གྱི་རྩ་ནང་དུ་ཡི་དྭགས་ཀྱི་ས་བོན་པྲེ་ལྗང་གུ། རྐང་མཐིལ་དུ་རྩ་འཁོར་འཁྱིལ་བར་དམྱལ་བའི་ས་བོན་དུ་དུད་ཁ་རྣམས་ལ་འགྲོ་བ་རིགས་དྲུག་གི་བག་ཆགས་རྣམས་ལྷན་སྐྱེས་སུ་གནས་པས། འཆི་བའི་ཚེ་ལུས་ཀྱི་ཆ་དང་རྩ་ཁམས་ཡི་གེ་དེ་རྣམས་གང་དུ་རླུང་སེམས་འདུས་པ་དེར་མཐུན་པའི་རིགས་སུ་འཕེན་ཅིང་སྐྱེ་བར་བྱེད་པའི་ཕྱིར་སྦྱང་བ་གལ་ཆེ་ཞིང་། དེ་ཡང་སྦྱོང་བྱེད་སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པའི་རིག་པའི་ཡེ་ཤེས་རྡོ་རྗེ་གསུམ་གྱི་རང་བཞིན་ཡི་གེའི་རྣམ་པར་ཤར་བ། སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་ཀར་ཧཱུྃ་སྔོན་པོ་རྣམས་བཀྲག་མདངས་འོད་ཟེར་འབར་བར་གསལ་ལ། འབྲུ་གསུམ་བཟླས་པའི་རྐྱེན་གྱིས་དེ་ལས་བྱུང་བའི་ཡེ་ཤེས་ཀྱི་མེ་དང་འོད་ཀྱིས་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་དངོས་མེད་དུ་བསྲེགས། མ་རིག་པ་ལས་བྱུང་བའི་འཁོར་བ་དང་ངན་སོང་དུ་སྐྱེ་བའི་རྒྱུ་འབྲས་ཐམས་ཅད་ལྷག་མེད་དུ་སྦྱང་བར་བསམ་ལ། ༀ་ཨཱཿཧཱུྃ་འབུམ་ཕྲག་བདུན་དབྱངས་དང་ཤུབ་བུ་སྤེལ་མར་བཟླ་བའམ། སྤྲོ་ན་ས་བོན་སོ་སོའི་འོག་ཏུ་རཾ་དང་ཡཾ་མེ་དང་རླུང་གི་རང་བཞིན་ཅན་རེ་རེ་བསམ་ལ། ངག་ཏུ་ༀ་ཨཱཿཧཱུྃ་ནཱ་ར་ག་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བཟླས་པས་ཡཾ་ལས་རླུང་གཡོས་རཾ་ལ་ཕོག ཡེ་ཤེས་ཀྱི་མེ་དཀར་གསལ་དུ་འབར། དུ་ནག་པོའམ་དུད་ཁ་དངོས་མེད་དུ་བསྲེགས་པར་བསམ། དེ་བཞིན་དུ་ༀ་ཨཱཿཧཱུྃ་པྲེ་ཏ་ཀ་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ། བཟླས་པས་ཡཾ་ལས་རླུང་གཡོས་རཾ་ལས་མེ་དམར་གསལ་འབར། པྲེ་ལྗང་ནག་གམ་ཐལ་སྐྱའམ་དམར་ནག་བསྲེགས། ༀ་ཨཱཿཧཱུྃ་ཏིར་ཡ་ཀ་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ། བརྗོད་པས་རླུང་གཡོས་མེ་མཐིང་གསལ་འབར། ཏྲི་དམར་ནག་གམ་ལྗང་གུ་བསྲེགས། ༀ་ཨཱཿཧཱུྃ་དུ་ག་དྲི་ཤ་ཎི་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ། བརྗོད་པས་རླུང་གཡོས་མེ་ཁ་ཏོག་ལྔ་འབར། ནྲྀ་སྔོ་སྐྱ་བསྲེགས། ༀ་ཨཱཿཧཱུྃ་ཨ་སུ་ར་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ། བརྗོད་པས་རླུང་གཡོས་མེ་ལྗང་གསལ་འབར། སུ་ལྗང་སེར་བསྲེགས། ༀ་ཨཱཿཧཱུྃ་ཨ་དཀར་དེ་བ་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བརྗོད་པས་རླུང་གཡོས་མེ་སེར་གསལ་འབར། ཨ་དཀར་པོ་དངོས་མེད་དུ་བསྲེགས། སླར་ཡང་འབྲུ་གསུམ་ལས་བྱུང་བའི་བདུད་རྩི་དང་འོད་ཟེར་གྱིས་རིགས་དྲུག་གི་གནས་རྣམས་སྦྱངས་ཏེ་འཁོར་བའི་སྐྱེ་གནས་ཐམས་ཅད་སྟོང་བར་བསམ་ལ། འབྲུ་གསུམ་བཟླ་བར་གསུངས་པས། གང་མོས་རེས་མོས་སུ་བྱས་ནས། སྡིག་སྒྲིབ་དག་པའི་རྟགས་མཚན་སྣ་ཚོགས་དང་། སྒོ་གསུམ་ཐ་མལ་གྱི་འཛིན་ཞེན་ཤུགས་ལ་དག་ནས་ཤེལ་གོང་ཕྱིས་པ་ལྟར་གྱུར་སོང་སྙམ་པའི་རྟགས་མ་བྱུང་གི་བར་དུ་འབད་པས་གནས་སྐབས་སུ་འཁོར་བའི་ས་བོན་སྟོངས་ཤིང་འབྲེལ་ཐག་ཆོད། མཐར་ཐུག་འཁོར་བར་མི་ལྡོག་པར་འགྱུར་ཏེ། ཀློང་གསལ་ལས། རུ་ཤན་ནང་ལྟར་སུས་ཕྱེ་བ། །འཁྲུལ་རྒྱུ་འཁོར་བའི་ས་བོན་སྟོངས། །གསུམ་པོ་འཁོར་བར་ལྡོག་པ་མེད། ཅེས་དང་། དེ་ལྟར་ས་བོན་མ་ཟད་ན། །འཁོར་བའི་འབྲེལ་ཐག་ཆོད་མི་འགྱུར། །ཞེས་རྒྱུ་ས་བོན་ཟད་ན་དེས་བསྐྱེད་ཀྱི་འབྲས་བུ་མེད་པ་ལྟ་བུའོ། །དེ་ལྟར་རུ་ཤན་ཕྱི་ནང་སོ་སོར་ཕྱེད་པས། སྒོ་གསུམ་གྱི་ཞེན་པ་ལོག འཁོར་བའི་འབྲེལ་རྒྱུན་ཆོད་ནས་ལུས་བདེ་ཆེན་འོད་གསལ་དུ་སྨིན། ངག་ཡི་གེའི་འཁོར་ལོར་དག །སེམས་རིག་ཐོག་ཏུ་གྲོལ་ཞིང་གསལ་སྟོང་མི་རྟོག་པའི་ཉམས་འཆར་བ་སོགས་འབྱུང་སྟེ། དབང་ཉེ་བར་རྟོགས་པ་ལས། རུ་ཤན་གང་གིས་ཕྱེད་པ་ཉིད། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རུ་ཤན་འབྱོངས་པའོ། །

ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱང་བ།

#div6 དགོས་པའི་དབང་གིས་སྤྱིར་བསྟན་པ།

གསུམ་པ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱང་བ་ལ། དགོས་པའི་དབང་གིས་སྤྱིར་བསྟན་པ་དང་། སྔོན་འགྲོ་བྱེ་བྲག་ཏུ་བསྟན་པ་གཉིས། དང་པོ་སྤྱིར་བསྟན་པ་ནི། ཐལ་འགྱུར་ལས། འདི་ལ་དགོས་པ་རྣམ་པ་གཉིས། །ཐུན་མོང་མཆོག་གི་དབྱེ་བས་བརྟག ཅེས་སྒོ་གསུམ་གྱི་སྡིག་སྒྲིབ་འདག་པ་དང་། འཁོར་བར་མངོན་ཞེན་ལྡོག་པས་སླར་མི་ལྡོག་ཅིང་མྱ་ངན་ལས་འདའ་བའི་ཕྱིར་རམ། ཀློང་གསལ་ལས། ལུས་ངག་ཡིད་གསུམ་སྔོན་འགྲོ་ནི། །ཐུན་མོང་ཁྱད་པར་མཐར་ཐུག་གི། །དགོས་པ་གསུམ་ཏུ་ཤེས་པར་བྱ། ཞེས་སྒོ་གསུམ་གྱི་སྒྲིབ་ཚོགས་རྩ་བ་ནས་བྱང་ཞིང་དག་པ་ཐུན་མོང་དང་། ཞེན་ལོག་འཁོར་བར་མི་ལྡོག་པ་ཁྱད་པར་དང་། སྒོ་གསུམ་སྐུ་གསུམ་དུ་གྲོལ་བར་འདོད་པ་མཐར་ཐུག་གི་དགོས་པ་སྟེ་གསུམ་གའི་ཕྱིར་དུ་སྒོ་གསུམ་གྱི་སྔོན་འགྲོས་ཀྱང་རུ་ཤན་དབྱེའོ།།

སྔོན་འགྲོ་བྱེ་བྲག་ཏུ་བསྟན་པ།

ལུས་སྦྱང་།

གཉིས་པ་སྔོན་འགྲོ་བྱེ་བྲག་ཏུ་བསྟན་པ་ལ། ལུས་སྦྱང་། ངག་སྦྱང་། སེམས་སྦྱང་གསུམ། དང་པོ་ལུས་སྦྱང་གི་སྔོན་འགྲོ་ནི། ཐལ་འགྱུར་ལས། ལུས་ཀྱི་སྔོན་དུ་འགྲོ་བ་ལས། །སོ་སོའི་བྱེད་པའི་རྒྱུ་འགག་པ། །རྡོ་རྗེ་སྐྱིལ་ཀྲུང་དང་བཅས་ཏེ། །ལུས་སྦྱང་སེམས་ལ་ཕན་པའོ། ཞེས་ལུས་ལ་གནད་དུ་བསྣུན་ན་སེམས་ཀྱི་དངས་སྙིགས་འབྱེད་པར་གསུངས་པས། རྡོ་རྗེའི་འདུག་སྟངས་ལངས་འདུག་གཉིས་ལས། སྔ་མ་ནི། རྟིང་པ་གཉིས་མཐིལ་སྤྲད་ནས་སོར་བཅུ་ས་ལ་བཙུགས། པུས་མོ་གཉིས་ཕྱིར་བསྒྲད། རྒལ་ཚིགས་དྲང་པོར་བསྲང་། ལག་གཉིས་སྤྱི་བོར་མ་རེག་ཙམ་དུ་ཐལ་མོ་སྦྱར་ལ་གྲུ་མོ་བསྒྱང་། མགྲིན་པས་ཨོལ་མདུད་ནོན་པར་བྱས། འཆུན་དང་བཅས་ཏེ་ལུས་རྡོ་རྗེ་རྩེ་གསུམ་པ་སྔོན་པོ་མེ་འབར་བ་ཞིག་ཏུ་བསྒོམ། དེས་ལུས་ཁོལ་བུར་ན་ཞིང་ཚུགས་མི་ཐུབ་པ་ན་ལུས་རང་བབས་སུ་ཁྲས་སེ་བསྐྱུར་བས་དྲོད་སྐྱེ་ཞིང་སེམས་རྟོག་མེད་དུ་གནས། དེ་ཚེ་དེའི་རང་ངོ་བསྐྱང་། ཡང་འདུག་སྟངས་སྔ་མས་དུབ་ན། ཕྱི་མ་མི་འགྱུར་རྡོ་རྗེའི་འདུག་སྟངས་རྡོ་རྗེ་ལྟ་བུ་ལས་ལུས་སྤྱི་བསྲངས་པས། འགྱུ་བྱེད་ཀྱི་རླུང་འགག རྐང་མཐིལ་སྦྱར་བས་ཕོ་མོ་མ་ནིང་གི་རླུང་སྟོངས་ཏེ་འོད་གསལ་ཆེན་པོའི་ངང་དུ་རང་གནས། རྟིང་པ་གསང་བར་གཏད་པས་འདོད་ཆགས་ཀྱི་གཞི་སྟོངས། སྤྱི་བོར་ཐལ་མོ་སྦྱར་བས་ལུས་ཀྱི་གནད་སྦྱོང་བར་གསུངས་པས་འདུག་སྟངས་རེས་མོས་སུ་བྱས་མཐར། འདིར་ཡང་ངལ་ཞིང་འཇོག་ཚེ་ཧལ་ཞེས་བརྗོད་ཅིང་རང་གི་རིག་པ་ནམ་མཁར་ལྡང་། ལུས་གར་འགྱེལ་དུ་དུར་ཁྲོད་ཀྱི་མི་རོ་བཞིན་རང་བབས་སུ་བསྐྱུར། ཡིད་དྲན་རྟོག་མེད་པའི་རང་ངོ་ཡུན་རིང་དུ་བསྐྱང་དགོས་སོ། །དེ་ལ་འདུག་སྟངས་གཉིས་ཀའི་རྡོ་རྗེའི་ཡར་རྩེ་གསུམ་ངོ་བོ། རང་བཞིན། ཐུགས་རྗེ་གསུམ་དང་། མར་རྩེ་གསུམ་སྐུ་གསུམ། སྐེད་པ་གཅིག་ཏུ་འདྲིལ་བ་ཀ་དག་དང་ལྷུན་གྲུབ་ངོ་བོ་གཅིག་ཏུ་ལམ་བྱེད་མཚོན་པའོ།། དེ་ལྟར་ལུས་སྦྱངས་པས་སེམས་དྭངས་སྙིགས་འབྱེད་ནས་ཐུན་མོང་དུ་ལུས་ཀྱི་སྡིག་སྒྲིབ་འདག ལུས་རྡོ་རྗེ་མེ་འབར་བ་མཐོང་བས་གདོན་བགེགས་ཀྱི་བར་ཆད་ཞི། ཁྱད་པར་འཁོར་བར་ལུས་ལ་མངོན་པར་ཞེན་པ་ལྡོག་པས་ཕྱིན་ཆད་འཁོར་བ་དང་ངན་སོང་དུ་མི་ལྟུང་། མཐར་ཐུག་སྤྲུལ་པའི་སྐུར་དབྱེར་མེད་དུ་གྲོལ། ལུས་རྡོ་རྗེའི་སྐུར་སྨིན་ནས་མྱ་ངན་ལས་འདའ་བར་འགྱུར་བའོ། །

ངག་སྦྱང་།

རྒྱས་གདབ་པ།

#iv8 ཕྱི་སྣང་བ་ལ་རྒྱས་གདབ་པ།

གཉིས་པ་ངག་སྦྱང་བ་ནི། ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལས། །རྒྱས་གདབ་པ་དང་རྩལ་སྦྱངས་ཉིད། །མཉེན་བཙལ་ལམ་དུ་གཞུག་པ་ཡིས། །དེ་ལྟར་ངག་སྦྱང་སེམས་ལ་ཕན། ཅེས་གསུངས་པས། རྒྱས་གདབ་པ། རྩལ་སྦྱང་བ། མཉེན་བཙལ་བ། ལམ་དུ་གཞུག་པ་བཞི། དང་པོ་ལའང་ཕྱི་ནང་གཉིས་ལས། དང་པོ་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། དབེན་པར་སྐྱིལ་མོ་ཀྲུང་བཅས་ཏེ། །སྙིང་གར་ཧཱུྃ་སྔོན་པོ་ཞིག་བསྒོམ་ལ། ངག་ཏུ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་སྙན་ལ་རིང་བར་བཟླས་པ་དང་ཆབ་གཅིག་ཏུ། སྙིང་གའི་ཧཱུྃ་ལས་ཧཱུྃ་གྲངས་མེད་པ་རྒྱུན་ཆད་མེད་པར་བྱུང་། ཐོ་ཕྱི་དང་གནས་ཁང་། གྲོང་ཁྱེར་ཡུལ་ཁམས། འཇིག་རྟེན་སྟོང་ཁམས་བློས་མི་ཁྱུད་པ་ཙམ་དུ་ཧཱུྃ་གིས་ཤིག་ཤིག་མེར་མེར་གང་བས་བརྟན་གཡོའི་སྣང་བ་ཐམས་ཅད་ཧཱུྃ་དུ་ལམ་ལམ་སོང་བར་བསམ་ལ། རླུང་དང་སྣང་བ་ཤེས་པ་གསུམ་ཧཱུྃ་དང་གཅིག་ཏུ་དྲིལ་ནས། སོ་མཆུ་མ་རེག་ཙམ་དུ་བཟླ་ཞིང་ཧཱུྃ་གི་རང་སྒྲ་བུང་བ་ཚང་ཞིག་པ་ལྟར་ཏི་རི་རི་གྲགས་པར་བསམ། དེ་ལྟར་ཡང་ཡང་མ་ཡེངས་བར་སྤྲོས་པས་གང་སྣང་ཐམས་ཅད་ཧཱུྃ་གི་རྒྱས་ཐེབས་པའི་རྟགས་སུ་སྣང་བ་ཐམས་ཅད་བན་མ་བུན་དུ་འགྲོ་ཞིང་ཧཱུྃ་གི་རང་བཞིན་དུ་འཆར་རོ། །དེས་ནི་ཕྱི་ཡུལ་སྣང་རང་བཞིན་མེད་པར་གྲོལ་བར་འགྱུར་རོ། །

ནང་ཕུང་པོ་ལ་རྒྱས་གདབ་པ།

གཉིས་པ་ནང་ཕུང་པོ་ལ་རྒྱས་གདབ་པ་ནི། སྔར་བཞིན་ཧཱུྃ་རིང་པོ་བརྗོད་པས་ཕྱི་རོལ་གྱི་ཧཱུྃ་རྣམས་གཅིག་རྗེས་སུ་གཅིག་བསྟུད་དུ་རིམ་པར་བྱུང་། ཐམས་ཅད་དབང་པོའི་སྒོ་ནས་ནང་དུ་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་ཤ་ཁྲག་ནང་ཁྲོལ་བཅས་མི་དམིགས་པར་སྦྱངས་བར་བསམ་ལ་རླུང་བསྡམས་པས་ཕུང་པོ་ཧཱུྃ་གི་རྒྱས་ཐེབས་པའི་རྟགས་སུ་ལུས་ཀྱི་ནང་ཧཱུྃ་གིས་མེར་རེ་ཧྲོང་ངེ་གང་ཞིང་མི་བདེ་བ་སྙམ་བྱེད་པ་འབྱུང་ངོ་། དེས་ལུས་ཀྱི་འབྱུང་བ་དག་ཏེ་གདོས་བཅོས་ཕུང་པོ་ཟག་མེད་དུ་གྲོལ་བར་འགྱུར་རོ། །

རྩལ་སྦྱང་བ།

ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི།

གཉིས་པ་རྩལ་སྦྱང་བ་ལ་ཡང་ཕྱི་ནང་གཉིས། དང་པོ་ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི། ཧཱུྃ་སྒྲ་དྲག་ལ་ཐུང་བ་ངར་དང་ལྡན་པར་བརྗོད་པས། སྙིང་ཀའི་ཧཱུྃ་ལས་ཧཱུྃ་མཐིང་ནག་རྣོ་ཞིང་མྱུར་བའི་ཤུགས་དང་ལྡན་པ། ཆེ་ཆུང་འབིགས་པའི་ཡུལ་དང་མཚམས་པ། གློག་འཁྱུག་པ་བཞིན་དུ་སྤྲོས་ཤིང་། རི་བྲག་སོགས་གང་ཡིན་ཐོགས་རེག་གི་སྣང་བར་ཤར་བ་དེ་ལ་རེག་པ་ཙམ་གྱིས་ཐོག་རྒོད་བརྒྱུག་པ་ལྟར་ཕྱི་ཐལ་ནང་ཐལ་དུ་ཁྲལ་ཁྲོལ་དང་ཁ ལ་ཁོལ་མེད་པར་ཕུག་པར་བསམ་མོ། །དེ་འབྱོངས་པའི་རྟགས་ཀྱང་ཕྱིའི་སྣང་བ་ཐམས་ཅད་སང་སེང་བ་དང་། ཁྲལ་ཁྲོལ་བ་སྣང་ལ་རང་བཞིན་མེད་པའི་ཉམས་འབྱུང་ངོ་། །དེས་སྣང་ཚད་ཐམས་ཅད་བདེན་མེད་དུ་ཤེས་ཤིང་བདེ་གསལ་རང་གྲོལ་འཇའ་ཚོན་ལྟ་བུར་འགྲོ་བར་འགྱུར་རོ། །

ནང་ཕུང་པོ་ལ་རྩལ་སྦྱོང་བ།

གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱོང་བ་ནི། ཡང་དེ་བཞིན་དུ་ཧཱུྃ་ལས་ཧཱུྃ་མཐོ་གང་བས་ལུས་ཀྱང་ཕྱི་ཐལ་ནང་ཐལ། མདུན་རྒྱབ་སྟོད་སྨད་ཀུན་ནས་ཟང་མ་ཐལ་བྱུང་དུ་ཁོལ་ཙེ་མེད་པར་ཕུག་པས་སང་སེང་ཁྲལ་ཁྲོལ་དུ་སྦྱངས་བར་བསམ་མོ། །དེ་འབྱོངས་པའི་རྟགས་སུ་ལུས་ཁྲལ་མ་ཁྲོལ་དུ་སོང་བ་སྙམ་དུ་བྱེད་ཅིང་། ལུས་ཤ་ཁོལ་བུར་འཕར་ཞིང་རྡོལ། ལུས་ཆུ་ཟླའི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པའི་ཉམས་འཆར་རོ། །དེས་ནང་ཕུང་པོའི་ནད་གདོན་ཞི་ཞིང་འཇའ་ལུས་འོད་གསལ་ཀྱི་སྐུར་གྲོལ་བར་འགྱུར་རོ། །

མཉེན་བཙལ་བ།

གསུམ་པ་མཉེན་བཙལ་བ་ནི། མདུན་དུ་ཤིང་བུ་སོགས་མཚན་མའམ་དམིགས་རྟེན་དུ་བཞག ཧཱུྃ་སྙན་པོར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་གི་ཕྲེང་བ་བར་མ་ཆད་དུ་འཕྲོས། དམིགས་རྟེན་གྱི་རྩ་བ་ནས་ཧཱུྃ་གིས་རིམ་པར་དཀྲིས་ཏེ་རྩེ་མོར་སླེབ་པ་ན་ཧཱུྃ་སྔ་མ་དེ་མདུང་ཚུགས་སུ་གནས་པ་ལ་ཤེས་པ་གཏད་དེ་ཧཱུྃ་གླུ་དལ་པོར་ལེན། ཡང་སྦྲུལ་ཞིག་པ་ལྟར་བཤིག་ནས་གཅིག་ལ་གཅིག་བསྟིམ་ནས་ཧཱུྃ་གཅིག་ཏུ་གྱུར་པ་ལ་གཏད་དེ་དར་ཅིག་འཇོག སྐྱོ་བ་ན་སླར་སྙིང་གའི་ཧཱུྃ་ལ་ཐིམ་པར་མོས་པའམ། ཡང་ན་སྦྲུལ་ལྟར་ཞིག་མ་ཐག་གཅིག་རྗེས་སུ་གཅིག་ནང་དུ་ཞུགས་སྙིང་གའི་ཧཱུྃ་ལ་རྫོགས་པར་བསྡུ་ཞིང་ངལ་གསོ། དེ་ལྟར་རླུང་སེམས་ཧཱུྃ་གསུམ་གཅིག་ཏུ་བྱས་ནས་ཕྱིར་འགྲོ་ནང་ལྡོག་ལ་སྦྱང་པས་ལམ་དུ་ལོངས་ནས་འབྱོངས་པའི་རྟགས་སུ་ལུས་རྒྱིད་ལུགས་ནས་ཉལ་མ་ཉིལ་དུ་འབྱུང་། རྣམ་རྟོག་གི་ངར་ཞི་ནས་ཤེས་པ་ལྷན་ནེ་བ་འོང་ཞིང་གྲོལ་བ་སྙམ་བྱེད། སེམས་ཤིན་ཏུ་སྦྱང་པའི་ཡོན་ཏན་ཐོབ་ཏེ་དམིགས་པ་གར་ཡང་བསྒྱུར་ཏུ་བཏུབ་པ་འོང་ངོ་། །

ལམ་དུ་གཞུག་པ།

བཞི་པ་ལམ་དུ་གཞུག་པ་ནི། ཧཱུྃ་བརྗོད་པས་རང་གི་ལུས་དང་རླུང་སེམས་བཅས་གཅིག་དྲིལ་དུ་ཧཱུྃ་སྔོན་པོའི་རྣམ་པ་ཅན་གྲུ་གང་བ་ཞིག་ཏུ་མོས་ཏེ་སྲིན་མོའི་འགྲོས་ལྟ་བུས་ལམ་དུ་ཞུགས་ནས་འཁྱོག་མཚམས་སུ་ཧཱུྃ་སྒྲ་དང་ཕར་འཁྱོག་ཚུར་འཁྱོག་ནས་མཐོང་ཡུལ་གྱི་རིའམ་ལྗོངས་སུ་མིག་རྒྱང་ཙམ་དུ་སོང་ནས་ཕ་ཚད་ཀྱི་དངོས་པོ་གང་རུང་ཞིག་གི་སྟེང་དུ་འདུག་པར་བསམ་ལ་ངལ་བསོ། ཡང་སྲིན་འགྲོས་སུ་ཚུར་ལོག་རང་གནས་སུ་འདུག་པ་ལ་འདུན་པ་གཏད་ཅིང་ངལ་བསོ། དེ་བཞིན་དུ་མགྲོན་པོ་དོན་གཉེར་དུ་འགྲོ་བ་ལྟར་གྲོང་ཁྱེར་དང་། ཡུལ་ལྗོངས། གླིང་དང་གླིང་གཞན་སོགས་མི་མཐོང་ཞིང་རྒྱུས་ཡོད་མེད་ཀྱི་ས་ཕྱོགས་ཐམས་ཅད་དུ་སོང་ཞིང་སླར་ལྡོག་པའི་འདུན་པ་བཟུང་སྟེ། སོ་སོར་རེས་འཁྱོག རེས་དྲང་། རེས་དལ། རེས་མྱུར་བར་འགྲོ་ལྡོག་བྱེད་པར་མོས་ལ། ཇི་ལྟར་ལམ་དུ་ཞུགས་པའི་འགྲོས་དང་། ཧཱུྃ་རིང་ཐུང་དལ་དྲག་ཏུ་བརྗོད་པ་བསྟུན་ཏེ་ཡང་ཡང་བསྐྱར་བས་ཡུལ་གྱི་བག་ཆགས་སྦྱོང་། ཡང་ཧཱུྃ་ཧཱུྃ་ཞེས་དག་པའི་ཞིང་ཁམས་རྣམས་སུ་ཡང་དཔག་ཆེན་གྱི་མདའ་ལྟར་སོང་བར་བསམ་པས་ཞིང་ཁམས་འབྱོང་བའི་རྟེན་འབྲེལ་སྒྲིག་གོ། དེ་འབྱོངས་པས་ཐ་མལ་གྱི་རྣམ་རྟོག་ཤུགས་ཀྱིས་ལྷོད་པས། བདེ་ལྷན་ནེ་བ་དང་འབོལ་ཤིག་གེ་བ་འབྱུང་ངོ་། །དེས་སྒོ་གསུམ་ཡང་དག་པའི་ལམ་སྲོལ་དུ་ཚུད་ཅིང་བདེ་གསལ་མི་རྟོག་པའི་ཉམས་བོགས་ཐོན་པར་འགྱུར་རོ། །དེ་ལྟར་ངག་སྦྱངས་པས་རྣམ་རྟོག་རང་ཤུག་ཏུ་འགག་ནས་ཐུན་མོང་དུ་ངག་གི་སྡིག་སྒྲིབ་འདག ངག་ཧཱུྃ་གི་སྒྲ་འབའ་ཞིག་ཏུ་གོ་བས་བར་ཆད་ཞི། ཁྱད་པར་ངག་གི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང་། མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུར་དབྱེར་མེད་དུ་གྲོལ། ངག་རྡོ་རྗེའི་གསུང་དུ་དག་ནས་མྱ་ངན་ལས་འདས་པར་འགྱུར་རོ།།

སེམས་སྦྱང་བ།

བྱུང་ས་དང་བྱུང་མཁན་བརྟགས་པ།

གསུམ་པ་སེམས་སྦྱང་བ་ནི། ཐལ་འགྱུར་ལས། སེམས་ནི་ཐོག་མ་བྱུང་ས་དང་། །བར་དུ་གནས་ས་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟགས་དཔྱད་ན། །སེམས་སྦྱང་སེམས་ཀྱི་གནས་ལུགས་ཤེས། ཞེས་བྱུང་གནས་འགྲོ་གསུམ་བརྟགས་པ་ལས། དང་པོ་བྱུང་ས་དང་བྱུང་མཁན་བརྟགས་པ་ནི། སེམས་ཞེས་འཁོར་བར་འཁྱམས་ཏེ་སྡུག་བསྔལ་མྱོང་། སངས་རྒྱས་ནས་བདེ་བ་མྱོང་མཁན་རིག་རིག་ཏུར་ཏུར་པོ་འདི་དང་པོ་གང་ནས་བྱུང་། ཕྱིས་འབྱུང་བའི་དངོས་པོ་རི་བྲག་ཁང་ཁྱིམ་སྣོད་བཅུད་ཕ་མའི་རྒྱུ་རྐྱེན་གང་རུང་ཞིག་ནས་བྱུང་ངམ་སྙམ་ན། དེ་རེ་རེ་ནས་རྡུལ་ཕྲན་དུ་བཤིག་ནས་བཙལ་ཞིང་བརྟགས་པས་མི་རྙེད་དེ། ཕྱི་སྣོད་བཅུད་གང་ནས་ཀྱང་མ་བྱུང་། ནང་རང་ལུས་ནས་བྱུང་ངམ་སྙམ་ན། ལུས་ཀྱི་སྟོད་སྨད་ཕྱི་ནང་བར་གསུམ་གྱི་ཆ་ཤས་སོ་སོ་ནས་བརྡར་ཤ་བཅད་ཀྱང་མི་རྙེད་པས་དེར་ཡང་མ་བྱུང་། དེ་བཞིན་དུ། ཡོད་པ་དངོས་པོར་སྣང་བའི་ཆ་ནས་མ་བྱུང་སྟེ་ཅི་ལྟར་བཙལ་ཡང་དེའི་དམིགས་པ་མ་རྙེད། མེད་པ་སྟོང་པའི་ཕྱོགས་ནས་ཀྱང་མ་བྱུང་སྟེ་བྱུང་ས་དང་བྱུང་ཡུལ་མ་གྲུབ། སེམས་ལས་སེམས་བྱུང་བ་མིན་ཏེ་བྱུང་ས་བྱུང་མཁན་གཉིས་མ་གྲུབ། བྱུང་སའི་ཡུལ་དང་བྱུང་མཁན་གྱི་སེམས་ཅི་འདྲ་ཡིན་ཕར་དཔྱད། ཚོལ་མཁན་གྱི་སེམས་ལ་ཚུར་བརྟགས་པས། བྱུང་ས་དང་བྱུང་མཁན། འཚོལ་རྒྱུ་དང་འཚོལ་མཁན་དུ་སྣང་བའི་གཟུང་འཛིན་ཐམས་ཅད་ངོ་བོ་ངོས་བཟུང་རྒྱུ་མ་རྙེད་ནས་རྒྱུ་རྐྱེན་ཡུལ་མེད་རྟེན་བྲལ། སྨྲ་བསམ་བརྗོད་མེད་ཁས་ལེན་ཐམས་ཅད་དང་བྲལ་བའི་ངང་དུ་ཧ་ཕྱད་དེ་ལུས་ན་འབྱོངས་པའི་རྟགས་ཡིན་དེ། ངོས་བཟུང་དང་བྲལ་བའི་སེམས་ཉིད་ངོ་བོ་སྟོང་པ་ཆོས་ཀྱི་སྐུ་སྐྱེ་བ་མེད་པ་དེ་ངོ་འཕྲོད་ཅིང་གཏན་ལ་ཕེབས་པ་ཡིན་ནོ།།

གནས་ས་དང་གནས་མཁན་བརྟགས་པ།

གཉིས་པ་གནས་ས་དང་གནས་མཁན་བརྟགས་པ་ནི། གོང་བཞིན་སེམས་དེ་ད་ལྟ་ཕྱི་ནང་སྣོད་བཅུད་ལུས་ཀྱི་ཆ་ཤས་སོགས་གར་གནས་རྩར་བཅད། འདིར་གནས་སྙམ་པ་ཞིག་བྱུང་ན་ཆ་དང་རྡུལ་ཕྲན་དུ་ཕྱེ་ནས་བལྟ། དཔེར་ན་སྙིང་ལྟ་བུ་ཞིག་ལ་གནས་སམ་སྙམ་ན་དེའི་རྩེ་མོ། རྩ་བ། ཤ་དང་ཚིལ། ཁྲག་དང་ཤུན་པ་སོགས་གང་ལ་གནས། གནས་བྱ་དེ་ཡི་གཟུགས་དབྱིབས། ཁ་ཏོག བྱེད་ལས། མཚོན་དཔེ། ངོ་བོ་ངོས་བཟུང་ཅི་འདྲ་ཞིག་འདུག རྟོགས་བྱའི་སེམས་དང་རྟོགས་བྱེད་ཀྱི་ཤེས་པ་གཅིག་གམ་ཐ་དད་སོགས་ལེགས་པས་བརྟགས་པ་ན། དེ་འབྱོངས་པའི་རྟགས་སུ་གང་དུ་ཡང་གནས་ས་དང་རྟེན་ཡུལ་མེད་པ། གང་གི་རྣམ་པར་ཡང་མ་གྲུབ་པས་ངོས་བཟུང་དང་བྲལ་བ། ཤེས་པ་གསལ་ཞིང་སྣང་ཡང་རང་བཞིན་མ་གྲུབ་པ་གཞི་མེད་རྩ་བྲལ་ཡེ་སྟོང་ཆེན་པོར་གཏན་ལ་ཕེབས་ཤིང་ལོངས་སྐུ་འགག་པ་མེད་པ་དང་ངོ་འཕྲོད་པ་ཡིན་ནོ། །སྐབས་འདིར་སྒོ་གསུམ་གྱི་སྟེང་དུ་ཚོར་བའི་ཉེར་ལེན་ལས་མྱོང་རེག་གི་མཚན་མ་གང་ཤར་ལ་དེར་ཡོད་པ་ལྟར་སྣང་བ་ནི་འདུ་བྱེད་ཀྱི་ཕུང་པོས་རྒྱུ་བྱས། འཕྲལ་བྱུང་རྣམ་རྟོག་གིས་རྐྱེན་བྱས། གཟུང་ཡུལ་ལ་འཛིན་སེམས་ཆགས་པས་བདག་པོའི་འབྲས་བུ་སྨིན་པ་དང་། གཟུང་འཛིན་ཡུལ་སྟོངས་ཏེ་ཟད་པར་འཁྱོལ་ཚེ་ཉམ་ང་བག་ཚ་མེད་པ་ཡང་འདིས་ལྷོང་བར་གསུངས་སོ།།

འགྲོ་ས་དང་འགྲོ་མཁན་ལ་བརྟགས་པ།

གསུམ་པ་འགྲོ་ས་དང་འགྲོ་མཁན་ལ་བརྟགས་པ་ནི། དེ་རྗེས་སུ་ཝལ་གྱིས་བྱུང་ནས་ཡལ་གྱིས་སོང་སྙམ་བྱེད་པའི་སེམས་འདིའི་འགྲོ་ས་ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་གང་ཡིན་སོགས་ལ་བརྟགས་ཀྱང་། འགྲོ་ས་མེད་པས་ཡུལ་སྣང་སེམས་ཀྱིས་བཟོས་པར་ཐག་ཆོད། འགྲོ་མཁན་གྱི་སེམས་ལ་བརྟགས་ཀྱང་ངོས་བཟུང་དང་བྲལ་བས་ཡུལ་ཅན་རང་བཞིན་མེད་པར་གདེངས་རྙེད། སེམས་བྱུང་གནས་འགྲོ་གསུམ་གྱི་རྒྱུ་སྟོངས་པས་འབྲས་བུ་རེ་དོགས་སུ་འཛིན་པའི་བློ་ལྡོག སེམས་ཉིད་རིག་སྟོང་ཐུགས་རྗེ་ཆེན་པོ་འགྲོ་འོང་གྲོལ་འཁྲུལ་སོགས་དང་བྲལ་བར་ཤེས་པས་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བར་ཡིད་ཆེས་རྙེད། བལྟ་བར་བྱ་བའི་སེམས་དང་། ལྟ་བྱེད་ཀྱི་མཁན་པོ། སེམས་འགྲོ་ཡུལ་བཅས་བསམ་བརྗོད་བློ་ལས་འདས། ངོ་བོ་ཐ་དད་དང་རྣམ་པ་སོ་སོར་ངོས་བཟུང་མེད་པར་སྒྲོ་འདོགས་ཆོད་པར་བྱ། དེ་ལྟར་སེམས་སྦྱངས་འབྱོངས་པའི་རྟགས་སུ་འཁྲུལ་བའི་ཚང་ཞིག་ཅིང་སེམས་ཀྱི་ཁང་བུ་རྡིབས། རིག་པའི་ངོ་བོ་ཤེས་ཤིང་ཡིད་ཆེས་ནང་ནས་རྙེད་དེ། རིག་པ་སྟོང་གསལ་ངོ་བོ་ཉིད་ལས་གཡོ་བ་མེད་པར་གཏན་ལ་ཕེབས། སངས་རྒྱས་སྤྲུལ་པའི་སྐུ་རྒྱུན་ཆད་མེད་པ་དང་ངོ་འཕྲོད་པ་ཡིན་ནོ། །དེས་སྣང་སྟོང་དང་སྐྱེ་འགག་སོགས་གཉིས་ཆོས་ཐམས་ཅད་ཀྱི་བརྡར་ཤ་ཆོད་ཅིང་མཚང་རྡོལ་ནས་ཐུན་མོང་དུ་ཡིད་ཀྱི་སྡིག་སྒྲིབ་འདག སེམས་སྟོང་ཉིད་དུ་རྟོགས་པས་བར་ཆད་ཀྱིས་མི་ཚུགས། ཁྱད་པར་སེམས་ཀྱི་མངོན་ཞེན་ལོག་པས་སླར་སྲིད་པར་མི་འཁྲུལ། མཐར་ཐུག་ཆོས་ཀྱི་སྐུར་དབྱེར་མེད་ཆེན་པོར་གྲོལ། སེམས་ཡིད་རྡོ་རྗེའི་ཐུགས་སུ་རྫོགས་ནས་མྱ་ངན་ལས་འདའ་བར་འགྱུར་རོ།།

རྣལ་དབབ་དང་སོར་གཞུག

སྒོ་གསུམ་རྣལ་དུ་དབབ་པ།

བཞི་པ་ལ་རྣལ་དབབ་དང་སོར་གཞུག་སོ་སོར་ཕྱེ་བས་གཉིས། དང་པོ་སྒོ་གསུམ་རྣལ་དུ་དབབ་པ་ལ། ཅིའི་ཕྱིར་དབབ་པ། ཇི་ལྟར་དབབ་ཚུལ། ཡོན་ཏན་བསྟན་པ་གསུམ་ལས། ཅིའི་ཕྱིར་རྣལ་དུ་དབབ་དགོས་པ་ནི། སྒྲོན་མ་འབར་བ་ལས། འཁོར་འདས་རུ་ཤན་ཕྱེས་ནས་ནི། །ལུས་ངག་རྣམས་ནི་རྣལ་དུ་དབབ། ཅེས་དང་། ཀློང་གསལ་ལས། ལུས་ངག་ཡིད་ཀྱི་འབྱུང་འཁྲུགས་པས། །དེ་དག་གྲོལ་ཕྱིར་རྣལ་དུ་དབབ། ཅེས་ཕྱི་དང་ནང་དང་སྒོ་གསུམ་གྱི་འཁོར་འདས་རུ་ཤན་སོ་སོར་དབྱེ་བ་རྣམས་ཀྱིས་འཁོར་བའི་ཆོས་སྤང་བྱའི་རྣམ་རྟོག་དང་། གཉེན་པོ་ལས་འདས་པའི་ཆོས་དགེ་བའི་རྣམ་རྟོག་གང་ཤར་ཡང་རྣམ་པ་གང་གསལ་བ་དེ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ནས། དབང་ཤེས་གཞན་དུ་མི་གཡེང་བར་འཆིང་བས་ཡིད་ཤེས་ཚོགས་དྲུག་གཅིག་ཏུ་འདུས་ཤིང་། ཡུལ་གཞན་དུ་འཕྲོ་བའི་སེམས་ཉེ་བར་ཞི་ཞིང་། རྣམ་པར་རྟོག་པ་གནས་འགྱུར་ནས་རྣམ་པར་མི་རྟོག་པར་ཡང་འགྱུར་མོད་ཀྱང་། སྔོན་འགྲོའི་ཐབས་སྤྱོད་ཁྱད་པར་ཅན་རྣམས་ཀྱིས་ཐོག་མར་རྟོག་པ་ནན་གྱིས་བཀག་པས་ཁམས་དང་འབྱུང་བ་འཁྲུགས་པར་གྱུར་ན། སེམས་མི་གནས་པའི་ཁར་སླར་ཡང་གེགས་སུ་འགྲོ་ཞིང་ཏིང་ངེ་འཛིན་སྐྱེ་དཀའ་བ་ལ་དགོངས་ནས་ཡུལ་དྲུག་དམིགས་པའི་རྟེན་རྣམས་ཀྱང་ཡིད་ལ་མི་བྱེད་ཅིང་སྤང་གཉེན་གྱི་མཚན་མ་གང་ལ་ཡང་མི་རྟོག་པར་རང་ལུགས་ཉིད་དུ་རྣལ་དུ་སྟེ་མ་བཅོས་པའི་གཤིས་སུ་གཏན་ལ་དབབ་པ་ཞེས་རང་བབས་སུ་འཇོག་དགོས་པ་ཡིན་ནོ། །

སྒོ་གསུམ་རྣལ་དུ་ཇི་ལྟར་དབབ་ཚུལ་ནི། ཐལ་འགྱུར་ལས། །འདི་དུས་ལུས་ངག་སེམས་ཀྱི་གནད། །རྣལ་འབྱོར་ལྡན་པས་རྣལ་དབབ་བྱ། ཞེས་དང་། འདས་རྗེས་ལས། དེ་ནས་ལུས་ངག་ཡིད་གསུམ་པོ། །རྣལ་དུ་དབབ་ལ་མཁས་པར་བྱ། ཞེས་གསུངས་པས། ལུས་ཀྱི་གནད་བཟང་ངན་བླང་དོར་མེད་པར་སེམས་སྐྱིལ་ལམ་ཙོག་པུའམ་ཉལ་སྟབས་སོགས་གང་ཡིན་རང་བབས་སུ་ཅི་བདེར་དུར་ཁྲོད་ཀྱི་རོ་བཞིན་བསྒུལ་བསྐྱོད་མེད་པར་བཞག ངག་སྨྲ་བརྗོད་དང་བྲལ་བའི་གཤིས་ལ་སྲོག་ཐུར་གྱི་རླུང་གི་འགྲོ་འོང་ཙམ་ལའང་བཟོ་བཅོས་མི་བྱ་བར་ལྐུགས་པ་བཞིན་རང་བབས་སུ་བཞག སེམས་ཀྱི་དགེ་མི་དགེ་ལུང་མ་བསྟན་གྱི་སྤྲོས་པ་བསྐྱུངས་ནས་དྲན་རྟོག་དང་རྣམ་གཡེང་ལས་གྲོལ་བ་སྤྲིན་བྲལ་བའི་ནམ་མཁའ་ལྟར་རང་བབས་སུ་འཇོག་པ་སྟེ། ཤེར་ཕྱིན་རྒྱས་འབྲིང་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་ནི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པའོ། །གསུངས་པ་དང་གནད་གཅིག་གོ། །དེ་ལྟར་བྱ་བ་དང་བྱེད་པ་མེད་པའི་རྣལ་འབྱོར་དང་ལྡན་པས་སྒོ་གསུམ་བཟོ་བཅོས་མེད་པར་རང་བབས་སུ་བཞག་པས། དཔེར་ན་ཆུ་རྙོག་མ་ཅན་གཡོ་མེད་དུ་བཞག་པས་དྭངས་བར་འགྱུར་བ་ལྟ་བུ་སྟེ། ཆུ་མ་བརྙོག་ན་དྭངས་ལ་སེམས་མ་བཅོས་ན་གསལ་གསུངས་པ་དང་མཚུངས་སོ། །ཡོན་ཏན་བསྟན་པ་ནི། ཀློང་གསལ་ལས། འདི་ལྟར་རྣལ་དུ་སུས་ཕབ་པ། །འབྱུང་འཁྲུགས་ནད་རྐྱེན་ཞི་བ་དང་། །འཛིན་པ་རང་གྲོལ་ཉིད་དུ་འགྱུར། །ཞེས་དེ་ལྟར་ཞག་ཉེར་གཅིག་གམ་བདུན་ནམ་གསུམ་སོགས་ལ་རྣལ་དུ་དབབ་པས་གནས་སྐབས་སུ་རྣལ་དུ་ཕེབས་པའི་རྟགས་ལུས་མི་འགུལ་བར་སྡོད་ཚུགས། ངག་སྨྲ་སྙིང་མི་འདོད། སེམས་འཇིག་རྟེན་གྱི་བྱ་བ་ལ་ཡིད་མི་འཇུག་པ་འོང་། ཁམས་དང་འབྱུང་བ་མི་འཁྲུགས་ཤིང་ནད་དང་རྐྱེན་ངན་མི་འབྱུང་། རང་བཞིན་གྱིས་གསལ་ལ་མི་རྟོག་པའི་བསམ་གཏན་ལ་གནས། མཐར་ཐུག་སྒོ་གསུམ་གྱི་འཛིན་པ་རང་དག་ཏུ་གྲོལ་བར་འགྱུར་རོ།།

སོར་གཞུག་པ།

གཉིས་པ་སོར་གཞུག་པ་ལའང་། འཇུག་དགོས་པ། འཇུག་ཚུལ། ཡོན་ཏན་གསུམ་གྱི་ཐོག་མར་སྒོ་གསུམ་སོར་འཇུག་དགོས་པར་བསྟན་པ་ནི། ཀློང་གསལ་ལས། ཀ་དག་དོན་ཉིད་རྟོགས་བྱའི་ཕྱིར། །རྣལ་དུ་དབབ་པ་སོར་ཡང་གཞུག ཅེས་སྔར་བཞིན་རྣལ་དུ་དབབ་ནས་རིམ་གྱིས་སྒོ་གསུམ་ཡང་དག་པའི་ལམ་དུ་སོར་ཆུད་ནས་ཀ་དག་སྤྲོས་པ་དང་བྲལ་བའི་དོན་ཕྱིན་ཅི་མ་ལོག་པ་རྟོགས་ནུས་པར་བྱ་བའི་ཕྱིར་སོར་གཞུག་དགོས་པའོ། སོར་འཇུག་ཚུལ་ལ་ཡང་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིར་ནི། འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག །དེས་ནི་གསུམ་པོ་སོར་ཆུད་ནས། །ཉམས་ལེན་ཉིད་ལ་བརྩོན་པར་འགྱུར། ཞེས་རྣལ་དུ་ཕེབས་པའི་སེམས་ཉིད་གསལ་ལ་མི་རྟོག་པར་གནས་པ་དེ་ཉིད་སྤྱོད་ལམ་ཞི་བ་དང་། བར་མ་དང་། རྩུབ་མོའི་རྐྱེན་གྱིས་རིམ་བཞིན་ཁྲིད་ནས་གོམས་སུ་འཇུག་པ་ཡིན། བྱེ་བྲག་ནི་ཀློང་གསལ་ལས། ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་ཕེབས། །བོ་དྷི་ས་ཏྭའི་ལྟ་སྟངས་ཀྱིས། རྣལ་ཕེབས་བདེ་བ་ཉིད་ཐོབ་འགྱུར། །ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས། །རྣལ་ཕེབས་ཡོན་ཏན་གསུམ་ཡང་འགྲུབ། ཅེས་གསུངས་པས། ཉན་ཐོས་ཞི་བའི་ལྟ་སྟངས་ནི། །རྣམ་སྣང་ཆོས་བདུན་དང་ལྡན་པས་བྱུང་ཚོར་གྱི་རྟོག་པ་གང་ཤར་ལས་མི་སྤྲོ་མི་བསྡུ་བཟོ་མི་འཆོས་པར་རང་སོར་བཞག་པས་རྐྱེན་སྣང་རང་གི་ངོ་བོས་གསལ་ཡང་མི་རྟོག་པའི་ངང་མ་ཤོར་བར་བྱ། དེས་སྒོ་གསུམ་རང་བཞིན་གྱིས་རྣལ་དུ་ཕེབས་པས་མི་གནས་པ་གནས་པར་བྱེད་ཅིང་རྣམ་རྟོག་ཕྲ་མོ་རྣམས་ཞི་བར་བྱེད་དོ། བྱང་ཆུབ་སེམས་དཔའི་ལྟ་སྟངས་ནི། ལུས་གནད་སྔ་མ་ལྟར་ལས། མིག་ཐད་ཀར་གཉའ་ཤིང་གང་ཙམ་གྱི་བར་སྣང་ལ་ཧ་ཅང་འབྱེད་འཛུམ་གྱི་རྣམ་པས་མ་ཡིན་པར་ཧད་པོར་ལྷོད་དེ་བལྟ་ཞིང་རྐྱེན་དེས་ཤེས་པ་སྐད་ཅིག་མ་གསལ་ལ་མ་འགགས་པར་ཤར་བ་དེ་ཤར་ཙམ་ཉིད་ནས་རང་བཞིན་མ་གྲུབ་པར་ཤེས་པར་བྱ། དེས་རྣམ་རྟོག་རགས་པ་ཕལ་ཆེར་འགག་ཅིང་སྒོ་གསུམ་མ་བཅོས་རང་བབས་སུ་གནས་པས་བདེ་བ་ཐོབ་པ་དང་དེ་དག་བརྟན་པར་བྱེད་དོ། །ཁྲོ་བོའི་ལྟ་སྟངས་ནི། བསམ་གཏན་གྱི་ངང་མ་ཤོར་བར་ལངས་ཏེ་གོམ་པ་གྱ་ཚོམ་དུ་དོར་ལ་གྱད་སྟབས་སུ་བགྲད་དེ་མིག་སྡང་མིག་གཡོ་ཞིང་བར་སྣང་ལ་གྱེན་དུ་བལྟས་ལ། ཧ་ཧ་ཞེས་ཁྲོ་བོའི་གད་མོ་དང་། ཧི་ཧི་ཞེས་ཁྲོ་མོའི་རྒྱང་གླུ་བརྗོད་ཅིང་རིག་པ་ཧུར་ཕྱུངས་ཏེ་སྣང་བའི་རྫུན་ཕུག་རྡིབ་པའི་བརྟུལ་ཞུགས་ལ་རྩལ་སྦྱངས་ཤིང་། མ་འགག་རང་ཤར་སྤྲོས་བྲལ་བསལ་བཞག་མེད་པར་ཤེས་པར་བྱ། དེས་རྣམ་རྟོག་ཤིན་དུ་རགས་པ་རྣམས་འཇོམས་ཤིང་བརྟན་པ་དག་མཐར་ཕྱིན་ནས་གྲོལ་བར་བྱེད་དོ། །དེ་ལྟར་ཡང་ཡང་བྱས་པས་སྒོ་གསུམ་སོར་ཆུད་པའི་རྟགས་སུ་ལུས་ངག་ཡིད་གསུམ་དགེ་སྦྱོར་ལས་འབྲལ་མི་ཕོད་པ་འབྱུང་ངོ་། །ཡོན་ཏན་ནི། ཀློང་གསལ་ལས། ཉམས་ལྡན་ཀ་དག་དོན་རྟོགས་འགྱུར། ཞེས་གནས་སྐབས་སུ་བདེ་གསལ་མི་རྟོག་པའི་ཉམས་དང་ལྡན་པའི་ཞི་གནས་ཁྱད་པར་ཅན་སྐྱེ་ཞིང་མཐར་ཐུག་ལྷག་མཐོང་ཀ་དག་གི་དོན་རྟོགས་ནས་ཞི་གནས་ཀྱིས་སྡུག་བསྔལ་དང་ཉོན་མོངས་པ་གནོན་པ་དང་། ལྷག་མཐོང་གིས་སྡུག་བསྔལ་དང་ཉོན་མོངས་པ་རགས་པ་རྣམས་འཇོམས་ཤིང་སྒོ་གསུམ་གོལ་འཕྱུག་མེད་པའི་རང་སོར་ལེགས་ལམ་དུ་ཆུད་པར་འགྱུར་བའོ། །དེས་ཐུན་མོང་མ་ཡིན་པའི་སྔོན་འགྲོས་གནས་ལུགས་གཏན་ལ་འབེབས་པའི་རིམ་པ་སོང་ནས།

ཟབ་ལམ་བསྒོམ་པ་དངོས་གཞིའི་ཁྲིད།

ཀ་དག་ཁྲེགས་ཆོད་ཀྱི་ཟབ་ལམ།

ངེས་ཚིག་གི་སྒོ་ནས་དངོས་གཞི་ཡིན་པའི་རྒྱུ་མཚན།

བར་དུ་དགེ་བའི་དོན་ཁྲིད་ཀྱི་ས་བཅད་གཉིས་པ་ཟབ་ལམ་བསྒོམ་པ་དངོས་གཞིའི་ཁྲིད་ལ། ཀ་དག་ཁྲེགས་ཆོད་ཀྱི་ཟབ་ལམ་དང་། ལྷུན་གྲུབ་ཐོད་རྒལ་གྱི་ཟབ་ལམ་གཉིས། དང་པོ་ཀ་དག་གི་གནས་ལུགས་སྤྲོས་བྲལ་དུ་བསྟན་ནས་དབང་པོ་རྣོན་པོ་བསྒོམ་དུ་མེད་ཀྱང་ལ་བཟླ་བས་གྲོལ་བ་ཁྲེགས་ཆོད་ཀྱི་ལམ་ཟབ་མོ་དེ་ཉིད་ཀྱི་གནད་རྣམས་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ཚུལ་གྱིས་གནས་ལུགས་སྤྲོས་པ་དང་བྲལ་བའི་དོན་མ་ནོར་བར་ཡང་དག་པར་བསྐྱེད་ཅེས་ན་སྤར་ཏེ་རྒྱུད་ལ་སྐྱེ་བར་བྱེད་པ་ལ་ངོ་སྤྲོད་དང་། རྩལ་སྦྱོང་གཉིས་སུ་མ་འདུས་པ་མེད་ཀྱང་། ཁྲིད་ཚུལ་བཞིར་དབྱེ་ན་བདེ་བས། རྒྱུ་མཚན། གཏན་འབེབས། ངོ་སྤྲོད། རྩལ་སྦྱོང་ངོ། །དང་པོ་ངེས་ཚིག་གི་སྒོ་ནས་དངོས་གཞི་ཡིན་པའི་རྒྱུ་མཚན་ནི། ཟབ་གསལ་དང་སྣང་སྟོང་སོགས་གཅིག་ལ་གཅིག་འབྲེལ་གྱི་ཚིག་ཙམ་ལ་ལྟ་སྒོམ་དུ་ཡིད་བརྟེན་འཆའ་བ་ལྷ་ཁང་མཐོང་ཡང་རྟེན་གསུམ་མ་མཐོང་བ་ལྟ་བུ་གཞི་ཡིན་ལ་དངོས་མ་ཡིན་པ་དང་། མུ་བཞིའམ་མཐའ་བརྒྱད་ཀྱི་སྤྲོས་པ་དང་བྲལ་བ་རྟོག་དཔྱོད་ཀྱིས་གོ་ཡང་མྱོང་ཐོག་ཏུ་མ་ཆགས་པའི་པྲ་ཡས་པ་རྟེན་གསུམ་མཐོང་ཡང་མཚན་ཉིད་གཏན་ལ་མ་ཕེབས་པ་ལྟ་བུ་དངོས་ཡིན་ལ་གཞི་མ་ཡིན་པ་དང་། ཆོས་ཐམས་ཅད་རང་བཞིན་མེད་དོ་ཞེས་ཡིད་དཔྱོད་ཙམ་ལམ་དུ་བྱེད་པ་ལས་རང་བཞིན་མེད་པའི་ངོ་བོ་ཅར་ཕོག་ཏུ་ངོ་མ་འཕྲོད་པས་འཆི་ཁར་ཐ་མལ་དུ་ལུས་པ་ལྷ་ཁང་དང་རྟེན་གསུམ་གང་ཡང་མ་མཐོང་བ་ལྟ་བུ་དངོས་གཞི་གཉིས་ཀ་མ་ཡིན་པའི་གྲུབ་པའི་མཐའ་ལྟ་བུ་མ་ཡིན་པར། འདིར་རྡོ་རྗེ་སྙིང་པོ་བླ་ན་མེད་པའི་ཐེག་པ་རང་བཞིན་རྫོགས་པ་ཆེན་པོའི་དགོངས་བཟང་། ལྟ་སྒོམ་ཡིན་སྙམ་ལ་རགས་མ་ལས་པར་རང་གྲོལ་མངོན་སུམ་པར་སྟོན་པས་རྟེན་དང་བརྟེན་པའི་གནས་ཚུལ་ཇི་བཞིན་པར་གཏན་ལ་ཕེབས་པ་དང་འདྲ་བ་དངོས་དང་གཞི་གཉིས་ཀ་ཡིན་པ་འདི་ནི་འབྲས་བུ་ལམ་དུ་བྱེད་པ་སངས་རྒྱས་པའི་ལམ་ཐམས་ཅད་ཀྱི་དངོས་གཞི་བླ་ན་མེད་པ་ཉིད་ཡིན་པར་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་གསུངས་སོ།།

གནས་ལུགས་གཏན་ལ་འབེབས་པ།

རྟོག་པ་རྩད་བཅད་པ།

གཉིས་པ་གནས་ལུགས་གཏན་ལ་འབེབས་པ་ལ། འདས་རྗེས་དོན་ཁྲིད་ལས། དང་པོ་རྟོག་པ་རྩད་བཅད། བར་དུ་སེམས་ཀྱི་མཚང་བཙལ། དེ་ནས་བྱུང་གནས་འགྲོ་གསུམ་ལ་བརྟགས། ཞེས་གསུངས་པ་ལྟར་གསུམ་ལས། དང་པོ་རྟོག་པ་རྩད་བཅད་པ་ནི། ཐོག་མར་བདེ་སྡུག་གི་མྱོང་རྟོག་མཁན་དགག་སྒྲུབ་ལེགས་ཉེས་ཀྱི་བྱེད་པོ་དེ་སུ་ཞིག འཁྲུལ་ནས་སྐྱེ་བ་སྔ་ཕྱི་བརྒྱུད་མར་འཁོར་བར་འཁྱམས་ཤིང་། གྲོལ་ནས་སངས་རྒྱས་འཐོབ་པའི་བྱེད་པོ་དེ་གང་ཡིན། སྒོ་གསུམ་གཅིག་ཏུ་ཚོགས་པས་སམ་ཐ་དད་དུ། སུས་བྱེད་པ་སོགས་བརྟགས་ཤིང་དཔྱད་པས་ཀུན་གྱི་གཙོ་བོ་རྩ་བ་སེམས་རྟོག་ཁོ་ན་ཡིན་པར་རྩར་ཆོད་པ་ནི་རྐུན་པོ་ངོས་ཟིན་པ་ལྟ་བུ་སྟེ། ཀློང་གསལ་ལས། ཉག་གཅིག་འཁོར་འདས་ཀུན་གྱི་གཞི། ཞེས་དང་། གསང་བའི་སྙིང་པོ་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། ཞེས་གསུངས་ཤིང་། དེ་བཞིན་དུ་དོ་ཧ་ལས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། གང་ལས་སྲིད་དང་མྱ་ངན་འདས་འགྲོ་བ། སོགས་གསུངས་པ་དང་དགོངས་པ་གཅིག་གོ །

སེམས་ཀྱི་མཚང་བཙལ་བ།

གཉིས་པ་སེམས་ཀྱི་མཚང་བཙལ་བ་ནི། སེམས་དང་འབྲེལ་བ་ཅན་གྱི་ལུས་དང་ངག ང་ཁྱོད་དང་བདག་ཏུ་འཛིན་པའི་སེམས་དང་གསུམ་པོ་འདི་ཡང་གཅིག་གམ་ཐ་དད། གཅིག་ན་ལུས་ངག་བཞིན་སེམས་ཀྱང་མཐོང་ཐོས་སུ་འགྱུར་དགོས། ཡང་ན་སེམས་བཞིན་ལུས་ངག་ཀྱང་མཐོང་ཐོས་སུ་མི་རུང་མོད། དེ་མིན་ཐ་དད་ན་སྒོ་གསུམ་གྱི་བདེ་སྡུག་སོགས་གཅིག་དོན་དེ་ཅི་ཡིན། ཞེས་བརྟགས་ནས་ལུས་རྡུལ་ཕྲན་ཆ་མེད། ངག་བརྗོད་མེད་རང་ཡལ། སེམས་བྱ་ལམ་རྗེས་མེད་དུ་སོང་རྗེས་སུ་གཅིག་དང་ཐ་དད་གང་ཡང་མ་གྲུབ་པས་མཚོན། ཡུལ་དང་ཡུལ་ཅན་སྐྱེ་འགག་ཡོད་མེད་ཡིན་མིན་རྟག་ཆད་སོགས་སོ་སོར་བརྟགས་པས་ཐམས་ཅད་བློ་ལས་འདས་ཤིང་སེམས་ཀྱིས་བཟོས་པ་ལས་ལོགས་སུ་གྲུབ་པ་མེད་པའི་མཚང་བརྡོལ་ཞིང་། ཅི་ཡང་མ་ཡིན་ལ། གང་གི་ཕྱོགས་སུའང་མ་ལྷུང་བའི་ཤེས་རིག་གསལ་དངས། ཇི་བཞིན་བརྗོད་པའི་ཡུལ་ལས་འདས་པ་ཉིད། འཁྲུལ་དང་གྲོལ་བའི་མཚན་མ་ཀ་ནས་དག་པར་ཤེས་པ་སྟེ། མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་བ་ཡང་ཅི། །དེ་ཕྱིར་འཁྲུལ་བ་གདོད་ནས་དག གསུངས་པ་ལྟར་རོ།།

བྱུང་གནས་འགྲོ་གསུམ་བརྟག་པ།

གསུམ་པ་བྱུང་གནས་འགྲོ་གསུམ་བརྟག་པ་ནི། དེ་ལྟར་དོན་མེད་ལ་ང་བདག་ཏུ་འཛིན་པའི་སེམས་འདིའི་ཡུལ་དང་བྱ་བྱེད་མ་གྲུབ་ཅིང་རང་བཞིན་མེད་པ་ཙམ་རྟོགས་ཀྱང་། ད་དུང་རང་ལ་རང་གིས་བལྟ་བའི་ཚུལ་གྱིས་སེམས་རིག་གི་ངོ་བོ་འདི་དང་པོ་གང་ནས་ཇི་ལྟར་བྱུང་། བར་དུ་གང་ན་ཇི་ལྟར་གནས། མཐར་གང་དུ་ཇི་ལྟར་འགྲོ་ཞིང་འགག ཅེས་བརྟགས་ཤིང་དཔྱད་པས་དེ་རྣམས་གང་དུ་ཡང་མ་གྲུབ་ཅིང་། ལྟ་བྱེད་ཀྱི་གཉེན་པོ་སླེབ་ཚེ་བལྟ་བྱའི་ཡུལ་རང་བཞིན་སྟོང་པ་རྩ་བྲལ་དུ་དག ལྟ་བྱེད་ཀྱི་རིག་པ་འདི་ཞེས་མཚོན་དུ་མེད་པ། སོ་སོ་རང་རིག་གི་ངོ་བོ་གདོད་ནས་དག་ཅིང་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སུ་རང་ཤར། དེའི་དུས་སུ་འགྲོ་བའམ་གནས་པ་གང་ཡིན། དེའི་ངོ་བོ་ལ་བལྟས་ནས་རིག་བྱ་རིག་བྱེད་དང་བྲལ་བའི་རང་རྩལ་འགག་མེད་ཀྱི་རིག་པ་རང་བབས་སུ་བསྐྱངས་པས་ཡེ་སྟོང་ཀ་དག་གི་གནས་ལུགས་མངོན་དུ་གྱུར་པ་སྟེ། བཏགས་གྲོལ་ལས། ཕྱི་ནང་ཀུན་བརྟགས་ཡེ་སྟོང་གྲོལ། ཞེས་དང་། ཀུན་གཞི་རྣམ་པར་དག་ཤེས་ན། །གཞི་དོན་མངོན་གྱུར་རང་སར་གྲོལ། ཞེས་སོ། །འདིར་ངོ་བོ་ངོས་བཟུང་དང་བྲལ་བའི་རིག་སྟོང་ཝལ་པོ་རྗེས་མེད་གཟའ་གཏད་དང་བྲལ་བར་རྟོགས་གསུངས་པའང་དོན་མཚུངས་པ་ཉིད་དོ། །འོ་ན་བྱུང་གནས་འགྲོ་གསུམ་བརྟགས་པ་ཐུན་མིན་སྔོན་འགྲོར་བྱུང་བ་ཟློས་སོ་སྙམ་ན། མིན་ཏེ། སྔར་གྱི་དེས་ཡུལ་ལ་བརྟགས་ནས་མ་གྲུབ་པར་གཏན་ལ་འབེབས་ཤིང་། འདིར་ཡུལ་ཅན་ལ་བརྟགས་ནས་ངོ་བོའི་ཐོག་ཏུ་འབེབས་པ་ཡིན་པར་ཀུན་མཁྱེན་ཀློང་ཆེན་པས་བཞེད་ཅིང་། སྔ་མ་སེམས་གཞི་མེད་རྩ་བྲལ་དུ་གཏན་ལ་འབེབས་བྱེད་དང་། ཕྱི་མ་ཕབ་པའི་དོན་ལ་མཉམ་པར་འཇོག་པའི་གནས་ལུགས་སྟོན་བྱེད་དུ་སྨིན་གླིང་གཏེར་ཆེན་ཡབ་སྲས་བཞེད་དོ། །དེ་རྣམས་ནི་གནས་ལུགས་ཀྱི་དོན་མ་སྐྱེས་པ་བསྐྱེད་པར་བྱེད་པའི་ཁྲིད་རིམ་མོ། །

རིག་པའི་རང་ངོ་སྤྲོད་པ།

ཐུན་མོང་གི་ངོ་སྤྲོད།

གསུམ་པ་རིག་པའི་རང་ངོ་སྤྲོད་པ་ལ། དབང་པོའི་ཁྱད་པར་གྱི་ཐུན་མོང་དང་། ཐུན་མིན་གྱི་ངོ་སྤྲོད་ལུགས་གཉིས་ལས། དང་པོ་ཐུན་མོང་པ་ནི། ངོ་སྤྲོད་སྤྲོས་པ་ལས། ཨེ་མ་ཧོ། སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བའི་རྒྱས་གདབ། སྟོང་པ་རིག་པར་ངོ་སྤྲད་པས་རིག་པ་ཉིད་དབྱིངས་དང ་གཉིས་སུ་མེད་པ་དེ་ཁོ་ན་ཉིད་ཆོས་སྐུའོ། །ཞེས་ཆོས་འདིའི་གདུལ་བྱ་དད་པ་དང་ལྡན་ཡང་རྣམ་པར་ཤེས་པ་ལྐོག་ཏུ་གྱུར་པའི་རིགས་ཅན་རྣམས་ལ་ཐོག་མར་སྣང་བ་སེམས་ཀྱིས་བཟོས་པར་ངོ་སྤྲད་པས་བདེན་འཛིན་རང་རྒྱུད་པ་ལྡོག བཟོ་བྱེད་ཀྱི་སེམས་སྟོང་པར་ངོ་སྤྲད་པས་ཡུལ་ལ་ཞེན་པ་སྤོང་། སྟོང་པ་རིག་པར་ངོ་སྤྲད་པས་ཆོས་ཉིད་ཆད་པར་མི་གོལ་བའི་གནད་ཙམ་ལ་དགོངས་ནས་ཁ་དྲངས་ཏེ་འཁྲིད་པ་འབྲས་བུའི་ཐེག་པ་གཞན་དང་ཐུན་མོང་པ་ཉིད་ལས་ལམ་འདིའི་གྲོལ་བྱེད་དངོས་མ་ཡིན་ཏེ། རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང་། །སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་བརྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །ཞེས་སོ། །

ཐུན་མོང་མ་ཡིན་པའི་ངོ་སྤྲོད།

གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲོད་པ།

རྣམ་རྟོག་སེམས་སུ་ངོ་སྤྲད་པ།

གཉིས་པ་ཐུན་མོང་མ་ཡིན་པའི་ངོ་སྤྲོད་ལ། ལྟ་ཐོག་དང་། སྒོམ་ཐོག་དང་། ཅར་ཕོག་ཏུ་ངོ་སྤྲོད་པ་སྟེ་གསུམ། དང་པོ་གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲོད་པ་ལ། དོན་ཁྲིད་ལས། དེ་ནས་རྣམ་རྟོག་སེམས་སུ་ངོ་སྤྲད། སེམས་སྟོང་པར་ངོ་སྤྲད། སྟོང་པ་སྣང་པར་ངོ་སྤྲད། སྣང་སྟོང་གཉིས་མེད་དུ་ངོ་སྤྲད། གཉིས་མེད་རང་གྲོལ་དུ་ངོ་སྤྲད། ཅེས་གསུངས་པས་ལྔ་ལས། དང་པོ་རྣམ་རྟོག་སེམས་སུ་ངོ་སྤྲད་པ་ནི། འདི་ལྟར་གང་སྣ་ཚོགས་སུ་སྣང་བའི་གཟུང་ཡུལ་གྱི་ཆོས་རྣམས་ཐམས་ཅད་རྣམ་པར་རྟོག་པས་འདི་དང ་འདིའོ་ཞེས་སོ་སོར་བཟུང་ཀྱང་། གཞི་གཅིག་ཉིད་ཀྱང་འགྲོ་བ་སོ་སོ་ནས་རིས་མེད་ཐ་དད་དུ་སྣང་བ་དང་། མི་གཅིག་ལའང་རྣམ་རྟོག་ཐ་དད་པས་དགྲ་གཉེན་བར་མ་ཐ་དད་དུ་སྣང་བས་མཚོན། ཡུལ་ཀུན་རྨི་ལམ་གྱི་སྣང་བ་ལྟར་རྣམ་པར་རྟོག་པའི་འཁྲུལ་ངོ་ཙམ་ལས་ཕྱི་རོལ་ན་བདེན་པར་གྲུབ་པ་མེད་པའི་ཕྱིར། ཡུལ་དང་ཡུལ་ཅན་གྱི་རྣམ་པར་རྟོག་པ་གང་དང་ཅི་ལྟར་ཤར་ཡང་ཐམས་ཅད་སེམས་ཀྱིས་བྱས་ཤིང་། སེམས་ཉིད་ལས་མི་གཡོ་ལ། སེམས་ཀྱི་ངོ་བོ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་ན། དེའི་མཚན་ཉིད་མཚོན་པར་བྱེད་པའི་རྣམ་རྟོག་ལམ་མེར་ཤར་བ་འདི་ལས་གུད་ན་མེད་དོ། །ཞེས་ངོ་སྤྲད་པས་ཡུལ་ཡུལ་ཅན་གྱི་རྣམ་རྟོག་སྣ་ཚོགས་དང་གཉིས་སུ་མེད་པར་ཐག་ཆོད་པར་འགྱུར་ཏེ། རྒྱུད་ཀློང་གསལ་ལས། སེམས་ཀྱི་དྲན་བསམ་རིག་པའི་རྩལ། །སྣང་ཤེས་དག་ཏུ་གྱུར་པ་ཀུན། །རིག་པ་དག་ལས་ལོག་པ་མེད། ཅེས་དང་། དེ་བཞིན་དུ་རྒྱུད་རྡོ་རྗེ་གུར་ལས་ཀྱང་། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། ཅེས་གསུངས་སོ། །

སེམས་ཉིད་སྟོང་པར་ངོ་སྤྲོད་པ།

སེམས་སྟོང་པར་ངོ་སྤྲོད་པ།

གཉིས་པ་སེམས་སྟོང་པར་ངོ་སྤྲོད་པ་ནི། སེམས་དེ་ཉིད་ཡེ་ནས་སྐྱེ་འགག་རྟག་ཆད་འགྲོ་འོང་གཅིག་ཐ་དད་དེ་སྤྲོས་པའི་མཐའ་བརྒྱད་དང་བྲལ་ཞིང་གང་དུའང་འདི་ཞེས་སུ་མ་གྲུབ་ལ་ཅིར་ཡང་མཚོན་དུ་མེད་པའི་ཕྱིར། སེམས་སྟོང་པ་ཉིད་དུ་ངེས་སོ། །ཞེས་ངོ་སྤྲད་པས་བསམ་པའི་བློ་ལས་འདས་ཤིང་བརྗོད་པའི་ཚིག་དང་བྲལ་བར་ངེས་ཤེས་རྙེད་པར་འགྱུར་ཏེ། ཀློང་གསལ་ལས། འགྱུ་བྱེད་ཉིད་ལ་ཚུར་བལྟས་པས། །མ་སྤངས་རང་གྲོལ་བསིར་བུ་འདྲ། ཞེས་དང་། བདེ་བ་རབ་འབྱམས་ལས། རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བས་མི་རྙེད་ངོས་བཟུང་མེད། །ཇི་བཞིན་ཡེ་བཞིན་སྟོང་པའི་ངང་། །བརྗོད་བྲལ་རང་བྱུང་ཡེ་ཤེས་སོ། །ཞེས་སོ། །

སྟོང་པ་སྣང་བར་ངོ་སྤྲོད་པ།

གསུམ་པ་སྟོང་པ་སྣང་བར་ངོ་སྤྲོད་པ་ནི། ངོ་བོ་སྟོང་པ་ཉིད་ལ་ཡེ་ནས་འགྱུར་བ་མེད་ཀྱང་། ཀུན་གསལ་རིག་པའི་རང་མདངས་ལས་རྩལ་སྣང་མ་འགགས་པའི་འཆར་སྒོ་བྱེ་བྲག་མ་འདྲེས་པར་ཅིར་ཡང་སྣང་བའི་ཕྱིར། སྟོང་པ་ཉིད་ཀྱང་སྣང་བའོ། །ཞེས་ངོ་སྤྲད་པས་སྐྱེ་འགག་འཕོ་འགྱུར་མེད་པའི་སྟོང་པ་རིག་པའི་སྙིང་པོ་ཅན་གྱི་རྩལ་ལས་དེ་ལྟར་སྣང་བའི་དོན་ཤེས་པར་འགྱུར་བ་ཡིན་ཏེ། ཀློང་གསལ་ལས། འགག་མེད་རྩལ་ནི་ཅིར་ཡང་འཆར། །སྟོང་གསལ་རིག་ཅིང་འགྱུར་བ་མེད། ཅེས་དང་།

སྟོང་པའི་རང་བཞིན་ཅིར་ཡང་སྣང་། སྣང་བའི་མཚན་ཉིད་སྐྱེ་བ་མེད། ཅེས་སོ། །

སྣང་སྟོང་གཉིས་མེད་དུ་ངོ་སྤྲོད་པ།

བཞི་པ་སྣང་སྟོང་གཉིས་མེད་དུ་ངོ་སྤྲོད་པ་ནི། དེ་ལྟར་སྣང་བ་དེ་ཉིད་དང་སྣང་ཙམ་ཉིད་ལས་རྒྱུ་རྐྱེན་གཞན་མེད་དེ། སྟོང་ཉིད་ཀྱི་རང་རྩལ་ཆུ་དངས་མའི་ཟླ་གཟུགས་སམ། མེ་ལོང་སྒྲིབ་མེད་ཀྱི་ངོགས་སུ་རྟེན་འབྲེལ་གྱི་མཚན་མ་སྣ་ཚོགས་པྲ་ཕབ་པས་སྣང་བ་ལྟར་སྣང་སྟོང་གཉིས་མེད་སོ་སོ་རང་རིག་གི་ངོ་བོར་གནས་པ་སྟེ། དེ་ཕྱིར་སྣང་བ་ཉིད་དང་སྟོང་པ་ཉིད་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་ལ། སོ་སོ་མ་ཡིན་ཐ་མི་དད་པའོ། །ཞེས་ངོ་སྤྲད་པས་སྣང་ལ་རང་བཞིན་མེད་པས་སྣང་སྟོང་གཉིས་སུ་མེད་པར་རྟོགས་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། དམིགས་པས་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། ཅེས་གསུངས་སོ།།

གཉིས་མེད་རང་གྲོལ་དུ་ངོ་སྤྲོད་པ།

ལྔ་པ་གཉིས་མེད་རང་གྲོལ་དུ་ངོ་སྤྲོད་པ་ནི། དེ་ལྟར་སྣང་སྟོང་གཉིས་མེད་དུ་རྟོགས་པ་ཡང་རང་རིག་པའི་ངོ་བོ་མ་བཅོས་གཉུག་མ། མ་བསྒོམ་རང་བཞག སྤྲོས་པ་ཐམས་ཅད་དང་བྲལ་ཞིང་གསལ་ལ་དེར་འཛིན་མེད་པ། སྣང་བ་སྣ་ཚོགས་ཀྱི་འཆར་གཞི་མ་འགག་པ། གསལ་སྟོང་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ། སྐུ་གསུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀ་ནས་དག་པའི་དབྱིངས་སུ་རྟོག་ཚོགས་ཐམས་ཅད་སྦྲུལ་མདུད་ལྟར་གཉིས་མེད་རང་གྲོལ་དུ་འགྱུར་བའོ། །ཞེས་ངོ་སྤྲད་པས་སྣང་སྟོང་དུ་འཛིན་པའི་ཞེན་རྟོག་ཀྱང་རིག་པ་ཡེ་གྲོལ་ཆེན་པོའི་ངང་དུ་རང་གྲོལ་ཉིད་དུ་འགྱུར་བ་ཡིན་ཏེ། ཐལ་འགྱུར་ལས། ཇི་ལྟར་ཤར་བའི་རིག་པ་ནི། །སྦྲུལ་མདུད་བཞིན་དུ་རང་གྲོལ་ལོ། །སྙིང་པོ་མེད་ཕྱིར་འབད་རྩོལ་ཞིག །ངོ་བོ་ཉིད་ཀྱིས་ཡེ་གྲོལ་ལོ། །ཞེས་དང་། ཕྲ་བཀོད་ལས། འགག་མེད་རྩལ་ནི་ཅིར་ཡང་འཆར། །ཤར་བ་ཉིད་ནས་རང་སར་གྲོལ། །གྲོལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་གྲོལ་བ་ཡང་ཅི། ཞེས་དང་། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགག་པ་མེད། །ཐུགས་རྗེ་ཀུན་ལ་རང་སྣང་སྟེ། ཞེས་གསུངས་སོ། །མདོར་ན་སེམས་འཁྲུལ་རྟོག་ཡིན་ཀྱང་འཁྲུལ་བའི་རང་བཞིན་རིག་ན་རིག་པ་ཡིན་ལ། འཁྲུལ་རྟོག་གི་རང་བཞིན་འཁྲུལ་བར་མ་གྲུབ་པས་སྟོང་ཞིང་རིག་པའི་ངོ་བོ་ཆད་སྟོང་མ་ཡིན་པས་འོད་གསལ་བ་དང་། རང་རིག་པའི་གདངས་ལས་གང་ཡང་མ་འགག་པར་འཆར་བ་དང་། རང་སྣང་གི་རོལ་བ་སྣ་ཚོགས་སྣང་སྟོང་དབྱེར་མི་ཕྱེད་པར་རྟོགས་ནས་གང་ཤར་གྱི་རིག་པ་བཅིང་གྲོལ་ལས་འདས་པའི་རང་བཞིན། སྤྲོས་བྲལ་ཀ་དག་གི་དབྱིངས་སུ་རང་གྲོལ་ནས་བསྒོམ་བྱ་སྒོམ་བྱེད་ལས་འདས་པའི་གནས་ལུགས་མཐར་ཕྱིན་པ་ནི་ལྟ་བའི་ཐོག་ནས་ངོ་འཕྲོད་པ་ཡིན་ནོ། །

ཉམས་མྱོང་སྒོམ་ཐོག་ཏུ་ངོ་སྤྲོད་པ།

རང་གནས་བསམ་གཏན་གྱི་ངང་ལ་ངོ་སྤྲོད་པ།

གཉིས་པ་ཉམས་མྱོང་སྒོམ་ཐོག་ཏུ་ངོ་སྤྲོད་པ་ནི། གཏེར་ཆེན་འགྱུར་མེད་རྡོ་རྗེས་རང་གནས་བསམ་གཏན་གྱི་ངང་ལ་ངོ་སྤྲོད་པ་དང་། རང་གདངས་ཡེ་ཤེས་ཀྱི་རོལ་བ་ལ་ངོ་སྤྲོད་པ་གཉིས་སུ་གསུངས་པས་འདིར་ཡང་དེ་ལྟར་བྱ་སྟེ། དེ་ལ་དང་པོ་བསམ་གཏན་གྱི་ངང་ལ་ངོ་སྤྲོད་པ་ནི། རིན་ཆེན་སྒྲོན་མ་ལས། ཅོག་བཞག་གསུམ་གྱི་རང་བཞིན་ལས། ཀ་དག་དོན་ཉིད་མངོན་དུ་འགྱུར། ཅེས་གསུངས་པས་ལུས་རྡོ་རྗེ་སྐྱིལ་ཀྲུང་དང་མཉམ་བཞག་མི་གཡོ་བ་རི་བོ་ཅོག་བཞག མིག་མདའ་གང་ཙམ་གྱི་ཐད་ཀར་གཏད་དེ་མི་འགུལ་བ་རྒྱ་མཚོ་ཅོག་བཞག ཤེས་རིག་མ་བཅོས་སོ་མ་རང་བབས་ཆོས་ཉིད་གཉུག་མའི་ངང་ལ་རྩོལ་མེད་དུ་འཇོག་པ་རིག་པ་ཅོག་བཞག་ཡིན་པས་དེ་ལྟར་མི་གཡོ་བར་མཉམ་པར་འཇོག་ཏུ་བཅུག་ལ། ཀྱེ། སྐལ་ལྡན་རྣམས་ད་ལྟའི་རིག་པ་རང་གསལ་རྗེན་པ་འདི་ལ་མ་ཡེངས་བར་ལྟོས་ཤིག དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། །ས ་ལེ་སེ ང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དངས་པ་རྒྱ་མཚོ་བཞིན་དུ་ཞོག །ཡངས་དོགས་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །གང་ལྟར་ཤར་ཡང་རིག་པའི་གདངས་ཡིན་ཞོག །འཕྲོ་གནས་རང་རིག་དངས་སངས་ཕྱེད་པར་ཞོག །ཇི་ལྟར་བྱ་རྣམས་གང་དུ་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག ཅེས་བརྗོད་ནས་སེམས་གསལ་དངས་ཀྱི་ངང་ལ་གནས་པ་དེ་ཉིད་ཕཊ་ཅེས་དབྱིངས་ལ་བོར་བའི་རྐྱེན་གྱིས་སྔར་གྱི་མི་རྟོག་པའི་ངང་དེ་ཞིག་ཀྱང་། བྱུང་ཚོར་གྱི་རྟོག་པ་དང་། དེར་འཛིན་གྱི་གཉེན་པོ་མེད་པའི་ཤེས་པ་རང་གསལ་རྒྱ་ཡན། གཞི་ཚལ་པ་ཞིག་འཆར་ཏེ། འདི་ཉིད་རིག་པ་རང་གནས་ཀྱི་བསམ་གཏན་ཡིན་པས། དེ་ངོས་ཟིན་ནས་ཤེས་པ་གནས་འགྱུར། བཟང་རྟོག་ངན་རྟོག་གང་གི་དུས་སུ་ཡང་རང་རིག་རང་བབས་ཀྱི་ངང་ལ་ཅེར་གྱིས་བལྟས་པས་འཛིན་མེད་རང་གནས་ཀྱི་བསམ་གཏན་རྗེན་སངས་ཀྱིས་འཆར་ཏེ། འདི་ཁོ་ན་རྩོལ་མེད་ལྷུན་གྲུབ་ཀྱི་སྒོམ་པ་ཆུ་བོའི་རྒྱུན་ལྟ་བུ་ཡིན་ནོ། །ཞེས་ངོ་སྤྲད་ཅིང་དེར་བརྟན་པ་ཅུང་ཟད་ཐོབ་ནས་སྤྱོད་ལམ་སྣ་ཚོགས་རང་ཉམས་དང་སྦྱར་བའི་རྐྱེན་གྱིས་བསམ་གཏན་དང་བསྲེས་པས་བྱ་སྤྱོད་དྲན་རྟོག་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤར་ཏེ། མཉམ་རྗེས་ཀྱི་རིས་མེད། ཉིན་མཚན་གྱི་བར་མེད། བླང་དོར་གྱི་ཆོས་མེད། སྒོམ་བྱ་སྒོམ་བྱེད་ཀྱི་རྩིས་མེད་པར་ཐམས་ཅད་རིག་པའི་རང་གདངས་ཆོས་ཟད་ཀ་དག་གི་དགོངས་པར་ལ་བཟླས་པའོ། །ཞེས་གསུངས་ཏེ། དེ་ལྟར་ཡང་ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མེད་པས། །གཅིག་དང་གཉིས་ཞེས་གྲངས་མེད་དེ། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། ཅེས་གསུངས་སོ། །

རང་མདངས་ཡེ་ཤེས་ཀྱི་རོལ་པར་ངོ་སྤྲོད་པ།

གནས་པ་སེམས་ཀྱི་རྒྱན་དུ་ངོ་སྤྲོད་པ།

གཉིས་པ་རང་མདངས་ཡེ་ཤེས་ཀྱི་རོལ་པར་ངོ་སྤྲོད་པ་ལ། གནས་པ་རྒྱན། འཕྲོ་བ་རོལ་པ། གཉིས་མེད་མཉམ་པར་ངོ་སྤྲོད་པ་གསུམ། དང་པོ་གནས་པ་སེམས་ཀྱི་རྒྱན་དུ་ངོ་སྤྲོད་པ་ནི། སྒོ་གསུམ་ཅོག་བཞག་ལས་མི་གཡོ་བར་རང་བབས་ལྷུག་པར་བཞག་ནས་དེའི་ངང་ལ་དགེ་སྡིག་གི་བླང་དོར། སེམས་ཀྱི་དགག་སྒྲུབ་སོགས་ཀྱི་རྟོག་པ་སྣ་ཚོགས་རང་བབས་སུ་ཆམ་མེ་བཞག་པས། རྒྱ་མཚོ་ཆེན་པོའི་རླབས་ཞི་བ་དངས་ལ་མི་གཡོ་བ་ལྟར་སེམས་ཀྱི་འཁྲུལ་སྣང་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ནས་གསལ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཁྲུལ་མེད་གདོད་མའི་གནས་ལུགས་ཀ་ནས་དག་པའི་ངང་དུ་ལྷོད་ཤིགས་སེ། གསལ་ཧྲིག་གེ་གནས་པ་ནི་ཁྲེགས་ཆོད་ཀྱི་དོན་སེམས་ཉིད་དངོས་ཡིན་ལ། དེ་ཡང་སེམས་ཉིད་ངོ་བོ་སྤྲོས་པ་ཀུན་དང་བྲལ་བ་ཆོས་ཀྱི་སྐུ་དང་། རང་བཞིན་གསལ་ལ་དེར་འཛིན་མེད་པ་ལོངས་སྤྱོད་རྫོགས་པའི་སྐུ། ཐུགས་རྗེ་སྣ་ཚོགས་སུ་སྣང་བའི་འཆར་གཞི་མ་འགག་པ་སྤྲུལ་པའི་སྐུ་སྟེ། ཅི་བཞིན་གྱི་ངང་ལ་ཡེ་བཞིན་སྐུ་གསུམ་དབྱེར་མེད་དུ་ལྷུན་གྱིས་གྲུབ་པ་ནི་སེམས་ཉིད་ཀྱི་རྒྱན་ཡིན་ནོ། །ཞེས་ངོ་སྤྲོད་པར་བྱ་སྟེ། དེ་ཡང་རང་ཤར་ལས། རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། ཅེས་དང་། རིག་པ་རྟོག་པ་མེད་པ་ཆོས་སྐུ་ཡིན། །རིག་པ་མ་འགག་གསལ་བ་ལོངས་སྐུ་ཡིན། །རིག་པ་ཅིར་ཡང་ སྣང་བ་སྤྲུལ་སྐུ་ཡིན། ཞེས་དང་། ཐལ་འགྱུར་ལས། ཡེ་ཤེས་རང་སོར་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །ཞེས་གསུངས་སོ། །

འཕྲོ་བ་སེམས་ཀྱི་རོལ་པར་ངོ་སྤྲོད་པ།

གཉིས་པ་འཕྲོ་བ་སེམས་ཀྱི་རོལ་པར་ངོ་སྤྲོད་པ་ནི། དེ་ལྟར་སེམས་གསལ་ལ་མི་རྟོག་པའི་ངང་ནས་མ་འགག་པའི་རྩལ་སྣང་གང་ཤར་བའི་རྟོག་པ་དེ་ལ་སྔ་ཕྱིའི་བསུ་སྐྱེལ་མི་བྱེད། གནས་པ་མི་བཅོས། འཕྲོ་བ་མི་དགག མཉམ་པ་མི་སྒྲུབ། དགག་སྒྲུབ་བླང་དོར་མེད་པར་གང་ལྟར་འཕྲོ་བའི་རྟོག་པ་རང་ཤར་གྱི་ངང་ན་རང་བབས་སུ་ཡན་དུ་བཅུག་པས་རྦ་རླབས་རྒྱ་མཚོའི་རོལ་པ་རྒྱ་མཚོའི་ངང་ལས་མ་འདས་ཤིང་རྒྱ་མཚོའི་ཀློང་དུ་ཞི་ཞིང་ཐིམ་པ་དང་། ལན་ཚྭ་ཆུ་ལས་བྱུང་བ་ཆུ་ལ་ཐིམ་པ་དང་།

སྦྲུལ་མདུད་གཉེན་པོ་མེད་པར་གྲོལ་བ་ལྟར་རྟོག་ཚོགས་ཆོས་ཉིད་ཀྱི་རོལ་པ་ཆོས་ཉིད་ཀྱི་ངང་ལས་མ་འདས་པས་ཆོས་ཉིད་ཀྱི་ཀློང་དུ་ཞི་ཞིང་ཐིམ་པའམ་ཤར་ཙམ་ཉིད་ནས་གཉེན་པོ་ལ་མ་ལྟོས་པར་ཆོས་ཉིད་ཀ་དག་གི་ཀློང་དུ་རང་གྲོལ་བར་འགྱུར་བ་ཡིན་ཏེ། དེ་ཡང་རྨད་བྱུང་རྒྱལ་པོའི་རྒྱུད་ལས། ཇི་ལྟར་རྒྱ་མཚོའི་རྦ་རླབས་ལྟར། །སེམས་ཀྱི་རླབས་རྣམས་གཡོ་བ་ཀུན། །གདོད་མ་གཞི་ཡི་རྒྱ་མཚོར་ཐིམ། ཞེས་དང་། ས་ར་ཧ་པའི་ཞལ་ནས། ཇི་ལྟར་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དེ་བཞིན་སེམས་ནི་རང་བཞིན་ལ་ཐིམ་འགྱུར། ཞེས་དང་། ཐལ་འགྱུར་ལས། ཇི་ལྟར་ཤར་བའི་རིག་པ་ནི། །སྦྲུལ་མདུད་བཞིན་དུ་རང་གྲོལ་ལོ། །ཞེས་སོགས་གསུངས་སོ། །

འཕྲོ་གནས་གཉིས་མེད་མཉམ་པའི་ངང་དུ་ངོ་སྤྲོད་པ།

གསུམ་པ་འཕྲོ་གནས་གཉིས་མེད་མཉམ་པའི་ངང་དུ་ངོ་སྤྲོད་པ་ནི། སེམས་ཉིད་མི་རྟོག་པའི་ངང་ལས་རྩལ་རྟོག་ཚོགས་གང་ཤར་དགག་སྒྲུབ་བླང་དོར་མེད་པར་རང་བབས་སུ་བཞག་པས། རྒྱ་མཚོ་དང་རླབས་ཕྲེང་དབྱེར་མི་ཕྱེད་པ་ལྟར། ཆོས་ཉིད་ཀྱི་ངང་དུ་མི་གཡོ་བར་གནས་པ་དང་། གནས་པའི་རྩལ་འགག་མེད་དུ་འཕྲོ་བ་དག་གི་རང་བཞིན་དབྱེར་མེད་ཅིང་། གཉིས་ཀའང་ཆོས་ཉིད་ཀྱི་ངང་ལས་མི་འདའ་ཞིང་ཆོས་ཉིད་ཀྱི་ངང་དུ་མཉམ་པ་སྟེ། དེ་ཡང་གནས་ལ་སྣ་ཚོགས་སུ་ཤར་བ། འཕྲོ་ལ་གཟུང་འཛིན་དང་བྲལ་བ། མཉམ་ལ་དེར་འཛིན་མེད་པ་སྟེ། ཕྱི་སྣང་བ་སྣ་ཚོགས་སུ་སྣང་ཡང་སྣང་བས་སེམས་མི་གཡོ་བ་དབང་པོའི་མངོན་སུམ་ལྟ་བུ། ནང་སྣ་ཚོགས་སུ་འཕྲོ་ཡང་དེར་འཛིན་དང་བྲལ་བ་རྨི་ལམ་གྱི་ཤེས་པ་ལྟ་བུ། ཡུལ་དྲུག་སྣ་ཚོགས་སྤྱོད་ཀྱང་དགག་སྒྲུབ་རེ་དོགས་ཀྱི་རྟོག་པ་མེད་པ་བུ་ཆུང་གི་ཤེས་པ་ལྟ་བུ། རྟོག་པ་སྣང་ཡུལ་ལ་ཞི་བ་ལན་ཚྭ་ཆུར་ཐིམ་པ་ལྟ་བུ། གང་ཤར་འཛིན་པ་དང་བྲལ་བ་སྨྱོན་པ་རེ་དོགས་མེད་པ་ལྟ་བུ། ཡུལ་སྣང་ལ་བླང་དོར་དང་འཛིན་པ་བྲལ་ཚེ་ཕྱི་ནང་སྟོང་པ་ཉིད་དུ་རྟོགས་པ་ཅེས་བྱ་སྟེ། དེ་ལྟར་ཡང་སེམས་གནས་ན་གདོད་མའི་ངང་དུ་ཕྱིན། འཕྲོ་ན་ཡེ་ཤེས་ཀྱི་རོལ་པར་འཆར། མཉམ་ན་གཉིས་མེད་ཀྱི་ངང་དུ་གྲོལ་བ་ཡིན་པས་ཇི་ལྟར་བྱས་ཀྱང་ཆོས་ཉིད་ཀྱི་རོལ་པ་ལས་མ་འདས་པའོ། །ཞེས་ངོ་སྤྲོད་གདབ་ཅིང་སྔར་གྱི་སྐབས་དེ་དང་དེའི་བསྒོམ་བྱའི་དོན་ལ་རིག་ཐོག་ཏུ་ཉམས་མྱོང་སྐྱེས། དེ་ངོ་འཕྲོད་པས་གནས་ལུགས་ཀྱི་ཐོག་ཏུ་སྒྲོ་འདོགས་ཆོད་ན། དེའི་རྒྱུན་མཉམ་པར་བརྐྱང་བས་རིམ་གྱིས་བརྟན་པ་ཐོབ་པར་འགྱུར་ཞིང་། དུས་དེ་དང་དེར་གོ་ཡུལ་དུ་སོང་ན་ངོ་སྤྲོད་རྗེས་མ་རྗེས་མ་རྣམས་དོན་མེད་དུ་འགྲོ་བས་སྔར་གྱི་དམིགས་རིམ་རྣམས་སླར་ཡང་འབད་པས་བསྒོམ་ཞིང་ཕྱིས་ཉམས་མྱོང་སྐྱེ་ཚུལ་དང་སྦྱར་ནས་བསྟན་ཅིང་ཉམས་སུ་བླངས་བས་རིམ་གྱིས་དགག་སྒྲུབ་བླང་དོར་ལས་འདས་པའི་ཆོས་ཉིད་ཀ་ནས་དག་པའི་གནས་ལུགས་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པའི་དོན་ལ་མྱོང་རྟོགས་ཀྱི་སྣེ་ཟིན་པར་འགྱུར་བའོ། །དེ་ཡང་བཏགས་གྲོལ་སྙིང་པོའི་རྒྱུད་ལས། ཕྱི་ནང་ཀུན་བརྟགས་ཡེ་སྟ ོ ང་གྲོལ། ཞེས་དང་། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད ་ལྷུན་གྱིས་གྲུབ། ཅེས་དང་། མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་ཀུན་ལས་འདས། ཞེས་སོ། །དེ་ལ་འདིར་གནས་འགྱུ་ལ་ལྟོས་བཞག་ཅན་མ་ཡིན་པས། ཕྱི་ཚོགས་དྲུག་དང་། ནང་ཤེས་པ་གཉིས་ཀའི་ཕྱོགས་སུ་མ་ལྷུང་ཞིང་སྐྱེ་འགག་རྟག་ཆད་ལས་འདས་པའི་ཤེས་པ་རང་རིག་རང་གསལ་གྱི་ངོ་བོ་རྩལ་མདངས་འགག་མེད་ཀྱི་སྣང་བ་གུ་ཡངས་ཕྱད་དེ་བ། གསལ་ཧྲིག་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་དེའི་རང་སོ་ཡེངས་མེད་དུ་བརྐྱང་པ་ལས། གནས་ལུགས་ཀྱི་རྟོགས་པ་ཇེ་འཕེལ་ཇེ་བརྟན་དུ་འགྱུར་རོ། །ཞེས་གཏེར་ཆེན་ནས་གསུངས་སོ། །

མངོན་སུམ་བཅར་ཐོག་དུ་ངོ་སྤྲོད་པ།

དོན་བརྒྱུད་དགོངས་པའི་བྱིན་རླབས་འཕོ་བའི་ཐབས་བསྟན་པ།

གསུམ་པ་ལྟ་སྒོམ་ཟུང་དུ་འབྲེལ་བར་དམུས་ལོང་མིག་ཕྱེ་བ་ལྟར་མངོན་སུམ་བཅར་ཐོག་དུ་ངོ་སྤྲོད་པ་ལ། བྱིན་རླབས་འཕོ་ཐབས། མངོན་སུམ་ངོ་སྤྲོད། དོགས་སེལ་གེགས་སྒྲོལ། འགག་བསྡམ་དང་བཞི། དང་པོ་དོན་བརྒྱུད་དགོངས་པའི་བྱིན་རླབས་འཕོ་བའི་ཐབས་བསྟན་པ་ནི། མཆོད་ཚོགས་ནུས་བསྟུན་བཤམས། མཎྚལ་ཕུལ་ནས་སློབ་མ་མི་འགྱུར་རྡོ་རྗེའི་འདུག་སྟངས་བཅས་ཏེ། བླ་མའི་རྣལ་འབྱོར་གྱི་དམིགས་རིམ་སྔོན་འགྲོ་ལྟར་གསལ་བཏབ་ལ། བླ་མ་ཉིད་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། སྐྱབས་གནས་ཀུན་འདུས། དངོས་གྲུབ་ཀུན་འབྱུང་། ལམ་སྟོན་གཅིག་ཆོག་ཏུ་ངེས་ཤེས་བསྐྱེད་ནས་བློ་གཏད་ལིང་བསྐྱུར་དང་ཇི་མཛད་ཁྱེད་ཤེས་ཀྱི་མོས་གདུང་མཆི་མ་འཁྲིག་པ་ཙམ་དུ་བསྐྱེད་ཅིག་བྱས་ལ། ཌཱ་དྲིལ་དང་བཅས་ཏེ་སྣང་བ་འགྱུར་བའི་དབྱངས་ཀྱིས། ༀ་ཨཱཿཧཱུྃ། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །ལོངས་སྐུ་རྒྱལ་བ་རིགས་ལྔ་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །སྤྲུལ་སྐུ་རིག་གསུམ་མགོན་པོ་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །ཡང་སྤྲུལ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །རིག་འཛིན་ཤྲཱི་སེངྷ་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །པཎ་ཆེན་བི་མ་མི་ཏྲ་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །གུ་རུ་སྐུ་གསུམ་ཡོངས་འདུས་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །ཡི་དམ་བདེ་གཤེགས་ཡོངས་རྫོགས་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །མཁའ་འགྲོ་མངོན་རྫོགས་རྒྱལ་མོ་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །བྱིན་རླབས་དོན་བརྒྱུད་བླ་མ་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །རིག་པ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཀ་དག་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ། །མྱུར་བ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ། །འདུག་ས་འདི་རུ་བྱིན་གྱིས་བརླབ་ཏུ་གསོལ། །གདན་ཐoག་འདི་རུ་བྱིན་གྱིས་བ རླབ་ཏུ་གསོལ། །ཞེས་བརྗོད་ཅིང་བྱིན་ཕབ་པས་བླ་མ་ཉིད་ཚད་མེད་པའི་ཐུགས་རྗེས་འོད་དུ་ཞུ་ནས་སློབ་མའི་སྤྱི་བོ་ནས་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་དུ་འདྲེས་པའི་ངང་ལ་ཤེས་པ་གློད་ནས་འཇོག་ཏུ་བཅུག་པས་བྱིན་རླབས་ཀྱི་འུར་ལངས། སྣང་བ་བླ་མར་འདྲེས། རྣམ་རྟོག་མོས་གུས་སུ་ཤར་ནས། རིག་མདངས་མོས་གུས་སུ་ལམ་མེ། གཤིས་འཛིན་མེད་དུ་ཁྲོལ་ལེར་ཤར་བས་མོས་གུས་རང་རིག་ཏུ་གྲོལ། རང་རིག་སྐྱེ་མེད་ཀ་དག་གི་དབྱིངས་སུ་གྲོལ་བ་ཞེས་བྱ་སྟེ། དེ་ཡང་དམ་ཚིག་བཀོད་པའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་བ་འབུམ་དུ་བསྒོམ་པ་བས། །བླ་མ་སྐད་ཅིག་དྲན་པ་མཆོག །བསྙེན་སྒྲུབ་བཟླས་པ་ས་ཡ་བས། །བླ་མའི་གསོལ་འདེབས་ལན་གཅིག་མཆོག ཅེས་དང་། ཨ་ཏི་བཀོད་པ་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །ཡན་ལག་མཐིལ་དུ་གང་བསྒོམ་པ། །སངས་རྒྱས་སྟོང་གི་དངོས་གྲུབ་ཀྱང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། ཞེས་གསུངས་པ་ལྟར་གནས་ལུགས་མ་བཅོས་པའི་རྟོགས་པ་རྒྱུད་ལ་སྐྱེ་བ་ནི་བླ་མར་མོས་གུས་ཁོ་ན་ལ་བརྟེན་པ་མ་གཏོགས་ཐབས་གཞན་གང་གིས་ཀྱང་རྟོགས་པར་མི་ནུས་སོ། །

མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པས་སྤྲོ་བ་བསྐྱེད་པ།

གཉིས་པ་མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པས་སྤྲོ་བ་བསྐྱེད་པ་ནི། ཀྱེ། ཁྱེད་རང་རྣམས་ཀྱི་ད་ལྟའི་རིག་པ་འདི་ལ་བཟོ་བཅོས་དང་སྤྲོ་བསྡུ་མ་བྱེད་པར་ཐད་ཀར་ཞོག་དང་། དེ་ལ་ཡོད་མེད་དང་ཕྱོགས་ཆ་མ་གྲུབ། སྣང་སྟོང་གི་སྤུ་རིས་མི་ཕྱེད། རྟག་ཆད་ཀྱི་མཚན་མ་མ་གྲུབ་པ་འདི་ཀའི་ངང་ལ་རང་བབས་སུ་འཇོག་པ་ལས། ལྟ་སྒོམ་གྱི་རྩོལ་བས་འབད་མི་དགོས་པར་བསྡམས་པ་བཀྲོལ་བ་ལྟ་བུ། མ་ཡན་པའི་ཡེ་གྲོལ་ཆེན་པོ། བློས་མ་བྱས་པའི་རང་གསལ། རྣམ་རྟོག་གིས་མ་བཟོས་པའི་ཡེ་ཤེས། ལྟ་སྒོམ་གྱིས་མ་བསླད་པའི་ཆོས་ཉིད། འཇོག་ཏུ་མེད་པའི་མཉམ་བཞག རྩིས་གདབ་མེད་པའི་རྗེས་ཐོབ། གསལ་བ་ལ་ངོ་བོ་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར་བ། ཡེ་བབ་རང་གནས་ཀྱི་དགོངས་པ་འདི་ལྟ་བུ་དང་སེམས་ཅན་ཐམས་ཅད་སྐད་ཅིག་ཀྱང་འབྲལ་མ་མྱོང་བར་ཡོད་ཀྱང་། ཆུ་རང་གྲོལ་དུ་ཡོད་པ་འཁྱགས་པས་བསྡམས་པ་ལྟར། ནང་འཛིན་པའི་སེམས་ཀྱིས་རྒྱུ་བྱས། ཕྱི་གཟུང་བའི་ཡུལ་གྱིས་རྐྱེན་བྱས་ཏེ་འཁོར་བ་མཐའ་མེད་དུ་འཁྱམས་པ་ཡིན་ལ། ད་ལྟ་བླ་མའི་གདམས་ངག་གིས་རིག་པ་སྐད་ཅིག་མའི་མཚང་རིག་པ་ཙམ་ནས་ཡིན་ལུགས་ཀྱི་ཐོག་ཏུ་བཟོ་མི་འཆོས་ཤིང་མ་ཡེངས་མི་བསྒོམ་པར་འཇོག་པ་འདི་ཁོ་ན་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་དགོངས་པའི་མཐིལ་ལྷག་གེར་བསྟན་པ་ཡིན་ཏེ། ཀློང་དྲུག་པ་ལས། རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པ འི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་བརྡལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་སྙོམས་ཆེན་པོའི་དགོངས་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེངས་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། ཅེས་དང་། རིན་ཆེན་སྤུངས་པ་ལས། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཙལ་བཞག་པ་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། ཞེས་དང། ཀུན་བྱེད་ལས། སྔ་རབས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །རང་གི་སེམས་ལས་གཞན་དུ་ཆོས་བཙལ་མེད། །ཇི་བཞིན་པ་ལས་འཆོས་པར་བྱེད་མ་མྱོང་། །ཏིང་འཛིན་རྣམ་པར་རྟོག་པ་སྒོམ་མ་མྱོང་། །རང་སེམས་མི་རྟོག་པ་ཡིས་འགྲུབ་པ་ཡིན། །ད་ལྟར་བཞུགས་དང་སླད་ཀྱིས་འབྱོན་པ་ཡང་། །རྟོག་མེད་མཉམ་པ་ཉིད་ཀྱིས་འགྲུབ་པར་འགྱུར། ཞེས་སེམས་ཀྱི་ངོ་བོ་དང་པོ་ཉིད་ནས་རང་གྲོལ་ཆེན་པོར་ཡོད་པ་དེ་ཉིད་ངོ་ཤེས་པ་ནི་རིག་པ་སྟེ། དེའི་རྒྱུན་བསྐྱངས་བས་བཙན་ཐབས་སུ་སངས་རྒྱས་པའི་ཕྱིར་ལམ་གཞན་ལས་མྱུར་བ་ཡིན་པས་སྤྲོ་བར་གྱིས་ཤིག ཅེས་སྤྲོ་བ་བསྐྱེད་དོ།།

དོགས་པ་བསལ་ཞིང་གེགས་སྒྲོལ་བ།

གསུམ་པ་དོགས་པ་བསལ་ཞིང་གེགས་སྒྲོལ་བ་ནི། དེ་ལྟར་གནས་ལུགས་རང་གནས་ཆེན་པོའི་རྒྱུན་བསྐྱངས་པའི་ཚེ་རིག་པ་དེའི་ངོ་བོ་སྟོང་པར་འདུག་སྙམ་ན། སྟོང་པར་འདོགས་མཁན་བློ་ཡིན་པས་གཏད་སོ་ཡོད་ལ་གཏད་སོ་དང་བཅས་པའི་ཆོས་ཀྱིས་སངས་མི་རྒྱ་བས་སྟོང་པ་ཉིད་ལ་དེར་འཛིན་གྱི་སྒྲིབ་བྱེད་མཐའ་གྲོལ་ཆེན་པོར་སྤང་དགོས་པ་དང་། ཡོད་མེད་སོགས་མཐའ་ལས་འདས་པའི་ངོ་བོའི་བཞུགས་ཚུལ་འདི་ལྟ་བུའོ་སྙམ་པར་གདེངས་འཆའ་བ་དེ་ངེས་ཤེས་ཀྱིས་བཅིངས་པའི་རང་སའི་སྒྲིབ་པ་རྔམ་པོ་ཆེ་ཡིན་པའི་ཚུལ། སེང་གེ་རྩལ་རྫོགས་ལས། བསམ་གཏན་བསྒོམ་པས་ཆོས་ཉིད་དོན་མི་མཐོང་། །རང་སྣང་ཏིང་འཛིན་བསམ་པའི་ཕྱོགས་དང་བྲལ། །སྤྲོས་བྲལ་ཆོས་ཉིད་ནམ་མཁའི་མཐའ་དང་མཉམ། །དམིགས་པ་དག་གི་ཡུལ་ལ་འཛི ན་རྟོག་མེད། །མཐའ་བཞི་བྲལ་བའི་སངས་རྒྱས་རང་རིག་ཡིན། །ཡོད་མེད་མཐའ་ལས་འདས་པ་ཆོས་ཀྱི་སྐུ། ཞེས་དང་། ཁྱུང་ཆེན་ལྡིང་པ་ལས། །མུ་མཐའ་མེད་པར་རྩོལ་བ་གང་ཡིན་པ། །བྱ་ལོང་ནམ་མཁའི་མཐའ་ཚོལ་འདྲ་སྟེ་རྙེད་པ་མིན། །མི་རྙེད་དོན་འདི་རྙེད་ལ་སུས་ཀྱང་བཅོས་སུ་མེད། །ཤེས་བྱ་སྤྲོས་མེད་འདི་ལ་མཐའ་མ་མི་སྲིད་དོ། །ཞེས་གསུངས་ཤིང་དེ་བཞིན་དུ་གཟུགས་སྣང་སོགས་དབང་པོ་དྲུག་གི་ཡུལ་གང་ལ་དགེ་མི་དགེ་སོགས་ཀྱི་རྣམ་པར་རྟོག་པ་ཤར་བ་དེ་ལ་ཆེད་དུ་འཛིན་པ་མ་ཡིན་ཀྱང་། ཡིད་དཔྱོད་ཀྱི་ཐེག་པ་ལྟར་སྟོང་ཉིད་མེད་དགག་དང་། མ་ཡིན་དགག་ལ་སོགས་པའི་བློ་ཡི་ཆོས་ཀྱིས་ཡུལ་སྣང་ཆེད་དུ་བཀག་པ་ཙམ་གྱིས་སངས་མི་རྒྱ་བ་དང་། དེ་ལྟ་ན་སྣང་བ་དང་སྣང་ཡུལ་མ་ཕྱེད་པས་སེམས་ཙམ་རྣམ་བདེན་དྲི་བཅས་སུ་ཉེའོ་སྙམ་ན། མིན་ཏེ། དངོས་པོ་གང་མཐོང་བའི་སྐད་ཅིག་མ་དང་པོར་དེའོ་སྙམ་པ་སོ་སྐྱེའི་ལམ་ལ་མི་སྐྱེ་བའི་དབང་མེད་ཀྱང་། སྐད་ཅིག་མ་གཉིས་པར་དེའི་རང་བཞིན་ལ་དཔྱོད་པའི་སེམས་སེམས་བྱུང་གི་རྩལ་རྫོགས་པས་རྣམ་རྟོག་སྔ་མ་རང་ཡལ་རྗེས་མེད་དུ་སོང་ནས་དངོས་པོའི་སྣང་ཆ་མ་འགག་ཀྱང་། དེར་འཛིན་མེད་པའི་ཆོས་ཉིད་ལ་གནས་པ་ཉིད་གོམས་པས། ཤར་གྲོལ་དུས་མཉམ་དུ་དག་ནས་སྣང་སེམས་འདྲེས་པ་ནི། རང་བཞིན་རྫོགས་པ་ཆེན་པོའི་ལམ་མ་ནོར་བ་སྟེ། ཀུན་བྱེད་ལས། དབང་པོ་དྲུག་ལ་ཡུལ་དྲུག་སྣང་བ་ལས། །སྡུག་བསྔལ་མཐོང་ནས་དབང་པོ་འགག་པར་བྱེད། །དེས་ནི་ཀུན་བྱེད་བྱས་པ་མི་ཆ་བས། །སྐྱེ་འགག་བྲལ་བའི་འབྲས་བུ་དེ་ལ་མེད། ཅེས་དང་། རིག་འཛིན་དགའ་རབ་རྡོ་རྗེས། ཤར་བའི་དུས་ན་མཉམ་ཤར་བཟང་ངན་མེད། །གྲོལ་བའི་དུས་ན་མཉམ་གྲོལ་བཟང་ངན་མེད། ཞེས་གསུངས་སོ། །དེས་ན་ཁམས་ཀྱི་དྲི་མ་བླང་དོར་གྱི་ངལ་དུབ་དང་བཅས་པས་སྦྱང་བརྩོན་ལ་མི་ལྟོས་ཤིང་། བསྲུང་བསྒོམ་སློབ་ཉམས་ཀྱི་འདུ་ཤེས་དམ་པོས་དཀྲིས་པའི་ཟག་བཅས་ཀྱི་བསླབ་སྤྱོད་ལས་ཆེས་འཕགས་པ། རང་བཞིན་ཐེག་མཆོག་རྒྱལ་པོའི་དགོངས་པ་བྱ་རྩོལ་བློ་འདས་ཐིག་ལེ་ཉག་གཅིག་ལ། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཐབས་སྤྱོད་པའི་ཕྱོགས་དང་། ཤེས་རབ་ཀྱི་ཏིང་ངེ་འཛིན་གྱི་ཕྱོགས་ཐམས་ཅད་ཀུན་བྱེད་དྲན་མཆོག་རྒྱལ་པོ་རིག་པའི་ཆོས་ཉིད་ལ་ཚངས་བ་ཡིན་ཏེ། ཁྱད་པར་གྱིས་ཞུས་པའི་མདོ་ལས། མི་འཛིན་པ་ནི་སྦྱིན་པ། མི་གནས་པ་ནི་ཚུལ་ཁྲིམས། མི་བསྲུང་བ་ནི་བཟོད་པ། མི་བརྩོན་པ་ནི་བརྩོན་འགྲུས། མི་སེམས་པ་བསམ་གཏན། མི་དམིགས་པ་ཤེས་རབ་བོ། །ཞེས་གསུངས་པ་ལྟ་བུའོ། །

