cover

རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

གླེགས་བམ། ཅ༽

ངག་དབང་བློ་བཟང་རྒྱ་མཚོ།

Nitartha international
Images scanned by BDRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཐམས་ཅད་མཁྱེན་པ་ལྔ་པ་ཆེན་མོའི་གསུང་འབུམ་པོད་ཅ་བའི་དཀར་ཆག


GLG005_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ལྔ་པ་ཆེན་མོའི་གསུང་འབུམ་པོད་ཅ་བའི་དཀར་ཆག་བཞུགས་སོ།


GLG005_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དབང་ཐམས་ཅད་མཁྱེན་པ་ཕྱག་ན་པདྨོ་ཀུན་གཟིགས་ལྔ་པ་ཆེན་པོའི་ཕྱིའི་རྣམ་པར་ཐར་པ་གསུངས་༼ཅ༽པ་དུ་ཀླུ་ལའི་གོས་བཟང་༼ཀ༽པ་དཀར་ཆག་དང་བཅས་པར་ཤོག་གྲངས་༣༦༢བཞུགས། །

ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་པའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་ལས་གླེགས་བམ་དང་པོ།


GLG005_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་པའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་ལས་གླེགས་བམ་དང་པོ་བཞུགས་སོ།།


GLG005_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པ་བརྗོད་པའི་སྒོ་དང་པོ། རིང་མོ་ཉིད་ནས་གོམས་པར་མཛད་པའི་སྤངས་རྟོགས་ཡོན་ཏན་རྩལ་གསུམ་རབ་རྒྱས་མི་འཇིགས་སེང་གེའི་རྒྱུད་ཀྱི་ང་རོའི་སྒྲ་དབྱངས་ཀྱིས། །


GLG005_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་ཚོགས་གཅན་གཟན་དྲེགས་སྙིང་ལྐོག་མར་ཐོན་དང་ལྷན་ཅིག་བདུད་བཞི་སྡེ་བཅས་གཡུལ་ལས་རྣམ་རྒྱལ་བ། །

ཤིས་བརྗོད་ཕྱག་བྱ་དང་། དངོས་པོ་ངེས་བསྟན་གྱི་སྒོ་ནས་རྩོམ་པར་དམ་བཅའ་བ།


GLG005_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དཔེའི་སྣང་བརྙན་རྟག་པའི་རང་བཞིན་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པས་སྐྱོབ་པ་གཞན་ལས་ཁྱད་པར་ཡོངས་བྱས་བདེ་ལྡན་མགོན། །དྲན་པས་མི་ཤིག་རྡོ་རྗེའི་སྲོག་གི་ཀ་བ་ཉེར་འཛུགས་འདྲེན་མཆོག་འོད་མཚན་སྟོང་དུ་འབར་བས་འཇིག་རྟེན་གསུམ་དུ་དགེ་ལེགས་སྩོལ། །ཤིས་པ་བརྗོད་པའི་སྒོ་གཉིས་པ། ཕྲ་རབ་རྡུལ་གྱི་གྲངས་ཀྱིས་མཚོན་མིན་ཐུབ་ཆེན་རྣམས་ཀྱི་མཁྱེན་དཔྱོད་ཕུང་པོའི་རང་གཟུགས་སིནྡྷུ་ཝཱ་རའི་ས་འཛིན་ལ། །རབ་བཀྲ་དབང་པོའི་གཞུ་རིས་ཀྱིས་ཀླུབས་བཅུ་དྲུག་ན་ཚོད་དར་དྲག་འདབ་སྟོང་ལྟེ་བར་ཟླ་བའི་གདན་ལ་འགྱིང་བག་སྐུ། །རྣམ་དཔྱོད་དཔུང་པས་ལེགས་བཏེག་ཤེས་རབ་རལ་གྲིའི་ཟེར་འཕྲེང་སྣང་བས་མི་ཤེས་མུན་པའི་དྲ་བ་མཐའ་དག་ཉེར་གཅོད་པ། །འཇམ་དཔལ་གཞོན་ནུའི་ངང་ཚུལ་འཛིན་ཀྱང་སྟོབས་བཅུ་མངའ་ཀུན་ཡབ་གྱུར་ཆེས་རྒན་ལྷ་ཁྱོད་ཞབས་


GLG005_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

སེན་སྙིང་གི་ཟེའུ་འབྲུར་བསྟེན། །ཤིས་པ་བརྗོད་པའི་སྒོ་གསུམ་པ། རྨད་བྱུང་བདེ་ཆེན་བདུད་རྩིར་སྤྱོད་ལས་འཆི་མེད་རོ་བརྒྱའི་བཅུད་ཀྱིས་ཆེར་མྱོས་མཛེས་སྡུག་ལང་ཚོའི་གར་མཁན་མ། །མཚན་བཟང་སྣང་བའི་གཟི་བྱིན་འབུམ་འབར་བླ་མེད་ཡེ་ཤེས་མཆོག་གི་ལུས་ཕྲའི་མི་ཕྱེད་མཛའ་བས་དམ་འཁྱུད་པ། །ཚེ་ཡི་དངོས་པོ་མཐའ་ཀླས་སྦྱིན་མཁས་བསམས་པ་ཙམ་གྱིས་འདོད་པའི་རེ་སྐོང་ཡིད་བཞིན་འཁོར་ལོ་དབང་གི་རྒྱལ། །མཁྱེན་བརྩེ་ནུས་པའི་ཡོན་ཏན་སྡོང་པོ་མ་སྨད་ཐུགས་རྗེའི་གྲིབ་ཏུ་བསིལ་བར་རྟག་ཏུ་བདེ་བའི་ངལ་གསོར་མཛོད། །ཤིས་པ་བརྗོད་པའི་སྒོ་བཞི་པ། ཤེལ་དཀར་རྡུལ་མང་བརྩེགས་པའི་ལྷུན་པོ་ཟླ་གཞོན་གྱིས་བྱུག་མཛེས་སྡུག་ཉམས་ཀྱི་འཇོ་སྒེག་ཅན། །པདྨའི་རྩ་བ་ལྟ་བུར་མཉེན་ལྕུག་ཕྱག་སོར་རྩེ་ན་འགྱུར་ཁུགས་སྟོང་གི་རྒྱུད་མངས་སྒྲ། །འཁྲོལ་དང་ཆབས་གཅིག་ཟབ་དང་རྒྱ་ཆེའི་དམ་པའི་ཆོས་ཀུན་གླུ་རུ་ལེན་པའི་ལུས་ཕྲ་མ། །ཚངས་པའི་བུ་མོ་དབྱངས་ཅན་མ་དེ་མགྲིན་པའི་དབུས་སུ་བཞུགས་ལ་ངག་གི་དངོས་གྲུབ་སྩོལ། །ཤིས་པ་བརྗོད་པའི་སྒོ་ལྔ་པ། ཨུཏྤལ་དམར་པོའི་ཞགས་པ་འཕངས་པས་བརྟན་དང་གཡོ་བའི་ཤེས་བྱའི་ཚོགས། །ཅིག་ཅར་འཆིང་དང་ལྷན་ཅིག་སྤྱན་དཀྱུས་འཁྱོག་པོར་གཟིགས་པའི་ཟུར་མདའ་ཡིས། ཁམས་གསུམ་མ་ལུས་མོད་ལ་འགུགས་མཛད་བཅོམ་ལྡན་ལྷ་མོ་རིག་བྱེད་ནས། །སྲིད་དང་ཞི་བའི་ཕུན་ཚོགས་ཀུན་ལ་དབང་ཐང་བླ་ནས་བླར་འབར་མཛོད། ཕྱག་བྱ་བའི་སྒོ་དང་པོ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་འཁོར་འདས་དངོས་ཀུན་ཁམས་ལས་ལེགས་གྲུབ་ཚོགས་གཉིས་རིན་ཆེན་སྐས་འཛེགས་ནས། །ངོ་མཚར་བཀོད་པ་ཞིང་གི་རྡུལ་སྙེད་འབྱམས་སུ་ཀླས་པའི་ཡེ་ཤེས་སྣང་བ་འཛད་མི་ཤེས་


GLG005_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁང་བཟང་དུ། །ལེགས་སོན་མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་རང་གཟུགས་དཔལ་ལྡན་སྐུ་བཞིའི་སྒྱུ་འཕྲུལ་དྲ་བའི་ཟློས་གར་མཁན། །སྲིད་གསུམ་འགྲོ་བའི་གཏན་གྱི་སྐྱབས་གཅིག་རྫོགས་པའི་སངས་རྒྱས་ཟས་གཙང་སྲས་པོར་ཡན་ལག་མཆོག་གི་ཕྱག་བྱའོ། །ཕྱག་བྱ་བའི་སྒོ་གཉིས་པ། གང་གི་མགུར་ནས་གཞོམ་དུ་མེད་པ་ནཱ་དའི་སྒྲ་དབྱངས་མི་ཟད་རྒྱན་གྱིས་འཁོར་ལོ་མཛོད། །འགྲོ་བའི་ཁམས་དང་དབང་པོར་འཚམ་པའི་གྲངས་མེད་ཆོས་ཕུང་རྒྱ་མཚོར་ཡོངས་འཁྱིལ་ཀུན་དགའི་དཔྱིད། །སྙན་ཞིང་རབ་འཇེབས་ཚངས་གསུང་ཡན་ལག་དྲུག་ཅུའི་སྨན་གྱིས་སྒྲིབ་གཉིས་ནད་ཀུན་ངེས་འཇོམས་པ། །འཇིག་རྟེན་གསུམ་གྱི་རྒུད་པའི་སྨག་རུམ་མཐར་བསྐྲད་དམ་པའི་ཆོས་ཀྱིས་ཉིན་མོར་བྱེད་ལ་འདུད། །ཕྱག་བྱ་བའི་སྒོ་གསུམ་པ། གཟོད་མ་ཉིད་ནས་སྔོན་གོམས་རིག་གྲོལ་ཡོན་ཏན་མ་ལ་ཡ་ཡི་ནགས་ཀླུང་ནས། །གཞན་ཕན་འཕྲིན་ལས་དྲི་བསུང་ཆེས་དངར་ཕུལ་བྱུང་ཐུགས་རྗེ་རླུང་གིས་ཉེར་དྲངས་ཏེ། །མཐའ་ཀླས་སྐྱེ་དགུའི་ལས་ཉོན་ཚ་རེག་གདུང་འཕྲོག་ཕན་དང་བདེ་བའི་གྲིབ་བསིལ་ཅན། །བསོད་ནམས་བྱེ་བའི་ཞིང་གྱུར་འཕགས་ཚོགས་དགེ་འདུན་ཙན་དན་ལྗོན་པ་གཙུག་ན་མཛེས། །ཕྱག་བྱ་བའི་སྒོ་བཞི་པ། གངས་ཅན་ནོར་འཛིན་དཔལ་མོའི་ལྟེ་བར་དགའ་སྐྱིད་སྡོང་པོ་དར་དྲག་ལེགས་སྤེལ་ཆོས་རྒྱལ་མེས་དཔོན་རིམ་བྱོན་དང་། །བསླབ་གསུམ་དེ་དོན་བརྗོད་བྱར་སྟོན་པའི་རྒྱལ་བའི་གསུང་རབ་ཡལ་འདབ་རྒྱས་མཛད་གནས་ལྔ་མཁྱེན་པ་ཞི་བ་འཚོ། །ལྷ་སྲིན་གདུག་པའི་ཚ་ངར་དཔལ་བཅག་ཐེག་དགུའི་བགྲོད་ལམ་ཚུལ་བཞིན་སྟོན་མཁས་སངས་རྒྱས་གཉིས་པ་ཐོད་ཕྲེང་རྩལ། །པདྨའི་ངང་ཚུལ་རྗེ་འབངས་ཉི་ཤུ་རྩ་ལྔར་གྲགས་སོགས་གྲུབ་བརྙེས་ལོ་པཎ་རྣམ་པར་ཐར་ལ་སྙིང་


GLG005_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རང་། །ཕྱག་བྱ་བའི་སྒོ་ལྔ་པ། དཱི་པཾ་ཀཱ་རའི་ཐུགས་རྗེའི་འོད་ཀྱིས་ལྷ་ཆོས་བདུན་ལྡན་འདབ་བརྒྱ་ཡོངས་བཞད་རོ་བདའི་བཅུད། །ལེགས་མྱངས་འབྲོམ་སྟོན་སྐུ་མཆེད་རྣམ་གསུམ་གླང་ཤར་ལ་སོགས་བཀའ་གདམས་བཤེས་གཉེན་བྷྲ་མ་རཿ། །རིན་བཟང་འབྲོག་མི་མར་མལ་ས་རྔོག་ཤོང་དཔང་བུ་སོགས་མཁས་གྲུབ་རིན་ཆེན་ཕྲེང་མཛེས་ཀྱི། །མ་སྨད་རྟོགས་བརྗོད་དབྱར་གྱི་རྔ་གསང་ཐོས་པའི་མོད་ལ་ཡིད་ཀྱི་རྨ་བྱ་གར་གྱིས་བྲེལ། །ཕྱག་བྱ་བའི་སྒོ་དྲུག་པ། ཐུབ་བསྟན་ཆོས་བཟང་འདུན་ས་ཆེན་པོར་བློ་གསལ་མཁས་མང་ཉེ་དབང་དབུས། །རྣམ་དཔྱོད་གསེར་གྱི་དྲ་བས་གདོང་གཡོགས་འཆད་རྩོད་རྩོམ་པའི་ས་སྲུང་སྟེང་། །ཆོས་ཀུན་གཟིགས་པའི་སྤྱན་སྟོང་རབ་ལྡན་མང་ཐོས་ནོར་བུའི་ཅོད་པན་འཆང་། །ཀུན་མཁྱེན་བླ་མ་བཙོང་ཁ་པ་ཞེས་སྔོན་མེད་ལྷ་དབང་གཙུག་ན་རྒྱལ། །ཕྱག་བྱ་བའི་སྒོ་བདུན་པ། རྟོག་གེ་ཐ་སྙད་རིག་པ་གཅིག་སྟོན་ནས། །ཟབ་རྒྱས་སྨིན་གྲོལ་ཆོས་ཀྱི་ནམ་མཁའ་མཛོད། །སྒོ་འབྱེད་སློབ་དཔོན་ཚོགས་རྣམས་རྒྱལ་བ་དང་། །དེ་སྲས་སྤྲུལ་པའི་ངོ་བོ་དང་བས་འདུད།། དངོས་པོ་ངེས་བསྟན་གྱི་སྒོ། སྔོན་རབས་དམ་པའི་ངང་ཚུལ་ཟླ་ཤེལ་ལ། །བཟང་པོའི་རི་བོང་སྣང་བརྙན་བཀྲ་བ་དང་། །དཀར་ནག་འདྲེས་མའི་རྡོ་ཐལ་གྱིས་བྱུགས་ངོས། །ཀུན་རྟོག་རི་མོར་འབྲི་བ་ཅི་ཞིག་མཚུངས། །དེང་དུས་སྒོ་གསུམ་མི་དགེའི་དོར་ར་ན། །གྱ་གྱུའི་གར་མཁན་ཚུལ་འཆོས་གོས་གྱོན་པའི། །ཆེར་རློམ་མང་པོའི་རྣམ་ཐར་འཁྱོག་པོའི་ཚིག །མཐོང་ཚེ་དཔྱོད་ལྡན་ཕལ་ཆེར་བསྟིང་ཚིག་སྨྲ། །སྤངས་རྟོགས་ཡོན་ཏན་ནོར་བུས་གང་མིན་ཡང་། །དུག་གསུམ་བརླང་པོའི་ཆུ་སྲིན་མི་གྱུ་བར། །དག་པའི་སྤྱོད་ཚུལ་ཡོལ་མེད་རླབས་འཕྲེང་ཅན། །རྟོགས་བརྗོད་ཟླ་བའི་མ་མ་


GLG005_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

དེང་འདིར་བསྐྲུན། །སྒྲོ་བཏགས་གླེང་མོའི་མི་གཙང་ཕུང་པོའི་ལུས། །སྒྲ་དོན་སྙན་འགྱུར་རིན་ཆེན་རྒྱན་སྤུད་ནས། །རྫུན་གྱི་གར་བསྒྱུར་ལྕེ་བདེའི་བརྗོད་པ་ལ། །སྙིང་པོར་རློམ་ཡང་ཨེ་ར་ཎ་ཡི་འབྲས། །གཞན་ངོར་བཟང་བརྫུའི་སྤྲུལ་པའི་རི་དྭགས་ཀྱིས། །འགྲེང་མང་ལོག་པའི་ཐང་ལ་ཉེར་ཁྲིད་ནས། །ཕན་བདེའི་སཱི་ཏ་འཕྲོག་པའི་ཆོ་ག་དག །རྫོགས་པའི་བཤེས་གཉེན་འབོད་སྒྲོགས་མང་ཞིག་མཆིས། །དང་པོར་བརྡུངས་པའི་འཁྱོག་ཚིག་རྒྱུད་མངས་སྒྲས། །འཁོར་བའི་རྒྱ་མཚོར་འགྲོ་བའི་བདེ་སྐྱིད་གྲུ། །བཤིག་ཀྱང་གཞན་ལ་ཁ་འཕངས་གཡོ་ཟོལ་མཁན། །དམ་པར་རློམ་འགས་ཁྱབ་འཇུག་ཁེངས་པ་ཕྲོགས། །མ་དག་བཅོས་མའི་ར་གན་ལྷད་ཀྱི་ཟོང་། །འཁྲུལ་མེད་ཡང་དག་ཆོས་ཀྱི་གསེར་སྦྱངས་ཞེས། །རྨོངས་པའི་ཚོང་འདུས་བཞི་མདོར་བྲིན་མཐོང་ཚེ། །ཐུབ་པའི་བསྟན་ཡང་རྟགས་ཙམ་འཛིན་པའི་དུས། །ཐོས་བསམ་སྒོམ་པའི་དཀའ་ཐུབ་རབ་ཞིག་ཀྱང་། །ངན་སྤྱོད་དུག་རླངས་འཁྱིལ་བའི་མགྲིན་པ་ལ། །བསྔགས་བརྗོད་ཡུལ་དུ་བྱེད་པའི་ཆེན་པོ་འགའ། །གཙུག་ན་ཟླ་བ་ས་འདིར་འོངས་པ་བཞིན། །ཤེས་རབ་རི་དྭགས་རྟུལ་པོའི་རྒྱར་ཆུད་པས། །མཁས་གྲུབ་སྤྱོད་ཚུལ་སྲོག་དང་ཉེར་བྲལ་ཡང་། །སྟོབས་འབྱོར་ཤ་ཡིས་གཞན་སྣང་བསྒྱུར་ནུས་པའི། །ཤི་ལུས་གསོན་པའི་ཐལ་དུ་བསྒྲིག་འདི་ཅི། །གྲགས་འདོད་ཉི་ཟེར་གྱིས་ཕྱེ་པདྨའི་སྒོར། །མུ་ཅོར་བུང་བའི་སྒྲ་དབྱངས་སྒྲོག་པ་ལ། །མངོན་ཤེས་ཟེའུ་འབྲུ་རྒོད་པའི་གཡུར་ཟ་མཁན། །རྫུན་ཕུགས་བགྲང་བྱའི་མཚན་མོའི་ཐུན་མཐར་རྡིབ། །གཞོན་ནུའི་ལང་ཚོ་དར་བའི་དཔྱིད་ཀྱི་དུས། །ཤེས་བྱའི་ཕ་མཐར་གོམས་པའི་ས་བོན་དང་། །མ་བཏབ་ན་ཚོད་སྨིན་པའི་སྟོན་གྱི་ཚེ། །གྲུབ་བརྙེས་འབྲས་


