སྐུ་བླ་སྲིད་རྒྱལ་གྱི་བསང་མཆོད།

༄༅། སྐུ་བླ་སྲིད་རྒྱལ་གྱི་བསང་མཆོད་ནི། ཀྱཻ། ཡུལ་ནི་སྐུ་རྒྱལ་བོད་ཀྱི་ཡུལ། །ཁ་བ་ཅན་གྱི་རྒྱལ་མོ་རོང་། །རི་རྒྱལ་རྡོ་རྗེ་གཡུ་ཁྲོམ་མདུན། །སྐུ་བླ་སྲིད་རྒྱལ་གཉན་པོ་ནི། །སྐུ་མདོག་དཀར་ལ་ཅུང་ཟད་དམར། །དར་དཀར་གོ་བེར་དུང་ཁྲབ་དང་། །དུང་རྨོག་རྒོད་ཀྱི་རྨོག་ཞུ་གསོལ། །གཡས་ན་དར་དཀར་རུ་མཚོན་ཕྱར། །གཡོན་པས་གཏེར་གྱི་བུམ་པ་བསྣམས། །སྟག་རལ་གཡས་ལ་གཟིག་ཤུབ་གཡོན། །འཁོར་གསུམ་བསྐོར་ཞིང་བཞད་སྒྲ་སྒྲོགས། །ལྷ་གཡག་གྭ་པ་ཆིབས་སུ་བཅིབས། །མྱུར་མགྱོག་བར་སྣང་གློག་ལྟར་མགྱོགས། །ཡབ་ཡུམ་བཙུན་མོ་བློན་འབངས་བཅས། །འཁོར་བཅས་གནས་འདིར་སྤྱན་འདྲེན་ནོ། །བསང་ཤིང་ལྷ་ཤིང་སྣ་ཚོགས་དང་། །ཕྱེ་མར་འོ་སྐོལ་ཤ་མར་ཆང་། །དཀར་གསུམ་མངར་གསུམ་ཟས་སྣའི་ཕུད། །མདའ་དར་བལ་ཚོན་བྱ་སྤུ་དང་། །ཤེལ་ཚིག་ཁྲི་དཀར་སྟོང་ནག་དང་། །གཡག་ལུག་ར་གསུམ་རྐང་འགྲོས་ཚོགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ། །ཟོ་དོར་སྐུ་བླ་སྲིད་རྒྱལ་གྱི། །གཡས་རི་གཡོན་རི་མདུན་རྒྱབ་རི། །གཞི་བདག་གནས་བདག་དཀོར་བདག་དང་། །ཁྱད་པར་བདག་ཅག་དཔོན་སློབ་ཀྱི། །མགོན་སྐྱབས་དཔུང་གཉེན་མཛད་པའི་ལྷ། །མགྲོན་རྣམས་མ་ལུས་ཐམས་ཅད་བསང་། །གནས་འདིར་ས་བདག་ཀླུ་དང་གཉན། །དཀོར་ནོར་བསྲུང་བྱེད་ལྷ་རྣམས་བསང་། །ཁྱེད་རྣམས་མཉེས་ཤིང་ཚིམ་གྱུར་ཅིག །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ནད་ཕྱུགས་ནད་མ་བཏང་ཅིག །བཙའ་སད་སེར་གསུམ་བསྲུང་དུ་གསོལ། །མགོན་སྐྱབས་དཔུང་གཉེན་དམ་པ་མཛོད། །གཞི་བྱེས་འགྲོ་འདུག་གང་བྱེད་ཀྱང་། །རྐུན་འདྲེ་རྐྱལ་ཁ་མ་བྱེད་ཅིག །སྔོན་བསུ་རྒྱབ་སྐྱོལ་ཟ་ཐང་སྤྲོད། །རྟ་ནོར་ཕྱུགས་གསུམ་འཕེལ་བར་མཛོད། །བསྟན་པ་ཕྱོགས་མེད་དར་བར་མཛོད། །འགྲོ་ན་མ་བཀག་སྡོད་མ་འཚེ། །ཅི་བསམ་འགྲུབ་པའི་སྡོང་གྲོགས་མཛོད། །གང་བཅོལ་ཕྲིན་ལས་འགྲུབ་པར་མཛོད། །