བསྐང་བཤགས་སྐུ་གསུམ་དགྱེས་པའི་རོལ་མོ།

དམ་ཆོས་སྐུ་གསུམ་དགོངས་པའི་གསང་མཛོད་ལས། །བསྐང་བཤགས་སྐུ་གསུམ་དགྱེས་པའི་རོལ་མོ་བཞུགས།

སྐུ་གསུམ་ཡོངས་རྫོགས་འདུས་པའི་ལྷ་ལ་འདུད། །མ་འོངས་སྙིགས་མའི་དུས་ཀྱི་གདུལ་བྱ་རྣམས། །ཚེ་ཐུང་ནད་མང་བསོད་ནམས་ལོངས་སྤྱོད་འགྲིབ། །བསྒྲུབ་བརྩོན་ཡུན་ཐུང་མཆོད་སྦྱིན་སྤྲོས་པ་ཆུང་། །དེ་ཚེ་བྱ་སླ་ཚེགས་མེད་བསྐང་བའི་ཐབས། །སྐུ་གསུམ་ལྷ་ཚོགས་དགྱེས་པའི་རོལ་མོ་བསྟན། །དམ་རྫས་གཏོར་ཆེན་རྒྱན་དང་ལྡན་པ་ལ། །སྨན་རཀ་ཉེར་སྤྱོད་ཚོགས་ཀྱིས་མཛེས་པར་བཤམས། །སྐུ་གསུམ་འདུས་པའི་བསྙེན་བསྒྲུབ་ལས་གཞུང་བསྲངས། །སྐབས་སུ་ཚོགས་ཀྱི་དགའ་སྟོན་དང་འབྲེལ་བར། །བསྐང་དང་བཤགས་པའི་ཐབས་མཆོག་འདིར་བརྩོན་བྱ། །བསྐང་རྫས་ནམ་མཁའི་དབྱིངས་མཛོད་སྔགས་རྒྱས་སྤེལ། །སྤོས་དུད་རོལ་མོ་སྙན་པའི་དབྱངས་དང་བཅས། །ཨོཾ། ཕྱོགས་བཅུའི་བདེར་གཤེགས་ཞིང་རྣམས་མཐའ་ཡས་དང་། །མི་མཇེད་གཞི་སྙིང་མེ་ཏོག་བརྒྱན་པའི་ཞིང་། །རྣམ་པར་མཛེས་བྱེད་སྲིད་ཞིའི་དཔལ་ཡོན་ཚོགས། །ལྷ་ཀླུ་མི་ཡི་ལོངས་སྤྱོད་མཆོད་པའི་སྤྲིན། །ཚངས་པ་རྔ་སྒྲའི་བསྐལ་པ་རྒྱ་མཚོའི་བར། །འབྱུང་ཞིང་རབ་ཏུ་རྒྱས་པ་ནམ་མཁའི་མཛོད། །དབང་བསྒྱུར་ཚངས་ཆེན་རབ་འབྱམས་གྲངས་མེད་ཀྱིས། །སྐུ་གསུམ་བདེ་གཤེགས་ཡོངས་འདུས་སངས་རྒྱས་དཔལ། །འོད་གསལ་རྡོ་རྗེ་སྙིང་པོའི་དཀྱིལ་འཁོར་ལ། །བློ་ཡིས་བླངས་ཏེ་བསམ་གཏན་སྟོབས་ཀྱིས་འབུལ། །ཐུགས་རྗེས་དགོངས་ལ་ཕྲིན་ལས་སྟོབས་ཀྱིས་བཞེས། །སྐུ་གསུང་ཐུགས་ཀྱི་དགྱེས་པ་སྐོངས་གྱུར་ཅིག །ཨཱཿ དབྱིངས་ནས་རང་བྱུང་ཡེ་ཤེས་སྒྱུ་མའི་འཕྲུལ། །ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན། །ཅིར་ཡང་འཆར་བ་ཀུན་བཟང་མཆོད་པའི་སྤྲིན། །དཔག་ཡས་ནམ་མཁའི་ཁྱོན་དང་མཉམ་པ་འདིས། །དགོངས་པ་བརྡ་དང་སྙན་ནས་བརྒྱུད་པ་ཡི། །རྩ་རྒྱུད་རིག་འཛིན་བླ་མའི་ཐུགས་དམ་བསྐང་། །ཀུན་འབྱུང་དཀའ་ཐུབ་དབང་བསྒྱུར་ཐེག་རིམ་དགུའི། །ཡི་དམ་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །དགའ་བཞིའི་འབྱུང་གནས་ཞིང་སྔགས་ལྷན་སྐྱེས་ཀྱི། །མ་སྲིང་ཊཱཀྐི་རྒྱ་མཚོའི་ཐུགས་དམ་བསྐང་། །ལས་ཀུན་ཐོགས་མེད་བསྟན་པའི་བྱ་ར་བ། །ཆོས་སྐྱོང་བཀའ་གཏེར་བསྲུང་མའི་ཐུགས་དམ་བསྐང་། །འདོད་རྒུའི་རེ་སྨོན་མཐའ་དག་ཡིད་བཞིན་སྐོངས། །དམ་ཅན་ནོར་ལྷ་གཏེར་བདག་ཐུགས་དམ་བསྐང་། །སྒྲུབ་བརྩོན་ཡོངས་ལ་འགོ་ཞིང་གྲོགས་བྱེད་པའི། །དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་ཐུགས་དམ་བསྐང་། །ཁྱད་པར་སྐུ་གསུམ་ཡོངས་རྫོགས་འདུས་པའི་དཔལ། །གུ་རུ་རྒྱལ་བའི་དབང་པོའི་ཐུགས་དམ་བསྐང་། །ངེས་གསང་རྡོ་རྗེ་སྙིང་པོའི་དགོངས་མཛོད་འཛིན། །མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་། །སྐུ་གསུམ་རྒྱལ་བའི་དགྱེས་སྐོང་ཕྱག་རྒྱའི་གར། །ཐུགས་བྱོན་ཊཱཀྐི་བཞི་ཡི་ཐུགས་དམ་བསྐང་། །སྐུ་གསུམ་ཡོངས་འདུས་བདེ་གཤེགས་སྒྱུ་འཕྲུལ་གར། །མཁས་གྲུབ་རིག་འཛིན་བླ་མའི་ཐུགས་དམ་བསྐང་། །བསླབ་གསུམ་མཛོད་འཛིན་རྒྱལ་བསྟན་མཛེས་པའི་རྒྱན། །མཁན་ཆེན་བྱང་ཆུབ་སེམས་དཔའི་ཐུགས་དམ་བསྐང་། །གངས་ཅན་བསྟན་པའི་མངའ་བདག་ཁྲི་སྲོང་རྗེ། །ཚངས་པ་ལྷ་ཡི་མེ་ཏོག་ཐུགས་དམ་བསྐང་། །ལས་སྨོན་དུས་བབས་འབངས་རིགས་འཕྲིན་ལོན་པ། །ཡར་ལུང་སྦ་མི་ཁྲི་གཞེར་ཐུགས་དམ་བསྐང་། །གང་ལ་གང་འདུལ་ཐུགས་རྗེའི་སྒྱུ་འཕྲུལ་གར། །མ་ཧཱ་གུ་རུ་མཚན་བརྒྱད་ཐུགས་དམ་བསྐང་། །ཡེ་ཤེས་དབྱིངས་ནས་རྒྱལ་ཀུན་བསྐྱེད་མཛད་མ། །ཕྱག་རྒྱའི་ལྷ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །དུར་ཁྲོད་བརྒྱད་དུ་བླ་མེད་དངོས་གྲུབ་བརྙེས། །འཕགས་ཡུལ་རིག་འཛིན་བརྒྱད་ཀྱི་ཐུགས་དམ་བསྐང་། །སོ་སོའི་བཀའ་བབས་ལྷ་དང་གཉིས་མེད་གྲུབ། །བོད་ཀྱི་གྲུབ་ཆེན་མི་བརྒྱད་ཐུགས་དམ་བསྐང་། །ཐུགས་བསྐྱེད་རྣམ་དག་རྨད་བྱུང་ཕྲིན་ལས་ཅན། །མཁས་གྲུབ་ལོ་པཎ་ཚོགས་ཀྱི་ཐུགས་དམ་བསྐང་། །རྒྱལ་བསྟན་སྣང་བྱེད་ཐར་ལམ་དེད་དཔོན་མཆོག །འཕགས་བོད་ཤིང་རྟ་ཆེ་དགུའི་ཐུགས་དམ་བསྐང་། །འགྲོ་དོན་མཐའ་ཡས་རྒྱལ་བའི་མཛད་པ་ཅན། །རིག་འཛིན་སློབ་དཔོན་ཡོངས་ཀྱི་ཐུགས་དམ་བསྐང་། །ཟབ་ཆོས་བཀའ་བབས་འབྲེལ་ཚད་དོན་ལྡན་པའི། །གཏེར་སྟོན་ཆོས་བདག་རྣམས་ཀྱི་ཐུགས་དམ་བསྐང་། །འགྲོ་དྲུག་སྒྲིབ་སྦྱོང་ཐར་ལམ་འདྲེན་པའི་གཙོ། །བཅོམ་ལྡན་ཐུབ་པ་དྲུག་གི་ཐུགས་དམ་བསྐང་། །སྦྱངས་བགྲོད་མཐར་ཕྱིན་དོན་གཉིས་ལྷུན་གྱིས་གྲུབ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐུགས་དམ་བསྐང་། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀུན་གྱི་གཏེར། །རྩ་གསུམ་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །བར་ཆད་ཀུན་སེལ་ལས་བཞི་འབད་མེད་སྒྲུབ། །སྒོ་སྐྱོང་གིང་ཆེན་སྟངས་དཔྱལ་ཐུགས་དམ་བསྐང་། །ངེས་པ་ལྔ་ལྡན་རིགས་ལྔའི་ལོངས་སྤྱོད་རྫོགས། །བདེ་གཤེགས་ཐོད་ཕྲེང་རིགས་ལྔའི་ཐུགས་དམ་བསྐང་། །དབྱིངས་ལྔའི་ཀློང་ནས་རང་ཤར་རྒྱལ་བའི་ཡུམ། །དབྱིངས་ཕྱུག་མཁའ་འགྲོ་སྡེ་ལྔའི་ཐུགས་དམ་བསྐང་། །དབྱིངས་རིག་སྟོང་གསལ་ཡེ་ཤེས་ལྔ་ཡི་བདག །རིགས་ལྔ་འཁོར་གྱི་ཚོམ་བུའི་ཐུགས་དམ་བསྐང་། །དང་པོའི་སངས་རྒྱས་ཀུན་བཟང་འོད་མི་འགྱུར། །ཀུན་གཟིགས་སྣང་བ་མཐའ་ཡས་ཐུགས་དམ་བསྐང་། །ཐུགས་རྗེའི་རོལ་པ་མི་སྡུག་སྲིན་པོའི་གར། །ཆེ་མཆོག་དབང་དྲག་པདྨའི་ཐུགས་དམ་བསྐང་། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས་པའི་དཔལ། །དྲག་པོ་ཐོད་ཕྲེང་རིགས་ལྔའི་ཐུགས་དམ་བསྐང་། །བདེ་སྟོང་ཡེ་ཤེས་བསྐྱེད་མཛད་མཁའ་སྤྱོད་ཡུམ། །རྣལ་འབྱོར་ཁྲོས་མ་ལྷ་ལྔའི་ཐུགས་དམ་བསྐང་། །ཐུགས་རྗེ་ཐབས་ཀྱིས་སྦྱོར་སྒྲོལ་མཛད་པའི་ཡུམ། །ཊཱཀྐི་ཕག་སེང་གདོང་ཅན་ཐུགས་དམ་བསྐང་། །ཡེ་ཤེས་གཅིག་ཉིད་དཔལ་ཆེན་གཙོ་དགུའི་གར། །བདུན་བརྒྱ་ཉེར་ལྔའི་ཚོགས་བཅས་ཐུགས་དམ་བསྐང་། །གང་ལ་གང་འདུལ་འགྲོ་དོན་སྐུར་སྤྲུལ་པ། །རཀྴ་ཐོད་ཕྲེང་འཁོར་བཅས