དགའ་མ་གདོང་གི་གནས་བདག་ལྷ་སྨན་ཆེན་མོའི་བསང་མཆོད།

༄༅། དགའ་མ་གདོང་གི་གནས་བདག་ལྷ་སྨན་ཆེན་མོའི་བསང་མཆོད་ལྷ་མིའི་འདོད་འབྱུང་བཞུགས། ཨོཾ་སྭ་སྟི་སིདྡྷཾ། འདིར་ལྷ་སྨན་དུང་ལྕམ་དཀར་མོ་ལ་བསང་མཆོད་བྱེད་པར་འདོད་པས། རིན་པོ་ཆེའི་སྣོད་དུ་གཙང་ཕྱེ་འོ་ཆབ་ཀྱིས་སྦྲུས་པས་དཀར་ཟླུམ་རྒྱན་ལྡན་བཤོས་ཕྲན་བཞིས་བསྐོར་བ་བཅས་ལ། དཀར་མངར་ཟས་སྣ་ཤེལ་ཚིག་འབྲུ་སྨན་སོགས་ཀྱིས་བརྒྱན་པ་དང་། ཕུད་སྐྱེམས་འོ་ཆོལ་བཤམས། བཟང་ཤིང་སྣ་དགུའི་དུད་སྤྲིན་རྒྱ་ཆེར་བཏང་ལ། འབྲུ་གསུམ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྒྱ་ཆེར་སྤེལ་ནས། ཀྱཻ། ཀ་དག་གཞི་དབྱིངས་འཕོ་འགྱུར་བྲལ་བའི་གདངས། །ལྷུན་གྲུབ་འགགས་མེད་ཡེ་ཤེས་རོལ་པའི་རྩལ། །ཐུགས་རྗེའི་སྒྱུ་འཕྲུལ་སྲིད་ཞིའི་ཟློས་གར་མདངས། །བསམ་བརྗོད་བློ་ཡིས་དཔོག་མིན་མཁའ་དང་མཉམ། །འཁོར་ལོས་བསྒྱུར་རྒྱལ་ཡུལ་འཁོར་སྲུང་གི་སྲས། །ཆོས་ཀྱི་བློ་གྲོས་སྲིད་ཁམས་དབང་པོར་བསྟན། །འདྲེན་མཆོག་སྟོང་གི་ཆོས་འཁོར་ཞུ་བ་པོ། །བསྐལ་བཟང་སངས་རྒྱས་ཚངས་པ་ཆེན་པོ་ཡིས། །དབང་བསྒྱུར་སྟོང་གསུམ་མི་མཇེད་བྱེ་བ་བརྒྱའི། །ནང་ཚན་འཇིག་རྟེན་ཁམས་འདིའི་ལྷོ་ཕྱོགས་གླིང་། །གངས་ཅན་བོད་ཀྱི་ཤར་ཕྱོགས་རྒྱལ་མོ་རོང་། །གཡི་ལུང་ཉིན་གྱི་ཆར་གཏོགས་དགའ་མ་གདོང་། །ཡིད་སྨོན་བཀྲ་ཤིས་ཚལ་ལ་བརྟེན་གནས་པའི། །སྨན་བཙུན་དུང་ལྕམ་དཀར་མོ་འདོད་སྟེར་མ། །ཡིད་འོང་མཛེས་འཛུམ་ལྗང་སྔོན་གོ་ཟུ་དང་། །བེར་དཀར་གསེར་ཚོམ་ཅན་གསོལ་དར་སྐེད་བཅིང་། །གོས་མཆོག་སྔོ་ལྗང་ཐུ་བ་འཇའ་རིས་བཀྲ། །མཐོན་མཐིང་དབུ་སྐྲའི་ལན་ཕྲེང་མཛེས་པའི་སྟེང་། །སྦུར་ལེན་ལྷ་ཀླུ་མི་ཡི་ནོར་བུས་བརྒྱན། །གཡུ་བྱུར་སྤེལ་མའི་དོ་ཤལ་མེ་ཏོག་ཕྲེང་། །རིན་ཆེན་སྣ་ཚོགས་རྒྱན་སྤྲས་མཆོག་སྦྱིན་གྱིས། །བླང་དོར་ཀུན་གསལ་འཕྲུལ་གྱི་མེ་ལོང་དང་། །འདོད་འབྱུང་གཡུ་ཡི་བུམ་པ་ཐུགས་ཀར་འཛིན། །དར་འབོལ་སུམ་བརྩེགས་ཟ་འོག་ཁེབས་ལྡན་སྟེང་། །ལེགས་པར་བརྟན་བཞུགས་ཞི་རྒྱས་ཕྲིན་ལས་སྩོལ། །ཕལ་ཆེར་དབང་མདོག་དབང་གི་གོས་རྒྱན་ཅན། །ལྕགས་ཀྱུ་ཞགས་བསྣམས་གསེར་ཤ་ཡུ་མོ་བཅིབས། །དབང་དང་དྲག་པོའི་ལས་ཀྱིས་རེ་བ་སྐོངས། །ཡུལ་གཞི་ས་ཡི་བདག་མོ་ལས་ཀྱི་ལྷ། །འདིར་བྱོན་མོས་བཤམས་གསས་མཁར་ལ་བཙས་དང་། །གཏེར་གྱི་བུམ་པ་སྲོག་བྱང་སྐུ་ཡི་རྟེན། །མཐུན་རྫས་རྟེན་ལ་དགྱེས་ཤིང་བརྟན་པར་བཞུགས། །སྔོན་ཚེ་རྟ་རྣ་རི་ལ་སྨན་སྤོས་ཤིང་། །རྩ་བ་ཙན་དན་སྡོང་པོའི་རྩེ་མོ་ལ། །ལྷ་ཤིང་སྣ་ཚོགས་གྱེས་པའི་འབྲས་བུ་རྣམས། །འཛམ་གླིང་ཁྱབ་པར་སྨིན་ཅིང་བརྡོལ་བ་ལས། །སྟག་པ་ཤུག་པ་མཁན་པ་ཕ་ཤིང་དང་། །སྤེན་མ་ལྗང་མ་བྲ་མ་མ་ཤིང་རིགས། །བལ་བུ་འོམ་བུ་སུར་བུ་བུ་ཤིང་ཚོགས། །གཞན་ཡང་དྲི་ལྡན་སྨན་སྤོས་བཟང་ཤིང་རིགས། །དབྱིངས་ཡུམ་འབྱུང་ལྔའི་ལྷ་མོའི་བྱིན་རླབས་ལས། །ལེགས་འཁྲུངས་སྔགས་རྒྱ་ཏིང་འཛིན་གྱིས་སྤེལ་བའི། །དགོས་འདོད་ཀུན་འབྱུང་ཡེ་ཤེས་བདུད་རྩིའི་སྤྲིན། །རབ་དཀར་ཆུ་འཛིན་ཕུང་པོར་ཅོ་འདྲི་བས། །འདིར་ཚོགས་ལྷ་མིའི་ཡོ་བྱད་རྫས་ཀུན་གྱིས། །མནོལ་རྩོག་གྲིབ་དང་མ་དག་མི་གཙང་རྣམས། །ཆོས་དབྱིངས་རྣམ་དག་རྒྱུ་འབྲས་བསླུ་མེད་མཐུས། །ལྷག་མེད་དབྱིངས་སུ་བསང་ཞིང་དག་གྱུར་ཅིག །ཤིང་རིས་རླུང་རྟ་ནམ་རྒྱང་མདའ་དང་འཕང་། །དར་ཚོན་བལ་ཚོན་བྱ་སྤུ་དགྱེས་མཐུན་རྫས། །གཏོར་སྐྱེམས་ཕྱེ་མར་ཤེལ་ཚིག་ཟས་སྣའི་ཕུད། །མཆོད་རྫས་འདི་རྣམས་དགྱེས་པར་བཞེས་སུ་གསོལ། །ཀི་བསྭོ་དུང་གླིང་དབྱངས་རོལ་བརྡས་བསྐུལ་ཚེ། །ཁུ་བྱུག་སོས་ཀའི་མགྲོན་ལ་ཆས་པ་བཞིན། །གེ་སར་གསར་དུ་བཞད་པའི་ལང་ཚོ་ལྟར། །ངོ་དཀར་འཛུམ་པའི་མདངས་ཀྱིས་ད་ཚུར་བྱོན། །ཅི་འདོད་མི་ཟད་སྣང་བ་རོལ་མོའི་སྤྲིན། །ཆུ་བྲག་དགའ་ཚལ་བདག་མོས་ཡོངས་བཞེས་ལ། །ཇེ་ཉེ་ཇེ་གདུང་མི་འབྲལ་གྲོགས་བགྱིད་ཅིང་། །ཉོ་ཚོང་རྒྱན་སོགས་དོན་གཉེར་རྒྱལ་ཁ་ལོངས། །ཏི་རའི་ཁྲོད་དང་དབེན་སྟོང་སྲང་ནས་ཀྱང་། །ཐུ་བ་ལོངས་སྤྱོད་ནོར་གྱིས་གང་མཛོད་ལ། །དེ་ལ་ཕྲག་ཏོག་གནོད་པའི་བསམ་སྤྱོད་ཅན། །ནོ་པི་ཀ་ཡི་སྦུར་མ་རླུང་ལ་སྐུར། །པི་ཝཾ་གདངས་བཞིན་གཡོ་ཟོལ་སྙན་སྒྲོགས་ཤིང་། །ཕུ་ནས་ཤྭ་འུད་བརྡོལ་འདྲའི་ངན་ཤོམ་རྣམས། །བེ་ཤིང་ཚལ་ལ་ཞུགས་ཆེན་མཆེད་པ་བཞིན། །མོ་རྒྱུད་སྡེ་བརྒྱད་རྗེ་མོས་ཕུངས་སུ་ཆུགས། །ཙི་ན་ཧོར་སོག་ཀློ་མོན་དགྲ་སྡེའི་དཔུང་། །ཚུ་རོལ་འདིར་སྣང་བདེ་སྐྱིད་འཇོམས་པའི་རིགས། །ཛེ་ཏའི་ཚལ་དབུས་མུ་སྟེགས་དཔུང་བཅོམ་ལྟར། །ཝོ་རེ་བསྡུས་ལ་བསྲུང་མཚམས་ཕ་མཐར་སྐྲོད། །ཞི་བས་མི་ཐུལ་མུ་སྟེགས་མཐའ་བཞིའི་དམག །ཟུ་ལེ་སྨན་སོགས་བསྟན་མའི་གཡར་དམ་བཞིན། །འེ་ཞེས་འབོད་ཀྱིན་བྲོས་འཐོར་བྱེར་བར་གྱིས། །ཡོ་ལངས་ཆོ་འཕྲུལ་སྟོན་ལ་ལྷག་མེད་ཐོངས། །རི་དབང་ལྟ་བུར་ཡུལ་གྲོགས་རྟག་བརྟན་ཞིང་། །ལུ་མའི་རྒྱུན་ལྟར་བསྟན་སྲིད་རིང་དུ་གནས། །ཤེ་འཕེལ་བཞོན་ལེགས་མི་ཕྱུགས་བདེ་ཞིང་སྐྱིད། །སོ་ནམ་ལས་ཀ་ཅི་བཞེད་མྱུར་འགྲུབ་མཛོད། །ཧི་མ་ལའི་མཚོན་ཉེར་བཞིའི་གནས་ཀྱི་དཔལ། །ཨུ་ཙ་ལ་སོགས་དུར་ཁྲོད་བརྒྱད་ཀྱི་དཔལ། །ཧེ་རུ་ཀ་ཡི་གནས་བཅུའི་དཔལ་ཀུན་འབྱོར། །ཨོ་རྒྱན་གླིང་བཞིན་ལྗོངས་འདི་འཕེལ་བརྟན་མཛོད། །ལྷ་ཤིང་དུད་པས་མི་བསང་གང་ཡང་མེད། །བདུད་རྩིའི་ཆབ་ཀྱིས་མི་འདག་གང་ཡང་མེད། །འཆི་མེད་སྨན་གྱིས་མི་འཚོ་གང་ཡང་མེད། །བཟང་ཤིང་སྨན་སྤོས་བསྲེགས་པའི་དུད་སྤྲིན་འདིས། །འདོད་དགུའི་དཔལ་སྟེར་ལྷ་སྨན་གཙོ་མོ་བསང་། །དགྱེས་སྐོང་ཀླུ་དང་བཙན་གྱི་རྗེ་བོ་བསང་། །འབྲུ་བཅུད་དཔལ་འཛིན་ཀླུ་ཡི་སྲས་མོ་བསང་། །ཟས་སྐོམ་གྲོགས་སྦྱིན་བཙན་གྱི་སྲས་པོ་བསང་། །བཀའ་ཉན་ཀླུ་གཉན་བཙན་གཏོད་འཁོར་ཚོགས་བསང་། །མནོལ་གྲིབ་བསངས་ཤིང་རྨོངས་འཐིབ་སངས་གྱུར་ཅིག །ཉམས་པ་གསོས་ལ་རྒུད་པ་དར་གྱུར་ཅིག །དགྱེས་པ་སྐོངས་ལ་བཞེད་པ་འགྲུབ་གྱུར་ཅིག །ཕོག་ཐུག་འཁོན་འགྲམ་འཁྲུགས་པ་ཞི་གྱུར་ཅིག །ལྷ་མི་མཐུན་འགྲོགས་བྱམས་བརྩེ་རྒྱུན་ལྡན་ཤོག །དེ་ལྟར་བསང་མཆོད་ཕུལ་བའི་ཡོན་ཏན་གྱིས། །ནད་གདོན་འཇིགས་བརྒྱད་བར་ཆད་དབྱིངས་སུ་ཞི༵། །ཚེ་བསོད་དཔལ་འབྱོར་ལེགས་ཚོགས་འཕེལ་ཞིང་རྒྱ༵ས། །ལྷ་འདྲེ་མི་གསུམ་བསྐུལ་མངག་བཀོལ་སོགས་དབ༵ང་། །དགྲ་ཇག་ཆོམ་རྐུན་གཅན་གཟན་གནོད་སེམས་བྲལ། །སད་སེར་བཙའ་ཐན་མི་འབྱུང་ལོ་ཏོག་ལེགས། །གོད་ཡམས་མི་འོང་མི་ཕྱུགས་ཟས་ནོར་འཛོམས། །མནའ་ལྐུགས་རྔོན་སོགས་མི་དགེ་རིམ་གྱིས་ཉམས། །བཤད་སྒྲུབ་རྟོགས་གྲོལ་དགེ་ལས་རིམ་གྱིས་འཕེལ། །བསྟན་སྐྱོང་རྒྱལ་པོའི་མངའ་ཐང་དར་ཞིང་རྒྱས། །བསྟན་སྲིད་ཡར་འཕེལ་དོན་གཉིས་ཆོས་བཞིན་འགྲུབ། །བསྟན་བཅུད་ཉམས་ལོན་འོད་ལུས་མྱུར་འགྲུབ་ཤོག །སྔོན་ཚེ་པད་འབྱུང་བཻ་རོ་ཡབ་སྲས་དང་། །བར་དུ་དཔལ་གྱི་རྡོ་རྗེ་ཀརྨ་པ། །དེ་རྗེས་སྙིང་པོའི་མཚན་ཅན་རྣམ་གཉིས་ཀྱིས། །བཀའ་བསྒོས་དམ་བསྒྲགས་ཁས་བླངས་མཛད་པ་ལྟར། །མཛེས་མཛེས་ལང་ཚོས་སྒེག་པའི་ལྷ་སྨན་ཁྱོད། །དུང་དུང་གདུང་བས་བྱམས་ཤིང་བརྩེར་དགོངས་ནས། །ལྷག་ལྷག་བལྟ་བས་མི་ངོམས་སྦྱིན་སྐྱེས་ཞལ། །ཡང་ཡང་སྟོན་ལ་གཡེལ་མེད་སྡོང་གྲོགས་མཛོད། །བསང་བྱའི་ལྷར་འཛིན་རིག་རྩལ་སྒྱུ་མའི་འཕྲུལ། །བསང་བྱེད་བདག་འཛིན་འཁྲུལ་རྟོག་རྨི་ལམ་གཟུགས། །བསང་ཡུལ་བཟང་ཞེན་མཁའ་ལྟར་ཡེ་ནས་སྟོང་། །འཁོར་གསུམ་བརྟགས་ན་བསམ་བརྗོད་གཞི་རྩ་བྲལ། །འོན་ཀྱང་རྨི་ལམ་ལྟ་བུའི་ལྗོངས་འདི་རུ། །སྒྱུ་མ་ལྟ་བུའི་བསང་མཆོད་འབྲས་སྨིན་ནས། །གཟུགས་བརྙན་ལྟ་བུའི་རང་གཞན་སེམས་ལྡན་ཀུན། །སྤྲུལ་པ་ལྟ་བུའི་དཔལ་ཡོན་རྟག་སྤྱོད་ཤོག །ཅེས་དགའ་མ་གདོང་གི་ལྷ་སྨན་མའི་བསང་མཆོད་ལྷ་མིའི་འདོད་འབྱུང་ཞེས་བྱ་བ་འདི་ཡང་མགོ་སྤྲུལ་གྱིས་རང་ལ་མཁོ་ཕྱིར་ཤར་མར་བྲིས་པའོ།།