ཉམས་ལེན་གྱི་རྩལ་རང་ཐོག་ཏུ་སྦྱོང་བ།

རྐྱེན་དང་བསྲེ་བ།

བཞི་པ་ཆོས་ཉིད་གདོད་མའི་གནས་ལུགས་ཀ་དག་གི་དོན་ངོ་འཕྲོད་ནས་ཉམས་ལེན་གྱི་རྩལ་རང་ཐོག་ཏུ་སྦྱོང་བ་ལ། རྐྱེན་དང་བསྲེ་བ། ལྷུམས་སུ་གཞུག་པ། འགག་བསྡམ་ཚུལ་ཏེ་གསུམ། དང་པོ་རང་གྲོལ་གསུམ་གྱི་རྐྱེན་དང་བསྲེས་ཏེ་རྩལ་སྦྱང་བ་ལ། དོན་ཁྲིད་ལས། དུག་ལྔ་རང་གྲོལ་དུ་ངོ་སྤྲད། སྒོ་ལྔ་རང་གྲོལ་དུ་ངོ་སྤྲད། ཚོགས་དྲུག་རང་གྲོལ་དུ་ངོ་སྤྲད། དེ་ལྟར་འབྱོངས་ཞིང་རྣལ་དུ་ཕེབས་ནས་ཁྲེགས་ཆོད་ཀྱི་དོན་གཏན་ལ་ཕེབས་ཏེ་ཞེས་པར། ཀུན་མཁྱེན་ཀློང་ཆེན་པས། དུག་ལྔ། སྒོ་ལྔ། ཚོགས་དྲུག་རང་གྲོལ་གསུམ་དུ་གསུངས་པས། འདིར་ཡང་དེ་དང་མཚུངས་པར། ཐོག་མར་དུག་ལྔ་རང་གྲོལ་ནི། གཏན་གྱི་བདེ་བ་འཇོམས་ཤིང་ཐར་བའི་སྲོག་འཕྲོག་པར་བྱེད་པའི་ཉོན་མོངས་པའི་དུག་ལྔ་པོ་གང་སྐྱེས་ཀྱང་། དེ་ཉིད་མ་སྤངས་རང་གྲོལ་དུ་རང་བབ་ཆེན་པོར་བཞག་པས། འཛིན་མེད་ཡེ་ཤེས་ལྔ་རུ་ཡེ་གྲོལ་ཆེན་པོར་ཕྱམ་བརྡལ་ཞིང་། དེ་བཞིན་དུ་དེས་བསྐྱེད་ཀྱི་རྟོག་ཚོགས་ཕྲ་རགས་གང་དང་གང་སྐྱེས་ཀྱང་དགག་སྒྲུབ་མེད་པར་གང་ཤར་དེ་གའི་ངང་ལ་བཞག་པས། ཀ་དག་ཆེན་པོར་རང་གྲོལ་བར་འགྱུར་བའོ། །ཚོགས་དྲུག་རང་གྲོལ་ནི། ཡུལ་གཟུགས་སྒྲ་དྲི་རོ་རེག་ཆོས་དྲུག་ལ། སྒོ་ལྔ་ཡིད་དང་བཅས་པའི་རྣམ་པར་ཤེས་པ་ཚོགས་དྲུག་གིས་དགག་སྒྲུབ་ཅི་བྱུང་ཞིང་གང་ཤར་བ་དེ་ཉིད་ཀྱི་ངང་ལ་རང་བབ་ཆེན་པོར་ཀློད་པས། ཡེ་སྟོང་གི་གཞི་བྲལ་ཆེན་པོར་གྲོལ་བར་འགྱུར་བ་ཡིན་ཏེ། ཀུན་མཁྱེན་ཀློང་ཆེན་པས། དུག་གསུམ་སྒོ་ལྔ་ཚོགས་དྲུག་ཡུལ་རྣམས་ལ། །གང་ཤར་གཞི་གྲོལ་ཡེ་གྲོལ་རང་བབས་བཞག །མ་ཡེངས་མི་གནས་ཆོས་ཉིད་ངང་དུ་གྲོལ། །གཏད་མེད་རྒྱལ་པོ་འཛིན་མེད་ཤར་བ་ཡིན། ཞེས་གསུངས་སོ། །

ལྷུམས་སུ་གཞུག་པ།

གཉིས་པ་དེ་ལྟ་བུའི་ཆོས་ཉིད་ཅོག་བཞག་རྣམ་པ་བཞིའི་ལྷུམས་སུ་གཞུག་པ་ནི། དེ་ལྟར་ཡིན་ལུགས་བསམ་ངོ་དང་བྲལ་བར་ངོ་སྤྲད་པའི་རིག་པ་རང་གསལ་ཆེན་པོ་ལ་བློ་ཡི་འཛིན་རྩོལ་དང་ཆེད་དུ་བསྒོམ་པའི་གཉེན་པོ་ལ་མ་ཞུགས་པར་རྒྱ་ཡན་འཕོ་འགྱུར་མེད་པར་བཞག་པ་ནི་ལྟ་བ་རི་བོ་ཅོག་བཞག ། སྔར་བཤད་པའི་ཅོག་བཞག་རྣམ་གསུམ་ལྟར་ཚོགས་དྲུག་གི་སྣང་བ་ལ་འཛིན་བཅོས་མི་བྱེད་པར་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུའི་ངང་ནས་ཤེས་པ་དངས་སངས་ཕྱེད་དུ་གཞུག་པ་སྒོམ་པ་རྒྱ་མཚོ་ཅོག་བཞག་དང་། སྒོ་གསུམ་ཐོག་བབས་སུ་གློད་ལ་ལྟ་སྒོམ་གྱི་ཤུབ་ནས་དོན་པའི་ཡེ་ཤེས་རང་གསལ་རྗེན་པ་ཅར་ཕོག་ཏུ་བསྐྱངས་པ་སྤྱོད་པའི་མན་ངག་སྣང་བ་ཅོག་བཞག་དང་། ཡུལ་ལྔ་དབང་ཤེས་བཅས་རང་བབས་སུ་བཞག་པས་རང་གསལ་རྗེ ན་པ་ལྷག་གེར་ཤར་ཏེ་རླུང་ལྔ་དབྱིངས་སུ་འཆིང་ནས་ཕྱི་རོལ་དུ་དུ་བ་སྨིག་སྒྱུ་འཇའ་ཚོན་ལ་སོགས་པ་རང་སྣང་དག་པའི་འོད་གསལ་ཀྱང་། ཐུན་མོང་གི་སྣང་བ་དང་མཐུན་པར་འཆར་བ་དེ་ཉིད་འབྲས་བུ་མ་བཅོས་རིག་པ་ཅོག་བཞག་ཏུ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་བཞེད་དོ། །དེ་ཡང་སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་བཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་བཞག་སྒོམ་པའི་ཚད། །སྣང་བ་ཅོག་བཞག་སྤྱོད་པའི་ཚད། །རིག་པ་ཅོག་བཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་འདྲེས་པའོ། །ཞེས་གསུངས་སོ། །

འགག་བསྡམ་པ།

གསུམ་པ་གཤིས་ལ་བྱ་བ་དང་བྲལ་བས་སྒོ་གསུམ་རང་བབས་ལྷུན་མཉམ་ཡངས་པ་ཆེན་པོའི་ཀློང་དུ་འགག་བསྡམ་པའི་ཚུལ་ནི། རང་བཞིན་རྫོགས་པ་ཆེན་པོའི་གནད་ཀྱི་ཆེ་བ་རྡོ་རྗེའི་གད་མོ་ཆེན་པོ་བཅུ་གཉིས་དང་། རྣམ་ཤེས་ཚོགས་བརྒྱད་དག་པར་བྱེད་པའི་རྡོ་རྗེའི་ཚིག་ཆེན་པོ་བརྒྱད་ཀྱིས་གཏན་ལ་ཕབས་པའི་དོན། ཐད་ཀའི་ཤེས་པ་རྒྱུ་འབྲས་བླང་དོར་ལས་འདས་པ་ཉིད་དུས་གསུམ་འཕོ་འགྱུར་མེད་པར་ལམ་དུ་འཁྱེར་བའོ། །འོན་ཀྱང་སློབ་དཔོན་པདྨ་དང་། བི་མ་ལ་དང་། ཏེ་ལོ་པ་སོགས་ལ་འགྲན་བཟོད་པ་ལྟ་བུའི་གཤིས་དེར་ཕེབས་པའི་རྣལ་འབྱོར་པ་ཆེན་པོ་རྣམས་ལ་རྒྱུ་འབྲས་དགེ་སྡིག་མེད་པ་ཐད་དྲང་དུ་བཤད་པ་ལས། རང་ཅག་ལྟ་བུ་ལ་བློས་དེ་ལྟར་རྟོགས་ཀྱང་གོམས་པ་ཐོག་ཏུ་མ་ཕེབས་པས། གཤིས་ལ་མི་སྐྲག་ཅིང་ལས་འབྲས་ཆ་ཕྲ་ལ་འཛེམས་པ་དང་སྦྱར་ནས་བཤད་དགོས་སོ། །ཞེས་ཀུན་མཁྱེན་ཡབ་སྲས་ནས་གསུངས་པ་བཞིན་བློ་དམན་རྣམས་ལ་བདེན་པ་གཉིས་ཀྱིས་ཕྱེ་ནས་བཤད་པས་གདོད་རྟོགས་པར་འགྱུར་བས། ཚུལ་དེ་ཡང་གོང་དུ་ཇི་སྐད་བཤད་པའི་ཉམས་མྱོང་གི་གནས་ལུགས་ངོ་འཕྲོད་འདུག་ན། དེའི་རྒྱུན་བསྐྱངས་བས་རིམ་གྱིས་བརྟན་པ་ཐོབ་པར་འགྱུར་ལ། དེར་སྒྲོ་འདོགས་མ་ཆོད་པའི་དབང་པོ་རྟུལ་པོ་རྣམས་ནི་ད་དུང་ཉོན་མོངས་པའི་རྟོག་པ་གང་སྐྱེས་ངོས་བཟུང་སྟེ་རང་སར་བཞག་པས་ཉོན་མོངས་པའི་ངོ་བོ་ཡུལ་མེད་རྩ་བྲལ་དུ་སོང་བའི་འགྱུར་བ་གནས་དག་གི་དགོངས་པ་བསྐྱང་ཏེ་འབད་པས་བསྒོམ་ཞིང་རྩལ་སྦྱང་ངོ། །དབང་རྣོན་བློ་ཆེ་བ་རྣམས་ནི་ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་ཉོན་རྟོག་གང་སྐྱེས་ཀྱང་དེའི་རང་བཞིན་ཚུགས་མི་ཐུབ་པར་རྟ་རྔའི་མདུད་པ་རང་གྲོལ་བ་བཞིན། ཤར་གྲོལ་རིས་མེད་དུ་སངས་པས་སླར་གཉེན་པོས་གཅུན་མི་དགོས་ཤིང་། སེམས་སྡེ་ལྟར་རྒྱས་མི་འདེབས། ཀློང་སྡེ་ལྟར་དབྱིངས་ལ་མི་གཏོད་པར་མན་ངག་སྡེ་པའི་རང་བབས་དམིགས་བསམ་ལས་འདས་པའི་མྱོང་ཐོག་ཏུ་ལ་བཟླ་ཞིང་། དེར་གོམས་པ་ན་རིག་པ་སྦྱང་བསྒྲོད་མེད་པའི་ས་ལ་དཔལ་ཡོན་མ་ལུས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོར་གཅིག་བཟླུམས་སུ་རྫོགས་པའི་ཕྱིར་བྱང་ཆུབ་སེམས་དཔའི་ས་བཅུ་དང་། སྔགས་ཕྱི་ནང་གི་བསྐྱེད་རྫོགས་རྩོལ་སྒྲུབ་གྱིས་ས་ལམ་སྒོས་སུ་སྦྱང་བརྩོན་མི་དགོས་ཏེ། ཀུན་བྱེད་ལས། མ་བསྒྱུར་མ་སྦྱངས་རིག་པ་ལྷུན་རྫོགས་པ། ཞེས་གསུངས་པ་ལྟར་རོ། །དེ་ལྟར་ལམ་ཉམས་སུ་ལེན་པའི་ཚེ། སྤྱིར་ཐུན་མོང་དུ་ཤེས་པར་བྱ་བ་ནི། བསམ་གཏན་གྱི་གེགས་སྤང་བར་བྱ་བ་རྣམས་ངོས་བཟུང་སྟེ། དེ་སྤོང་བྱེད་གྱི་གཉེན་པོ་བརྟེན་དགོས་པས། དེ་ཡང་རྒྱལ་སྲས་མ་ཕམ་པས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །དེ་དག་ཉེས་པ་ལྔ་ཡིན་ནོ། །ཞེས་པས་གེགས་དང་། དེ་སྤོང་འདུ་བྱེད་རྣམ་པ་བརྒྱད། །གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང་། །བྱིང་དང་རྒོད་དང་རྟོག་པ་དང་། །དེ་སྤང་མངོན་པར་འདུ་བྱེད་དང་། །ཞི་ཚེ་རྣལ་དུ་འདུག་པའོ། །ཞེས་པས་གཉེན་པོ་གསུངས་པ་བཞིན་ནོ། །དེ་ཡང་མཉམ་པར་བཞག་ཚེ་རྣམ་རྟོག་སྔར་ལས་མང་དུ་སོང་བ་ལྟ་བུ་དང་། ཧ་ཕྱད་དེ་བ་ལ་རེས་གནས་རེས་མི་གནས་པ་དང་། གནས་ཀྱང་གཏིིང་ན་ཡིད་བྱེད་ཕྲ་མོ་མི་ཁེག་པ་ཞིག་ཡོད་པ་དེ་གསུམ་ཀ་གནས་པར་རྩོམ་པའི་ལྟས་ཡིན། རྟོག་པ་འཕྲོ་བ་བཀག་པས་མི་ཁེག་ཏེ། མཐའ་མེད་དུ་སྤྲོས་ནས་ཨར་ལ་གཏད་པས་མཐུ་རྡུགས་པའམ། དྲན་ཤེས་ཡེངས་མེད་ཀྱིས་འཕྲོ་བ་རྒྱུན་ཆད་ནས་གནས་པའི་རང་སོ་ཟིན་པ་ཞིག་འོང་བ་ན་དེའི་ངང་ལ་འཇོག་པ་སྟེ། ཇི་ལྟར་རྫིང་ལས་འཕུར་བའི་བྱ་རོག་བཞིན། །བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ། །ཅེས་གསུངས་པ་ལྟར་རོ། །ཡང་བྱིང་ན་རླུང་རོ་བསལ། ལུས་གནད་སྒྲིམ་ཞིང་ལྟ་སྟངས་གཟེངས་བསྟོད། ཤེས་པ་ངར་བཏགས་ཤིང་རིག་པ་ཧུར་བཏོན་པས་གསེང། རྒོད་ན་ལུས་གནད་ལྷོད་ཅིང་ལྟ་སྟངས་དམད། སེམས་རིག་གློད་ལ་རང་བབས་སུ་འཇོག་པས་དབབ། ལྟངས་ན་ཞི་ལྷག་སོ་སོར་རྩལ་སྦྱངས་ཤིང་། སྐབས་རེར་ནམ་མཁའ་སྤྲིན་མེད་དངས་པའི་ཚེ། ཉི་མ་ལ་རྒྱབ་ཕྱོགས་པས་ནམ་མཁའི་མཐོངས་སུ་ལྟ་སྟངས་གཅུན་ནས་བལྟས་པས། དཔེ་ཕྱིའི་ནམ་མཁའ་སྟོང་མདངས་ཀྱི་སྒོ་ཕྱེས་ནས་དཔེ་ཅན་ནང་ཤེས་པའི་ནམ་མཁའ་རྣམ་པར་དག་པ་ལ། གསང་བ་འོད་གསལ་སྙིང་པོའི་ནམ་མཁའ་གསལ་སྟོང་མཐའ་དབུས་ཐམས་ཅད་ལས་འདས་པའི་ཆོས་ཉིད་སྐད་ཅིག་ལ་འཆར། ཉམས་ལེན་ལ་ཅུང་ཟད་གོམས་ཤིང་བརྟན་པ་ཐོབ་པ་ན་སྤྱོད་ལམ་ཀུན་དང་བསྲེ་ཞིང་རྐྱེན་སྣ་ཚོགས་དང་བསྲེ། དེས་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་འཆར། མཉམ་རྗེས་དབྱེར་མེད་རེ་དོགས་ཀྱི་རྩིས་ལས་འདས་ཏེ་ཆོས་ཟད་ཀ་དག་གི་དགོངས་པར་གྲོལ་ལོ། །དེའི་ཚེ་རྣམ་རྟོག་མ་སྤང་གཞི་ནས་གྲོལ་བས་བསྐྱར་ནས་གྲོལ་བྱེད་ཀྱི་འབད་རྩོལ་ཞིག གང་ཤར་རང་སར་གྲོལ་བས་དྲན་འཛིན་གྱི་གཉེན་པོ་མེད། ཡུལ་དྲུག་གཅེར་མཐོང་དུ་རང་གྲོལ་བས་ཤེས་པ་སྔ་ཕྱིའི་འཛིན་པ་དང་བྲལ། བཟང་ངན་ཡོངས་གྲོལ་དུ་ཤེས་པས་ཕྱོགས་འཛིན་དང་བླང་དོར་ཟད་པའི་གདེངས་ཐོབ་སྟེ། ཐལ་འགྱུར་ལས། རང་རིག་རྟོག་པ་ཀུན་བྲལ་བ། །གྲོལ་ལུགས་ཆེན་པོ་བཞི་དང་བཅས། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །ངང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་རྩོལ་མེད། ཅེས་སོ། །དེ་ལྟར་གྲོལ་བ་ཞེས་སུ་བཏགས་པའི་ཤེས་པའམ་རྟོག་པ་ཡང་བཏགས་པ་ཙམ་ལས་གང་དུ་ཡང་མི་འགྲོ། གང་ནས་ཀྱང་མ་འོང་། རྒྱུ་རྐྱེན་ཡུལ་འདས། སྟོང་གསལ་མེ་ལོང་གི་གཟུགས་བརྙན་བཞིན་ཇི་ལྟར་ཤར་ཡང་གཞི་ལ་ཕན་གནོད་མེད་པར་ཕྱོགས་རིས་དང་འཛིན་རྩོལ་གྱི་གཟའ་གཏད་བྲལ་བའི་གང་ཤར་གཏད་མེད་རྩ་བྲལ་གྱི་རིག་པ་རང་ཐོག་ཉིད་དུ་རང་ཤར་དུ་འདུག་པས་རང་གྲོལ་དུ་གྲོལ། །ངེས་མེད་དུ་འདུག་པས་འཛིན་མེད་དུ་གྲོལ། ཡེ་གྲོལ་དུ་འདུག་པས་གཞི་བྲལ་དུ་གྲོལ། ཐོག་བབ་ཏུ་འདུག་པས་བཅར་ཕོག་ཏུ་གྲོལ། ཤར་ཐོག་ཏུ་འདུག་པས་སྣང་སྟོང་དུ་གྲོལ་ནས་ཤར་གྲོལ་རིས་མེད་མཉམ་པ་ཆེན་པོར་མ་བསྒོམ་ཀ་དག་གདོད་མའི་གནས་ལུགས་མངོན་གྱུར་དུ་གྲོལ་བར་འགྱུར་བའོ། །དེ་ཡང་ཐལ་འགྱུར་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་བཀྲོལ་བ་མེད་པའི་སེམས། །གཞི་ནས་རྫོགས་པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུན་ཆད་མེད། །གཞི་རྩ་བྲལ་བས་སྟོང་གསལ་གནས། །རང་གསལ་གནས་པའི་སེམས་ཉིད་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད། །དུས་ཀྱིས་གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་བརྩོན་འགྲུས་མེད། ཅེས་གསུངས་སོ། །དེས་ཀ་དག་ཁྲེགས་ཆོད་ཀྱི་ཟབ་དོན་ཉམས་སུ་ལེན་པའི་ཁྲིད་རྣམས་སོང་ནས།

ལྷུན་གྲུབ་ཀྱི་ཐོད་རྒལ་གྱི་ཟབ་ལམ།

ཁྲེགས་ཆོད་ལས་འཕགས་ཚུལ།

དོན་གཉིས་པ་ལྷུན་གྲུབ་གྱི་ཡེ་ཤེས་མངོན་སུམ་དུ་སྟོན་པར་བྱེད་པ་འོད་གསལ་ཆེན་པོ་ཐོད་རྒལ་གྱི་ཟབ་ལམ་སྟོན་པར་བྱེད་པ་ལ། ཁྲེགས་ཆོད་ལས་འཕགས་ཚུལ་དང་། ཁྱད་པར་ཅན་གྱི་ལམ་དངོས་བཤད་པ་གཉིས་ལས། དང་པོ་ལམ་འདི་ཉིད་ཁྱད་པར་བདུན་གྱིས་འཕགས་ཚུལ་བསྟན་པ་ནི། ཁྲེགས་ཆོད་ཀྱིས་རྡོ་ཤིང་རི་བྲག་ལ་སོགས་པ་འཁྲུལ་སྣང་གི་ཡུལ་དག་པར་མི་ནུས་པ། །ཐོད་རྒལ་གྱིས་སྣང་བ་འོད་ལྔར་དག་པར་བྱེད་པའི་ཁྱད་པར་དང་། དེ་བཞིན་དུ་རིག་པ་ཡེ་ནས་འོད་གསལ་དུ་གསུངས་པ་དེ་ཁྲེགས་ཆོད་ཀྱིས་སྟོང་ལ་གསལ་བ་ཙམ་ལས་བལྟར་མེད་དུ་ཐག་གཅོད་པ། འདིར་གནད་གཅུན་པས་ཡེ་ཤེས་ཀྱི་མཐོངས་ཕྱེ་སྟེ་ཆོས་ཉིད་ཟེར་གདངས་ལ་མཐོང་བ་དང་། སྔ་མར་དབང་པོ་དྲུག་གི་སྒོ་མ་དག་པ་འཁྲུལ་སྣང་ལ་ཞེན་པ་སྤོང་པའི་དྭངས་འཚོལ་བ། །འདིར་དག་པ་འོད་གསལ་གྱི་སྒོ་ཡེ་ཤེས་ཀྱི་རླུང་གིས་ཕྱེ་བས་ཕྱི་ནང་ཟང་ཐལ་གྱི་དབང་པོས་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་སྒྲོན་མ་བཞིའི་སྣང་བ་ལ་ལོངས་སྤྱོད་པ་དང་། །སྔ་མར་རགས་པའི་རྩ་རླུང་ལ་བརྟེན་པས་གེགས་དང་གོལ་ས་ཤིན་དུ་མང་ཞིང་འབྱུང་བའི་སྟོབས་ཆེ་ཆུང་གིས་ན་ཚོད་རྒས་གཞོན་ལའང་ལྟོས་པ། འདིར་གནད་མི་གཡོ་བ་གསུམ་གྱིས་བཅིང་པ་ཙམ་ལས་དོན་དམ་ཡེ་ཤེས་ཀྱི་རྩ་རླུང་འཛིན་རྩོལ་ལས་འདས་པ་ལམ་དུ་བྱས་པས་རགས་པ་སྤང་བྱ་ཡིན་ཕྱིར་ཐམས་ཅད་ཟད་ནས་ལུས་འོད་གསལ་དུ་གྲོལ་བ་དང་། །སྔ་མར་གལ་ཏེ་སྣང་བ་ཚད་དུ་མ་ཕྱིན་པར་གྲོལ་བ་སྲིད་ནའང་ལུས་རྡུལ་ཕྲན་དེངས་པ་ཙམ་ལས་འོད་གསལ་དུ་འགྲོ་བ་མི་སྲིད་པས་རེས་འགའ་བའི་སྒྱུ་ལུས་དང་ཟད་པར་གྱི་སྐྱེ་མཆེད་ལ་སོགས་པས་མཐར་ཐུག་གི་ས་མི་ཆོད་པ། འདིར་འོད་གསལ་དུ་འགྲོ་བས་ཆོད་པ་དང་། སྤྱན་དང་མངོན་ཤེས་རྫུ་འཕྲུལ་རླབས་པོ་ཆེའི་བདག་ཉིད་འཕོ་བ་ཆེན་པོའི་སྐུ་མ་ཐོབ་ན་རྟེན་དེས་གཞན་དོན་རླབས་ཆེན་མི་འགྲུབ་པ་ལས། འདིར་འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་འཐོབ་པས་རྟེན་དེར་ཡང་འགྲོ་དོན་རྒྱ་ཆེན་པོ་འགྲུབ་པ་དང་། ཨ་ཏི་སྡེ་གསུམ་ལ་ཡང་སེམས་སྡེ་རང་གསལ་ཁ་འབྱམས་པ་དང་། ཀློང་སྡེ་གཞི་བྲལ་ལ་གདེངས་འཆའ་བ་གཉིས་ཀས་རིག་པ་མངོན་སུམ་དུ་མ་མཐོང་ཞིང་མན་ངག་སྡེའི་སྐོར་གསུམ་ལ་ཡང་བར་དོར་ལྟོས་འཆའ་བ་ལས་མེད་པ། འདིར་འཁྲུལ་སྣང་ལམ་དུ་བྱས་ནས་མ་འཁྲུལ་བའི་འབྲས་བུ་བཙལ་བས་རྟེན་འདིར་ཡང་མྱུར་དུ་འོད་ལུས་སུ་གྲོལ་ནུས་པའི་གནད་ཡོད་པའི་ཁྱད་པར་ཏེ་བདུན་གྱིས་འཕགས་པར་ཀུན་མཁྱེན་ཀློང་ཆེན་ཡབ་སྲས་ནས་གསུངས་ཤིང་། དེ་བཞིན་དུ་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གཏེར་ལུང་ལས། སྣང་བ་འོད་ཀྱི་ཁྱད་པར། ཉམས་ལེན་ལག་ལེན་དུ་དྲིལ་བའི་ཁྱད་པར། རང་གནད་མངོན་སུམ་དུ་གཟིར་བའི་ཁྱད་པར། ལུས་གནད་རྩ་ཡི་ཁྱད་པར། མཐོང་བ་དབང་པོའི་ཁྱད་པར། རང་རིག་ཡུལ་གྱི་ཁྱད་པར། ཉམས་མྱོང་རྣམ་འཕེལ་གྱི་ཁྱད་པར་དེ་བདུན་པོ་འདིས་གཞན་ལས་ཁྱད་པར་དུ་འཕགས་པའོ། །ཞེས་གསུངས་སོ། །

ཁྱད་པར་ཅན་གྱི་ལམ་དངོས་བཤད་པ།

སྔོན་འགྲོ་སྒོ་གསུམ་གྱི་བྱ་བ་བཏང་ཚུལ།

གཉིས་པ་ཁྱད་པར་དེ་ལྡན་གྱི་གདམས་པ་འོད་གསལ་ཐོད་རྒལ་གྱིས་ལྷུན་གྲུབ་ཟག་པ་མེད་པའི་ཡེ་ཤེས་ཟབ་ཅིང་རྒྱ་ཆེ་བ་རང་ལ་གནས་པ་ཉིད་མངོན་སུམ་དུ་སྟོན་པར་བྱེད་པའི་ལམ་མཆོག་དངོས་བཤད་པ་ལ། སྔོན་འགྲོ་སྒོ་གསུམ་གྱི་བྱ་བ་བཏང་ཚུལ། དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་སྐྱེ་ཚུལ། རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་པ་སྟེ་གསུམ་མོ། །དང་པོ་སྒོ་གསུམ་བྱ་བ་དགུ་ཕྲུགས་སུ་བཏང་ནས་རླུང་རིག་དལ་བའི་ཐབས་ལ་བསླབ་པ་ནི། ཀློང་གསལ་ལས། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱིས་དགུ་ཕྲུགས་བཏང་། ཞེས་དང་། ལུས་ནི་བྱ་བ་བཏང་བའི་ཕྱིར། །ཆོས་དང་ལོ་ཀའི་བྱ་བ་དང་། །གྲོགས་མེད་གཅིག་པུར་གནས་པར་བྱ། །ངག་གིས་འཁྲུལ་གཏམ་ཆོས་སྤྱོད་དང་། །ལྐུགས་པ་ལྟ་བུ་ཉིད་ལ་བསླབ། །ཡིད་ནི་ལོ་ཀ་འདས་པ་ཡི། །འགྱུ་བ་བཅད་ལ་གནས་པར་བྱ། ཞེས་པ་ལྟར། སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་མ་བཏང་ན་རླུང་རིག་མི་དལ་བས་ཉམས་ལེན་ལ་མི་གནས་པས་ན། ལུས་ཀྱིས་ཕྱི་འཇིག་རྟེན་གྱི་བྱ་བ་ཚོང་སོ་ནམ་སོགས་དང་། ནང་དམན་པའི་དགེ་ལས་ཕྱག་སྐོར་སོགས་དང་། གསང་བ་རྣམ་གཡེང་འདུ་འཛིའི་བསྒུལ་བསྐྱོད་སྤང་ཏེ་གཅིག་པུར་མི་རོའམ་འཇིམ་གཟུགས་ལྟར་གནས། ངག་གིས་ཕྱི་འཇིག་རྟེན་འཁྲུལ་བའི་ལོང་གཏམ་སྣ་ཚོགས་དང་། ནང་ཁ་ཏོན་དང་བཟླས་བརྗོད། གསང་བ་ཆོས་བཤད་དང་གཏམ་རྒྱུད་སོགས་སྒྲ་སྐད་ཀྱི་སྨྲ་བརྗོད་གཞན་ཐམས་ཅད་སྤངས་ཏེ་མི་སྨྲ་བར་ལྐུགས་པ་བཞིན་གནས། ཡིད་ཀྱིས་ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་སྣ་ཚོགས་དང་། ནང་ཆོས་ཕྱོགས་ཀྱི་བསམ་བློ་དང་བསྐྱེད་རྫོགས་ཀྱི་སེམས་འཛིན། གསང་བ་རྣམ་རྟོག་གི་འགྱུ་དྲན་སྤང་གཉེན་གྱི་ཆ་རྣམས་ཀྱང་བཀག་ནས་རྟོག་མེད་ཀྱི་ངང་ལ་གནས་པར་བྱའོ། །དེས་ལུས་ངག་ཡིད་གསུམ་གྱི་བྱ་བ་ཐོངས་པའི་རྟགས་སུ་སྒོ་གསུམ་གྱི་བྱ་བ་གང་ལ་ཡང་འཇུག་སྙིང་མི་འདོད་པ་འབྱུང་བ་དེ་སྲིད་དུ་བསྐྱར་རོ། །དེ་ལྟར་བྱ་བ་གནད་ནས་མ་ཐོང་ན་རིག་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་དཀའ་ཞིང་། ཐོངས་ན་གནས་སྐབས་སུ་སྒོ་གསུམ་འཁྲུལ་ཕྱིར་མི་འབྲང་ཞིང་མཐར་ཐུག་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་མྱུར་དུ་འཆར་བ་ཡང་། ཀློང་གསལ་ལས། བྱར་མེད་རྒྱུན་ལ་མ་གནས་པས། །རིག་པའི་དོན་ལ་རེག་པ་མེད། །ཅེས་དང་། ལུས་ངག་འཁྲུལ་བ་རྒྱུན་ཆད་ནས། །ཡེ་ཤེས་རྒྱུད་ལ་གནས་པར་འགྱུར། ཞེས་གསུངས་སོ། །དེ་མན་ཆད་དུ་དུས་འདས་ན་ཁ་ཅིག་ཚེ་ཕྱི་མར་ཆོས་འདི་དང་འཕྲད་ནས་ལྷག་མེད་དུ་སངས་རྒྱའོ། །ཕལ་ཆེར་བར་དོར་ཀ་དག་གི་ངང་དུ་གྲོལ་བ་ལ་ཐེ་ཚོམ་མེད་དོ། །ཞེས་ཀློང་ཆེན་པས་གསུངས་སོ།།

དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་སྐྱེ་ཚུལ།

སྒོ་གསུམ་གྱི་གནད་གཟིར་བ།

ལུས་ཀྱི་གནད་གཟིར་བ།

གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་ཀྱི་རྒྱུད་ལ་བརྟེན་པའི་ཚུལ་ལ། སྒོ་གསུམ་གྱི་གནད་གཟིར་བ། གནད་བཞིས་མངོན་སུམ་རང་ཐོག་ཏུ་དབབ་པ། དབབ་པའི་དོན་ངོ་སྤྲོད་པའོ། །དང་པོ་སྒོ་གསུམ་གྱི་གནད་གཟིར་བའི་ཚུལ་ལ། ཐལ་འགྱུར་ལས། མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའི་གནད་རྣམས་ལེགས་པར་བསྟུན། ཞེས་པ་ལྟར་སྒོ་གསུམ་གྱི་གསུམ་ལས། དང་པོ་ལུས་ཀྱི་གནད་གཟིར་བ་ལ། གཟིར་དགོས་ཚུལ། གཟིར་བ་དངོས། མ་གཟིར་བའི་སྐྱོན། གཟིར་བའི་ཡོན་ཏན་ཏེ་བཞི་ལས། ལུས་ཀྱི་གནད་གཟིར་དགོས་པའི་ཚུལ་ནི། ཀློང་གསལ་ལས། རིག་པ་ལུས་ལ་གནས་གྱུར་ཀྱང་། །འཁྲུལ་འཁོར་དག་གི་མ་གཅུན་ན། །ཡེ་ཤེས་དབང་པོར་སྣང་མི་ནུས། ཞེས་རིག་པ་ཆོས་ཉིད་ཀྱི་སྣང་བ་ཡེ་ནས་རང་ལ་གནས་པ་ཉིད་དབང་པོས་མངོན་སུམ་དུ་མཐོང་བར་འདོད་པས་དང་པོར་ལུས་ངག་གི་གནད་གཟིར་དགོས་པར་གསུངས་སོ། །དེ་ལ་གཟིར་བ་དངོས་ནི། ཐལ་འགྱུར་ལས། ལུས་ནི་སྐུ་གསུམ་འདུག་སྟངས་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ཞེས་དང་། མུ་ཏིག་ཕྲེང་བ་ལས། ལུས་ཀྱི་གནད་ནི་རྣམ་གསུམ་ཏེ། །སེང་གེའི་ཚུལ་དང་གླང་ཆེན་ཚུལ། །དྲང་སྲོང་ལྟ་བུར་གནས་པར་བྱ། ཞེས་དང་། འདས་རྗེས་ལས། གླང་སེང་དྲང་སྲོང་འདུག་སྟངས་བཅའ། ཞེས་གསུངས་པས། ཆོས་སྐུའི་བཞུགས་སྟངས་ནི། སྟན་ཐོག་ཏུ་སེང་གེ་ལྟར་ཁྱི་ཚུགས་མོར་འདུག་སྟེ། པུས་མོ་གཉིས་ཕྱིར་ཅུང་ཟད་བཀྱེད་པའི་རྐང་མཐིལ་གཉིས་མདུན་དུ་སྤྲད་པས་གཡོ་བྱེད་ཀྱི་རླུང་གནོན། མཐེ་བོང་སྲིན་མཛུབ་ཀྱི་རྩ་བར་བཞག་སྟེང་སོར་མོ་རྣམས་བསྐུམ་པའི་ལག་མཐིལ་གཉིས་རྐང་མཐིལ་གྱི་དབུས་སམ་ནང་དུ་སར་བཙུགས་པས་འབྱུང་བ་ཆ་སྙོམས། ལུས་ཀྱི་ཆ་བསྲངས་རོ་སྟོད་གསེང་བྱས་པས་རླུང་བདེ་ལུགས་སུ་རྒྱུ། མགོ་རྩལ་མཇིང་པ་གཟེངས་བསྟོད་པ་ལ་བསྐུར་བས་རྣམ་རྟོག་འགག་སྟོབས་ཆེ། མིག་སྨིན་ཕྲག་གི་ནམ་མཁར་མི་འགུལ་བར་ཧད་པོར་བལྟས་པས་རྡོ་རྗེའི་སྤྱན་ཐོབ། བཞུགས་སྟངས་དང་གཟིགས་སྟངས་དེས་གནས་སྐབས་སུ་འཁྲུལ་བའི་འཇིགས་པ་ཀུན་དང་བྲལ། ནང་འབྱུང་རང་སར་ཟད། མཐར་ཐུག་གནས་ལུགས་ཀྱི་དོན་རྟོགས་ནས་ཆོས་སྐུར་གྲོལ་བར་བྱེད་དོ། །ལོངས་སྐུའི་བཞུགས་སྟངས་ནི། གླང་པོ་ཆེའི་ཉལ་སྟངས་སུ་ལུས་ཁ་སྦུབ་ཏུ་འདུག་ཏེ་གྲུ་མོ་སར་བཙུགས་པས་ཕོ་མོའི་རླུང་མ་ནིང་དུ་སྙོམས། པུས་བྲང་སྦྱར་བས་ཁམས་དང་བདེ་དྲོད་རྒྱས། ལག་མཐིལ་གྱིས་ཨོལ་ཀོ་བརྟེན། སོར་མོ་འགྲམ་པ་ལ་སྦྱར་བས་རགས་པའི་རླུང་འགག རྐང་སོར་ཕྱིར་འཕུལ་ཏེ་བསྐུམ་ཞིང་སྒལ་པ་དྲང་པོར་མགོ་དགྱེ་ཙམ་བྱས་པས་བྱིང་རྒོད་ཆ་སྙོམས། མིག་ཐད་ཀའི་ནམ་མཁར་ཟུར་གྱིས་ཧྲིག་གེར་བལྟས་པས་པདྨའི་སྤྱན་ཐོབ། དེས་སྐབས་སུ་གཡོ་བྱེད་ཀྱི་རླུང་ཟིན་ཅིང་ལྷུན་གྲུབ་འོད་ལྔ་འཆར་བས་ཆོས་ཉིད་ཀྱི་དོན་ལ་སྤྱོད་དེ། མཐར་ལོངས་སྐུར་གྲོལ་བར་བྱེད་དོ། །སྤྲུལ་སྐུའི་བཞུགས་སྟངས་ནི། ལུས་དྲང་སྲོང་ཙོག་པུར་འདུག་པས་རྩ་རླུང་ཆ་སྙོམས། ལོང་བུ་གཉིས་གཤིབ་སྟེ་རྐང་མཐིལ་ས་ལ་ཕབ་པས་ཆུའི་རྩལ་གནོན། རྒྱུ་ཞབས་ཡུད་ཙམ་འཐེན་ནས་སྒ ལ་བར་གཅར་བས་རྟོག་པ་རྒྱུན་གཅོད། པུས་བྲང་སྦྱར་བས་མེ་ལོང་ཡེ་ཤེས་སུ་འཆར། ལག་གཉིས་ཀྱི་གྲུ་མོ་པུས་སྟེང་དུ་བཞག་ཏེ་མཁྲིག་མ་བསྣོལ་བའི་རྡོ་རྗེའི་ཁུ་ཚུར་གྱིས་ལྐོག་མ་བཏེགས་པས་ཚ་གྲང་ཆ་སྙོམས། ཡང་ན་གྲུ་མོ་མཁལ་ཁུང་ལ་འཁྱུད་དེ་རེག་པས་གྲང་བའི་ནད་སེལ། ཡང་ན་པུས་མོ་བསྐོར་ཏེ་དགབ་པས་ཚ་བའི་ནད་སེལ། རྒལ་ཚིག་དྲང་པོར་བསྲངས་པས་རླུང་སེམས་ཆོས་ཉིད་དུ་རྒྱུ། མིག་ཅུང་ཟད་ཕབ་ནས་བར་སྣང་ལ་ཟིམ་བུར་བལྟ་བས་ཆོས་ཀྱི་སྤྱན་ཐོབ། དེའི་སྐབས་སུ་ལུས་ལ་དྲོད་སྐྱེ་ཞིང་འབྱུང་བ་སྙོམས་ནས་ཆོས་ཉིད་ཀྱི་དོན་ལ་དབང་འབྱོར། མཐར་སྤྲུལ་སྐུར་གྲོལ་བར་བྱེད་དོ། །དེ་ལྟར་འདུག་སྟངས་གང་ཡང་ཧ་ཅང་བསྡམས་ཤིང་བཙུམ་པ་མ་ཡིན་པར་ཆ་ཆ་ནས་ལྷོད་ཆགས་པ་ལ་གེགས་མི་འཇུག་པའི་གནད་ཡོད་དོ། །ད་དུང་མངོན་པར་བྱང་ཆུབ་དང་། མི་འགྱུར་རྡོ་རྗེས་མཚོན་པ་དང་། ཡན་ལག་གི་འདུག་སྟངས་མང་དུ་གསུངས་ཀྱང་འདིར་དེ་ཙམ་གྱིས་ཆོག་པར་གསུངས་པས་མ་སྤྲོས་སོ། །དེ་ལྟར་ལུས་ངག་གི་གནད་མ་གཟིར་བའི་སྐྱོན་ནི། རིག་པའི་ཡེ་ཤེས་སྐུ་གསུམ་ཡོངས་འདུས་དབྱེར་མེད་ལྷུན་གྲུབ་ཆེན་པོར་ཡེ་ནས་རང་ལ་གནས་ཀྱང་གནད་ཀྱིས་མ་གཟིར་ན་མངོན་སུམ་དུ་མི་སྣང་ཞིང་། གོང་སྨྲོས་ཀྱི་ཡོན་ཏན་རྣམས་ཀྱང་མི་འབྱུང་སྟེ། ཀློང་གསལ་ལས། ལུས་ཀྱི་གནད་ནི་མ་གཟིར་ན། །འབྱུང་ཟད་རླུང་ནི་མི་ཟིན་ཅིང་། །དེ་བཞིན་ལུས་ལ་དྲོད་མི་སྐྱེ། །རིག་པ་མངོན་དུ་སྣང་མི་ནུས། ཞེས་གསུངས་སོ། །གཟིར་བའི་ཡོན་ཏན་ནི། འོད་གསལ་ཆོས་ཉིད་ཀྱི་ལམ་སྣང་མངོན་སུམ་མཐོང་བ་སོགས་ཀྱི་ཡོན་ཏན་རྣམས་འབྱུང་ཞིང་། མཐར་ཐུག་སངས་རྒྱས་སྐུ་གསུམ་གྱི་དགོངས་ཀློང་དུ་གྲོལ་ནས་མྱ་ངན་ལས་འདའ་བར་འགྱུར་བ་ཡང་། ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་བའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་དོན་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བ་རང་སྤྲུལ་ནས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། ཞེས་སོ། །

ངག་གི་གནད་གཟིར་བ།

གཉིས་པ་ངག་གི་གནད་གཟིར་བ་ལའང་། དགོས་པ། གཟིར་བ་དངོས། ཡོན་ཏན། སྐྱོན་རྣམས་ལས། ངག་གི་གནད་གཟིར་དགོས་པ་ནི། ཀློང་གསལ་ལས། དེ་ལྟར་ངག་གནད་མ་གཟིར་ན། བརྗོད་མེད་དོན་ནི་མི་རྟོགས་ཤིང་། །འཁྲུལ་བའི་གཏམ་གྱིས་དོན་ལ་སྒྲིབ། །ངག་གི་གནད་གཟིར་མཆོག་ཏུ་གཅེས། ཞེས་ངག་གི་གནད་སྨྲ་བཅད་ཀྱིས་མ་གཟིར་ན་དེར་བརྟེན་རྣམ་རྟོག་འཁྲུག་པ། རྩོད་པ། གྱལ་བ་སོགས་རྣམ་པ་བཞིས་སྒྲིབ་པར་འགྱུར་བས་བརྗོད་མེད་ཀྱི་དོན་རྟོགས་པར་འདོད་པས་ངག་གི་གནད་གཟིར་དགོས་སོ། །ཇི་ལྟར་གཟིར་བ་དངོས་ནི་ཐལ་འགྱུར་རྩ་རྒྱུད་ལས། ངག་ནི་བསླབ་དང་གནས་པ་དང་། །ལ་བཟླ་བ་ཉིད་བསྟན་པར་བྱ། ཞེས་སྨྲ་བ་ཤིན་ཏུ་མང་བའི་རིགས་ཅན་ཡིན་ན་ལུང་སྟོང་སོགས་ནས་གང་ལ་ཞེན་པའི་བརྗོད་པ་དེ་ཉིད་ཀུན་སློང་སྣ་ཚོགས་ཀྱིས་སློང་ཞིང་ཁ་མི་དལ་བར་བརྗོད་པས་བརྗོད་སྙིང་མི་འདོད་པར་གྱུར་པ་ནའམ། མིན་ཡང་ཐོག་མར་སྨྲ་བ་ཡུན་ཇེ་ཐུང་ཇེ་ཐུང་ལ་བཏང་ནས་འཁྲུལ་བའི་གཏམ་བཅད་པ་ལ་རིམ་པར་བསླབ། དེ་ནས་ཁ་ཏོན་དང་བཟླས་བརྗོད་ཅུང་ཟད་ཙམ་ལས་གཞན་མི་སྨྲ་བར་གནས། དེ་ནས་ལག་གི་བརྡ་ཙམ་ལས་བརྗོད་པ་ཀུན་བཅད་དེ་ལྐུག་པ་ལྟར་ཅི་ཡང་མི་སྨྲ་བར་ལ་བཟླའོ། །ཡང་རླུང་ཤིན་ཏུ་དལ་བ་དང་། ཡུད་ཙམ་རེར་ནང་དང་ཕྱིར་འཛིན་པ་ལ་ཡང་བསླབ་པས་རླུང་དལ་ཞིང་སྟོང་པར་འགྱུར་ཏེ། རྩ་རྒྱུད་ལས། རླུང་ནི་ཅི་ནས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་འབྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་རྟོག་པ་མིན། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། ཅེས་གསུངས་པས་སོ། །ཡོན་ཏན་དང་སྐྱོན་ནི། དེས་གནས་སྐབས་སུ་འཁྲུལ་བའི་གཏམ་འགགས་པས་ཉོན་མོངས་མི་འཕེལ། བརྗོད་མེད་རིག་པའི་དོན་རྟོགས་ཤིང་ངག་གི་སྐྱོན་ཟད། མཐར་ཐུག་སྐུ་གསུམ་རྒྱལ་བ་ཀུན་གྱི་གསུང་གི་ཀློང་དུ་མྱ་ངན་ལས་འདའ་བར་འགྱུར་རོ། །གཞན་དུ་དེ་ལྟར་མ་བྱས་པས་བརྗོད་མེད་ཀྱི་དོན་ལ་སྒྲིབ་ཅིང་། ཡོན་ཏན་དེ་རྣམས་ལས་ལྡོག་པའི་སྐྱོན་འབྱུང་བར་ཤེས་དགོས་ཏེ། རྒྱུད་ཀློང་གསལ་ལས། དེ་ལྟར་ངག་གནད་སུས་གཟིར་བ། །ངག་གི་སྐྱོན་ཟད་མྱ་ངན་འདའ། ཞེས་དང་། ངག་གི་གནད་ཉིད་མ་གཟིར་ན། །ཡོན་ཏན་ཉིད་ལས་ལྡོག་སྐྱོན་འབྱུང་། ཞེས་སོ། །

སེམས་ཀྱི་གནད་གཟིར་བ།

གསུམ་པ་སེམས་ཀྱི་གནད་གཟིར་བ་ལའང་། དགོས་པ་ནི་རྒྱུད་ལས། སེམས་ཀྱི་གནད་ཉིད་མ་གཟིར་ན། །དབྱིངས་དང་རིག་པ་མི་མཐོང་བས། །མ་གཟིར་གཏད་པའི་འབེན་ཉིད་བཅའ། ཞེས་སེམས་ཀྱི་གནད་མ་གཟིར་ན་འཁྲུལ་རྟོག་དང་རྣམ་གཡེང་གིས་དབྱིངས་དང་རིག་པ་མི་མཐོང་བས་དེ་མཐོང་བའི་ཕྱིར་དུ་རླུང་མིག་རིག་པ་ཆིག་དྲིལ་དུ་གཏད་སའི་འབེན་ཉིད་ནམ་མཁར་བྱ་དགོས་སོ། །ཇི་ལྟར་གཟིར་བ་དངོས་ནི། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་མཐོངས་སུ་གཏད། ཅེས་དང་། རྩ་རྒྱུད་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། ཅེས་དང་། རྒྱུད་ལས། སེམས་ཉིད་ཕྱི་ཡི་མཁའ་ལ་གཏད། །ནང་གི་སྒྲོན་མ་མངོན་སུམ་སྣང་། ཞེས་དང་། འདས་རྗེས་ལས། སེམས་ནི་སྨིན་ཕྲག་མཁའ་ལ་གཏད། །སྐུ་གསུམ་རིག་པ་འཆར་བར་འགྱུར། ཞེས་གསུངས་པས། རྐྱེན་དང་བྲལ་བའི་ཕྱིའི་དབྱིངས་ལྟ་སྟངས་ཀྱིས་ཐད་ཀྱི་ནམ་མཁའ་སྟོང་སང་ངེ་བ་ལ་རླུང་གིས་སྤུར་བའི་སེམས་རིག་པའི་སྙིང་པོ་ཅན་དེ་ཉིད་མདུང་ཚུགས་སུ་གཏད་པས་གཡོ་བྱེད་ཀྱི་རླུང་རབ་ཏུ་དལ་བར་གྱུར་ནས་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མའི་གདངས་རིག་པ་སྟོང་གསལ་འདུས་མ་བྱས་པ། གསལ་དངས་ཕྱེད་པར་ལྷག་གེ་འཆར་ཞིང་དབྱིངས་རིག་ཟུང་དུ་ཆུད་པར་འགྱུར་ལ། དེ་ཡང་ལུས་ཀྱི་བཞུགས་སྟངས་ལ་མི་བདེ་བ་མེད་པ་དང་། ངག་ལྐུག་པ་ལྟར་སྡོད་ཚུགས་ཤིང་། སེམས་གཏད་སའི་འབེན་ལ་རྟག་ཏུ་གནས་པ་བྱུང་ན་སྒོ་གསུམ་གྱིས་གནད་གཟིར་བ་འབྱོངས་པའི་རྟགས་སོ། །སྐྱོན་ཡོན་ནི། དེ་ལྟར་སེམས་དབང་མི་འགྱུར་བ་དབྱིངས་སུ་གཏད་ཅིང་གནད་གཟིར་བས་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་མཐོང་། མཐར་ཐུག་སངས་རྒྱས་སྐུ་གསུམ་གྱི་ཐུགས་རྡོ་རྗེའི་དགོངས་ཀློང་དུ་ལྷག་མེད་མངོན་པར་འཚང་རྒྱ་བར་འགྱུར་བ་ཡིན་ཏེ། རྒྱུད་ལས། དེ་ལྟར་སེམས་ཀྱི་གནད་གཟིར་བས། །སྐུ་གསུམ་རིག་པ་སྟོང་པར་འཆར། ཞེས་དང་། རང་རིག་དངོས་སུ་ཟིན་པ་དང་། །ཐ་མ་ལྷག་མེད་འགྲུབ་པར་འགྱུར། ཞེས་གསུངས་ཤིང་ཡང་དེ་ཉིད་ལས། སེམས་ཀྱི་གནད་འདི་མ་གཟིར་ན། །དབྱིངས་དང་རིག་པ་མི་མཐོང་བས། ཞེས་དང་། དེ་ལྟར་སེམས་ཀྱི་གནད་མེད་ན། །རིག་པའི་དོན་ལས་ལྡོག་པར་འགྱུར། །ཞེས་གནད་དེ་ལས་གཞན་དུ་དབྱིངས་དང་རིག་པ་མི་མཐོང་ཞིང་། ཡུལ་འཁྲུལ་སྣང་མཐོང་བས་སླར་ལྡོག་པར་ཡང་གསུངས་སོ།།

གནད་བཞིས་མངོན་སུམ་རང་ཐོག་ཏུ་དབབ་པ།

གནད་གཟིར་དགོས་པ།

གཉིས་པ་གནད་བཞིས་མངོན་སུམ་རང་ཐོག་ཏུ་ཕབ་ནས་ཡེ་ཤེས་གསུམ་གྱི་གསང་ལམ་མཚོན་པའི་འོད་གསལ་བལྟ་བ་ལ། གནད་གཟིར་དགོས་པ། གནད་བསྣུན་དངོས། ཡོན་ཏན་དང་སྐྱོན་རྣམས་ལས། དང་པོ་གནད་གཟིར་དགོས་པར་བསྟན་པ་ནི། རྒྱུད་ལས། གནད་གསུམ་སྔོན་དུ་མ་གཟིར་ན། །མངོན་སུམ་རང་ཐོག་མི་ཕེབས་ཏེ། །ཡིད་དཔྱོད་འཛིན་དང་ཁྱད་མེད་པས། །གནད་གསུམ་བཙལ་བ་མཆོག་ཏུ་གཅེས། ཞེས་མངོན་སུམ་རང་ཐོག་ཏུ་ཕེབས་པའི་ཕྱིར་གནད་དུ་གཟིར་དགོས་པར་གསུངས་སོ། །