་ཐུགས་དམ་བསྐང་། །མདོར་ན་རྔ་ཡབ་དཔལ་གྱི་རི་བོ་ལ། །བརྟེན་པའི་ལྷ་ཚོགས་མ་ལུས་ཐུགས་དམ་བསྐང་། །བསྐང་ངོ་འདོད་ཡོན་ལོངས་སྤྱོད་ཚོགས་ཀྱིས་བསྐང་། །སྣ་ཚོགས་སྣང་བ་ཡབ་ཀྱི་རང་བཞིན་བསྐང་། །མ་སྐྱེས་སྟོང་པ་ཡུམ་གྱི་ངོ་བོར་བསྐང་། །གཉིས་མེད་རོལ་བ་ཐུགས་རྗེ་ཆེན་པོར་བསྐང་། །བསྐང་དུ་མེད་དེ་གཉིས་མེད་ཆེན་པོར་བསྐང་། །སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར། །སྒྲོལ་དུ་མེད་དེ་མཉམ་ཉིད་ཆེན་པོར་སྒྲོལ། །ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་། ། ཧཱུྃཿ སྐུ་གསུམ་ཡོངས་འདུས་རྒྱལ་བ་འཁོར་བཅས་རྣམས། །ཐུགས་རྗེས་དགོངས་ལ་བདག་རྒྱུད་བྱིན་གྱིས་རློབས། །འཁོར་འདས་གཉིས་བསྡུས་འཁྲུལ་གྲོལ་ཆོས་སོ་ཅོག །ཡེ་ནས་རྣམ་དག་སྒྱུ་མའི་རང་བཞིན་ཡང་། །མ་རིག་དབང་གིས་སྣ་ཚོགས་སོ་སོར་བཟུང་། །གཉིས་མེད་མཉམ་པ་ཆེན་པོར་བཟོད་པར་གསོལ། །ཡེ་གཞི་ཀ་དག་སྟོང་ཞིང་བློ་འདས་ཀྱང་། །གཞི་སྣང་ལྷུན་གྲུབ་སྒོ་བརྒྱད་ཕྱིར་གསལ་བ། །རང་ངོ་མ་ཤེས་ཚོགས་དྲུག་རིམ་པ་བཞིན། །སྐྱོན་དུ་གྱུར་ནས་གཞི་ཐོག་འཁྲུལ་བ་བཤགས། །དེ་ཚེ་མ་རིག་རྣམ་གསུམ་རྒྱུ་རྐྱེན་ལས། །འཁོར་འདས་བར་ལག་གྱེས་ཤིང་བརྟན་གཡོ་གྲུབ། །གཟུང་འཛིན་སེམས་བྱུང་རྟོག་ཚོགས་རིམ་གྱིས་བརྟས། །ལས་སྒྲིབ་བག་ཆགས་འཐུག་པོར་སོང་བ་བཤགས། །ཐོག་མའི་དུས་ནས་རང་བྱས་ལས་འབྲས་ཀྱིས། །འགྲོ་རྒྱུད་ལྔར་འཁོར་སྲིད་པའི་ཁ་བརྒྱུད་ཀྱང་། །འཁྲུལ་འཛིན་སྒྱུ་མའི་རང་མཚང་མ་རིག་པས། །ཐར་མེད་ལས་ངན་ཡང་ཡང་བསགས་པ་བཤགས། །འཁོར་འདས་མིག་གི་འཛུམ་འབྱེད་ཙམ་ལགས་ཀྱང་། །མྱང་འདས་གོ་འཕང་དོན་དུ་གཉེར་ལྟ་ཅི། །མཐོ་རིས་ཐོབ་བྱེད་ཙམ་ཡང་མི་བརྩོན་པར། །བག་མེད་ལེ་ལོས་གཡེང་བ་མཐོལ་ལོ་བཤགས། །མེད་བཞིན་སྣང་བ་སྒྱུ་མའི་འདུ་བྱེད་ལྟར། །འཁོར་བ་བདེན་པར་མ་གྲུབ་ཤེས་ལགས་ཀྱང་། །བསམ་སྤྱོད་ལོག་པའི་རྣམ་འགྱུར་སྣ་ཚོགས་ཀྱིས། །རྟེན་བཟང་དལ་འབྱོར་ཆུད་ཟོས་བྱས་པ་