དཔལ་མགོན་ཕྱག་བཞི་པའི་གཏོར་འབུལ།

༄༅། དཔལ་མགོན་ཕྱག་བཞི་པའི་གཏོར་འབུལ་ནི། མདུན་དུ་བསྲུང་འཁོར་དུར་ཁྲོད་གཞལ་ཡས་དབུས། །རྩིབས་བཞི་ཨེ་མཐིང་པད་ཉི་བམ་ཆེན་སྟེང་། །གྲི་གུག་ཧཱུྃ་མཚན་ཡོངས་སུ་གྱུར་པ་ལས། །ཡེ་ཤེས་མགོན་པོ་མཐིང་ནག་ཁྲོ་ཆས་རྫོགས། །གྲི་གུག་ཐོད་ཁྲག་རལ་གྲི་རྩེ་གསུམ་བསྣམས། །ཡེ་ཤེས་མེ་ཀློང་རོལ་པའི་སྟབས་ཀྱིས་བཞུགས། །མདུན་དུ་ཤ་ཟ་ནག་མོ་སེང་གེའི་གདོང་། །དར་ནག་གོས་གསོལ་རལ་གྲི་ཐོད་ཁྲག་འཛིན། །གཡས་སུ་ལས་མགོན་ནག་པོ་བྱ་རོག་གདོང་། །སྤྱན་གསུམ་དུར་ཁྲོད་ཆས་ལྡན་གྲི་ཐོད་བསྣམས། །རྒྱབ་ཏུ་ལེགས་ལྡན་ནག་པོ་འཇོལ་བེར་དང་། །སག་ལྷྭམ་གསོལ་ཞིང་བིང་ཆེན་ལྕགས་པར་ཐོགས། །གཡོན་དུ་ཙཎྚི་ནག་མོ་རུས་རྒྱན་ཅན། །རལ་གྲི་ཐོད་ཁྲག་མི་མགོ་མདའ་གཞུ་འཛིན། །ཕྱི་རིམ་འཁོར་གྱི་ཕྲ་མེན་ཆེན་མོ་བརྒྱད། །ནག་པོ་ཤ་ཟ་མ་མོ་སྡེ་བརྒྱད་ཚོགས། །ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །གཙོ་བོའི་རིགས་བདག་མི་བསྐྱོད་རྡོ་རྗེ་བཞུགས། །འོད་འཕྲོས་འོག་མིན་བསིལ་ཚལ་ནཱ་ལེནྟྲ། །དཔལ་རི་སོགས་ནས་འཁོར་བཅས་སྤྱན་དྲངས་བསྟིམ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི། བཛྲ་ས་མ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་མ་ཧཱ་ཀཱ་ལ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊཿ ཨོཾ་བཛྲ་ཨརྒྷཾ། པ་དྱཾ། ཨཉྩ་ལ་ནཾ། པྲོཀྵ་ནཾ། པུཥྤཾ། དྷུ་པཾ། དཱི་པཾ། གནྡྷཾ། ནེ་ཝི་ཏྱཾ། ཤཔྟ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ མགོན་པོ་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ཨོཾ་བཛྲ་ཀ་ཝུ་ཝ་ཝ་པ་ཤ་ཡ་པ་ཤ་ཡ་མ་ཧཱ་ཀ་ལ་ཡ་ཧཱུྃ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཀྵ་བྷྱོཿ སརྦ་ས་པཱ་རི་ཝ་ར་ཨེ་དམ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ་ཕཊ། བདུན་ནམ་ལྔས་འབུལ། ཨོཾ་བཛྲ་མ་ཧཱ་ཀ་ལ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། ཧཱུྃ། གཟི་བརྗིད་སྐུ་ཡིས་སྲིད་གསུམ་ཟིལ་གྱིས་གནོན། །གསུང་གི་བཞད་སྒྲས་སྡེ་བརྒྱད་བྲན་དུ་འཁོལ། །བརྩེ་བའི་ཐུགས་ཀྱིས་འགྲོ་དྲུག་དབང་དུ་བསྡུས། །ལྷ་ཆེན་དཔལ་འབར་ནག་པོ་ཁྱོད་ལ་བསྟོད། །བདུད་པོ་སེང་ཞལ་ལས་མགོན་བྱ་རོག་གདོང་། །དཔལ་མགོན་ལེགས་ལྡན་ཡུམ་མཆོག་ཙནྟི་ཀ །ཕྲ་མེན་ནག་པོ་ཤ་ཟ་མ་མོའི་ཚོགས། །སྡེ་བརྒྱད་འཁོར་བཅས་ཀུན་ལ་བསྟོད་པར་བགྱི། །དཔལ་ལྡན་ཕྱག་བཞི་མགོན་པོ་འཁོར་བཅས་ཀྱིས། །དམ་རྫས་མཆོད་གཏོར་ཕུལ་བ་འདི་བཞེས་ལ། །སངས་རྒྱས་བསྟན་བསྲུང་སེམས་ཅན་བདེ་སྐྱིད་སྤེལ། །རྣལ་འབྱོར་འཁོར་སྲུང་རྐྱེན་གེགས་བར་ཆད་སོལ། །རབ་འབྱམས་ལས་སྒྲུབ་མཐུན་པའི་དངོས་གྲུབ་སྩོལ། །ཞེས་པའང་འཇིགས་རྣམ་པས་བྲིས་པ་དགེ་ཞིང་བཀྲ་ཤིས་འཕེལ་བའི་རྒྱུར་གྱུར་ཅིག་གུ།