གནད་བསྣུན་དངོས།

འཆར་སྒོ་མིག་གི་གནད།

གཉིས་པ་གནད་དུ་བསྣུན་པ་དངོས་ནི། རྩ་རྒྱུད་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཉིད་བསྣུན། ཞེས་ཏེ། དེ་ལའང་གནད་གསུམ་གྱི་ཚིག་སྒྲ་དང་མཐུན་པར་འཆར་བྱེད་སྒོ། འཆར་གཞི་ཡུལ། ཇི་ལྟར་འཆར་བ་རླུང་རིག་གི་གནད་གསུམ་དུ་བསྡུས་ཀྱང་། རླུང་རིག་གཉིས་བྱེད་ལས་གཅིག་པས་བསྒྲུབ་ཚུལ་ཤིན་དུ་ལེགས་པ་ཡིན་ཏེ། རྩ་རྒྱུད་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། ཅེས་སོ། ཡང་དང་གི་སྒྲས་བཅད་པ་དང་། འདས་རྗེས་ལས། སྒོ་ཡུལ་རླུང་གི་གནད་བསྟུན་པས། ཡུལ་ལ་ཡེ་ཤེས་མངོན་སུམ་སྣང་། ཞེས་པ་ལྟར་གནད་བཞིར་བཀྲལ་ཀྱང་མི་འགལ་ཞིང་། གཏེར་ཆེན་འགྱུར་མེད་པ་ནས་ཀྱང་དེ་ལྟར་བཞེད་པས། འདིར་རྩ་བའི་ཚིག་རིས་དང་མཐུན་པར། འཆར་སྒོ་མིག འཆར་ཡུལ་དབྱིངས། འཆར་བྱེད་དང་འཆར་བྱ་རླུང་དང་རིག་པ་ཡིན་པའི་ཕྱིར་བཞི་སྟེ། དང་པོ་འཆར་སྒོ་མིག་གི་གནད་ནི། རྩ་རྒྱུད་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། ཞེས་དང་རྒྱུད་ལས། ཡེ་ཤེས་འཆར་བའི་སྒོ་ནི་མིག །འཆར་གནད་བཟློག་ཕབ་ཟུར་ལ་མནན། ཞེས་དང་འདས་རྗེས་ལས། སྒོ་གནད་བཟློག་ཕབ་ཟུར་གྱིས་བལྟ། ཞེས་པ་ལྟར། ཆོས་སྐུའི་གཟིགས་སྟངས་འདྲེན་བྱེད་གྱེན་དུ་ལྡོག་ནས་གཙུག་ཏོར་གྱི་རྣམ་པར་བལྟས་པས། ཆོས་ཉིད་ཀྱི་སྤྱན ་གྱིས་བག་ཆགས་ཀྱི་སྒྲིབ་གཡོག་སེལ། ལོངས་སྐུའི་སྨྱུག་མ་བསྲང་བ་ལྟར་གཡས་གཡོན་དུ་ཟུར་ཁྲིད་ལ་གཏད་པས། ཡེ་ཤེས་ཀྱི་སྤྱན་གྱིས་འཁོར་འདས་རོ་མཉམ་དུ་བསྲེ། སྤྲུལ་སྐུའི་གཟིགས་སྟངས་དྲང་སྲོང་བསམ་གཏན་བསྒོམ་པ་ལྟར་ཕྱེད་བཙུམ། སྣང་ཕྱེད་ལས་ཁྲུ་གང་ཙམ་དམའ་བར་ཅུང་ཟད་ཕབ་པས། ཤེས་རབ་ཀྱི་སྤྱན་གྱིས་ཡེ་ཤེས་ཀྱི་སྣང་བ་མངོན་སུམ་དུ་མཐོང་བའི་གནད་ཡོད་ལ། དེར་ཡང་མ་ཟད་འཕོ་བ་ཡེ་ཤེས་ཀྱི་སྒོས་མཚོན་ཏེ་དབུ་མ་འོད་རྩ་ནས་ངོ་བོའི་སྟོང་གདངས་འཆར་བ་དང་། གློ་བའི་རྩ་སྦུབས་ནས་ཐུགས་རྗེའི་རིག་གདངས་འཆར་བའི་རྣམ་བཞག་ཀྱང་ཡོད་པར་གསུངས་ཕྱིར། ཕལ་གྱི་མིག་རྩ་གཉིས་ཁོ་ན་ལམ་དུ་ངོས་བཟུང་བ་ནི་གོ་བ་རྒྱ་ཆུང་བར་ཟད་དེ། མུ་ཏིག་ཕྲེང་བ་ལས། སྒོ་ཡི་གནད་ཉིད་མ་འགུལ་ན། །རིག་པ་དྲི་མེད་ལུ་གུ་རྒྱུད། །བདེ་ཆེན་ཚངས་པའི་སྒོ་ནས་སྣང་། ཞེས་སོ། དེ་འབྱོངས་པའི་རྟགས་སུ་མིག་ཡུལ་ལ་ཇི་ཙམ་གཏད་ཀྱང་ཚུགས་པ་འོང་ངོ། །

འཆར་གཞི་ཡུལ་གྱི་གནད།

གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། རྩ་རྒྱུད་ལས། ཡུལ་ནི་སྒྲིབ་བྱེད་བྲལ་བ་ལ། ཞེས་དང་། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་ནི་སྒྲོན་མ་ལམ་དུའོ། །ཞེས་དང་རྒྱུད་ལས། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། ཞེས་གསུངས་པས་གནས་རྐྱེན་བྲལ་མཐོ་དབེན་དངས་བའི་སར། །ཡུལ་རྐྱེན་བྲལ་སྤྲིན་དང་སེར་བུ་མེད་པའི་ནམ་མཁའ་ལ། སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་གདོང་ཕྱོགས་པས། དབང་པོ་རྐྱེན་བྲལ་རྒྱངས་ཞགས་ཆུའི་སྒྲོན་མ་བཞག་པས་སྣང་བར་བྱ་བའམ། ཡང་ན་ལས་དང་པོ་པས་འོད་གསལ་འཆར་སླ་བའི་ཆེད་དུ་ཟེར་གཉིས་དང་སྦྱར་ནས་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་ཕྱོགས་ལ་ཉི་མ་ལས་འོག་ཏུ་ཁྲུ་གང་ཙམ་གྱིས་ནམ་མཁའ་སྟོང་སང་ངེ་བ་དེ་ལ་རྒྱང་ཞགས་ཟིམ་བུར་གཏད་པར་ཡང་གསུངས་ཏེ། ཙཀྵུ་ཟིམ་བུས་སཱུར་ཡར་བལྟ། །ཤར་གྱི་རྒྱ་སྐར་བཞིན་དུ་གསལ། ཞེས་སོ། དེ་ཡང་ཐོག་མར་དེ་ལྟར་བྱ་ཞིང་དབྱིངས་རིག་སྨིན་མཚམས་བྲལ་ནས་སྔ་མ་ལྟར་བྱ་དགོས་སོ། །དེ་འབྱོངས་པའི་རྟགས་སུ་ཡུལ་ལ་གཏད་པ་ཙམ་གྱིས་ཡེ་ཤེས་འཆར་རོ།།

འཆར་བྱེད་རླུང་གི་གནད།

གསུམ་པ་འཆར་བྱེད་རླུང་གི་གནད་ནི། རྒྱུད་ལས། ཕྱི་ནང་རླུང་ནི་དལ་ཞིང་མཉམ། །ཡུད་ཙམ་ཕྱི་རུ་འདུར་བ་ཡིས། །རླུང་ནི་འགྲོ་འོང་ཆད་པར་འགྱུར། ཞེས་དང་། འདས་རྗེས་ལས། རླུང་གནད་ཤིན་ཏུ་དལ་བར་བསླབ། ཅེས་རླུང་གནད་དལ་བ་ལ་བརྟེན་ན་རླུང་གིས་རིག་པ་སྤུར། རྣམ་རྟོག་གིས་རླུང་ཞོན་ནས་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡང་བསླུ་བར་གསུངས་ཤིང་། དེའི་རྒྱུ་འགག་པར་བྱེད་པའི་ཐབས་སུ་རླུང་སྣ་ནས་དྲངས་ན་འཁོར་ལོ་བཞིའི་སྦྱང་བྱའི་རླུང་རྣམས་སྟོབས་སུ་གྱུར་ནས་གེགས་སྐྱོན་འབྱུང་ཉེ་ཞིང་། འདིར་ཁ་ནས་དྲངས་པས་གློ་བའི་རླུང་འགྲོ་འོང་གི་རྣམ་པ་ཅན་རང་བབས་སུ་དག་པས་གདངས་སྙིང་གར་ཐིམ་ནས་སྦྱང་བྱའི་རླུང་རྟོག་མ་སྤངས་རང་སར་དག་ཅིང་འཁོར་ལོ་སོ་སོའི་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་ནས་ཡེ་ཤེས་ཀྱི་རླུང་འོད་གསལ་དུ་གྲོལ་བའི་གནད་ཡོད་པར་གསུངས་པས། འབྱུང་འཇུག་མཉམ་པར་ཤིན་ཏུ་དལ་བུས་ཕྱི་ནས་ཤེད་མ་བསྐྱེད་པར་ཅུང་ཟད་རེ་ཕྱིར་གནས་རིང་པོར་འཛིན་པ་སྟེ། དེ་འབྱོངས་བའི་རྟགས་སུ་རྩ་རླུང་གི་འགྲོ་འོང་ཟད་པས་རྟོག་པའི་འགྲོ་འོང་ཟད་དེ་དབྱིངས་རིག་གཡོ་འགུལ་མེད་པར་སྡོད་པའོ། །དེ་ལྟར་སྒོ་གསུམ་གྱི་བྱ་བ་བཏང་ཞིང་གནད་དུ་གཟིར་བ་དང་། སྒོ་ཡུལ་རླུང་གི་གནད་རྣམས་ལ་བརྟེན་ནས། ཙིཏྟ་ཤའི་སྒྲོན་མ་རིན་པོ་ཆེའི་སྒྲོམ་ནང་ན་གནས་ལུགས་ཡེ་ཤེས་གཞིའི་སྒྲོན་མ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱིས་མཚོན་པར་བུམ་སྐུའི་ཚུལ་དུ་གནས་པ་དེ་ཉིད་རང་བྱུང་གསང་བ་ཆེན་པོའི་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་དཀར་འཇམ་སྟོང་པ་སྙིང་ནས་མིག་ཏུ་འབྲེལ་ཞིང་། རྩ་བ་ཕྲ་ལ་རྩེ་མོ་ཡངས་པ་བ་མེན་གྱི་རྭ་འདྲ་བ་གཉིས་མིག་གི་ཨ་འབྲས་ཀྱི་དཀྱིལ་དུ་ཟུག་པ་ནས་བརྒྱུད་དེ། རྒྱང་ཞགས་ཆུའི་སྒྲོན་མ་དཀར་ནག་ཕྱེད་མ་ཆུའི་རང་བཞིན་ཅན་དངས་ལ་གསལ་བ་དེའི་རྒྱན་དུ་ནང་གདངས་ཅུང་ཟད་ཕྱིར་ཤར་བའི་ཕྱི་དབྱིངས་ནམ་མཁའ་སྔོ་སང་སྟོང་པ་གོ་འབྱེད་འཆར་གཞིའི་ཆ་ཙམ་དུ་མེ་ལོང་དང་འདྲ་བ་ལ། མི་གསལ་བ་གསལ་བར་གོ་འཕོས་པ་ཙམ་དུ་སྣང་བའི་གོ་ཕྱེས་ནས་ནང་དབྱིངས་རྣམ་དག་གི་སྒྲོན་མ་བདག་པོའི་བཞིན་དང་འདྲ་བ་དེ་ཉིད། ཐོག་མར་སྨིན་མཚམས་མཐིང་ཀ་ཁྱབ་པ་ཆེན་པོའི་འོད་སྣང་ལས་མཆེད་པའི་ཚུལ་དུ་རིམ་གྱིས་འོད་ལྔའི་གདངས་ཁ་ཏོག་ལྔ་པ་ཟ་འོག་ཁ་ཕྱེས་པའམ། ནམ་མཁའི་འཇའ་ཚོན་ལྟ་བུ་འོད་ལྔའི་ཐིག་ཕྲན་དང ་བཅས་པ་གསལ་བའི་ནང་དུ། ལས་ཀྱི་རླུང་དག་པའི་ཆ་ལས་བྱུང་བའི་ཐིག་ལེ་སྟོང་པའི་སྒྲོན་མ་མཚོའམ་རྫིང་བུ་དངས་མར་རྡོ་བོར་བའི་རི་མོའི་རྣམ་པས་མཚོན་པའི་ཐིག་ཟླུམ་དངས་གསལ་འོད་ལྔའི་མུ་ཁྱུད་ཅན་ལ་སོགས་པར་སྣང་ཞིང་དེའི་ནང་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བ་དེ་ལྷག་གེར་འཆར་བ་དེ་ཉིད་ངོ་བོ་གཅིག་ལ་ལྡོག་པ་གསུམ་གྱི་དབྱེ་བས་ངོས་ཟིན་དགོས་ཏེ། ནང་གི་རིག་པ་ཤིན་ཏུ་ཡུལ་མེད་པ་ཞིག་ཉམས་སུ་མྱོང་བ་དེ་ནི་ཤེས་རབ་ཀྱི་ངོ་བོ་དང་། དེ་ལ་ཡུལ་ཤེས་ཀྱི་ཤེས་རབ་རྣོ་ལ་མྱུར་བ་དང་། ཚིག་དོན་ཀློང་རྡོལ་དུ་འཆར་བ་ཤེས་རབ་ཀྱི་རྩལ་དང་། ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཐོག་མར་རྟ་རྔ་ལ་མདུད་པ་བཏབ་པ་ལྟ་བུའམ། མུ་ཏིག་གི་ཕྲེང་བ་དང་། གསེར་གྱི་སྐུད་པ་ལྡིང་བའམ་མེ་ཏོག་གི་ཆུན་པོ་ལྟ་བུར་སྣང་བ་ནི་ཤེས་རབ་ཀྱི་གདངས་སུ་བཞེད་དོ། །དེ་ལྟར་ཡང་རྩ་རྒྱུད་ལས། ཙིཏྟ་རིན་ཆེན་གཞལ་ཡས་ནས། །ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེ་ཁ་ཏོག་སོ་སོར་གསལ། ཞེས་དང་། རྫོགས་པ་ཆེན་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། སྙིང་ནས་མིག་ཏུ་འབྲེལ་བ་ཡི། །རང་བྱུང་གསང་བ་ཆེན་པོའི་རྩ། །ཀ་ཏི་ཤེལ་གྱི་སྦུ་གུ་ཅན། ཞེས་དང་། གསེར་ཕྲེང་ལས། རིན་ཆེན་རྒྱ་མཚོར་འབྲེལ་བའི་རྩ། །དཀར་འཇམ་ཁོག་པ་སྟོང་པ་ནི། །ཐིག་ལེ་ཁྲག་གིས་མ་གོས་པ། །ཡེ་ཤེས་ཆེན་པོ་དེ་ནས་རྒྱུ། །ཞེས་དང་། རྒྱུད་ལས། ཁྱད་པར་ཙིཏྟ་ནས་འབྲེལ་བའི། །དར་སྐུད་བ་ཆེན་རྭ་འདྲ་ལ། །དབང་པོའི་མིག་ལ་ཟུག་པ་སྟེ། །ཆོས་ཉིད་ཀུན་ནི་ལམ་ཡིན་ནོ། །ཞེས་དང་། རང་ཤར་ལས། སྒྲོན་མ་རྣམ་བཞི་འདི་ལྟ་སྟེ། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །རིག་པ་དབྱིངས་ཀྱི་སྒྲོན་མ་དང་། །ཤེས་རབ་རང་བྱུང་སྒྲོན་མ་དང་། །རྒྱང་ཞགས་ཆུ་ཡི་སྒྲོན་མ་རྣམས། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་གསུངས་སོ། །

འཆར་བྱ་རིག་པའི་གནད།

བཞི་པ་འཆར་བྱ་རིག་པའི་གནད་ནི། རྩ་རྒྱུད་ལས། རང་གི་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་ཏེ་མཁའ་ལའོ། །ཞེས་དང་། སྒྲོན་མ་འབར་བ་ལས། མཐིང་ཀ་མི་འགྱུར་སྣང་བ་ལས། །ཁ་ཏོག་གསལ་བའི་འོད་ལྔ་ཡང་། །འདི་ཉིད་རབ་ཏུ་གསལ་འགྱུར་ཞིང་། །དབྱིངས་ཀྱི་རིག་པའི་རང་ཡུལ་ཕྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་གཞུག་པར་བྱ། ཞེས་དང་། རྒྱུད་ལས། རིག་གནད་ལུག་རྒྱུད་བཙོན་དུ་བཟུང་། །དངོས་སྣང་དལ་བ་ཉིད་ལ་བརྟེན། ཞེས་ཏེ། དེ་ལྟར་མཐོང་བའི་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཕྲ་ལ་འཁྱུག་པ་རྟ་རྔ་མདུད་པའམ་ལྕགས་ཚགས་དང་། མེ་ཏོག་གི་དྲ་བ་ལྟ་བུ། གཉིས་སྦྲེལ་དང་གསུམ་སྦྲེལ་སོགས་འཆར་བ་དེ་ཉིད་དབྱིངས་སྣང་འོད་ལྔ་འཁྱིལ་བ་རྨ་བྱའི་མདོངས་ལྟ་བུའི་དབུས་སུ། ཐིག་ལེ་སྲན་ཟླུམ་ནས་ཡུལ་གྲུ་ཙམ་གྱི་བར་ཆུ་ལ་རྡོ་བསྐྱུར་བའམ། ཕུབ་ཀྱི་སྦ་སྐོར་ལྟ་བུའི་ར་བར་བཙོན་དུ་བཟུང་བ་ལྟར་བཙུད་ནས་བསྒོམ་དགོས་ལ། དེ་ཡང་ཐོག་མར་སྨིག་སྒྱུ་ལྟར་འགུལ་འཕྲིག་ཅན་འལ་འོལ་མི་གསལ་བར་ཤར་ཡང་དེ་ཉིད་ལྟ་སྟངས་ཀྱིས་རིམ་པར་ཁྲིད་ནས་དབྱིངས་ཀྱི་ར་བར་ཚུད་པ་ན། འོད་སྣང་ལ་ཡིན་མིན་སོགས་ཀྱི་སྤུ་རིས་འབྱེད་པའི་དཔྱད་པ་དང་། རྣམ་རྟོག་གི་བསླད་ཤོར་ན་ལུག་རྒྱུད་དངོས་པོར་སེམས་པ་སོགས་ཀྱི་གེགས་དང་གོལ་སས་འཆིང་ཉེན་ཡོད་པས། རིག་པ་རང་གི་ངོ་བོ་ལ་རང་གི་བལྟ་ཤེས་ཙམ་ལས། ཆོས་ཉིད་རང་ལ་རང་གསལ་བཞིན་པ་དེ་ལ་བློས་བཅོས་བསྒྱུར་དང་རྟོག་དཔྱོད་འཛིན་ཞེན་གང་ཡང་མེད་པར། གནད་ལས་མི་གཡོ་བའི་དལ་བ་ཉིད་ཀྱིས་བརྟེན་ཅིང་། ཅི་སྟེ་འོད་གསལ་གྱི་སྣང་བ་མི་གསལ་བ་ལྟ་བུའམ། སྟེང་འོག་དང་གཡས་གཡོན་སོགས་སུ་ཡོ་བཟུར་བྱེད་ན། དེ་རྗེས་སུ་མིག་དང་སེམས་བཅར་ཕོག་ཏུ་མི་འབྲང་བར་ལྟ་སྟངས་ཀྱིས་མིག་ཟུར་ནས་དལ་བུས་ཁྲིད་དེ་སྔར་བཞིན་ཤར་བ་ལ་སེམས་གཡོ་མེད་དུ་ཅེ་རེ་གཏད་ཅིང་འཛིན་རྟོག་གིས་མི་བསླད་པར་བརྗོད་མེད་སྤྲོས་པ་དང་བྲལ་བའི་རང་སོ་བཟུང་བའི་བརྟུལ་ཞུགས་དག་ལ་བསླབ་ཅིང་གོམས་སུ་གཞུག་གོ། །དེ་འབྱོངས་པའི་རྟགས་ནི་ལུ་གུ་རྒྱུད་འགུལ་འཕྲིག་མེད་པར་སྡོད་པའོ། །དེས་ནང་གི་རྩ་ཁམས་རྣམས་འོད་དུ་ཅི་ཙམ་དངས་སྟོབས་ཆེ་བ་དེ་ཙམ་དུ་དབྱིངས་རིག་འོད་གསལ་གྱི་སྨིན་མཚམས་ནས་བྲལ་ཏེ་གསལ་འགྲིབ་མེད་པར་འཆར་བ་སོགས། ཡུལ་དང་ཡུལ་ཅན་དབྱེར་མེད་འདྲེས་པས་ཡུལ་རྐྱེན་ལ་ལྟོས་པ་ཇེ་ཆུང་ལ་སོང་ནས་སྣང་བ་བཞི་པོའི་ཉམས་ལེན་འཕེལ། སྣང་ཤེས་ཀྱི་ཉམས་རྣམས་རིམ་གྱིས་སྐྱེ་བར་འགྱུར་རོ། །དེ་ལ་འདིར་ནི་ཆུ་བུར་གྱི་མིག་གིས་མཐོང་བ་ཡིན་པས་ཟད་པའི་ས་ལ་སྐྱོལ་དགོས་ཤིང་། ཤེས་རབ་ཀྱི་མིག་གིས་མཐོང་ན་གོ་རིམ་གྱི་ངེས་པ་སྤངས་ནས་ཅིག་ཆར་དུ་ཟད་པར་འགྱུར་ལ། དེ་གཉིས་ཀ་མ་ཡིན་པའི་རྩ་བཟང་བའི་རིགས་འགའ་ཞིག་ལ་ངེས་པ་མེད་པའི་འཆར་ལུགས་ཀྱང་ཡོད་དེ། གང་ཟག་གི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་རྣམས་གང་ཡང་ལམ་རྟགས་སུ་རློམ་པ་མི་བྱ་སྟེ། དྲོད་གཤེར་གྱི་རྒྱུ་རྐྱེན་གཅིག་ལས་སྲུས་ཤིན་ཏུ་སྔ་བར་སྨིན་པའི་ས་རྫི་ཀར་འགྱུར་བའང་ཡོད་པའི་ཕྱིར་ཚད་མཐའ་རྟེན་གྱི་གང་ཟག་ཁོ་ནས་བཟུང་དགོས་པར་གསུངས་སོ། །དེ་ལྟར་རླུང་རིག་གཅིག་ཏུ་བྱས་པའི་གནད་གསུམ་མམ་ཐ་དད་དུ་ཕྱེ་བའི་གནད་བཞིའི་རྐྱེན་གྱིས་ཡེ་ཤེས་མངོན་སུམ་དུ་སྣང་ཞིང་གནད་དང་མི་ལྡན་ན་རིག་པའི་དོན་རྟོགས་ནུས་པ་མིན་པའི་ཚུལ་ནི། རྒྱུད་ལས། རིག་པ་ཡེ་ཤེས་ལུ་གུ་རྒྱུད། །ཡེ་ནས་གཞི་ལ་གནས་མོད་ཀྱང་། །བར་དུ་རྐྱེན་མེད་རྐྱེན་གྱིས་གསལ། ཞེས་དང་། འདས་རྗེས་ལས། སྒོ་ཡུལ་རླུང་གི་གནད་བསྟུན་པས། །ལུས་ལ་ཡེ་ཤེས་མངོན་དུ་སྣང་། ཞེས་དང་། རྒྱུད་ལས། གནད་གསུམ་བསྟུན་པར་མ་བྱས་ན། །རིག་པའི་དོན་ལ་རེག་མི་འགྱུར། ཞེས་སོ། །དེའི ་དགོས་པ་ཡང་། རིག་པའི་དབང་པོས་མངོན་སུམ་དུ་སྣང་བ་དེ་ལ་གོམས་པས་མ་རིག་པ་དང་བྲལ་ཏེ། གནས་སྐབས་སུ་ཚེ་དུས་ལས་འདས་ཀྱང་བདེན་པ་མཐོང་བའི་གནད་ཀྱིས་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་གྲོལ་ཞིང་དབུགས་དབྱུང་ནས་ལོ་ལྔ་བརྒྱ་ན་བར་དོ་མེད་པར་སངས་རྒྱས་ཤིང་། མཐར་ཐུག་མངོན་སུམ་གྱི་ཉམས་ལེན་མཐར་སོན་པས་རྩ་ཁམས་འོད་དུ་དེངས། སྣང་བ་བཞི་ཟད་ནས་ལྷག་མེད་འགྲུབ་པ་ཡིན་ལ། དེ་ལྟར་མངོན་སུམ་རང་ཐོག་ཏུ་མ་ཕེབས་ན་ཡོན་ཏན་རྣམས་ལས་ལྡོག་པའི་སྐྱོན་ཡོད་དོ། །

དབབ་པའི་དོན་ངོ་སྤྲོད་པ།

རིག་པའི་རྩལ་དབང་བསྐུར་བ།

རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གཞུག་པ།

གསུམ་པ་མངོན་སུམ་རང་ཐོག་ཏུ་དབབ་པའི་དོན་ངོ་སྤྲོད་པ་ལ། རིག་པའི་རྩལ་དབང་བསྐུར་བ། རིག་ཐོག་ཏུ་ངོ་སྤྲོད་པ། སྤྲོ་བ་བསྐྱེད་པ། རྣལ་འབྱོར་བཞིས་ཉམས་སུ་བླང་བ་སྟེ་བཞི་ལས། དང་པོ་རྩལ་དབང་རྒྱས་པ་ནི། དབང་གི་ལྡེ་མིག་གི་བཞི་པ་ཉིད་ཡིན་ལ། སྐབས་འདིར་ཀུན་མཁྱེན་ཡབ་སྲས་ཀྱི་བཞེད་དོན་ལྟར་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གཞུག་པ་དང་། གཤིས་ཐོག་ཏུ་རིག་པའི་རྩལ་དབང་བསྐུར་བ་གཉིས། དང་པོ་གཞུག་པ་ནི། མངོན་སུམ་གྱི་སྣང་བ་འཆར་བའི་གནས་དུས་ཕུན་སུམ་ཚོགས་པར། སློབ་བུ་རྣམས་ཀྱིས་ཚོགས་འཁོར་དང་མཆོད་གཏོར་བྱ་ཞིང་། དབང་ཡོན་དུ་གསེར་གྱི་མཎྚལ་ཕུལ་ནས་གསོལ་བ་གདབ་པ་ནི། བླ་མ་རྡོ་རྗེ་འཛིན་པ་ཆེ། །བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར། །རྡོ་རྗེ་སེམས་དཔའི་གསང་ལམ་མཆོག །རིག་པའི་རྩལ་དབང་བསྐུར་དུ་གསོལ། ལན་གསུམ་བརྗོད་ནས། དཔོན་སློབ་ཐམས་ཅད་ཀྱིས་འོད་གསལ་གྱི་སྣང་བ་སྒྲིབ་གཡོག་དང་བྲལ་བའི་བརྡར་སྟོད་གཡོགས་བསལ་ཏེ། བླ་མའི་ཐུགས་ཀར་ཨ་མཐིང་ག་གཅིག་བཀོད་པ་ལ་མིག་མི་འཛུམ་པར་བལྟ་ཞིང་སེམས་མ་ཡེངས་པའི་ངང་ལ་འཇོག་བཅུག་ལ། སློབ་དཔོན་གྱིས་ཊཱ་མ་རུའི་སྒྲ་དང་བཅས་ཏེ་བྱིན་དབབ་པའི་མཐར། ཐོལ་བྱུང་དུ་ཕཊཿདྲག་པོ་ཞིག་བརྗོད་ལ་དེ་མ་ཐག་ཏུ་སེམས་གང་ཡིན་ཞེས་དྲིས་པས་ཐམས་ཅད་ཅི་ཟེར་གཏད་མེད་དུ་ཧ་ཕྱད་དེ་ལུས་པའི་ཚེ། རིག་པ་མ་བཅོས་པ་ལྷག་གེར་ཤར་བ་དེ་མ་མཐོང་བའི་མཐོང་བ་ཆེན་པོ་ཞེས་བྱ་སྟེ་ཆོས་སྐུའི་ངང་དུ་ཡེ་ཤེས་དབབ་པའོ། །དེ་ནས་སྤྲུལ་སྐུའི་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་སློབ་མ་རྣམས་དྲང་སྲོང་ཙོག་པུར་འདུག་ཅིང་མིག་བར་སྣང་རྟེན་མེད་དུ་བཞག་ནས་རང་བཞིན་གྱི་ཞིང་རྣམས་ཡིད་ལ་བྱར་བཅུག་ཏེ། ཨེ་མ། སྐལ་ལྡན་སེམས་ཀྱི་བུ་རྣམས་ཉོན་ཅིག ཤར་ཕྱོགས་ན་མངོན་པར་དགའ་བའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་ཡིད་དུ་འོང་བ་ན། བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ཞེས་བྱ་བ་སྐུ་མདོག་མཐིང་ག་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡོད་དོ། །ལྷོ་ཕྱོགས་ན་དཔལ་དང་ལྡན་པའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་ཡིད་དུ་འོང་བ་ན། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཞེས་བྱ་བ་སྐུ་མདོག་སེར་པོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡོད་དོ། །ནུབ་ཕྱོགས་ན་པདྨ་བརྩེགས་པའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་ཡིད་དུ་འོང་བ་ན། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཞེས་བྱ་བ་སྐུ་མདོག་དམར་པོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡོད་དོ། །བྱང་ཕྱོགས་ན་ལས་རབ་རྫོགས་པའི་ཞིང་ཁམས་མཛེས་ཤིང་ཉམས་དགའ་ཡིད་དུ་འོང་བ་ན། བཅོམ་ལྡན་འདས་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ་སྐུ་མདོག་ལྗང་གུ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡོད་དོ། །དེ་དག་ཐམས་ཅད་ཀྱང་ཡབ་ཡུམ་གཉིས་སུ་མེད་པ་འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་བཞུགས་པ་རྣམས་རང་རང་གི་སྟོན་པ་ལ་ཆོས་མཉན་ཅིང་རང་རང་གི་ཉེ་འཁོར་ལ་ཆོས་སྟོན་པ། རང་གི་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་ཤར་ཕྱོགས་ཀྱི་ཞིང་ཁམས་སུ་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ་སེང་གེའི་མཆོང་སྟབས་ཀྱིས་མཆོངས་ཤིག །ལྷོ་ཕྱོགས་ཀྱི་ཞིང་ཁམས་སུ་སེང་གེའི་ལྟ་སྟངས་ཀྱིས་ལྟོས་ལ་སྟག་མོའི་མཆོང་སྟབས་ཀྱིས་མཆོངས་ཤིག །ནུབ་ཕྱོགས་ཀྱི་ཞིང་ཁམས་སུ་དཔལ་གྱི་རྔམས་སྟབས་ཀྱིས་ལྟོས་ལ་ཁྱུང་གི་ལྡིང་སྟབས་ཀྱིས་འཕུར་ཅིག །བྱང་ཕྱོགས་ཀྱི་ཞིང་ཁམས་སུ་རྡོ་རྗེ་འཆང་གི་ལྟ་སྟངས་ཀྱིས་ལྟོས་ལ་གློག་དམར་འཁྱུག་སྟངས་ཀྱིས་སོང་ཤིག ཨ་ཨ་ཨཿ ཞེས་ཕྱིར་མི་ལྡོག་པའི་རྒྱས་གདབ་བོ། །དེ་ལྟར་རིག་པའི་དཀྱིལ་འཁོར་གྱི་སྒོ་བཞི་ནས་བཅུག་པས་སློབ་དཔོན་ལྟ་དགོངས་ཅན་དང་སློབ་མ་དད་དམ་ཅན་འཛོམ་ན་ཚེ་འདིར་ཉམས་སུ་མ་ལོངས་ཀྱང་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་འབྱིན་པར་ནུས་སོ། །དེ་ནས་ལོངས་སྐུའི་དཀྱིལ་འཁོར་དུ་འཇུག་པའི་ཕྱིར། རྡོ་རྗེའི་སྐྱིལ་ཀྲུང་གིས་མིག་བར་སྣང་ལ་ཧར་རེ་བར་ཞིང་ཁམས་ཡིད་ལ་བྱར་བཅུག་ཏེ། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་རྣམས་ཉོན་ཅིག དེ་དག་ཐམས་ཅད་འདས་པའི་ཕ་རོལ་ན། རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་དེ་དག་མ་ལུས་ཤིང་ལུས་པ་མེད་པའི་འཆར་གཞི་བདག་པོའི་བྱད་དང་འདྲ་བ་རྒྱན་སྟུག་པོ་བཀོད་པའི་ཞིང་ཁམས། ཡེ་ཤེས་ལྔས་ཁྱབ་ཅིང་ཀུན་ཏུ་གསལ་བ་ཤིན་ཏུ་མཉམ་ཞིང་མི་གཡོ་བ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ། ཟག་པ་ཟད་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་པ་ཞེས་བྱ་བ། འཁོར་ཡང་དག་པར་རྫོགས་པའི་སངས་རྒྱས་བརྒྱ་སྟོང་བྱེ་བ་དཔག་ཏུ་མེད་པས་བསྐོར་བ་ཆོས་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་རོལ་པ་ཞིག་ཡོད་ཀྱིས། བུ་ཁྱོད་དེར་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ་སེང་གེའི་མཆོང་སྟངས་ཀྱིས་སོང་ཤིག ཨ་ཨ་ཨཿ ཞེས་སྟོང་པ་ཉིད་ཀྱིས་སླར་མི་ལྡོག་པར་རྒྱས་གདབ་བོ། །དེ་ནས་ཆོས་སྐུའི་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་སེང་གེའི་འདུག་སྟངས་ཀྱིས་སངས་རྒྱས་ཀྱི་ས་ན་ཡོད་པའི་སྤྱན་ལྔ་ཁྱད་པར་ཅན་ཐོབ་པའི་རྟེན་འབྲེལ་དུ་མིག་གྱེན་ཐུར་དང་། གཡས་གཡོན་དང་། ཐད་དྲང་དུ་བལྟས་ཏེ་རིག་སྟོང་རྗེན་པའི་ཡེ་ཤེས་གསལ་གདབ་ཅིང་། ཨེ་མ་སྐལ་ལྡན་སེམས་ཀྱི་བུ་རྣམས་ཉོན་ཅིག །གཟུགས་སྐུ་གཉིས་ལས་འདས་པའི་ཕ་རོལ་ན། དེ་གཉིས་ཀའི་འཆར་གཞིར་གྱུར་པ་རང་གི་རིག་པ་བསམ་ངོ་དང་བྲལ་བའི་ངོ་བོ་ཡེ་ཤེས་ཐིམ་ལ་མ་རྨུགས་པ། གང་དུ་ཡང་མ་ཕྱེ་བའི་ཆོས་ཉིད་ཚད་མེད་དཔག་ཏུ་མེད་དམིགས་སུ་མེད་པ་བཞུགས་ཀྱིས། བུ་ཁྱོད་འགྲོ་ས་མེད་པའི་གཤིས་ལ་འགྲོ་མཁན་རྩད་གདར་ཆོད་ལ་ཞོག་ཅིག རིག་སྟོང་དུ་ཤེས་པའི་གནད་ཚུགས་ཤིག མ་འགག་པར་འགྱུར་བ་རྩལ་སྦྱོངས་ཤིག ཡེ་ཤེས་སུ་གསལ་བའི་ལམ་སྦྱོངས་ཤིག སྣ་ཚོགས་སུ་འཆར་བ་ལ་མ་ཞེན་ཅིག བསམ་གྱིས་མི་ཁྱབ་པའི་ངང་དུ་ཨ་ཨ་ཨཿ ཞེས་ཐུགས་རྗེ་དང་རང་བཞིན་དང་ངོ་བོ་རང་སྣང་གི་དལ་དུ་གཞུག་པས་མ་རིག་པ་གཞི་ལ་སངས། རིག་པའི་ཡེ་ཤེས་རྒྱས་པས་མངོན་སུམ་བསྒོམ་པ་ལ་དབང་ཞིང་གོམས་ཤུགས་ཆུང་བ་རྣམས་བར་དོ་དང་མཆོག་རྣམས་ཚེ་འདིར་གྲོལ་བ་ཡིན་ནོ། །

གཤིས་རང་ཐོག་ཏུ་རིག་པའི་རྩལ་དབང་བསྐུར་བ།

གཉིས་པ་གཤིས་རང་ཐོག་ཏུ་རིག་པའི་རྩལ་དབང་བསྐུར་བ་ནི། འོད་གསལ་ཐོད་རྒལ་ཆེན་པོའི་གནད་མཚོན་པའི་སྒོ་གསུམ་གྱི་བཞུགས་སྟངས་སོགས་བྱེད་དུ་བཅུགས་ལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །རིན་ཆེན་ལུས་ཀྱི་དབུས་ཉིད་དུ། །སྐུ་གསུམ་དགོངས་མཛོད་སྙིང་པོའི་དོན། །ངོ་བོ་སྟོང་གསལ་སྐུ་རུ་གནས། །རང་བཞིན་གསལ་སྟོང་ཏི་ལ་འོད། །ཐུགས་རྗེ་སྣང་སྟོང་སྒྲོན་མར་གནས། །དེ་ཉིད་ཙིཏྟའི་གསང་སྒྲོམ་ནས། །ཀ་ཏི་ཤེལ་སྦུབས་ལམ་བརྒྱུད་དེ། །རྐྱེན་གསུམ་བྲལ་བ་དབང་པོའི་མཁར། །རྒྱངས་ཞགས་སྒོ་ནས་མངོན་སུམ་དུ། །འཇའ་ཟེར་ཐིག་ལེ་ལུག་རྒྱུད་འབྲེལ། །ཟེར་ལྡན་མདོངས་འདྲ་ཉུང་འབྲུ་ཙམ། །རྟ་རྔའམ་ལྕགས་ཐག་མདུད་འདྲར་བཅས། །འགུལ་འཕྲིག་འགྱུ་བའི་རྣམ་པར་འཆར། །མདངས་དབྱིངས་འོད་མཐིང་ན་རོའི་དབྱིབས། །ཤེས་རབ་གདངས་རྩལ་སྣ་ཚོགས་འཆར། །དེས་ནི་ཀུན་བཟང་རིག་པའི་དབང་། །རིག་སྟོང་ངོ་བོ་ཀ་ནས་དག །རང་བཞིན་སྣ་ཚོགས་འོད་དུ་གསལ། །ཐུགས་རྗེ་མ་འགག་ཕྱོགས་རིས་མེད། །ཏི་ལ་མདངས་གསུམ་རྩལ་དབང་ཐོབ། །འཁོར་འདས་སྣང་སྲིད་རྟོག་ཚོགས་ཀུན། །རེ་བ་མེད་དེ་རང་སངས་རྒྱས། །དོགས་པ་མེད་དེ་རང་དག་ཉིད། །དགག་ཏུ་མེད་དེ་སྣ་ཚོགས་སྣང་། །སྒྲུབ་ཏུ་མེད་དེ་མཚན་འཛིན་གྲོལ། །རང་རིག་རང་གསལ་རང་བྱུང་སེམས། །རང་ཤར་རང་གྲོལ་ཡེ་ཤེས་ཉིད། །གང་ཤར་རང་རིག་རང་རྩལ་གྲོལ། །རིག་པའི་རྩལ་དབང་ཐོབ་པའོ། །ཞེས་དང་། ཀྱཻ། སྐལ་ལྡན་སེམས་ཀྱི་བུ་རྣམས་ཉོན་ཅིག ཙིཏྟ་རིན་པོ་ཆེ་གསང་བའི་སྦུབས་ན་ཐིག་ལེ་ཡེ་ཤེས་ཀྱི་ས་བོན། ངོ་བོའི་ཆ་ནས་སྟོང་ཞིང་བདག་མེད་པ། རང་བཞིན་གྱི་ཆ་ནས་འགགས་མེད་དུ་གསལ་བ། ཐུགས་རྗེའི་རྩལ་ལས་སྐུ་དང་ཡེ་ཤེས་དབྱེར་མེད་བུམ་ནང་གི་སྒྲོན་མེ་ལྟར་གསལ་བའི་འོད་གདངས་རིན་པོ་ཆེ་ཤེལ་སྦུག་ཅན་ནས་ཐོན་ཏེ་སྒྲོན་མ་བཞིའི་རང་བཞིན་དུ་གསལ་བ་འདིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཆོས་ཉིད་མངོན་དུ་མཐོང་ནས་རིག་པ་རྩལ་གྱི་དབང་ཆེན་ཐོབ་པ་ཡིན་ནོ། །ཞེས་བརྗོད་དོ། །དེ་ལྟར་རྩལ་དབང་ཐོབ་པའི་ཡོན་ཏན་དང་། མ་ཐོབ་པའི་སྐྱོན་ནི་རིམ་པར། འབྲས་བུ་ཡོངས་རྫོགས་ཆེན་པོའི་རྒྱུད་ལས། རང་རིག་རྩལ་གྱི་དབང་ཐོབ་ཚེ། །ཆོས་རྣམས་སེམས་ལ་རྫོགས་ཕྱིར་གྲོལ། །རབ་འབྱམས་བཀའ་ཡི་དབང་རྣམས་ཐོབ། ཞེས་དང་། རྒྱུད་ཀློང་གསལ་ལས། རབ་འབྱམས་རིག་པའི་དབང་མེད་ན། །འདུས་བྱས་དབང་གིས་གྲོལ་མི་སྲིད། ཅེས་གསུངས་སོ། །

རིག་ཐོག་ཏུ་ངོ་སྤྲོད་པ།

མེ་ལོང་ལ་བརྟེན་ནས་ངོ་སྤྲོད་པ།

གཉིས་པ་རིག་ཐོག་ཏུ་ངོ་སྤྲོད་པ་དངོས་ལའང་། མེ་ལོང་ལ་བརྟེན་པ། མན་ཤེལ་ལ་བརྟེན་པ། རིག་པ་རྐྱང་པར་ངོ་སྤྲད་པ་གསུམ་གྱི། དང་པོ་མེ་ལོང་ལ་བརྟེན་ནས་ངོ་སྤྲོད་པ་ལ། ཐོག་མར་གཡའ་དྲི་མེད་པའི་མེ་ལོང་དངས་མར་འོད་ལྔའི་ཐིག་ལེ་འཆར་བཅུག་སྟེ་བསྟན་ལ། དེ་ཡང་འོད་ལྔ་གསལ་ལ་མ་འདྲེས་པ་གཞིའི་སྒྲོན་མ་རང་གི་སྙིང་དབུས་ན་ཡོད་པའི་གནད་ཀྱིས་ལམ་ཉམས་སུ་བླང་བའི་ཚེ་སྒྲོན་བཞི་འོད་གསལ་གྱི་སྣང་བ་སྣང་སྲིད་ཐམས་ཅད་ཟ་འོག་གི་གུར་ཁྱིམ་ལྟར་འཆར་བ་ནི་འདི་ལྟ་བུའོ། དེ་ནས་རྒྱལ་བའི་སྐུ་གཟུགས་འོད་ལྔ་འཁྱིལ་བའི་དབུས་སུ་བཞུགས་པ་འཆར་བར་བྱས་ཏེ་བསྟན་ལ། འདི་ནི་རང་རིག་ཉམས་སུ་བླངས་བས་ཉམས་གོང་འཕེལ་གྱི་སྣང་བ་མཐར་ཕྱིན་ཏེ་རྒྱལ་བ་རིགས་ལྔའི་སྐུ་རྐྱང་པ་འཆར་བའི་བརྡའོ། །དེ་རྗེས་ལོངས་སྐུ་ཡབ་ཡུམ་ཞལ་སྦྱོར་འཁོར་དང་བཅས་པ་འཆར་བ་བསྟན་ལ། འདི་ནི་བརྩོ ན་པ་ཅན་གྱིས་གོམས་ནས་རིག་པ་ཚད་ལ་ཕེབས་ཏེ། ཐིག་ལེ་འོད་ཀོར་རེ་རེའི་ནང་དུའང་རྒྱལ་བ་རིགས་ལྔ་ཚོམ་བུའི་སྐུར་མཐོང་བ་འབྱུང་སྟེ་དེའི་བརྡའོ། །ཞེས་བརྡ་སྤྲད་དོ། །དེ་ཡང་རྒྱུད་ལས། སངས་རྒྱས་མཁའ་འགྲོའི་ཞིང་ཁམས་སུ། །རྡོ་རྗེ་མཁའ་འགྲོའི་མེ་ལོང་དུ། །རིན་ཆེན་མཁའ་འགྲོའི་དེ་སྒོ་ཕྱེས། །སྒོ་བ་ལས་ཀྱི་ཊཱཀྐི་བྱོན། །པདྨ་ཊཱཀྐི་མངོན་སུམ་བསྟན། ཞེས་གསུངས་པ་ལྟ་བུའོ། །

མན་ཤེལ་ལ་བརྟེན་ནས་ངོ་སྤྲོད་པ།

གཉིས་པ་མན་ཤེལ་ལ་བརྟེན་ནས་ངོ་སྤྲོད་པ་ནི། རྡོ་རྗེ་སེམས་དཔའི་མེ་ལོང་བསྟན་ལ། འདི་ནི་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྤྲུལ་པ་སྟེ། དེ་ཉིད་ཀྱི་བྱིན་རླབས་ལས། གླིང་བཞི་འཇིག་རྟེན་གྱི་ཁམས་རྣམས་སུ་རང་བྱུང་ཤིང་རང་གནས་པ་ཡིན་ལ། དེང་འདིར་རྣལ་འབྱོར་བ་རྣམས་ཀྱི་ཉམས་རྟོགས་དང་མཐུན་པར་ངོ་བོ་སྒྲིབ་མེད་དུ་སེང་ངེ་འདུག་པ་ནི་རང་གི་སེམས་ཉིད་སྟོང་གསལ་འཛིན་མེད་ཀྱི་བརྡའོ། །འོད་དང་དབྱིབས་གཟུགས་ཁ་ཏོག་སྣ་ཚོགས་ཐ་དད་པར་སྣང་བ་ནི་རང་བཞིན་སྣ་ཚོགས་འགག་མེད་ཅིར་ཡང་འཆར་བ་མཚོན་པའོ། །མིག་ཟུམ་བུས་བལྟས་པས་འོད་ལྔ་མ་འདྲེས་བཀྲ་བ་ཡོད་པ་མཐོང་སྟེ། འདིའི་ཐུགས་རྗེ་ནང་གསལ་དུ་བཞུགས་པ་འདི་ནི་རང་གི་སྙིང་དབུས་ན་རིག་པ་འོད་ལྔའི་ཚུལ་དུ་བཞུགས་པའི་བརྡ་སྟེ། དཔེ་མན་ཤེལ་དངས་པ་འདི་མ་གཏོགས་གང་གིས་ཀྱང་མཚོན་དུ་མེད་ཅིང་འདིས་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པར་མཐོང་བ་མཚོན་པའོ། །དེ་ནས་ཤེལ་རྡོ་ཉི་ཞུར་ལ་ཕྱར་ཏེ། ཤེལ་གྱི་རང་བཞིན་དངས་ཤིང་འཚེར་བ་ལ་གྱ་གྱུ་སྣ་ཚོགས་ཅན་དུ་བྱུང་བ་ནི། རྣལ་འབྱོར་གྱ་གྱུ་ཅན་ལ་ཕྱི་རོལ་ཡུལ་གྱི་སྣང་བ་སྣ་ཚོགས་ལ་བརྟེན་ནས་གཟུང་འཛིན་འཁྲུལ་རྟོག་མང་དུ་འཆར་བའི་བརྡའོ། །ཤེལ་གྱི་ནང་ན་འོད་ལྔ་ཡོད་པས་དེའི་རྩལ་ལས་འོད་ལྔ་མ་འདྲེས་པར་གསལ་བ་འདི་ནི། ནང་ཙིཏྟའི་དབུས་ན་རིག་པའི་འོད་ལྔ་གནས་པ་ལས་ཕྱི་རོལ་དུ་རྡོ་རྗེ་ལུ་གུ་རྒྱུད་འོད་ལྔར་སྣང་བའི་བརྡའོ། །དེ་ནས་ལྡིང་ཁྲིར་མར་མེ་སྦར་ནས་མན་ཤེལ་ལ་བལྟས་པས་གོང་འོག་གཉིས་གཉིས་སུ་སྣང་བ་མཐོང་སྟེ། འདི་ཉིད་ནི་འོད་གསལ་མ་བུ་སྣང་བའམ་སྣ་ཚོགས་སུ་སྣང་བའི་དོན་མཚོན་པའོ། །ཞེས་མཚོན་བྱེད་དཔེ་དང་སྦྱར་ལ་མཚོན་བྱའི་དོན་དབང་པོའི་མངོན་སུམ་དུ་གསལ་བ་ཉིད་ངོ་སྤྲོད་དོ། །དེ་ཡང་རྒྱུད་ལས། ཡུལ་ལ་སྣང་བའི་མཚན་ཉིད་ནི། །ནམ་མཁའ་སྔོ་བསང་རྫི་མེད་ལ། །འོད་དང་ཁ་ཏོག་དབྱིབས་ཉིད་དང་། །ཡེ་ཤེས་ལྔ་ཡི་རང་སྣང་སྟོན། །དག་པ་དབྱིངས་ཀྱི་སྒྲོན་མ་ལ། །ཐིག་ལེ་སྐུ་དང་འཁྲུལ་སྣང་དག །རང་བཞིན་མེད་ཅིང་ངོ་བོ་མེད། །གཉིས་མེད་འདུ་འབྲལ་མེད་པར་སྟོན། །འདི་དུས་ཟད་པའི་མཚན་ཉིད་ནི། །བྱ་བྲལ་ནམ་མཁའ་ཅི་བཞིན་དུ། ཞེས་པ་ལྟར་རོ།།

རིག་པ་རྐྱང་པ་རང་ཐོག་ཏུ་ངོ་སྤྲོད་པ།

མངོན་སུམ་རང་ངོ་སྤྲོད་པ།

གསུམ་པ་རིག་པ་རྐྱང་པ་རང་ཐོག་ཏུ་ངོ་སྤྲོད་པ་ལ། མངོན་སུམ་རང་ངོ་སྤྲོད་པ། གསུམ་ཚན་གསུམ་དུ་ངོ་སྤྲོད་པ། ལྔ་ཚན་བདུན་དུ་ངོ་སྤྲོད་པའོ། །དང་པོ་རིག་པ་མངོན་སུམ་རང་ངོ་སྤྲོད་པ་ནི། ཀྱཻ། སྐལ་ལྡན་སེམས་ཀྱི་བུ་མཆོག་རྣམས་ཉོན་ཅིག དེ་ཡང་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀ་ནས་དག་ཅིང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སྔར་ཁྲེགས་ཆོད་ཀྱི་ལམ་གྱིས་མཚོན་པར་བྱས་པ་དེ་ཡིན་ལ། འདིར་ལྷུན་གྲུབ་ཀྱི་ཡེ་ཤེས་འོད་གསལ་ཐོད་རྒལ་ཆེན་པོ་མངོན་སུམ་གྱི་ལམ་གྱིས་མཚོན་པར་བྱེད་པ་ཡིན་ཏེ། ཆོས་གཞན་ནས་བདེ་གཤེགས་སྙིང་པོ་དང་། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་དང་། རྒྱུའི་རྒྱུད་སོགས་སུ་བཤད་པ་དེ་ཉིད་འདིར་ནི་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་ཡེ་ཤེས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ། གཞོན་ནུ་བུམ་པ་སྐུའི་བདག་ཉིད་ཅན་དུ་ཡེ་ནས་གསལ་འགྲིབ་མེད་པར་བཞུགས་པ་དེ་ཉིད། སྒོ་གསུམ་གྱི་གནད་ཀྱིས་གཞི་བཟུང་། གནད་བཞིས་མཚོན་པར་བྱས་པས། སྙིང་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ལྔ་ལྷུན་གྲུབ་དུ་ཡོད་པ་དེ་ཉིད་རྒྱང་ཞགས་ཆུའི་སྒྲོན་མའི་ལམ་ནས་གསལ་བའི་སྣང་བ། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་ལྟ་བུ་ལ། ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མའི་གདངས། བྱད་བཞིན་དུ་ཤར་བ་ནི་འཇའ་ཚོན་ལྟ་བུའི་འོད་ཁྱིམ་དུ་སྣང་བ་འདིའོ། །དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མའི་རྟགས་འོད་ཀྱི་འཁོར་ལོར་དངས་ཤིང་གསལ་བར་སྣང་བ་འདིའོ། །དེའི་ནང་དུ་རིག་པའི་སྐུ་ཡོད་པའི་རྟགས་སུ་རྡོ་རྗེ་ལུ་གུ་རྒྱུད་དུ་སྣང་བ་འདིའོ། །དེ་དང་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་དབྱིངས་རིག་འདུ་འབྲལ་མེད་པར་གནས་པ་སྟེ། ཐུགས་རྗེ་རང་བྱུང་གི་ཡེ་ཤེས་རང་གསལ་ཆེན་པོ་ཤེས་རབ་རང་བྱུང་གི་སྒྲོན་མའི་རྟགས་སུ་རང་གདངས་འོད་གསལ་གྱི་སྣང་བ་འདི་དག་ལྟོས་ལ། ཤེས་པ་རང་གསལ་སྣང་སྟོང་འཛིན་མེད་དུ་སྣང་བ་འདི་ཀའི་ངང་ལ་རྒྱུན་དུ་མཉམ་པར་ཞོག་ཅིག ཅེས་ངོ་འཕྲོད་ངེས་སུ་བསྐྱར་རོ། །དེ་ཡང་རྩ་རྒྱུད་ལས། རང་གི་རང་བཞིན་གཤིས་ཀྱི་གནད། །བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོའི་ཡུལ་ལ་གསལ་སྣང་བས། །གཅེར་མཐོང་གྲོལ་བའི་བདག་ཉིད་དོ། །ཞེས་དང་། རྒྱུད་ལས། རིག་པ་རྡོ་རྗེ་ལུ་གུ་རྒྱུད། །མཐོང་བ་ཙམ་གྱིས་ཤེས་པ་དང་། །ཤེས་པ་ཙམ་གྱིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། ཞེས་གསུངས་པ་ལྟར་རོ། །

གསུམ་ཚན་གསུམ་དུ་ངོ་སྤྲོད་པ།

གཉིས་པ་གསུམ་ཚན་གསུམ་དུ་ངོ་སྤྲོད་པ་ལ། ཐོག་མར་ཡེ་ཤེས་གསུམ་དུ་ངོ་སྤྲོད་པ་ནི། དེ་ལྟར་རང་བྱུང་རིག་པའི་ཡེ་ཤེས་གདོད་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར་བ་ཉིད་སྙིང་དབུས་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱིས་མཚོན་པར་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་རྟག་ཏུ་བཞུགས་པར་ངེས་པའི་ཕྱིར། ངོ་བོ་སྟོང་པའི་ཡེ་ཤེས་ཀྱི་རྟགས་སུ་སྐྱེ་མེད་སྤྲོས་པ་དང་བྲལ་བ། རང་བཞིན་གསལ་བའི་ཡེ་ཤེས་ཀྱི་རྟགས་སུ་འོད་སྣ་ཚོགས་སུ་གསལ་བ། ཐུགས་རྗེ་ཀུན་ལ་ཁྱབ་པའི་ཡེ་ཤེས་ཀྱི་རྟགས་སུ་ཤེས་པ་གསལ་སྟོང་དུ་འཆར་བ་འདི་རྣམས་འོང་བ་ཡིན་ཏེ། རྒྱུད་ལས། རིན་ཆེན་ལུས་ཀྱི་གནས་དེ་ན། །ངོ་བོ་སྟོང་གསལ་སྐུ་རུ་གནས། །རང་བཞིན་གསལ་སྟོང་ཏི་ལ་འོད། །ཐུགས་རྗེ་སྣང་སྟོང་སྒྲོན་མར་གནས། ཞེས་གསུངས་སོ། །དཀོན་མཆོག་གསུམ་དུ་ངོ་སྤྲོད་པ་ནི། སེམས་ཉིད་སྤྲོས་པ་དང་བྲལ་བས་མ་འཁྲུལ་བ་གཞི་སངས་རྒྱས། བརྗོད་ཚིག་ཡི་གེ་དང་བྲལ་བ་གཉིས་མེད་དོན་གྱི་དམ་ཆོས། རང་ལུས་གཡོ་འགུལ་དང་བྲལ་བ་སྐྱེ་མེད་སྙིང་པོའི་དགེ་འདུན་ཏེ་དེ་རྣམས་རང་ལ་ཡེ་ནས་ལྷུན་གྲུབ་ཏུ་གནས་པའོ། །དེ་ཡང་ཀློང་དྲུག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། ཞེས་གསུངས་སོ། །སྐུ་གསུམ་དུ་ངོ་སྤྲོད་པ་ནི། ཐོག་མེད་ནས་རིག་པ་ཡེ་ཤེས་ལྔའི་རང་མདངས་ལས་གྲུབ་པའི་རང་གི་ལུས་ཅིར་ཡང་སྣང་བ་རིག་པ་སྤྲུལ་པའི་སྐུ་དང་། ངག་མ་འགགས་གསལ་བ་རིག་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཡིད་རྟོག་པ་མེད་པ་རིག་པ་ཆོས་ཀྱི་སྐུ་རུ་ཡེ་ནས་ལྷུན་གྱིས་གྲུབ་པས་ད་ཕྱིན་ཆད་ལུས་སྐུ་གསུམ་གྱི་བཞུགས་སྟངས་གསུམ་དང་། ངག་བརྗོད་དུ་མེད་པ་ཆོས་སྐུའི་ངང་དང་། སེམས་སྐྱེ་མེད་བསམ་ཡུལ་ལས་འདས་པའི་དོན་ལས་མི་འདའ་བར་བྱ་དགོས་ཏེ། རྩ་རྒྱུད་ལས། གཞན་ཡང་ཁམས་གསུམ་སེམས་ཅན་ཀུན། །ལུས་ངག་ཡིད་ལས་མ་འདས་པས། །སྐུ་གསུམ་གཞན་ནས་བཙལ་མི་དགོས། ཞེས་སོ། །

