གྱུ་ཁུག་ཆུ་དཀར་གྱི་བསང་།

༄༅། ཡུལ་ལྷའི་བསང་མཆོད་བཀྲ་ཤིས་ཆར་འབེབས་བཞུགས། ཀྱཻ། མདོ་སྨད་རྒྱལ་མོ་རོང་གི་སྟོད། །བདུད་རྩིའི་འོ་ཆབ་ཟུང་འབྲེལ་དབུས། །འཁྱིལ་བ་མཚོ་ལ་མངའ་མཛད་ཅིང་། །སྲ་བ་རྫ་བྲག་ལ་བརྟེན་པའི། །གཉན་སྲས་གཡུང་དྲུང་ལྷ་རྩེ་ཞེས། །མི་དཀར་རྟ་དཀར་དཔའ་ཆས་ཅན། །དར་དཀར་རུ་མཚོན་ནོར་བུ་བསྣམས། །དཀར་ཕྱོགས་སྐྱོང་བའི་འཁོར་དང་བཅས། །འདིར་སྤྱོན་བསང་གི་མཆོད་པ་བཞེས། །ལྷ་གཉན་རྡོ་རྗེ་ཞལ་དཀར་དང་། །རྗེས་རིགས་ཀླུ་མོ་དུང་མཚོ་དང་། །འབྲི་བོམ་ནས་ཏེའུ་ཕྱུག་མོ་སོགས། །ཡུལ་འདིར་གཉུག་མར་གནས་པ་རྣམས། །འཁོར་བཅས་འདིར་བྱོན་བསང་མཆོད་བཞེས། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ནས། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ནད་གདོན་འཐབ་འཛིང་རྩོད་པ་སོལ། །དགྲ་རྐུན་གཅན་གཟན་གནོད་པ་ཟློག །བེའུ་ལུག་རྟ་ཕྱུག་འཕེལ་བར་མཛོད། །ཅི་བསམ་ཡིད་བཞིན་འགྲུབ་པར་མཛོད།། ཅེས་པའང་མགོ་སྤྲུལ་བས་བྲིས་པ་དགེ་ལེགས་འཕེལ།།