འཛམ་གླིང་སྤྱི་བསང་ཟག་མེད་བདུད་རྩིའི་སྤྲིན་ཕུང་།

༄༅། འཛམ་གླིང་སྤྱི་ཡི་བསང་བསྡུས་ཟག་མེད་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་བཞུགས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཀྱཻ། བསང་མཆོད་ཡེ་ཤེས་ཟག་མེད་བདུད་རྩིའི་སྤྲིན། །བཞེད་དགུའི་ལོངས་སྤྱོད་ཆར་ལྟར་འབེབས་པ་འདིས། །སྦྱོར་དྲུག་རྫོགས་ཆེན་ཕྱག་ཆེན་དབུ་མ་ཆེ། །སེམས་ཙམ་ཕར་ཕྱིན་ཚད་མ་ཞི་གཅོད་ལམ། །རིམ་ལྔ་ལམ་འབྲས་བསྐྱེད་རྫོགས་ཐབས་ལམ་རླུང་། །བཀའ་གཏེར་དག་སྣང་དབུས་མཐའི་སྲུང་མ་རྣམས། །བསང་ངོ་མཆོད་དོ་བསྟན་སྲིད་མངའ་ཐང་སྤེལ། །དགྲ་སྒྲོལ་བགེགས་ཐུལ་བར་ཆད་དབྱིངས་སུ་སོལ། །སེར་སྐྱའི་གཞི་དང་བྱ་རྒོད་ཕུང་པོའི་རི། །རྡོར་གདན་སྤོས་ངད་ལྡང་རི་རྒྱལ་བྱེད་ཚལ། །ཀྲ་མ་ཤི་ལ་དང་ནི་ན་ལེན་ཏྲ། །དབུས་འགྱུར་གྲོང་ཁྱེར་དྲུག་དང་རྩྭ་མཆོག་གྲོང་། །བྱ་རུང་ཁ་ཤོར་ཨ་སུ་རའི་བྲག་སོགས། །རྒྱ་བལ་ཁ་ཆེའི་གནས་དགོན་ཡུལ་ལྷ་རྣམས། །བསང་ངོ་མཆོད་དོ་ཐུབ་བསྟན་སྲུང་ཞིང་སྤེལ། །དགྲ་བགེགས་དམ་སྲི་བར་གཅོད་མིང་མེད་མཛོད། །ས་སྐྱ་དགེ་ལྡན་ཀར་འབྲུག་ཇོ་ནང་པ། །སྨིན་གླིང་རྡོར་བྲག་མཚུར་ཐེལ་འུག་པ་ལུང་། །ཀཿཐོག་དཔལ་ཡུལ་དཔལ་སྤུང་དཔལ་འབྱུང་དགོན། །རྫོགས་ཆེན་ཟེ་ཆེན་རྩང་ཆེན་འཁོར་ལོ་གདོང་། །ལྷ་རྩེ་ལྷ་སྒང་ལྷ་སྟེང་ལྷ་རི་ཡག །འཛམ་ཐང་ཡར་ཐང་དར་ཐང་མེ་ལོང་ཐང་། །ཀ་བཞི་རྒྱལ་འཕགས་གཡུ་མཁར་ལྕུམ་ལུང་མདོ། །གནས་དགོན་མ་ལུས་ཀུན་གྱི་སྲུང་མ་རྣམས། །བསང་ངོ་མཆོད་དོ་མདོ་སྔགས་བསྟན་པ་སྲུངས། །དགྲ་སོད་བདུད་ཟློག་རབ་འབྱམས་ལས་འགྲུབ་མཛོད། །བླ་སྒང་ལྷ་ལྡན་བསམ་ཡས་ཁྲ་འབྲུག་དང་། །ལྷོ་བྲག་ཡར་ལུང་གུང་ཐང་མཆིམས་བྲག་གནུབས། །ཙ་རི་ཙ་གོང་ཙར་ཡ་ཙ་འདྲ་ལག །རྫོང་གནས་གཙོ་གནས་བ་གནས་བསོ་ཐོག་གནས། །ཐུགས་ཆེན་མུ་རྡོ་ཁོང་ཡུལ་ཝ་སེང་བྲག །ཁྱད་འཕགས་གནས་ཡུལ་གཏེར་གྱི་སྲུང་མ་རྣམས། །བསང་ངོ་མཆོད་དོ་དགྲ་གདོན་དམ་སྲི་ཟློག །ཆོས་མཐུན་བསམ་པ་ཡིད་བཞིན་མྱུར་འགྲུབ་མཛོད། །བདེ་གཤེགས་འབུམ་རྫོངས་དཔལ་རི་བདེ་ཆེན་རྫོངས། །ལྷུན་གྲུབ་རྫོངས་དང་དབང་དྲག་རོལ་བའི་རྫོངས། །འཆི་མེད་གྲུབ་རྫོངས་གསང་ཆེན་རྡོ་བྲག་རྫོངས། །རྨོག་ཆེན་རྣམ་རྒྱལ་བྲག་རྫོངས་བདུན་གྱིས་མཚོན། །ཁྱད་འཕགས་གནས་ཆེན་ཉེར་ལྔ་འདབ་འབྲེལ་བའི། །གནས་སྲུང་གཏེར་བདག་ཡུལ་ལྷ་གཞི་བདག་རྣམས། །བསང་ངོ་མཆོད་དོ་འབྲལ་མེད་སྲུང་ཞིང་སྐྱོབས། །དགྲ་སོད་བགེགས་ཐུལ་རབ་འབྱམས་ལས་འགྲུབ་མཛོད། །མགུར་ལྷ་དགེ་བསྙེན་བསྟན་སྐྱོང་ཡང་མའི་ཚོགས། །ལྗོངས་ལྔ་གླིང་གསུམ་མཚོ་བཞི་གངས་ཉེར་གཅིག །མངའ་རི་སྐོར་གསུམ་དབུས་གཙང་རི་བཞི་དང་། །མདོ་ཁམས་སྒང་དྲུག་གནས་གཏེར་ཡུལ་གཞིའི་བདག །བསང་ངོ་མཆོད་དོ་འབྱོར་དྲུག་འཕེལ་རྒྱས་བསྟན། །དགྲ་གདོན་བརླག་སོགས་གང་བརྩམས་ལས་འགྲུབ་མཛོད། །རྨ་རྒྱལ་སྤོམ་ར་རྡོ་རྗེ་དྲག་མོ་ཡུམ། །དགྲ་འདུལ་དབང་ཕྱུག་རྨ་སྡེ་རོལ་པ་དགུ། །རྩེ་བླ་བཅུ་གསུམ་གྲོགས་རི་དྲལ་ལྕམ་སོགས། །རྨ་ལུང་ཁུག་གསུམ་རྒྱུད་ཀྱི་ཡུལ་ལྷ་རྣམས། །བསང་ངོ་མཆོད་དོ་རྨ་གཡང་ཆར་ལྟར་ཕོབས། །དགྲ་གདོན་དམ་སྲི་མིང་མེད་བརླག་པར་མཛོད། །གཉན་པོ་གཡུ་རྩེ་བཙུན་མོ་སྲས་བློན་འབངས། །སྔོ་མཚོ་བྱིས་མཚོ་ལུང་མཚོ་རྡོ་རའི་མཚོ། །མཚོ་སྨན་ཡང་སྨན་གཉན་གྱི་དམག་དཔུང་ཚོགས། །སྒོ་སྲུང་རྣམ་བཞི་འཁོར་དང་ཡང་འཁོར་བཅས། །བསང་ངོ་མཆོད་དོ་དགྲ་རྐུན་འཚེ་བ་ཟློག །མགོན་སྐྱབས་སྡོང་གྲོགས་གཡེལ་བ་མེད་པར་མཛོད། །ལྷ་ཡོན་ཐོད་དཀར་ཥེ་རྩེ་གཉན་ཆེན་དང་། །སྦྲང་གཉན་བསེ་ཁྲབ་བན་འབྱུང་ཁྱོ་མཆོག་དང་། །ཡོ་ཀི་དཀར་ཆེན་ངེ་དོང་སྤུན་གསུམ་སོགས། །རྔ་ཡུལ་སྟོད་སྨད་བར་གསུམ་ཡུལ་ལྷ་རྣམས། །བསང་ངོ་མཆོད་དོ་རྟག་ཏུ་སྲུང་ཞིང་སྐྱོབས། །དགྲ་རྐུན་བར་ཆད་དམ་སྲི་མིང་མེད་མཛོད། །རྫ་ཆེན་གསེར་ཁྲབ་ལྕགས་རྩེ་ལྷ་ཡེར་སྤུན། །འཛམ་རི་སྟོང་དཔོན་དར་ཐང་འབའ་ལྷ་རྩེ། །རྡོ་བླ་མོ་རྣོན་རི་བཟང་ཐང་ཡག་སོགས། །རྡོ་འཛི་སྨར་གསུམ་ཡུལ་སྐྱོང་གནས་གཞིའི་བདག །བསང་ངོ་མཆོད་དོ་མགོན་སྐྱབས་སྲུང་མ་གྱིས། །དགྲ་ཇག་ཆོམ་རྐུན་རྡུལ་དུ་བརླག་པར་མཛོད། །པདྨ་རི་མཐོ་སྟག་རྣ་རྨ་སྡེ་དགུ། །གཉན་རྗེ་སྟོང་དཔོན་སྨན་རྩེ་ཨ་ལྕགས་གངས། །མཚོ་སྙིང་སྤྲེལ་རྫོང་དུང་རི་འབུམ་གླིང་བདག །སྐུ་འབུམ་སྲུང་མ་བྱང་རྒྱུད་ཡུལ་ལྷ་རྣམས། །བསང་ངོ་མཆོད་དོ་དཔལ་འབྱོར་འཕེལ་དར་བརྟན། །དགྲ་གདོན་དམ་སྲི་མིང་ལྷག་མེད་པར་མཛོད། །ཟིལ་ཕྲོམ་གེར་འཛོ་གཟི་འབར་རྫ་འཕན་ཕྱུག །ཁ་བ་ལབ་རི་འབྲོང་རི་སྤེན་ནེ་རི། །སྦ་རོང་བྲག་དཀར་བཞག་ར་ལྷ་རྩེ་དང་། །ཕག་མོ་རི་སོགས་ལྷོ་རྒྱུད་སྲུང་མ་རྣམས། །བསང་ངོ་མཆོད་དོ་དགྲ་རྐུན་ཐལ་བར་རློགས། །བར་ཆད་ཀུན་སོལ་འབྲལ་མེད་སྡོང་གྲོགས་མཛོད། །རྡོ་རྗེ་གཡུ་ཕྲོམ་ཡུམ་བཞི་སྲས་དགུ་དང་། །གནས་ལུང་གདུགས་ཆེན་གཡུ་སྙིང་མཁར་སྟོད་སྨད། །དུང་རྩེ་དྲལ་ལྕམ་སྐུ་བླ་དངུལ་རྫི་སོགས། །གཡུ་འཁོར་སུམ་བརྒྱ་དྲུག་ཅུ་ཡང་འཁོར་བཅས། །བསང་ངོ་མཆོད་དོ་དགྲ་རྐུན་ཆམ་ལ་ཕོབས། །གཞིར་སྡོད་སྲུང་མ་བྱེས་བགྲོད་ལམ་ལྷ་མཛོད། །ནོར་བུ་རྩེ་རྒྱལ་གནས་སྲུང་གཏེར་གྱི་བདག །བྲག་དམར་རྨོག་མཐོ་རྡོ་རྗེ་དགྲ་འཇོམ་རྩལ། །རི་དཀར་བཀྲ་ཤིས་གནས་རྫོངས་རྒོད་ལྡེམ་ཅན། །རྡོ་རྗེ་རབ་བརྟན་ཤ་ཁྲོན་སྟག་རྣ་སོགས། །ཆུ་དབར་རྫ་བྲག་མདོ་མུར་ཙ་ཡུལ་ལྷ། །གནས་གཏེར་སྲུང་མ་ཟོ་དོར་འཁོར་བཅས་རྣམས། །བསང་ངོ་མཆོད་དོ་གནས་མགྲོན་དམ་ཚིག་སྲུང་། །ཁྱུང་འབྲུག་སེང་སྟག་ར་ཁང་ཁྲབ་གྱོན་དང། །སྙེ་ནམ་བབ་ཟིལ་གནས་གསར་གནས་རྫོངས་མཚོ། །མཚོ་མཐོན་ཁྲོ་ཆེན་ཁྲོ་ཆུ་དམ་པ་དང་། །ཚ་བ་ཁག་གསུམ་པ་ཝཾ་ཆུ་བྲག་སོགས། །རྒྱལ་མོ་ཚ་རོང་སྟོད་སྨད་བར་གསུམ་གྱི། །གནས་བདག་གཏེར་སྲུང་ཡུལ་ལྷ་ཟོ་དོར་རྣམས། །བསང་ངོ་མཆོད་དོ་དགྲ་རྐུན་མིང་མེད་ཐོངས། །རེ་སྨོན་མྱུར་དུ་འགྲུབ་པའི་བཀྲ་ཤིས་སྩོལ། །བེ་ཏ་རྩེ་སོགས་ལྔ་ལྡན་གོའུ་དེ་ཤན། །འོ་མེས་ཤན་དང་གྱིམ་ཤན་ཅ་ཏིས་ཧྭ། །ཁྲི་སྒོ་མ་ཧ་ཙྭི་ན་པེ་ཀྱང་པོ། །རི་བོ་གྲུ་འཛིན་དུང་རི་འོད་དེ་ཤན། །ལྕང་སྐྱ་ཇོ་ནེ་ཁལ་ཁ་ཏན་ཏིག་སོགས། །རྒྱ་ནག་སོག་ཡུལ་གནས་དགོན་གཞི་བདག་རྣམས། །བསང་ངོ་མཆོད་དོ་དགྲ་གདོན་མིང་མེད་ཐོངས། །མདོ་སྔགས་བསྟན་པ་མི་ཉམས་གོང་འཕེལ་མཛོད། །ཀློ་མོན་ཧོར་སོགས་འཛམ་གླིང་སྲིད་པ་གསུམ། །མི་མཇེད་འཇིག་རྟེན་བསྐལ་པ་བཟང་པོ་པའི། །སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱས་མཚོན། །མཁའ་མཉམ་ཞིང་གི་མགྲོན་བཞི་མ་ལུས་ཀུན། །བསང་ངོ་མཆོད་དོ་ཐམས་ཅད་མཉེས་ཚིམས་ནས། །འགྲོ་ཀུན་རྟག་ཏུ་ཕུན་ཚོགས་དཔལ་ལ་རོལ། །འགལ་རྐྱེན་ཕྱི་ནང་གསང་བའི་བར་ཆད་ཞི། །མཐུན་རྐྱེན་བསམ་དོན་ཆོས་བཞིན་འགྲུབ་གྱུར་ཅིག། ཅེས་འཛམ་གླིང་སྤྱི་བསང་ཟག་མེད་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་འདི་ཡང་། སྔགས་ནག་འཇིགས་མེད་རྣམ་རྒྱལ་བས་བྲིས་པ་དགེ་བར་གྱུར་ཅིག།