ལྔ་ཚན་བདུན་དུ་ངོ་སྤྲོད་པ།

གསུམ་པ་ལྔ་ཚན་བདུན་དུ་ངོ་སྤྲོད་པ་ལ། སྐུ་ལྔ་ནི། ཙིཏྟ་རིན་པོ་ཆེའི་སྦུབས་ན་ཐིག་ལེ་ཡེ་ཤེས་ས་བོན་གྱི་ཆ་ཙམ་ལ་ངོ་བོ་ཀ་དག་དྲི་མེད། དེའི་རང་གདངས་སྐུ་དང་ཡེ་ཤེས་དབྱེར་མེད་བུམ་ནང་གི་མར་མེ་ལྟར་གསལ་བའི་འོད་མདངས་ནམ་མཁའི་མཐོངས་སུ་འོད་དང་ཐིག་ལེ་ལུ་གུ་རྒྱུད་གསལ་ལ་ཕྲ་བ་སྣང་བ་འདི་ཉིད་སྐུ་ལྔར་མཚོན་ན། རིག་པའི་ཡེ་ཤེས་འོད་དུ་གསལ་བ་རྣམ་པར་སྣང་མཛད། དེ་ཉིད་འཕོ་འགྱུར་མེད་པ་མི་བསྐྱོད་རྡོ་རྗེ། འོད་གསལ་འཕེལ་ཆ་དང་བཅས་པ་རིན་ཆེན་འབྱུང་ལྡན། འོད་སྣང་ཚད་མེད་པ་སྣང་བ་མཐའ་ཡས། མ་བརྩལ་རང་ལ་རྫོགས་པ་དོན་ཡོད་གྲུབ་པའི་སྐུ་སྟེ་རིགས་ལྔའི་སངས་རྒྱས་རྣམས་ཀྱི་ཞལ་མཐོང་བ་ཡིན་ལ། གསལ་ལ་དེར་འཛིན་མེད་པ་ལམ་དང་། གོམས་པ་མཐར་ཕྱིན་པ་འབྲས་བུ་ཐོབ་པ་ཡིན་ཏེ། རྒྱུད་ལས། རང་གི་རིག་རྩལ་སྐུ་ལྔར་ཤར། །རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང་། །སྣང་མཐའ་དོན་ཡོད་གྲུབ་པར་ཤར། ཞེས་སོ། །ཡེ་ཤེས་ལྔ་ནི། འཁོར་འདས་སུ་མ་ཕྱེ་བའི་གོང་རོལ་ནས། རིག་པའི་ཡེ་ཤེས་ཀྱི་ཆོས་ཉིད་དྲི་མ་མེད་ཅིང་འོད་གསལ་བ་མེ་ལོང་ཡེ་ཤེས། འོད་གསལ་ངོ་བོ་གཉིས་སུ་མི་ཕྱེད་པ་མཉམ་ཉིད་ཡེ་ཤེས། བྱེ་བྲག་མ་འདྲེས་པར་གསལ་བ་སོར་རྟོགས་ཡེ་ཤེས། མ་བརྩལ་ལྷུན་གྱིས་གྲུབ་པ་བྱ་གྲུབ་ཡེ་ཤེས། ཡེ་སྟོང་རྩ་བ་བྲལ་བ་ཆོས་དབྱིངས་ཡེ་ཤེས་ཏེ་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་ལ། འོད་གསལ་གྱི་དོན་ལ་ཡེངས་མེད་ས་ལེ་བ་དང་། སྣང་བ་ཕྱོགས་ལྷུང་མེད་པ་དང་། གསལ་སྣང་འཛིན་པ་མེད་པ་དང་། དཀའ་བ་མི་དགོས་པ་དང་། བསྒོམ་མི་བསྒོམ་མེད་པའི་ངང་དུ་འཇོག་པ་ནི་ལམ། དེ་མཐར་ཕྱིན་པ་འབྲས་བུ་སྟེ། རྩ་རྒྱུད་ལས། མེ་ལོང་མཉམ་ཉིད་སོ་སོར་རྟོག །བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་སོ། །ཞེས་སོ། །རིགས་ལྔ་ནི། འོད་གསལ་སྣང་སྟོང་ཆེན་པོའི་ངོ་བོ་འཕོ་འགྱུར་མེད་པས་རྡོ་རྗེའི་རིགས། ཡོན་ཏན་ཕུན་སུམ་ཚོགས་པས་རིན་པོ་ཆེའི་རིགས། སྣང་བ་ལ་སྐྱོན་གྱིས་མ་གོས་པས་པདྨའི་རིགས། དེ་གོམས་པ་རྣམས་ལྷག་མེད་འགྲུབ་པས་ལས་ཀྱི་རིགས། འདི་ཉིད་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པས་དེ་བཞིན་གཤེགས་པའི་རིགས་ཏེ། དེའི་ངང་ལ་གོམས་པས་ལམ། མཐར་ཕྱིན་པ་འབྲས་བུ་སྟེ། རང་ཤར་ལས། དེ་བཞིན་གཤེགས་པའི་རིགས་དང་ནི། །རྡོ་རྗེའི་རིགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། ཞེས་སོ། །འོད་ལྔ་ནི། འོད་གསལ་དེ་དག་དྲི་མ་མེད་པས་དཀར་པོ། ཡོན་ཏན་རྫོགས་པས་སེར་པོ། མ་བཙལ་བཞག་པས་དམར་པོ། བྱ་བ་རྩལ་རྫོགས་པས་ལྗང་གུ། མི་འགྱུར་བརྟན་པས་མཐིང་ག་སྟེ་ལྔར་གནས་ཤིང་། དེའི་ངང་ལ་གནས་པ་ལམ། མཐར་ཕྱིན་པ་འབྲས་བུ་སྟེ། རྒྱུད་ལས། རིག་པའི་ཡོན་ཏན་འོད་ལྔར་གསལ། ཞེས་སོ། །རླུང་ལྔ་ནི། འོད་གསལ་གྱི་སྣང་བ་འདི་ཡེ་ཤེས་ཀྱི་དྲོད་དང་མ་བྲལ་བས་མེ་དང་མཉམ་པའི་རླུང་། འཁོར་འདས་ཀྱི་སྲོག་འཛིན་པས་སྲོག་འཛིན་གྱི་རླུང་། འཁོར་འདས་དངས་སྙིགས་འབྱེད་པས་འབྱེད་པའི་རླུང་། ཀུན་ལ་སྙོམ་པར་བརྡལ་བས་ཁྱབ་བྱེད་ཀྱི་རླུང་། འཁོར་བའི་སྲོག་བཅད་ནས་མྱ་ངན་ལས་འདའ་བར་བྱེད་པས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་དང་ལྔ། གོམས་པ་ལམ་དང་མཐར་ཕྱིན་འབྲས་བུ་སྟེ། རང་ཤར་ལས། རིག་པ་རླུང་ལྔའི་རང་བཞིན་དུ། །སེམས་ཅན་ཀུན་ལ་གནས་པའོ། །ཤེས་རབ་ལྔ་ནི། འོད་གསལ་གྱི་ཆོས་ཉིད་རྟོགས་མ་རྟོགས་ལས་འཁོར་འདས་སུ་འབྱེད་པས་འབྱེད་པའི་ཤེས་རབ། ཡེ་ཤེས་ཀྱི་རྩལ་སྣང་སྡུད་པས་སྡུད་པའི་ཤེས་རབ། ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ། གསལ་སྣང་འགྲོ་འོང་དང་བཅས་པས་བསྐྱོད་པའི་ཤེས་རབ། དེ་ཉིད་རྟོགས་ན་འཁོར་བ་ལས་སྒྲོལ་བས་སྒྲོལ་བའི་ཤེས་རབ་སྟེ་ལྔར་གནས་ཤིང་། དེ་གོམས་ཤིང་མཐར་ཕྱིན་པ་ལམ་དང་འབྲས་བུ་སྟེ། དེ་ཉིད་ལས། དེ་ཡང་རིག་པའི་ངོ་བོ་ལ། །ཤེས་རབ་རྣམ་པ་ལྔ་དང་ལྡན། ཞེས་སོ། །མཁའ་འགྲོ་ལྔ་ནི། འོད་གསལ་མཐིང་ག་སོགས་ལྔར་སྣང་བས་སངས་རྒྱས་ཊཱཀྐི་སོགས་ལྔའི་ཞལ་མཐོང་། གཏི་མུག་སོགས་ཉོན་མོངས་པ་ལྔ་དག ཆོས་དབྱིངས་ཡེ་ཤེས་སོགས་ཡེ་ཤེས་ལྔ་ལ་རེག་པར་འགྱུར་ཞིང་། དེ་ཐམས་ཅད་གཞི། སོ་སོར་གོམས་པས་ལམ། མཐར་ཕྱིན་པ་འབྲས་བུ་སྟེ། རྒྱུད་ལས། སྟོང་གསལ་རིག་པའི་ཡེ་ཤེས་ནི། མཁའ་འགྲོ་རྣམ་པ་ལྔར་གནས་སོ། །ཞེས་གསུངས་སོ། །དེ་ལྟར་ལྔ་ཚན་རྣམས་ཆབ་གཅིག་ཏུ་བསྟན་པ་ཡང་། རྒྱུད་དེ་ཉིད་ལས། རང་བྱུང་རིག་པའི་རང་རྩལ་ལས། །སྐུ་ལྔ་དང་ནི་ཡེ་ཤེས་ལྔ། །རིགས་ལྔ་འོད་ལྔ་རླུང་ནི་ལྔ། །ཤེས་རབ་ལྔ་ལ་སོགས་པར་གནས། ཞེས་སོ། །མདོར་ན་དེ་ལྟར་བཞུགས་པའི་ཆོས་ཉིད་རྣམས་བློས་རྣམ་པར་བཏགས་ཤིང་རྩ་རླུང་འཛིན་རྩོལ་གྱི་རྟེན་འབྲེལ་ལས་བྱུང་བའི་སྟོང་གཟུགས་ཤེས་ཉམས་ཡིད་བྱེད་ཀྱིས་བརྟགས་པའི་བློའི་རི་མོ་ཅན་མ་ཡིན་པར། གདོད་ནས་གྲུབ་པའི་སྣང་ཉམས་ཆོས་ཉིད་མངོན་སུམ་མི་བསླུ་བའི་བདག་ཉིད་ཅན་དུ་མཐོང་བ་ཡིན་ལ། དེ་ཡང་དབྱིངས་ཀྱི་རང་བཞིན་ཀ་ནས་རྣམ་པར་དག་པ་སྟོང་གསལ་འདུས་མ་བྱས་པ་ནི་ཤེས་རབ་དང་། རིག་པའི་རང་བཞིན་ཆོས་ཉིད་འོད་གསལ་ཆེན་པོའི་སྣང་བ་ནི་ཐབས་སྟེ། ཡེ་ནས་ལྷུན་གྲུབ་ཀྱི་ངོ་བོར་སྣང་སྟོང་འདུ་འབྲལ་མེད་པའི་ཚུལ་དུ་གནས་ཤིང་། དེ་ལྟར་སྣང་བ་དེ་ཡང་ཀུན་རྫོབ་འདུས་བྱས་འཇིག་པའི་ཆོས་སུ་མེད་དེ་དོན་དམ་འདུས་མ་བྱས་པ་ཆོས་ཉིད་འགྱུར་བ་མེད་པའི་གནས་ལུགས་ཡིན་ལ། སྣང་བའི་འོད་གསལ་འདི་རྣམས་འཇིག་རྟེན་གྱི་མིག་འཕྲུལ་ལྟ་བུའང་མ་ཡིན་ཏེ། ནོར་བུ་ཕྲ་བཀོད་ལས། དབྱིངས་ཀྱི་རང་བཞིན་ཤེས་རབ་སྐུ། །རིག་པའི་རང་བཞིན་ཐབས་ཀྱི་སྐུ། །འདུ་འབྲལ་མེད་པའི་ཚུལ་དུ་གནས། ཞེས་དང་། རྩ་རྒྱུད་ལས། རིག་པའི་ངོ་བོ་ལུ་གུ་རྒྱུད། །འདས་དང་མ་འོངས་ད་ལྟར་ལ། །སུས་ཀྱང་བྱས་པ་མ་ཡིན་པས། །དེ་ནི་འདུས་མ་བྱས་པ་ཉིད། །ལུ་གུ་རྒྱུད་ཀྱི་རང་བཞིན་ནོ། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །མངོན་སུམ་བརྟེན་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་དང་། སྒྲོན་མ་སྣང་བྱེད་ལས། དེ་ལྟར་སྣ་ཚོགས་ཤར་བ་དེ། །བྱས་ཤིང་གོམ་པས་བྱུང་བ་མིན། །ཡེ་ཉིད་ནས་ནི་གཞིར་གནས་པའོ། །དེ་ལྟར་གདེངས་ཚུད་རྣལ་འབྱོར་དེར། །ཤར་བས་དགའ་བའི་སེམས་མེད་དེ། །འདུག་ཚུལ་དེ་ལྟར་ཡེ་ནས་ཡིན། །རིག་གདངས་སྒྲོན་མའི་སྣང་བ་ལ། །ས་ཆུ་མེ་རླུང་འབྱུང་བའི་སྒྲས། །དེ་ཉིད་བཤིགས་པར་ནུས་པ་མིན། །ལུང་དུ་མ་བསྟན་གང་ཟག་གིས། །གསལ་སྒྲོན་མེ་ལོང་སྟོང་དག་གམ། །མིག་སྟོང་དག་གིས་བལྟས་གྱུར་ཀྱང་། །དེ་ཉིད་མཐོང་བ་མ་ཡིན་ནོ། །གྲུབ་པའི་མཐའ་དང་ལྟ་སྒོམ་གྱིས། །དེ་ཉིད་དཔྱད་ཀྱང་རྙེད་པ་མིན། །ཕྱྭ་དང་དབང་ཕྱུག་གིས་མ་བྱས། །འཇིག་རྟེན་ལྟར་སྣང་འཁྲུལ་བ་མིན། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །དེ་ཉིད་ཡེ་ནས་བསྒྲིབ་མ་ཡིན། །རང་སྣང་རང་ལ་ཤར་བ་དག །ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། །རྒྱུད་ལུང་མན་ངག་རྣམས་ཀྱིས་ནི། །དེ་ཉིད་བརྟགས་ཀྱང་མཐོང་བ་མིན། །དམྱལ་བ་བྱོལ་སོང་ཡི་དྭགས་དང་། །རིགས་དྲུག་སྣང་བ་དེ་རང་ཉིད། །ཆེད་དུ་བསྒྲུབ་པ་མ་ཡིན་ཏེ། །ཡེ་ནས་དེ་ལྟར་ཤར་ནས་ཡོད། །སྐྱེས་བུས་རྩོལ་བས་བྱུང་བ་མེད། །དཀྱིལ་འཁོར་དེ་ཡིན་ལྷ་དེ་རང་། །སྔགས་དང་ཕྱག་རྒྱ་མཆོད་པ་དེ། །བསྐྱེད་དང་རྫོགས་པའི་རིམ་པ་དེ། །སངས་རྒྱས་སེམས་ཅན་འཁོར་འདས་ཡིན། །དབང་དང་སྡོམ་པ་དམ་ཚ ི ག་ཡིན། །རང་གི་བླ་མ་ལྷ ་ཡང་ངོ། །ཞེས་གསུངས་པ་ལྟར་ཡེ་ནས་མ་བྱས་ཤིང་རང་བྱུང་རང་ཤར་ཆེན་པོ་སྐུ་གསུམ་འདུ་འབྲལ་མེད་པ་འོད་གསལ་གྱི་དཀྱིལ་འཁོར་ཞལ་མཐོང་བ་ཡིན་ནོ། །ཞེས་ངོ་སྤྲོད་དོ། །

སྤྲོ་བ་བསྐྱེད་པ།

གསུམ་པ་སྤྲོ་བ་བསྐྱེད་པ་ནི། འདི་ལྟར་དབྱིངས་སྣང་ཐིག་ལེའི་དབུས་སུ་རྡོ་རྗེ་ལུ་གུ་རྒྱུད་མཐོང་བ་འདི་ནི་རང་བྱུང་གི་རིག་པ་ཐིག་ལེ་ཉག་གཅིག་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་ཊཱཀྐི་ཐམས་ཅད་ཀྱི་ཞལ་མངོན་སུམ་དུ་མཇལ་བ་ཞེས་བྱའོ། །སྐུ་གསུམ་ཡེ་ཤེས་ལྔ་མངོན་དུ་གྱུར་པ་ཞེས་བྱའོ། །ལས་དང་བག་ཆགས་སྡིག་སྒྲིབ་མ་རིག་པ་ཐམས་ཅད་དག་པ་ཞེས་བྱའོ། །ཉོན་མོངས་པ་ཆོས་ཉིད་དུ་ཤར་བ་ཞེས་བྱའོ། །ལས་དང་སྐལ་བ་ལྡན་པ་ཞེས་བྱའོ། བསོད་ནམས་ཀྱི་ཚོགས་རྫོགས་པ་ཞེས་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་དབང་དུས་གཅིག་ལ་ཐོབ་པ་ཞེས་བྱའོ། །རིག་པ་རྩལ་གྱི་དབང་ཆེན་པོ་ཐོབ་པ་ཞེས་བྱའོ། །དེ་ཐོབ་པས་སངས་རྒྱས་སུམ་སྟོང་གི་ཞལ་མཐོང་། མངལ་གྱི་གྲོང་ཁྱེར་དུ་འཇུག་པའི་རྒྱུན་ཆད་པས་ཐར་བའི་ལམ་སྣ་ཟིན་པ་ཡིན་ནོ། །རིག་པ་རྡོ་རྗེ་ལུ་གུ་རྒྱུད་མཐོང་བའི་གང་ཟག་དེ་ངན་སོང་དུ་རྡོག་པས་ཕུལ་ཡང་མི་འགྲོའོ། །དེས་ན་འདི་མཐོང་བ་དང་། འདི་དང་འཕྲད་པས་ཆོག་པའོ། །འདི་ལྟ་བུའི་ཆོས་ཉིད་རིག་པ་མངོན་སུམ་གྱི་དོན་མཐོང་བ་ནི་ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པ་ཞེས་བྱ་སྟེ། དུས་དེ་རིང་ནས་ཀུན་ཏུ་བཟང་པོ་རིགས་ལྔའི་སངས་རྒྱས་དང་ཁྱོད་ལ་ཁྱད་པར་རྡུལ་ཙམ་ཡང་མེད་དོ། །དེ་ཡང་གསང་བ་སྤྱོད་པ་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་མཉམ་པ་ཁོ་ནའོ། །ཞེས་གསུངས་པས་དེ་རིང་ཁྱོད་ཀྱིས་རྙེད་པ་ཆེན་པོ་ལེགས་པར་རྙེད་པ་ཡིན་ནོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔའི་ས་བཅུ་རིམ་གྱིས་བགྲོད་པས་ཀྱང་། དེ་བཞིན་གཤེགས་པའི་ཁམས་ཀྱི་ཡོན་ཏན་མཐའ་དག་མངོན་དུ་མཐོང་བ་མིན་ཕྱིར་སྤྲོ་བས་འཇུག་པ་གལ་ཆེ་སྟེ། ནོར་བུ་ཕྲ་བཀོད་ལས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལ་བལྟ་བར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིག སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་དང་མ་འབྲལ་ཤིག ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་འདུག་ཚུལ་ལ་ལྟོས་ཤིག གསང་བའི་ཡེ་ཤེས་ཐམས་ཅད་ལ་མཁས་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཟེར་ལ་ལྟོས་ཤིག ལྟ་སྒོམ་སྤྱོད་པ་གསུམ་འདུ་འབྲལ་མེད་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་མ་ཡེངས་ཤིག ཆོས་ཐམས་ཅད་ཀྱི་གཞལ་ཡས་ཁང་འཛིན་པར་འདོད་ན་དབྱིངས་དང་རིག་པའི་དོན་ཁོང་དུ་ཆུད་པར་གྱིས་ཤིག རྡོ་རྗེ་སེམས་དཔའི་གདུང་འཛིན་པར་འདོད་ན་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་དང་མ་འབྲལ་ཞིག ཅེས་གསུངས་པས། དེའི་ཕྱིར་འདུན་པ་ཞེ་སྡང་གཏི་མུག་རྣམས་ཀྱིས་འགྲོ་བའི་སྐྱབས་འགྲོ་ཉི་ཚེ་བ་ཙམ་མ་ཡིན་པར་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་དང་མི་འབྲལ་བའི་ངང་ནས། མངོན་སུམ་རིག་པའི་སྣང་བ་ཉམས་སུ་བླངས་པ་ཉིད་སངས་རྒྱས་པའི་ཆོས་ཁམས་དཀོན་མཆོག་གསུམ་ལ་བླ་མར་བྱ་བ་ནས། རྒྱུད་སྡེ་རྒྱ་མཚོའི་དེ་ཉིད་ཡོངས་སུ་རྫོགས་པའི་བར་གྱི་ལམ་དང་འབྲས་བུའི་ཆོས་ཀུན་མངོན་དུ་བྱས་པ་ཡིན་པར་གསུངས་པས། དུས་དེ་རིང་ནས་སྣང་བ་བཞིའི་ཡོན་ཏན་མཐར་ཐུག་པའི་ཉམས་ལེན་ལ་བརྩོན་པར་བྱས་ཏེ། ཆོས་ཉིད་ཟད་པའི་བྱང་ཆུབ་ལ་རྟེན་འདིར་མྱུར་དུ་རེག་པར་གྱིས་ཤིག ཅེས་སྤྲོ་བ་བསྐྱེད་དོ། །

རྣལ་འབྱོར་བཞིས་ཉམས་སུ་བླང་པ།

ཉམས་སུ་བླང་བ་དངོས།

ལྟ་བའི་རྣལ་འབྱོར།

བཞི་པ་རྣལ་འབྱོར་བཞིས་ཉམས་སུ་བླང་པ་ལ། དངོས་དང་། ཐུན་གྱི་རྣལ་འབྱོར་རོ། །དང་པོ་ཉམས་སུ་བླང་པ་དངོས་ལ་ལྟ་སྒོམ་སྤྱོད་འབྲས་བཞི། དེའི་དང་པོ ་ལྟ་བའི་རྣལ་འབྱོར་ལ་ཡང་། བལྟ་བྱ་བལྟ་བྱེད་ལྟ་བའི་ཆོས་ཐམས་ཅད་ངོ་བོ་ཅིར་ཡང་ མ་གྲུབ་པའི་སྟོང་ཉིད། རང་བཞིན་རང་མདངས་འོད་དུ་གསལ་བ། ཐུགས་རྗེ་མ་འགགས་གང་ཤར་རང་སར་གྲོལ་བ་ཉིད་ནི་ལྟ་བའི་ངོ་བོ་ཡིན་ལ། འཁོ ར་འདས་ཀྱི་ཆོས་ཐམས་ཅད་དབང་པོས་མངོན་སུམ་དུ་མཐོང་བས་ལྟ་བ་ཞེས་བྱ་སྟེ། དབྱེ་ན་ཆོས་ཅན་སྤྱིའི་ལྟ་བ་དང་། ཆོས་ཉིད་རང་གི་ལྟ་བའོ། །སྤྱིའི་ལྟ་བ་ནི། ཐེག་དགུ་སོ་སོའི་འདོད་ལུགས་ཐ་དད་པ་རྣམས་ཡིན་ལ། རང་གི་ལྟ་བ་ནི། ཕྱི་ཚོགས་དྲུག་གིས་བསྡུས་པའི་ཡུལ་སྣང་ལ་བལྟས་པས་སྣང་ལ་རང་བཞིན་མེད་པ་རྒྱ་མཚོར་གཟའ་སྐར་ལྟ་བུ། ནང་ཆོས་ཉིད་སྟོང་པའི་ངོ་བོ་ལ་བལྟས་པས་ཐམས་ཅད་རང་བཞིན་མ་གྲུབ་པ་ནམ་མཁའི་དཀྱིལ་ལྟ་བུ། གསང་བ་རིག་པ་ལ་བལྟས་པས་ཡིད་དཔྱོད་དུ་མ་ལུས་པར་དབང་པོས་མཐོང་ཞིང་རྟོགས་པ་སྟེ་བྱར་མེད་ཡོངས་རྫོགས་ཀྱི་ལྟ་བ་ཞེས་བྱའོ། །དེ་ཉམས་སུ་ལེན་པའི་ཚུལ་ནི། ཕྱི་ཡུལ་སྣང་ལ་བལྟས་པས་ཅིར་སྣང་རྨི་ལམ་དང་སྒྱུ་མ་ལྟ་བུར་མཐོང་ནས་འཁྲུལ་བ་མ་སྤང་གནས་སུ་དག་ཅིང་ཉོན་མོངས་པ་རང་སར་གྲོལ། ནང་འགྱུ་དྲན་གྱི་སེམས་ལ་བལྟས་པས་རྟོག་ཚོགས་བར་སྣང་གི་ན་བུན་ལྟར་རང་ཡལ་དུ་སོང་། གསང་བ་ཆོས་ཉིད་འོད་གསལ་ལ་བལྟས་པས་ངང་ལ་མཉམ་ལ་འཇོག་པའི་འཛིན་པ་མིང་ཙམ་ཡང་མེད་དེ། ཀ་དག་གི་ངང་ལ་ཟད། ཡང་གསང་རིག་པ་མངོན་སུམ་གྱི་ངོ་བོ་ལ་མ་ཡེངས་པར་བལྟས་པས་ཡིད་དཔྱོད་ཀྱི་ལྟ་བ་ལས་རང་གྲོལ་བའོ། །དེ་ལྟར་ལྟ་བ་འདིའི་རྣལ་འབྱོར་པ་རྣམས་ཐེག་པ་གཞན་གྱི་དོན་རྣམས་ཀྱང་མཐོང་ཞིང་གྲོལ་བ་སྟེ། རྩ་རྒྱུད་ལས། ལྟ་བའི་ངོ་བོ་མཐོང་བ་ལ། །ཡིད་དཔྱོད་ཚིག་གིས་འགྱུ་བ་མེད། ཅེས་དང་། ཆོས་ཉིད་དབང་པོས་མངོན་མཐོང་བ། །ལྟ་བ་ཞེས་ནི་དེ་ལ་བྱ། ཞེས་དང་། སྒྲོན་མ་སྣང་བྱེད་ལས། ལྟ་བ་རྣམ་པ་གཉིས་ཡིན་ཏེ། །ཆོས་ཅན་ལྟ་དང་ཆོས་ཉིད་ལྟ། །ཨ་ནུ་མན་ཆད་རང་འདོད་པས། །ཆོས་ཅན་ཉིད་ལ་ལྟ་ལྟ་ནས། །ཆོས་ཉིད་དོན་ལ་ཐུག་རེག་མེད། །ཨ་ཏི་རྣམ་པ་ཁ་ཅིག་གིས ། །འདི་ཉིད་ཕྱོགས་ཙམ་མཐོང་བ་མེད། །རྫོགས་པ་ཆེན་པོ་ཐིག་ལེའི་སྐོར། །ཕྱི་དང་ནང་དང་གསང་བས་ཀྱང་། །འདི་ཉིད་དོན་ལ་རེག་པ་མེད། །དེ་ཕྱིར་གསང་ཆེན་མན་ངག་ནི། །ལྟ་ཉིད་ཤིན་ཏུ་གསང་བའོ། །བྱས་པ་མེད་པའི་ལྟ་བ་ལ། །བལྟ་བྱེད་མེད་པའི་མིག་གིས་མཐོང་། ཞེས་དང་། རྒྱུད་ལས། ཕྱི་ནང་གསང་བ་ཐམས་ཅད་ཀྱང་། །ངོ་བོ་ཉིད་དུ་མཐོང་ཞིང་རྟོགས། །ཞེས་དང་། ཡི་གེ་མེད་པ་ལས། ལྟ་བ་མེད་པས་དེ་ལ་བལྟ་རྒྱུ་མེད། །ལྟ་བ་བྱར་མེད་ངང་དུ་ཤེས་པར་བྱ། །དེ་ལྟར་གཉིས་མེད་ལྟ་བའི་དོན་རྟོགས་ན། །ལྟ་བའི་དོན་ལ་ལྟ་བ་ངང་གིས་མེད། །དེ་ཡོད་མ་ཡིན་མེད་པ་མ་ཡིན་པས། །འོད་གསལ་དེ་ཡི་ངང་དུ་གནས་པར་བྱ། ཞེས་དང་། སེང་གེ་རྩལ་རྫོགས་ལས། སངས་རྒྱས་ཀུན་གྱི་ལྟ་ཕུག་ནི། །དབྱིངས་རིག་གཉིས་ལས་མ་འདས་སོ། །ཞེས་དང་། སྒྲོན་མ་སྣང་བྱེད་ལས། དཔེར་ན་རི་རྒྱལ་རྩེར་ཕྱིན་ན། །དམའ་བའི་རི་རྣམས་མཐོང་བ་བཞིན། །འོག་མའི་རྒྱུད་དོན་ཇི་བཞིན་མཐོང་། །འོག་མས་གོང་མ་མཐོང་བ་མེད། ཅེས་སོ། །མདོར་ན་འོད་གསལ་གྱི་ངོ་བོ་སྟོང་ཉིད། རང་བཞིན་གསལ་བ། ཐུགས་རྗེ་འགགས་མེད་དུ་འཆར་བ་ནི་མཉམ་བཞག་གི་ལྟ་བ་དང་། སྣང་སྲིད་སྣ་ཚོགས་སུ་སྣང་བ་འདི་དག་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟར་རྟོགས་པ་ནི་རྗེས་ཐོབ་ལ་ལྟ་བ་སྟེ། བརྩོན་འགྲུས་རབ་ལྷག་མེད། འབྲིང་བར་དོ། ཐ་མ་སྤྲུལ་སྐུའི་ཞིང་དུ་སངས་རྒྱས་པར་ཡང་། ཉི་ཟླ་ཁ་སྦྱོར་ལས། རབ་ལ་སྐྱེ་གཉིས་མི་དགོས་ཏེ། །འབྲིང་པོ་སྐྱེ་གཉིས་མཚམས་སུའོ། །ཐ་མ་རྣམས་ནི་དབུགས་ཕྱུང་སྟེ། །སྤྲུལ་པ་པོས་ནི་རང་རྒྱུད་གྲོལ། ཞེས་གསུངས་སོ། །

སྒོམ་པའི་རྣལ་འབྱོར།

གཉིས་པ་སྒོམ་པའི་རྣལ་འབྱོར་ལ། སྒོམ་བྱ་བྱར་མེད་ཀྱི་ལྟ་བ། སྒོམ་བྱེད་ཡིད་ཤེས་རྒྱུན་ལྡན། ཐབས་བཞུགས་སྟངས་སོགས་དང་བཅས་པ་ནི་སྒོམ་པའི་ངོ་བོ་དང་། ངོ་བོ་དེ་ལྡན་གྱི་བསམ་གཏན་ལ་རྒྱུན་དུ་གནས་པ་སྒོམ་པ་ཞེས་བྱ་སྟེ། དབྱེ་ན་ཐབས་དང་། ཤེས་རབ་དང་། ཐབས་ཤེས་དབྱེར་མེད་ཀྱི་སྒོམ་པའོ། །སྔ་མ་དག་གཏུམ་མོ་དང་ཐབས་ལམ་སོགས་མཐའ་ཡས་པའོ། །འདིར་གོང་གི་ལྟ་བའི་དོན་དབྱིངས་རིག་ཐབས་ཤེས་ཟུང་འཇུག་སྟོང་གསལ་འཛིན་མེད་ཀྱི་ངང་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་སྟེ་བར་དུ་ལེ་ལོ་མི་ཚུད་པས་ཉིན་མཚན་ཁ་སྦྱོར་གྱི་སྒོམ་པ་ཞེས་བྱའོ། །དེ་ཉམས་སུ་ལེན་ཚུལ་ནི། ཐུན་དུ་བཅད་ལ་ལེ་ལོ་དང་སྙོམ་ལས་མེད་པར་ཐུན་མགོ་ཀུན་ལ་སེམས་བསྐྱེད་དང་། ཐུན་དངོས་ལ་དམིགས་མེད་ཡེངས་མེད། ཐུན་མཇུག་ལ་བསྔོ་བས་རྒྱས་འདེབས་པ་སྟེ། མདོར་ན་མཉམ་བཞག་ཏུ་ལྟ་བ་དེ་ལས་མ་གཡོས་པ་གསལ་སྟོང་འཛིན་མེད་དང་། རྗེས་ཐོབ་རྨི་ལམ་སྒྱུ་མ་ལྟ་བུར་ཉམས་སུ་ལེན་པའོ། །དེ་ཡང་རྒྱུད་ལས། སྒོམ་གྱི་ངོ་བོ་ཐབས་ཡིན་ཏེ། །བསྒོམ་བྱ་སྒོམ་བྱེད་ཐབས་ཀྱི་བསྒོམ། ཞེས་དང་། སྒོམ་གྱི་ངེས་ཚིག་གནས་པའི་ཕྱིར། ཞེས་དང་། ཟུང་འཇུག་ཐབས་ཀྱི་སྒོམ་པ་དང་། །ཤེས་རབ་ཉིད་ཀྱི་སྒོམ་པ་དང་། །ཐབས་ཤེས་གཉིས་མེད་སྒོམ་པའོ། །དེ་ནི་སྒོམ་པ་མཆོག་ཏུ་ཟབ། ཅེས་དང་། ལྟ་བ་དེ་ཉིད་དོན་ལ་སྒོམ་ཞེས་བྱ། །ཉིན་མཚན་ཆོས་ཀྱིས་འདའ་ཕྱིར་ཁ་སྦྱོར་ཉིད་དུ་སྒོམས། ཞེས་དང་། ལེ་ལོ་སྙོམ་ལས་སྤངས་བྱས་ལ། །རྒྱུན་དུ་སྒོམ་ལ་གནས་པར་བྱ། ཞེས་དང་། སྟོང་གསལ་ཡིད་གཉིས་སྒོམ་དང་བྲལ། །བསྒོམ་པ་ཀུན་གྱི་མཆོག་ཡིན་ནོ། །ཞེས་སོ། །

སྤྱོད་པའི་རྣལ་འབྱོར།

གསུམ་པ་སྤྱོད་པའི་རྣལ་འབྱོར་ལ། བདེ་སྡུག་མ་སྤངས་རོ་སྙོམས་ཤིང་ལྟ་སྒོམ་ལ་བོགས་འདོན་པ་སྤྱོད་པའི་ངོ་བོ་དང་། ཐམས་ཅད་རང་རིག་རང་ཤར་རང་གྲོལ་དུ་ཤེས་པས་སྣང་བ་གང་ཤར་དགག་སྒྲུབ་མེད་པར་སྤྱོད་པས་ན་སྤྱོད་པ་ཞེས་བྱའོ། དབྱེ་ན་གསུམ་སྟེ། ཐ་མལ་ལས་ལྡོག་པའི་སྤྱོད་པ་ནི། ཆོས་སྤྱོད་མངོན་པར་རྟོགས་པའི་རྒྱུད་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དོན་སེམས་པ་དང་སྒོམ་པ་བཅུ། །འདི་བཅུ་ཆོས་ཀྱི་སྒོ་མོ་ཡིན། །འདྲེན་པ་རྣམས་ཀྱི་གཤེགས་ཤུལ་ཡིན། ཞེས་སོ། །འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ཡང་སྔར་གྱི་དེའོ། །འདིར་བརྟུལ་ཞུགས་ལམ་སློང་གི་སྤྱོད་པ་ནི། ལྟ་སྒོམ་ངོ་འཕྲོད་དེ་བོགས་འདོན་པའི་ཕྱིར་ཆགས་ཅན་ཡིན་ན་གྲོགས་ལས་རྒྱ་དང་། ཆགས་བྲལ་ཉམས་མྱོང་གི་ཕྱག་རྒྱ་དང་འགྲོགས་ནས་སྤྲང་པོའམ་རི་དྭགས་རྨས་མའི་ཚུལ་གྱིས་དུར་ཁྲོད་དམ་ལུང་སྟོང་དུ་རྒྱུ་ཞིང་བུང་བ་ལྟ་བུ་དང་། རི་དྭགས་དང་། ལྐུགས་པ་དང་། ཐི་བྱ་དང་། སྨྱོན་པ་དང་། སེང་གེ་དང་། ཁྱི་ཕག་ལྟ་བུའི་སྤྱོད་པ་བདུན་པོ་དབང་པོའི་རིམ་པ་དང་མཚམས་པར་སྤྱོད་པ་ལ་བརྟུལ་ཞུགས་དབང་བསྒྱུར་གྱི་སྤྱོད་པ་ཞེས་བྱའོ། དེ་ཉམས་སུ་ལེན་ཚུལ་ནི། རང་གི་རྒྱུད་ཚོད་དང་བརྟུན་ཏེ་ལས་དང་པོ་པས་ཐོས་བསམ་འཚོལ་བ་ལ་ཞུགས་པ་བུང་བ་ལྟ་བུ་ནས་བདེ་སྡུག་དང་བཟང་ངན་རོ་སྙོམས་པ་རྣལ་འབྱོར་དབང་ཕྱུག་གི་སྤྱོད་པའི་བར་རྣམ་པ་བདུན་པོ་ཤུགས་འབྱུང་འགག་མེད་རྐྱེན་ཐོག་ཏུ་སྤྱོད་པ་སྟེ། རྒྱུད་ལས། སྤྱོད་པའི་ངོ་བོར་རོ་སྙོམས་ཤིང་། །རང་ཤར་རང་གྲོལ་ལམ་དུ་སྤྱད། ཅེས་དང་། རང་ཤར་ལས། བྱས་པ་མེད་པའི་སྤྱོད་པ་ཉིད། །རང་བྱུང་མ་བཅོས་བཅོས་བསླད་མེད། །སྤྱོད་པ་ཆེ ན་པོ་དེ་ཡིན་ནོ། །ཞེས་དང་། རྒྱུད་ལས། སྤྱོད་པའི་གྲངས་ནི་བདུན་དུ་བསྡུ། ཞེས་དང་། སྤྱོད་པ་བརྟུལ་ཞུགས་དབང་བསྒྱུར་ཉིད། ཅེས་དང་ཉི་ཟླ་ཁ་སྦྱོར་ལས། བུང་བ་ལྟ་བུའི་སྤྱོད་པ་ཡིས། །ཆོས་རྣམས་ཀུན་གྱི་རོ་མྱོང་བྱ། །རི་དྭགས་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་བའི་རྐྱེན་གྱུར་ཡུལ་རྣམས་སྤང་། །ལྐུགས་པ་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་བའི་ངག་ནི་རྣམ་པར་སྤང་། །ཐི་བྱ་ལྟ་བུའི་སྤྱོད་པ་ཡིས། །གསང་བ་ཐབས་ཀྱི་ཐེ་ཚོམ་གཅོད། །སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས། །གཅིག་ཏུ་གནས་པའི་ཡུལ་རྣམས་སྤང་། །སེང་གེ་ལྟ་བུའི་སྤྱོད་པ་ཡིས། །འཇིགས་པའི་སེམས་སྤང་དུར་ཁྲོད་རྒྱུ། །ཁྱི་ཕག་ལྟ་བུའི་སྤྱོད་པ་ཡིས། །གཙང་དང་སྨེ་བའི་རྣམ་རྟོག་སྤང་། ཞེས་གསུངས་སོ། །

འབྲས་བུའི་རྣལ་འབྱོར།

བཞི་པ་འབྲས་བུའི་རྣལ་འབྱོར་ལ་ཡང་། བཙན་ས་ཟིན་ཏེ་མི་ལྡོག་པ་འབྲས་བུའི་ངོ་བོ་དང་། གཞི་ཉིད་ལམ་གྱིས་སྨིན་པས་འབྲས་བུ་ཞེས་བྱ་སྟེ། དབྱེ་ན་གཉིས་ལས། གནས་སྐབས་ཀྱི་འབྲས་བུ་ནི་ལམ་དུས་སུ་ཐུན་མོང་དུ་སྨིན་པ་རྣམས་སོ། །མཐར་ཐུག་གི་འབྲས་བུ་ནི། སྒོ་གསུམ་གྱི་ལས་དང་བག་ཆགས་ཉོན་སྒྲིབ་ཐམས་ཅད་སྦྲུལ་མདུད་ལྟར་རང་ཤར་རང་གྲོལ་དུ་སོང་བ་སྟེ། དེ་ལ་རྣམ་དག་ལྷུན་གྲུབ་གྱི་འབྲས་བུ་ཞེས་བྱའོ། །དེ་ཉམས་སུ་ལེན་ཚུལ་ནི། རིག་པ་ཉིད་གང་སྣང་གང་ཤར་གྱི་སྟེང་དུ་བཞག་པས། གོམས་པ་ཀློང་དུ་གྱུར་ནས་སྣང་སྟོང་འོད་གསལ་གྱི་འཆར་ཚུལ་ལ་དགག་སྒྲུབ་རེ་དོགས་དང་བྲལ་བའི་གནས་ལུགས་གདངས་སུ་གྱུར་ཏེ་མྱུར་དུ་བརྟན་པ་ཐོབ་པའོ། །དེ་ཡང་རྒྱུད་ལས། འབྲས་བུ་ཞེས་བྱ་བཙན་ས་ཟིན། །རྒྱལ་པོ་གདན་ས་ཟིན་པ་ལྟར། །མི་འགྱུར་ལྡོག་པ་མེད་པའོ། །ཞེས་དང་། སྨིན་པ་འབྲས་བུ་ཞེས་བྱའོ། །ཞེས་དང་། འབྲས་བུ་དབྱེ་ན་གཉིས་སུ་འདུས། གནས་སྐབས་དང་ནི་མཐར་ཐུག་གོ །ཞེས་དང་། འབྲས་བུ་སྨིན་ཚུལ་བསྟན་པ་ནི། །རྐྱེན་གྱིས་མི་འཇིག་ལྡོག་པ་མེད། ཅེས་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འབྲས་བུའི་ཆོས་ཐམས་ཅད་སྐུ་གསུམ་ལས་ཕྱིར་མི་ལྡོག་པར་ཤེས་པར་གྱིས་ཤིག ཅེས་སོགས་གསུངས་སོ། །

ཐུན་གྱི་རྣལ་འབྱོར།

གཉིས་པ་དེ་འབྲེལ་རྒྱུན་གྱི་རྣལ་འབྱོར་ནི། རྒྱུད་ལས། དགེ་སྦྱོར་སྲང་དུ་གཞུག་པའི་ཕྱིར། །ཐུན་བཞིའི་རྣལ་འབྱོར་ཉིད་ལ་བསླབ། ཅེས་གསུངས་པ་ལྟར། ཐོ་རངས་དང་། སྔ་དྲོ་དང་། ཕྱི་དྲོ་དང་། སྲོད་དེ་ཐུན་བཞིར་བྱས་ལ། སྤྲོས་པ་ཅན་རྣམས་ཀྱིས་ཐོ་རངས་ཀྱི་ཐུན་ཆ་གསུམ་དུ་བགོས་པའི་དང་པོར་བླ་མའི་རྣལ་འབྱོར་བསྒོམ་ཞིང་གསོལ་བ་བཏབ། བར་བ་ལ་ཁྲེགས་ཆོད་བསྒོམ། ཐ་མ་ལ་བདེ་སྟོང་དང་གཏུམ་མོ་བསྒོམ། སྔ་ཐུན་ལ་གསུམ་གྱི་དང་པོར་ནམ་ལངས་ནས་ཉི་རྩེ་ཤར་བར་འདོན་ཟློས་དང་དཔེ་ལྟ་བ་སོགས་བྱ། དེ་ནས་གུང་བར་ཐོད་རྒལ་བསྒོམ། གུང་ལ་ཕྱག་སྐོར་དང་སྐྱོ་སངས་ཅུང་ཟད་བྱ། ཕྱི་ཐུན་ལ་གཉིས་ཀྱི་དང་པོ་ཕྱི་དྲོ་ཡང་ཐོད་རྒལ་ལ་གནས་ཤིང་དགོང་མོ་གཏོར་བསྔོ་དང་ཆོས་སྤྱོད་རླུང་འཛིན་བྱ། སྲོད་ཐུན་ལ་གསུམ་གྱི་དང་པོ་འཆི་བ་མི་རྟག་པ་བསྒོམ། བར་བ་བསྐྱེད་རིམ་དང་བཟླས་པ་བྱ། གུང་ཐུན་ལ་གཉིད་འོད་གསལ་དུ་སྦའོ། །ཡང་ན་སྤྲོས་པ་མེད་པའི་གང་ཟག་གིས་ཉིན་མོའི་སྔ་ཐུན་དང་ཕྱི་ཐུན་ལ་ཐོད་རྒལ་བསྒོམ་སྟེ། དེ་ཡང་སྔ་དྲོ་དང་ཕྱི་དྲོ་ཟེར་གཉིས་ལ་བསྒོམ་ཞིང་ཉིན་པར་ལུ་གུ་རྒྱུད་ལ་སྦྱངས། མཚན་མོའི་ཐུན་གཉིས་ལ་ལུས་གནད་ཙོག་པུས་ལག་སོར་གྱིས་མིག་གཉིས་བཀབ་ཏེ་རྗིད་མེད་པར་དལ་བུས་ཅུང་ཟད་མནན་པས་སྨིན་མཚམས་ཀྱི་ཐད་ཀའི་ནམ་མཁར་འོད་ལྔའི་ཐིག་ལེ་རྨ་བྱའི་མདོངས་ལྟར་བཀྲ་བ་ལ་ཤེས་པ་གཏད་དེ་ཅི་ནུས་སུ་བསྒོམ། སྲོད་ཀྱི་ཐུན་མཇུག་ཏུ་དྲང་སྲོང་གི་འདུག་སྟངས་ཀྱིས་དབང་པོ་གནད་དུ་བསྡུ་བ་ནི། ལྟེ་བར་པདྨ་འདབ་བཞིའི་སྟེང་དུ་ཨ་ཐུང་དམར་པོ་རེག་བྱ་ཚ་བ་ལས་མེ་འབར་བས་དབུ་མ་ནས་སྤྱི་བོའི་ཧཾ་ལ་ཕོག་པས་ཐིག་ལེ་ལས་ཐིག་པ་བབས། མེ་ཡི་གསོས་བྱས་ཏེ་ཤིན་ཏུ་འབར། ལས་དང་བག་ཆགས་བསྲེགས། ཐབས་ཤེས་དཀར་དམར་འཕྲད་པས་བདེ་བ་རྒྱས་པ་ན་བདེ་སྟོང་གི་ངང་ལ་བཞག དགུང་ལ་གླང་པོའི་འདུག་སྟངས་ཀྱིས་ཤེས་པ་བུམ་པར་བསྡུ་བ་ནི། སྙིང་ནང་དུ་ཨ་དཀར་པོ་གསལ་ལ་འཚེར་བ་གཅིག་དང་། ཚངས་བུག་ཏུ་ཨ་དཀར་པོ་གསལ་ལ། དེ་གཉིས་ཀྱི་བར་ལ་དབུ་མའི་ལམ་ནས་ཨ་དཀར་ཕྲ་མོ་ཤེལ་ཕྲེང་བརྒྱུས་པ་ལྟར་བྱུང་བ་རེ་རེ་ནས་སྙིང་ཀའི་ཨ་ལ་ཐིམ་པའི་རྐྱེན་གྱིས། འོད་དཀར་གྱིས་རྩ་དང་ལུས་ཀྱི་ནང་ཐམས་ཅད་གང་ཞིང་གསལ་བར་བསྒོམ་པ་ནི་གཉིད་འོད་གསལ་གྱི་སྦུབས་སུ་སྦ་བ་སྟེ་གཏི་མུག་མ་སྤང་རང་གྲོལ་གྱི་གནད་དོ། །ཐོ་རངས་ལངས་མ་ཐག་ཏུ་ཧ་ཞེས་དབུགས་རིང་གསུམ་བུས་ལ། སེང་གེའི་འདུག་སྟངས་ཀྱིས་རིག་པ་གསལ་འདོན་པ་ནི། སྤྱི་བོའི་ཐད་གཞུ་གང་ཙམ་གྱི་ནམ་མཁར་སྙིང་གའི་ཨ་ལས་ཨ་དཀར་པོ་གཉིས་པ་ཞིག་ཆད་དེ་གསལ་སེང་ངེ ་འདུག་པ་ལ་སེམས་བཟུང་བས་གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀ་དག་གདོད་མའི་གནས་ལུགས་འཆར་ཞིང་ཤེས་པར་འགྱུར་རོ། །དེ་བཞིན་དུ་པཎ་ཆེན་བི་མ་ལའི་མན་ངག་བསམ་གཏན་བཞི་དང་། འགོག་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་སྐྱེ་བའི་ཡན་ལག་རླུང་ལྔའི་ཁམས་རང་སར་ཟད་པར་བྱེད་ཕྱིར། ཨ་དམར་པོ་ལྔ་བརྩེགས་དང་། བཞི་བརྩེགས་དང་། ལྗང་གུ་སུམ་བརྩེགས་དང་། སེར་པོ་གཉིས་བརྩེགས། མཐིང་ག་རྐྱང་པ་རྣམས་རིམ་པར་བསྒོམ་པས་ཨ་སྐྱེ་མེད་ལ་གནས་པས་རྟོག་དཔྱོད་མེ་དང་། དགའ་བདེའི་ཉམས་ཆུ། དྲན་རྟོག་རླུང་། དྲན་གཉེན་ས་འདྲ་བ་དང་། སྤང་གཉེན་རང་གི་ངོ་བོ་ཆ་དང་བཅས་པ་དག་པར་བྱེད་དེ། སྒྲོན་མ་སྣང་བྱེད་ལས། སྒོམ་པའི་མན་ངག་རིམ་ལྟ་བུ། །ཉིན་མཚན་ཁ་སྦྱོར་རིམ་ཐོབ་བཞིན། ཞེས་དང་། ཟབ་དོན་སྙིང་པོ་ལས། སྔ་དྲོ་ཕྱི་དྲོ་ཟེར་ལ་སྦྱང་། །ཉིན་པར་ལུ་གུ་རྒྱུད་ལ་སྦྱང་། ཞེས་དང་། སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་གསུམ། །སྲོད་དང་ནམ་གུང་ཐོ་རངས་ཀྱི། །དམིགས་པ་གསུམ་དང་རིམ་པར་སྦྱར། །དེ་ལྟར་ཉིན་མཚན་བརྩོན་བྱེད་པས། །གྲོལ་བར་འགྱུར་བ་ཐེ་ཚོམ་མེད། ཅེས་སོ། །གཞན་ཡང་སྤྲོ་ན་སྐབས་འདི་རྣམས་སུ་ཡན་ལག་གི་འདུག་སྟངས་བདུན་དང་། ལྟ་སྟངས་བཞི་སོགས་ལའང་བསླབ་པར་གསུངས་པས་དེ་ཡང་འདུག་སྟངས་ནི། ཁྱུང་དང་སྟག་སྐྱུག་སྐྱེས་བུ་དང་། །ཝ་དང་བྱ་རྒོད་གྱད་དང ་དྲུག །ཆུ་སྲིན་འདུག་སྟངས་ལུས་གནད་བདུན། ཞེས་པའི་ཁྱུང་གི་འདུག་སྟངས་ནི། རྐང་མཐིལ་གཉིས་སྤྲད་ལུས་དྲང་པོར་བསྲང་། རྡོ་རྗེའི་ཁུ་ཚུར་གཉིས་བརླ་སྟེང་ཕབ། མཇིང་པ་ཅུང་ཟད་བཀུགས། མིག་སྨིན་ཕྲག་གི་མཁའ་ལ་བལྟ་སྟེ་ཉམས་སུ་བླང་ངོ། །སྟག་སྐྱུག་གི་ནི། རྐང་པ་སྔར་ལྟར། རྡོ་རྗེ་ཁུ་ཚུར་གསང་བར་ཕབ། ལྟག་རྩ་འཐེན། མགྲིན་པ་དགུག མིག་སྨིན་ཕྲག་དུ་སྒྲིལ་ཏེ་ཐད་སོར་ལྟ་ཞིང་ངོ། །སྐྱེས་བུའི་ནི། ལུས་ཙོག་པུ་ལག་གཉིས་བར་ལྷུ་ལ་འཁྱུད། མཇིང་པ་བག་ཙམ་བཏེགས། ནམ་མཁར་ཧྲ ི ག་པོར་བལྟས་ལའོ། །ཝའི་ནི། རྐང་པ་དྲང་སྲོང་ལྟ་བུ་ལ། རྡོ་རྗེའི་ཁུ་ཚུར་གཞོག་གཉིས་སུ་ཕབ། དཔུང་པ་བརྒྱང་ཞིང་འཐེན། རྒལ་ཚིག་བསྲང་། མིག་ཅུང་ཟད་ཟིམ་བུས་གཡས་གཡོན་གྱི་ཟུར་ལ་ཁྲིད་དེའོ། །རྒོད་ཀྱི་ནི། རྐང་པ་རྡོ་རྗེའི་འདུག་སྟངས་ཅུང་ཟད་མདུན་དུ་བསྐྱང་། ཁུ་ཚུར་གྱིས་དཔྱི་མགོའི་རྩར་བཙུགས་ལ་རྒལ་ཚིག་བསྲང་། ལྟག་རྩ་འཐེན། ཤིན་ཏུ་ཟིམ་བུས་ཟུར་གཉིས་ལ་ལུག་རྒྱུད་ལྡིང་ཐབས་སུ་འཁྲིད་ལ་ལྟ་བས་སོ། །གྱད་ཀྱི་ནི། སྐྱིལ་ཀྲུང་གི་བརླ་སྟེང་དུ་གྲུ་མོ་བཙུགས་ཏེ། ལག་གཉིས་འགྲམ་བཏེགས། རྒལ་ཚིག་ཆེར་བསྲང་། མིག་ཟིམ་བུ་ཕབ་ལྡོག་གིས་ལུག་རྒྱུད་གཡོན་གྱི་ནམ་མཁར་འཁྲིད་པའོ། །ཆུ་སྲིན་གྱི་ནི། སྐྱིལ་ཀྲུང་ལག་པ་པུས་མོར་བཀབ། ལུས་བསྲང་མཇིང་པ་ཅུང་ཟད་དགྱེ་བས་མིག་ཟུར་གཡས་སུ་འཁྲིད་ལ་ཟིམ་གྱིས་ལྟ་ཞིང་བསྒོམ་མོ། དེ་རྣམས་ས་མཐོ་བ་ནམ་མཁའ་མཐོང་རྒྱ་ཆེ་སར་ལྷོར་བལྟ་བས་སོ། །ལྟ་སྟངས་ནི། སེང་གེ་གླང་དང་རི་བོང་དང་། །མདའ་བསྲང་ལྟ་བུར་ལྟ་སྟངས་བཞི། །ཉིན་དུས་རྣལ་འབྱོར་པ་ཡིས་བལྟ། ཞེས་སེང་གེ་ལྟར་མིག་གྱེན་ལ་ཟློག་པ་དང་། གླང་ཆེན་ལྟར་ཅུང་ཟད་ཐུར་དུ་ལྟ་བ་དང་། རི་བོང་ལྟར་ཐ ད ་ཀ ར་ཧད་པོར་ལྟ་བ་དང་། མདའ་བསྲང་པ་ལྟར་ཟུར་ལ་དྲང་པོར་ལྟ་བ་དང་། བགྲད་པ་དང་ཕྱེད་ཟིམ་དང་ཟིམ་བུའི་སྒོ་ནས་གྱེན་དང་། ཐུར་དང་། གཡས་དང་གཡོན་དང་། ཐད་སོར་ལྟ་བ་རྣམས་གང་བདེར་བྱ་ཞིང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མ་བྲལ་བར་བྱའོ།།

རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་པ།

སྣང་བཞིའི་ས་མཚམས་ཀྱི་དབྱེ་བ་སྤྱིར་བཤད་པ།

གསུམ་པ་རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་པ་ལ། སྣང་བཞིའི་ས་མཚམས་ཀྱི་དབྱེ་བ་སྤྱིར་བཤད་པ་དང་། བྱེ་བྲག་ཏུ་བསྟན་པ་ལས། ཐོག་མར་སྤྱིར་བཤད་པ་ནི། རྒྱུད་ལས། སྣང་བཞིའི་འཆར་ཚུལ་མ་ཤེས་ན། །ས་ཟིན་མེད་པའི་སྐྱོན་ཉིད་འབྱུང་། །སྣང་བ་བཞི་རུ་ཤེས་པར་བྱ། ཞེས་པར་དག་བྱ་དག་བྱེད་དག་འབྲས་ལས་ས་བཅད་ཀྱི་མཚམས་བཞིར་བྱུང་བ་ཕར་ཕྱིན་ཐེག་པའི་ལམ་ལྔ་དང་ཕྱོགས་མཚུངས་པ་ལས། ལམ་ཁྱད་མྱུར་བུལ་གྱི་སྒོ་ནས་ཤིང་རྟ་དང་ཉི་ཟླའི་འགྲོས་ལྟ་བུའི་ཁྱད་པར་ཆེ་བ་རང་བཞིན་ཐེག་མཆོག་རྒྱལ་པོའི་ལུགས་ལ་སྣང་བའི་ས་མཚམས་བཞིར་ངེས་པ་ཡང་། རྩ་རྒྱུད་ལས། དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ཚིག་ལས་འདས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་བའི་སྣང་བ་ནུབ་པ་དང་། །བར་དོའི་ཡེ་ཤེས་མངོན་དུ་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོག་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། ཅེས་དང་། འདས་རྗེས་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་ནུབ། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །བར་དོའི་ཡེ་ཤེས་མངོན་དུ་བྱས། །རིག་པ་ཚད་ཕེབས་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ། །འདི་ལྟར་བཞི་ལ་མཐར་ཕྱིན་པས། །མྱང་འདས་གཞན་ནས་བཙལ་དུ་མེད། ཅེས་གསུངས་སོ། །

