མཚམས་ཐོ་འབྲི་ཐབས།

སྐུ་གསུམ་ཡོངས་འདུས་རྗེ་ལ་འདུད། །དེ་ཉིད་སྒྲུབ་འདོད་རྣལ་འབྱོར་པས། བདུད་ཚོགས་ཟིལ་གནོན་ཐོ་བྱང་བརྩམས། །བཟང་ཤིང་རྒྱང་བུ་མདའ་གང་ལ། །དཀར་རྩིའི་ལེགས་བྱུག་རྩེ་མོ་རུ། །རྡོ་རྗེ་གྲོ་ལོད་མངོན་རྟོགས་བཞིན། །འབྲིའམ་ཡང་ན་མེ་དཔུང་དབུས། །ཕྱག་རྒྱ་སྣ་ཚོགས་རྡོ་རྗེ་འདྲི། །དེ་འོག་བཀའ་རྟགས་ཚིག་འདི་སྤེལ།། ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྱོ་ཕཊ་རཾ། སྐུ་གསུམ་བདེ་གཤེགས་ཡོངས་རྫོགས་པདྨའི་བཀའ། །ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་དཔལ་གྱི་ལུང་། །མི་ཟན་རཀྴ་ཐོད་ཕྲེང་རྩལ་གྱི་གཏམ། །སྲིད་གསུམ་ཟིལ་གནོན་རྡོ་རྗེའི་གད་རྒྱང་སྒྲོགས། །ཞེ་སྡང་རང་གཟུགས་ཕོ་གདོན་རྒྱལ་འགོང་དང་། །ཁོང་ཁྲོའི་རྟོག་ཚོགས་ལས་བྱུང་དྲེགས་བྱེད་རྣམས། །དཔལ་ཆེན་ཁྲག་འཐུང་རྡོ་རྗེ་སྲིན་པོའི་བཀས། །རྣལ་འབྱོར་བྱམས་སེམས་བསྒོམ་ལ་ཁོན་འཛིན་སྤོངས། །འཇིགས་ཚོགས་ལས་ཉོན་བར་ཆད་དབྱིངས་སུ་ཞི། །བཟོད་དང་བརྩོན་འགྲུས་མི་ཉམས་གོང་འཕེལ་མཛོད། །དགའ་བྲོད་ལྷའི་བུའི་བདུད་སོལ་ཡུལ་འཁོར་སྲུང་། །འཁོར་སྲུངས་སྐྱེན་སོལ་གདོན་ཟློག་ཕྱི་མཚམས་སྲུངས། །ང་རྒྱལ་རང་གཟུགས་འཆི་བདག་གཤིན་རྗེ་དང་། །མཆོག་འཛིན་རྟོག་ཚོགས་ལས་བྱུང་དྲེགས་བྱེད་རྣམས། །འཇམ་དཔལ་ཁྲོས་པ་ཡ་མན་ཏ་ཀའི་བཀས། །རྣལ་འབྱོར་སྙིང་རྗེ་བསྒོམ་ལ་མཐོ་གནོན་སྤོངས། །ཚེ་བསོད་ཡེ་ཤེས་ཡོན་ཏན་རྒྱས་པ་དང་། །སྦྱིན་དང་ཚུལ་ཁྲིམས་མི་ཉམས་གོང་འཕེལ་མཛོད། །སྙེམས་བྱེད་འཆི་བདག་བདུད་སོལ་འཕགས་སྐྱེས་པོས། །འཁོར་སྲུངས་སྐྱེན་སོལ་གདོན་ཟློག་ཕྱི་མཚམས་སྲུངས། །འདོད་ཆགས་རང་གཟུགས་མོ་གདོན་འདྲེ་བསེན་དང་། །སྲེད་ལེན་རྟོག་ཚོགས་ལས་བྱུང་དྲེགས་བྱེད་རྣམས། །པདྨ་ཁྲག་འཐུང་དབང་དྲག་རོལ་པའི་བཀས། །རྣལ་འབྱོར་དགའ་བ་སྤོངས་ལ་འདོད་ཞེན་སྤོངས། །སྲིད་གསུམ་མོས་བཞི་ཉམས་རྟོགས་དབང་དུ་སྡུས། །བསམ་གཏན་ཤེས་རབ་མི་ཉམས་གོང་འཕེལ་མཛོད། །ཐོགས་མེད་ཉོན་མོངས་བདུད་སོལ་སྤྱན་མི་བཟང་། །འཁོར་སྲུངས་སྐྱེན་སོལ་གདོན་ཟློག་ཕྱི་མཚམས་སྲུངས། །ཕྲག་ཏོག་རང་གཟུགས་མི་སྲུན་བདུད་པོ་དང་། །འཐབ་རྩོད་རྟོག་ཚོགས་ལས་བྱུང་དྲེགས་བྱེད་རྣམས། །བགེགས་ཚོགས་མཐར་བྱེད་རྡོ་རྗེ་གཞོན་ནུའི་བཀས། །རྣལ་འབྱོར་བཏང་སྙོམས་བསྒོམ་ལ་གནོད་གདུག་སྤོངས། །དགྲ་གདོན་བདུད་བགེགས་ལས་ཉོན་རྨིང་མེད་རློག །ཐབས་དང་སྨོན་ལམ་མི་ཉམས་གོང་འཕེལ་མཛོད། །ཐོགས་བཅས་ཕུང་པོའི་བདུད་སོལ་རྣམ་ཐོས་སྲས། །འཁོར་སྲུངས་སྐྱེན་སོལ་གདོན་ཟློག་ཕྱི་མཚམས་སྲུངས། །གཏི་མུག་རང་གཟུགས་ཀླུ་གདོན་ས་བདག་དང་། །མ་རིག་རྟོག་ཚོགས་ལས་བྱུང་དྲེགས་བྱེད་རྣམས། །སྐུ་གསུམ་བདེ་གཤེགས་ཡོངས་རྫོགས་ཆེ་མཆོག་བཀས། །རྣལ་འབྱོར་བྱང་ཆུབ་བསྒྲུབ་པའི་རྨོངས་འཐིབས་སོལ། །དམ་སྲི་རྒབ་འདྲེ་སྲིད་པའི་རྨིང་འོག་ཆུགས། །སྟོབས་དང་ཡེ་ཤེས་མི་ཉམས་གོང་འཕེལ་མཛོད། །མ་རིག་འཁྲུལ་རྟོག་བདུད་སོལ་མཐར་བྱེད་བཞིས། །མུ་བཞིར་ལྟ་བའི་གདོན་ཟློག་ནང་མཚམས་སྲུངས། །གནས་གསུམ་དཔའ་བོ་མཁའ་འགྲོས་བར་ཆད་སོལ། །ཕྱི་ནང་བཀའ་གཏེར་སྲུང་མས་ཕྲིན་ལས་སྒྲུབས། །དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་མེལ་ཚེ་མཛོད། །རྣལ་འབྱོར་སྐུ་གསུམ་དངོས་གྲུབ་སྒྲུབ་པ་ལ། །བར་ཆད་ཀུན་སོལ་མཐུན་རྐྱེན་འདོད་དགུ་སྩོལ། །དམ་ལས་མ་འདའ་བཛྲ་ས་མ་ཡཱཿ ཨ་ཐཾ། ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པའང་དམ་ཆོས་སྐུ་གསུམ་དགོངས་མཛོད་ཀྱི་ཆ་ལག་ཏུ་མགོ་སྤྲུལ་པས་ཤར་མར་བྲིས་པ་དགེའོ།། དགེའོ།། དགེའོ།།