མཐའ་རྟེན་ནོར་བུའི་དོ་ཤལ།

དམ་ཆོས་སྐུ་གསུམ་དགོངས་མཛོད་ལས། མཐའ་རྟེན་ནོར་བུའི་དོ་ཤལ་བཞུགས།

དཀྱིལ་འཁོར་ཀུན་གྱི་གཙོ་བོ་མཆོག །དཔལ་ལྡན་རྡོ་རྗེ་འཛིན་ལ་འདུད། །སྨིན་བྱེད་དབང་མཆོག་གང་ལ་ཡང་། །མཐའ་རྟེན་རྫས་ཀྱི་མངའ་གསོལ་ནི། །རྣམ་གྲངས་མང་ཀྱང་མདོར་བསྡུས་ཏེ། །ནོར་བུའི་དོ་ཤལ་ལྟ་བུ་བསྟན། །དེ་ལ་རྣམ་པ་གསུམ་ཡིན་ཏེ། །དང་པོ་འཁོར་ལོས་བསྒྱུར་བ་ཉིད། །རྒྱལ་སྲིད་མཆོག་ཏུ་མངའ་གསོལ་དབྱིག །འཁོར་ལོ་ལ་སོགས་བདུན་ཐོགས་ལ།། ཧཱུྃ་ཧྲཱིཿ འགྲོ་དྲུག་ཁ་ལོ་ཐར་ལམ་བསྒྱུར། །བླ་མེད་ཆོས་འཁོར་བསྐོར་བའི་ཕྱིར། །གསེར་འཁོར་རྩིབས་སྟོང་མུ་ཁྱུད་ཅན། །རྡོ་རྗེའི་བུ་ལ་མངའ་དབང་བསྐུར། །ཨོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་མཾ། །ཡོན་ཏན་ཀུན་གྱི་གཞིར་གྱུར་ནས། །འགྲོ་དོན་ཕན་བདེའི་མཆོག་སྩོལ་ཕྱིར། །བསམ་འཕེལ་ནོར་བུ་འོད་སྣང་ཅན། །རྡོ་རྗེའི་བུ་ལ་མངའ་དབང་བསྐུར། །ཨོཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་མཾ། །བདེ་སྟོང་དགའ་བཞིའི་ཡེ་ཤེས་ཀྱིས། །འགྲོ་རྣམས་རྗེས་སུ་སྐྱོང་བའི་ཕྱིར། །མཛེས་སྡུག་བཙུན་མོ་འཇོ་སྒེག་ཅན། །རྡོ་རྗེའི་བུ་ལ་མངའ་དབང་བསྐུར། །ཨོཾ་ཝསྟྲི་རཏྣ་ཨ་བྷི་ཥིཉྩ་མཾ། །ཐབས་མཁས་མཛད་པ་སྣ་ཚོགས་ཀྱིས། །རྒྱལ་ཀུན་ཕྲིན་ལས་སྒྲུབ་པའི་ཕྱིར། །བློ་ལྡན་ཁྱིམ་བདག་དཔལ་ཡོན་ཅན། །རྡོ་རྗེའི་བུ་ལ་མངའ་དབང་བསྐུར། །ཨོཾ་མ་ཧསྟ་རཏྣ་ཨ་བྷི་ཥིཉྩ་མཾ། །མི་ཉམས་ཐུགས་བསྐྱེད་རླབ་པོ་ཆེས། །རྒྱལ་ཀུན་མཛད་སྤྱོད་ཁུར་འདེགས་ཕྱིར། །སྟོབས་ལྡན་གླང་པོ་རྒྱན་ཆ་ཅན། །རྡོ་རྗེའི་བུ་ལ་མངའ་དབང་བསྐུར། །ཨོཾ་ཧསྟི་རཏྣ་ཨ་བྷི་ཥིཉྩ་མཾ། །ཐེག་མཆོག་ས་ལམ་མྱུར་བགྲོད་ནས། །འགྲོ་དྲུག་གནས་ནས་འདྲེན་པའི་ཕྱིར། །ཅང་ཤེས་གསེར་གྱི་སྒ་སྲབ་ཅན། །རྡོ་རྗེའི་བུ་ལ་མངའ་དབང་བསྐུར། །ཨོཾ་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་མཾ། །གང་འདུལ་ཕྲིན་ལས་དཔག་མེད་ཀྱིས། །ཉོན་མོངས་བདུད་ཚོགས་འཇོམས་པའི་ཕྱིར། །དཔའ་གཏུམ་དམག་དཔོན་གོ་ཁྲབ་ཅན། །རྡོ་རྗེའི་བུ་ལ་མངའ་དབང་བསྐུར། །ཨོཾ་ཁཏྒ་རཏྣ་ཨ་བྷི་ཥིཉྩ་མཾ།། གཉིས་པ་མཚན་དཔེ་ལས་བྱུང་རྟགས། །གདུགས་སོགས་བརྒྱད་པོ་རིམ་ཐོགས་ལ།། ཧཱུྃ་ཧྲཱིཿ བདེ་གཤེགས་གཙུག་ཏོར་ལས་འཁྲུངས་རྟགས། །བཀྲ་ཤིས་གདུགས་མཆོག་རྩིབས་བརྒྱ་པ། །འགྲོ་བའི་ཉོན་མོངས་གདུང་སེལ་ཕྱིར། །དེང་ཁྱོད་མངའ་གསོལ་དབང་མཆོག་སྦྱིན། །ཨོཾ་མངྒ་ལཾ་ཚ་དྲཾ་ག་ཨ་བྷི་ཥིཉྩ་མཾ། །རྒྱལ་བའི་སྤྱན་ལས་རང་བྱུང་རྟགས། །བཀྲ་ཤིས་དགའ་འཁྱིལ་གསེར་ཉ་ཟུང་། །མཁྱེན་གཉིས་ཡེ་ཤེས་རྒྱས་པའི་ཕྱིར། །དེང་ཁྱོད་མངའ་གསོལ་དབང་མཆོག་སྦྱིན། །ཨོཾ་མངྒ་ལཾ་མཏྱ་ཨ་བྷི་ཥིཉྩ་མཾ། །འདྲེན་མཆོག་ལྗགས་ལས་རང་བྱུང་རྟགས། །བཀྲ་ཤིས་པད་དཀར་འདབ་བརྒྱད་པ། །འགྲོ་ཚོགས་འཁོར་བའི་སྐྱོན་བྲལ་ཕྱིར། །དེང་ཁྱོད་མངའ་གསོལ་དབང་མཆོག་སྦྱིན། །ཨོཾ་མངྒ་ལཾ་པདྨ་ཨ་བྷི་ཥིཉྩ་མཾ། །ཐུབ་དབང་མགུལ་ལས་རང་བྱུང་རྟགས། །བཀྲ་ཤིས་བུམ་པ་ཆས་བཅུད་ལྡན། །ཟག་མེད་བདུད་རྩིའི་རྒྱུན་སྩོལ་ཕྱིར། །དེང་ཁྱོད་མངའ་གསོལ་དབང་མཆོག་སྦྱིན། །ཨོཾ་མངྒ་ལཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་མཾ། །རྒྱལ་བའི་སྐུ་མཆོག་ལས་བྱུང་རྟགས། །བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག །བདུད་བཞིའི་གཡུལ་ལས་རྒྱལ་བའི་ཕྱིར། །དེང་ཁྱོད་མངའ་གསོལ་དབང་མཆོག་སྦྱིན། །ཨོཾ་མངྒ་ལཾ་དྷྭ་ཛ་ཨ་བྷི་ཥིཉྩ་མཾ། །མི་མཆོག་ཚེམས་ལས་རང་བྱུང་རྟགས། །བཀྲ་ཤིས་གཡས་འཁྱིལ་སྒྲ་ཆེན་དུང་། །ཐེག་མཆོག་སྒྲ་དབྱངས་སྒྲོགས་པའི་ཕྱིར། །དེང་ཁྱོད་མངའ་གསོལ་དབང་མཆོག་སྦྱིན། །ཨོཾ་མངྒ་ལཾ་ཤཾ་ཁ་ཨ་བྷི་ཥིཉྩ་མཾ། །ཀུན་མཁྱེན་ཐུགས་ལས་རང་བྱུང་རྟགས། །བཀྲ་ཤིས་དཔལ་བེའུ་ལུ་གུ་རྒྱུད། །སྲིད་ཞིའི་མཐའ་ལ་མི་གནས་ཕྱིར། །དེང་ཁྱོད་མངའ་གསོལ་དབང་མཆོག་སྦྱིན། །ཨོཾ་མངྒ་ལཾ་ཤྲཱི་བཏྶ་ཨ་བྷི་ཥིཉྩ་མཾ། །སྟོན་མཆོག་ཞབས་མཐིལ་ལས་འོང་རྟགས། །བཀྲ་ཤིས་འཁོར་ལོ་འོད་སྟོང་འབར། །ཐུགས་རྗེས་འགྲོ་ཀུན་རྗེས་འཛིན་ཕྱིར། །དེང་ཁྱོད་མངའ་གསོལ་དབང་མཆོག་སྦྱིན། །ཨོཾ་མངྒ་ལཾ་ཙཀྲ་ཨ་བྷི་ཥིཉྩ་མཾ། །གསུམ་པ་སྟོན་པས་བྱིན་རླབས་རྫས། །མེ་ལོང་ལ་སོགས་བརྒྱད་ཐོགས་ལ།། ཧཱུྃ་ཧྲཱིཿ འོད་འཆང་མ་ཡིས་ལེགས་ཕུལ་རྫས། །བྱིན་རླབས་བཀྲ་ཤིས་མེ་ལོང་མཆོག །སྒྲིབ་གཉིས་བག་ཆགས་བྲལ་བྱེད་པའི། །བྱིན་རླབས་དབང་མཆོག་ཁྱོད་ལ་སྦྱིན། །ཨོཾ་ཨ་དརྴཱ་དྷིཥྛ་ན་ཨ་བྷི་ཥིཉྩ་མཾ། །ལེགས་སྐྱེས་དགའ་མོས་གུས་ཕུལ་རྫས། །བྱིན་རླབས་བཀྲ་ཤིས་འོ་ཐུག་ཞོ། །ཡེ་ཤེས་ཡོན་ཏན་རྒྱས་བྱེད་ཀྱི། །བྱིན་རླབས་དབང་མཆོག་ཁྱོད་ལ་སྦྱིན། །ཨོཾ་དྷ་རི་ཏཱ་དྷིཥྛ་ན་ཨ་བྷི་ཥིཉྩ་མཾ། །རྩྭ་འཚོང་ཁྱེའུས་ལེགས་བཀྲམ་པའི། །བྱིན་རླབས་བཀྲ་ཤིས་དུར་བའི་རྫས། །ཚེ་སྲོག་གཟི་མདངས་འཕེལ་བྱེད་འདིའི། །བྱིན་རླབས་དབང་མཆོག་ཁྱོད་ལ་སྦྱིན། །ཨོཾ་དརྦྷ་དྷིཥྛ་ན་ཨ་བྷི་ཥིཉྩ་མཾ། །གླང་ཆེན་ས་སྲུང་གིས་ཕུལ་རྫས། །བྱིན་རླབས་བཀྲ་ཤིས་གི་ཝཾ་སྨན། །ཉོན་མོངས་དུག་ནད་ཀུན་སེལ་བའི། །བྱིན་རླབས་དབང་མཆོག་ཁྱོད་ལ་སྦྱིན། །ཨོཾ་གྷི་ཧཾ་དྷིཥྛ་ན་ཨ་བྷི་ཥིཉྩ་མཾ། །ལྷ་དབང་བརྒྱ་བྱིན་གྱིས་ཕུལ་རྫས། །བྱིན་རླབས་བཀྲ་ཤིས་སྐྱེ་ལྔའི་དུང་། །ཚངས་པའི་གསུང་དབྱངས་ཐོབ་བྱེད་འདིའི། །བྱིན་རླབས་དབང་མཆོག་ཁྱོད་ལ་སྦྱིན། །ཨོཾ་ཤཾ་ཁཱ་དྷིཥྛ་ན་ཨ་བྷི་ཥིཉྩ་མཾ། །ཤིང་གི་ལྷ་མོས་ལེགས་མཆོད་རྫས། །བྱིན་རླབས་བཀྲ་ཤིས་བིལ་བའི་འབྲས། །ཡང་དག་སྙིང་པོ་རྟོགས་བྱེད་པའི། །བྱིན་རླབས་དབང་མཆོག་ཁྱོད་ལ་སྦྱིན། །ཨོཾ་བིལྦ་དྷིཥྛ་ན་ཨ་བྷི་ཥིཉྩ་མཾ། །ལྷ་མོ་བསྟན་མས་གུས་མཆོད་པས། །བྱིན་རླབས་བཀྲ་ཤིས་ལི་ཁྲིའི་རྫས། །ཆོས་སྲིད་འདུ་ཞིང་བརྟན་བྱེད་པའི། །བྱིན་རླབས་དབང་མཆོག་ཁྱོད་ལ་སྦྱིན། །ཨོཾ་སིནྡྷུ་ར་དྷིཥྛ་ན་ཨ་བྷི་ཥིཉྩ་མཾ། །གསང་བའི་བདག་པོས་གུས་མཆོད་པས། །བྱིན་རླབས་བཀྲ་ཤིས་ཡུངས་དཀར་རྫས། །མི་མཐུན་བགེགས་ཚོགས་འཇོམས་བྱེད་པའི། །བྱིན་རླབས་དབང་མཆོག་ཁྱོད་ལ་སྦྱིན། །ཨོཾ་ཤ་རི་ར་དྷིཥྛ་ན་ཨ་བྷི་ཥིཉྩ་མཾ། །ཞེས་བསྐུར་ཤིས་བྱེད་མེ་ཏོག་འཐོར། །དམ་བཅའ་ཡོན་འབུལ་དགེ་བ་བསྔོ། །མཐའ་རྟེན་རྫས་ཀྱིས་མངའ་གསོལ་བ། །ནོར་བུའི་དོ་ཤལ་ལྟ་བུ་འདི། །སྐུ་གསུམ་དགོངས་མཛོད་སྨིན་བྱེད་ཀྱི། །ཆ་ལག་ཉིད་དུ་གསལ་བར་བཀོད། །བཀའ་དང་མཐུན་ནོ་ས་མ་ཡཱ། །དག་སྣང་ཉིད་ཕྱིར་ཟབ་བོ་རྒྱ། །སྣོད་མིན་རྣམས་ལ་གསང་ངོ་རྒྱ། །དད་ལྡན་བུ་ལ་གཏད་དོ་རྒྱ། །གུ་ཧྱ། ཞེས་པའང་མགོ་སྤྲུལ་འཇིགས་མེད་རྣམ་རྒྱལ་གྱིས་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།