བྱེ་བྲག་ཏུ་བསྟན་པ།

སྣང་བཞིའི་འཆར་སྒོ་སོ་སོར་ངོས་བཟུང་བ།

ཆོས་ཉིད་མངོན་སུམ་གྱི་སྣང་བ།

གཉིས་པ་སྣང་བཞིའི་ས་མཚམས་བྱེ་བྲག་ཏུ་བསྟན་པ་ལ། སྣང་བཞིའི་འཆར་སྒོ་སོ་སོར་ངོས་བཟུང་བ། མཐའ་རྟེན་བཞིའི་གོམས་ཚུལ་བཤད་པ། འབྲས་བུའི་གྲོལ་ཚུལ་བསྟན་པའོ། །དང་པོ་ལ་མངོན་སུམ། གོང་འཕེལ། ཚད་ཕེབས། ཟད་པའི་སྣང་བ་བཞི་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། དེ་ལྟར་ཉིན་མོ་ཆོས་སྐུའི་རྟེན་ཉི་མ་དང་མན་ཤེལ་ལ་བསླབ་པས་འོད་གསལ་གྱི་སྣང་བ་འཆར་སླ་ཞིང་། མཚན་མོ་ལོངས་སྐུའི་རྟེན་ཟླ་བ་དང་ཆུ་ཤེལ་ལ་བསླབ་པས་མིག་གི་ཚ་བ་འཕེལ་བའི་གེགས་སྒྲོལ་ཞིང་ཚ་གྲང་སྙོམ་པར་བྱེད། ནང་ནུབ་ཏུ་སྤྲུལ་སྐུའི་རྟེན་མར་མེ་ལ་བསླབ་པས་ལམ་དུ་འཁྱེར་བདེ་བས། དེ་དག་དངོས་ལ་མ་རེག་ཙམ་དུ་བལྟ་བ་ལ་ཐོག་མར་གོམས་སུ་བཅུག་ནས། གོང་ལྟར་སྒོ་གསུམ་གྱི་འཁྲུལ་འཁོར་དང་གནད་བཞིས་གཅུན་པས། སྙིང་ཁའི་རིག་པ་བདེ་གཤེགས་སྙིང་པོའི་རང་མདངས་དབྱིངས་ཀྱི་སྣང་བ་འཇའ་ཚོན་རིས་དང་པོར་མཐོང་བ་ནས་བརྩམས་ཏེ་ཐིག་ལེ་འོད་ཟླུམ་ཐིག་ཕྲན་བཅས་གསལ་འགྲིབ་ཀྱི་རྣམ་པ་ཅན་དུ་འཆར་ལ། དེ་ཡང་སྤྱིར་འོག མཐིང་ཤས་ཆེ་བ་དབུས། དཀར་ན་གཡས། ལྗང་ན་གཡོན། སེར་ན་གྱེན། དམར་ན་ཐུར་དུ་ཁྲིད་ཅིང་། ལྔ་ལྡན་མཉམ་པར་ཤར་ན་རང་སོར་བཞག ཐིག་ལེ་སྣང་བ་མ་མཐོང་ན་རང་སོར་མཉམ་པར་འཇོག་ཅིང་ལྟ་བ་གནད་དོ། །དེའི་ཚེ་རྒྱངས་ཞགས་ཆུའི་སྒྲོན་མའི་ལམ་ནས། མངོན་སུམ་ཉིད་དུ་དབྱིངས་སྣང་རྣམ་དག་གི་སྒྲོན་མ་འཇའ་གུར་རམ། རྨ་བྱའི་མདོངས་འདྲ་བའི་ནང་དུ། ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཟླུམ་སྦ་སྐོར་ལྟ་བུ་ཐིག་ཕྲན་ཅན་ཤར་བའི་དབུས་ཀྱི་གོ་མཚམས་སུ། ཀ་དག་གི་རིག་པ་སྟོང་གསལ་བརྗོད་དུ་མེད་པའི་གདངས། ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྲེང་བ་དང་བཅས་པ། ཤེས་ཉམས་འགྲིབ་པ་དང་སྣང་ཉམས་འཆར་ཞིང་འཕེལ་བའི་ཆས་མཐོང་བ་དང་། གོམས་པ་དང་། བརྟན་པའི་རྟགས་ཚད་ཅན་དེ་ཉིད། གཞི་རང་བྱུང་རིག་པའི་ངོ་བོ་ཀ་དག་གི་ཀློང་ནས་རང་བཞིན་ལྷུན་གྲུབ་ཀྱི་ཟེར་མདངས་སྐུ་དང་ཚོམ་བུར་གསལ་བ་ཐམས་ཅད་ཐུགས་རྗེ་རང་སྣང་གི་ཡེ་ཤེས་ཕྱིར་མ་འཕྲོས་པར་ནང་གསལ་དུ་བཞུགས་པས་སམ། ཐམས་ཅད་ལ་ཡེ་ནས་སྐུ་གསུམ་རང་ཆས་སུ་ཡོད་པའི་གནད་ཀྱིས་དངོས་པོ་དང་བདག་ཉིད་གཅིག་པ། དེ་ལས་དེ་བྱུང་གི་ཚུལ་གྱིས། དེའི་རང་མདངས་ལས་རིག་པ་རང་བྱུང་གི་སྒྲོན་མ་ཉིད་བྱད་དང་གཟུགས་བརྙན་ནམ། ཉི་མ་དང་འོད་ཟེར་བཞིན་མ་འདྲེས་པར་སྣང་བ་ཡིན་ལ། རིག་པ་དེ་རྩ་ཡི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་ཕྲ་ཞིང་འཁྱོག་པའི་བྲེང་ཡོད་ལ། ཐིག་ལེ་ལ་བརྟེན་ནས་གྲོལ་བའི་རྟགས་སུ་འཁྱོགས་མཚམས་ལ་ཐིག་ལེ་ཕྲ་མོ་ཟུང་འབྲེལ་ཡོད་ཅིང་། རླུང་གི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་འགྲོ་འོང་ཅན་དུ་ཡོད་པ་དེ་ཡན་དུ་མི་འཇུག་པར་དབྱིངས་དང་ཐིག་ལེའི་ར་བར་འཛུད་ཅིང་མ་ཡེངས་པར་བལྟས་ཏེ་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷག་གེ་སྐྱེས་པའི་ངང་ལ་བཞག་པས་ཤེས་པ་གསལ་ལ་དངས་བ་དམིགས་བསམ་བརྗོད་པའི་ཡུལ་ལས་འདས་པ་ཞིག་རང་ཉམས་སུ་མྱོང་བ་ནི་ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་ངོ་བོ་ཤེས་རབ་རང་བྱུང་གི་སྒྲོ ན་མ་འཆར་བའོ། །དེ་ལ་གོམས་སུ་བཅུག་སྟེ་སྒོ་གསུམ་རང་བབས་སུ་དལ་བས་རྩལ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་དང་རྟོག་དཔྱོད་ཀྱི་ཤེས་རབ་ཁྱད་པར་ཅན་འཆར་ཞིང་། གདངས་ཙིཏྟ་རིན་པོ་ཆེའི་སྦུབས་འོད་ལྔ་འདུས་པའི་ཕོ་བྲང་ན་ཡེ་ནས་འདུ་འབྲལ་མེད་པར་གནས་པའི་ཡེ་ཤེས་ཀྱི་སྐུ། གདོད་མའི་མགོན་པོ་འོད་མི་འགྱུར་བ། ངོ་བོ་སྟོང་ཉིད་ཀ་ནས་དག་ཅིང་རང་བཞིན་སྐུ་དང་འོད་དུ་གསལ་བ། ཐུགས་རྗེ་རིག་པའི་སྙིང་པོ་ཅན་ནང་གསལ་དུ་ཀུན་ལ་ཁྱབ་ཅིང་དུས་གསུམ་འཕོ་འགྱུར་མེད་པར་བཞུགས་པའི་གདངས་ལས་ངོ་བོའི་རྟགས་སུ་མི་རྟོག་པའི་ཡེ་ཤེས། རང་བཞིན་གྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། ཐུགས་རྗེའི་རྟགས་རང་གསལ་ཆེན་པོ། ཡིད་དཔྱོད་འཛིན་པའི་ལྟ་བ་དང་ཚིག་ལས་འདས་ཤིང་རྟོག་དཔྱོད་ཀྱི་བློ་ཡིས་རི་མོར་བྲིས་པ་མ་ཡིན་པ། ཆོས་ཉིད་སྐུ་གསུམ་གྱི་དགོངས་པ་མཉམ་ཉིད་གཞི་རྫོགས་ཆེན་པོའི་ཀློང་ནས། དབང་པོའི་ཡུལ་ལ་མངོན་སུམ་གསལ་བར་སྣང་བ་འདི་ཉིད་ནི། གདོད་མའི་གཞི་ལ་ད་ལྟའི་སྣང་སེམས་གྲོལ་བྱེད་དེ། རིག་པ་དབྱིངས་ཀྱི་ར་བར་ཚུད་ནས་སྒྲོན་མ་རྣམས་རྩོལ་བ་མེད་པར་ཇེ་གསལ་ཇེ་བརྟན་དུ་འགྲོ་ཞིང་། ཡེ་ཤེས་ཀྱི་སུམ་ཆ་ལ་དབང་ཐོབ་པས་དབྱིངས་གྲུ་གང་ཙམ་དང་། ཐིག་ལེ་ཟླུམ་འཕྲིག་སུམ་འབྲེལ་དང་། རྡོ་རྗེ་ལུ་གུ་རྒྱུད་ཕྲ་ལ་འགུལ་བར་མཐོང་བ་ཚུན་ཆད་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཡིན་ཏེ། རྩ་རྒྱུད་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ལས་ངེས་ཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། ཞེས་དང་། རྒྱུད་ལས། རྐྱེན་བྲལ་མཁའ་ལ་བླ་མ་ཡིས། །གཟིགས་སྟངས་གཅུན་ཞིང་ངོ་སྤྲོད་པས། །དབང་པོའི་སྒོ་ལ་སྒྲོན་མ་ནི། །འཇའ་འམ་རྨ་བྱའི་མདོངས་ལྟ་བུ། །ཐིག་ལེ་ལུག་རྒྱུད་འབྲེལ་བ་ལ། །འགུལ་འཕྲིག་འགྱུ་བའི་རྣམ་པར་འབྱུང་། ཞེས་དང་། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་ལ་རབ་ཏུ་གསལ། །དེ་ཡང་འོང་དང་འགྲོ་བ་དང་། །འགུལ་བ་དང་ནི་འཕྲིག་པའོ། །ཞེས་དང་རྒྱུད་ལས། དེ་ལྟར་གསལ་བའི་དབྱིངས་རིག་ནི། །ཉི་མའི་འོད་ཀྱི་ཚུལ་དུ་གནས། ཞེས་དང་། དེ་ཡི་ངོ་བོ་ཀ་དག་ལ། །རང་བཞིན་ལྷུན་གྲུབ་ཉིད་དུ་སྟེ། །ཐུགས་རྗེ་ཀུན་ལ་ཁྱབ་པ་ཉིད། །ཙིཏྟ་དག་ནས་རྩ་ལ་ཤར། །ངོ་བོ་མངོན་སུམ་སྒོ་ལ་འཆར། །རིག་པ་མངོན་སུམ་ཞེས་སུ་བརྗོད། །ཡིད་དཔྱོད་རྣམས་དང་བྲལ་བའོ། །ཞེས་གསུངས་སོ། །ཡང་སྒྲོན་མ་རྣམ་བཀོད་ལས། །ཉམས་ལེན་ཚད་ནི་རྣམ་གསུམ་ཏེ། །མཐོང་བའི་ཚད་དང་གོམས་པའི་ཚད། །བརྟན་པའི་ཚད་དང་གསུམ་ཏུ་གནས། །མཐོང་བའི་ཚད་ནི་འདི་ཡིན་ཏེ། །མི་འགྱུར་མཐིང་ག་དབྱིངས་ཀྱི་ཚད། །ཟླུམ་འཕྲིག་གསལ་བ་སྒྲོན་མའི་ཚད། །ཕྲ་བ་འགུལ་བ་རིག་པའི་ཚད། །མཐོང་བའི་དུས་སུ་ཤེས་པར་བྱ། །གོམས་པའི་ཚད་ནི་རྣམ་གསུམ་ཏེ། །མཐིང་ག་ལས་མཆེད་ཁ་དོག་ལྔ། །གྲུ་གང་ཙམ་དུ་སྣང་བ་ནི། །དང་པོར་གོམས་པའི་ཚད་ཡིན་ནོ། །ཞེས་དང་། སྒྲོན་མ་དང་རིག་པ་ཡང་། རྒྱུད་ལས། ཟླུམ་འཕྲིག་ལས་ནི་ཟ་འོག་རིས། །རང་གི་སྣ་རྩེ་ལ་ཤར་ན། །དང་པོ་གོམས་པའི་ཚད་ཡིན་ནོ། །ཞེས་དང་། རིག་པ་འདབ་ཆགས་ལྡིང་བ་ཙམ། །དང་པོ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །དེ་ལྟར་མངོན་སུམ་གྱི་གནད་མ་མཐོང་ན་ཤེས་ཉམས་ཡིད་དཔྱོད་ཀྱི་ལྟ་བར་གོལ་བས་སྡིག་གིས་གོས་ཤིང་འཁོར་བར་ལྡོག་ཉེན་ཡོད་པ་དང་། ཕྱིའི་དབྱིངས་སྣང་གི་རྟགས་དང་པོ་ཙམ་མཐོང་བས་མ་ཡིན་པར་ནང་དུ་ཤེས་རབ་ཀྱི་མིག་རྡུལ་དང་བྲལ་བས་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་གནད་ཀྱིས་ཡིད་དཔྱོད་ཀྱི་ལྟ་ངན་དང་བྲལ་ཞིང་སྡིག་ལྟུང་ཟད་པས། འདི་དུས་སུ་བར་ཆད་ཀྱང་སླར་འཁོར་བར་མི་ལྡོག་ཅིང་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་འབྱིན་པར་ཡང་། རྒྱུད་ལས། མངོན་སུམ་རིག་པ་མ་མཐོང་ན། །ཡིད་དཔྱོད་མུན་པའི་མཐའ་འཁོར་ནས། །འཁོར་བ་ཉིད་དུ་རྣམ་པར་འཁོར། ཞེས་དང་། རིག་པ་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནད་ཀྱིས་སུ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་དང་། འདས་རྗེས་ལས། མངོན་སུམ་གནད་འདི་སུས་མཐོང་བ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །

ཉམས་གོང་འཕེལ་གྱི་སྣང་བ།

གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། རྒྱུད་ལས། གོང་དུ་འཕེལ་བའི་སྣང་བ་ཡི། །ཉམས་ཀྱི་འཕེལ་ཤན་དབྱེ་བ་གཅེས། ཞེས་གསུངས་པས་ཤེས་ཉམས་དང་། སྣང་ཉམས་གཉིས་ལས། རླུང་སེམས་ཀྱི་འདུ་བ་ལས་བྱུང་བའི་དུ་བ་དང་། སྨིག་སྒྱུ་དང་། མེ་ཁྱེར་སོགས་བཅུ་འདགས་བྱའི་རྟགས་དང་། བདེ་གསལ་མི་རྟོག་པའི་ཉམས་ཡིད་དཔྱོད་ཅན་རྣམས་ཤེས་ཉམས་འཁྲུལ་ཆར་གཏོགས་པ་བློའི་འཛིན་པ་དང་བཅས་པས་མི་བརྟན་ཕྱིར་གཏད་མེད་ཉིད་དུ་གསུངས་ཤིང་། འདིར་ནང་དུ་ཆོས་ཉིད་ཀྱི་ངོ་བོ་སྟོང་པར་མཐོང་བའི་རིག་གདངས་རང་བཞིན་གསལ་བའི་ཡེ་ཤེས་ཀྱི་འོད་མདངས་ཕྱི་རོལ་དུ་མི་འགྱུར་བར་འཕེལ་བ་དང་། ནང་རྩ་འོད་དུ་སོང་བ་དང་། གསང་བ་ཉོན་མོངས་པ་གྲོལ་བ་མཉམ་པོར་སྟོན་པས་ཡིད་དཔྱོད་ལ་རགས་མ་ལས་ཤིང་རྟོག་དཔྱོད་ཀྱི་བློ་ལས་འདས་པའི་སྣང་ཉམས་ཉིད་ཀྱི་ཕྱིར་མི་འགྱུར་བརྟན་ཅིང་བསླུ་བ་མེད་པ་སྟེ། རྒྱུད་ལས། བློ་ནི་ཀུན་རྫོབ་འཁྲུལ་བར་བཤད། ཅེས་དང་། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། ཅེས་གསུངས་པ་ལྟར་རོ། །དེ་ལྟར་ནང་དུ་རིག་པ་གྲོལ་བའི་ལམ་རྟགས་ཀྱི་སྣང་ཉམས་སུ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་གདངས་ཁ་དོ ག་གི་རྣམ་པར་ཕྱིར་ཤར་ནས་དབྱིངས་རིག་རེས་གསལ། རེས་མི་གསལ་བ་ལས་འོད་སྣང་ཆེར་མཆེད་དེ། དབྱིངས་རིག་སྨིན་མཚམས་ལས་བྲལ་བར་འ གྱུར་ཏེ། འོད་ལྔ་གྱེན་འགྲེང་། རྩིབས་ཤར། མདུང་རྩེ། མིག་ཚག དྲྭ་བ་དྲྭ་ཕྱེད། མཆོད་རྟེན། མིག་མང་རིས། འཁོར་ལོ། རྡོ་རྗེ། རིན་པོ་ཆེ། པདྨ་སྟོང་ལྡན། རལ་གྲི། ཉི་ཟླ། མཁར་ཐབས། མེ་ལྕེ། སྲོག་ཆགས་ཉ་མིག་ལྟ་བུ་སོགས་མ་ངེས་པར་སྣང་ཞིང་། དབྱིངས་སྣང་མིག་རྒྱང་། ཡུལ་གྲུ། སྟོང་གསུམ་ཙམ་དང་། ཞིང་ཁམས་གང་བའི་བར་དུ་འཆར་ལ། ཐིག་ལེ་ཡང་སྲན་མ་ཙམ་ནས་མེ་ལོང་། ཁམ་ཕོར། བསེ་ཕུབ་ཙམ་སོགས་ནས་དཔག་མེད་ཀྱི་བར་དུ་རིམ་པར་འཕེལ་ཞིང་། ནང་དུ་རིགས་ལྔ་ཞལ། ཕྱེད། རྫོགས་པར་རིམ་གྱིས་སྣང་། རིག་པ་ལུ་གུ་རྒྱུད་ཀྱང་། སྐར་མདའ་འཕྲོ་བ་དང་། འདབ ་ཆགས་འཕུར་རྐྱེན་པ། རི་དྭགས་རྩིབས་ལ་རྒྱུག་པ། ཤ་ར་ཎ་དལ་གྱིས་འགྲོ་བ། བུང་བ་བཅུད་ལ་འཁོར་བ་ཙམ་དུ་ཇེ་དལ་དང་། ཇེ་གསལ། ཇེ་བརྟན་དུ་འགྲོ་སྟེ། དེ་ལ་ཡང་དབྱིངས་སྣང་རེ་ལྡེ་ཙམ་ལ་མཆེད་དུས་རྩིབས་ཤར་ལ་མདུན། དུམ་བུ་དང་གྱེན་འགྲེང་ལ་ཐུར། ཟླ་གམ་ལ་སྟེང་དུ་བལྟ་ཞིང་། གྲུ་བཞི་ལ་གཡས་དང་། ཟླུམ་པོ་ལ་གཡོན་དུ་གཅུན། གྲུ་གསུམ་ལ་ཐུར་དུ་དབབ། མཁར་ཐབས་ལ་མཉམ་པར་བལྟ་བ་གནད་ཡིན་ལ། དབྱིངས་སྣང་རེ་ལྡེ་ཙམ་དང་། ཐིག་ལེ་མེ་ལོང་ཙམ་དང་། རིག་པ་འདབ་ཆགས་འཕུར་བའམ་རི་དྭགས་བརྒྱུག་པ་ཙམ་ནི་བར་དུ་གོམས་པའི་ཚད་དང་། དབྱིངས་ཀྱི་འོད་སྣང་སྟོང་གསུམ་ཙམ་མམ་ཞིང་ཁམས་གང་དུ་བལྟས་ཚད་ལ་ཁྱབ་པ་དང་། ཐིག་ལེ་དཔག་ཏུ་མེད་པའི་ནང་རྣམས་ན་སྐུ་ཕྲ་མོ་དབུ་དང་། སྐུ་ཕྱེད་དང་། རྫོགས་པའི་རྣམ་པ་དང་། རིག་པ་རྡོ་རྗེ་ལུ་གུ་རྒྱུད་བལྟས་པའི་ས་དེར་སྡོད་ཅིང་བར་རྣམས་སུ་རིགས་ལྔའི་སྐུ་ཕྲ་མོ་རེ་རེ་སྣང་བར་གྱུར་པ་ན་མཆོག་ཏུ་གོམས་པའི་ཚད་དེ། ངེས་པར་འདི་ཚུན་ཆད་ནས་ཉམས་གོང་འཕེལ་རྫོགས་པ་ཡིན་ཏེ། རྩ་རྒྱུད་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོ ག་ཕྱིར་ཕྱུང་ནས། །གྱེན་འགྲེང་དང་ནི་རྩིབས་ཤར་དང་། ཐིག་ལེ་སྣ་ཚོགས་སྐུ་ཉིད་དང་། །རགས་པར་སྣང་བའི་ཡུལ་ལ་གསལ། །ཞེས་དང་། རྒྱུད་ལས། ཉམས་སྣང་གོང་དུ་འཕེལ་བ་ནི། །འོད་ནི་སྣ་ཚོགས་འགྱུར་འཕེལ་དང་། །ཐིག་ལེ་འཕེལ་ཞིང་རིག་བརྟན་ཚད། །ས་བོན་འབྲས་བུའི་བར་བཞིན་འབྱུང་། ཞེས་དང་། བར་དུ་གོམས་པའི་ཚད་འོད། སྒྲོན་མ། རིག་པ་རྣམས་ལ་རིམ་པར་རྒྱུད་ལས། དེ་ནས་དེ་ལ་རབ་འདྲེས་ནས། །རེ་ལྡེའི་རྣམ་པ་ཙམ་འཆར་བ། །བར་དུ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །ཞེས་དང་། དེ་ནས་གོང་དུ་སྨིན་མཚམས་སུ། །མེ་ལོང་ཙམ་དུ་གསལ་གྱུར་ན། །བར་དུ་གོམས་པའི་ཚད་ཡིན་ནོ། །ཞེས་དང་། དེ་ནས་རབ་ཏུ་ཉམས་བླངས་ནས། །རི་དྭགས་བང་དང་མཉམ་པ་ནི། །བར་དུ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །དེ་བཞིན་དུ་མཆོག་ཏུ་གོམས་པའི་ཚད་ཀྱང་རིམ་པར། དེ་ལ་མཆོག་ཏུ་གོམས་པས་ནི། །སྣང་བ་ཐམས་ཅད་འོད་སྣང་དུ། །ཤར་བ་གོམས་པའི་ཚད་ཡིན་ནོ། །ཞེས་དང་། སྣང་བ་ཐམས་ཅད་ཐིག་ལེ་རུ། །ཤར་ནས་ཁྲིག་གེར་གནས་པ་ན། །མཆོག་ཏུ་གོམས་པའི་ཚད་ཡིན་ནོ། །ཞེས་དང་། བལྟས་པའི་ས་དེར་སྡོད་གྱུར་ན། །མཆོག་ཏུ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །དེ་ལྟར་གོང་འཕེལ་རྫོགས་པའི་ཡོན་ཏན་ནི། ཉམས་སྣང་གི་རིམ་པ་རྣམས་དང་། ཕྱིར་སྣང་བའི་འོད་གསལ་ལ་རྩལ་འཕེལ་བ་བཞིན་དུ་ནང་དུའང་རིག་པའི་འོད་གསལ་ཏིང་ངེ་འཛིན་དང་། སྤྱན་དང་། མངོན་ཤེས་ལ་སོགས་པ་ཡང་འཆར་ཞིང་། ཡོན་ཏན་སྣ་ཚོགས་རིམ་པར་ཐོབ། སྣང་བ་རང་སར་གྲོལ་བས་བར་དོ་སྟོང་ཞིང་བར་དོའི་དང་པོ་ལ་སངས་རྒྱས་པའང་། རྒྱུད་ལས། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ན། །བར་དོའི་སྣང་བ་འདིར་ཆོད་པས། །ལོངས་སྤྱོད་ངོས་ཟིན་བར་དོ་སྟོང་། ཞེས་སོ། །དེ་ལ་ཡང་རྒྱུད་བུ་ཡིག་གི་དགོངས་པ་ལྟར། བར་ཆད་པའི་གྲོལ་ཚད་ཀྱི་ས་མཚམས་གོམས་པ་ཆེ་ཆུང་གིས་དབྱེ་ན། དབྱིངས་རིག་སྨིན་མཚམས་བྲལ་ནས། ཡེ་ཤེས་བཞི་སྦྱོར་གྱི་སྣང་བས་གྲོལ་ན་ཕྱིན་ཆད་འཁོར་བར་མི་འཇུག གྲུ་ཆད་ཀྱི་རྣམ་པར་ཤར་ནས་ཚོམ་བུའི་སྣང་བ་ལ་གྲོལ་ན་རང་བཞིན་སྤྲུལ་པར་དབུགས་འབྱིན། སྣང་བ་ཐམས་ཅད་འོད་ལྔར་སྨིན་ཅིང་དབྱིངས་སྣང་ཟླུམ་འཁྲིགས་སུ་པད་འདབ་བཞི་བཞིས་བརྒྱན་པའི་ཚོམ་བུར་ཤར་ནས། འོད་གསལ་ཤར་བའི་སྐད་ཅིག་མ་དང་པོར་བར་དོ་མེད་པར། དེ་བཞིན་དུ་དབུགས་འབྱིན་པར་གསུངས་ཏེ། ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་དེ། །འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་འགྲུབ་པོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཞེས་སོ། །དེས་ན་པཎ་ཆེན་བི་མ་ལ་མི་ཏྲས་ཚོམ་བུའི་སྣང་བ་གོང་འཕེལ་གྱི་མཐར་ཐུག་དང་། ལྷ་སྐུར་ཤར་ནས་ཚད་ཕེབས་སུ་བཞེད་ཀྱང་། སྡོད་སའི་ཉིན་སྲིབ་ལ་ལྟོས་ནས་ཚུ་རི་དང་ཕ་རིར་བཞག་པ་ཙམ་ལས། གོང་འཕེལ་རྫོགས་ནས་ཚད་ཕེབས་ཀྱི་མགོ་ཟིན་པ་ཡིན་ཕྱིར། དགོངས་པ་ཐ་མི་དད་པར་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གསུངས་སོ། །

རིག་པ་ཚད་ཕེབས་ཀྱི་སྣང་བ།

གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དབྱིངས་ཀྱི་སྣང་བས་ཐམས་ཅད་ལ་རྒྱས་ཐེབས་པས་ས་ཆུ་མེ་རླུང་གི་སྣང་བ་རང་སར་དག་ནས་རིག་པའི་ཡོན་ཏན་འཕེལ་བའི་ཆ་སྟོབས་སུ་གྱུར་པ་ལས། འོད་གསལ་གྱི་སྣང་བ་འབྱམས་སུ་ཀླས་པའི་དབྱིངས་ཆེན་པོར་སྣང་བ་རྣམ་པར་དག་པའི་ཞིང་ཁམས་སུ་ཡེ་ཤེས་ལྔའི་ཆོས་ཉིད་ལ་བྱན་ཚུད་པས། དཔག་ཏུ་མེད་པའི་ཐིག་ལེ་ལྔ་ལྔ་ཚོམ་བུར་ཤར་བ་རྣམས་རེ་རེའི་ནང་དུ། སྤྲུལ་སྐུའི་སྦྱངས་པ་རྣམ་པར་དག་པས་གཙུག་ཏོར་དང་བཅས་པའི་སྐུ་དབུ་དང་ཕྱེད་དང་རྐྱང་པའི་བར་དང་། ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པས་རིགས་ལྔའི་སྐུ་རྐྱང་པ་དང་། རྒྱན་རྫོགས་དང་། ཡུམ་བཅས་ཀྱི་རྣམ་པ་དང་། ཆོས་སྐུའི་སྦྱངས་པ་རྣམ་པར་དག་པས་གཙོ་དང་འཁོར་གྱི་ཚོམ་བུ་ཐ་དད་པའི་དཀྱིལ་འཁོར་མུ་ཁྱུད་ཀྱི་ར་བ་དང་བཅས་པ་དབྱིངས་གང་བར་འཆར་ཞིང་། རིག་པའི་མཚམས་སུ་ཡང་སྐུ་ལྔ་ལྔ་ཡབ་ཡུམ་ཟུང་སྦྱོར་གྱི་ཚོམ་བུ་ཤིན་ཏུ་ཕྲ་བ་ཚད་མེད་པ་སྣང་ཞིང་མཆོག་ཏུ་གསལ་བ་ནི། གཞི་ཆོས་ཉིད་གང་དུའང་མ་ཕྱེ་བའི་རྩལ་བྱད་དང་མེ་ལོང་གི་རྣམ་པར་ཤར་བས་རིག་པའི་གཤིས་ལ་སྐུ་གསུམ་ཡེ་རྫོགས་སུ་ཡོད་པའི་ཕྱིར། ལོངས་སྤྱོད་རྫོགས་པའི་སྐུའི་ཡོན་ཏན་མ་ལུས་ཤིང་ལུས་པ་མེད་པ་འདིར་ལམ་གྱི་སྣང་བ་ཉིད་དུ་རྩལ་རྫོགས་པ་ཡིན་པའི་ཕྱིར་རིག་པ་ཚད་ལ་ཕེབས་པའི་སྣང་བ་ཞེས་བྱའོ། །དེ་ཡང་ཤིན་ཏུ་གོམས་པའི་སྣང་བ་ཡིན་པས་འགུལ་འཕྲིག་མེད་ཅིང་། ཉིན་སྣང་དང་མཚན་སྣང་འདྲེས་པས་ཉིན་མཚན་དབྱེ་བ་མེད། ཤེས་པ་གང་གི་གྲོང་དུའང་འཇུག་ནུས་པས་བེམ་པོ་ལ་གཏད་ཀྱང་འགུལ་ཞིང་སྒྲ་གྲགས་པ་དང་། ལུས་རྡུལ་ཕྲན་ཆ་མེད་དུ་མཐོང་བས་རི་བྲག་སོགས་ལ་ཟང་ཐལ་དུ་འགྲོ་ནུས་པ་འོང་། གཟུང་འཛིན་ཐད་ཀར་ཞིག་པས་སྨྱོན་པ་ཁྲོག་ལངས་པ་བཞིན་གང་ལའང་ཉམས་ང་བ་དང་། བག་ཚ་བའི་ཁུང་སྟོར། སྣང་བ་འོད་གསལ་དུ་གྲོལ་བས་སངས་རྒྱས་ལྔའི་ཞིང་དུ་སྣང་། གདོས་བཅས་ཀྱི་འཛིན་པ་གྲོལ་བས་རང་ལུས་འོད་ཀྱི་འཁོར་ལོར་འཁྱིལ། སྦྱངས་བགྲོད་ཀྱི་འཛིན་པ་གྲོལ་བས་མཚན་དཔེ་རྣམས་རིམ་པའམ་ཅིག་ཆར་དུ་གསལ། ཡེ་ཤེས་ཀྱི་རླུང་ལག་སོར་དུ་ཚུད་པས་འོད་ལྔར་འཁྲིགས། རླུང་དེ་ཉིད་དབྱིངས་སུ་འཁྱིལ་བས་སྤྱི་གཙུག་གི་སྟེང་དུ། ཐིག་ལེ་དགུའམ་ལྔ་བརྩེགས་མར་སྣང་། སྙིང་རྗེའི་རང་གདངས་ཕྱིར་སྣང་བ་རྣམས། ནང་རིག་པ་གཡོ་བྱེད་ཀྱི་རླུང་ཕྲ་བ་དང་བཅས་པ་ཟད་དགོས་པའི་རྟགས་སུ་སྙིང་དབུས་ཀྱི་ཐིག་ལེ་ཨ་ཡིག་གིས་མཚན་པར་སྣང་། རིག་པ་ཆོས་ཉིད་ཀྱི་རང་གདངས་སྙིང་གར་ཞི་བ་དང་། དུང་ཁང་ཁྲོ་བོའི་དཀྱིལ་འཁོར་དུ་སྣང་བ་ལས་ཡེ་ཤེས་ཞི་བའི་གདངས་འོད་རྩ་ཕྲ་མོ་རྣམས་སུ་ཐོན་ཏེ་ལུས་ཀྱི་ནང་དང་བ་སྤུའི་བུ་ག་རྣམས་སུ་སྐུ་དང་ཐིག་ལེ་འཆར། ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་ལོངས་སྐུའི་སྙིང་པོ་ཅན་དུ་རྫོགས་པས་ཞིང་རྡུལ་ཕྲ་རབ་རེ་རེར་ཡང་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་དང་། ཁྲོ་བོའི་གདངས་ཚངས་བུག་གི་འོད་རྩ་ལས་ཐོན་ཏེ་སྟེང་གཞི་ཐམས་ཅད་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་དུ་གསལ་ལོ། །དེ་ལྟར་ཕྲ་ཞིང་ཕྲ་བའི་སྐུ་སྣང་བ་ཐམས་ཅད་ཀྱི་ཐུགས་ཀ་ནས་རང་གི་སྙིང་ཀ་དང་། དེ་བཞིན་དུ་དཔྲལ་བ་ནས་དཔྲལ་བ། ཞལ་ནས་ཁ་སོགས། སྐུའི་ཆ་དང་ལུས་ཀྱི་ཆར་བརྒྱུད་འོད་ལྔའི་ཟེར་ཐག་གིས་སྙིང་གའི་ཨ་ཡིག་ལ་འབྲེལ་བར་སྣང་བས་འོད་ཟེར་ཆེན་པོའི་དབང་ཡང་ཐོབ། ངག་འོད་གསལ་དུ་གྲོལ་བས་དིག་ལྐུག་འགགས་འཛེར་སོགས་ཀྱི་སྐྱོན་དང་བྲལ་ཞིང་ཚངས་པའི་དབྱངས་ལྟར་སྙན། སེམས་ཉིད་རིག་པ་འོད་གསལ་རང་ངོར་གྲོལ་ཞིང་ཐིམ་པས་གཟུང་འཛིན་གྱི་འཁྲུལ་བ་ནུབ། རྩ་དང་རླུང་དག་པས་གློ་བུར་གྱི་ཚོགས་པ་ཞིག་སྟེ་ལུས་སེམས་ཀྱི་འབྲེལ་མངོན་གྱུར་རགས་པ་ལྡོག ལས་དང་བག་ཆགས་ཀྱི་འབྲེལ་ཆད་པས་ཀུན་ཏུ་རྟོག་པའི་སེམས་དང་ཡིད་དང་རྣམ་པར་ཤེས་པ་རྣམས་ནུབ། ཆོས་ཀྱི་དབྱིངས་དྲི་མ་མེད་པར་རང་གསལ་བས་གཞན་གྱི་སེམས་ཤེས་པ་སོགས་མངོན་ཤེས་དྲུག་དང་ལྡན། སྣང་བའི་སེམས་སམ་སྤྱན་རྣམ་པར་དག་པས་ཐོགས་རེག་གིས་བཅད་པའི་ཕ་རོལ་གྱི་ཡུལ་དང་། རྒྱལ་བའི་ཞིང་ཁམས་ཚད་མེད་པ་མཐོང་། སྟོང་པའི་སེམས་རྣམ་པར་དག་པས་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་ལ་དབང་འབྱོར་བ་སྟེ། རྩ་རྒྱུད་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །ལོངས་སྐུའི་མཚན་དཔེར་གསལ་བ་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་ཏུ་སྣང་། །དེ་ནས་ལྔ་ལྔ་ཟུང་དུ་བཅས། །རབ་ཏུ་གསལ་བའི་ཐིག་ལེས་འབྲེལ། །ཡབ་ཡུམ་སྐུ་ཡི་རྣམ་པ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། ཞེས་དང་།སྒྲོན་མ་སྣང་བྱེད་ལས། ཤིན་ཏུ་ཡང་དག་གོམས་པའི་ཚད། །འགུལ་དང་འཕྲིག་པ་མེད་པ་དང་། །ཉིན་དང་མཚན་མོ་མེད་སྣང་དག །རབ་ཏུ་གོམས་པའི་ཚད་ཡིན་ནོ། །ཞེས་དང་། འབྱུང་བཞིའི་སྣང་བ་འགགས་གྱུར་ནས། །ཁ་ཏོག་ལྔ་ཡི་འོད་སྣང་གིས། །གང་དུ་བལྟས་པ་དེར་སྣང་ན ། །དབྱིངས་ནི་བརྟན་པའི་ཚད་ཡིན་ནོ། །ཞེས་དང་། རང་ལུས་འོད་ཀྱི་སྟེང་དག་ཏུ། །མཁར་གཞོང་བརྩེགས་མ་ལྟ་བུ་ཡི། །ཐིག་ལེ་བརྩེགས་མ་གྱེན་ཤར་ན། །སྒྲོན་མ་བརྟན་པའི་ཚད་ཡིན་ནོ། །ཞེས་དང་། རང་སྣང་སྐུར་ཤར་ལུ་གུ་རྒྱུད། །ཚིག་དང་འདྲ་བའི་བར་དག་ཏུ། །ཐིག་ལེ་ཉུང་འབྲུ་ཙམ་ནང་དུ། །སྐུ་ནི་ཤིན་ཏུ་ཕྲ་ཤར་ནས། །སྣང་བ་ཐམས་ཅད་སྐུར་ཤར་ན། །རིག་པ་བརྟན་པའི་ཚད་ཡིན་ནོ། །ཞེས་དང་། སྐུ་གདུང་འབར་བ་ལས། །གང་གི་འོད་ལ་སུས་གོམས་པ། །རང་གིས་མཐོང་བའི་སྤྱོད་ཡུལ་དུ། །ས་དང་ཆུ་དང་མེ་དང་རླུང་། །འབྱུང་བཞིའི་སྣང་བ་རང་ནུབ་ནས། །རིམ་གྱིས་ཁ་ཏོག་ལྔ་ལ་སྤྱོད། །འོད་དང་བྲལ་བ་མེད་པའི་རྟགས། །གཞན་ཡང་མཐོང་བའི་སྤྱོད་ཡུལ་དུ། །སྨྱོན་པ་བཞིན་དུ་ཐོགས་མེད་པར། །རི་བྲག་རྣམས་ལ་ཟང་ཐལ་དང་། །དེ་བཞིན་ས་གཏིང་འཛུལ་བར་ནུས། །ཆུ་རྣམས་ལ་ཡང་བྱིང་བ་མེད། ཅེས་དང་། རྩ་རྒྱུད་ལས། སོ་སོའི་ལུས་ཀྱི་རྡུལ་ཕྲན་ནས། །བར་སྣང་འོད་ཀྱི་སྐར་ཁུང་སྣང་། །དེ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས། །ཕྲ་ཞིང་འཁྲིལ་བའི་སྣང་བ་འཛིན། །ལུས་ཀྱི་རྡོས་པ་རང་འགགས་ནས། །ཟང་ཐལ་དྲི་མེད་འོད་ཀྱི་ལུས། །དབུས་སུ་ཨ་ཡི་མཚན་མ་དང་། །མཛོད་སྤུ་འོད་ཟེར་འདོམ་གང་ཚད། །ཐོར་གཙུག་རླུང་གིས་འདེགས་པར་སྣང་། །ཞི་སྐུ་ལག་པའི་སོར་མོ་ལས། །འོད་ཀྱི་ཕྲེང་བས་རྣམ་པར་འཁྲིགས། །སྒྲ་མེད་སེམས་ཀྱི་སྤྱོད་པ་སྟེ། །མགོ་བོ་ཐོད་པའི་གཞལ་ཡས་ཁང་། །ཧེ་རུ་ཀ་རྣམས་མངོན་པར་འབྱུང་། །འདི་དུས་རང་ལུས་ཚད་ལ་ཕེབས། ཞེས་དང་། ལུས་སེམས་འབྲེལ་བ་ཆོད་པ་ཡིས། །ཟག་བཅས་ཟད་པའི་ལུས་ལ་ཡང་། །ཕྱིར་འབྱུང་མཚན་ཉིད་གསལ་བའི་སེམས། །སྐར་མདའ་འཕྲོ་བའི་ཚུལ་གྱིས་ཀྱང་། །ནམ་མཁའི་ཁམས་སུ་གསལ་བར་མཐོང་། ཞེས་གསུངས་སོ། །དེ་ལྟར་གོམས་ནས་མ་བསྒོམ་ཀྱང་ཚད་ལ་ཕེབས་པས་འཕོ་འགྱུར་མེད་ལ་མཐར་ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན་པས་བར་དོ་མེད་པར་སངས་རྒྱས་ནས་ལོངས་སྐུའི་ཞིང་ཁམས་སུ་བདེ་ཆེན་འདུ་འབྲལ་མེད་པར་སྤྱོད་པ་སྟེ། དེ་ལྟར་ཚད་ལ་ཕེབས་དགོས་ཤིང་མ་ཕེབས་ན་ཡོན་ཏན་དེ་རྣམས་དང་མི་ལྡན་ཞིང་། ལྡོག་པའི་སྐྱོན་དུ་འགྱུར་བ་ཡང་། རྒྱུད་ལས། རིག་པ་ཚད་ལ་ཕེབས་པ་ཡིས། །ལོངས་སྤྱོད་སྐུ་ཉིད་མངོན་དུ་འགྱུར། ཞེས་དང་། རིག་པ་ཚད་ལ་མ་ཕེབས་ན། །རྣལ་འབྱོར་དྲོད་ཚད་རྙེད་མི་འགྱུར། ཞེས་དང་། དེ་ལྟར་ཚད་ལ་མ་ཕེབས་ན། །ཕུང་པོའི་སྣང་འཛིན་དག་མི་འགྱུར། ཞེས་སོ། །

ཆོས་ཉིད་ཟད་པའི་སྣང་བ།

བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། གཞི་ཆོས་ཉིད་འཕོ་འགྱུར་མེད་པའི་རང་གདངས་མངོན་སུམ་ལམ་གྱི་ཆོས་ཉིད་རིག་པ་འོད་གསལ་ཆེན་པོའི་སྣང་བ་རྩལ་རྫོགས་པ་དེ་ཡང་རིག་གདངས་ཕྱིར་ཤར་བའི་གཟུགས་བརྙན་ཙམ་ལས་ངོ་བོ་ཉིད་མ་ཡིན་པའི་ཕྱིར་འཕེལ་ཟད་ནས་གནམ་སྟོང་གི་ཟླ་བ་རང་ངོར་བཅོས་མིན་དུ་འགྲིབ་ནས་མི་སྣང་བ་ལྟར། རང་གདངས་དབྱིངས་སུ་འཕེལ་འགྲིབ་མེད་པར་ནུབ་པས། རིག་པ་གཡོ་བྱེད་ཀྱི་རླུང་ཕྲ་བ་ཡང་དག་ནས། གནད་བཞིས་རླུང་གི་གཡོ་བ་ཡེ་ཤེས་སུ་འཕེལ་ཞིང་ཆོས་ཉིད་དག་པའི་མཐུས་ཕྱི་འབྱུང་ཡུལ་འཁྲུལ་སྣང་གི་ཆ་དང་། ནང་འཁྲུལ་རྟོག་སེམས་བྱུང་གི་བག་ཆགས་ཟད་ནས་གསང་བ་འོད་གསལ་གྱི་སྣང་ཉམས་ཐམས་ཅད་ཀྱང་ཆོས་ཉིད་བརྗོད་མེད་ཀྱི་དབྱིངས་སུ་ཐིམ་པས་འོད་ཀྱི་ནང་ནས་ལག་པའི་སོར་མོ་བཀྲམ་པ་ཙམ་ལས་མི་སྣང་ཞིང་། སྣང་དང་མི་སྣང་དུ་འཛིན་པའི་ངོ་བོ་མེད་ཅིང་འཁོར་བ་དང་འདས་པའི་འདུ་ཤེས་དང་བྲལ་ལོ། །དེའི་ཚེ་ཆོས་ཉིད་རིག་པ་དོན་དམ་པར་འཕེལ་ནས་ཆེར་སོང་བ་དང་། ཟད་ནས་ཆུང་དུ་སོང་བ་མེད་ཀྱང་། ཅི་ཡི་ངོ་བོར་ཡང་མ་གྲུབ་པས་བསམ་བརྗོད་ཀྱི་བློ་ལས་འདས་པའི་ཕྱིར་ཟད་པའི་སྣང་བ་ཞེས་སུ་བརྗོད་པ་ཡིན་ནོ། །དེ་ལྟར་ཟད་པ་ལ་ཟད་ལུགས་གཉིས་ཏེ། རིམ་གྱིས་ཟད་པ་ནི་སྣང་བཞི་ཚད་དུ་ཕྱིན་ནས་ཟད་པའོ། །བློ་མཆོག་ཅིག་ཆར་བ་རེ་ཟུང་ཙམ་ནི་མངོན་སུམ་གྱི་སྣང་བ་གོམས་སུ་བཅུག་པས་གོང་འཕེལ་དང་། ཚད་ཕེབས་ལ་མ་ལྟོས་པར་ཟད་པ་ཡང་ཡོད་དོ། །གང་ལྟར་ཡང་གདོས་བཅས་འོད་དུ་དེངས་པས་འབྱུང་བའི་དགྲས་མི་ཚུགས། ཉོན་མོངས་པ་དེངས་བས་དྲན་པ་དང་དྲན་གཞི་ཝལ་པོ་རྗེས་མེད་དུ་འགྲོ། སྣང་བ་དེངས་བས་འགྲོ་ས་དང་། འདུག་ས་དང་། ཉི་ཟླའི་སྣང་བ་ལ་སོགས་པའི་འཁྲུལ་སྣང་རང་ཡལ་རྗེས་མེད་དུ་སོང་ནས་འདི་ལྟར་ཡིན་ནོ་སྙམ་པ་ཙམ་དུ་ཡང་མ་གྲུབ་པས། གཟུགས་སྣང་ཐམས་ཅད་མྱ་ངན་ལས་འདས་པ་དང་། ཆོས་སྐུ་རང་དག་དང་། ཆོས་ཉིད་རང་སར་ཐུག་པ་ཞེས་བྱའོ། །འདི་དུས་སུ་མངོན་ཤེས་ལ་ཐོགས་པ་མེད་ཅིང་ཐུགས་རྗེའི་ཆ་གསལ་བ་ཙམ་དུ་གནས་པ་ལས། གཞན་དུ་ཉམས་དང་། ལུས་དང་། དབང་པོ་དང་། རྟོག་ཚོགས་དང་། ཚིག་དང་། འཁྲུལ་བ་ཐམས་ཅད་ཟད་ནས་བསམ་པ་རང་ཡལ་ཏེ་ཕུང་པོ་ཟག་པའི་ཕྱིར་མི་ལྡོག་པར་འོད་ལུས་སུ་སངས་རྒྱས་པ་སྟེ། རྩ་རྒྱུད་ལས། ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོང་ནས་ནི། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་བ་རང་གྲོལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་དང་། འབྲས་བུ་བརྗོད་པར་མི་ནུས་ཀྱང་། །ཆོས་རྣམས་ཟད་སར་ཕྱིན་པ་དང་། །རང་གི་གྲུབ་པའི་མཐའ་ཡང་འཇིག །འདི་དུས་བླ་མའི་མན་ངག་ནུབ། །ལྟ་སྒོམ་སྤྱོད་པའི་མཐའ་སྟོངས་ནས། །ཆོས་སྐུའི་སྣང་བ་ཡོད་མ་ཡིན། །སྐུ་དང་ཡེ་ཤེས་རྒྱུན་ཆད་པས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མདོར་ན་གང་ཡང་གནས་པ་མེད། །སོང་མེད་འོང་བ་མེད་པའོ། །ཞེས་སོ། །འདིར་འཕོ་བ་ཆེན་པོའི་སྐུར་བཞེངས་ཏེ་སེམས་ཅན་གྱི་དོན་མཛད་པར་བཞེད་ན། སྐྱེ་བ་ལ་དབང་བས་སྣང་བ་རིམས་གྱིས་ཟད་ནས། ལག་སོར་འོད་ཀྱིས་དཀྲིགས་པར་སྣང་བ་ལ་ཤེས་པ་གཏད་པས། སྣང་བ་དེ་ལས་རང་ལོག་ནས་སྣོད་བཅུད་ཆུ་ཟླ་དང་། རྨི་ལམ་ལྟ་བུར་མཐོང་ཞིང་། རང་ལུས་འཇའ་ཚོན་ལྟར་སྣང་ལ་རང་བཞིན་མེད་པར་ཟང་ཐལ་བ་ཙམ་དུ་གཞན་གྱིས་མིག་མ་དག་པས་མི་མཐོང་ཡང་། རང་གིས་མཐོང་ཞིང་དེ་ལ་སྐྱེ་འཆི་བགྲེས་རྒུད་མེད་པ་རྡོ་རྗེ་ལྟ་བུའི་སྐུས་སེམས་ཅན་གྱི་དོན་བྱེད་ནུས་ཏེ། སློབ་དཔོན་ཆེན་པོ་ཡབ་ཡུམ་དང་། པཎ་ཆེན་བི་མ་ལ་ལྟ་བུའོ། །སྐུའི་རྣམ་པ་དེ་ཉིད་ཀྱི་དུས་དེར་གཞན་དོན་རླབས་ཆེན་མཛད་པར་མི་སྤྲོ་ན། འཇུག་པ་ལ་དབང་བས་ནང་དབྱིངས་སུ་ཞུགས་ཏེ། སླར་ཡང་ཆོས་ཉིད་ནང་གསལ་དུ་བཞུགས་པའི་གདངས་ཕྱིར་གསལ་དུ་བཞེངས་ནས། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཕྲིན་ལས་ཀྱིས་གཞན་དོན་འཁོར་བ་མ་སྟོང་གི་བར་དུ་མཛད་ནུས་ཏེ་ཐུབ་པའི་དབང་པོའི་སྐུ་གསུམ་ལྷུན་གྱིས་གྲུབ་པའི་མཛད་སྤྱོད་ལྟ་བུའོ། །ལམ་གཞན་དང་ཁྲེགས་ཆོད་ལ་ལུས་རྡུལ་ཕྲན་དང་། སེམས་ཆོས་ཉིད་དུ་དེངས་ནས་ཀ་དག་ཏུ་གྲོལ་བ་ཙམ་ལས་མེད་ལ། དེ་ལྟར་རྡུལ་ཕྲན་དུ་དེངས་པ་འོད་དུ་གསལ་བས་སྐྱེ་འཇུག་གཉིས་ཀ་ལ་དབང་བ་ནི་ཐོད་རྒལ་ཁོ་ནའི་ཁྱད་ཆོས་སོ། །དེ་ལྟར་གནས་སྐབས་སྣང་བ་བཞིའི་ཚད་ཟིན་པས། །སོ་སོའི་ས་མཚམས་ཕྱེད་ཅིང་མཐར་ཐུག་ཆོས་ཟད་ཀྱི་སྣང་བ་མཐོང་བས་ཕུང་པོ་ལྷག་མེད་དུ་སངས་རྒྱས་པར་འགྱུར་བ་དང་། གཞན་དུ་དེ་ལྟར་མ་ཟད་པས་ལྷག་མེད་དུ་མི་འགྱུར་བ་ཡང་། རྒྱུད་ལས། དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་འཚང་རྒྱའོ། །ཞེས་དང་། ཆོས་ཉིད་ཟད་པར་མ་གྱུར་ན། །ལྷག་མེད་ཉིད་དུ་འགྱུར་བ་མིན། །ཞེས་སོ།།

མཐའ་རྟེན་བཞིའི་གོམས་ཚུལ་བཤད་པ།

མི་འགུལ་བ་གསུམ་ལ་གཞི་བཅའ་བ།

གཉིས་པ་མཐའ་རྟེན་བཞིས་གོམས་ཚུལ་བཤད་པ་ནི། ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། ཅེས་དོན་གྱི་ས་ཟིན་མེད་ཀྱང་གོང་མ་སྟེ། སྣང་བ་བཞིའི་རྒྱབ་ཏུ་དགོས་པ་ལ། གཞི་བཅའ། ཚད་གཟུང་། གཟེར་གདབ། གྲོལ་ཚད་དང་བཞིའོ། དེ་ལ་དང་པོ་མི་འགུལ་བ་གསུམ་ལ་གཞི་བཅའ་བ་ནི། ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེ་ཡང་ལུས་མི་འགུལ་བས་རྩ། དེ་མ་འགུལ་བས་རླུང་། དེ་མ་འགུལ་བས་སེམས། དེ་མ་འགུལ་བས་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆད་ནས་རིག་པ་ལ་གནས་པ་དང་། མིག་གཟིགས་སྟངས་ལས་མི་འགུལ་བར་བྱ་སྟེ། རིག་པའི་གནད་རྩ། དེའི་གནད་སྒོ། དེའི་གནད་སྒྲོན་མ་ཡིན་པས་རྩ་མ་འགུལ་ན་མིག དེ་མ་འགུལ་ན་སྒྲོན་མ་མི་འགུལ་བས་སྣང་བའི་འཕེལ་འཛིན། དབྱིངས་རིག་འདུ་འབྲལ་མེད། རླུང་སེམས་བཟོ་མེད་ལས་མི་འགུལ་བར་བྱ་སྟེ། དེས་རྣམ་རྟོག་མི་འབྱུང་ཞིང་། ཤར་གྲོལ་དུས་མཉམ། དབྱིངས་རིག་ཟུང་དུ་ཆུད་པའི་དགོས་པ་ཡོད་དེ། རྩ་རྒྱུད་ལས། དེ་ལ་མཐའ་རྟེན་ཡིད་ཆེས་བྱ། །མི་འགུལ་གསུམ་ལ་གཞི་བཅས་ནས། །རླུང་སེམས་གནད་ལ་ཕེབས་པའོ། །ཞེས་སོ། །