GLG005_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བུར་སྤྱོད་དེ་དོན་གྱིས་སྟོངས། །མང་ཐོས་བཅུད་དང་མི་ལྡན་བུམ་པ་ལ། །བསྟོད་བསྔགས་པ་ཉྩ་ལི་ཀའི་མགུལ་ཆིངས་ཅན། །མཛེས་ཆོས་རྨ་བྱའི་མདོངས་ཀྱིས་ཁ་བརྒྱན་པ། །རིང་པོར་ཚར་དུ་བསྒྲིགས་འདིའི་བྱེད་པོ་སུ། །ཀྱེ་མ་སྔོན་བྱོན་དམ་པའི་རྣམ་ཐར་དང་། །དེང་དུས་སྐྱེ་བོའི་བག་ཡངས་སྤྱོད་ཚུལ་རྣམས། །མ་འདྲེས་རླུང་གི་རྒྱལ་མཚན་ལྟར་མཐོང་ཚེ། །དགའ་དང་སྐྱོ་བའི་ཀུན་རྟོག་འགྲན་པ་བཞིན། །སྔོན་གོམས་མི་དགེའི་ས་འཛིན་མཐོན་པོ་ནས། །དུག་གསུམ་བག་ཆགས་ཆུ་བོ་དྲག་འབབ་པ། །འདིར་སྣང་དགེ་ལ་གཞོལ་པ་ཕྲ་མོའི་བློའི། །རགས་ཀྱིས་གྱེན་དུ་ལྡོག་ནུས་ག་ལ་ཡིན། །དེ་ལྟ་ན་ཡང་ལྔ་བརྒྱའི་ནགས་ཀླུང་ཁྲོད། །སྐྱེས་མོད་གཞན་ལ་འཚེ་བ་ལྷུར་ལེན་པའི། །མ་རུངས་ཡལ་ག་འཁྱོག་པོ་མི་ལྡན་པ། ཁོ་བོའི་རང་བཞིན་འཁྲི་ཤིང་གཞོན་ནུ་འདྲ། །དགེ་སྡིག་ལས་ཀྱིས་ཐགས་སུ་ཉེར་བཏགས་པའི། །ཚེ་འདིའི་ཟ་འོག་བདེ་སྡུག་རི་མོ་ཅན། །མཐའ་དག་ཡི་གེར་འབྲི་ན་ཚངས་པ་ཡང་། །ངལ་བའི་དཀའ་ཐུབ་བསྟེན་ལས་གཞན་དུ་ཅི། །འོན་ཀྱང་རྣམ་དཀར་ལས་ཀྱི་འབྲུག་སྒྲ་ཡིས། །རབ་བསྐུལ་ཐོས་བསམ་སྒོམ་པའི་གཙུག་ཕུད་ཅན། །སྤྱོད་ཚུལ་ལེགས་པའི་ཆ་ཀུན་བསགས་པའི་སྒྲོ། །རྣམ་བཀྲ་དཔྱོད་ལྡན་གཟིགས་མོར་འདི་ན་མཚར། །རང་ལ་ལྐོག་ཏུ་མ་གྱུར་བློ་ཡི་མཚོར། །རང་གི་ངང་ཚུལ་གཟུགས་བརྙན་འཆར་བཞིན་དུ། །རང་ཉིད་ཟོག་པོར་གཏོང་བའི་རྙོག་མ་ཅན། །རང་འདོད་ཕུགས་འཚངས་རྣམས་དང་འདི་མི་འདྲ། །མེད་ལ་ཡོད་དང་ཡོད་ལ་མེད་པ་སོགས། །གཡོ་སྒྱུའི་ཚུལ་ལ་དམ་པ་རྣམས་ཀྱང་བྲལ། །དྲང་པོའི་ཉག་ཕྲན་རྒྱུད་ལས་འཕོས་པ་ཡི། །ཚད་མའི་གཏམ་གྱི་སྲིད་
སྒྲུབ་འདི་ན་མཆིས། །ཨེ་མ་འདི་སྣང་མེ་ལོང་དུ། །སྣ་ཚོགས་སྐྱོན་དང་ཡོན་ཏན་གཟུགས། །ཅི་ཡང་འཆར་བའི་གླེགས་བམ་འདི། །ཀུན་གྱི་གཟིགས་མོར་མཚར་བའི་གནས། །རིགས་རུས་འཆི་མེད་དགའ་ཚལ་ན། །དལ་བརྒྱད་འབྱོར་བཅུ་ལྡན་པའི་ཤིང་། །སོ་ཐར་ཁྲིམས་ཀྱི་རྩ་བ་བརྟན། །གཞན་ཕན་ལྷག་བསམ་ཡལ་ག་ཅན། །གནས་ལྔ་རིག་པའི་ལོ་འདབ་རྒྱས། །ཐོས་བསམ་སྒོམ་པའི་མེ་ཏོག་བཀྲ། །ཚུལ་བཞིན་བསྒོམས་པའི་འབྲས་བུ་སྨིན། །དོན་ཀུན་གྲུབ་པའི་དཔག་བསམ་དབང་། །དེ་ཕྱིར་ཁོ་བོའི་རྟོགས་བརྗོད་ལ། །ལྟ་བར་དྲང་སྲོང་ཕུར་བུ་དང་། །གཞོན་ནུ་མདོངས་མཐའ་ལ་ཞོན་ཏེ། །ལྷ་ལམ་ངོས་སུ་ཡང་ཡང་རྒྱུ། །གསེར་མངལ་ཐིག་ལེ་མཆོག་མ་ལ། །གཟིགས་པའི་ཟོལ་གྱིས་ཞལ་བཞི་སྤྲུལ། །དྲང་སྲོང་དམོད་པར་སྒྲོ་བཏགས་ཏེ། །བརྒྱ་བྱིན་འདྲེན་བྱེད་སྟོང་ཕྲག་བགྲད། །ཕུན་ཚོགས་བཀྲ་ཤིས་སྣང་བའི་འོད། །སྟེར་བྱེད་ཉི་མ་ཟླ་བ་ཟུང་། །རླུང་གི་ཤིང་རྟས་ཉེར་དྲངས་ནས། །གཟིགས་མོར་ཕྱོགས་འདིར་ཡང་ཡང་འཁོར། །དེས་ན་དོན་གྱི་ཤ་ཚུགས་ཀུན། །ངོ་མཚར་གཏམ་གྱི་དུ་ཀཱུ་ལས། །མ་བསྒྲིབས་བློ་གསལ་མི་དབང་གིས། །གསལ་བར་མཐོང་ངོ་ཤེས་ལྡན་ཀྱེ། །ཞེས་ཚིགས་སུ་བཅད་པ་ཏམྦུ་རའི་རྒྱུད་ལས་ཉེ་བར་དྲངས་པའི་དབྱངས་ཀྱིས་སྔུན་བསུས་ཏེ།

སྤྲུལ་བརྒྱུད་རིམ་བྱོན་རྣམས་མདོ་རྒྱུད་དུ་མ་ནས་ལུང་བསྟན་ཚུལ་སོགས།


GLG005_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་གླེགས་བམ་རིན་པོ་ཆེའི་དཀོན་མཆོག་འབངས་ཀྱི་སྐྱེས་རབས་ལས། དེང་སང་ཨྱོན་ཡུལ་དུ་ཚོགས། །མ་འོངས་གངས་རིའི་ཁྲོད་དུ་འདུ། །ཞེས་རྒྱལ་སྲས་ཕྱག་ན་པདྨའི་རྣམ་པར་སྤྲུལ་པ་འགྲོ་བ་རྣམས་ཀྱི་ཁམས་དང་དབང་པོར་འཚམ་པར་སྟོན་པས་ཚད་གཟུང་བའི་ཡུལ་ལས་འདས་ནའང་བྱེ་བྲག་ཨྱོན་གྱི་ཡུལ་དུ་བླ་མ་དྲི་མ་མེད་པ་དང་མཁའ་འགྲོ་མ་


GLG005_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་ཡེ་ཤེས་སོགས་དཔའ་བོ་མཁའ་འགྲོའི་ཚོགས་ཆེན་པོ་ཆབས་གཅིག་ཏུ་བཞུགས་པ་དེར་ཆོས་རྒྱལ་དཀོན་མཆོག་འབངས་ཀྱང་བྱོན་ཞིང་མ་འོངས་པ་ན་དེ་དག་རྣམས་བོད་གངས་ཅན་གྱི་ལྗོངས་སུ་སྨོན་ལམ་གྱིས་འབྲེལ་བས་འདུས་པར་གསུངས་ལ། འདུ་ཚུལ་ནི། སྤྱིར་སེམས་ཅན་རྣམས་ཀྱི་མགོན་པོ་ཡིན། །སྒོས་གངས་རིའི་ཁྲོད་དུ་རྒྱལ་སྲིད་སྐྱོང་། །ཞེས་རྗེ་གཉའ་ཁྲི་བཙན་པོ་སོགས་རྒྱལ་བློན་བྱང་ཆུབ་སེམས་དཔའ་མང་པོ་དང་ལོ་པཎ་རྣལ་འབྱོར་པ་རབ་ཏུ་བྱུང་བས་མཚོན་པའི་སྤྲུལ་པ་མཆོག་དམན་མཐའ་ཀླས་པ་རིམ་གྱིས་འབྱོན་པར་གསུངས་ཤིང་། ཁྱད་པར་བླ་མ་དྲི་མ་མེད་པ་མཚོ་སྐྱེས་རྡོ་རྗེ་པདྨ་འབྱུང་གནས་ཀྱིས་རྗེ་དཀོན་མཆོག་འབངས་ལུང་བསྟན་པ་དང་བྱིན་གྱིས་བརླབས། དེ་དག་གི་སྐབས་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱི་གསུང་ལས།རྗེ་དཀོན་མཆོག་འབངས་འདི་བོད་དུ་འགྲོ། །བོད་གློ་བུར་རྒྱལ་པོ་ཆོས་ལ་སྤྱོད། །བོད་མཐའ་འཁོབ་ཡུལ་རྣམས་འདུལ་བར་བྱེད། །ང་རྒྱ་ནག་ཡུལ་ནས་དེས་དྲངས་ཏེ། །མི་ཁོ་ལ་ཉོན་མོངས་མི་མངའ་ཡང་། །ང་འཇིག་རྟེན་སྒྲོལ་མ་ཟག་མེད་ལ། །མི་ཁོ་ཡི་བཙུན་མོ་བྱེད་དོ་སྐད། །རྒྱ་ནག་པོའི་མཆོད་གནས་བོད་དུ་འདྲེན། །བོད་ཡུལ་གྱི་དབུས་སུ་བྱེད་དོ་སྐད། །ཅེས་བྱུང་བ་ལྟར་དཀོན་མཆོག་འབངས་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོར་སྐྱེ་བ་བཞེས་པ་དང་དེ་ཉིད་རང་གི་དབོན་སྲས་ཁྲི་སྲོང་ལྡེའུ་བཙན་དང་རལ་པ་ཅན་སོགས་དུ་མའི་སྲིད་པ་བཟུང་པ་ནི། ལྷའི་རྒྱལ་པོའི་སྐྱེས་རབས་ལས། །རིགས་གསུམ་མགོན་པོས་ང་བསྐུལ་བའི། །ང་ལ་རིགས་གསུམ་མགོན་ཞེས་གྲགས། །ཀུན་ཏུ་བཟང་དང་སྒྲིབ་པ་སེལ། །ང་བསྐུལ་རྒྱལ་པོར་བསྟན་གྱུར་


GLG005_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ཅི་སྟེ་ང་ལ་དེར་མི་སྨྲ། །ཞེས་ལུང་བསྟན་གསལ་བར་བྱུང་ལ། འབྲོམ་རྒྱལ་བའི་འབྱུང་གནས་ནི། མེས་དབོན་དེ་དག་གི་རྣམ་འཕྲུལ་དུ་གདོན་མི་ཟ་བའི་ཁུངས། གླེགས་བམ་ལེའུ་བཅུ་དགུ་པར། ད་ཧྲིལ་ཏེ་སྒྲིལ་ན་སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་དེ་དག་རིགས་གསུམ་མགོན་པོའི་སྤྲུལ་པར་གྲགས་ཏེ་རལ་པ་ཅན་ལ་སོགས་པ་གཅིག་གཉིས་རིགས་གཞན་གཉིས་ཀྱི་རིགས་ཡིན་ལ། ཕལ་ཆེ་བ་ནི་མགོན་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རྒྱལ་བའི་འབྱུང་གནས་ཉིད་ཡིན་ལ། མཁན་བརྒྱུད་བྱང་ཆུབ་སེམས་དཔའ་དེ་རྣམས་ནི་ང་ཁོ་ན་ཡིན་གྱི་གཞན་དུ་མ་སེམས་ཤིག །ཅེས་པའི་ལུང་རིགས་ཀྱིས་གྲུབ་ཅིང་། འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ་ཉིད་ནས་སྐྱེ་བ་རིམ་བརྒྱུད་དང་དུས་མཚུངས་སུ་བྱོན་པ། ཁ་ཆེ་དགོན་པ་བ། རྗེ་བཙུན་ས་སྐྱ་པ་ཆེན་པོ་སྙིང་པོའི་ཞབས། དེ་དག་གི་རྗེས་སུ་དུས་མཚུངས་པར་བྱུང་བ། འགྲོ་མགོན་གཡུ་བྲག་པ། མངའ་བདག་ཉང་རལ་པ་ཅན། ང་ལས་ཅུང་ཟད་ཕྱི་བར་ལྷ་རྗེ་དགེ་བ་འབུམ་སོགས་བྱོན་པ་རྣམས་ཐུགས་བརྒྱུད་གཅིག་པ་ལས་སྐྱེ་བ་རིམ་བརྒྱུད་ཀྱི་འཁྲུངས་རབས་མིན་པ་རྣམ་ཐར་ཆོས་འབྱུང་ལོ་རྒྱུས་ཀྱིས་ཤེས་ནུས། བལ་ཡུལ་དུ་པཎྜིཏ་པདྨ་བཛྲ་ཞེས་པར་འཁྲུངས་པའི་སྐྱེ་བ་རྗེས་མ་ནི་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཡིན་པར་རང་ཉིད་ཀྱིས་ཞལ་གྱིས་འཆེས་ཤིང་། རྗེ་དགེ་འདུན་གྲུབ་གོང་དུ་བཤད་པ་དེ་དག་གི་སྐྱེས་རབས་ཀྱི་ཕྲེང་བར་འབྱུང་བའི་རྒྱུ་མཚན་གླེགས་བམ་གྱི་ཐོར་བུའི་ཚོམས་ལས།གལ་ཏེ་གཞན་སྣང་མ་དག་པས། །འཕེལ་འགྲིབ་འབྱུང་བ་ལྟར་མཐོང་ཡང་། །ཤར་ནས་ཟླ་བའི་དཀྱིལ་འཁོར་མཛེས། །ཞུན་མའི་ཁྱེའུས་སྤྲུལ་པ་འགྱེད། །འཇིག་རྟེན་ཐམས་ཅད་གསལ་


GLG005_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང་། །ལྷ་དག་བཅས་པ་གསལ་བར་བྱེད། །ཅེས་གསུངས་པའི་ཟླ་བའི་དཀྱིལ་འཁོར་ནི་རྒྱལ་བ་ཙོང་ཁ་པ་ཆེན་པོ་དང་ཞུན་མའི་ཁྱེའུ་ནི་སྤྱན་རས་གཟིགས་ཏེ། དེའི་སྤྲུལ་བ་རྗེ་དགེ་འདུན་གྲུབ་ཏུ་གསལ་བར་བསྟན་ཅིང་། དཀོན་མཆོག་འབངས་ཀྱི་སྐྱེས་རབས་ལས། །ང་ཁྲིམས་ལྡན་མཁན་པོའི་སྐུར་སྟོན་ཀྱང་། །ང་ཐུགས་རྗེ་ཆེན་པོ་སུ་ཡིས་ཤེས། །ཞེས་པའང་ཐེ་ཚོམ་གྱི་ཡུལ་དུ་མ་གྱུར་ཅིང་། ཕ་ཆོས་ཀྱི་ལུང་བསྟན་ཆེན་མོ་ལས། ཆོས་དགེ་བ་བཅུ་ཡི་ཁྱད་འཕགས་པའི། །གླིང་ཕུན་སུམ་ཚོགས་པ་འཛམ་བུའི་གླིང་། །སྒོས་ཉང་ཤབ་ས་ཡི་ལྟེ་བ་ཡིན། །ས་དེ་ཡི་ནང་ནས་ཁྱད་འཕགས་པ། །མཐོ་བཀྲ་ཤིས་བརྟན་པ་ལྷུན་པོའི་འདབས། །ནོར་པདྨ་རཱ་ག་ལྟ་བུའི་མདུན། །གནས་གཡེང་མེད་བསམ་གཏན་འཕེལ་པ་ཡི། །དཔལ་ཆོས་ཀྱི་ཐང་ཞེས་གྲགས་པ་འབྱུང་། །ཞེས་པས་ཀྱང་གནས་དང་གང་ཟག་ཤིན་ཏུ་ངོ་འཕྲོད་པ་ཡིན། དེའི་འཕྲོས་ལས། ང་གནས་ལྔ་མཁྱེན་པའི་པཎྜི་ཏ། །རྒྱུད་གང་ལ་གང་ཕན་སྟོན་གྱུར་ཀྱང་། །མི་མཁས་པར་རློམ་ལ་ཅི་བྱར་ཡོད། །ཅེས་པཎ་ཆེན་དགེ་འདུན་རྒྱ་མཚོ་དང་། རི་གངས་ཀྱི་ར་བས་བསྐོར་བ་ཡི། །ཐང་སེར་པོ་གསེར་གྱི་མཎྜལ་ལ། །རྩིབས་མུ་ཁྱུད་སྟོང་གིས་རབ་བརྒྱན་ཏེ། །རྗེ་རྒྱལ་བ་སྟོང་གིས་བྱིན་བརླབས་པའི། །གསེར་དྲི་མ་མེད་པའི་མཆོད་རྟེན་ཡོད། །ངེད་མཁའ་འགྲོ་འབུམ་གྱི་དགའ་བའི་ཚལ། །ཉམས་བག་ཕེབས་དགའ་བར་སྐྱོང་བའི་ས། །ཞེས་རྒྱལ་མེ་ཏོག་ཐང་བསྟན་ལ། དེ་ཡང་རྭ་སྒྲེང་གི་ཤུག་པ་ལ་ཤུན་པ་རིམ་པ་བདུན་བྱུང་བ་རྒྱལ་བའི་འབྱུང་གནས་ཀྱི་སྤྲུལ་པ་རིམ་པ་བདུན་འབྱུང་བར་གསུངས་ཤིང་། ཐམས་ཅད་མཁྱེན་པ་


GLG005_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་རྒྱ་མཚོའི་གསུང་ལས།སྐྱེ་བ་བདུན་དུ་འགྲོ་དོན་ལེགས་བྱས་ནས། །ཟག་མེད་ཆོས་ཀྱི་དབྱིངས་སུ་སྡུ་བར་བྱེད། །ང་ལ་དད་ཅིང་མོས་པའི་སྐྱེ་བོ་རྣམས། །དགའ་ལྡན་གནས་སུ་སྐྱེ་བར་གདོན་མི་ཟ། །ཞེས་ཞལ་གྱིས་བཞེས་པ་ལྟར། །ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ནི། མི་ང་ཡི་སྤྲུལ་པ་ཕྱོགས་རིས་མེད། །ཆོས་ལམ་དུ་འགྲོ་ན་བསྒྲུབ་བྱ་ཡིན། །ཞེས་དང་། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་བདེ་ཆེན་ཆོས་ཀྱི་རྒྱལ་པོ་ནི། མི་ང་ཡི་བསྟན་པ་བཤིག་པ་རྣམས། །ཚེ་འདི་ལ་ཚེ་སྲོག་ཐུང་ནའང་། །མི་ང་ཡི་ལ་ཡོགས་ཤེས་མི་འགྱུར། །ཞེས་ལུང་གིས་ཟིན་པ་ཡན་ཆད་ནི་སོམ་ཉི་དང་བྲལ་བའི་ལུང་རིགས་ཀྱིས་སྒྲུབ་ནུས་པར་གོར་མ་ཆག །དེ་རྗེས་གོང་མའི་གདན་སར་མགྲིན་བཟང་གཟིག་ཤུན་གྱོན་པའམ་སྤུ་མེད་ཀོ་གདན་གྱི་ཚུལ་དུ་ངེད་རང་བསྡད་པ་ནི། རྒྱ་གར་དང་མི་འདྲ་བའི་བོད་ཡུལ་འདིར་བླ་མ་ལ་གདུང་བརྒྱུད་དང་སྐྱེ་བས་འཛིན་པ་གཉིས་སུ་འདུག་པའི་སྔ་མ་ནི་ལུགས་གཉིས་ཀའི་ཡོན་ཏན་རྣམས་ཕ་ཤུལ་བུ་འཇགས་ལྟ་བུའི་བར་གསེང་མེད་ཅིང་བུ་སློབ་འཁོར་འབངས་རྣམས་ཀྱང་བག་ཕེབས་པར་སྣང་ལ། ཕྱི་མ་ནི་གོང་མ་ལས་གོ་ལྡོག་ཅིང་ཤི་གསོན་གྱི་དཀོར་ནག་སོགས་ཟང་ཟིང་གི་འབུལ་པ་མ་ཎི་བའི་རྟེན་སྒམ་ལྟར་ལེན་རྒྱུ་རྣམས་རྒྱུན་ཆད་པའི་དབང་གིས་རྗེས་འཇུག་ཚོ་བླ་མ་གྲོངས་པ་ལས་སྐྱེ་བ་མ་བྱུང་བ་སེམས་ལས་ཆེ་ཞིང་དེ་གའི་རྦ་ཚད་ཀྱིས་ཡུལ་གྲུ་ཆེ་གེ་མོ་ན་བྱིས་པ་ཕ་མ་སོགས་ཀྱིས་གཡོ་སྒྱུས་བཟོས་པ་འདྲ་ལ་ཚམ་ཚོམ་མེད་པར་བདག་ཏུ་བཟུང་བའི་བཞུགས་གྲལ་ལ་ཆུད་ངེས་ཀྱི་ཐག་ཁྲ་ལ་སྦྲུལ་དུ་མཐོང་བ་ལྟར་སྐྱེ་བོ་དུ་མའི་རི་བོང་ཅལ་སྒྲོག་ལ་བརྟེན་ཝ་སྐྱེས་སེང་


