ཕྱྭ་གཡང་འགུགས་པའི་ཕྲིན་ལས་འདོད་འབྱུང་དཔལ་གྱི་བུམ་བཟང་།

༄༅། ཕྱྭ་གཡང་འགུགས་པའི་ཕྲིན་ལས་འདོད་འབྱུང་དཔལ་གྱི་བུམ་བཟང་བཞུགས་སོ།། ཀྱཻ། བཀྲ་ཤིས་གཟའ་སྐར་ཚེས་གྲངས་དུས་ཚོད་བཟང་། །བཀྲ་ཤིས་ལྷ་གཞི་དཔལ་གཡང་འདུ་བའི་རྟེན། །བཀྲ་ཤིས་ཕུན་ཚོགས་ཕྱྭ་ཆ་བཀོད་མཛེས་བཀྲམ། །བཀྲ་ཤིས་སྟེར་བྱེད་ལྷ་རྣམས་ཐུགས་རྗེས་དགོངས། །དོན་གཉིས་ལྷུན་གྲུབ་རྣམ་འདྲེན་སྟོང་རྩ་གཉིས། །བདེན་གཉིས་ཟུང་འཇུག་ལུང་རྟོགས་དམ་པའི་ཆོས། །ལྡན་གྲོལ་གཉིས་ལྡན་འཕགས་ཚོགས་སྡེ་བཅས་ཀྱིས། །ཚོགས་གཉིས་བསོད་ནམས་དཔལ་འབྱོར་ཕྱྭ་གཡང་ཁུག །སྐུ་གསུམ་ཀུན་དངོས་རྩ་རྒྱུད་བླ་མ་དང་། །རྒྱུད་སྡེ་བཞི་དྲུག་ཡི་དམ་ཞི་ཁྲོའི་ལྷ། །ཕྲིན་ལས་མྱུར་འགྲུབ་མཁའ་འགྲོ་ཆོས་སྐྱོང་ལྷས། །ཁམས་གསུམ་སྣོད་བཅུད་དཔལ་འབྱོར་ཕྱྭ་གཡང་ཁུག །ལེགས་ལེགས་གཏེར་མངའ་རྒྱལ་ཆེན་རྣམ་ཐོས་སྲས། །མང་མང་ལྷ་ཀླུ་ཕྱོགས་སྐྱོང་ནོར་ལྷའི་ཚོགས། །མཛེས་མཛེས་འདོད་འབྱུང་རྨད་དུ་བྱུང་བའི་བཅུད། །མེར་མེར་འཁྱིལ་བའི་དཔལ་འབྱོར་ཕྱྭ་གཡང་ཁུག །ཀི་བསྭོ་དབྱངས་རོལ་སྤོས་གསུར་དྲི་ཞིམ་འཐུལ། །ཁུ་ཡེ་བརྗོད་བཞིན་ལྷ་མདའ་དར་སྣའི་བརྡས། །གེ་སར་དྲི་ཡིས་གསེར་སྦྲང་འགུགས་པ་བཞིན། །ངོ་མཚར་རྟེན་འབྲེལ་ཁྱད་འཕགས་ཕྱྭ་གཡང་ཁུག །ཅི་འདོད་ལོངས་སྤྱོད་དཀོར་ཆ་རིན་ཆེན་མཛོད། །ཆུ་ཀླུང་དབྱར་དུས་ཆར་གྱིས་བསྐྱེད་པ་ལྟར། །ཇེ་མང་ཇེ་འཕེལ་གོང་ནས་གོང་དུ་འཕེལ། །ཉོ་ཚོང་ཤྭོ་རྒྱན་རྒྱལ་ཐོབ་ཕྱྭ་གཡང་ཁུག །ཏི་ཐི་གཟའ་དང་སྒྱུ་སྐར་དུས་སྦྱོར་དཔལ། །ཐུ་བོ་རྗེ་འབངས་ཡོངས་ལ་མངའ་དབང་བསྒྱུར། །དེ་ལ་ཉེར་འཚེའི་ཕ་རོལ་འགལ་ཟླའི་དཔུང་། །ནོ་པི་ཀ་ཡིས་འཇོམས་པའི་ཕྱྭ་གཡང་ཁུག །པི་ཝཾ་སྒྲ་བཞིན་སྙན་པའི་གྲགས་པ་དང་། །ཕུ་ནུ་ཚ་ཞང་མ་སྲིང་ཉེ་འཁོར་རྒྱས། །བེའུ་ལུག་རྟ་དྲེལ་ནོར་ཕྱུག་རྐང་འགྲོས་མང་། །མོ་མཛེས་ཕོ་དཔའ་རྒྱུད་འཕེལ་ཕྱྭ་གཡང་ཁུག །ཙི་ན་ཧོར་བོད་བལ་སོགས་གེ་སར་ལི། །ཚུ་རོལ་འདིར་སྣང་བདེ་སྐྱིད་འཛོམས་པའི་ལྗོངས། །ཛེ་ཏའི་ཚལ་སོགས་བྱིན་ལྡན་གནས་ཀྱི་བཅུད། །ཝོ་རེ་དེང་འདིར་འདུ་བའི་ཕྱྭ་གཡང་ཁུག །ཞི་དང་སྲིད་པའི་ཁམས་ཀྱི་ཡོན་ཏན་ལྡན། །ཟུ་ལེ་སྨན་སོགས་ཟོ་དོར་ཡུལ་ལྷས་སྐྱོབས། །འེ་ཞེས་ཀུན་གྱིས་ཡ་མཚན་ཕུད་དུ་བཀུར། །ཡོ་ལང་འཕྲལ་རྐྱེན་ཞི་བའི་ཕྱྭ་གཡང་ཁུག །རི་དབང་ལྟ་བུར་ཆོས་སྲིད་བརྟན་ཅིང་བརྗིད། །ལུ་མའི་རྒྱུན་བཞིན་འཚོ་བའི་ཚེ་སྲོག་རིགས། །ཤེ་མོང་སྟོབས་ཤུགས་དཔུང་རྩལ་འགྲན་ཟླ་བྲལ། །སོ་ནམ་ལས་ཀུན་འགྲུབ་པའི་ཕྱྭ་གཡང་ཁུག །ཧི་མའི་མདོག་མཚུངས་སེམས་བསྐྱེད་ཀུན་སློང་དཀར། །ཨུ་དྭ་ཀ་ལྟར་ཉམས་རྟོགས་སྒོམ་མཐར་ཕྱིན། །ཧེ་ཞེས་ཐོས་བསམ་འཆད་རྩོད་རྩོམ་ལ་མཁས། །ཨོ་ཊིའི་གླིང་བཞིན་ཆོས་བསྟན་རྒྱས་གཡང་ཁུག །ཇི་བཞིན་ཉིད་གཟིགས་མི་དམིགས་ཏིང་འཛིན་གྱིས། །གླིང་བཞིའི་མིག་གཅིག་ཉི་ཟླའི་ཐིག་ལེའི་དཔྱིད། །སྲིད་ཞིའི་ཞིང་གིས་ཤིས་ཤིང་གཟི་བརྗིད་བྱིན། །ཞིང་འདིར་ཡིད་བཞིན་དབྱིག་འཛིན་གྱི་ལི་ལི། །སྐུ་གསུམ་ལྷུན་གྲུབ་ཟུང་འཇུག་ནུས་དཔུང་མཐུས། །དབུལ་གྱུར་སྡུག་རྒུད་མུན་སྟུག་ཀུན་ཏུ་ཟུམ། །ཕུལ་བྱུང་ཀླུ་ཐུགས་ཆུ་ཀླུང་རྒྱུན་དུ་བསྲུབ། །ཕྱུགས་ལུག་འབྱུང་བཅུད་འབྲུ་དྲུག་ཀུན་འདུས་ཁུག །མཁྱེན་བརྩེ་ཡེ་ཤེས་ལེགས་བརྙེས་རྗེ་ཁྱེད་བསྙེན། །དགེ་ལེགས་གཏེར་ཆེན་མེ་ཤེལ་ཆེར་མཆེད་དེ། །དཔེ་མེད་བདེ་ལེགས་སྟེར་བྱེད་ཆེར་ཕྱེ་ཚེ། །རྙེད་ལེགས་རྟེན་འབྲེལ་ཟེར་ཕྲེང་མེ་རེ་རེ། །མགོན་པོ་གཙོ་བོ་བློ་གྲོས་མཆོག་ཐོབ་ཁྱོད། །དངོས་འབྱོར་ལོངས་སྤྱོད་སོགས་མཆོད་སྨོན་འདོད་སྩོལ། །ཐོས་དོན་སྤོང་ཀློག་འཁོར་ལོར་རྟོགས་མྱོང་སྤྱོད། །འགྲོ་སྡོད་ཕྱོགས་བགྲོད་མགྱོགས་འཁོར་དོན་ལོན་མཛོད། །བསྟན་ལ་ཕན་གདག་དམ་པ་བསྐ༵ལ་བ་བརྒྱར། །ཞབས་པད་བརྟན་དང་མཛད་བཟ༵ང་རྟག་པར་ལྡན། །རྨ་གཡང་ཕྱྭ་དཔལ་བཀྲག་མདངས་ད༵ར་དྲག་པས། །གངས་ཅན་རྒྱལ་ཁམས་མཐའ་དག་རྒྱ༵ས་པར་འཚལ། །ཨ་ཧོ་དེ་ལྟར་ཕྱྭ་འབེབས་གཡང་འབོད་ཚིག །ཚིག་ཕྲེང་སྤེལ་ལེགས་སྙན་པར་བརྗོད་པ་འདིས། །འདི་ཕྱིའི་འབད་འབྲས་ཆོས་མཐུན་དགེ་བའི་དོན། །དོན་གྲུབ་ཡིད་བཞིན་རེ་སྐོང་བཀྲ་ཤིས་ཤོག །ཅེས་དེ་ལྟར་དབྱངས་གསལ་གྱི་བྱ་དཀའ་བའི་ལམ་ནས་དྲངས་པའི་གཡང་འགུགས་འདི་ནི། ཆོས་མཆེད་སྐལ་བཟང་དར་རྒྱས་ནས་བསྐུལ་ངོར་སྙན་ངག་རིགས་ཀྱི་གྲལ་མཐའ་བ་བརྡ་སྤྲོད་ཀུན་བཤད་ཀྱི་བཏགས་མིང་བློ་གྲོས་སྦྲང་རྩིའི་ཟིལ་དངར་དུ་འབོད་པའི་སྔགས་རྒན་རྒྱ་རས་བྲིས་པའོ།། སརྦ་མང་ག་ལཾ།།