སྡོད་པ་གསུམ་གྱིས་ཚད་བཟུང་བ།

གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི། ཕྱི་སྣང་བ་སྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། དེ་སྡོད་པས་ཞིང་ཁམས་ཚད་ལ་ཕེབས་པར་བྱེད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། དེ་སྡོད་པས་འཁོར་བའི་འཁྲུལ་རྟོག་དངས་བར་བྱེད། །གསང་བ་རྟོག་པ་སྐྱོད་བྱེད་ཀྱི་རླུང་ཟད་པས་རྣམ་རྟོག་མི་འགྱུ་བར་སྡོད། དེ་སྡོད་པས་སེམས་རྣམ་རྟོག་གཡོ་བའི་རྐྱེན་ཟད། དེའི་ཚེ་ཚད་རྨི་ལམ་གྱིས་སྟོན་པ་དང་། རྟགས་སྒོ་གསུམ་ལ་འཆར་བ་གཉིས་འོང་སྟེ། ཐོག་མར་ཚད་རྨི་ལམ་གྱིས་འཛིན་པ་ནི། དབང་རྣོན་བརྩོན་འགྲུས་རབ་རྣམས་ཀྱིས་རྨི་ལམ་དབྱིངས་སུ་ནུབ་པས་གཉིད་དག་པ་འོད་གསལ་ཉིད་དུ་འཆར་ཏེ། དེ་ནི་བག་ཆགས་ཀྱི་འབྲེལ་ཆོད་པས་སྐྱེ་བ་འདི་ཉིད་ལ་འོད་ལུས་འགྲུབ་སྟེ་འཚང་རྒྱ་བའི་རྟགས་དང་། འབྲིང་རྨི་ལམ་དུ་ཤེས་ཤིང་སྤྲུལ་བསྒྱུར་ལ་གོམས་པས་ངེས་པར་བར་དོ་ངོས་ཟིན་ནས་གྲོལ་བའི་རྟགས་དང་། ཐ་མས་བག་ཆགས་ངན་པའི་རྨི་ལམ་རྒྱུན་ཟད་ནས་བཟང་པོ་ཤ་སྟག་རྨི་བར་འགྱུར་ཏེ་རང་བཞིན་སྤྲུལ་པར་དབུགས་འབྱིན་པའི་རྟགས་སོ། །རྟགས་སྒོ་གསུམ་ལ་འཆར་བ་ནི། ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བའི་རྟགས་སུ། ལུས་བྱ་རྩོལ་ལ་མི་གནས་ཏེ་རྩ་དལ་བས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟར་གཡོ་འགུལ་མེད། ངག་བརྗོད་གཞི་དག་པས་ལྐུགས་པ་ལྟར་སྨྲ་སྙིང་མི་འདོད། སེམས་འཛིན་མེད་རང་གྲོལ་དུ་རྟོགས་པས་མཁའ་འགྲོ་སྙི་ལ་ཚུད་པ་ལྟར་གར་གཏད་དུ་སྡོད་པའོ། །ཉམས་གོང་འཕེལ་གྱི་སྣང་བ་མཐོང་བའི་རྟགས་སུ་རླུང་དབུ་མར་ཐིམ་ནས་བཟང་ངན་དུ་རྟོག་པ་མེད་པས་ལུས་སྐྱེས་བུ་ནད་ཀྱིས་གདུང་བ་ལྟར་བྱི་དོར་དང་རྒྱན་གྱིས་ཚུལ་འཆོས་མི་བྱེད། ངག་དགག་སྒྲུབ་ལས་འདས་པས་སྨྱོན་པ་རང་ཚིག་བརྡོལ་བ་བཞིན་ཅལ་ཅོལ་བྱུང་རྒྱལ་དུ་སྨྲ། སེམས་རྟོག་ཚོགས་རང་སར་གྲོལ་བས་སྐྱེས་བུ་རྩི་དུག་གིས་ལན་བདུན་མྱོས་ཏེ་འཆི་ངེས་སུ་ཤེས་པ་ལྟར་དྲན་སེམས་སླར་འཁོར་བར་མི་ལྡོག་པར་ཐག་ཆོད་པའོ། །རིག་པ་ཚད་ཕེབས་ཀྱི་རྟགས་གསུམ་ནི། ལུས་རྩ་རླུང་ལ་དབང་འབྱོར་བས་གླང་པོ་ཆེ་འདམ་དུ་ཚུད་པ་རང་སྟོབས་ཀྱིས་འདོན་པ་ལྟར་འབྱུང་བ་ལྔ་ལ་ཆགས་ཐོགས་མེད་པར་ཟང་ཐལ་དུ་འགྲོ། ངག་སྨྲ་བརྗོད་ལས་འདས་པར་ཤེས་པས་གྲུལ་བུམ་གྱི་ཕྲུ་གུས་གླུ་བླངས་བ་ལྟར་གཞན་གྱི་ཡིད་འཕྲོག་ཅིང་དད་པར་བྱེད། སེམས་ཀ་དག་ཡེ་གྲོལ་བསྐྱར་གཞི་མེད་པའི་དོན་རྟོགས་པས་འབྲུམ་ནད་བྱང་བའི་སྐྱེས་བུ་ལྟར་ཁམས་གསུམ་དུ་སླར་མི་ལྡོག་པར་ཡིད་ཆེས་པའོ། །ཆོས་ཟད་ཀྱི་སྣང་བ་མཐོང་བའི་རྟགས་སུ་ལུས་གདོས་བཅས་དག་པས་དུར་ཁྲོད་ཀྱི་མི་རོ་ལྟར་གཤེད་མ་བྱུང་ཡང་ཡ་ང་བ་དང་བག་ཚ་བ་མེད། ངག་བརྗོད་མེད་དུ་རྟོགས་ནས་བརྗོད་པ་སྟོངས་བས་བྲག་ཆ་ལྟར་ཟུང་ཟད་ཏེ་གཞན་གྱི་རྗེས་སུ་ཟློས། སེམས་འཛིན་རྟོག་ལྷག་མེད་དུ་དག་པས་བར་སྣང་གི་ན་བུན་ཡལ་བ་ལྟར་སྐད་ཅིག་ལ་སངས་རྒྱ་བར་ནུས་པའོ། །དེ་ཡང་རྩ་རྒྱུད་ལས། སྡོད་པ་གསུམ་གྱིས་ཚད་བཟུང་བ། །རྨི་ལམ་ལྡོག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངེས་བཟུང་བའོ། །ཞེས་སོ། །ཞར་ལ་འདི་ཡང་ཤེས་དགོས་ཏེ། རྒྱུད་ལས་གསུངས་པའི་དོན་མདོར་བསྡུས་ན། དབང་པོ་རྟུལ་པོ་སྣང་བ་དངོས་པོར་འཛིན་པ་ཁ་ཅིག་ཚིག་ཙམ་ལས་གཏིང་མ་དཔོག་པའི་རིགས་འགའ་ཞིག་ལ། ལུས་སྣ་ཚོགས་སུ་སྤྲུལ་ནུས་པ་དང། ཁ་དོག་སྣ་ཚོགས་སུ་ཤར་བ་དང་། གྲིབ་མའམ་མེ་ལོང་ལ་གཟུགས་བརྙན་གཉིས་པར་འཆར་བ་དང་། གཞན་སེམས་ཤེས་སྙམ་བྱེད་པ་སོགས་བྱུང་ན་ཁྲོ་བོར་བསྒོམ་པ་དང་། དྲག་སྔགས་དང་། ཧཱུྃ་གླུ་བརྗོད་ཅིང་གུ་གུལ་བདུག བདུད་རྩི་ཆེ་ཆུང་གིས་མགོ་མཇུག་མེད་པར་བཀྲུ། ལྡེར་ཚོ་རྙིང་པའི་འདག་པ་ཡན་ལག་ལ་བྱུག་གོ། གཞན་དུ་བགེགས་བླ་སློབ་དང་། ཡི་དམ་དུ་བརྫུས་ཏེ་བྱུང་ན་སེམས་བསྐྱེད་དང་སྟོང་ཉིད་བསྒོམ་པས་སེལ་ལོ། །ཁྱད་པར་དག་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡིན་པར། སྣ་ཚོགས་ལ ས་ཀྱི་མཁའ་འགྲོས་ནམ་མཁའ་ནས་གཟུགས་སྟོན་ཅིང་ལུང་སྟོན་པ་སོགས་བྱེད་ཅིང་ཐུན་མོང་གི་དངོས་གྲུབ་ཙམ་སྒྲུབ་པ་འོང་། དེ་ཡང་དག་པ་མིན་རྟགས་སུ་ཤེས་པ་འགྱུར་ཞིང་སྔར་བས་ཆགས་སྡང་དགག་སྒྲུབ་སོགས་ཇེ་འཕེལ། ཆོས་དང་ཇེ་འགལ་དུ་འགྲོ་ན་བདག་ཉིད་མཁའ་འགྲོ་མའི་དབང་དུ་སོང་བ་ཡིན་ལ། རང་བཞིན་མེད་པའི་དོན་ལ་མཉམ་པར་བཞག་པས་མཁའ་འགྲོ་མ་བདག་གི་དབང་དུ་གྱུར་ནས་བསླུ་མི་ནུས་ཏེ། དེ་རྣམས་བར་ཆད་བདུད་ཀྱི་རྟགས་ཅེས་བྱ་བ་ཡིན་པས། ཉམས་དང་རྟགས་ཀྱི་བྱེ་བྲག་སོ་སོར་མ་ནོར་བར་བརྟགས་ཏེ་བར་ཆད་བདུད་ཀྱི་དབང་དུ་མི་གཏོང་བའི་ཐབས་ལ་བརྩོན་དགོས། ཡང་རླུང་སེམས་འདུས་ཚུལ་གྱི་རྐྱེན་ལས་ཡིད་བརྟན་དུ་མི་རུང་བའི་ཏིང་ངེ་འཛིན་གློ་བུར་དུ་སྐྱེ་བ་དང་། ནམ་མཁར་ལྷ་སྐུ་དང་འོད་སྣང་འཁྲིགས་པ་སོགས་མ་ངེས་པར་བྱུང་ན་འཕེལ་འགྲིབ་ཉམས་ཀྱི་རྟགས་ཞེས་བྱ་བ་ཡིན་པས། སྐབས་སུ་ཆུ་ཡི་དཀྱིལ་དུ་འདུག་ཏེ་ཤིང་གི་བྱང་བུ་སོར་བཅུ་དྲུག་པའི་བར་དུ་མཇིང་པ་ལྟེམས་ནས། ལུས་ལ་ཙན་དན་དང་ཏིལ་གྱི་མར་ཁུས་བསྐུ་མཉེ་བྱ་ཞིང་བསིལ་བའི་ཁ་ཟས་བརྟེན། སྐྱེ་མེད་ཀྱི་སྙིང་པོ་ཨ་ཡིག་བགྲང་བ་སོགས་བྱས་པས་ཉམས་སྣང་ལ་གོལ་འཕྱུག་སོང་བ་དེ་ཡང་དག་པའི་ལམ་དུ་སོར་ཆུད་པར་ནུས་སོ། །ཡང་ལུས་ཤིན་ཏུ་སྦྱངས་པའི་ཡན་ལག་ལ་དབང་ཐོབ་པས་ལུས་ཤིང་བལ་ལྟར་ཡངས་ཤིང་ཟོ་མདོག་བཟང་ལ། སྐྲ་དཀར་དང་གཉེར་མ་མེད་པ་དང་། སྐྲ་སེན་སྐྱེ་བའི་རྒྱུན་ཆད་པ་དང་། ལུས་ལ་རིགས་ལྔའི་ཕྱག་རྒྱ་དང་། སྐུ་གཟུགས་ཡི་གེའི་རྣམ་པ་གསལ་བ་དང་། གཞོན་ཤ་ཆགས་ཤིང་སྐྲ་དཀར་ནག་པོར་འགྱུར་ནས་སེའུ་སྐྱེ་བ་སོགས་དང་། དེ་བཞིན་དུ་ངག་ལ་བདེན་པ་འགྲུབ་པ་དང་། ཅི་སྨྲས་གཞན་ལ་ཕན་པ་དང་། འཁྲུལ་བའི་ཚིག་མི་འབྱུང་ཞིང་ཆོས་སྣ་ཚོགས་རང་རྡོལ་དུ་ཤེས་པ་དང་། གཏམ་རྒྱུད་དང་སྒྲ་སྐད་སྣ་ཚོགས་ཤེས་པ་དང་། ཉན་རང་བྱང་སེམས་ཀྱི་གསུང་ཐོས་ཤིང་དབུགས་ཕྱི་ནང་དུ་རྒྱུ་བ་མེད་པ་སོགས་དང་། སེམས་ཏིང་འཛིན་ལོ་ཟླར་བརྟན་པ་དང་། ཟས་གོས་མི་དགོས་ཤིང་། རླུང་གར་གཏད་དུ་འདྲོངས་པ་དང་། འདས་མ་འོངས་ཀྱི་རྣམ་རྟོག་དག་པས་བྱ་བའི་ཁྲིགས་འགག་པ་དང་། ཚད་མེད་པའི་སྙིང་རྗེ་སྐྱེ་ཞིང་ཉོན་མོངས་མི་འཆར་བ་སོགས་ནི་མི་འགྱུར་གསང་བའི་རྟགས་ཞེས་བྱ་བ་ཡིན་ཏེ། གང་ལའང་དགག་སྒྲུབ་ཀྱི་བློས་མ་གོས་ཤིང་རེ་དོགས་ཀྱི་མཐར་མ་ལྷུང་བ་ནི་གནད་ཡིན་པར་གསུངས་ཏེ། རང་ཤར་ལས། མཁའ་འགྲོ་མ་དག་ལུང་སྟོན་པ་བྱུང་ན་ཉམས་བལྟ་བ་ཡིན་པས་དགོངས་པ་ལ་གཏད་དོ། །ཞེས་དང་། ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་དུས་ན་བདུད་ཀྱིས་བསླུ་བར་ངོ་ཤེས་པར་ཀྱིས་ཤིག ཉམས་ང་བ་མེད་པའི་སྤྱོད་པ་ཀློང་རྡོལ་བའི་དུས་ན་ཤེས་རབ་ཀྱི་འཇུག་ཕྱོགས་ངོ་ཤེས་པར་གྱིས་ཤིག ཅེས་གསུངས་པ་ལྟར་རོ།།

ཐོབ་པ་གསུམ་གྱི་གཟེར་གདབ་པ།

གསུམ་པ་ཐོབ་པ་གསུམ་གྱི་གཟེར་གདབ་པ་ནི། ཕྱི་སྣང་བ་ལ་དབང་ཐོབ་པས་རྐྱེན་སྣང་ཞིང་ཁམས་སུ་འཆར། དེ་དུས་བཅུད་ཀྱི་སེམས་ཅན་ལ་རིག་པ་གཏད་ན། དེ་རྣམས་ལ་རིག་པ་རང་བྱུང་གི་ཡེ་ཤེས་གནས་པའི་གནད་ཀྱིས་ལས་ལ་བཟང་ངན་མེད་པར་ཐམས་ཅད་སངས་རྒྱས་པར་བྱེད་ནུས་ཤིང་། སྣོད་ཀྱི་འཇིག་རྟེན་ལ་གཏད་ན་གཡོ་ཞིང་སྒྲ་འབྱིན་པ་སོགས་བྱེད་ནུས་ཏེ། ཨོ་རྒྱན་ཆེན་པོས་རྗེ་འབངས་གྲོགས་དང་བཅས་པ་མཆོག་གི་གོ་འཕ ང་ལ་བཀོད་པ་དང་། ཉི་མ་སྟོད་ལ་མནན་ཞིང་རྫ་རི་ཉིལ་བ་ཧཱུྃ་སྒྲས་བཟློག་པ་སོགས་དང་། རྔ་ཡབ་སྲིན་པོའི་ཡུལ་གླིང་སྐུ་གསུམ་གྱི་ཞིང་ཁམས་སུ་བསྒྱུར་བ་ལྟ་བུའོ། །ནང་རྡོ་རྗེ་ལུས་ལ་དབང་ཐོབ་པས་གདོས་བཅས་འོད་གསལ་དུ་དག་ནས་སྐུ་ཚེ་དེ་ཉིད་ལ་སྨོན་ལམ་མཐུན་པའི་འགྲོ་བ་སུམ་སྟོང་རིག་པ་གཏད་པའི་མོད་ལ་ལས་ལ་བཟང་ངན་མེད་པའི་གནད་ཀྱིས་གྲོལ་བར་མཛད་ནས། ན་བུན་དབྱིངས་སུ་དེངས་བ་བཞིན་ནང་དབྱིངས་སུ་ཞུགས་ནས། སླར་ཡང་ནང་གསལ་ཐིམ་ལ་མ་རྨུགས་པའི་གདངས་ཕྱིར་གསལ་དུ་སྣང་བ། ལྷུན་གྱིས་གྲུབ་པའི་ཞིང་ཁམས་ཆེན་པོ་ནས་བྱད་དང་མེ་ལོང་གི་རྣམཔར་ཤར་བ་ཕྱེད་སྤྲུལ་ལོངས་སྐུ་སོགས་དང་། གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལས་གདུལ་བྱ་སོ་སོའི་ཁམས་དབང་མོས་པར་འཚམས་པའི་ལོངས་སྐུ་དང་། མཆོག་གི་སྤྲུལ་པའི་སྐུ་དང་། བཟོ་དང་སྐྱེ་བ་སོགས་སྤྲུལ་པ་སྣ་ཚོགས་ཀྱིས་འགྲོ་དོན་རླབས་ཆེན་མཛད་ནུས་པའོ། །གསང་བ་རླུང་སེམས་ལ་དབང་ཐོབ་པ་ནི། མཚམས་མེད་པ་ལྔ་པོ་བྱས་པའི་རྣམ་པར་ཤེས་པ་ཡང་རིག་པ་གཏད་པས་རང་དང་མཉམ་པར་གྲོལ་ནུས་ཤིང་། རི་གླིང་ནས་རི་གླིང་། འཇིག་རྟེན་ནས་འཇིག་རྟེན་སོགས་སུ་ཟང་ཐལ་དུ་འགྲོ་བ་དང་། མངོན་ཤེས་དཔག་ཡས་ཕྱོགས་མེད་དུ་འཆར་བ་སྟེ། སྔ་མ་ལས། ཐོབ་པ་གསུམ་གྱི་གཟེར་གདབ་པས། །ཟག་བཅས་ཕུང་པོ་མི་སྣང་ངོ། ཞེས་སོ། །

གདེངས་བཞིས་གྲོལ་ཚད་བསྟན་པ།

བཞི་པ་གདེངས་བཞིས་གྲོལ་ཚད་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། ཚད་ནི་གདེངས་བཞིའི་རྣལ་འབྱོར་ཉིད། ཅེས་དང་། རིན་ཆེན་སྤུངས་པ་ལས། མི་འགྱུར་ལྟ་བའི་གདེངས་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང་། ཞེས་པས། དེའི་ཚེ་འགྱུར་བ་མེད་པའི་གདེངས་ཆེན་པོ་བཞི་ཡིས་ཕྱིར་མི་ལྡོག་པའི་ཡེ་ཤེས་ཀྱི་ཚད་སྟོན་པར་བྱེད་དེ། དེ་ཡང་རང་རིག་ཡེ་ནས་མ་འཁྲུལ་བའི་ཐོག་ཏུ་བདེ་སྡུག་མྱོང་བ་མི་སྲིད་པར་ཤེས་པས་རིགས་དྲུག་གི་སྡུག་བསྔལ་དང་ཚེ་ཚད་ཐོས་ཀྱང་ངན་འགྲོར་ལྟུང་བས་འཇིགས་པ་དང་དོགས་པ་མེད་པའི་གདེངས་དང་། འཁོར་བ་མིང་ཙམ་ཡང་མ་གྲུབ་པར་ཤེས་པས་རྒྱུ་འབྲས་རྣམ་སྨིན་མྱོང་བ་ལ་རེ་དོགས་མེད་པའི་གདེངས་དང་། ཆོས་ཉིད་ཀྱི་གཤིས་ལ་འཁྲུལ་གྲོལ་མི་སྲིད་པར་ཤེས་པས་ཐོབ་བྱ་མཐར་འཛིན་གྱི་འབྲས་བུ་ལ་རེ་སྨོན་དང་རྩོལ་སྙམ་མེད་པའི་གདེངས་དང་། རང་རིག་པ་ལས་ཐ་དད་པའི་སངས་རྒྱས་རྒྱུ་རྡུལ་ཙམ་ཡང་མེད་པར་ཤེས་ཤིང་གཤིས་ཐོག་དེར་ཕེབས་པས་དཀོན་མཆོག་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པ་ཐོས་ཀྱང་མཚན་འཛིན་དང་དགའ་བྲོད་མཉམ་པ་ཉིད་དུ་དག་པའི་གདེངས་སྟེ་རྣམ་པ་བཞིས་ཚད་དུ་བསྐྱོལ་ནས་ཉམས་ལེན་མཐར་ཕྱིན་པའོ། །དེ་ལྟར་མཐའ་རྟེན་བཞིའི་དགོས་པ་ཡང་། རྒྱུད་ལས། གནས་སྐབས་སུ་རང་ཐད་ཀྱི་དོན་རྣམས་སོ་སོར་འགྲུབ་ཅིང་། མཐར་ཐུག་གོང་མའི་ཡོན་ཏན་རྟོགས་པ་མཐར་ཕྱིན་པར་འགྱུར་བ་དང་། དེ་མེད་ན་མཐར་ཕྱིན་མི་ནུས་པ་ཡང་རྒྱུད་ལས། མཐའ་རྟེན་དག་གི་མན་ངག་གིས། །གོང་མའི་ཡོན་ཏན་མཐའ་རུ་ཕྱིན། ཞེས་དང་། མཐའ་རྟེན་གནད་ཀྱི་རྒྱབ་མེད་ན། །རྫོགས་ཆེན་ཉམས་ལེན་མཐར་མི་ཕྱིན། ཅེས་སོ།།

འབྲས་བུའི་གྲོལ་ཚུལ་བསྟན་པ།

ཐུན་མོང་གི་གྲོལ་ཚུལ།

གསུམ་པ་འབྲས་བུའི་གྲོལ་ཚུལ་བསྟན་པ་ལ། ཐུན་མོང་དང་། ཁྱད་པར་གྱི་གྲོལ་ཚུལ་གཉིས་ཏེ། དང་པོ་ཐུན་མོང་གི་གྲོལ་ཚུལ་ལའང་གསུམ་ལས། སའི་ནོན་ཚུལ་ནི། རང་ཤར་ལས། ས་ཞེས་བྱ་བ་ལོགས་ན་ཡོད་པ་མ་ཡིན་ཏེ། བདེན་པ་མཐོང་བའི་གང་ཟག་གཅིག་ལ་ས་རྣམས་རྫོག ས་ནས་ཡོད་དོ། །དེ་ཡང་ངོ་སྤྲོད་བསྟན་པའི་གང་ཟག་དེ་དང་པོ་བདེན་པ་མཐོང་བའི་དུས་ན་དེ་ལ་དགའ་བ་སྐྱེས་པ་ནི་ས ་དང་པོ་རབ་ཏུ་དགའ་བའོ། །དེ་ཡང ་རང་གི་སྣང་བ་ཡིན་པར་ཤེས་པ་ནི་ས་གཉིས་པ་དྲི་མ་མེད་པའོ། །དེ་ནས་དེ་ལ་གོམས་པ་ནི་ས་གསུམ་པ་འོད་བྱེད་པ་ཐོབ་པའོ། །དེ་ནས་དེ་ལ་གོམས་ནས་འོད་ཀྱི་སྣང་བ་མཐོང་བ་ནི་བཞི་པ་འོད་འཕྲོ་བའི་ས་ནོན་པའོ། །དེས་ཡེ་ཤེས་ཀྱི་སྣང་བ་མཐོང་བ་དེ་ལ་གོམས་ནས་ཉོན་མོངས་པ་ཐམས་ཅད་རང་བཞིན་གྱིས་སྦྱངས་ནས་ཡེ་ཤེས་མཐོང་བ་དེ་ནི་ལྔ་པ་སྦྱོང་དཀའ་བའི་ས་ནོན་པའོ། །དེ་ནས་འོད་ལས་ཐལ་བའི་སྐུ་མཐོང ་བའི་ཚེ་དྲུག་པ་མངོན་དུ་གྱུར་པའི་ས་ནོན་པའོ། །དེ་ནས་གོམས་པ་མཐར་ཕྱིན་ནས་ཉོན་མོངས་པ་རིང་དུ་སོང་བའི་ཚེ་བདུན་པ་རིང་དུ་སོང་བའི་ས་ནོན་པའོ། །དེ་ནས་དེའི་ངང་ལ་ཡོན་ཏན་རྫོགས་པ་ནི་བརྒྱད་པ་མི་གཡོ་བའི་ས་ནོན་པའོ། །དེ་ནས་ཡོན་ཏན་དེ་ལ་མི་གཡོ་བར་གནས་པ་ནི་དགུ་པ་ལེགས་པའི་བློ་གྲོས་ཀྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་ཤེས་པ་ཟིན་ནས་སྣང་བ་ལྷུག་པར་ཤར་བ་ནི་ཆོས་ཀྱི་སྤྲིན་ལྟ་བུར་མཐོང་ནས་བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་ནོན་པའོ། །དེ་ནི་གང་ཟག་གི་བདེན་པ་མཐོང་བ་དབུགས་འདི་ཉིད་མ་བོར་བ་ལ་ནོན་པའོ། །གང་ཟག་དབུགས་བོར་བ་རྣམས་ལ་འདི་ལྟར་ནོན་པ་ཡིན་ནོ། །འཁྲུལ་བ་འགགས་ནས་ཚོམ་བུའི་སྣང་བ་ཤར་བ་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན་པ་ཡིན་ནོ། །དེ་ཡང་སྣང་བ་དེ་ལ་མ་ཆགས་པར་ཕྱི་ནང་གི་ཆོས་ཐམས་ཅད་ཀྱིས་མ་གོས་པ་ནི་བཅུ་གཉིས་པ་མ་ཆགས་པདྨ་ཅན་གྱི་ས་ནོན་པ་ཡིན་ནོ། །རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཟེར་ཐག་ཤར་ནས་ནམ་མཁའི་མཐོངས་ནས་འོད་ཀྱི་ཚོམ་བུ་ལྔ་འཁོར་ལོའི་ཚུལ་དུ་གནས་པ་ནི་བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་གནས་པ་ནི་བཅུ་བཞི་པ་བདེ་བ་ཆེན་པོའི་ས་ནོན་པའོ། །དེ་ནས་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་པ་ནི་བཅོ་ལྔ་པ་ཏིང་ངེ་འཛིན་གྱི་ས་ནོན་པའོ། །དེ་ནས་ཀ་དག་གི་ས་ལ་ཡེ་ཤེས་ལྷུག་པར་ཤར་བས་དེའི་གོང་ན་གཞན་མེད་པ་ནི་བཅུ་དྲུག་པ་ཡེ་ཤེས་བླ་མའི་ས་ནོན་པའོ། །ཞེས་དང་། ཀློང་གསལ་ལས། བདེན་པ་མཐོང་བའི་གང་ཟག་གིས། །དང་པོའི་ས་ནས་བཅུ་དྲུག་བར། །རིམ་པར་ཉམས་སུ་བླངས་པས་འབྱུང་། །གཞན་དང་སྒོ་བསྟུན་གནས་སྐབས་ཀྱི། །ཡོན་ཏན་འབྲས་བུའི་ཐོབ་ཚུལ་ལོ། །ཞེས་གསུངས་པ་ལྟར་བརྩོན་འགྲུས་རབ་དང་ལྡན་པའི་བདེན་མཐོང་གི་རྣལ་འབྱོར་བ་རྣམས་ཀྱིས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དང་པོར་མཐོང་བ་ནས་བརྩམས་ཏེ་ས་དང་པོ་རབ་ཏུ་དགའ་བ་ནས། བཅུ་དྲུག་པ་ཡེ་ཤེས་བླ་མའི་སའི་བར་རྣམས་རིམ་གྱིས་བགྲོད་ནས་སོ། །སངས་རྒྱ་ལུགས་ནི་ཐུན་མོང་དུ་སངས་རྒྱ་བ་ཞེས་ཕུང་པོ་ལྷག་མ་དང་བཅས་ཏེ་མངོན་པར་སངས་རྒྱ་བའོ། །རྟགས་ཀྱི་འབྱུང་ཚུལ་ནི། རླུང་ཚད་ལ་ཕེབས་པས་འདས་པའི་དུས་སུ་སྒྲ་འབྱུང་ཞིང་། དེ་བཞིན་དུ་འོད་ཚད་ལ་ཕེབས་པས་འོད་དག་དང་། དབྱིངས་ཚད་ལ་ཕེབས་པས་ས་གཡོ་བ། ཐིག་ལེ་ཚད་ལ་ཕེབས་པས་སྐུ་གདུང་དང་རིང་བསྲེལ། ཞིང་ཁམས་ཚད་ལ་ཕེབས་པས་འཇའ་ཚོན། སྐུ་ཚད་ལ་ཕེབས་པས་སྐུ་རྣམས་རིམ་པར་འབྱུང་སྟེ། གྲོལ་ལུགས་དེ་ནི་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བར་ཡང་། སྙིང་གི་མེ་ལོང་གི་རྒྱུད་ལས། མྱ་ངན་ལས་འདས་པ་དེ་ཡང་གཉིས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། མངོན་པར་རྫོགས་པའི་སངས་རྒྱས་པའོ། །ཞེས་དང་། མངོན་པར་རྫོགས་པར་སངས་རྒྱས་པ་ནི་འོད་དང་སྒྲ་དང་སྐུ་དང་གདུང་དང་ས་གཡོ་བ་ལ་སོགས་པ་འབྱུང་ངོ། །ཞེས་གསུངས་སོ། །

ཁྱད་པར་གྱི་གྲོལ་ཚུལ།

གཉིས་པ་ཐུན་མོང་མ་ཡིན་པ་ཁྱད་པར་གྱི་གྲོལ་ཚུལ་ནི། སྒོ་གསུམ་མཚན་མར་འཛིན་པའི་ཉོན་མོངས་པ་ཕྲ་རགས་ཀྱི་ཚོགས་འབྱུང་ལུས་ཀྱི་འཛིན་ཆགས་ལྟོས་པ་དང་བཅས་པ་ཐམས་ཅད་རང་སར་སངས་ནས། ཕུང་པོ་ལྷག་མ་མེད་པར་ཡེ་ཐོག་དང་པོའི་གཞིར་རང་གྲོལ་ནས། ངོ་བོ་སྐུ་དང་། རང་བཞིན་མཁྱེན་པའི་ཡེ་ཤེས། ཐུགས་རྗེ་མཛད་པའི་ཕྲིན་ལས་སུ་རྒྱས་པས་སྐུ་གསུམ་དང་ཡེ་ཤེས་གསུམ་འདུ་འབྲལ་མེད་ཅིང་ཐུགས་རྗེ་ལ་རྒྱུན་ཆད་མེད་པ་དེ་ལ་ཆོས་ཟད་ཀ་དག་གི་འབྲས་བུ་ཡང་དག་པར་རྫོགས་པར་འཚང་རྒྱ་བ་ཞེས་བྱ་སྟེ། སངས་རྒྱས་སྐུ་གསུམ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མ་ལུས་པ་ལྷུན་གྱིས་རྫོགས་ཤིང་། འགྲོ་བའི་དོན་འཁོར་བ་མ་སྟོང་གི་བར་ཏུ་འབད་པ་མེད་པར་འགྲུབ་པ་སྟེ། རྒྱུད་སྙིང་གི་མེ་ལོང་ལས། ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །ཞེས་དང་། རང་ཤར་ལས། མཚན་མར་འཛིན་པའི་འཁོར་བ་སངས། །ཡེ་ཤེས་སྐུ་ཉིད་དོན་ལ་རྒྱས། །སངས་རྒྱས་ཞེས་ཀྱང་དེ་ལ་བྱ། ཞེས་དང་། མུ་ཏིག་ཕྲེང་བ་ལས། གྲོལ་བ་ཉིད་ནི་ཐོག་མའོ། །ཞེས་དང་རྒྱུད་ལས། ངོ་བོ་སྟོང་གསལ་ཡེ་ཤེས་སྐུ། །རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད། །དབྱེར་མེད་ཆེན་པོར་ཡེ་སངས་རྒྱས། ཞེས་དང་། རྩ་རྒྱུད་ཐལ་འགྱུར་ལས། ཆོས་ཀྱི་སྐུ་ནི་སྐུ་དང་གསུང་། །ཐུགས་དང་ཡོན་ཏན་ཕྲིན་ལས་སོ། །སྐུ་ནི་སྟོང་དང་གསལ་བ་དང་། །མཚན་མ་མེད་པའི་རང་བཞིན་ནོ། །གསུང་ནི་སྒྲ་ཚིག་མིང་དང་བྲལ། །བརྗོད་ཅིང་གླེང་གཞི་ཉིད་བྲལ་ལོ། །ཐུགས་ནི་བསམ་དང་འགྱུ་མེད་པས། །འཕྲོ་ཞིང་དཔྱོད་པ་རྣམས་ལས་འདས། །ཡོན་ཏན་ཕྱིར་མི་འོང་དང་ལྡོག་པ་མེད། །དབྱིངས་དང་ཡེ་ཤེས་ཁྱབ་པ་དང་། །རང་བཞིན་བཅོས་པ་མེད་པའོ། །ཕྲིན་ལས་མ་བྱུང་མ་སྐྱེས་བྱས་པ་མེད། །ཤུགས་འབྱུང་བ་དང་འགགས་པ་མེད། །མ་བྱས་བྱས་པ་མེད་པའོ། །ལོངས་སྤྱོད་སྐུ་ལ་སྐུ་གསུང་ཐུགས་ཡོན་ཕྲིན། །སྐུ་ནི་སྣང་ལ་རང་བཞིན་མེད། །གསལ་དང་གསལ་བྱེད་རིག་པས་ཁྱབ། །གསུང་ནི་རང་བྱུང་རང་སྣང་དང་། །སྤྲོ་བསྡུ་སྣང་བའི་འཁོར་ལོའོ། །ཐུགས་ནི་རྒྱུན་ཆད་མེད་གཟིགས་དང་། །མཁྱེན་པའི་རྩལ་དང་དགོངས་པའོ། །ཡོན་ཏན་མཚན་དཔེ་རྫོགས་པ་ལ། །དགོངས་གསལ་མངོན་ཤེས་རྫོགས་པའོ། །ཕྲིན་ལས་ཆོས་ཀྱི་འཁོར་ལོ་ལས། །ཕྱི་ནང་གསང་བ་རྣམས་སྤྲོས་ཏེ། །སོ་སོའི་རིགས་ཀྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །རང་བྱུང་ལྗགས་ལས་རྣམ་སྤྲོས་ཏེ། །འཁོར་ལ་རང་གི་ངོ་བོས་སྟོན། །སྤྲུལ་པའི་སྐུ་ལ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །སྐུ་ནི་མཚན་དང་དཔེ་བྱད་ལ། །གདུལ་བྱ་གང་འདུལ་ལུས་སྤྲུལ་ཏེ། །གསུང་ནི་ཚིག་སྦྱོར་ལེགས་པ་ལ། །ཚངས་དབྱངས་ཡན་ལག་དྲུག་ཅུ་བཞི། །ཐུགས་ནི་ཤེས་བྱའི་ཡེ་ཤེས་གཉིས། །རང་གཞན་དོན་གཉིས་རྫོགས་པར་གནས། །ཡོན་ཏན་མཁྱེན་པ་རྫོགས་པ་དང་། །ཕྲིན་ལས་ཕྱི་ནང་གསང་བ་ཡི། །མཛད་པ་མ་ལུས་རྫོགས་པ་སྟེ། །ཕུན་སུམ་ཚོགས་པ་ལྔར་གནས་པའོ། །ཞེས་གསུངས་སོ། །དེ་ལྟར་ཆོས་སྐུ་སྤྲོས་པ་དང་བྲལ་བ། ལོངས་སྐུ་མཚན་དཔེར་གསལ་བ། སྤྲུལ་སྐུ་སྣ་ཚོགས་སུ་སྣང་བ། མི་འགྱུར་རྡོ་རྗེའི་སྐུ་ནི་དེ་དག་གི་ཆོས་ཉིད་ངོ་བོ་ཉིད་སྐུ་དག་པ་གཉིས་ལྡན་ཏེ། གདོད་ནས་དྲི་མ་མེད་པས་རང་བཞིན་དག་ཅིང་། གློ་བུར་གྱི་དྲི་མ་རང་ངོ་ཤེས་པས་དག་པའོ། །མངོན་པར་བྱང་ཆུབ་པའི་སྐུ་ནི་དམིགས་པ་མེད་པའི་ཐུགས་རྗེ་དང་ཕྲིན་ལས་འཁོར་བ་མ་སྟོང་གི་བར་དུ་མཛད་པ་སྟེ། རྫོགས་པ་ཆེན་པོ་རང་བཞིན་ལྷུན་གྱིས་གྲུབ་པའི་འབྲས་བུ་རང་ཤར་རང་གསལ་རང་གྲོལ་ཆེན་པོ། གདོད་མའི་གཞི་ཀ་དག་གི་ས་ལ་གཞི་ཇི་བཞིན་པར་སངས་རྒྱས་ཏེ། བྱང་ཆུབ་ཕྱིར་མི་ལྡོག་པའི་ཡེ་ཤེས་བརྙེས་པ་ཞེས་བྱའོ། །དེས་ལྷུན་གྲུབ་ཐོད་རྒལ་གྱི་ཟབ་དོན་ཉམས་སུ་ལེན་པའི་ཁྲིད་རིམ་རྣམས་མཐར་ཕྱིན་ནས།

རྗེས་ཀྱི་ཁྲིད།

དབང་པོ་དང་བརྩོན་འགྲུས་འབྲིང་བར་དོར་འཚང་རྒྱ་བའི་མན་ངག

རང་བཞིན་བར་དོ།

བར་དུ་དགེ་བའི་དོན་ཁྲིད་ཀྱི་ས་བཅད་གསུམ་པ་རྗེས་ཀྱི་ཁྲིད་ལ། དབང་པོ་དང་བརྩོན་འགྲུས་འབྲིང་དང་ཐ་མའི་རིམ་པས་ཁྲིད་རིམ་གཉིས་ལས། དང་པོ་དབང་པོ་དང་བརྩོན་འགྲུས་འབྲིང་བར་དོར་འཚང་རྒྱ་བའི་མན་ངག་ནི། གལ་ཏེ་དབང་པོ་རྣོན་པོ་བརྩོན་འགྲུས་རབ་དང་ལྡན་ན་ཡང་། རྐྱེན་གྱིས་བར་ཆད་པའམ་ཐོས་བརྩོན་དབང་པོ་འབྲིང་པོའི་རིགས་རྣམས་བར་དོ་བཞི་ལས། འཆི་ཁ་ཕན་ཆད་གང་རུང་ལ་གྲོལ་བར་གསུངས་པས། དེར་གྲོལ་བྱེད་ཀྱི་མན་ངག་ལ་ད་ལྟ་ནས་བསླབ་དགོས་ཏེ། དེ་ཡང་སྤྱིར་གཞི་སྣང་ཡེ་ཤེས་སུ་ཤར་བའི་སྣང་ཆ་རྣམས་དག་པ་ཆོས་ཉིད་ཀྱི་བར་དོ་དང་། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་སོ་ཅོག་མ་དག་པ་འཁྲུལ་བའི་བར་དོ་སྟེ། གཞི་དབྱིངས་ཀ་དག་ལས་ཤར་ནས། སླར་འཆར་གཞིའི་དབྱིངས་སུ་མ་རྫོགས་བར་གྱི་སེམས་པ་ས་བོན་དང་བཅས་པ་བར་དོ་ཡིན་ལ། བྱེ་བྲག་ཏུ་དབྱེ་ན་འདིར། རྩ་རྒྱུད་ལས། དབྱེ་ན་རྣམ་པ་བཞི་དག་ལས། ཞེས་པ་ལྟར། རང་བཞིན། འཆི་ཁ། ཆོས་ཉིད། སྲིད་པ་བར་དོ་སྟེ། བར་མ་དོའི་ས་མཚམས་བཞིར་ངེས་པ་ལས།

དང་པོ་ནི། མའི་མངལ་དུ་སྐྱེ་བ་གྲུབ་ནས། འཆི་ངེས་ཀྱི་ནད་ཚབ་ཆེན་པོས་ཐེབས་པ་ཚུན་ཆད་ལ་རང་བཞིན་ནམ། སྐྱེ་གནས་ཀྱི་བར་དོ་ཞེས་བྱ་སྟེ། དེ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པ། དེད་དཔོན་གསེར་གླིང་དུ་འགྲོ་བའམ། ཐི་བྱ་ཚང་ལ་འཇུག་པ་ལྟ་བུའི་གདམས་པ་ཞིག་དགོས་པས། དེ་ཡང་དེད་དཔོན་གྲུ་ཆས་བསག་པ་དང་། ཐི་བྱས་ཚང་བརྟག་པ་ལྟར། ད་ལྟ་ནས་བླ་མ་དམ་པ་ལ་བརྟེན་ནས། དེས་ཇི་ལྟར་བསྟན་པའི་ཐོས་བསམ་སྒོམ་པའི་བྱ་བ་རྣམས་ལ་ལེ་ལོ་དང་། ཕྱིར་བཤོལ་གྱི་དབང་དུ་མི་གཏོང་བར་ནན་ཏན་གྱིས་བརྩོན་ནས་སྒྲོ་འདོགས་ཆོད་པར་བྱས་ཏེ་འཆི་བའི་དུས་ལ་བབ་ཀྱང་ཡ་ང་དང་། འཇིགས་སྐྲག་མེད་པར་ཕ་ཁྱིམ་དུ་བུ་འགྲོ་བ་ལྟར་སྤྲོ་དུང་ངེ་བ་ཞིག་དགོས་པ་ཡིན།

འཆི་ཁའི་བར་དོ།

གཉིས་པ་ནི། འཆི་ལ་ཐུག་པ་ནས་ནང་དབུགས་ཁྲོག་གེ་ཆད་པ་ཚུན་ལ་འཆི་ཁའི་བར་དོ་ཞེས་བྱ་སྟེ། དེ་ལ་རྒྱལ་པོའི་བཀའ་ཕྲིན་བསྐུར་བའམ། མི་གསལ་བ་གསལ་ཐབས་ལ་སྒེག་མོས་མེ་ལོང་ལ་ལྟ་བ་ལྟ་བུའི་གདམས་པ་ཞིག་དགོས་ཏེ། དེ་ཡང་རྫོགས་པ་ཆེན་པོའི་གང་ཟག་འཆི་རྟགས་དང་གར་འཆི་དང་ནམ་འཆི་རྩིས་གདབ་མེད་པར་བུ་ཆུང་ལྟར་འཆི་བ་རྣམས་ལ་གདམས་པ་འདི་མི་དགོས་ཀྱང་། འབྲིང་གི་རབ་ཡུལ་རྐྱེན་གྱིས་མི་གནོད་པར་སྤྲང་པོ་ལྟར་གྲོང་དང་རྒྱ་ལམ་གྱི་སྲང་མདོར་འཆི་བ་དང་། འབྲིང་ཡུལ་རྐྱེན་མེད་པར་རི་དྭགས་དང་སེང་གེ་ལྟར་ལུང་སྟོང་རི་ཕུག་གངས་ཁྲོད་སོགས་སུ་འཆི་བ་དག་ལ་གདམས་པ་གཉིས་ཏེ། སྐུ་དང་ཡེ་ཤེས་ལ་འཇུག་པ་འོད་གསལ་སྦུབས་འཇུག་གི་གདམས་པ་ནི། ད་ལྟ་ནམ་མཁའ་དྭངས་བའི་ཚེ་ལུས་སེང་གེའི་ཉལ་ལུགས་སམ། བཞུགས་སྟངས་གསུམ་པོ་གང་རུང་ལ་གནས་པས་རིག་པ་དབྱིངས་སུ་གཏད་ཏེ། བདག་ངེས་པར་འཆི་བའི་དུས་ལ་བབས་པ་ཡིན་པས་སྤྲོས་པ་མེད་པའི་ཀློང་དུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་དབུགས་ཕྱིར་འཕངས་པའི་ཕྱི་ལ་ཤེས་པ་གཏད་མེད་དུ་འཇོག་པ་ལ་གོམས་སུ་བཅུག་སྟེ། དུས་ལ་བབས་པ་ནའང་སེང་གེའི་ཉལ་ལུགས་སོགས་སུ་གནས་པས་ཤེས་པ་མིག་དང་། མིག་དབྱིངས་རིག་ལ་གཏད་དེ། ཀ་དག་གི་ངང་ལ་སྤྲོ་བསྡུ་མེད་པར་འཇོག་པའི་ངང་ནས་ཚེའི་འདུ་བྱེད་བཏང་བས་སྐད་ཅིག་ལ་གྲོལ་བར་འགྱུར་ཏེ། གསང་ལམ་ངོ་སྤྲོད་ཅེས་བྱ་བ་ཤིན་ཏུ་མྱུར་བའི་ལམ་གནད་ཟབ་མོའོ། །ཡུལ་དང་གནས་ལ་འཇུག་པ་འཕོ་བའི་གདམས་པ་ནི། ཟབ་ལམ་འཕོ་བའི་མན་ངག་སྤྱི་ལྟར་ལ། ཁྱད་པར་རླུང་ཐ་མ་ཕྱིར་འགྲོ་དུས་སྙིང་ཀར་རིག་པ་ཨ་དཀར་པོའི་རྣམ་པར་གནས་པ་ཚངས་བུག་ནས་ཡར་སངས་ཀྱིས་སོང་བར་བསམ་པའི་མོད་ལ་ཧིཀ་ཉེར་གཅིག་རེ་བརྩེགས་མར་བརྗོད་པ་ལ་འདྲེས་ཤིང་གོམས་པར་བྱས་ཏེ། སྐབས་སུ་བབས་པ་ན་ཡང་དེ་ལྟར་གསལ་གདབ་པས་ཐིམ་རིམ་ལ་མ་ལྟོས་པར་བྱང་ཆུབ་སེམས་དཔའི་འཕོ་ལུགས་དག་གིས་གྲོལ་ཞིང་མྱ་ངན་ལས་འདའ་བ་ཡིན་ཏེ། ཉི་ཟླ་ཁ་སྦྱོར་ལས། སྐུ་དང་ཡེ་ཤེས་འཇུག་ལུགས་ནི། །རིག་པ་འདི་ལྟར་གཏད་པར་བྱ། །ཕུང་པོ་སེང་གེའི་ཉལ་ལུགས་ཀྱིས། །རིག་པ་ཉིད་ནི་མིག་ལ་གཏད། །ཡུད་ཙམ་བར་སྣང་ལམ་དུ་བྱ། །དབྱིངས་དང་རིག་པ་མི་མྱུར་ན། །མི་དེ་བར་དོ་མེད་པར་ནི། །འཚང་རྒྱ་བ་ལ་ཐེ་ཚོམ་མེད། །ཅེས་དང་། ཡུལ་གནས་དག་ལ་འཇུག་ལུགས་ནི། གྲོང་འཕོ་གྲོང་འཇུག ་གདམས་པ་སྟེ། །རྣམ་ཤེས་རླུང་ལ་ཞོན་ནས་སྦྱངས། །དེ་ཡང་གོང་དུ་འབྱོང་བ་གཅེས། །རིག་པ་བསྡུ་དང་འཕང་པ་གཅེས། །དེ་ཡང་ཧིག་གིས་འཕང་བའོ། །དེ་ཉིད་བླ་མའི་ཞལ་ལ་ཐུག །ཅེས་སོ། །འབྲིང་གི་ཐ་མ་མན་ངག་ཐོབ་ཀྱང་གནད་དང་མི་ལྡན་པའམ། །ཐ་མལ་པའི་རྣམ་པ་སྤྱི་ལ། འབྱུང་བའི་ཐིམ་རིམ། རླུང་གི་བྲོས་ཚུལ། སྣང་བའི་སྡུད་རིམ་རྣམས་རིམ་པར་འབྱུང་སྟེ། དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ས་ནི་ས་ལ་རང་ཐིམ་ནས། །ལུས་ནི་ལྕི་ཞིང་ལྡང་མི་ནུས། །ལངས་དང་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། །ཁ་ཆུ་སྣ་ཆུ་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། །ཁ་སྣ་དག་ནི་རབ་ཏུ་སྐམ། །ལུས་ཀྱི་མཐའ་ཡི་དྲོད་རྣམས་འཆོར། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་ཕྲ། །མིག་ཀྱང་གྱེན་ལ་ལྡོག་པའོ། །རྟགས་འདི་སུ་ལ་བྱུང་བ་དེ། །འདི་ལ་མི་གནས་ཕ་རོལ་འགྲོ། །དེ་ཚེ་བླ་མའི་གདམས་ངག་རྣམས། །རང་གི་རྒྱུད་ལ་འདྲེས་པར་བྱ། །ཞེས་དང་། རྒྱུད་ལས། འདོར་བྱེད་དོན་གྱི་རླུང་བྲོས་པས། །ལུས་ནི་མི་ཐེག་སྒྱིད་པ་སྐྱུར། །ཡན་ལག་མི་འདུ་སྨྲ་བར་དཀའ། །མིག་ལྡོག་དབུགས་ནི་ཕྱི་རུ་འཕུལ། །བཀྲག་མདངས་བསྐྱེད་པའི་རླུང་བྲོས་པས། །ལུས་སྐམ་ཁ་སྣ་བག་རྡུལ་ཆགས། །ཤ་ཚ་ཁ་སྐམ་གཤིན་དྲི་མནམ། །དངས་སྙིགས ་འབྱེད་པའི་རླུང་བྲོས་པས། །བཟའ་བཏུང་མི་ལེན་ལུས་སྟོབས་འཆོར། །མེ་དང་མཉམ་པའི་རླུང་བྲོས་པས། །ལུས་ཀྱི་དྲོད་ནི་མཐའ་ནས་འཆོར། །སྐལ་པ་ལས་ཀྱི་རླུང་བྲོས་པས། །ལུས་ལ་ཟ་ཟི་ཕྱད་ཕྱོད་མང་། །རྩ་ཕྲན་ཁྲག་ནི་སྲོག་རྩར་འདུས། །ཞེས་དང་། དེ་ཚེ་སྣང་བ་འདི་ལྟར་འདུ། །ཕྱི་ཡི་དབང་པོ་དྲན་བྱེད་རྣམས། །མུན་སྲོས་བཞིན་དུ་འུབ་ཀྱིས་འདུས། །རིག་པ་སྙིང་གི་དཀྱིལ་དུ་འདུས། །སྨྲ་ཡང་མི་ཤེས་དྲན་པ་ཉམས། །དེ་ནས་ལུས་ནི་ཁྲག་འདུས་ནས། །སྲོག་རྩའི་ནང་ནས་སྙིང་དུ་བརྒྱབ། །ཁ་དང་མིག་ནི་སྐྱ་ལོག་འགྲོ། །དབུགས་ནི་ཁྲུ་གང་ཙམ་དུ་ཆད། །དེ་ནས་ཁྲག་ཐིགས་གཉིས་བརྒྱབ་པས། །མགོ་འགུག་དབུགས་ནི་འདོམ་གང་ཆད། །དེ་ནས་ཁྲག་ཐིགས་གསུམ་བརྒྱབ་པས། །ཨིག་ཅིང་དབུགས་ནི་མདའ་གང་ཆད། །དེ་ནས་ཕྱི་དབུགས་ཆད་པ་དང་། །རིག་པ་སྙིང་དཀྱིལ་བརྒྱལ་ནས་སྡོད། །དེ་ནས་ནང་གི་དབུགས་ཆད་ནས། །ཆོས་ཉིད་བར་དོ་འཆར་བ་ཡིན། །ཞེས་གསུངས་པས། །ད་ལྟ་དེ་རྣམས་རིམ་པར་བློ་ལ་ངེས་ཐག་ཆོད་པར་བྱས་པས། མི་ཞིག་ལ་རྒྱལ་པོའི་བཀའ་ཕྲིན་བསྐུར་ན་དེས་ཆད་པ་ལ་སྐྲག་ནས་མི་བརྗེད་པའམ། སྒེག་མོས་མེ་ལོང་ལ་བལྟས་པས་རང་གི་བྱད་གསལ་བོར་མཐོང་བ་ལྟར། འཁོར་བར་ལྟུང་གིས་དོགས་ནས་མི་བརྗེད་ཅིང་ཐོག་ཏུ་བབས་པ་ན་སྙིང་སྡུག་མཛའ་བོ་མཐོང་བ་ལྟར་ངོས་ཟིན་སླ་བ་ཡིན།

ཆོས་ཉིད་བར་དོ།

གསུམ་པ་ནི། དེ་ནས་བཟུང་སྟེ་ཡེ་ཤེས་ལྷུན་གྲུབ་ཀྱི་སྣང་བ་ལ་ཐིམ་པའི་མཇུག་གི་བར་ཚུན་ལ་ཆོས་ཉིད་བར་དོ་ཞེས་བྱ་སྟེ། དེ་ལ་ཡ་ང་བའི་ལམ་ལ་གྲོགས་དང་ཕྲད་པའམ། མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་ཞིག་དགོས་ཏེ། དེ་ལ་ལུས་སེམས་འབྲེལ་དུས་ཀྱི་ཐིམ་རིམ་རྣམས་རྫོགས་ནས་འབྲེལ་ཆད་དུས་ཀུན་གཞིའི་རྣམ་ཤེས་ཀྱི་ངང་ལ་དར་ཅིག་བརྒྱལ་བ་དེ་ས ངས་མ་ཐག་ཏུ་རྣམ་ཤེས་ཆོས་ཀྱི་དབྱིངས་ཀྱི་ནམ་མཁའ་ལ་ཐིམ་པས། ཞི་བ་ཆོས་ཀྱི་སྐུའི་ནམ་མཁའ་ཞེས་བྱ་བ་སྤྲིན་མེད་པའི་ནམ་མཁའ་ལྟར་སྟོང་གསལ་སྒྲིབ་གཡོག ་དང་བྲལ་བ་ཞིག་འཆར། དེ་ངོས་ཟིན་ནས་གཤིས་རང་ཐོག་ཏུ་བཅས་བཅོས་མེད་པར་བཞག་པས་ཀ་དག་གི་ནང་དབྱིངས་གདོད་མའི་གྲོལ་གཞི་ཆེན་པོར་རང་གྲོལ་བའོ། །དེ་ནས་རིམ་པར་རྩ་རྒྱུད་ལས། འདིར་ནི་ཆོས་ཉིད་བར་དོར་བཤད། །འཆི་ཁ་ལ་ནི་ཐལ་བའི་ཚེ། །རྣམ་ཤེས་ནམ་མཁའ་དག་ལ་ཐིམ། །ནམ་མཁའ་འོད་གསལ་ལ་ཐིམ་དུས། །ཕྲ་རགས་སྣང་བ་ཀུན་འགགས་ཏེ། །དབང་པོ་ཀུན་ལྡན་འོད་ཀྱིས་ལུས། །ལུས་དང་གྲིབ་མ་བཞིན་དུ་འགྱུར། །དེ་ཚེ་འོད་སྣང་དུམ་བུའི་ཚེ། །མཁས་པས་སྣང་བ་མཆེད་པས་བཟུང་། །གཡོ་བ་རླུང་དག་མཆེད་པ་ཡིས། །ཁ་དོག་ལྔ་ཡི་འོད་ཟེར་རྣམས། །མ་ངེས་འཇའ་ཚོན་རིས་སུ་སྣང་། །ཞེས་དང་། དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པས། འཇུག་ཅིང་འབྱུང་བའི་རླུང་ལ་ཡང་། །ཕྱོགས་བཞི་མཚམས་དང་སྟེང་འོག་དྲུག །དེ་ལས་ཕྱོགས་ཀྱི་འོད་འདུས་པས། །རིགས་ལྔའི་སྐུ་ཡང་མངོན་པར་སྣང་། །མཐིང་ག་དཀར་སེར་དམར་ལྗང་ནི། །སོ་སོའི་ཡུམ་དང་བཅས་པར་སྣང་། །སོ་སོའི་མཚམས་སུ་རྫོགས་པ་ལ། །ལྔ་ལྡན་བརྒྱ་ལྡན་བཅུ་ལྡན་དང་། །ཚོམ་བུ་སྟོང་དང་འབུམ་ཕྲག་ནི། །བསམ་ངོ་རང་བཞིན་དག་པ་ཡིས། །བརྗོད་ཀྱིས་མི་ལངས་གྲངས་མེད་འཆར། །ཞེས་དང་། རྒྱུད་ལས། དེ་ཚེ་སྒྲ་འོད་ཟེར་དུ་འཁྲིགས། །སྐུ་ཡི་སྣང་བས་སྐྲག་པར་བྱེད། །ཅེས་དང་། དེའི་རྗེས་སུ་ཡང་། ཉི་ཟླ་ཁ་སྦྱོར་ལས། དེ་ཚེ་རང་གི་སྙིང་ཁ་ནས་འོད་ཤིན་ཏུ་ཕྲ་བ་གཅིག་འཆར་ཏེ། ཚོམ་བུའི་འོད་ཟེར་དང་རང་གི་སྙིང་གའི་འོད་དེ་གཉིས་འབྲེལ་བའི་ཚེ་སྐུ་དེ་དག་ཐམས་ཅད་ཀྱི་ཐུགས་ཀར་འབྲེལ་ཏེ་འཆར་རོ། །དེ་ལ་རང་གི་ཤེས་པས་ཟིན་ཏེ་མི་རྟོག་པའི་བསམ་གཏན་ལ་རང་བཞིན་གྱིས་གནས་སོ། །དེས་ན་རིག་པ་འོད་ལ་འཇུ ག་པ་ཞེས་བྱ་སྟེ་སྣང་བ་དེ་ཀུན་ཡང་ཕྲིག་པ་མངོན་པ་སྣང་བ་སྙམ་བྱེད་དོ། །སྙིང་གའི་ཟེར་ཐག་དེ་ལ་ཡང་ཐིག་ལེ་ཕྲ་མོ་གྲངས་མེད་པ་འཆར་རོ། །ཞེས་དང་། དེ་ནས་ཡང་རང་གི་སྙིང་ཁ་ནས་འོད་ཀྱི་ཟེར་ཐག་ཚོན་སྐུད་སྒྲིལ་བ་ཙམ་ཞིག་འཆར་ཏེ། དེ་ནས་སྐུ་དེ་དག་ཀྱང་རང་གི་ལུས་ལ་ཐིམ་པ་སྙམ་བྱེད་པའི་སྣང་བ་འཆར་ཏེ། དེ་ནི་འོད་རང་གི་རིག་པ་ལ་ཚུར་འཇུག་པ་ཞེས་བྱའོ། །དེའི་ཚེ་སྐྱེས་བུ་རྣམས་ཀྱིས་ཡིད་ཆེས་པ་མ་དང་བུ་འཕྲད་པ་ལྟ་བུའི་གདམས་ངག་དྲན་པར་གྱིས་ཤིག ཅེས་འཇུ ག་པ་ཤེས་པའི་གནད་དང་། རྒྱུད་ལས། ཕུང་པོ་ལྔ་ཡི་གཟུང་འཛིན་དངས། ལོངས་སྤྱོད་རྫོགས་པའི་སྐུ་རུ་གྲོལ། །འབྱུང་བ་ཉོན་མོངས་རང་གྲོལ་ནས། །འོད་གསལ་མ་བུ་རིག་པས་གྲོལ། །ཞེས་གྲོལ་བ་ལུས་ཀྱི་གནད་དང་། ཉི་ཟླ་ཁ་སྦྱོར་ལས། རང་གི་སྙིང་ག་ནས་འོད་ཀྱི་ཐག་པ་ཤིན་ཏུ་ཕྲ་བ་གཅིག་འཆར་རོ། །དེ་ནི་སྟེང་གི་ནམ་མཁའ་ལ་གྱེན་དུ་ཟུག་པར་སྣང་ངོ་། །དེའི་དུས་སུ་རང་གིས་མ་ཡེངས་བར་བལྟས་པས་སྣང་བ་དེ་གཞན་དང་མ་འདྲེས་པར་སྣང་བས་ཤིན་ཏུ་རྒྱ་ཆེ་བར་འཆར་ཏེ། དེ་ཡང་དང་པོ་མཐིང་གའི་སྣམ་བུའི་སྟེང་དུ་ཐིག་ལེ་ཟེར་དང་ལྡན་པ་མེ་ལོང་ཁ་སྦུབ་པ་ཙམ། དཔེར་ན་མུ་མིན་གྱི་ཕོར་བ་ཁ་སྦུབ་པ་ལྟ་བུ་ཡེ་ཤེས་ཀྱི་གཏིང་མདངས་དང་ལྡན་པ། ཤིན་ཏུ་གསལ་ལ་འཚེར་བ། དེ་ཡང་རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པའོ། །དེའི་མཐའ་དང་དབུས་མེད་པར་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ་འཆར་རོ། །ཡང་དེའི་སྟེང་དུ་དཀར་པོའི་སྣམ་བུའི་སྟེང་ཐིག་ལེ་དཀར་པོ་ཤིན་ཏུ་གསལ་བ་དཔེར་ན་ཤེལ་གྱི ་ཕོར་བ་ཁ་སྦུབ་པ་ལྟ་བུ་ཡེ་ཤེས་ཀྱི་གཏིང་མདངས་དང་ལྡན་པ་སོགས་གོང་བཞིན་འཆར་རོ། །དེའི་སྟེང་སེར་པོའི་སྣམ་བུར་དཔེར་ན་གསེར་གྱི་ཕོར་བ་ཁ་སྦུབ་པ་ལྟ་བུ་གོང་ལྟར་དང་། དམར་པོའི་སྣམ་བུའི་སྟེང་དུ་དཔེར་ན་བྱི་རུའི་ཕོར་བ་ཁ་སྦུབ་པ་ལྟ་བུ་སོགས་གོང་དང་འདྲ་བར་འཆར་རོ། །དེའི་སྟེང་དུ་འོད་ཟླུམ་པོ་ཤིན་ཏུ་གསལ་བ་རྨ་བྱའི་གདུགས་ལྟར་འཆར་རོ། །དེ་དག་ཀྱང་ཡེ་ཤེས་ལྔའི་སྣང་བ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་རྩལ་མ་རྫོགས་པས་མི་སྣང་ངོ་། དེ་ནི་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའི་ཁོང་སེང་གི་ལམ་ཞེས་བྱའོ། །དེའི་ཚེ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ། །ཞེས་གསུངས་སོ། །དེ་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པའི་དུས་སུ་ཡེ་ཤེས་ཀྱི་སྣང་བ་རྣམས་སྟེང་གི་འོད་ཟླུམ་དེ་ལ་འདུས་ནས། ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་མེད་ལྟ་བུའི་ངང་ནས་དག་པ་ཞི་ཁྲོའི་སྐུ་དང་ཞིང་ཁམས། མ་དག་འགྲོ་དྲུག་གི་སྣང་བ་དཔག་ཏུ་མེད་པ་སྐད་ཅིག་ལ་འཆར་བར་འགྱུར་བས་དེ་རྣམས་ལ་ད་ལྟ་ནས་ཐོས་བསམ་གོམས་པར་བྱས་པས། བར་དོར་ཡ་ང་བའི་ལམ་འཕྲང་ཞིག་ལ་འཇིགས་སྐྲག་དང་བཅས་ཏེ་འགྲོ་བ་ན་སྔར་འདྲིས་ཤིང་རྒྱུས་ཡོད་པའི་གྲོགས་དཔའ་བོ་ཞིག་ཡོད་པ་དང་། ཕྱིས་དུས་དེར་འཕྲད་པ་ན་མཐོང་མ་ཐག་ཏུ་ངོ་ཤེས་ནས་འཇིགས་སྐྲག་མི་དགོས་པར་སྒྲོ་འདོགས་ཆོད་པ་དང་། ལམ་དུས་ཀྱི་སྣང་ཉམས་དང་ཆོས་ཉིད་ཀྱི་བར་དོའི་སྣང་བ་དེ་རྣམས་ཐ་དད་མེད་པར་ཡིད་ཆེས་པས་མ་དང་བུ་འཕྲད་པ་ལྟར་ངོ་ཤེས་ཤིང་དྲན་པ་དང་། རང་ལ་རང་སྣང་དུ་ངོ་ཤེས་པས་ཆོས་ཉིད་འགྱུར་མེད་ལ་ཡིད་ཆེས་ཏེ་སྙིང་ཆུ་འདྲེན་ཕྱིར་གསེར་གྱི་ཐུར་མ་བཙུགས་པ་ལྟར་མི་གཡོ་བ་རྒྱུན་གྱི་ཏིང་ངེ་འཛིན་སྐྱེ་བ་སྟེ་མཐར་ཕྱིན་པ་ངོ་ཤེས་པའི་གནད་གསུམ་དང་། རྗེས་སུ་དྲན་པ་དྲུག་གིས། སྣང་བའི་འཆར་ལུགས་བརྒྱད་དང་། དབང་པོ་སོགས་མངོན་པར་ཤེས་པ་དྲུག་ཚན་དྲུག་དང་། སྐུ་གསུམ་གྱི་མངོན་ཤེས་གསུམ་ཚན་གསུམ་དུ་ཤར་བ་རྣམས་ལྷུན་གྲུབ་ཏུ་གདེངས་ཐོབ་པས་དུས་གཅིག་ལ་ཐིམ་ལུགས་བརྒྱད་ཀྱིས་ཀ་དག་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་པ་ནི་ལྷུན་གྲུབ་ལོངས་སྐུའི་བར་དོ་ལ་གྲོལ་བ་ཐོབ་པའོ། །