GLG005_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གེར་བརྫུ་བའི་སྣང་ཚུལ་ཁོ་ན་སྟེ། རྒྱུ་མཚན་གོང་དུ་སྨོས་པ་རྣམས་ཀྱི་རྣམ་ཐར་ནི་འཕགས་ཆེན་དམ་པའི་ངང་ཚུལ་དུ་བཤད་འདུག་པས་དེ་འདྲའི་སྤངས་རྟོགས་ཀྱི་ཡོན་ཏན་ལྟ་ཞོག་ཉན་རང་བྱང་སེམས་སོ་སྐྱེ་ལམ་ཞུགས་ཙམ་གྱི་བག་ཆགས་དང་ཡང་མི་ལྡན་པ་རང་ལ་ལྐོག་ཏུ་མ་གྱུར་པའི་ཕྱིར་ན་ཚེ་འདིར་དུག་གསུམ་མི་དགེ་བས་ཀུན་ནས་བླངས་པའི་བྱ་བྱེད་སྣ་ཚོགས་ཡི་གེར་བྲིས་པ་ལ་དགོས་པ་མེད་ཅིང་མཁས་པ་མགུ་བ་བསྐྱེད་པའི་རྣམ་ཐར་ནི་ཤིན་ཏུ་དཀོན་པས་ན། སྔ་མོ་ནས་ཉེ་སྐོར་དུ་གནས་པའི་ཟླ་གྲོགས་འགས་རྟོགས་བརྗོད་འབྲི་བར་འོས་པའི་གླེང་མོ་བྱུང་ཡང་། ལྷོ་བྲག་མཁན་ཆེན་ཕྱག་རྡོར་པའི་ནང་ཏིང་ངེ་འཛིན་གྱི་ཉམས་སྣང་རྣམ་ཐར་དུ་བཀོད་པ་སྙན་བརྒྱུད་ཀྱི་ལྡེ་མིག་ལས།སྙིགས་དུས་མཐའ་འཁོབ་ཡུལ་དུ་སྐྱེས་པ་ཡི། །སྙོམ་ལས་དགེ་སློང་ནམ་མཁའ་རྒྱལ་མཚན་གྱིས། །སྙིང་ནས་ལྷ་ཆོས་ཚུལ་བཞིན་མ་ནུས་པས། །ཡི་གེར་འདྲི་འོས་རྣམ་ཐར་བདག་ལ་མེད། །ཅེས་གསུངས་པས་དངོས་པོའི་གནས་ཚོད་ཀྱི་དོན་དེ་སྐབས་འདིར་ཐོག་ཏུ་བབས་པར་བརྟེན་རྣམ་ཐར་འབྲི་བའི་འདུན་པ་བོར་ཏེ་ཇི་མི་སྙམ་པར་བཏང་སྙོམས་སུ་བཞག་ནའང་། སླར་ཉི་སྒྲོལ་བྱེད་ཅེས་པ་ཤིང་ཕོ་སྤྲེའུའི་ལོར་བཀའ་དྲིན་མཚུངས་པ་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ཞེས་རང་རེ་ཞྭ་སེར་ཅོད་པན་འཛིན་པ་རྣམས་ཀྱི་བསྟན་པའི་ཉི་མ་ཆེན་པོ་དེས་རྟོགས་བརྗོད་འབྲི་དགོས་པའི་ཆབ་ཤོག་དགེ་སློང་བཀྲ་ཤིས་བཟང་པོ་ལ་ངག་མ་དང་ལྷན་ཅིག་པར་བོ་དོང་འཇིགས་བྲལ་གྱི་རྣམ་ཐར་ཞིག་ཀྱང་གནང་སྟེ་འདི་ཚིག་རྩོམ་ལེགས་པར་འདུག་པས་དཔེ་


GLG005_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཡོང་ཚུལ་དང་བཅས་བྱུང་བ་དགོས་པ་ཆེ་བར་མ་མཐོང་ཡང་བླ་མའི་བཀའ་མི་གཅག་པའི་ཕྱིར་དུ་ད་ལྟ་ཆོས་ལྡན་གྱི་བྱ་བ་འདི་བྱས་མང་བ་རང་འབྲི་རྒྱུ་མི་འདུག་ཅིང་ཕར་ཕྱིན་གྱི་ཡིག་ཆ་ཞིག་ཀྱང་རྩོམ་ཁུལ་དུ་ཡོད་པས་འཕྲལ་དུ་བསྒྲུབ་མི་དགོས་པའི་རྒྱུ་མཚན་ཕུལ་བར་ད་ལོ་དོ་ཞག་རང་ལ་རིང་ཁྱད་མི་འདུག་ཀྱང་སླད་རིམ་གྱིས་མ་གཡེལ་བ་དགོས་ཚུལ་བཀའ་ཕེབས།ས་མོ་གླང་ལོ་ཕོ་བྲང་ཆེན་པོ་པོ་ཏཱ་ལར་བསྡད་སྐབས་སློབ་དཔོན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་དངོས་སློབ་རྒྱ་སྔགས་འཆང་འཇམ་དཔལ་གསང་བའི་གདུང་འཛིན་གནས་རྙིང་ཞབས་དྲུང་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་དང་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཁྲི་ཐོག་བཞི་པ་བ་སོ་ཆོས་རྒྱལ་བའི་སྤྲུལ་སྐུ་ངག་དབང་ཆོས་ཀྱི་དབང་ཕྱུག་གཉིས་ཀྱིས་ནན་ཏན་ཆེན་པོའི་གསུང་གིས་བསྐུལ་བར་མཛད། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པའི་དྲིན་ཅན་བླ་མ་དམ་པ་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན་དང་ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་གཉིས་ནས་ཀྱང་ལེགས་གསོའི་གནང་བ་བསྩལ།བོད་དང་བོད་ཆེན་པོ་ཧོར་གྱི་ཡུལ་གྲུ་སོགས་ཀྱི་ཆེ་གཉན་གྲ་རིགས་དུ་མས་ཀྱང་ཡི་གེའི་ལམ་ནས་བསྐུལ་ཞིང་བོད་སོག་གི་ལོ་ཙཱ་བ་མེརྒན་དཀའ་བཅུ་ཤེས་རབ་རྒྱ་མཚོ་དང་སེ་ཆེན་དབོན་པོ་བློ་བཟང་ཆོས་འཕེལ་གཉིས་ཀྱིས་དངོས་སུ་ནན་ཏན་གྱིས་གླེངས་ཤིང་། ཆུ་བྱི་ད་ལའི་ཧུང་ཐའི་ཇིའི་ལན་བསྐུར་ཡིན་ཟེར་བ་ཞིག་བྱ་ཁྱུང་མཁན་པོས་བསྐྱལ་བྱུང་། ཁྱད་པར་མེ་རྟ་དཔལ་ལྡན་འབྲས་སྤུངས་ཀྱི་བཀྲ་ཤིས་སྒོ་མང་པའི་སློབ་དཔོན་ཟུར་པ་ག་རུ་ཞལ་སྔ་ནས་ངག་དབང་དཔལ་འབྱོར་གྱིས་


GLG005_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ལས་ཐོག་པ་རྣམས་སྦྲན། གནས་ཆུང་ལྕོག་ནས་སྤྲུལ་བའི་ཆོས་སྐྱོང་ཆེན་པོས་ཀྱང་རྟོགས་བརྗོད་བྲིས་ཤིག་པའི་རྡོ་རྗེའི་གསུང་འཕྲིན་དང་བཅས་དོ་གལ་ཤིན་ཏུ་ཆེ་བས་མྱུར་དུ་བྱེད་དགོས་ཚུལ་བྱུང་བར་རང་ལ་རྣམ་ཐར་རྔོ་ཐོགས་པ་གཞན་ནི་འབྲི་རྒྱུ་མེད། དེང་སང་ཐོབ་ཡིག་ཅིག་འབྲི་ཡིན་ཡོད་པ་འདི་ག་དོན་གྱི་རྣམ་ཐར་དུ་འདུག་རུང་དྲག་གཞན་ཚང་མའི་ཐུགས་ལ་འདུག་གཤིས་གྲུབ་བསྟུན་མི་འགྱངས་པར་འབྲི་ཞེས་ཁས་བླངས། སླར་ཡང་མེ་ལུག་གྲ་ཚང་གི་གནས་ཆུང་དུས་གསོལ་ཐོག་ཁྲོམ་བསྒྲགས་སུ་མྱུར་དུ་བྱེད་དགོས་ཚུལ་གྱི་བསྐུལ་མ་གསུངས་འདུག་པ། སྔོན་བྱོན་གྱི་དགེ་བའི་བཤེས་གཉེན་ཕུ་ཆུང་པ། རྗེ་མི་ལ་རས་པ། ལྕེ་བཙུན་སེང་གེ་དབང་ཕྱུག །རྒྱལ་བ་བྲག་ཕུག་པ་བསོད་ནམས་དཔལ་སོགས་སྲིད་པའི་ཕུན་ཚོགས་མཐའ་དག་ཆུའི་ལྦུ་བ་ལྟར་གཟིགས་ཏེ་སྒྲུབ་པ་སྙིང་པོར་མཛད་པ་རྣམས་དང་ལོ་པཎ་མཁས་གྲུབ་བཤེས་གཉེན་མང་པོས་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པའི་རྟོགས་པ་བརྗོད་པ་དང་མཚུངས་པའི་ཆ་ཤས་ཙམ་ཡང་བདག་ལ་ཡོང་བའི་རེ་བ་མེད། འོན་ཀྱང་སྔོན་བསགས་ཀྱི་ལས་འཕྲོ་བཟང་པོ་ལ་བརྟེན་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པའི་བཤེས་གཉེན་དུ་མ་དང་རིག་པའི་གནས་མང་དུ་མཁྱེན་པའི་མཁས་པ་འགའ་བསྟེན་ནས་ཐོས་བསམ་ཅུང་ཟད་བྱས་པ་རྣམས་ཡི་གེའི་ཚེགས་ལ་མ་རྩེགས་པར་སོ་སོའི་ཁོག་ཕུག་ངེས་ཤེས་པའི་ཐོབ་ཡིག་གངྒཱའི་ཆུ་རྒྱུན་ཞེས་པ་པོ་ཏི་བཞིར་ལོངས་པ་ཞིག་བསྒྲིགས་ཡོད་པར་རྣམ་དཔྱོད་དང་ལྡན་པའི་བློ་ལྡན་གཟུར་གནས་རྣམས་ཀྱིས་གཟིགས་ན་ཐུགས་ཅུང་ཟད་མགུ་


GLG005_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་རམ་སྙམ། དེ་ལས་གཞན་པའི་བྱ་བྱེད་ནི་འཇིག་རྟེན་པའི་རྒན་པོ་རྣམས་ལའང་སོ་ནམ་དང་ཚོང་ཁེ་སྤོགས་དགྲ་འདུལ་གཉེན་སྐྱོང་སོགས་བཀོད་ན་པོ་ཏིར་ལོངས་པ་གཞིར་བཅས་པས་དེ་དང་དབྱིབས་འདྲ་བ་འདུག་རུང་། རྣམ་པ་གཅིག་ཏུ་གྲགས་པ་དོན་ལྡན་གྱི་པཎྜིཏ་ཆེན་པོ་སྟག་ཚང་ལོ་ཙཱ་བའི་རྣམ་ཐར་དུ། རང་ཉིད་མཆོག་ཏུ་རློམ་པའི་ང་རོ་ཡིས། །བདག་བསྟོད་གཞན་སྨོད་དམ་པའི་ཚུལ་མིན་ཡང་། །སྒྲོ་སྐུར་མེད་པར་རང་གི་ངང་ཚུལ་རྣམས། །འཁོར་དུ་སྒྲོགས་པ་སངས་རྒྱས་ཚུལ་ལུགས་ཡིན། །ཞེས་པ་ལྟར་རང་གི་བྱ་བྱེད་རང་ལ་ལྐོག་ཏུ་མ་གྱུར་པར་མངོན་སུམ་དུ་སྣང་བ་རྣམས་ལ་མེད་ལ་ཡོད་དང་ཡོད་ལ་མེད་ཅེས་པའི་གཡོ་སྒྱུའི་ཚིག་དང་བྲལ་བའི་སྒོ་གསུམ་བདེ་སྡུག་བར་མའི་ཟློས་གར་འདི་ལྟར་བསྒྱུར་ཞེས་དྲང་པོའི་གཏམ་གྱིས་གླེང་བར་ཉེས་པ་མེད་ཅིང་ཚིག་སྦྱོར་ཡང་ཟློས་གར་གྱི་བསྟན་བཅོས་ལྟར་སྙན་དངགས་ཀྱིས་ལམ་ནས་དྲངས་པ་དང་བར་སྐབས་ཀྱི་ཚིགས་སུ་བཅད་པ་སོགས་བྱས་ན་ཕྱོགས་དེ་ལ་སྦྱངས་པ་རྣམས་མགུ་བར་འགྱུར་ནའང་མཁས་པ་རྣམས་ནི་འཆད་རྩོད་རྩོམ་གསུམ་ལ་བྲེལ་བས་འདི་ལ་གཟིགས་པའི་གོ་སྐབས་དཀའ་ཞིང་། མཁས་བླུན་བར་མ་མཐའ་དག་གིས་གོ་བདེ་བ་སོས་ཀྱི་ཉི་མ་རིང་པོ་འཕུལ་བར་བྱེད་པའི་ཐབས་མིག་དང་རྣ་བའི་དགའ་སྟོན་དུ་འགྱུར་བ་ཞིག་དགོས་པ་ལ། རྩོམ་གཞི་ཡང་ཇའི་སང་སྡེ་པས་བསྐུལ་བ་ལ་བརྟེན་ནས་ཟུར་ཆེན་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ་གྱིས་གནང་བའི་བྱིན་རླབས་ཕན་བདེའི་སྙིང་པོ་ཅན་དང་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་གྱིས་བཀས་བསྐུལ་བ་ལ་བརྟེན་ནས་སྨོན་འགྲོ་པཎྜི་ཏ་འཇམ་དབྱངས་དབང་


GLG005_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རྡོ་རྗེས་མཛད་པའི་མཐོང་བས་དོན་ལྡན་མཆོག་ཏུ་དགའ་བའི་སྒྲ་དབྱངས་གཉིས་ཚིག་སྦྱོར་ཤིན་ཏུ་འཇེབས་ནའང་། ས་བོན་ནོར་བ་དང་མ་ཚང་བ་དག་ཐུགས་རྒྱུས་ཞིབ་པར་མི་མངའ་བ་སོགས་ཀྱི་འཁྲུལ་གཞི་ལ་བརྟེན་ཧ་ཅང་ཁུངས་དག་པར་མི་འདུག །སྔར་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ནས་གནང་བའི་བོ་དོང་བའི་རྣམ་ཐར་དེ་ནི་དངོས་སློབ་ཤཱཀྱའི་དགེ་བསྙེན་འཇིགས་མེད་འབངས་ཀྱིས་བརྩམས་པའི་བསྟོད་བསྔགས་ཆེ་བས་རང་གིས་རང་ལ་བསྟོད་ན་རྫི་མེད་ཀྱི་གྲལ་དུ་ཆུད་གཤིས་དཔེར་མ་འོས། སློབ་མ་ལ་ལས་སྒྲོ་བཏགས་པའི་དམ་པ་ཞིག་གི་སྤྲུལ་པ་ཡིན་ནམ་ཞེས་བརྗོད་གཞིར་བྱས་པ་ལ་དེའི་འཁྲུངས་རབས་སོགས་ལ་བསྙད་དེ་བླ་མ་མང་པོའི་རྣམ་ཐར་མཐར་ཆགས་སུ་བཀོད་ནས་རང་ཉིད་ཚམ་ཚོམ་མེད་པར་ཁས་འཆེ་བ་འདྲའང་འོང་འདུག་པ་སྔོན་གསལ་པོར་དྲན་ན་ནི་དེར་ཟད་གཞན་དུ་མིའི་ཆོས་བླ་མ་སྡོམ་པ་འཇིག་པའི་རྒྱུ་ཡིན་པས་ཡ་ང་བར་མཐོང་། བླ་མ་ལ་ལའི་རྣམ་ཐར་སྙན་དངགས་ཀྱི་ལམ་ནས་དྲངས་ཆེས་པ་དང་འགའ་ཞིག་གནག་རྫི་རྒན་པོའི་ཚིག་འདྲ་བའི་ཕལ་རྟགས་ཅན། རྣམ་པ་དྲང་ལ་ངོ་བོ་གཞན་འབིགས་པ་སྲིད་སྒྲུབ་ཀྱི་མདའ་ལྟ་བུ། རང་གི་ཉེས་པ་ཐབས་ཀྱིས་གཞན་ལ་འགེལ་བ་འཕྱོན་མའི་གཏམ་ལྟ་བུ། བག་ཚ་བའི་གནས་ཁོ་ན་ངོ་མཚར་གྱི་གཏམ་དུ་བྱེད་པ་གཞན་གྱི་བློར་ཆུད་པར་མི་ནུས་པའི་གྲུབ་པའི་དབང་ཕྱུག་ཆེན་པོའི་རྣམ་ཐར་ལྟ་བུ། མཆོག་དམན་གང་གིས་མཐོང་ཡང་སྤྲོ་བ་སྐྱེད་པའི་ལམ་ཡིག་རྟོགས་བརྗོད་སོགས་བཟང་ངན་འབྲིང་གསུམ་མང་པོ་ཞིག་མཐོང་ཡང་། དེ་དག་གི་རྗེས་སུ་འབྲང་བའི་
པར་བཀབ་མ་བྱས་པར་རང་ལོ་བཅོ་ལྔར་སླེབས་པ་ཡན་བློ་ལ་གང་གསལ་དང་དེའི་ཕྱིན་ཇའི་སང་སྡེ་པ། འཇམ་དབྱངས་སྨོན་འགྲོ་ལོ་ཙཱ་བ། སྐྱར་པོ་བ་བློ་བཟང་ལེགས་ལྡན། འཕྱོས་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེ། ཏྲེ་བོ་སྤོས་འཛིན་པ་ངག་དབང་ནམ་མཁའ། འདར་པ་ལོ་ཆེན་ངག་དབང་ཕུན་ཚོགས་ལྷུན་གྲུབ་རྣམས་ཀྱིས་རེག་ཟིག་ཏུ་བཀོད་པར་གཞི་བྱས། དེར་མི་གསལ་བའི་ཁ་འགེང་དགོས་པའི་གསར་རྩོམ་གྱི་རིགས་རྣམས་འདར་ལོ། གནས་གསར་དཔོན། ཏྲེ་བོ་ངག་དབང་ནམ་མཁའ། དཀར་བྲག་པ་ངག་དབང་བྱམས་པ་བཞི་པོས་སོ་སོ་ནས་ཕྱུང་བའི་ལོ་ཚིགས་ཤོག་རིལ་མ། བྱ་བ་ལས་ཀྱི་འཁོར་ལོ་སྟག་རུ་ནས་བློ་བཟང་དངོས་གྲུབ་ཀྱིས་ཐོ་ཡིག་རིགས་ལས་བཏུས་པ་ཚོར་ཞིབ་ཏུ་དཔྱད། གཞན་ཡང་སྣང་ལ་མ་ངེས་པའི་ཐེ་ཚོམ་པ་རྒྱུས་ཅན་གྱི་རིགས་གང་འདུག་ལ་དོགས་བཅད། འཆད་ཉན་དང་རྩོམ་པ་ཚོགས་གསོག་འགངས་ཆེ་བ་བྱས་རིགས་ཀུན་དུས་ཐོག་དང་གཞན་མ་རྣམས་ཚིག་ཉུང་ཞིང་བརྗོད་བདེ་བའི་ཁྱད་ཀྱིས་ལོ་ཁོངས་དེར་བྱུང་ཕྱིན་ཟླ་ཚེས་ལ་མ་བལྟོས་པའི་ཕྱོགས་མཚུངས་སུ་བསྡེབས་ནས་ཡི་གེའི་འདུ་བྱེད་མཁན་རིག་བྱེད་པ་ངག་དབང་ནམ་མཁའ། དཀར་བྲག་པ་ངག་དབང་བྱམས་པ། གནས་བརྟན་འཇམ་དབྱངས་གྲགས་པ། དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་རྣམས་ཅི་རིགས་སུ་བགྱིས་ཏེ་ཡིད་ལ་གང་ཤར་ཤུགས་འབྱུང་ལྷུན་པོའི་ཚུལ་དུ་བཀོད་པ་ལ།

རིགས་རུས་ཆོ་འབྲང་གི་ཆེ་བ་བརྗོད་པ།


GLG005_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཁྲི་བརྒྱད་སྟོང་པ་ལས། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་ཆེན་པོ་དག་ཏུ་སྐྱེ་