བཤགས། །སོ་ཐར་སྒོར་ཞུགས་ཁྲིམས་དང་རྟགས་མི་འཛིན། །ཐེག་ཆེན་སེམས་བསྐྱེད་དངོས་བརྒྱུད་གཞན་ལ་གནོད། །གསང་ཆེན་དབང་མནོས་བླ་མ་སྨོད་ཅིང་སྤངས། །མནར་མེད་རང་གིས་བསྒྲུབ་པ་མཐོལ་ལོ་བཤགས། །ཐུབ་བསྟན་སྒོར་ཞུགས་དགེ་འདུན་མཆོག་མིང་འཛིན། །དོན་ལོག་སྒོ་གསུམ་དམན་ལས་དམན་པར་གོལ། །བསྐྱེད་རྫོགས་ཉམས་ལེན་བཟླས་བརྗོད་རྒྱབ་ཏུ་བོར། །གསོན་གཤིན་དཀོར་ལ་བག་མེད་སྤྱད་པ་བཤགས། །ལྟ་བ་མ་རྟོགས་ཕྱོགས་རིས་མུ་ཅོར་སྨྲ། །སྒོམ་པ་རོ་ཉལ་ལྐོག་འགྱུ་རྣམ་གཡེང་བསྒྲུབ། །སྤྱོད་པ་རང་སྐྱོན་མ་མཐོང་བླང་དོར་འཛོལ། །འབྲས་བུ་བརྣབ་སེམས་བཟང་བརྫུ་རེ་དོགས་བཤགས། །ཐོས་ཚད་རྒྱུད་ལ་མ་འབྱོངས་གོ་ཡུལ་ལུས། །གང་བསམ་ངེས་ཤེས་མ་རྙེད་སོམ་ཉི་ཅན། །བསྒོམ་ཀྱང་གནད་དུ་མ་ཁེལ་གཡེང་བས་བསླུས། །བསྒྲུབ་ཀྱང་ཡུན་ཐུང་གོལ་སར་ཤོར་བ་བཤགས། །བསྐྱེད་རིམ་མ་གསལ་འདིར་སྣང་ཞེན་པས་བསྒྲིབ། །བཟླས་བརྗོད་མ་དག་ཆགས་སྡང་ལོང་གཏམ་ཤོར། །ཏིང་འཛིན་བྱིང་རྒོད་འཁྲུལ་རྟོག་གཡེང་བས་བསྒྲིབ། །སྦྱོར་དངོས་རྗེས་ཉམས་གཡེལ་ཞུད་ཆད་པ་བཤགས། །མདོར་ན་རིམ་དགུའི་ཐེག་པར་གང་གསུངས་པའི། །བསྲུང་སྡོམ་བསླབ་བྱ་དམ་ཚིག་མ་ལུས་པ། །འགལ་ཉམས་འདས་རལ་ཉེས་ལྟུང་སྒྲིབ་ཚོགས་ཀུན། །སྐུ་གསུམ་ཡོངས་རྫོགས་འདུས་པའི་ལྷ་ལ་བཤགས། །ཆོས་ཀུན་མི་དམིགས་མཁའ་ལྟར་དག་པ་ལ། །བཤགས་བྱ་བཤགས་བྱེད་བཤགས་ཡུལ་མ་མཆིས་ཀྱང་། །རྟེན་འབྱུང་སྒྱུ་མའི་སྣང་ཆར་ནོངས་བགྱིས་ཀུན། །སྙིང་ནས་བཤགས་སོ་དག་ཚངས་དངོས་གྲུབ་སྩོལ། །ཞེས་བརྗོད་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་བཟླ། །དེ་ལྟར་ཡང་ཡང་བརྩོན་པའི་གནད་ལྡན་ན། །མཁའ་ལ་སྤྲིན་བཞིན་ཉེས་ཚོགས་དབྱིངས་སུ་དེངས། །སྐུ་གསུམ་ཡོངས་འདུས་རྒྱལ་བའི་གོ་འཕང་འཐོབ། །དེ་ཕྱིར་ཕྱི་རབས་ལས་ལྡན་འགའ་བྱུང་ན། །གདམས་ཟབ་སྙིང་པོ་འདི་ལ་བརྩོན་པར་གྱིས། །ས་མ་ཡཱཿ གུ་ཧྱཿ ཞེས་པའང་གར་དབང་འཇིགས་མེད་རྣམ་རྒྱལ་གྱིས་སོ། །སརྦ་མངྒ་ལཾ།