སྲིད་པ་བར་དོ།

བཞི་པ་ནི། དེར་ཡང་མ་གྲོལ་ན་དུས་དེ་ནས་ལུས་རྟེན་ཕྱི་མའི་སྐྱེ་སྲིད་ཚུན་ཆད་ལ་སྲིད་པ་བར་དོ་ཞེས་བྱ་སྟེ། དེ་ལ་ཡུར་བ་ཁ་ཆད་ལ་ཝ་འཛུག་པ་ལྟ་བུའི་གདམས་པ་ཞིག་དགོས་ཏེ། དེ་ཡང་ད་ལྟ་ལམ་དངོས་གཞིའི་སྔོན་འགྲོ་རུ་ཤན་དབྱེ་བའི་དུས་ནས་སྲིད་པ་བར་དོའི་སྣང་བ་རྣམས་རྒྱུད་ཐོག་དུ་ངེས་པར་བླངས་ནས་རུ་ལོག་གི་སྤྱོད་པ་ལ་གོམས་ཤིང་འདྲིས་པར་བྱས་པས། ཞིང་ལ་ཆུ་འདྲེན་པའི་ཡུར་བ ་མཚམས་ཆད་པ་ལ་ཝ་ཤུ་ལེགས་པོར་བཙུགས་པས་ཆུ་རྒྱུན་མི་འཆད་པར་འདྲེན་ནུས་པ་ལྟར། སྐབས་སུ་མ་དག་པའི་འཁོར་བ་རུ་བཟློག་ནས། དག་པའི་སྐྱེ་སྲིད་ལམ་དུ་འཇུག་སླ་བ་ཡིན་ཏེ། རྒྱུད་ལས། སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་དང་། ཉི་ཟླ་ཁ་སྦྱོར་ལས། ལྷ་དང་མི་ནི་ཁ་དོག་དཀར། །ཡི་དྭགས་འོད་ནི་དུ་བ་འདྲ། །དམྱལ་བ་སྡོང་དུམ་ལྟ་བུའམ། །ཡང་ན་བལ་ནག་ཡེངས་བ་འདྲ། །བྱོལ་སོང་ཡང་ན་ཁྲག་བཙོ་བཞིན། །ལྷ་མིན་ཁ་ཆར་འབབ་པ་བཞིན། །ཞེས་དང་། དེ་ཚེ་ཁ་ནི་འདི་ལྟ་སྟེ། །ལྷ་དང་མི་ནི་གྱེན་ལ་ལྟ། །ལྷ་མིན་བྱོལ་སོང་དེ་བཞིན་འཕྲེད། །ཡི་དྭགས་དམྱལ་བ་ཐུར་དུ་ལྟ། །འདི་དག་ད་གདོད་སྐྱེ་བའི་དབང་། །ཞེས་དང་། འགལ་མེ་འམ་ནི་ཆར་པའམ། །དེ་བཞིན་གྲང་བ་ནམ་རྨུགས་པ། །སྐྱེ་བོ་འདུས་པའི་ཅ་ཅོ་དང་། །ལྷ་ཁང་ངམ་ནི་ཡང་ཐོག་གམ། །ཁང་བུ་དག་ནི་བརྩེགས་པར་མཐོང་། །ངན་སོང་རྣམས་ནི་སྤྱིལ་བུའམ། །ཕུག་རྡུག་གྲོག་པོ་སྟོང་པར་མཐོང་། །འདི་དག་མངལ་དུ་ཚུད་པའི་ལྟས། །འགྲོ་བར་འདོད་ཀྱང་རྒྱས་འཐུམས་ཏེ། །ཐོགས་པ་ཉིད་དང་བཅས་པའོ། །ཞེས་གསུངས་པ་ལྟར། སོ་སོར་སྣང་ཞིང་བར་དོར་གནས་པའི་སྐབས་སུ་འཇིགས་པའི་སྒྲ་བཞི། ཡ་ང་བའི་གཡང་ས་གསུམ། །ངེས་དང་མ་ངེས་པའི་རྟགས་སྣ་ཚོགས་མཐོང་བས། ཡིད་སྐྱོ་ནས་ལུས་འཚོལ་འདོད་པ་འབྱུང་བའི་ཚེ་རིགས་དྲུག་སོ་སོའི་འོད་སྣང་གང་ཤར་བ་དང་། ཡང་མིར་སྐྱེ་ན་ལུས་འཕགས་པོར་སྐྱེ་ན་ངང་བ། སྒྲ་མི་སྙན་དུ་ཉ། བ་ལང་སྤྱོད་དུ་གླང་། འཛམ་བུ་གླིང་དུ་མི་ཕོ་མོ་སོགས་ཆགས་པ་སྤྱོད་པ་མཐོང་བ་ལ་ཆགས་སྡང་དང་འཛིན་ཞེན་མེད་པར། རབ་ཀྱིས་སྣང་བ་བདེན་མེད་དུ་སྦྱང་ཞིང་ཉམས་ལེན་དྲན་པས་འཁོར་བ་རུ་ལོག་ནས་དེ་གར་གྲོལ་བ་ཐོབ། འབྲིང་གིས་བླ་མ་ཡི་དམ་ཡབ་ཡུམ་དུ་བསྒོམ་ལ་གསང་དབང་ལྟར་དངོས་གྲུབ་ཞུ་བ་དང་། ཤེར་དབང་གིས་བདེ་སྟོང་གི་དོན་ལ་མཉམ་པར་འཇོག་པའམ། དེ་ཙམ་མི་ནུས་ན། འདོད་ཆགས་ལ་མི་གཙང་བའི་འདུ་ཤེས་དགུ་སོགས་ཞེན་ལོག་གི་གཉེན་པོ་བསྟེན་ཅིང་། དག་པའི་ཞིང་ཡིད་ལ་བྱས་པས་དེར་གྲོལ་བའམ། མངལ་སྒོ་ཁེགས་ཏེ་ཞིང་ཁམས་སུ་བརྫུས་ཏེ་སྐྱེ། ཐ་མས་མངལ་དུ་འཇུག་པའི་ཚེ་ཞིང་དག་པར་སྨོན་ལམ་འདེབས་པ་དང་། སྐྱབས་འགྲོ་བྱེད་པ་དང་། མངལ་འདེམ་ཞི ང་བཟང་པོར་འདུན་པ་སྒྱུར་བ་སོགས་བྱས་པས། ལུས་རྟེན་ངན་པ་ལས་ལོག་ནས། དལ་འབྱོར་ཕུན་སུམ་ཚོགས་ཤིང་བཤེས་གཉེན་དམ་པས་བཟུང་ནས་གྲོལ་བ་ཡིན་ནོ། །

བརྩོན་འགྲུས་དང་དབང་པོ་དམན་པར་གྱུར་པ་རྣམས་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་འབྱིན་པ།

གཉིས་པ་བརྩོན་འགྲུས་དང་དབང་པོ་དམན་པར་གྱུར་པ་རྣམས་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་འབྱིན་པ་ནི། ད་ལྟ་ཐོས་པ་དང་བརྩོན་འགྲུས་དང་དབང་པོ་རྣམས་དམན་པར་གྱུར་པའམ། དབང་པོ་རབ་དང་འབྲིང་རྣམས་དུས་མ་ཡིན་པར་བར་དུ་ཆད་པའམ། སོས་དལ་དང་རྣམ་གཡེང་གིས་མི་ཚེ་ཟད། གཞི་ཀ་དག་ཁྲེགས་ཆོད་དང་། ལམ་མངོན་སུམ་ཐོད་རྒལ་གྱི་སྒོ་མཐོང་ཡང་འབྲས་བུར་བརྟན་པ་མ་ཐོབ་པས་སྒོམ་པ་འཕྲོ་ཅན་དུ་གྱུར། བར་དོ་རྣམས་སུ་གྲོལ་ཚད་མ་རྙེད་ཅིང་། ཁྱད་པར་ཆོས་ཉིད་ཀྱི་བར་དོ་ད་ལྟའི་མངོན་སུམ་འོད་གསལ་དང་ཆ་མཐུན་པ་ལྟར་ཤར་ཡང་ངོས་མ་ཟིན་པས་སྲིད་པ་བར་དོའི་སྣང་ཆ་རྨི་ལམ་ཙམ་དུ་ཤར་བས། ང་ཤི་འདུག་ཀྱང་ད་བར་ངོས་མ་ཟིན་པ་ཨ་རེ་འགྱོད། ད་ཅི་བྱེད་སྙམ་པ་ན་སྔར་བཀའ་དྲིན་ཅན་གྱི་བླ་མ་མཆོག་དང་དེས་ཇི་ལྟར་བསྟན་པའི་གདམས་ངག་རྣམས་ལ་མོས་ཤིང་གུས་པའི་སྟོབས་ཀྱིས་རྗེས་སུ་དྲན་ནས། ད་ནི་བདག་རང་བཞིན་སྤྲུལ་པའི་ཞིང་དུ་འགྲོ་བའི་དུས་ལ་བབ་པ་ཡིན་པས། འགྲོ་བར་བྱའོ་སྙམ་པ་ཙམ་གྱིས་ཆོས་ཉིད་ཀྱི་བྱིན་རླབས་དང་། རིག་འཛིན་བརྒྱུད་པའི་ཐུགས་རྗེས། རྨི་ལམ་སད་པའི་ཆ་ཙམ་དུ། གང་ལ་འདུན་པ་གཏད་པའི་དག་པའི་ཞིང་དེར་པདྨའི་སྦུབས་སུ་བརྫུས་ཏེ་སྐྱེ་ནས། དེ་བཞིན་གཤེགས་པའི་ཞལ་མཐོང་ཞིང་གསུང་ཐོས། དབང་དང་ལུང་ནོད། དབུགས་དབྱུང་ཐོབ་ཅིང་ཉོན་མོངས་པའི་འཆིང་བ་ལས་གྲོལ། གདོད་མའི་གཞི་ལ་མངོན་པར་བྱང་ཆུབ་ནས་ནང་གསལ་སྐུ་དང་ཡེ་ཤེས་འདུ་འ བྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་བྲལ་བའི་དབྱིངས་ལས་མ་གཡོས་བཞིན་དུ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་བསམ་གྱིས་མི་ཁྱབ་པས་འཁོར་བའི་རྒྱ་མཚོ་ཆེན་པོ་ཇི་ཙམ་ན་སྟོ ང་པ་དེ་སྲིད་འགྲོ་དོན་མཐའ་ཡས་པ། ཡིད་བཞིན་དབང་གི་རྒྱལ་པོ་ལྟར་འབད་མེད་ལྷུན་གྲུབ་རྒྱུན་ཆད་མེད་པར་འབྱུང་བའོ། །དེ་ལྟར་ཡང་རྒྱུད་ཉི་ཟླ་ཁ་སྦྱོར་ལས། སྐྱེ་གནས་རྗེས་སུ་དྲན་པའི་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན། ཞེས་དང་། རང་དགར་འཛིན་པའི་བག་ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་ཕྱུངས་ཏེ། བར་དོ་མེད་པར་སངས་རྒྱས་རྙེེད། །ཅེས་དང་། རང་ཤར་ལས། བདེན་པ་མཐོང་བའི་གང་ཟག་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཅེས་སོ། །ཞིང་གི་ཡོན་ཏན་བརྗོད་པ་ཡང་ཨ་ཏི་བཀོད་པ་ཆེན་པོ་ལས། སྙིགས་མ་ལྔ་བརྒྱའི་དུས་ཀྱི་ཐ་མ་ལ། །སངས་རྒྱས་སྙིང་པོ་འདི་ནི་མི་ཡུལ་སྣང་། །དེ་རྗེས་འཛིན་པའི་གང་ཟག་སྐལ་བ་ཅན། །སྙིང་པོ་འདི་ནི་སུ་ལ་སྣང་བར་འགྱུར། །དེ་དག་རྣམས་ནི་མི་འགྱུར་ས་ལ་འདའ། །གལ་ཏེ་སྙིགས་མ་ཚེ་ཐུང་ནད་མང་བས། །སྙིང་པོའི་དོན་འདི་གདེ ངས་སུ་མ་གྱུར་ཀྱང་། །འདི་ཉིད་མཐོང་ནས་དབུགས་ཆེན་ཉིད་འབྱིན་པས། །བཅུ་གཅིག་ཀུན་ཏུ་འོད་དུ་སྤྲུལ་པའི་ཞིང་། །རྫུས་སྐྱེས་དག་ནས་མངལ་གྱི་རྒྱ་དང་བྲལ། །ཤར་ཕྱོགས་མངོན་དགའ་མི་འགྱུར་རྡོ་རྗེའི་ཞིང་། །མི་བསྐྱོད་སྟོན་པས་འཁོར་གྱི་ཆོས་རྒྱུད་གྲོལ། །གདུལ་བྱ་རང་སྣང་ཡོན་ཏན་བསམ་མི་ཁྱབ། །དཔལ་དང་ལྡན་དང་པདྨ་བརྩེགས་པ་དང་། །ལས་རབ་ཉིད་ནི་ཡོངས་སུ་རྫོགས་པའི་ཞིང་། །རིན་ཆེན་འབྱུང་ལྡན་པདྨ་གར་དབང་རྟ། །དོན་ཡོད་གྲུབ་པས་ཤེས་བྱའི་སྒྲིབ་པ་སྦྱང་་། །དཀར་སེར་དམར་དང ་ལྗང་གུའི་ཁ་དོག་གསལ། །ཁོད་སྙོམས་ཡིད་འོང་བྱ་སྐད་སྣ་ཚོགས་སྒྲོག །དྲི་བསུང་ངད་ལྡན་ལྟ་བས་ཆོག་མི་ཤེས། །དབང་པོ་ཚིམ་བྱེད་ཡོན་ཏན་ཀུན་དང་ལྡན། །ཁ་དོག་ལུས་རྫོགས་ཟས་གོས་དུས་གཅིག་རྫོགས། །ལུས་ཀྱི་རྩོལ་བྲལ་རླུང་སྤྱོད་འགྲོ་དང་འདུག །རླུང་མཁྲིས་བད་ཀན་འདུས་པའི་ནད་རྣམས་མེད། །ཡན་ལག་བརྒྱད་ལྡན་རོ་བརྒྱ་འདུས་པའི་ཆུ། །འཐུང་པས་ཚིམ་བྱེད་རེག་ན་ལུས་ཀྱང་འཇམ། །ས་ཆུ་མེ་རླུང་འབྱུང་བའི་ཕན་གནོད་བྲལ། །བཀྲེས་དང་སྐོམ་དང་ཚ་གྲང་སྡུག་བསྔལ་མེད། །འདོད་ཆགས་ཞེ་སྡང་གཏི་མུག་ཉོན་མོངས་རྣམས། །སྐྱེ་བའི་རྒྱུ་མེད་ཤེས་པ་བག་ཡངས་པོ། །བལྟས་རྒོད་ལག་བཅང་གཉིས་འཁྱུད་འདོད་ཆགས་མེད། །ཆོག་ཤེས་སྲེད་བྲལ་རྟག་ཏུ་ཆོས་ལ་ཉན། །སྒྲིབ་གཉིས་བྲལ་ནས་སྐྱེ་བ་གཅིག་གིས་ཐོགས། །མཆོད་པའི་ལྷ་མོས་ཡིད་འོང་བཀྲ་ཤིས་བརྗོད། །གཞལ་ཡས་ཁང་མཛེས་སྒོ་བཞི་རྟ་བབས་ལྡན། །ཤེལ་དང་གསེར་དང་མརྒད་ཨིནྟྲ་ནིལ། །བཀྲ་ཤིས་གདུགས་དུང་ཆོས་འཁོར་རྒྱལ་མཚན་མཛེས། །དེ་ལྟར་རང་བཞིན་ཕྱོགས་བཅུ་སྤྲུལ་བའི་ཞིང་། །རང་རང་སྟོན་པས་རང་རང་འཁོར་རྒྱུད་འདུལ། །མདུན་གྱི་ནམ་མཁར་མི་མཇེད་བརྩེགས་པ་ན། །འཇིགས་པའི་ཁྲོ་གནས་དུར་ཁྲོད་མེ་རི་འབར། །འཇིགས་པའི་སྒྲ་དང་ཁྲོ་གཟུགས་ཨ་ལ་ལ། །དེ་ཉིད་མཐོང་བ་ཙམ་གྱིས་དེར་གྲོལ་འགྱུར། །སྐལ་ལྡན་སྟོབས་མེད་སྙིང་པོའི་དོན་འཛིན་པ། །དེར་ནི་དབུགས་ཕྱུངས་སྐྱེ་བ་གཅིག་གིས་ཏེ། །ལྔ་བརྒྱ་དག་ནས་ངེས་པའི་སར་གྲོལ་ལོ། །ཞེས་གསུངས་སོ། །དེ་ལའང་ད་ལྟ་ནས་ཆོས་དང་བླ་མ་ལ་རྒྱུན་དུ་དད་གུས་དང་། ཉིན་པར་ཁྲེགས་ཆོད་དང་ཐོད་རྒལ་གྱིས་ཉམས་ལེན་དང་། མཚན་མོ་གཉིད་དུ་འགྲོ་ཁར་ད་ང་འཆི་བ་ཡིན་པས་ཐིམ་རིམ་ངོ་ཤེས་པར་བྱས་ཏེ་རང་བཞིན་སྤྲུལ་པའི་ཞིང་དུ་འགྲོའོ་སྙམ་པའི་འདུན་པ་དྲག་པོ་དང་བཅས་ཏེ་སྤྲུལ་པའི་ཞིང་གི་ཡོན་ཏན་བཀོད་པ་ལ་ལྟ་བའི་ངང་ནས་ཉལ་བ་དང་། ཐུན་བར་རྣམས་སུ་རྣམ་ཤེས་རླུང་ཞོན་གྱི་གདམས་པ་ལ་རྩལ་འབྱོངས་བར་བྱ་བ་ནི་གནད་དམ་པ་ཡིན་ནོ། །དེ་དག་ནི་དབང་པོ་ཐ་མའི་གྲོལ་ཚུལ་ཏེ། དེས་ལམ་ཟབ་མོ་ཉམས་སུ་ལེན་པའི་ཚུལ་བར་དུ་དགེ་བའི་ཁྲིད་ཀྱི་རིམ་པ་རྣམས་ལེགས་པར་བསྟན་ཟིན་ཏོ། །

ཐ་མར་དགེ་བའི་དོན་ཁྲིད།

ཡོན་ཏན་བསྟན་པ།

ཆེ་བ་བརྗོད་པ།

སྤྱི་སྡོམ་གསུམ་པ་ཐ་མར་དགེ་བའི་དོན་ཁྲིད་ལ། ཡོན་ཏན་བསྟན་པ། བཀའ་རྒྱས་བཏབ་པ། སྨོན་ལམ་གྱིས་མཇུག་བསྡུ་བ་སྟེ་གསུམ། དང་པོ་ཟབ་གསང་རྫོགས་པ་ཆེན་པོའི་མྱུར་ལམ་བླ་ན་མེད་པ་འདི་ལ་ཞུགས་པའི་ཡོན་ཏན་བསྟན་པ་ལ། ཆེ་བ་བརྗོད་པ། འཕགས་ཆོས་བརྗོད་པ། ཁྱད་འཕགས་བརྗོད་པ། འབྲེལ་ཚད་དོན་ལྡན་དུ་བརྗོད་པའོ། །དང་པོ་མྱུར་ལམ་འདི་ཉིད་ཀྱི་ཆེ་བ་བརྗོད་པ་ནི། བསྐྱེད་རྫོགས་ཐབས་ལམ་མང་པོ་གང་ལས་གང་ཟབ་བརྟགས་ཏེ་དཀའ་བ་མང་པོས་རྩོལ་སྒྲུབ་བླང་དོར་བྱས་པའི་བསམ་བསྒོམ་ལ་མི་ལྟོས་པར། རིག་གདངས་འོད་གསལ་མངོན་སུམ་དུ་སྣང་བ་ལ་མ་ཡེངས་མི་བསྒོམ་པར་བལྟས་པ་ཁོ་ནས་ཆོག་ངེས་པ། ལུས་རྟེན་འདི་ཉིད་ནས་ལྷག་མེད་མངོན་སངས་རྒྱས་པའི་མྱུར་ལམ་ཟབ་མོ་གསང་བ་ལས་ཀྱང་ཆེས་གསང་མཆོག་བླ་ན་མེད་པ། ཐེག་མཆོག་རྫོགས་པ་ཆེན་པོ་མན་ངག་སྡེ་པའི་ཁྱད་ནོར། སྐུ་གསུམ་གྱི་དགོངས་མཛོད་བསམ་གྱིས་མི་ཁྱབ་པའི་སྙིང་པོའི་ཡང་བཅུད་འདི་ལ་ཐེག་པ་ཐམས་ཅད་ཀྱི་དོན་འདུས་ཤིང་འདི་བས་ལྷག་པའམ་འདི་དང་མཚུངས་པ་གཞན་མེད་ཅིང་མི་དགོས་ཏེ། ཀུན་བཟང་དགོངས་ཉམས་ལས། ང་ཡི་རང་བཞིན་རྫོགས་པ་ཆེན་པོ་ལ། །འཁོར་འདས་ཆོས་རྣམས་སྤང་ཐོབ་བྲལ་པར་རྫོགས། །མན་ངག་གནད་རྣམས་རང་གྲོལ་ཆེན་པོར་རྫོགས། །ལྟ་བའི་གནད་རྣམས་རྟག་ཆད་མེད་པར་རྫོགས། །སྒོམ་པའི་ལམ་རྣམས་འབད་རྩོལ་མེད་པར་རྫོགས། །སྤྱོད་པའི་ཆོས་རྣམས་གནང་བཀག་མེད་པར་རྫོགས། །འབྲས་བུའི་ངོ་བོ་ཡིད་སྨོན་བྲལ་བར་རྫོགས། །རྫོགས་ཤེས་བྱ་བའང་བློ་བཏགས་ཙམ་དུ་ཟད། །ཅེས་དང་། རིག་པ་ངོ་སྤྲོད་གཅེར་མཐོང་རང་གྲོལ་ལས། དུས་གསུམ་རྒྱལ་བའི་ཆོས་སྒོ་བརྒྱད་ཁྲི་དང་༔ བཞི་སྟོང་ལ་སོགས་བསམ་གྱིས་མི་ཁྱབ་པ༔ གསུངས་པ་ཐམས་ཅད་འདི་ཉིད་རྟོགས་ཕྱིར་ལས༔ གཞན་དུ་ཅི་ཡང་རྒྱལ་བས་གསུངས་པ་མེད༔ གསུང་རབ་ནམ་མཁའི་མཐའ་མཉམ་དཔག་མེད་ཀྱང་༔ དོན་ལ་རིག་པ་ངོ་སྤྲོད་ཚིག་གསུམ་པོ༔ རྒྱལ་བའི་དགོངས་པ་མངོན་སུམ་ངོ་སྤྲོད་འདི༔ སྦ་ཕྲི་མེད་པར་མཛུབ་བཙུག་འདི་ཀ་ཡིན༔ ཞེས་དང་། དུས་བརྟགས་པ་ལས། ཨེ་མ་གསང་སྔགས་སྙིང་པོ་མཐར་ཐུག་ཆོས། །ཐེག་པ་རིམ་དགུའི་ཉམས་ལེན་དོན་རྫོགས་འདི། །ཀུན་ལས་ཁྱད་འཕགས་ཨེ་མ་ངོ་མཚར་ཆེ། །བོད་ཡུལ་ཀུན་ཏུ་གཏེར་ཕྲན་བྱེ་བ་སྦས། །གཏེར་ཆེན་བརྒྱ་དང་ཉེར་བརྒྱད་སར་སྦས་ཀྱང་། །གདམས་པའི་མཐར་ཐུག་འདི་ལྷག་སྦས་རེ་ཀན། །ཞེས་གསུངས་པ་ལྟར་རོ།།

འཕགས་ཆོས་བརྗོད་པ།

གཉིས་པ་གདམས་པ་གཞན་ལས་འཕགས་པའི་ཆོས་འདིའོ་ཞེས་བརྗོད་པ་ནི། མན་ངག་འདི་དང་ཕྲད་པར་གྱུར་ན་སྔོན་ཆད་མཚམས་མེད་ལྔ་ལ་སྤྱད་པ་ཞིག་ཡིན་ཀྱང་ན་རཀ་ཆེན་པོར་མི་ལྟུང་ཞིང་། ངན་སོང་གཞན་རྣམས་སུ་སྡུག་བསྔལ་བ་ཙམ་ཡང་མྱོང་མི་དགོས་པའི་སྟེང་དུ། ལས་བཟང་ངན་མེད་པར་དབང་པོ་དང་བརྩོན་འགྲུས་རབ་རྣམས་ཚེ་འདིར་ལྷག་མེད་དུ་འཚང་རྒྱ་ཞིང་། འབྲིང་བར་དོར་གྲོལ། ཐ་མ་རྣམས་ཀྱང་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་འབྱིན་ནུས་པ་ནི་གདམས་པ་འདི་ཁོ་ནའི་འཕགས་ཆོས་རྨད་པོ་ཆེ་ཡིན་ཏེ། འབྲས་བུ་ཡོངས་རྫོགས་ཆེན་པོའི་རྒྱུད་ལས། ད་ལྟ་མཚམས་མེད་ལྔ་སྤྱད་ཀྱང་། །འདི་འཕྲད་ངན་སོང་ལྟུང་མི་སྲིད། །འདི་རིག་གཡོ་མེད་སྐྱེས་བུ་དེ། །བསྒོམ་མི་དགོས་ཏེ་མཐོང་གྲོལ་འགྱུར། །ཞེས་དང་། དོང་སྤྲུག་གི་རྒྱུད་རྣམས་སུ། ཉམས་ཆག་ཀུན་ཀྱང་བྱང་འགྱུར་ཞིང་། །མཚམས་མེད་ལྔ་ལ་སྨོས་ཅི་དགོས། །ན་རག་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་དང་། དོན་གསལ་མེ་ལོང་ལས། མངོན་སུམ་གནད་འདི་སུས་མཐོང་བ། །ཆོས་ཉིད་བར་དོར་སངས་རྒྱའོ། །ཅིའི་ཕྱིར་འདི་ནི་ཡེ་ཤེས་དངོས། །མཐོང་བས་ཤེས་གྲོལ་དུས་མཉམ་འགྱུར། །ཞེས་དང་། མན་ངག་མཁའ་འགྲོ་སྙིང་ཐིག་ལས། མངོན་སུམ་སྙིང་ཐིག་སྤྱོད་པའི་སྐྱེས་བུ་དེ་ནི། །དབང་པོ་རབ་ལྷག་མེད་དུ་སངས་རྒྱ། །འབྲིང་བར་དོ་མེད་པར་སངས་རྒྱ། །ཐ་མ་ཡང་ཆོས་ཉིད་བར་དོ་དེ་ལ་ངོ་ཤེས་སངས་མི་རྒྱ་མི་སྲིད་དོ། །ཡང་མཐའ་ངོ་སྤྲོད་ཐོབ་སྟེ། བདེན་པ་མཐོང་བའི་གནད་ཀྱིས་སྤྲུལ་པའི་ཞིང་ཁམས་སུ་བར་དོ་མེད་པར་སངས་རྒྱ་ངེས་སོ། །ཞེས་ཀུན་ཏུ་བཟང་པོས་གསུངས་སོ། །ཞེས་སོ། །

ཁྱད་འཕགས་བརྗོད་པ།

གསུམ་པ་ལམ་གཞན་ལས་ཁྱད་པར་དུ་འཕགས་པ་བརྗོད་པ་ནི། མྱུར་ལམ་ཟབ་མོ་འདི་ཉིད་མ་རྟོགས་པའི་ལམ་གཞན་རྣམས་ཀྱིས་དེ་ལྟ་བུའི་སྡིག་པོ་ཆེ་རྣམས་ཚེ་ལུས་དེ་ཉིད་ལ་མཐར་ཐུག་ཏུ་གྲོལ་བར་དཀའ་བས་དེའི་ཕྱིར་ལམ་ཟབ་མོ་ཀུན་ལས་ཀྱང་འདི་ཁོ་ན་ཁྱད་པར་དུ་འཕགས་པ་ཡིན་ཏེ། དོན་གསལ་ལས། གནད་འདི་མ་རྟོགས་དགེ་བ་བཅུ། །སྤྱད་ཀྱང་འཁོར་བ་ལས་མི་གྲོལ། །ཞེས་དང་། འདི་མེད་གང་ཟག་གཞན་སྤྱོད་པ། །བསྐལ་པར་ཉན་བསམ་བསྒོམས་བསྒྲུབ་ཀྱང་། །བསྐལ་བར་སངས་རྒྱས་རེ་བ་མེད། །ཅིའི་ཕྱིར་མངོན་སུམ་གནད་མ་རྟོགས། །ཐེག་གསུམ་རིམ་དགུའི་ཆོས་རྣམས་ཀྱིས། །འདི་ཉིད་དོན་ལ་རེག་པ་མེད། །འདི་ནི་ཀུན་ལས་ཁྱད་པར་འཕགས། །གཞི་ལ་ཤེས་རབ་ལྷུན་གྲུབ་ཀྱི། །ཐབས་ཀྱིས་མངོན་སུམ་སྐད་ཅིག་ལ། །མཐོང་སྟེ་གྲོལ་འགྱུར་ཐེ་ཚོམ་མེད། །ཅེས་སོ། །

འབྲེལ་ཚད་དོན་ལྡན་དུ་བརྗོད་པ།

བཞི་པ་མྱུར་ལམ་འདི་ཉིད་འབྲེལ་ཚད་དོན་ལྡན་ཆེན་པོར་བརྗོད་པ་ནི། འདོད་འབྱུང་དབང་གི་རྒྱལ་པོ་ལྟ་བུའི་མན་ངག་རིན་པོ་ཆེ་འདི་དང་འཕྲད་ཙམ་ཉིད་ནས་དོན་ཆེན་པོ་དང་ལྡན་པ་ཡིན་ལ། ཁྱད་པར་སྔོན་གྱི་ལས་དང་སྨོན་ལམ་བཟང་པོ་ཡོད་པའི་ལས་འཕྲོ་སད་པའམ། ཡང་ན་ད་ལྟ་དབང་པོ་དང་བརྩོན་འགྲུས་རབ་དང་ལྡན་པར་གྱུར་ནས། ཇི་ལྟར་བསྟན་པའི་གནད་དོན་མཐའ་དག་ཉམས་སུ་ལོངས་ཤིང་། མཐར་ཕྱིན་པ་ན་དུས་ཡུན་རིང་པོར་འགྱང་མི་དགོས་པར་ལོ་དྲུག་ཁོ་ནས་ཕུང་པོ་ལྷག་མེད་ཉིད་དུ་སངས་རྒྱས་པར་འགྱུར་བ་ལ་ཐེ་ཚོམ་མེད་པ་ཡང་། སྙིང་ཐིག་གི་སྣོད་དུས་བརྟགས་པ་ལས། ཡང་གསང་སྙིང་ཐིག་འདི་ལ་སུས་སྤྱོད་པ། །སྔོན་དུས་ལས་ཅན་སྐྱེས་བུ་མིན་རེ་ཀན། །མངལ་དུ་མི་འཇུག་ཚེ་གཅིག་སངས་རྒྱས་ཡིན། །འདི་ཉིད་བྲིས་སམ་བཅིངས་པས་དངོས་གྲུབ་ཐོབ། །ལན་གཅིག་བཀའ་ཤོག་མཐོང་བ་ཐམས་ཅད་ཀྱང་། །ཨོ་རྒྱན་སྨོན་ལམ་མཐུ་ཡིས་ངན་སོང་ཁེགས། །དབང་ཐོབ་ཙམ་གྱིས་པདྨ་འོད་དུ་སྐྱེ། །ཉམས་སུ་བླངས་བས་འབྲས་ཐོབ་སྨོས་ཅི་དགོས། །འདི་ལ་སྤྱོད་ཚད་ཨོ་རྒྱན་ང་ཡི་སྲས། །སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ཡིན། །ཞེས་དང་། དོན་གསལ་ལས། འདི་དང་ཚིག་གི་འབྲེལ་བ་ཡང་། །སྐྱེ་བ་གསུམ་དུ་མི་ཐོགས་གྲོལ། །སྒྲ་ཙམ་རྣ་བར་ཐོས་པ་ཡང་། །ཐ་མལ་སྐྱེ་བ་འདིས་ཆོད་འགྱུར། །མངོན་སུམ་གནད་འདི་སུས་མཐོང་བ། །ཆོས་ཉིད་བར་དོར་སངས་རྒྱའོ། །ཞེས་དང་། འདི་དང་བཏགས་གྲོལ་གཉིས་སྦྲེལ་ན། །ལོ་དྲུག་ནང་ནས་ལྷག་མེད་འགྲོ། །ཞེས་དང་། ལོ་སྟོང་སྡིག་པ་སྤྱད་པས་ཀྱང་། །འདི་ཉིད་ལོ་དྲུག་ཉམས་བླངས་ན། །ལྷག་མ་མེད་པར་སངས་རྒྱའོ། །ཅིའི་ཕྱིར་ངོ་བོ་ཅེར་མཐོང་ཡིན། །རིག་པ་ཡེ་ཤེས་ངོ་བོ་ལ། །སྡིག་པའི་སྐྱོན་གྱིས་གོས་པ་མེད། །དགེ་བ་སྤྱད་ཀྱང་ཕན་མ་བཏགས། །རིག་པ་དགེ་སྡིག་དོན་ལས་འདས། །ཞེས་གསུངས་པ་ལྟར་རོ། །

བཀའ་རྒྱས་བཏབ་པ།

སྣོད་ལྡན་ལ་སྤེལ་བར་གདམས་པ།

གཉིས་པ་རྩིས་ཆེ་བའི་བཀའ་རྒྱས་བཏབ་པ་ལ། སྣོད་ལྡན་ལ་སྤེལ་བར་གདམས་པ། སྣོད་མིན་ལ་གསང་རྒྱས་གདབ་པ། བཀའ་སྲུང་ལ་གཉེར་དུ་བཅོལ་བའོ། །དང་པོ་སྣོད་ལྡན་ལ་སྤེལ་བར་གདམས་པ་ནི། ཚེ་གཅིག་སངས་རྒྱས་འགྲུབ་པའི་མྱུར་ལམ་སྐུ་གསུམ་གྱི་དགོངས་པའི་གསང་མཛོད་མ་ལུས་པའི་སྙིང་པོ་བླ་ན་མེད་པའི་མན་ངག་ཟབ་མོ་འདི་ལས་ལྷག་པ་སྲིད་ན་དཀོན་མོད་དེ། འོན་ཀྱང་སྐལ་བ་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པས། མྱུར་ལམ་འདིར་འཇུག་འདོད་ཀྱི་སློབ་བུ་མོས་གུས་ཅན་བྱུང་ཞིང་ཉམས་སུ་ལེན་ངེས་ཀྱི་དམ་བཅའ་བྱེད་ནུས་ཚེ་དེ་ལ་མ་གསང་བར། སྨིན་བྱེད་ཀྱི་དབང་བསྐུར་བ་སྔོན་དུ་འགྲོ་བས། གྲོལ་བྱེད་ཀྱི་མན་ངག་འདི་ཉིད་བློ་དང་འཚམས་པར་སྟོན་པའམ། བསྐྱེད་རྫོགས་ཀྱི་ལམ་ཡོངས་རྫོགས་སྨིན་སློབ་དུ་འཁྲིད་པར་འདོད་ན། རིམ་པར་ཐུན་མོང་དང་། ཐུན་མིན་གྱི་སྔོན་འགྲོ་རྣམས་ཀྱིས་རྒྱུད་སྦྱངས་ནས། བུམ་དབང་བསྐུར་ཏེ་བསྐྱེད་རིམ། གསང་དབང་བསྐུར་ཏེ་གཏུམ་མོ། ཤེར་དབང་བསྐུར་ཏེ་ཐབས་ལམ། ཚིག་དབང་བསྐུར་ཏེ་ཁྲེགས་ཆོད་རྣམས་སྟོན། དེ་ནས་སྐལ་ལྡན་ཐུན་མོང་མ་ཡིན་པ་རྣམས་ལ་རིག་པའི་རྩལ་དབང་བསྐུར་ཏེ། འོད་གསལ་ཐོད་རྒལ་གྱི་ལམ་རྣམས་ཤིན་ཏུ་གསང་བའི་བཀའ་རྒྱ་དང་བཅས་ཏེ་སྤེལ་ཞིང་། དེས་གོ་ཡུལ་དང་ཤེས་བློ་ཙམ་ལ་ཡིད་བརྟོན་ཅིང་གློ་བ་དགའ་ཙམ་ལས། སྣང་ཉམས་གོང་དུ་འཕེལ་བ་སོགས་ཀྱི་ས་ཟིན་མེད་པས་གོང་སྨོས་ཀྱི་འབྲས་བུ་རྣམས་མི་འབྱུང་བས། སོས་དལ་དང་ཕྱིར་བཤོལ། སྙོམས་ལས་དང་རྣམ་གཡེང་སོགས་ཀྱི་དབང་དུ་མི་གཏོང་བར་དེ་རྣམས་མྱུར་དུ་སྤང་ནས། བློ་རྩེ་གཅིག་ཏུ་བག་ཡོད་པར་གནས་ཤིང་དྲན་པ་དང་ཤེས་བཞིན་བརྟེན་པ་གལ་ཆེ་བ་དང་། དེ་ལྟ་བུས་ཉམས་ལེན་ལ་གོམས་འདྲིས་གདངས་སུ་གྱུར་ནས་གཞན་ཕན་གྱི་ཕྲིན་ལས་རླབས་ཆེན་སྐྱོ་ངལ་མེད་པར་སྤྲོ་བ་དང་བཅས་ཏེ་སྒྲུབས་ཤིག་ཅེས་བཀའ་གཏད་ཅིང་། མཐའ་རྟེན་གྱི་དབང་གིས་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་རྒྱས་གདབ་པ་སྟེ། དེ་ཡང་དོན་གསལ་ལས། འདི་འདྲའི་གདམས་པ་རྒྱ་བོད་གཉིས་ན་མེད། །ཀུན་ལ་མ་བསྟན་རང་ཉིད་ཉམས་སུ་ལོངས། །གསུངས་པ་བཞིན་ནོ། །

སྣོད་མིན་ལ་གསང་རྒྱས་གདབ་པ།

གཉིས་པ་སྣོད་མིན་ལ་གསང་བར་གདམས་པ་ནི། ལམ་ཟབ་མོ་འདི་ཉིད་ཉམས་སུ་ལེན་པའི་ལས་དང་སྐལ་པ་མེད་ཅིང་གསང་སྔགས་རྡོ་རྗེ་ཐེག་པའི་སྣོད་དུ་མ་གྱུར་པ་རྣམས་ལ་བསྟན་ན་ལོག་ལྟ་དང་མ་དད་པ་སྐྱེ་བས་ངན་སོང་གི་རྒྱུ་བྱས་ནས། ན་རག་ཆེན་པོར་ལྟུང་བའི་ཉེན་འབྱུང་སྲིད་པས་དེ་ཕྱིར་རླུང་གི་ཕྱོགས་སུ་ཚིག་ཙམ་ཡང་བསྒྲགས་མི་རུང་ངོ་། །དེ་བས་ན་མི་འཆོལ་བ་གསང་བའི་རྒྱས་ཐོབ་ཅིག ཅེས་དམ་ཚིག་གི་རྒྱས་གདབ་པ་སྟེ། དེ་ཉིད་ལས། ཚིག་ཙམ་རླུང་གི་ཕྱོགས་སུ་ཟག་པ་ན། །ཚེ་ཡི་བར་ཆད་བྱེད་པར་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་རོ། །

བཀའ་སྲུང་ལ་གཉེར་དུ་བཅོལ་བ།

གསུམ་པ་བཀའ་སྲུང་རྣམས་ལ་གཉེར་དུ་བཅོལ་བ་ནི། ཟབ་གསང་རྫོགས་པ་ཆེན་པོའི་བཀའ་ཡི་བསྲུང་མ་ཡེ་ཤེས་དབྱིངས་ཀྱི་མགོན་པོ་ཕྱག་བཞི་པ་དང་། སྔགས་ཀྱི་བདག་མོ་ནམ་མཁའི་རལ་གཅིག་མ། དྲང་སྲོང་ཁྱབ་འཇུག་ཆེན་པོ། དམ་ཅན་རྡོ་རྗེ་ལེགས་པ་རྣམས་རང་རང་སོ་སོའི་འཁོར་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་མྱུར་ལམ་དགོངས་མཛོད་སྙིང་པོའི་མན་ངག་རྒྱུད་ཀྱི་བསྟན་པ་སྲིད་མཐའི་བར་དུ་མི་ཉམས་པར་བསྲུང་བ་དང་། རབ་འབྲིང་ཐ་མའི་གདུལ་བྱ་ཡོངས་ལ་སྤེལ་བ་དང་། ཉམས་སུ་ལེན་པའི་ཕྲིན་ལས་རླབས་པོ་ཆེ་དུས་ལས་མི་ཡོལ་བར་མཛོད་ཅིག ཅེས་བཀའ་སྲུང་རྣམས་ལ་མན་ངག་ཟབ་མོ་གཉེར་དུ་བཅོལ་ཞིང་གཏད་རྒྱས་བཏབ་པ་སྟེ། དེ་ཉིད་ལས། འདི་ཉིད་རང་གིས་ཉམས་སུ་ལོ ན་པ་དང་། །ཌཀྐི་ཉིད་ལ་གཏད་དེ་གཏེར་དུ་སྦོས། །ལས་ཅན་ཅིག་གི་དོན་དུ་སྨོན་ལམ་ཐོབ། །ཅེས་གསུངས་པ་དང་ཕྱོགས་མཐུན་ནོ། །

སྨོན་ལམ་གྱིས་མཇུག་བསྡུ་བ།

གསུམ་པ་སྨོན་ལམ་གྱིས་མཇུག་བསྡུ་བ་ནི། ཇི་སྲིད་འཁོར་བའི་སེམས་ཅན་མ་ལུས་པ་གཞི་ཀ་དག་ཆེན་པོ་རང་ཐོག་ཏུ་གྲོལ་ཞིང་སངས་རྒྱས་ནས། རིག་པ་སྐུ་གསུམ་ཡོངས་འདུས་ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་དུ་བཙན་ས་ཟིན་པ་དེ་སྲིད་ཀྱི་མ་འོངས་པའི་དུས་རྣམས་སུ་བདེ་གཤེགས་སྙིང་པོས་ཁྱབ་ཅིང་། བླ་མེད་རྡོ་རྗེའི་ཐེག་པ་ལ་ལས་བཟང་ངན་བར་མ་གསུམ་གྱི་འབྲེལ་བ་ཅན། སྐུ་གསུམ་གྱི་གདུལ་བྱ་མ་ལུས་ལུས་པ་མེད་པ་ཀུན། མན་ངག་རྫོགས་པ་ཆེན་པོའི་མྱུར་ལམ་འདི་དང་འཕྲད་ནས། ཐམས་ཅད་ཕུང་པོ་ལྷག་མེད་དུ་སངས་རྒྱས་པར་ཤོག་ཅིག ཅེས་ངེས་པར་སྨོན་པའི་ཚིག་གིས་མཐའ་བརྒྱན་པས་ལེགས་པར་གྲུབ་པའོ། །དེ་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པ། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཅི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་དང་། ཀློང་ཆེན་པས། དྲི་མེད་འོད་ཟེར་བདག་གིས་འདིར་བཀོད་པའི། །དགེ་བ་སྟོན་ཀའི་ཟླ་ལྟར་དཀར་བ་དེས། །འགྲོ་ཀུན་ཡིད་མཁའི་མུན་པ་ཀུན་བསལ་ནས། །ལྷུན་གྲུབ་ས་ལ་ཀུན་ཏུ་བཟང་པོར་ཤོག །ཉི་མ་ཟླ་བ་ལྷུན་པོ་རྒྱ་མཚོར་བཅས། །ས་ཆེན་གླིང་བཞི་འཇིག་རྟེན་གནས་ཀྱི་བར། །ཆོས་ཚུལ་འདི་ཡང་འགྲོ་བའི་དོན་བྱེད་ཅིང་། །བསྟན་པའི་རྒྱལ་མཚན་ཡུན་དུ་གནས་པར་ཤོག །ཅེས་གསུངས་པ་ལྟར། འགྲོ་བའི་དོན་རྨད་དུ་བྱུང་བ་རྒྱ་ཆེ་ཞིང་རྒྱུན་མི་ཆད་པ། ནམ་མཁའི་མཐའ་དང་མཉམ་པ་འབྱུང་བར་འགྱུར་བའི་དགོས་པ་ཆེན་པོ་ཡོད་པས་སོ། །

མཇུག་རྩོམ།

འདིར་སྨྲས་པ། རྫོགས་པ་ཆེན་པོའི་དོན་ཟབ་ནམ་མཁའི་མཐའ། །མཁས་དབང་ཁྱུང་ཆེན་འབུམ་གྱིས་ཚོལ་མིན་པ། །རྟོག་གེ་རྐང་དྲུག་འདབ་མ་བཞི་པ་ཡིས། །ཡོངས་སུ་འཚོལ་ཞིང་བསྐོར་འདོད་ངལ་བའི་རྒྱུ། །གྲུབ་མཆོག་བྱེ་བའི་དགོངས་བཟང་ཆོས་སྐུའི་མཁར། །ལེགས་བཤད་ནམ་མཁའི་ནོར་བུ་འབུམ་བརྡལ་བཞིན། །མ་རྟོགས་ལོག་རྟོག་ཕྱོགས་རྟོགས་མེ་ཁྱེར་གྱིས། །འོད་འབྱིན་མི་ནུས་བསིལ་གྲིབ་བརྟེན་བྱར་འོས། །དེ་ལྟ་ན་ཡང་ལས་སྐལ་བསོད་ནམས་ཅན། །མཆིས་རྣམས་བླ་ན་མེད་པའི་ཐབས་སྤྱོད་ལ། །འཇུག་པ་སྨོས་ཅི་ཐེ་ཚོམ་ཙམ་གྱིས་ཀྱང་། །མཐའ་མེད་སྲིད་པ་ཧྲུལ་པོར་བྱེད་ནུས་གསུངས། །གཏོང་བ་གཞན་ལས་ཆོས་ཀྱི་སྦྱིན་པ་དང་། །ཕར་ཕྱིན་དྲུག་ལས་ཤེས་རབ་ཕ་རོལ་ཕྱིན། །བསོད་ནམས་ཚོགས་ཆེན་ལས་ཀྱང་ཡེ་ཤེས་ཚོགས། །མཆོག་ཅེས་ཐམས་ཅད་མཁྱེན་དེ ས་ཡང་ཡང་བསྔགས། །དེ་ཕྱིར་རིགས་མཐུན་ཞིང་སར་ཕན་འདོད་བློས། །ཐེག་མཆོག་དགོངས་ཟབ་ཆུ་གཏེར་ལས་འོང་བའི། །བརྒྱུད་གསུམ་བླ་མའི་ཞལ་ཆབ་བདུད་རྩིའི་རྒྱུན། །རྣམ་དཔྱོད་ཡུར་བར་དྲངས་ལ་འགལ་མེད་སྙམ། །འཁྲུལ་མེད་རྒྱལ་བའི་དགོངས་བཟང་མ་ལོན་ཅིང་། །ཡང་དག་གནས་ལུགས་ཇི་བཞིན་མ་རྟོགས་པས། །མ་མཐོང་རྒྱང་གཏམ་སྨྲས་འདྲའི་ཉེས་མཆིས་ན། །སྐུ་གསུམ་ཡོངས་འདུས་བླ་མས་དག་ཚངས་སྩོལ། །ཚུལ་འདིར་རྣམ་དཀར་ཆུ་འཛིན་འབྱུང་སྲིད་ན། །དུས་གསུམ་ལེགས་བྱས་སྤྲིན་དང་ཆབ་གཅིག་ཏུ། །སྐུ་གསུམ་བླ་མའི་ཐུགས་རྗེའི་དབྱིངས་ཀློང་ཆེར། །འཁོར་གསུམ་དམིགས་བྲལ་ཆེན་པོར་ཡོངས་སུ་བསྡོམ། །དེས་བསྐྱེད་ལྷ་ལམ་འགེང་བའི་མཚམས་སྤྲིན་ལས། །འཇོ་བའི་དཔལ་ཡོན་བདུད་རྩིའི་ཟིལ་དངར་གྱིས། །རིགས་ཅན་གསུམ་གྱི་གདུལ་བྱའི་འཛིན་མ་ལས། །སྐལ་བཟང་ལོ་འབྲས་འདོད་དགུ་རྟག་གཡུར་ཤོག །བདག་ཀྱང་འགྲོ་ཀུན་སྐུ་གསུམ་མངོན་འགྱུར་བར། །སྐུ་གསུམ་ཡོངས་འདུས་བླ་མས་རྗེས་བཟུང་ནས། །སྐུ་གསུམ་དགོངས་མཛོད་མན་ངག་དགའ་སྟོན་གྱིས། །སྲིད་གསུམ་སྐྱེ་དགུའི་རེ་འདོད་སྐོང་ནུས་ཤོག །ཅེས་མྱུར་ལམ་དགོངས་མཛོད་སྙིང་པོའི་དམར་ཁྲིད་སྐུ་གསུམ་དགོངས་མཛོད་རབ་ཏུ་སྣང་བའི་ཉི་མ་གཞོན་ནུ་དོན་ཟབ་འོད་སྟོང་ཕྱོགས་བརྒྱར་བརྡལ་བ་ཞེས་བྱ་བ་འདི་ཡང་། ལུང་ཟིན་རྩ་བའི་ཆོས་བདག་པདྨ་ཨ་ཡཱུརྡ་མའི་མཚན་ཅན་ནས་དོན་གཉེར་ཆེན་པོས་བསྐུལ་ངོར། སྐུ་གསུམ་ཡོངས་འདུས་རྒྱལ་བའི་དབང་པོའི་ཐུགས་རྗེས་རྗེས་སུ་བཟུང་བས་དག་སྣང་གི་ཆོས་ལ་ཅུང་ཟད་དབང་བར་མོས་པ་གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོས་ཀུན་མཁྱེན་ཀློང་ཆེན་པས་མཛད་པའི་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་དང་། རིག་འཛིན་འགྱུར་མེད་རྡོ་རྗེའི་ཟབ་ལམ་གསལ་བྱེད་དང་། ཨ་ཏི་ཟབ་དོན་སྙིང་པོ། ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱི་ཡེ་ཤེས་བླ་མ་རྣམས་དང་མཐུན་པར་རང་ནུས་དང་བསྟུན་ནས་བྲིས་པ་སྟེ། འདིའི་དགེ་བས་འགྲོ་ཀུན་སྐུ་གསུམ་ཡོངས་འདུས་མ་ཧཱ་གུ་རུའི་གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག་གུ། དགེའོ། །དགེའོ། །དགེའོ། །