GLG005_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་ཡིན་ནོ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོ་རིགས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང་། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཏུ་སྐྱེ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོ་རིགས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པ་གང་ཞེ་ན། རིགས་གང་ལས་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱུང་བར་གྱུར་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་གསུངས་པ་བྱང་ཆུབ་སེམས་དཔར་མ་ཟད་སོ་སོ་སྐྱེ་བོ་ལའང་སྦྱོར་དུ་རུང་སྟེ། ལྷོ་བྲག་མཁན་ཆེན་ལས་ཀྱི་རྡོ་རྗེའི་རྣམ་ཐར་དུ་ཆུ་བརྒྱུད་གངས་ལ་ཐུག་པ་དང་མི་བརྒྱུད་ལྷ་ནས་ཆད་པ་ཞེས་གསུངས་པ་ལྟར་སྔོན་ཆད་བོད་འདིར་རིགས་རུས་ཆོ་འབྲང་ལ་ནན་ཏར་གཙིགས་ཆེ་བས་རིགས་ནི་མཁས་མཛངས་དཔའ་ཞིང་རྟུལ་ཕོད་པ་བཀའ་བཙན་ལ་དཀྱེལ་ཆེ་བ་གཞུང་བཟང་ལ་འགྲོགས་བདེ་བ་སོགས་ཡ་རབས་ཀྱི་སྤྱོད་ཚུལ་ཅི་རིགས་དང་ལྡན་པ། རུས་ནི་རིགས་མ་ཉམས་པའི་ཕ་དེའི་བརྒྱུད་ལས་བྱུང་བ། ཆོ་ནི་ཞང་པོ་ཁུངས་དང་ལྡན་པ། འབྲང་བ་ནི་བཤད་མ་ཐག་པ་གསུམ་པོ་དང་ལྡན་པའི་སྤྱོད་པའི་འབྲང་ས་འཛིན་པ་ཡིན་ནའང་ཕྱིས་སུ་རིགས་རུས་ཀྱང་འཆལ་པ་སྣ་ཚོགས་དང་འཛམ་གླིང་གི་རྒྱན་ལྟ་བུར་རློམ་པའི་ཆེན་པོའི་སྐྱེ་བ་


GLG005_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་རིགས་ངན་དང་མུ་ཏོ་བ་ལའང་བྱུང་བ་བརྟེན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ས་སྐྱའི་གདུང་རབས་ཚིགས་བཅད་མར། མི་ཤེས་གདོལ་བའི་ཕྲུག་གུ་ཕོངས་པ་ཡི། །འཁོར་གྱིས་བཏེག་ལ་འཇིག་རྟེན་འདྲེན་པ་ཞེས། །སྨིག་རྒྱུ་འབབ་ཆུར་སྒྲོགས་པའི་བྲག་སྟོང་སྒྲས། །འཇིག་རྟེན་ཡངས་པོར་བྱེད་དང་འདི་མི་མཚུངས། །ཞེས་གཞན་དག་ལ་ཟུར་ཟ་བའི་གྲས་སུ་སྡོད་མི་དགོས་ཙམ་གྱི་བྱུང་ཁུངས་གླེང་ན། ཙནྡྲ་བྱཱ་ཀ་ར་ཎ་ལས། པྲྀ་ཥོ་དྷ་ར་ལ་སོགས་པ་རྣམས་སོ། །ཞེས་པས་བསྡུ་བ་བྱས་པའི་མ་ག་དྷ་ཞེས་དབུས་འཆང་དུ་གྲགས་པའི་ལྟེ་བ་རྡོ་རྗེ་གདན་ནས་བརྩིས་པའི་ཤར་ཕྱོགས་སུ་ཟླ་བ་ལྔ་ཙམ་ཕྱིན་པའི་སར་བྷངྒ་ལ་ཞེས་ཟ་ཧོར་གྱི་རྒྱལ་ཁམས་ལྷའི་དགའ་ཚལ་ལྟ་བུར་ཡིད་དུ་འོང་བ་རྨུགས་འཛིན་གྱི་དཔལ་ལ་འཁུ་བའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ། པཎྜི་ཏ་སོགས་དགེ་འདུན་འདུ་བའི་ཀུན་དགའ་ར་བ་དང་དཀོན་མཆོག་གསུམ་གྱི་རྟེན་གྱི་བཞུགས་གནས་གནྡྷོ་ལ་དུ་མའི་བཀོད་པས་མཛེས་པའི་དབུས་ན་རྒྱལ་ཁབ་གསེར་གྱི་རྒྱལ་མཚན་ཅན་དུ་ཟ་ཧོར་གྱི་རྒྱལ་པོ་མི་རབས་བདུན་དུ་མེ་སྦར་འཕྲོ་མ་ཆད་པས་མཚོན་པའི་སྟོབས་འབྱོར་སུམ་རྩེན་བདག་པོའི་རྗེས་སུ་འགྲོ་ཞིང་ཆོས་སྐྱོང་རྒྱལ་པོ་བརྒྱུད་མར་བྱོན་པའི་མཛད་པའི་མཐུས་འདུལ་མངོན་གྱི་བསྟན་པ་ཤིན་ཏུ་དར་བར་མ་ཟད་ཐེག་པ་ཆེན་པོ་གསང་སྔགས་ལ་འགྲོ་བ་རྣམས་མོས་པ་དེ་ལྟ་བུའི་ཆོས་སྲིད་འཛིན་པའི་རྒྱལ་པོའི་རིགས་ནི། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ན་གྲོང་ཁྱེར་ཤིང་ཐག་ཅན་ན་རྒྱལ་པོ་ཤིང་རྟ་བཅུ་པའི་སྲས་ཆོས་རྒྱལ་མྱ་ངན་མེད་ཀྱིས་རྔ་སྒྲ་ཅན་གྱི་མུ་སྟེགས་རྣམས་བསད་པའི་


GLG005_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདྲེག་མཁན་གྱི་བུ་རབ་ཏུ་བྱུང་བ་ཞིག་ཀྱང་འབྲུ་མར་དུ་བཙོས་པ་གནོད་པར་མ་ནུས་པའི་རྒྱུ་མཚན་རྒྱལ་པོས་གསན་པས། དེའི་སྡིག་པ་སྦྱོང་ཐབས་གནས་བརྟན་གྲགས་པ་ལ་ཞུས་པ་ན་ནུབ་གཅིག་ལ་མཆོད་རྟེན་བྱེ་བ་གྱིས་ཟེར་བས་དེ་མི་འགྲུབ་སྙམ་དུ་ཐུགས་མུག་པའི་ཚེ། གནས་བརྟན་གྱིས་རྒྱལ་པོ་ཉིད་བྱང་ཆུབ་ཤིང་དྲུང་དུ་མཆོད་པ་མཛོད་ལ་ང་སངས་རྒྱས་ཀྱིས་ལུང་བསྟན་པའི་རྒྱལ་པོ་དེ་ཡིན་ན་ནུབ་གཅིག་ལ་མཆོད་རྟེན་བྱེ་བ་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བྱེད་པར་དམོད་བོར་ཞིག་གསུངས་པ་ལྟར་མཛད་པས་འཛམ་བུའི་གླིང་དུ་ནུབ་གཅིག་ལ་མཆོད་རྟེན་བྱེ་བ་གྲུབ་བོ། །དེའི་སྲས་རྒྱལ་པོ་ཛའམ་ཨིནྡྲ་བོདྷི་ཞེས་བྱང་ཆུབ་དབང་པོར་གྲགས་པས་ཨ་སུ་ར་གསང་བའི་བྲག་ཕུག་ཏུ་སྒྲུབ་པ་མཛད་པའི་ཚེ་རྨི་ལྟས་ཁྱད་པར་ཅན་བདུན་ཤར་བ་བཞིན་ཕྱག་ན་རྡོ་རྗེ་ཟླ་བ་བདུན་གྱི་བར་དུ་བསྒྲུབས་པས་རྡོ་རྗེ་སེམས་དཔས་གསུང་རབ་ཀྱི་གླེགས་བམ་ཕོ་བྲང་གི་ཡང་ཐོག་ཏུ་ཆར་དུ་ཕབ། ཏནྟྲ་སྡེ་བཅོ་བརྒྱད་དུ་མ་ཟད་གླེགས་བམ་མང་པོ་ཞིག་བྱུང་བར་མངོན་ཏེ་པོ་ཏི་རྣམས་རྒྱལ་མཚན་གྱི་རྩེ་མོར་བཏགས་ནས་མཆོད་པའི་ཚེ། མདོ་སྡེ་ཟ་མ་ཏོག་རླུང་གིས་ཁྱེར་ཏེ་བོད་ཀྱི་ཕོ་བྲང་ཡུམ་བུ་བླ་མཁར་གྱི་ཐོག་ཏུ་བབས་པར་བསྟན་པའི་དབུ་བརྙེས་ཞེས་པའི་ལོ་རྒྱུས་ཀྱང་སྣང་། རྒྱལ་པོ་ཨིནྡྲ་བོ་དྷིས་གླེགས་བམ་རྣམས་ཀྱི་བརྡ་འཕྲོད་ཀྱང་མ་འཕྲོད་པ་ལྟར་མཛད་ནས། སློབ་དཔོན་ཨུ་པ་ར་ཙ་སོགས་ལ་ཞུས་པར་བརྡ་མ་ཁྲོལ་བར་དགེ་སློང་ཀུ་ཀུ་རཱ་ཛ་གདན་དྲངས་དེས་སྒྱུ་འཕྲུལ་དྲ་བའི་ལེའུ་གསུམ་པ་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་ལ་བརྟེན་ནས་ཟླ་བ་བདུན་གྱི་བར་དུ་བསྒྲུབས་པས།


GLG005_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྟེ་ལུང་བསྟན་དང་མཐུན་པར་ཕྱག་ན་རྡོ་རྗེ་ཟླ་བ་བདུན་གྱི་བར་དུ་བསྒྲུབས་པས་དངོས་སུ་བྱོན་ནས་དབང་བསྐུར་བྱིན་གྱིས་བརླབས་ཏེ་ལི་ཙ་བཱི་དྲི་མ་མེད་པར་གྲགས་པ་ལ་ཚིག་རྣམས་ཞུས་ཤིག་པའི་གནང་བ་ཐོབ་པ་ལྟར་མཛད་དེ་ཏནྟྲ་རྣམས་གསུངས་པས་རྒྱལ་པོ་འཁོར་བཅས་རིག་འཛིན་གྱི་ས་ཐོབ། དེའི་སྲས་ཨིནྡྲ་བྷཱུ་ཏི་ཞེས་འབྱོར་པའི་དབང་པོ། དེ་ལ་སྲས་མོ་གོ་མ་དེ་ཝཱི་དང་སྲས་ཤ་ཀྲ་བུ་ཏི་གཉིས་བྱུང་བའི་ཤ་ཀྲས་རྒྱལ་སྲིད་བཟུང་བའི་སྲས་སུ་རྒྱལ་པོ་གཙུག་ལག་འཛིན་ཏེ་དེ་ནི་ཨྱོན་སངས་རྒྱས་གཉིས་པས་སྨིན་གྲོལ་གྱི་ལམ་ལ་བཀོད། ཐང་ཡིག་ཏུ། མ་འོངས་འབྱུང་འགྱུར་སངས་རྒྱས་བླ་མ་སྟེཿ གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་ལེནཿ ཞེས་དང་། ཁ་བ་ཅན་དུ་གནམ་རི་ཞེས་བྱའི་བརྒྱུདཿ སྲོང་བཙན་སྒམ་པོ་ཞེས་བྱ་རྒྱལ་པོར་སྐྱེཿ ཞེས་སྐྱེ་བརྒྱུད་རྣམས་གསལ་བར་དུ་ལུང་བསྟན་ཅིང་། སློབ་དཔོན་ཆེན་པོ་ལ་གསོན་སྲེག་མཛད་པ་ནི་ཆེ་བ་འབྱིན་པ་སྟེ་སྟོན་པ་དྲུག་དང་ལྷས་བྱིན་ལེགས་སྐར་སོགས་སངས་རྒྱས་ཉིད་ཀྱི་སྤྲུལ་པར་གསུངས་པ་དང་འདྲ། དེའི་སྲས་དྷརྨ་རཱ་ཛ། མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོ། ལྷ་ལྕམ་མནྡཱ་ར་བ་སྟེ་མཆེད་གསུམ་བྱུང་བའི་དང་པོའི་སྲས། དྷརྨ་པཱ་ལ། ཤཱཀྱ་དེ་ཝ། མ་ཧཱ་དེ་ཝ་གསུམ་བྱུང་། དེའང་གདུང་རབས་ཡིག་ཚང་རྙིང་པ་ཚོར་དྷརྨ་པཱ་ལ་རང་གིས་རྒྱ་གར་ནས་བོད་དུ་བྱོན་པ་དང་པེ་ཀར་གནས་པའི་སྒོམ་གྲྭའང་ཟ་ཧོར་གྱི་ཡུལ་དུ་ཡོད་པ་འདྲ་མོ་ཞིག་བྲིས་འདུག་ཅིང་། བླ་མ་སོག་བཟློག་པའི་རྙིང་མའི་རྩོད་བཟློག་གི་ནང་དུ། སྟག་རྩེའི་ཟ་ཧོར་བརྒྱུད་པ་ནི། རྒྱ་གར་ཡུལ་གྱི་ཟ་ཧོར་མིན་ཞེས་རྒྱ་ནག་ཏུ་ཟ་ཧོར་ཟུར་པ་ཞིག་ཡོད་ཁུལ་བྱས་སྣང་བ།


GLG005_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་རྩ་ཁུངས་མ་ཆོད་པའི་རྨོངས་གཏམ་ཁོ་ནར་ཟད་དེ། པེ་ཀར་གནས་པའི་སྒོམ་གྲ་རྒྱ་གར་དུ་ཡོད་པའི་ལུགས་སུ་བྱས་ན་རྣམ་སྲས་ལྗངས་ཡུལ་མའི་ལོ་རྒྱུས་དང་འགལ་ཞིང་བྷངྒ་ལའི་ཟ་ཧོར་དང་མི་གཅིག་པའི་རྒྱ་ནག་ཏུ་ཟ་ཧོར་ཟུར་པ་ཡོད་པ་ལོ་རྒྱུས་ཡིག་ཚང་གང་དུའང་མི་གསལ། རྒྱ་གར་ཤར་ཕྱོགས་བྷངྒ་ལ་དང་རྒྱ་ནག་གཉིས་འབྲེལ་ཤིན་ཏུ་ཆེ་ཞིང་རྒྱ་མཚོ་ལ་གཟིངས་ཀྱིས་བགྲོད་ནས་ཚོང་པ་སོགས་འགྲུལ་མང་དུ་འབྱུང་བས་དྷརྨ་པཱ་ལ་འདིས་རྒྱ་ནག་ཏུ་བྱོན་ནས་བྷ་ཏ་ཧོར་གྱི་སྒོམ་གྲྭར་བཞུགས་དེ་ནས་རིགས་བརྒྱུད་འཕེལ་བའི་མི་རབས་འགའ་ནས་དྷརྨ་པཱ་ལར་གྲགས་པ་ཞིག་དང་དུས་མཚུངས་སུ་ཁ་བ་ཅན་གྱི་ལྗོངས་འདིར་རྗེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་སློབ་རྣམ་གཉིས་སྤྱན་དྲངས། ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ལ་དཔེ་བྱས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་དེ་ལ་སྲུང་མ་ཞིག་དགོས་པ་བྱུང་བ་སློབ་དཔོན་ཆེན་པོས་ཀླུ་རྒྱལ་ཟུར་ཕུད་ལྔ་པ་ལ་བཀའ་བསྒོ་མཛད་པས། ཀླུས་ངེད་རྣམས་དགུན་གསུམ་ཉལ་བས་དེའི་དུས་ཅི་ཡང་མི་ཤེས་དེ་བས་དམུའི་རིགས་ལ་ཀླུའི་ཚ་བོ་རྒྱལ་པོ་ཧུ་ཞེས་བྱ་བ་ནོར་རྒྱ་ཁབ་ཙམ་གྱི་རྗེས་ལ་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་ཙམ་རེ་འགྲོ་བ་ཞིག་ཡོད་པ་དེ་བསྐོ་བར་ཞུས། དེ་ནས་མི་རིང་བར་ལྷ་སྲས་མུ་རུག་བཙན་པོས་ཞང་རྒྱ་ཚ་ལྷ་སྣང་གི་བུ་བཀུམས་པའི་ཚེ་བློན་པོ་འགོས་རྒན་གྱིས་ཞལ་གཙེ་འདར་གསུམ་དང་དགའ་གསུམ་བཅད་པར་བརྟེན་བྱང་ཕྱོགས་ཀྱིས་སོ་ཁ་བསྲུང་བར་འབྱོན་པའི་དུས་སློབ་དཔོན་ཆེན་པོས་རྣམ་སྲས་རྟ་བདག་བརྒྱད་བཀུག་ནས་རྒྱལ་བློན་རྣམས་ལ་དངོས་སུ་བསྟན་


GLG005_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བཀའ་བསྒོས། ཞང་གཟིགས་ལྟར་མཐའ་མི་མགོན་བརྩོན་གྱིས་ཕྱར་དར་ལ་བྲིས་དེ་ལ་རྣམ་སྲས་འཁོར་བཅས་དངོས་སུ་བསྟིམ་རྒྱལ་བུ་དཔུང་བཅས་ཁམས་ཀྱི་གཡར་མོ་ཐང་དུ་བྱོན། ཞལ་ལྷ་བཟང་ཀླུ་དཔལ་གྱིས་རྒྱ་ཟམ་ལ་དམག་རྣམས་བཤར་ནས་བགྲངས་པས་ཤར་བྱ་ཁྲའི་གདོང་ཅན་ཁྲི་ཚོ་དགུ། གྲུལ་བུམ་རྐང་རྩེའི་དམག་རྟ་བོང་གི་རྐང་པ་ཅན་འབུམ་ཚོ་གཅིག །མི་ལུས་བྱི་བའི་མཇུག་མ་ཅན་ཁྲི་ཚོ་བཅུ་གཉིས། མི་ལུས་བོང་བུའི་རྣ་བ་ཅན་ཁྲི་ཚོ་བཅུ་གསུམ་སོགས་དམག་བགྲང་ཡས་པ་བྱུང་བས་རྒྱ་ཧོར་གྲུ་གུའི་ཡུལ་རྣམས་བཅོམ། རྒྱལ་པོ་པེ་ཀར་སྐྲག་སྟེ་བྱ་རྒོད་དུ་སྤྲུལ་ནས་བྲོས་པར་གནོད་སྦྱིན་ཞིག་གིས་མདའ་འཕངས་པ་གཤོག་པ་ལ་ཐེབས་ནས་ས་ལ་ལྷུང་བ་རྣམ་སྲས་འཁོར་བཅས་ཀྱིས་བཟུང་སྟེ་བསམ་ཡས་སུ་བསྐྱལ། འདིའི་དུས་རྣམ་སྲས་ཀྱི་སྤྲུལ་པའི་ཕོ་ཉ་མགོ་བརྙན་གྲངས་མེད་པ་ལྷ་སྲས་ཀྱིས་གཟིགས་ནས་དཔེ་བྱས་ཏེ་རི་མོར་བཀོད་པ་ལ་རྣམ་སྲས་ལྗངས་འདྲ་མར་གྲགས། གོང་དུ་སློབ་དཔོན་ཆེན་པོས་གནང་བའི་ཕྱར་དར་འཁོར་ཉུང་བ་དེ་ལྗངས་ཡུལ་མ་དངོས་དེ་ཡིན། བླ་མ་སོག་བཟློག་པས་ཕྱར་དར་བསམ་ཡས་ནས་འཁྱར་ཏེ་ཆོས་ལུང་ཚོགས་པར་ཡོད་ཟེར་བ་ཁུངས་མ་ཆོད་པའི་ཟོག་རྫུན་གྱི་གཏམ་ཁོ་ན་སྟེ་ཕྱར་དར་ནི་བྱ་རྒོད་གཤོངས་སུ་གཏེར་དུ་སྦས་པ་གཉལ་པ་ཉི་མ་ཤེས་རབ་ཀྱིས་མདུང་དམར་ཅན་གྱི་སྒྲུབ་སྐོར་དང་ལྷན་དུ་སྤྱན་དྲངས་རིང་ཞིག་ལོན་པ་ན་ཕྱར་དར་ཀརྨ་པའི་ཕྱག་ཏུ་བྱུང་བ་ཆོས་རྒྱལ་སྣེའུ་རྫོང་པས་སྒར་པར་ཞབས་འདྲེན་ཞུས་དུས་གཞིས་ཀ་སྣེའུར་གདན་དྲངས། སྣེའུ་པར་དུས་འགྱུར་བྱུང་སྐབས་རིན་སྤུངས་དོན་ཡོད་རྡོ་རྗེས་གཙང་དུ་བསྣམས་ནས་


