གནས་གཞིའི་བདག་མོའི་བསང་བསྡུས།

༄༅། གནས་གཞིའི་བདག་མོའི་བསང་བསྡུས་སྨོན་པ་མྱུར་འགྲུབ་བཞུགས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཧྲཱིཿ གཡི་རོང་སྲིབ་ཕྱོགས་མཐོ་བརྗིད་དབེན་པའི་རིར། །བརྟེན་མཛད་ཡུལ་སའི་དབང་པོ་ལྷ་གཉན་རྗེ། །སྐུ་བླ་དུང་རྩེ་བསྟན་པའི་བསྲུང་མ་ཆེ། །སྐུ་ཡི་མཆེད་པོ་གསེས་མཁར་མཁར་བདུད་བཙན་དང་། །གཉན་སྲས་གཟི་བརྗིད་མཆོག་ལྡན་དཔའ་རྩལ་ཅན། །པདྨ་དྲེགས་འདུལ་ལྷ་རྒོད་དགྲ་འདུལ་དང་། །ངེས་ལེགས་སྲུང་མ་ཝ་རུ་ཎ་ལ་སོགས། །བཙུན་མོ་སྲས་བློན་འཁོར་བཅས་འདིར་བྱོན་ལ། །འདོད་འབྱུང་ཟག་མེད་བདུད་རྩིའི་བསང་མཆོད་བཞེས། །རྣལ་འབྱོར་བསམ་དོན་མ་ལུས་མྱུར་འགྲུབ་མཛོད། །ཀྱཻ། མདོ་ཁམས་ཟལ་མོ་སྒང་འདབས་རྒྱལ་མོ་རོང་། །གཡི་ལུང་ཉིན་རི་མཐོ་མཛེས་དགའ་མ་གདོང་། །ཡིད་སྨོན་བཀྲ་ཤིས་ཚལ་གནས་ལྷ་སྨན་གཙོ། །དུང་ལྕམ་དཀར་མོ་འདོད་དགུའི་དཔལ་སྟེར་མ། །ལས་བཞི་སྒྲུབ་མཛད་འཁོར་བཅས་འདིར་བྱོན་ལ། །འདོད་འབྱུང་ཟག་མེད་བདུད་རྩིའི་བསང་མཆོད་བཞེས། །རེ་སྨོན་ཡིད་བཞིན་མྱུར་དུ་འགྲུབ་པ་དང་། །ལྷ་མི་མཐུན་འགྲོགས་བྱམས་བརྩེ་རྒྱུན་ལྡན་མཛོད། །རྒྱལ་རིགས་ཀླུ་ཆེན་བསོད་ནམས་དཔལ་འབྱུང་དང་། །སྲས་མོ་དཔལ་འཛིན་མཚོ་མོ་འཁོར་བཅས་བྱོན། །འདོད་འབྱུང་ཡེ་ཤེས་བདུད་རྩིའི་བསང་སྤྲིན་བཞེས། །ཕྱྭ་འཁོར་གཡང་ཆགས་ལོ་ལེགས་འབྲུ་འཕེལ་མཛོད། །བཀྲ་ཤིས་ཚལ་བཙན་དབང་ཆེན་རབ་འབར་དང་། །བཙན་སྲས་ཟས་སྐོམ་གྲོགས་སྦྱིན་འཁོར་བཅས་བྱོན། །འདོད་འབྱུང་ཟག་མེད་བདུད་རྩིའི་བསང་མཆོད་བཞེས། །མི་དར་ཕྱུགས་འཕེལ་ལོངས་སྤྱོད་རྒྱས་པར་མཛོད། །ལྷ་སྨན་འདོད་དགུའི་དཔལ་སྟེར་བཀའ་སྒྲུབ་པའི། །སྨན་མོ་ཡང་སྨན་ཀླུ་གཉན་བཙན་དང་གཏོད། །ཐམས་ཅད་འདིར་བྱོན་འདོད་འབྱུང་བསང་སྤྲིན་བཞེས། །བསམ་པའི་དོན་རྣམས་མྱུར་དུ་འགྲུབ་པར་མཛོད། །སྨན་བཙུན་དུང་ལྕམ་དཀར་མོ་འཁོར་བཅས་རྣམས། །བསང་མཆོད་འདོད་དགུའི་སྤྲིན་འདིས་དགྱེས་མཛོད་ལ། །ཕྱྭ་གཡང་འཕེལ་བརྟན་བཙན་ཕྱུག་འཕན་དར་འཛོམས། །རེ་ཞིང་སྨོན་པ་མཐའ་དག་མྱུར་འགྲུབ་མཛོད། །ཅེས་གནས་གཞིའི་བདག་མོའི་བསང་བསྡུས་སྨོན་པ་མྱུར་འགྲུབ་འདི་ཡང་མགོ་སྤྲུལ་གྱིས་རང་གི་རྒྱུན་བསང་དུ་འཛུད་རྒྱུར་བྲིས་པ་དགེའོ།།