GLG005_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལུང་ཚོགས་པར་ཕུལ་བ་ཡིན། སོག་བཟློག་པའི་འོལ་ཚོད་ཀྱི་རྫུན་གཏམ་དང་སྣང་རྩེ་བའི་གཏེར་བརྫུས་གཉིས་པོ་ཐབས་ཤེས་ཟུང་འབྲེལ་དུ་སྣང་ངོ་། །པེ་ཀར་གྱིས་སྨྱོ་འབོག་ནད་རིམས་སོགས་ཆོ་འཕྲུལ་ཆེས་པར་སློབ་དཔོན་ཆེན་པོས་ཨར་ལ་གཏད་པས་རང་ཡུལ་དུ་བྲོས། འདི་དང་མངའ་བདག་གཏེར་བྱོན་པེ་ཀར་ཨར་གཏད་གྱི་ལོ་རྒྱུས་གཉིས་གུང་འགྲིག །ཐང་ཡིག་ཏུ་བྷ་ཏ་ཧོར་གྱི་སྒོམ་གྲ་བཅོམ་པའི་ཀ་ཅའི་རྗེས་སུ་རྒྱལ་པོ་འབྲངས་པར་བཤད་པ་དང་རྣམ་སྲས་སྥྲིན་གསེབ་མའི་ལོ་རྒྱུས་གཉིས་ཕྱོགས་མཚུངས་པར་འདུག །ལོ་རྒྱུས་ལ་ལར་རྒྱལ་པོ་གནོད་པས་མངའ་བདག་བསྙུང་བར་ཨྱོན་ཆེན་པོས་ཁྲག་གི་ཀོང་བུ་དགུང་གྲངས་བཏང་བས་སྙུན་ལས་གྲོལ་བར་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་ཡུས་གསོ་བའི་སླད་དུ། གསེར་གྱི་རྡོ་རྗེ་ཁྲུ་གང་བ། རྒྱས་འབྲིང་བསྡུས་གསུམ། རྡོར་དྲིལ་ཆ་བཅས་རྣམས་ཕུལ་ཟེར་བའང་སྣང་། གང་ལྟར་མཁན་སློབ་ཆོས་གསུམ་བཀའ་བགྲོས་པའི་ཕོ་ཉ་མངགས་ཏེ་ཧོར་གྱི་སྒོམ་གྲ་ནས་ཟ་ཧོར་གྱི་རྒྱལ་རིགས་དྷརྨ་པཱ་ལ་བཀུག །དེ་ལ་པེ་ཀར་ཤིན་ཏུ་འགོ་བས་གཡུའི་ཐུབ་པ་རང་བྱོན། ཞལ་བརྙན་བསེ་འབག །ཆིབས་ཤེལ་གྱི་སེང་གེ་གསུམ་བསྣམས་ཏེ་ཁྱེད་བསམ་ཡས་ཀྱི་སྲུང་མར་སྤྱན་འདྲེན་པ་གདའ་བས་ངེད་རང་ལྷ་མི་ལྷན་དུ་འདེང་ངོ་ཞེས་བཏེག་པས་རྒྱལ་པོ་པེ་ཀར་རིན་པོ་ཆེས་སྤྲས་པའི་ཤིང་བྱ་ལ་ཞོན་ནས་བསམ་ཡས་སུ་བྱོན། ཞེས་སྣང་བ་སྒོམ་གྲ་བཅོམ་པའི་དུས་རྟེན་རྫས་རྒྱལ་རིགས་དྷརྨ་པཱ་ལ་རྣམས་ལྷ་སྲས་ཀྱི་གཙོས་པའི་དམག་དང་ལྷན་དུ་བྱོན་པ་འཐད་པ་འདྲ་ཞིག་འདུག་པ་མི་མཐུན་ཙམ་


GLG005_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་ཀྱང་མི་དང་དམ་རྫས་ལ་ཆགས་ནས་རྒྱལ་པོ་འབྲངས་པ་དོན་ལ་གནས་སོ། །མཁན་པོ་རིན་པོ་ཆེས་བུད་མེད་ཡོངས་ལ་མི་གནོད་པའི་རྔན་དུ་ཤ་བ་རྭ་རྒྱས་དང་ཡུ་མོ་སྒང་བུ། དྷརྨ་པཱ་ལས་སྐྱེས་པ་ཡོངས་ལ་མི་གནོད་པའི་རྔན་དུ་སྟག་གཟིག་གི་རྒྱལ་མཚན་ཕུལ། ཨྱོན་ཆེན་པོས་སྤྱི་བོར་རྡོ་རྗེ་བཞག་ནས་དམ་བསྒྲགས་པས་དེང་སང་རྒྱལ་པོ་མིའི་ཁོག་ཏུ་ངེས་པར་བརླམས་ཚེ་སྤྱི་བོར་རྡོ་རྗེའི་རྗེས་འབྱུང་བ་ཡིན་ནོ། །དེ་ནས་རྒྱལ་རིགས་དྷརྨ་པཱ་ལས་ཨྱོན་སངས་རྒྱས་གཉིས་པ་ལ་རྫོགས་པ་ཆེན་པོ་དང་མ་གཤིན་ཕུར་གསུམ་སོགས་ཐེག་པ་མཆོག་གི་སྨིན་གྲོལ་མང་དུ་ཞུས་ཏེ་ཆུ་བོ་རིར་བཞུགས་ནས་ཉམས་ལེན་མཛད་པས་གྲུབ་པ་ཐོབ་མངའ་བདག་གི་བླ་མཆོད་དུ་གྱུར། ལམ་གྱི་བོགས་འདོན་ལ་ཕོ་ཡོང་བཟའ་བྱ་བའི་རིག་མ་ཞིག་བཞེས་པར་སྲས་དཔལ་གྱི་རྡོ་རྗེ་དང་རིན་ཆེན་རྡོ་རྗེ་གཉིས་འཁྲུངས། གཅུང་རྒྱ་གར་སཱི་ཏའི་གྲོང་ཁྱེར་དུ་བྱོན་ནས་ལུས་མ་སྤངས་པར་མཁའ་སྤྱོད་ལ་གཤེགས། གཅེན་གྱིས་པ་ཚབ་ཀྱི་རིགས་ལས་མཚན་ལྡན་མ་ཞིག་ཇོ་མོར་བཞེས་པར་སྲས་རྡོ་རྗེ་གྲགས་པ། རིན་ཆེན་གྲགས་པ། ཆོས་ཀྱི་གྲགས་པ་གསུམ་འཁྲུངས་པའི་ཕྱི་མ་གཉིས་རབ་ཏུ་བྱུང་། དང་པོས་སྒྲུབ་པ་མཛད་པས་ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས་ཤིང་མཁའ་འགྲོའི་མཚན་ལྡན་ཞིག་ཕྱག་རྒྱར་བསྟེན་པར་སྲས་ཟླ་བ་གྲགས་པ་འཁྲུངས། དེའི་སྲས་རིག་པའི་སེང་གེ །དེ་ལ་སྲས་ཤཱཀྱ་བློ་གྲོས། ཡོན་ཏན་སེང་གེ །གྲགས་པ་ཡེ་ཤེས་གསུམ་བྱུང་བའི་དང་པོས་ཁྲ་འབྲུག་དང་ཁད་ཉེ་བའི་གཡུ་སྲིད་སྨོན་མཁར་དུ་བཞུགས། འབྲིང་པོས་གནམ་ལྡེ་འོད་སྲུངས་ཀྱི་བླ་མ་མཛད་ནས་མཁར་ཐོག་བཏབ། ཆུང་


GLG005_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཆུ་བོ་ལོ་ཧི་ཏའི་འགྲམ་བྱེ་མ་བརྡལ་བའི་ལྗོངས་སུ་ལྷ་ཁང་བཏབ་ནས་བཞུགས་པར་ལ་ལ་བྱ་ས་ལྷ་ཁང་ཡིན་ཟེར་ཡང་ཐེ་ཚོམ་གྱི་གཞིར་སྣང་། ཧོར་ཤཱཀྱ་བློ་གྲོས་ཀྱི་སྲས་སུ་རྡོ་རྗེ་གསལ་བ་དང་རྡོ་རྗེ་རིན་ཆེན་གཉིས་འཁྲུངས། དེའི་དུས་སུ་རྒྱ་དང་ཤ་རག །བྱ་དང་རྔོག །ཁུ་དང་སྤུས་དཀར་སོགས་རུས་ཆེན་གྱི་འབངས་མང་པོ་བྱུང་།གཅེན་གྱི་སྲས་ཡེ་ཤེས་རྡོ་རྗེ། དེའི་སྲས་གཡུ་རུ་ནམ་མཁའ། འདིས་རུས་ཁུ་ཡིན་པའི་ཇོ་མོ་ཞིག་བླངས་པར་སྲས་མོ་གཅིག་ལས་མ་བྱུང་བས་མཁར་ཐོག་བཅག་ནས་རྒྱལ་བྱིན་པས་ཕོ་བྲང་རྒྱའི་མཁར་ཐོག་ཏུ་གྲགས། རྡོ་རྗེ་གསལ་བའི་གཅུང་རྡོ་རྗེ་རིན་ཆེན་པ་མངའ་བདག་དཔལ་འཁོར་བཙན་གྱིས་གདན་དྲངས་ཕུ་ལུང་འདི་ངན་ལམ་རྒྱ་མཚོ་དང་གཙང་པ་མི་བདུན་སོགས་སྔགས་པ་མང་པོས་མ་ཐུལ་བའི་ས་ཡིན་པས་ཐུལ་ཞིག་ཅེས་ཡོན་དུ་གསེར་གྱི་ཕྱག་ཤིང་ཁྲུ་དོ་ཡོད་པ་གནང་བ་ལྟར་ལྷ་འདྲེ་རྣམས་བཏུལ་ནས་དགོན་པ་ལྟེས་ཁ་མོ་བཏབ། དེར་ཇོ་མོ་མཆིམས་མོ་ཞིག་ཁབ་ཏུ་བཞེས་པར་སྲས་རྡོ་རྗེ་གྲགས་པ་དང་རྡོ་རྗེ་འབར་བ་གཉིས་འཁྲུངས་ཡབ་སྲས་གསུམ་གྱིས་ཧོར་པ་སར་གཞིས་ཀ་བཏབ་སྟེ་རྒྱ་གར་བའི་ལུགས་ལྟར་གཅེན་ཁང་པ་ཕྱི་མར་ཕོག་པས་སྲས་ཁང་ཕྱི་པ་དང་གཅུང་ཀླུ་སྡིངས་སུ་ཕོག་པས་ལྕང་ལྡུར་པར་གྲགས། ཡབ་དང་གཅུང་གིས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞབས་ཀྱིས་བཅག་པའི་དབུ་ར་དང་ཁད་ཉེ་བར་ཕྱགས་ཕབ། ཡབ་ཀྱིས་དགུང་ལོ་ལྔ་བཅུ་པ་ལ་བསྙེན་པར་རྫོགས་པའི་མཚན་དགེ་སློང་རྡོ་རྗེ་རྒྱལ་པོར་གྲགས། ལྕག་ལྡུར་བའི་སྲས་ཧོར་ད་ལྟར་བ་ཞེས་སྦས་པའི་རྣལ་འབྱོར་པ་མཐུ་


GLG005_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཆེ་ཞིག་བྱུང་བའི་སྙན་གྲགས་ཀྱིས་གོང་ནས་འབོད་པར་གསེར་ཡིག་པ་མངགས་ཀྱང་ཐབས་ཀྱིས་བཏུལ། དེའི་སྲས་ཧོར་བཀྲ་ཤིས་འབུམ་དང་མཁན་ཆེན་ཚུལ་དར་བ་གཉིས་བྱུང་བའི་ཕྱི་མ་འབྲི་གུང་སྒོམ་པ་ཤཱཀྱ་རིན་གྱིས། གདན་ས་དཔལ་གྱི་ཕག་གྲུ་དེ། །ཆུ་མིག་བརྒྱ་རྩའི་འགོ་བོ་ཡིན། །ཞེས་བཀའ་བརྒྱུད་རིན་པོ་ཆེའི་འབྱུང་གནས་གདན་ས་མཐིལ་གྱི་སྤྱན་སྔ་བཅུ་གཉིས། རྙིང་མ་བ་རིན་ཆེན་རྡོ་རྗེ་ལ་བསྙེན་པར་རྫོགས། ཕྱག་རྒྱ་བའི་ཆོས་ལུགས་ལ་གསན་པ་མཛད་ཅིང་ཀུན་བཟང་ནགས་ཁྲོད་ཀྱི་མཁན་པོ་ཞིག་ཀྱང་གནང་བས་འདི་ནས་བཟུང་ཕག་གྲུ་བཀའ་བརྒྱུད་དང་འབྲེལ་བའི་འགོ་ཚུགས། ཧོར་བཀྲ་ཤིས་འབུམ་གྱི་སྲས་ཧོར་གཞོན་ནུ་བཟང་པོ་དང་བཀྲས་བསམ་པ་གཉིས་བྱུང་བའི་སྐུ་མཆེད་གཉིས་ཀས་བོད་ཤིང་སྒོ་ཅན་རྣམས་ལ་བཀའ་དྲིན་མཚུངས་པ་མ་མཆིས་པ་གོང་མ་སྡེ་སྲིད་ཕག་མོ་གྲུ་པ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་ཞབས་ལ་ཐུག །གཅེན་གྱིས་སྤྱན་སྔ་གྲགས་པ་རྒྱལ་མཚན་ལ་སྐྲ་ཕུད་ཕུལ་ཞིང་གསོལ་ཇ་བ་ནས་བཟུང་དམག་དཔོན་གྱི་བར་གྱི་ལས་ཚན་རྣམས་ཡར་འཕར་གྱི་ཚུལ་དུ་མཛད། ས་སྐྱའི་དཔོན་ཆེན་ཤངས་པ་རྒྱལ་བ་བཟང་པོ་ཞེས་པའི་སྒྲ་སྐད་ཅན་དེས་ཡར་ཀླུངས་སུ་དྲུང་ཆེན་རིན་པོ་ཆེ་ལ་སྒོར་བསྐྱིལ་ཞུས་ནས་སྣེའུ་སྡོང་རྩེ་གཏོད་དགོས་པའི་ཚ་འཇུན་གྱི་སྡིག་གཏམ་ཆེན་པོ་བྱས་ཀྱང་དྲུང་ཆེན་རིན་པོ་ཆེའི་བསླབ་སྟོན་ཕྱུག་མེད་དུ་མཛད་པས་ཕོ་བྲང་དགྲ་ལག་ཏུ་མ་ཤོར་བར་འཁྲ་ཟིན། སླར་དཔོན་ཆེན་དབུས་པ་དབང་ཕྱུག་བརྩོན་འགྲུས་ཀྱིས་ཁྲི་སྐོར་བཅུ་གསུམ་གྱི་དམག་ཡར་ཀླུངས་སུ་བཏེག་སྐབས་ཕག་གྲུ་ཁྲི་སྐོར་གྱི་དམག་རྣམས་ཁྲིད་ནས་ས་སྐྱའི་དཔུང་ཆེན་ལ་ཇུས་ཉེས་ཆེ་བར་བཏང་


GLG005_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྡེ་སྲིད་རིན་པོ་ཆེ་འདི་ཉིད་ཚུགས་པའི་རྩ་བ་ལྟ་བུར་གྱུར་པས་བཀའ་ཆེམས་སུ་གཞོན་ནུ་བཟང་པོ་བརྒྱུད་བཅས་ཐུགས་ལ་འདོགས་ཚུལ་གྱི་བཀའ་དྲིན་སྐྱོང་བའི་གསུང་ཡང་མང་དུ་ཡོད། ཧོར་ད་ལྟར་བ་ཡན་ཆད་ནང་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་ལ་ཕྱི་སྒྲུབ་འཕྲིན་མང་པོའི་སྒོ་ནས་གྲོང་ཆོག་ལ་ཤིན་ཏུ་བྲིན་པའི་སྔགས་རྙིང་མ་བའི་རིག་འཛིན་ཤ་སྟག་ཏུ་བྱུང་བའི་གཏན་བདེ་སྒྲུབ་མཁན་ཞིག་ཡིན་འདུག་ཀྱང་འཇིག་རྟེན་འདི་སྣང་ལ་ཞེན་པ་རྣམས་ཀྱི་བློ་དང་མཐུན་པར་ཧོར་གཞོན་ནུ་བཟང་པོ་ཚུན་ཆད་སྡེ་སྲིད་ཕག་མོ་གྲུ་པའི་བཀའ་དྲིན་ལ་བརྟེན་ནས་སྐྱེ་བོ་ཀུན་གྱིས་ཞལ་ངོ་དཀར་ནག་ལྟ་དགོས་པའི་དཔོན་སྐྱ་ཨ་པོ་ཧོར་འདྲ་ཞིག་ཏུ་སོང་བར་སྣང་ངོ་། །བཀྲས་བསམ་པའི་སྲས་གཞོན་ནུ་རྒྱལ་མཚན། ཀུན་དགའ་དཔལ་བཟང་། ནམ་མཁའ་རིན་ཆེན། དྲུང་དབང་རིན་ཆེན་དང་བཞི་འཁྲུངས་པའི་བཞི་གས་སྤྱན་སྔ་ཚེས་བཞི་པ་དང་དྲུང་ཆེན་རིན་པོ་ཆེ་གཉིས་ཀའི་ཞབས་ལ་ཐུག་ཅིང་འཇམ་དབྱངས་གུ་ཤྲཱི་ཆེན་པོའི་བློན་པོ་མཛད། ཧོར་ཀུན་དགའ་དཔལ་བཟང་གི་སྲས་དྲུང་ཆེན་དཔལ་འབྱོར་བཟང་པོ། བསོད་ནམས་དཔལ་ལྡན། སངས་རྒྱས་སྐྱབས། དཀོན་མཆོག་རིན་ཆེན་དང་བཞི་བྱུང་བའི་དང་པོས་སྤྱན་སྔ་ཚེས་བཞི་གསར་མ་བ་གྲགས་པ་བྱང་ཆུབ་ཀྱི་ཞབས་ལ་ཐུག །དང་པོར་སྤྱན་སྔ་བསོད་ནམས་གྲགས་པའི་གསོལ་དཔོན་དང་ཕྱིས་སུ་དམག་དཔོན་དུ་བསྐོས་ནས་དགྲ་ཤ་དྲོད་མ་ཡལ་བར་བླངས་ཞེས་དཔའ་གྲགས་ཆེ། ཉང་སྨད་བསམ་གྲུབ་རྩེའི་རྫོང་དཔོན་གྱི་ལས་ཀ་བཟུང་། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ལ་བཀའ་གདམས་གླེགས་བམ་གསན་པས་ཐུགས་དད་ལྷག་


GLG005_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཁྲུངས་ཏེ་མཆོད་ཡོན་དུ་གྱུར་ནས་བཀྲ་ཤིས་ལྷུན་པོའི་དགོན་པ་འདེབས་པའི་མཐུན་རྐྱེན་མཛད་རྒྱལ་བ་གཉིས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་བསྟན་པ་རིན་པོ་ཆེ་དང་འབྲེལ་བའི་འགོ་ཚུགས། ངེས་པར་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་ཞུས་དག་གནང་བའི་བཀའ་འགྱུར་འཕྱོང་རྒྱས་སུ་གདན་དྲངས། གཅུང་གསུམ་གྱི་སྤྱན་སྔ་བསོད་ནམས་གྲགས་པ་དང་གོང་མ་ཆོས་རྒྱལ་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་ཞབས་ལ་ཐུག་ནས་རྗེས་སུ་བཟུང་། ཁྱད་པར་ནང་སོ་དཀོན་མཆོག་རིན་ཆེན་གྱིས་འཕྱིང་པ་སྟག་རྩེའི་རྫོང་གསར་རྒྱག་མཛད། དེང་སང་མི་ཐོག་བདུན་བརྒྱད་ཙམ་སོང་འདུག་ཀྱང་གཡས་འགྱེལ་གཡོན་དཔྱོངས་ཀྱི་རིགས་མེད་པའི་ལྕགས་ཕུར་ལྟར་སྲ་བའི་ལས་རྗེས་གཙང་བའི་དཔེར་འོས། འཕགས་ཆེན་དཔལ་ལྡན་གྲགས་པ་དཔོན་སློབ་ལ་བསྟོད་ནས་ཆོས་ཐོག་བཏེག་སྟེ་བྱོན་པར་བཞུགས་གནས་དང་ཕོགས་ཚ་བའི་མཐུན་རྐྱེན་གནང་བར་བརྟེན་འཕགས་སྡེ་དར་བས་ཀསྨི་རའི་པཎ་ཆེན་བསོད་སྙོམས་ཆེན་པོའི་བསྟན་པ་སྤེལ། དྲུང་དཔལ་འབྱོར་བཟང་པོ་དང་ནང་སོ་དཀོན་མཆོག་རིན་ཆེན་གཉིས་ཀྱི་ཇོ་མོར་དྲུང་དཔོན་ཤེ་བའི་སྲས་མོ་དཔལ་འཛོམ་སྐྱིད་བསུས། སྲས་ཉག་ཕྲ་བར་བྱུང་བ་ལ་རི་བོ་དགའ་ལྡན་གྱི་གདན་ས་གསུམ་པ་ཞ་ལུ་བ་ལེགས་པ་རྒྱལ་མཚན་ཞེས་འཇམ་དཔལ་གཤིན་རྗེ་དངོས་སུ་གྲུབ་པའི་མཐུ་སྟོབས་ཀྱི་དབང་ཕྱུག་ཆེན་པོ་དེས་གཤེད་དམར་གྱི་སྒོ་ནས་རིགས་བསྐྲུན་པའི་ཆོ་ག་མཛད་པས་སྲས་ཧོར་རྡོ་རྗེ་ཚེ་བརྟན་པ་འཁྲུངས། ཕ་རོལ་གྱི་དམག་བྱུང་བར་འོད་ཟེར་ཅན་མའི་ཕྱག་མཚན་ཁབ་ལ་བརྟེན་པའི་ལས་ཚོགས་ཀྱིས་དགྲ་རྣམས་སྟོང་འུར་དུ་བྲོས་པ་དང་རྫོང་ལ་ཆུ་མེད་པར།


GLG005_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་འཆར་གྱི་བུམ་བརྒྱད་འཁོར་ལོའི་སྒོ་ནས་ལུ་མ་བཏོན་པ་སོགས་བཀའ་དྲིན་ཤིན་ཏུ་ཆེ་བས་རྗེ་ཞ་ལུ་བ་དག་ཞིང་དུ་གཤེགས་པའི་ཉེར་བཞི་མཆོད་པའི་ཐེབས་སུ་དགའ་ལྡན་དོས་སྐྱེལ་དུ་གྲགས་པ་ཡང་སྟར་ཆགས་སུ་མཛད། ཡབ་དྲུང་ཆེན་དཔལ་འབྱོར་བཟང་པོ་བཀའ་གདམས་དང་དགེ་ལུགས་ལ་ཐུགས་གུས་པའི་དགོངས་བཞེད་དང་སྲས་ཀྱང་རྗེ་ཞ་ལུ་བས་སྲིད་འབེབས་མཛད་པའི་བཀའ་དྲིན་སོགས་ལ་བརྟེན། ཧོར་རྡོ་རྗེ་ཚེ་བརྟན་རྣམ་རྒྱལ་སྐྱེད་པ་དཔལ་བཟང་པོས་རི་བོ་བདེ་ཆེན་གྱི་ཆོས་སྡེ་བཏབ་ཕྱོགས་དེར་ཞྭ་སེར་ཅོད་པན་འཛིན་པའི་བསྟན་པའི་རྩ་བ་ཚུགས། ཐུབ་གསུང་དགོངས་པ་འགྲེལ་བའི་བསྟན་འགྱུར་པོ་ཏི་ཕྱེད་སུམ་བརྒྱ་ཙམ་དངོས་གཙང་བ་བཞེངས། བསྟན་འགྱུར་གཞན་ལ་མེད་པའི་འཇིག་རྟེན་གྱི་མིག་གཅིག་པུ་ཞ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོས་བསྒྱུར་བའི་མངོན་པའི་འགྲེལ་བ་གནམ་ལྕགས་ཐོག་གཟེར་ཀྱང་བཞུགས། ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ་དང་སྲས་ཀྱི་གཙོ་བོར་རྒྱལ་ཚབ་ཐམས་ཅད་མཁྱེན་པ་སོགས་ཀྱི་གསུང་རབ་རགས་རིམ་པོ་ཏི་བཅུ་དྲུག་ཙམ་ཡང་བཞེང་བ་གནང་། ཆོས་རྗེ་སྒྲོལ་མ་བ་སངས་རྒྱས་རིན་ཆེན་དང་མཆོད་ཡོན་དུ་འབྲེལ་བས་མཁར་ནག་གི་ཐོད་པ་ཞལ་དབྱེའང་རྟ་ནག་ཕྱོགས་ནས་བྱུང་བར་གླེང་། འདིའི་སྲས་ཧོར་ཚེ་དབང་རྣམ་རྒྱལ་དང་ཧོར་རིན་ཆེན་རྒྱལ་མཆོག་སྐུ་མཆེད་གཉིས་འཁྲུངས་པའི་གཅེན་རིག་པའི་གནས་བཅོ་བརྒྱད་དང་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མཁས་པར་གྱུར། གཅུང་སྡེ་སྲིད་ཀྱི་དམག་དཔོན་གྱི་ལས་ཀ་བཟུང་བས་གོང་མ་ཆེན་པོའི་བཀའ་ཤོག་ཏུ་ཆིངས་ཀྱི་སྐོར་ལ་དྲི་བ་བྱེད་པར་བཏང་


GLG005_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པ་ཅི་འགབ་ཁྱོད་རང་ལ་དྲི་བ་ལས་འོས་མེད་ཚུལ་སོགས་རྒྱལ་པོ་ལས་བློན་པོ་གཙོ་བའི་གཏམ་ཕྱག་ཏུ་བཀལ། ཞྭ་དམར་བ་བཞི་པ་སྤྱན་སྔ་ཐམས་ཅད་མཁྱེན་པ་དང་མཆོད་ཡོན་དུ་འབྲེལ་བདེ་ཆེན་ཡངས་པ་ཅན་འདེབས་པ་དང་སྣེའུ་སྡོང་རྩེར་མཆོད་གཞི་ཞུ་བའི་དོ་དམ་མཛད། འཕྱོང་རྒྱས་ཀྱི་དགོན་ཆེ་ཆུང་ཚང་མར་སྤྱན་སྔ་རིན་པོ་ཆེའི་ཐུགས་རྩོམ་རེ་བཙུགས། འཕྱོང་རྒྱས་ནས་སྤྱན་སྔ་རིན་པོ་ཆེར་ཕུལ་བའི་ས་རིས་རྣམས་རི་བོ་བདེ་ཆེན་དུ་སྦྱར་ཏེ་སྤྱན་སྔ་ཉིད་ཀྱིས་མཛད་པའི་ཆོ་ག་སོར་གནས་བཞིན་ཀྱེ་རྡོར་སྒྲུབ་མཆོད་འཛུགས་པ་གནང་འདུག་ཀྱང་དེང་སང་ནི་རི་ཟས་སྙིང་ལ་འདོད་ཀྱང་རི་མ་འདོད་པས་ཡིག་ཆ་བསྒྱུར་ནས་མི་འདུག་གོ །བདེ་སྐྱིད་གླིང་དུ་སྤྱན་སྔ་བཀའ་བརྒྱུད་ཀྱི་བྲིས་འབུར་དང་ཞྭ་དམར་བ་བཞི་པའི་བཀའ་འབུམ་ཡོངས་རྫོགས་གསེར་ལས་གྲུབ་པ་བཞེངས། སྐབས་ཤིག་ཇོ་མོ་ལ་བསམ་ཡས་རྒྱལ་པོའི་གནོད་པ་བྱུང་བར་གསོལ་མཆོད་བཤོལ་ནས་ཨར་གཏད་མཛད་པས་རྒྱལ་པོས་དངོས་གྲུབ་སྟེར་ཞེས་ཚུར་བཏུད་པ་བཞིན་ཉི་མ་གཅིག་ལ་རྫོང་མགོ་བཅུ་གསུམ་བླངས་ཏེ་ཕག་མོ་གྲུ་པའི་སྡེ་སྲིད་ཀྱི་ཞབས་ཏོག་ཏུ་འགྱུར་བ་བྱུང་། གྲམ་པ་ཤར་དང་སྟོད་ལུང་དམངས་སོགས་སྨྱི་གུ་མཆུ་རིན་ལ་བཞེས། སྲོང་བཙན་བང་སོར་གཞིས་ཀ་བརྩིག་པ་མཛད། ལ་ལ་སྤྱན་སྔ་གྲགས་པ་མཐའ་ཡས་ཀྱིས་ཡུན་རིང་བཞུགས་པ་ལས་བརྒྱབ་ཟེར་བ་དག་རིགས་སུ་མི་འདུག །རཏྣའི་ཚེ་སྒྲུབ་རྡོར་འཕྲེང་གི་སྤྱི་ལུང་དུ།འཕྱོང་རྒྱས་ནང་ནས་བདུད་སྤྲུལ་གདོང་དམར་ཅནཿ བང་སོའི་སྟེང་དུ་བཙན་རྫོང་གྲུ་ལྟར་བརྩིགཿ ས་བཀྲ་འཕྱུགས་པས་འཁྲུག་པའི་སོ་ཁ་བྱེཿ ཞེས་པའི་དུས་དེར་སྣང་། དེའི་སྲས་ཧོར་བསོད་ནམས་མགོན་པོ།


GLG005_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་ཚེ་དབང་བཀྲ་ཤིས། ཧོར་རིན་ཆེན་ཚེ་བརྟན་གསུམ་འཁྲུངས། གཅེན་གྱིས་དམག་དཔོན་གྱི་ལས་ཀ་བཟུང་དགྲ་ཐབས་ལ་མཁས་པས་གོང་མའི་ཐུགས་ལ་བཏགས་ཏེ་སྐྱིད་ཤོད་དཔལ་འབྱོར་ལྷུན་པོ་ཐབ་གསོས་སུ་གནང་། སྐུ་འབྲིང་བ་དཔའ་ཞིང་རྟུལ་ཕོད་པ་སྲིད་སྒྲུབ་ལ་འགྲན་ནུས་པ། ཆུང་བ་གཙུག་ལག་གཉིས་ལྡན་གྱི་བསྟན་བཅོས་ལ་མཁྱེན་པའི་སྤྱན་ཡངས་པ་ཞིག་གོ །མཆེད་གསུམ་གྱི་ཇོ་མོར་སྔོན་བལ་ཡུལ་དུ་ཁྱུང་ནག་པོའི་རིགས་ཞེས་སྐལ་བཟང་ཆོས་ཀྱི་རྒྱ་མཚོ་བྱ་རིགས་སྣ་ནམ་དུ་བསྡུ་བར་མཛད་པའི་བརྒྱུད་ལས་བྱུང་བ་བྱ་བཀྲ་ཤིས་དར་རྒྱས་ཀྱི་སྲས་མོ་ཁྲི་ལྕམ་དོན་ཡོད་སྒྲོལ་མ་བྱོན་པའི་ཕྱག་རྗེས་སུ་གསང་སྔགས་གསར་རྙིང་གི་རྒྱུད་འབུམ་ཡོངས་རྫོགས་ཚང་བའི་བཀའ་འགྱུར་གསེར་ཆོས་དངོས་གཙང་བ་བཞེངས། སྲས་ཧོར་ཚེ་དབང་བསོད་ནམས་དར་རྒྱས་དང་མི་དབང་དོན་གྲུབ་རྡོ་རྗེ་མཆེད་གཉིས་འཁྲུངས། གཅེན་དཔའ་མཛངས་རྟུལ་ཕོད་པའི་ཞི་དྲག་གི་བྱ་བ་མཐའ་དག་ལ་མཁས་པས་གོང་མ་ཆེན་པོའི་གུང་བློན་དུ་གྱུར། དེ་སྐབས་ཡར་ཀླུངས་བཀྲ་ཤིས་རྩེ་པ་སྣེའུ་སྡོང་རྩེ་བའི་ནང་བློན་དུ་གྱུར་པར་སྡེ་དཔོན་གཞན་རྣམས་མ་རངས་པའི་རྒྱུས་སྡེ་སྲིད་ཞལ་ངོ་ནང་གཤགས་ཏེ་བོད་ཤིང་སྒོ་ཅན་གྱི་རྒྱལ་སྲིད་ཆགས་འཇིག་ལ་ཐུག་པའི་ཚེ་ཡར་རྒྱབ་འཕྱོང་རྒྱས་སྐྱིད་ཤོད་སོགས་སྡེ་དཔོན་ཕལ་ཆེར་གོང་དཀར་ཞབས་དྲུང་ངག་དབང་གྲགས་པ་རྩེའི་ཁྲི་ཐོག་ཏུ་གདན་འདྲེན་པའི་ཆེད་དུ་བདེ་གཟར་བསླང་བའི་ཞབས་དྲུང་གོང་མ་ཆེན་པོ་ངག་དབང་བཀྲ་ཤིས་གྲགས་པ་རྒྱལ་མཚན་ཀྭ་ན་དིང་ཏཱའི་གུ་ཤྲི་ཆེན་ཧྭ་ཝང་འན་རྒྱལ་བཟང་དུ་ཕེབས་དགོས་བྱུང་བར། འཕྱོང་རྒྱས་སུ་གནང་བའི་བཀའ་ཤོག་ལ་འོན་གྱི་ཤིང་ཆུ་


GLG005_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལུས་ལ་མི་འཕྲོད་པས་ངེད་བྲག་ཁར་ཡོང་ཆོག་པའི་དོ་དམ་གྱིས་གསུང་བའི་བསླབ་སྟོན་ཕེབས། གོང་མའི་ཞབས་འདེགས་སུ་ལྷ་སྲས་རྒྱལ་པོའི་རྣམ་སྤྲུལ་འབྲི་གུང་ཟུར་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱང་ཡར་ཀླུངས་སུ་ཕེབས། ཆེ་གཉན་ཐམས་ཅད་སྒོ་བསྟུན་གྱིས་གོང་མ་ཆེན་པོ་ཕོ་བྲང་སྣེའུ་སྡོང་རྩེར་ཕེབས་ཆོག་པའི་དོ་དམ་གྱི་གཙོ་བོའང་མཛད། དེའི་ཚེ་རྗེ་འབྲི་གུང་པ་སྒར་ཐོག་ཏུ་གདན་དྲངས་ཏེ་སྔགས་རྙིང་མའི་ཟབ་ཆོས་མང་དུ་གསན། དེ་ནས་བཟུང་སྟེ་མཆོད་ཡོན་འབྲེལ་ཆགས་པར་བྱུང་། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དང་ཀརྨ་པ་མི་བསྐྱོད་རྡོ་རྗེ་སོགས་བླ་ཆེན་མང་པོར་ཆོས་འབྲེལ་གསན། ཀརྨ་འཕྲིན་ལས་གཉིས་པ་དཔལ་སྒང་ལོ་ཙཱ་བར་སྙན་དངགས་གསན་པས་དབྱངས་ཅན་དགྱེས་པའི་ལང་ཚོར་གྲགས། གཙོ་བོ་ནི་གསང་སྔགས་རྙིང་མ་བླ་རྫོགས་ཐུགས་གསུམ་ལ་ཉམས་ལེན་གནང་བས་སློབ་དཔོན་ཆེན་པོ་པདྨས་རྗེས་སུ་བཟུང་ངོ་། །གཅུང་ནི་རྒྱལ་སྲིད་ལ་སྙིང་པོ་མེད་པར་མཁྱེན་ནས་རབ་ཏུ་བྱུང་སྟེ་ནང་གསང་བ་སྔགས་ཀྱི་རྣལ་འབྱོར་ལ་བརྩོན་པར་མཛད། ཞབས་དྲུང་ཧོར་བསོད་ནམས་པའི་ཇོ་མོར་སྐྱིད་ཤོད་ས་སྐྱོང་བཀྲ་ཤིས་རབ་བརྟན་ཞེས་ལུགས་གཉིས་ཀྱི་རྣམ་དཔྱོད་མཆོག་ཏུ་ཡངས་པ་དེའི་ལྕམ་སྲིང་ཚེ་དབང་རྒྱལ་མོ་བྱོན་པར་སྲས་ཧོར་ཚེ་དབང་བསོད་ནམས་སྟོབས་རྒྱལ། ཚེ་དབང་བསོད་ནམས་བསྟན་འཛིན། ཀརྨ་ངག་དབང་གྲགས་པ་གསུམ་འཁྲུངས། གཅེན་རང་སྲིད་སྐྱོང་བ་ལ་འཇམ་དཔལ་དབྱངས་ཀྱི་ངང་ཚུལ་དང་གཞན་སྡེ་འཇོམས་པ་ལ་རཱ་མ་ཎ་དང་མཚུངས་པར་གྲགས། སློབ་དཔོན་བཻ་རོ་ཙ་ནའི་རྣམ་སྤྲུལ་འཕྲང་འགོ་གཏེར་སྟོན་ཤེས་རབ་འོད་ཟེར་ཡོངས་འཛིན་དུ་བསྟེན། སྔགས་


GLG005_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་མའི་བསྟན་པའི་འཕེལ་རྒྱས་ལ་དགོངས་དཔལ་རི་གྲ་ཚང་གསར་དུ་བཏབ། ཤེར་ཕྱིན་སུམ་བརྒྱ་པ། པདྨ་བཀའ་ཐང་། སེམས་ཉིད་ངལ་གསོ་གཞུང་འགྲེལ་རྣམས་པར་དུ་བརྐོས། རིན་པོ་ཆེ་ཀུན་བཟང་རྩེ་བའི་ཕྱག་བཞེས་ཕོ་བྲང་ཆེན་པོ་སྣེའུ་སྡོང་རྩེའི་ཚེས་བཅུའི་འཕྲིན་ལས་གར་འཆམས་སོགས་རྒྱས་པར་བཙུགས། ལ་སྟོད་བྱང་ནས་ཁྲི་སྲོང་རྣམ་སྤྲུལ་དཔལ་བཀྲ་ཤིས་སྟོབས་རྒྱལ་དྲག་པོ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་དཔའ་བོ་ལུང་བསྟན་དུས་བབས་ཀྱི་འཕྱོང་རྒྱས་སུ་ཕེབས་པ་ཏི་ཤྲིར་བཀུར་ཏེ་བཀའ་གཏེར་གདམས་པའི་ཆོས་ཀྱི་གསན་པ་རྒྱ་ཆེར་མཛད། འབྲི་གུང་ཞབས་དྲུང་ཆོས་རྒྱལ་ཕུན་ཚོགས་ལ་ཟབ་ཆོས་ཅི་རིགས་གསན། དགའ་ལྡན་ནས་ཤར་ཆེན་ནམ་མཁའ་རྒྱལ་མཚན་ཞེས་མཁས་གྲགས་ཅན་དེ་གདན་དྲངས་རི་པོ་བདེ་ཆེན་སེར་ཁྱིམ་པ་ལྟ་བུར་སོང་བའི་ཉམས་གསོས་གནང་ཞིང་དབུ་བླར་བཞེས། འབྲུག་པ་སྤྲུལ་སྐུ་པདྨ་དཀར་པོ་དང་མཆོད་ཡོན་དུ་གྱུར། སྨན་ཁྲོག་བཞེས་པ་སྨན་ཆེན་དང་ནོར་བའི་རྐྱེན་གྱིས་སྐུ་ཚེའི་བར་ཆད་དུ་སོང་། སྐུ་འབྲིང་བ་ལུགས་གཉིས་ཀྱི་མཁྱེན་སྤྱན་ཡངས་ཤིང་ཁྱད་པར་མཉམ་མེད་རི་བོ་དགའ་ལྡན་པའི་བསྟན་པ་ལ་གུས་པ་ཆེ། ཛོ་ཀི་གདྒཱ་གི་རིས་མཧཱ་རཱ་ཛ་ལ་བར་ཆད་ཆེན་པོ་འདུག་པས་སྐུ་ཚེས་སྤེལ་བའི་ཐབས་ཡོད་ཅེས་བདེ་སྐྱིད་གླིང་དུ་སྐུ་མཚམས་ལ་བསྙད་ནས་མགུལ་དར་གྱིས་བཅིངས་ཏེ་བཀྲོངས་པས་དམངས་རྣམས་ཞབས་དྲུང་ཨ་ཙ་ར་ཞེས་གླེང་། ཆུང་བ་རྩིས་ཀྱི་གཙུག་ལག་ལ་མཁས་ཤིང་འཇིག་རྟེན་འཚོ་གཙིགས་ལ་མི་བལྟོས་པའི་འབད་མེད་དུ་བཞེད་པ་རྣམས་ལྷུན་གྱིས་གྲུབ་ཅེས་


GLG005_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་། མཆེད་རྣམས་ལ་བོད་རྒྱལ་པོའི་གདུང་དུ་གྲགས་པ་ལྷ་མདའ་སྨད་པའི་བརྒྱུད་པ་ས་སྐྱོང་ལྷ་རྒྱ་རི་བ་མི་དབང་བྱམས་པ་རབ་བརྟན་གྱི་སྲས་མོ་ལྷ་ལྕམ་ཀུན་གྲུབ་རྒྱལ་མོ་བྱོན་པར་སྲས་ལྕམ་སྲིང་ལྔ་ཙམ་བྱུང་བའི་བགྲེས་པ་དཔལ་ངག་གི་དབང་པོ་བསོད་ནམས་གྲགས་པ་འཇིག་རྟེན་དགའ་བའི་རྒྱན་ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་སྐུའི་རྣམ་སྤྲུལ་དུ་ལུང་གིས་ཟིན། ཡབ་མེས་ཀྱི་ཆོས་གསང་སྔགས་རྙིང་མ་ལ་གཙོ་བོར་ཐུགས་མོས་ཆེ་བས་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། འབྲི་གུང་ཞབས་དྲུང་ནཱ་རོ་པ་བཀྲ་ཤིས་ཕུན་ཚོགས། ཆོས་སྡིངས་རིག་འཛིན་དབང་ཆེན་ལྷུན་གྲུབ་སོགས་རྩ་བའི་བླ་མར་བསྟེན་སྨིན་གྲོལ་གདམས་པས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གང་། ཀ་དག་ལྷུན་གྲུབ་ཀྱི་རྣལ་འབྱོར་དང་བླ་མ་ཞི་དྲག་བཀའ་བརྒྱད་ཚེ་བདག་རྣམས་ཀྱི་བསྙེན་སྒྲུབ་ལ་གཙོ་བོར་མཛད། སྡེ་དགུ་ཁྱབ་འཇུག་ཞིང་སྐྱོང་སོགས་ཆོས་སྲུང་བྲན་དུ་འཁོལ། གཞན་ལ་དབང་གནང་བ་དང་གཏོར་བཟློག་གི་ཚེ་དཀར་ཆས་སུ་བསྒྱུར་ནས་སྔགས་འཆང་རྡོ་རྗེ་འཛིན་པའི་བརྟུལ་ཞུགས་མཛད། སྡེ་པ་བཀྲ་ཤིས་རྩེ་བས་མཚོན་མི་བསྲུན་པ་འགར་ལས་སྦྱོར་གནང་བ་རྣམས་རྟགས་མངོན་དུ་གྱུར་པ་ཤ་སྟག་བྱུང་། རིག་འཛིན་རཏྣ་གླིང་པའི་གཏེར་ཆོས་གཙོ་བོར་གྱུར་པའི་གཏེར་ཁ་རིས་མེད་ཀྱི་གླེགས་བམ་བརྒྱད་ཅུར་ཉེ་བ་བཞེངས་ནས་རང་ཉིད་ཀྱིས་ཐོས་བསམ་མཛད་ཅིང་གཞན་དག་དེ་ལ་སྦྱར་བས་སྔགས་རྙིང་མའི་བསྟན་པའི་སྲོག་འཐུད་པ་ཞིག་ཡིན་ཅིང་དགེ་ལུགས་ཀྱིས་མཚོན་པའི་གྲུབ་མཐའ་གཞན་ལའང་སྤྱི་སྙོམས་པར་སྐྱ་སེར་མཐའ་དག་མཐུན་སྣང་དུ་གྲུབ་བོ། །གཅུང་དམག་དཔོན་ལྷའི་དབང་ཕྱུག་ནི་སྙན་དངགས་


GLG005_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྩིས་སོགས་གཙུག་ལག་གི་ཡོན་ཏན་ལ་མཁྱེན་པ་ཡངས་ཤིང་རྒྱལ་སྲིད་འཛིན་པའི་བསྙེམས་ཆས་དང་དམག་དཔུང་གི་ཁ་ལོ་སྒྱུར་བ་ལ་རྣམ་དཔྱོད་ཆེ་བར་གྲགས་ཀྱང་ཧ་ཅང་ཀར་ཞེན་ཆེས་པའི་རི་བོ་བདེ་ཆེན་པ་དང་མཆོད་ཡོན་ལུགས་མི་ལེགས།བྱི་གླང་བདེ་གཟར་ཆེན་མོའི་སྐབས་སྐྱི་རུ་ནས་དང་གསོལ་དཔོན་རབ་བརྟན་ཅན་གྱི་བཀའ་གྲོས་ཐོག་ཏུ་བཏང་ན་སྐུ་རབ་པ་རྩ་སྟོངས་སུ་འགྲོ་ཞིང་གཙང་དཔུང་གན་པ་ལ་འདའ་མི་ནུས་ངེས་པར་ཡར་སྟོད་དགེ་ཚལ་བའི་མགོ་བཏོན་པའི་གནང་སྒོ་ཞལ་ཕྱིར་འཆུས་ཀྱིས་མ་ཁྱོགས་པར་བརྟེན་རང་སྲིད་མཐའ་དག་དམིགས་མེད་དུ་རྒྱས་འདེབས་ཀྱི་རྩ་བ་ལྟ་བུར་སོང་ཞེས་གཟུར་གནས་རྣམས་གླེང་། འདི་ལོ་འབྲུམ་ནད་ཡོད་གཤིས་སྒར་ཐོག་ནས་སྐུ་འབྲུམ་བསྙུན་པའི་རྐྱེན་གྱིས་གཤེགས་སམ་ཞེས་མཛེས་བཙལ་ནས་དྲིལ་བསྒྲགས་ཀྱང་། དོན་གཙང་སྐུར་བཀའ་གྲོས་ཐོག་རྗེ་དོམ་པོ་ཆེ་པས་སྲོག་འབུལ་བྱས་ནས་སྣེའུ་སྡོང་གོང་མ། ལྷ་པ་དང་འཕྱོང་རྒྱས་ཀྱི་ཞབས་དྲུང་ཚོར་སྦྱོར་ངན་ཞུས་པ་དོན་ལ་གནས། མཆེད་གཉིས་ཀྱི་ཇོ་མོར་ཐུ་མི་སམྦྷོཊའི་གདུང་འཛིན་ཡར་རྒྱབ་དཔོན་ཆེན་གྱི་ལྕམ་མཚན་ཡོངས་གྲགས་དཔོན་ས་བདག་སྨྱོན་མར་གྲགས་པ་ཁབ་ཏུ་བཞེས་པར་སྲས་ཧོར་བདུད་འདུལ་རབ་བརྟན་ལྕམ་སྲིང་རྣམས་འཁྲུངས།དེའི་དུས་སྡེ་སྲིད་གཙང་པའི་མཚན་དོན་དབུས་གཙང་ཕལ་ཆེར་ལ་ཁྱབ་པའི་སྐབས་ཡིན་པས་མཁྱེན་དཔྱོད་རྣམ་པར་ཡངས་པ་ས་སྐྱོང་ཕུན་ཚོགས་རྣམ་རྒྱལ་གྱིས་ད་ལྟ་ངེད་རང་ལ་བུ་མོ་འོས་པ་ཞིག་མི་འདུག་པས་སྣ་དཀར་རྩེའི་ལྕམ་ལ་འདི་ག་ནས་ཕ་མིང་བྱས་ཏེ་ཇོ་མོར་གཏོང་གསུང་བ་སོགས་གཟིགས་ཕྱོགས་ལེགས་པའི་ཕེབས་སྒོ་དང་དོན་ཕྱག་ཐོག་ཏུ་བཀལ་བའི་རྫོང་བདའ་གནང་། ངེད་ཀྱི་མའི་རིགས་ནི་འཕགས་ཡུལ་རྡོ་རྗེ་གདན་ནས་བྱང་ཕྱོགས་


GLG005_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དཔག་ཚད་བརྒྱ་བགྲོད་པ་ན་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་དང་ཟུང་དུ་འབྲེལ་བ་ལྷ་ས་གྲོ་ཁུད་སྣ་བོ་གདོང་ཞེས་པར་སུ་ཐུ་ཨ་སྐྱིད་ཅེས་རྗེ་བཙུན་དཀར་པོ་རྣམ་གསུམ་གྱི་སྦྱིན་བདག་ཅིག་ཡོད་པས་དེའི་དུས་བོད་རྒྱལ་པོའི་ཁྲིམས་ནི་ཉམས། ཧོར་ཁྲིམས་ནི་མ་དར་བའི་སྐབས་སུ་སོང་བས་ད་ལྟ་སུ་ཐུ་ཐུ་བྱེད་པའི་དུས་འདིར་ང་རང་ཨ་རེ་སྐྱིད་ཡིན་ཞེས་གླེངས་པས་སུ་ཐུ་ཨ་སྐྱིད་དུ་གྲགས་ཤིང་། སྔོན་གྱི་ཡིག་ཚང་ལས། ཨ་ཀོན་མི་གླིང་གཉིས་ཡོངས་ནས། མི་སྡེ་ས་ཆ་དང་བཅས་པ། །ཆེན་པོ་ཧོར་གྱིས་མིང་བཏགས་པའི། །རྩ་བའི་དུད་གྲངས་བརྩིས་པ་ན། །སྟོད་ཀྱི་མངའ་རིས་སྐོར་གསུམ་དང་། །ལྷོ་སྡེ་གཞུང་པ་ལ་སོགས་པ། ཁྲི་སྟོང་གསེབ་ཏུ་མི་ཐེ་བའི། །བོད་འབྲོག་གང་ཡོད་ཟུར་བཞག་ནས། །དབུས་གཙང་ཁྲི་སྐོར་སོ་སོ་ཡི། །དུད་གྲངས་བརྩི་བ་འདི་ལྟར་རོ། །ལ་སྟོད་ལྷོ་པའི་དུད་ཀྱི་གྲངས། །སྟོང་དང་དགུ་བརྒྱ་དགུ་བཅུ་ཡིན། །ལ་སྟོད་བྱང་པ་ཉིས་སྟོང་དང་། །ཉིས་བརྒྱ་ལྔ་བཅུ་ཐམ་པར་བརྩིས། །ཆུ་མིག་ཁྲི་སྐོར་ཧོར་དུད་གྲངས། །སུམ་སྟོང་ཉག་གསུམ་ཡོད་པར་བྱེད། །ཞ་ལུ་ཁྲི་སྐོར་སུམ་སྟོང་དང་། །བརྒྱད་བརྒྱ་དགུ་བཅུ་རྩ་གཉིས་ཡོད། །བྱང་འབྲོག་ཁྲི་སྐོར་རྟིང་ལ་བྱུང་། །ཡར་འབྲོག་ཁྲི་སྐོར་ཁྱད་ཆོས་ལ། །ལེབ་ནི་བཅུ་དྲུག་ཟེར་བ་དེ། །ཧོར་དུད་ཕྱེད་དང་བརྒྱད་བརྒྱའོ། །དབུས་ཕྱོགས་ཙམ་དུད་འཁྱེར་ལུགས་ནི། །འབྲི་གུང་བོད་འབྲོག་གཉིས་པོ་ལ། །སུམ་སྟོང་དྲུག་བརྒྱ་སུམ་ཅུ་ཡོད། །ཚལ་པ་སུམ་སྟོང་བདུན་བརྒྱ་ཡིན། །ཕག་མོ་གྲུ་པ་ཉིས་སྟོང་དང་། །བཞི་བརྒྱ་སུམ་ཅུ་རྩ་བརྒྱད་དོ། །གཡའ་བཟང་པ་ལ་སུམ་སྟོང་དབང་། །རྒྱ་མ་བ་དང་བྱ་ཡུལ་བ། །ལྔ་སྟོང་དགུ་བརྒྱ་ཕྱེད་ཕྱེད་ཡིན། །སྟག་ལུང་པ་ལ་ལྔ་བརྒྱ་དང་། །དེ་རྟིང་ལྷ་འབྲུག་ལ་སོགས་པའི། ཁ་འཐོར་སྟོང་དང་བཞི་བརྒྱ་ཡོད། །ཚུལ་འདི་ཧོར་དང་ས་སྐྱ་པ། །ཡོན་མཆོད་འབྲེལ་ནས་དབུས་གཙང་


GLG005_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །ས་རྩིས་བྱས་པའི་ཐོག་མར་འདུག །མངའ་རིས་མན་ནས་ཞ་ལུ་ཡན། །ཨ་ཀོན་མི་གླིང་ཞེས་པས་བརྩིས། དེ་མན་འབྲི་གུང་ཡན་གྱི་ས། སུ་ཐུ་ཨ་སྐྱིད་བདག་གིས་བརྩིས། དེ་ཕྱིར་ས་སྐྱའི་དཔོན་ཆེན་ནི། །ཟབ་གྲུ་གུན་མིང་དབེན་ཧུ་ཡི། །མིང་ཐོབ་ཤཱཀྱ་བཟང་པོ་དེའི། །དེབ་ཐེར་ཤོག་དྲིལ་ཅན་བཞིན་ཡིན། ཁྲི་སྐོར་དེ་བས་དབུས་གཙང་གི །འཇའ་མོ་འཛིན་ལུགས་དེ་ལྟར་སྣང་། །ཞེས་པ་ལྟར་ཁོང་གི་སྐུ་ཚེའི་སྨད་ལ་ཧོར་ཁྲིམས་བྱུང་ནས་རྒྱའི་མི་ཆེན་ཨར་མགོན། དོ་ཤུ་ཨ་ནུ་གན། སུ་ཐུ་ཨ་སྐྱིད་རྣམས་ཀྱིས་མི་བརྩིས་དུད་གྲངས་སུ་བཅད། དེའི་སྲས་དགེ་བསྙེན་ཡོན་བདག་ཀུན་དགའ་བདེ་སྐྱིད་ཀྱིས་རྗེ་བཙུན་ས་པཎ་གྱི་ཞབས་ལ་ཐུག་པའི་གུས་ཤིང་ཞབས་ཏོག་ཆེ་བར་གྲགས། དེས་ཡོན་བདག་འབུམ་སྐྱེད་ཇོ་མོར་བསུས་པར་སྲས་མ་བྱུང་ཞིང་ཡུམ་གྱི་བུ་མོ་མཁའ་འགྲོའི་རྟགས་མཚན་ཅན་ཞིག་གཡོག་ཏུ་བསྟེན་ནས་ཤིང་འཐུ་བར་བཏང་སར་གཉིད་དུ་སོང་བའི་རྨི་ལམ་དུ་མི་ནག་པོ་མིག་གསུམ་ཡོད་པ་ཞིག་གིས་དགའ་མགུར་སྤྱོད་པའི་སྣང་བ་བྱུང་བས་ལུས་ལ་བདེ་བ་ཆེན་པོའི་ཉམས་ཤར་ཞིང་རིང་པོར་མ་ལོན་པར་སྦྲུམ་དང་ལྡན་པར་གྱུར་ཀྱང་གཞན་ལ་སྨྲ་མ་ནུས། ཟླ་བ་དགུ་ཙམ་སོང་བ་ན་ཉིན་ཞིག་ཤིང་འཐུ་ས་ནས་དུས་ལ་ལོག་མ་བྱུང་བས་ཡོན་བདག་མ་འབུམ་སྐྱིད་ཀྱིས་ལྟ་བར་ཕྱིན་པས་གྲོད་པ་ཞིག་ལ་བྱ་སེ་མོ་ཞིག་གབ་འདུག་པས་གྲོད་པ་བླངས་པ་གཤགས་པའི་ནང་ན་མི་ལས་འདས་པ་ལྷའི་བུ་འདྲ་བ་ཞིག་འདུག་པར་རང་རེ་ལ་བུ་མེད་པས་དངོས་གྲུབ་ཏུ་གོ་སྟེ་གསོས་པས་སྐྱེད་ཤིན་ཏུ་ཆེ་བར་བྱུང་། ནར་སོན་ནས་ཆོས་ཀྱི་རྒྱལ་པོ་འཕགས་པའི་ཞབས་འབྲིང་དུ་ཕུལ་བས་འཕགས་པ་རིན་པོ་ཆེ་ཚོགས་ལ་འབྱོན་རེས། སྐྱ་བོ། མཇལ་སྣ། གཟིམས་གཡོག་རྫོགས་མཚམས་ལྕགས་སྐས་འོག་ཏུ་ཞབས་དབང་རྒྱུན་མར་ཞུས་པས་ཐེངས་གཅིག་དཀའ་ལས་


GLG005_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་གག་གླེན་པ་ཞིག་འདུག་གསུངས་ནས་ཞབས་མགོ་ཐོག་ཏུ་ནན་ཆེར་བཞག་པས་ཨག་གླེན་དུ་གྲགས་ཟེར། ལུགས་གཅིག་ལ་ལྷ་ཁང་ཆེན་མོའི་རྒྱ་མཐོངས་ཀྱི་ཀ་བརྒྱད་མ་བཟོས་དུས་འཕགས་པ་རིན་པོ་ཆེ་དགྱེས་ནས་ཀ་བ་འདི་རྣམས་ལ་དྲི་བ་བྱས་ན་ཨང་ལགས་ཞེས་ལན་འདེབས་པ་ཙམ་བྱུང་འདུག་གསུངས་པས། མིང་ཨང་ལན་རྡོ་རྗེ་དཔལ་དུ་ཐོགས་ཞེས་ཀྱང་གྲགས། དོན་དུ་གཤིན་རྗེ་པུ་ཏྲའི་སྲས་ཡིན་པས་ལེགས་ལྡན་ནག་པོའི་རིགས་སུ་གཏོགས། འབྲི་གུང་པས་སྟོད་ཧོར་གྱི་དམག་ཀེ་རྡོལ་བདུན་ཙམ་ཁྲིད་ཡོང་བར་གོང་མ་སེ་ཆེན་གྱིས་ཐི་མུར་བྷོ་ཁས་འགོ་བྱས་པའི་ཧོར་དམག་བཏང་བ་དང་ཁྲི་སྐོར་བཅུ་གསུམ་གྱི་དམག་དཔོན་ཆེན་ཨང་ལན་གྱིས་ཁྲིད་ནས་གཡུལ་སྤྲད་པས་སྟོད་ཧོར་གྱི་དཔུང་བཅོམ། འབྲི་གུང་སྒོམ་པ་དཔོན་པོ་ཚོང་འདུས་ལ་ཎ་འབུར་མར་ཁྲིམས་ལ་གཏུགས། སྟོད་ཧོར་གྱི་རྒྱལ་བུ་རིན་ཆེན་གོང་དུ་ཁྲིད་ནས་ཁྲིམས་ལ་ཐོགས། དཔའ་རྟགས་སུ་འཕགས་པ་རིན་པོ་ཆེས་ཐུག་ཆེན་ཁམས་གསུམ་ཟིལ་གནོན། ཁྲིམས་རྔ་ཁམས་གསུམ་དབང་སྡུད། གཡབ་དར་མྱུར་མགྱོགས་ཕོ་ཉ། རྡོ་རྗེ་དགྲ་དཔུང་འཇོམས་བྱེད། སྐུ་འབག་འཇིགས་བྱེད་དཔའ་བོས་ཐོག་དྲངས་པའི་དངོས་པོའི་གནང་སྦྱིན་དང་རྒྱལ་བུ་ཐི་མུར་བྷོ་ཁས་རལ་གྲི་ལི་ཙ་ཤེལ་ཁོག་ཏུ་གྲགས་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་གནང་། བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ་རྒྱ་ནག་སྨན་ཡུལ་ནས་གདན་དྲངས་ཇོ་མོ་བདུན་ཙམ་བསུ་བའི་དོ་དམ་མཛད་དེ་འཇམ་དབྱངས་འཁོན་གྱི་གདུང་རྒྱུད་ཆད་མེད་དུ་བྱོན་པའི་ཐབས་ཀྱིས་ས་སྐྱ་པ་ལ་ཞབས་ཏོག་ཤིན་ཏུ་ཆེ། རྒྱལ་བུ་དཔོན་ཆེན་དམག་དང་བཅས་པས་བྱར་དྭགས་ཀོང་གསུམ། ཨེ་གཉལ་ལོ་གསུམ། ཀོང་བཅའ་དེའུ་ལ་བཅས་ལྷོ་བྲག་ཡ་གསུམ་མངའ་འོག་ཏུ་བཅུག །མོན་ལ་དཀར་པོ་ལ་བཅས་ལྷོ་བརྒྱུད་ཐམས་


GLG005_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དཔུང་ཤེད་ཀྱིས་བཅད། ལམ་བར་གཉལ་སྨད་ཀྱི་ས་ཆར་དམག་སྟོན་གཏོང་བའི་ཐབ་ཆེན་སྐས་ཚད་འཛུགས་དགོས་པ་ཞིག་བརྩིགས། བྲག་ལ་ཨང་ལན་གྱིས་འདིར་སླེབས་ཟེར་བའི་ཡི་གེ་བརྐོས་པ་ད་དུང་ཡོད་ཟེར། འབྲི་གུང་གླིང་ལོག་གཏོང་བར་ཤར་དྭགས་ལ་སྒམ་པོའི་བར་དམག་གིས་ཕྱིན། གཡུ་འཛམ་གླིང་འོད་གསལ་སྲང་ཉི་ཤུ་རྩ་ལྔ་ཡོད་པ་སྒམ་པོ་ནས་བླངས་ཏེ་གདན་སར་ཕུལ། སྔར་བོད་དུ་གྲུ་ཤན་མེད་པ་ལ་རྒྱའི་བཟོ་བོ་མཁས་པ་བཀུག་ནས་གསར་དུ་བཟོས།ས་ཧོར་མཆོད་ཡོན་གྱིས་ཡར་འབྲོག་ཁྲི་སྐོར་རྟ་སྒ་འབབ་སར་འཇའ་ས་དང་བཅས་གནང་། སྔོན་གྱི་ཡིག་ཚང་ཁུངས་བཙུན་ལས། །སྟག་འཇམ་ཡར་འབྲོག་ཁྲི་སྐོར་སྟེང་། །བྱ་རོག་ཚང་གི་རྟགས་མགོ་ནི། ཉི་ཤུ་རྩ་བརྒྱད་དེ་དང་ནི། །ཞེས་པ་ལྟར་ཤར་རྒྱལ་པོའི་ལུང་དང་ལག་རྟགས་འཛིན་པ་ཆེན་པོ་རིམ་པར་བྱོན་པའི་གདུང་ལས་མིའི་དབང་པོ་ཀུན་དགའ་གྲགས་པ་ཞེས་ལུགས་གཉིས་ཀྱི་མཁྱེན་དཔྱོད་རྣམ་པར་ཡངས་པ་ཆས་ཀྱིས་མཛེས་ཤིང་སྒྲིགས་ཀྱིས་ཆེ་བ་ཡ་རབས་བཟང་པོའི་སྤྱོད་ཚུལ་དང་ལྡན་པ་དེའི་སྲས་མོ་ཁྲི་ལྕམ་ཀུན་དགའ་ལྷ་མཛེས་དེ་ཉིད་གཙང་སྡེ་སྲིད་ནས་འབྱོན་དགོས་པའི་བསླབ་སྟོན་བྱུང་བར་བརྟེན། སྣ་དཀར་རྩེའི་ཞལ་ངོ་རྣམས་གཙོ་བོར་གདན་ས་གོང་འོག་དང་གོང་དཀར་ཆོས་སྡེ་དེ་འོག་བོ་དོང་པ་དང་ཐུགས་འབྲེལ་ཆེ་ནའང་། རྗེ་བཙུན་གྲོལ་མཆོག་སྡེ་དཔོན་ཕལ་ཆེར་གྱི་དབུ་བླར་གྱུར་ཅིང་། རྟག་བརྟན་སྤྲུལ་སྐུ་དེ་རྗེ་གྲོལ་མཆོག་གི་སྐུ་སྐྱེ་ཡིན་པའི་གྲགས་པ་ལ་བརྟེན་རྟག་བརྟན་དུ་བརྟག་པ་ཞུ་བ་གནང་བས་བྱོན་པ་འགབ་ཚུལ་དང་སྲིད་ཡོང་བའི་རྟེན་འབྲེལ་དུ་གྲ་ལྔའི་ཐང་ཁ་ཞིག་ཀྱང་བསྐུར་བར་མཛད། མེ་འབྲུག་ལོ་ཁྲི་ལྕམ་དཔོན་གཡོག་འཕྱོང་རྒྱས་སུ་ཕེབས།

སྐུ་བལྟམས་པ་དང་ཡང་སྲིད་ངོས་འཛིན་བཅས་ཀྱི་སྐོར།


GLG005_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དམར་སེར་ཅན་ཞེས་པ་མེ་སྦྲུལ་ཧོར་ཟླ་དགུ་པའི་ཚེས་དང་དུས་ཞིབ་ཏུ་བརྩིས་ན་ཉིན་ཞག་རེའི་ཐོ་རེངས་དེ་དུས་བཅུ་གཉིས་ཀྱི་མཐར་འོང་ཡང་འཇིག་རྟེན་དམངས་རྣམས་ཚེས་སྔ་མའི་ཐོ་རེངས་ལ་ཕྱི་མའི་ཡིན་པར་ངོས་འཛིན་པའི་དབང་གིས་ཉེར་གསུམ་གྱི་ཐོ་རེངས་ཞེས་གྲགས་རུང་རྩིས་རིག་སྨྲ་བའི་དབང་ཕྱུག་གཡུ་ལོ་ནས་ཀྱིས་ཞིབ་ཏུ་གཟིགས་པར་གྲུབ་པའི་རྒྱལ་ཕུར་འཕྲོད་ངེས་ཡིན་གསུང་བ་ནས་དོན་དུ་ཉེར་གསུམ་གྱི་སྐྱ་རེངས་དང་པོ་བཏང་བའི་ནམ་ལངས་ཡོས། དབྱངས་ཨཱུ། རེས་གཟའ་ཕུར་བུ། ཟླ་སྐར་རྒྱལ། འཕྲོད་ཆེན་མདུང་། སྦྱོར་ཆེན་གྲུབ་བྱ། རྟེན་འབྲེལ་རྒ་ཤི །བྱི་བའི་ཉི་མ་ལ་ངེད་བཙས་པ་ཡིན་འདུག་རུང་རང་བཞིན་བརྗོད་ཙམ་ལས་གཟའ་སྐར་དེ་དག་གི་འབྲས་བུ་བཤད་ཚོད་བཞིན་ཡོང་དུ་རེ་བའི་རློམ་པ་ནི་མིན་ཏེ་དུས་དེར་སྐྱེས་པའི་ཁྱི་རྒན་རྒྱ་བོའང་ཇི་སྙེད་ཡོད་པས་སོ། །ཚེས་སྔ་མའི་ཆུ་ཚོད་མ་རྫོགས་ན་ཟིན་ཕུང་གི་ཐོག་ཏུ་སོང་འདྲ་བ་དུས་འགྱུར་སོགས་འབྲས་བཤད་དང་ཡང་མཐུན་པ་འདྲ། དེ་ལྟ་བུའི་རིགས་རུས་ཆོ་འབྲང་དང་ལྡན་པ་ལས་རྟོལ་དང་ཡ་རུ་སོགས་ལ་བསྙད་ནས་རྟོགས་བརྗོད་དུ་ངོམ་ངོམ་བྱེད་པ་ཚོའི་གྲལ་དུ་སྡོད་མི་དགོས་པར་སྣང་། དེའང་རི་བོ་བདེ་ཆེན་གྱི་རབ་འབྱམས་པ་སངས་རྒྱས་རྒྱ་མཚོ་རྒྱུན་གྱི་མཆོད་གནས་ལ་བཅར་བཞུགས་ཡིན་པ་ཁོང་གིས་རེག་ཟིག་གི་ཤོག་དྲིལ་བྲིས་འདུག་པར་མངལ་དུ་འཇུག་པར་ཉེ་བའི་ཚེ་དཀོན་གཉེར་ཡིན་ཟེར་བའི་བཙུན་པ་ཞིག་གིས་ཐུགས་རྗེ་ཆེན་པོ་ནམ་མཁའ་རྒྱལ་པོའི་སྐུ་ལི་མ་ཞིག་ཁྱེར་བྱུང་བ་ཅི་ཡིན་དྲིས་པས་ལྷ་སའི་རང་བྱོན་ལྔ་ལྡན་ཡིན་གླེང་བ་དང་བཙའ་བར་ཉེ་བའི་ཚེ་མནལ་ལམ་དུ་སྐར་ཁུང་ཞིག་ལ་ཕེབས་པར་བརྩམས་པ་སྐུ་ལུས་མཐོ་བས་དཀའ་ཚེགས་སུ་གྱུར་པ་ན་བུད་མེད་རྒྱན་ཆ་མཆོར་མོ་ཞིག་གིས་ཕྱག་ནས་འཐེན་ཏེ་ཐོགས་མེད་


GLG005_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱོན་བའི་སྣང་བ་བྱུང་། དངོས་སུ་ཡང་ཀླུ་ཁང་དུ་སྔར་མེད་པའི་མེ་ཏོག་གི་རིགས་གསར་པ་སྐྱེས་པ་དང་གཟིམས་ཆུང་གི་རྩེར་འཇའ་ཟུག་པ། སྲོལ་མེད་པའི་ཞོལ་པ་མང་པོས་རྫོང་ལ་སྐོར་བ་བྱེད་པ། ནམ་མཁའ་སྤྲིན་མེད་ལས་ཆར་བབས་པ་སོགས་བྱུང་ཟེར་བ་རང་གི་མངོན་སུམ་དུ་མ་གྱུར་པས་ཡིད་བརྟན་དཀའ་ཞིང་གལ་ཏེ་བྱུང་དུ་ཟིན་ཀྱང་དུས་མཚུངས་པར་ཕྱོགས་དེར་གང་ཟག་ཁྱད་པར་ཅན་སྦས་པའི་བརྟུལ་ཞུགས་འཛིན་པ་གཤེགས་པ་དང་བལྟམས་པ། ལམ་གྱི་རྟོགས་པ་མངོན་དུ་གྱུར་པ་དང་མ་འགྲིག་པའི་ངེས་པ་ཡང་མེད་དམ་སྙམ། རྟག་བརྟན་སྤྲུལ་སྐུ་དེ་ལ་གསུང་རབ་ནས་བཤད་པའི་མངོན་ཤེས་ཡོད་ཡོད་མི་འདྲའང་འབྱུང་པོའི་མངོན་ཤེས་ཕྲ་མོ་བསྒྲུབས་པའི་ལུང་བསྟན་སྐབས་རེ་བདེན་བདེན་འདྲ་ཡོང་གིན་ཡོད་ཚོད་འདུག་པའི་འཁྲུལ་གཞི་ལ་བརྟེན་ཞང་པོ་ཕྱོགས་ཐུགས་མོས་པས་ཆེད་གཉེར་གྱིས་མི་སྣ་མངགས་པའི་རྒྱུ་མཚན་དུ་རྒྱལ་བུ་ཞིག་བྱུང་བས་མིང་དང་རིམ་གྲོ་སོགས་ལེགས་ཉེས་ཀྱི་ལུང་བསྟན་ཞུ་བ་གནང་འདུག་པར་མཛེས་ལམ་སྤམ་མེ་བའི་གསུང་ཞིག་ལས་འཕྱོང་རྒྱས་སུ་དུས་ལོག་འབྱུང་རྒྱུ་ཤེས་བྱ་ལྐོག་གྱུར་བའི་ལན་ནི་གང་ཡང་མ་བྱུང་བར་གདའ། མིང་ཀུན་དགའ་མི་འགྱུར་སྟོབས་རྒྱལ་དབང་གི་རྒྱལ་པོར་འདོགས་པ་མཛད།གཙང་སྡེ་སྲིད་ནས་རྒྱལ་བུ་འཁྲུངས་པའི་ལེགས་བྱའི་དགའ་སྟོན་ལ་མི་ཆེད་གཉེར་གནང་བའི་ལུགས་ལེགས་ཀྱི་ཐུགས་བརྩེ་བཟང་པོ་བསྟོད་པའི་ནང་རྟགས་ཕྱིར་གསལ་གྱི་ཉམས་ཅི་ཡང་ཤར། བྱང་པ་རིག་འཛིན་འཕྲིན་ལས་རྣམ་རྒྱལ་མཚོ་སྐྱེས་བཞད་པའི་དབང་པོས་བར་ཆད་མི་འབྱུང་བའི་སྲུང་བ་དང་བྱིན་རླབས་མཛད། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་སྤྲུལ་བྱང་པ་རིག་འཛིན་ངག་གི་དབང་པོ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་སྦྲུལ་ལོའི་མཇུག་


GLG005_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ཁམས་ནས་ཕེབས་པ་དང་འགྲིག་པའི་ཚེ་དབང་ལྕགས་སྡོང་མ་བརྒྱ་རྩ་དང་ཉང་ལུགས་དྲག་དམར་གྱི་དབང་བརྒྱ་ཚར་གནང་འདུག་པ་དྲན་པའི་ཡུལ་དུ་མ་གྱུར་ཀྱང་བྱིན་རླབས་རྒྱུད་ལ་ཞུགས་ཉམས་ཀྱིས་ནད་གདོན་གྱི་འཚེ་བ་དཀོན་ཞིང་བསྙེན་སྒྲུབ་ཅི་ཡང་མ་སོང་བའི་བྱིས་པའི་དུས་གཞན་ལ་སྲུང་མདུད་དང་མཆིལ་མ་བཏབ་པའི་ཆུ་བྱིན་པ་ཞལ་ངོ་གོང་མ་བསྙེན་སྒྲུབ་སོང་བའི་རིགས་ལས་ནུས་པ་ཆེ་བ་ཙམ་བྱུང་ཞེས་གླེང་། དབང་ཞུ་བའི་དུས་ཙོག་པུར་བསྡད་པར་ཉེ་འཁོར་བ་ཞིག་གིས་ཚོ་འཛིན་ཕྱིར་བརྟན་དགོས་པ་འདྲ་ཞེས་ཞུས་པར་བདག་པོ་རིན་པོ་ཆེས་འདི་གཞན་ལ་བརྟེན་དགོས་པ་ཞིག་མིན་ཞེས་བསྔགས་བརྗོད་དང་དགྱེས་ཚོར་ཆེན་པོ་མཛད་འདུག །མཚན་བཅས་མཚན་མེད་ཀྱི་སྲུང་འཁོར་དང་རིམ་གྲོ་རྐྱེན་བཟློག་མང་དུ་གནང་། ས་རྟའི་ཟླ་བ་གསུམ་གཉིས་བརྩེགས་ཀྱི་སྔ་ཕྱི་ཚོར་ཡང་བྱང་པ་རིག་འཛིན་ཆེན་པོས་སྒོ་གསུམ་བར་ཆད་ལས་བསྒྲལ་བའི་བྱིན་རླབས་མང་དུ་མཛད།རང་ལོ་གསུམ་ལོན་པ་ས་ལུག་ལོར་དུས་འགྱུར་འབྱུང་བའི་རྩ་བ་ནི་འཕྲང་འགོ་གཏེར་སྟོན་བཞུགས་སྐབས་རྒྱལ་བུ་ཞལ་རས་ཀྱི་ཕྱེད་ལ་ཤ་ལྤགས་མེད་པའི་དམ་སྲིའི་སྤྲུལ་པ་ཞིག་བྱུང་བ་གཏེར་སྟོན་རིན་པོ་ཆེས་འདི་གསོས་ན་མི་ནོར་སྲིད་སྡེ་ཐམས་ཅད་མྱུར་བར་བརླག་གསུངས་ནས་ནག་པོ་སུམ་སྒྲིལ་གྱི་སྒྲུབ་པ་མཛད་པས་ཞག་བདུན་གྱི་ཐོག་ངོ་གསར་དེ་ཕྱིར་ལོག །མནན་པ་ཚད་ལྡན་སྐབས་སུ་མ་བབས་པས་གཟིམས་ཆུང་བདེ་ལྡན་དུ་རྩིག་པ་གློ་འབུར་བ་བྱས་པའི་ནང་དུ་མནན་པའི་ཚུལ་གྱིས་བཅུག་དམ་སྲི་མི་ལྡང་བའི་འཁོར་ལོ་སོགས་རྟེན་འབྲེལ་མང་དུ་མཛད་དེ་བཅས་མ་ཞིག་བར་དུ་སྐྱོན་མི་ཡོང་ཞེས་ལུང་བསྟན་པ་དཔོན་ས་བདག་སྨྱོན་མས་གློ་འབུར་འདི་ལག་རུ་འགོག་ཅེས་བཤིག་པས་དམ་སྲི་ལངས་པ་ཡིན་ལ། སྤྱིར་འཕྱོང་རྒྱས་པར་མེ་ཏོག་ཕོག་པའི་ལྷ་སྐལ་


GLG005_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ནི་གསང་སྔགས་རྙིང་མ། གནས་སྐབས་སུ་བཀའ་དྲིན་ཆེ་བ་ནི་གདན་རབས་བཀའ་བརྒྱུད། སྤྱན་སྔ་ཞྭ་དམར་བ། རི་བོ་དགའ་ལྡན་པ་གསུམ་ཡིན་པས་ཀར་འབྲུག་གི་དགོས་དོན་ཆེ་བ་མེད་ཀྱང་དུས་འགྱུར་འབྱུང་བའི་འཕྲལ་རྐྱེན་ནི་འཇིག་རྟེན་ཕལ་བ་རྣམས་ལ་མི་ལའི་མགུར་འབུམ་དང་བྱ་བྲལ་གྱི་རིགས་མྱུག་མྱུག་མངས་ན་རྟེན་འབྲེལ་གྱིས་ཆས་ཀ་སྲབ་ཏུ་འགྲོ་ཞེས་རྣམ་རྟོག་བྱེད། སྡེ་དཔོན་ཞལ་མར་གཟིགས་ལ་ཐུག་ཚེ་འབྲུག་ཕྱོགས་ལ་དགའ་བ་ཞིག་ཡོད་འདུག་པས་འཕྲལ་དུ་འབྲུག་ལུགས་དང་འབྲེལ་ཟབ་ཆེ། ཞབས་དྲུང་དམར་དཔོན་བཀར་ལུགས་ལ་ཐུགས་ཞེན་པའི་རྒྱུན་གྱིས་ནང་སོ་བསམ་གྲུབ་དང་ཁྱམས་སྟོད་པ་སོགས་དྲུང་འཁོར་ཀར་ཞེན་པ་མང་བས་ཞབས་དྲུང་དེ་ཉིད་ཀྱང་ཐུགས་ཚོམ་ཟིན་པའི་བླ་མ་ཞྭ་ནག་གསེར་མདོངས་དང་གྲོགས་པོ་ཤར་ཕྱོགས་རྒྱལ་པོ་ལ་འཆོལ་ཞེས་སྡེ་པ་སྐུ་རབ་པ་དང་སྐྱིད་སྡུག་གཅིག་པ་མཛད་པར་གཙང་སྡེ་སྲིད་ཀྱི་ཐུགས་ལ་རེ་དོགས་ཀྱི་ཀུན་རྟོག་མང་པོ་ཤར་ཏེ་ཤིན་ཏུ་མ་མཉེས་པའི་དགོངས་པའི་འཛིན་སྟངས་གཞན་དུ་གཞོལ་བ་ནི་རང་ཕྱོགས་དཔོན་གཡོག་གི་གནང་སྒོ་ལོག་པའི་སྐྱོན་ཁོ་ན་ལས་སྡེ་པ་གཙང་པར་ར་འཁང་བརྡུང་རྒྱུ་ནི་མི་འདུག །དེའི་རྩ་བ་ཡར་རྒྱབ་ཏུ་ཁྲིམས་ཕོག་ནས་འཁྱར་བའི་འཕགས་སྡེ་བའི་གྲ་པ་རྗེས་སུ་སྡེ་པའི་ནང་ཟན་ལ་སོང་བ་མཁྱེན་རབ་དཔལ་བཟང་ལས་དབང་གིས་བློན་པོར་གྱུར་པ་གཞན་དུ་བློ་འཁྱོགས་པའི་རམ་འདེགས་དྲུང་ཡིག་ས་སྐྱོང་། བྱང་གླིང་སངས་རྒྱས། ས་ལྟེ་བ། སྔོན་མོ་བ་སོགས་དྲུང་འཁོར་དང་ནང་ཟན་ཁ་ཤས་ཀྱིས་བྱས་པ་རིག་ཉམས་ཀྱིས་རྩེར་རྫོང་བཙན་པ་ཁོག་ཏུ་ཞུགས་དུས་དེ་རིང་ནང་ཆ་རུལ་པ་འདོན་རྒྱུ་ཡིན་ཞེས་གསུངས་པར་དྲུང་ནས་ཀྱིས་གསེར་ཞོ་གང་དང་ཁ་བཏགས་ཤིག་


GLG005_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ཏེ་ད་ལམ་རྟེན་འབྲེལ་མི་ལེགས་པས་སླར་གནང་ཆོག་ཞུས་ནས་བཤོལ་ཟེར་དོན་ངན་གྲོས་བཤམས་པར་བརྟེན་ཞབས་དྲུང་དེ་ཉིད་ཤམ་པོ་གངས་སྐོར་ལ་ཕེབས་སུ་བཅུག་པའི་འཕགས་སྡེ་པ་རྣམས་ཀྱང་རུལ་ལམ་ཟེར་གང་ལྟར་བསླུས་ཐབས་ཀྱིས་རྫོང་ཟུག་པོ་ནས་ལ་རྩིས་སྤྲད། ཁྲི་ལྕམ་གྱིས་དབུ་གནང་ངེད་ཁ་ཤས་ཐོ་རེངས་ཕྱི་ཟུར་ལ་བདེ་སྐྱིད་གླིང་དུ་སྤོས་པའི་ལམ་དུ་ཆུས་གང་བའི་བུམ་པ་ཁུར་པ་དང་ནམ་སངས་ལ་ཟུག་པོ་ནས་མཇལ་བར་འོངས་པའི་ཟས་སྣ་ཚོགས་ཀྱིས་གང་བའི་སྣོད་ཐོགས་པ་དང་ཕྲད་པ་གཡུལ་རྒྱལ་རྒྱུད་ཀྱི་དགོངས་དོན་ལྟར་ལམ་རྟགས་ལེགས་པར་སྣང་། ཞོལ་གྱི་སྲང་མདོར་འགྲོ་བའི་དུས་སྐྱེ་བོ་མང་པོས་སྒྲོན་མེ་སྤར་ཏེ་སྨྲེ་སྔགས་ཀྱི་ཀུ་ཅོ་དང་བཅས་ནས་ཕུད་གཏོར་བ་ངེད་ཀྱི་གདོང་ལ་འཐོར་བ་རྣམས་ཕལ་ཆེར་བཟུང་ཟེར་བ་ལེགས་ཉེས་ནི་དཔྱད་པར་དཀའ། སྔར་སྤེལ་ནག་རིན་ལྷུན་པའི་དགྲ་ཤར་རི་བོ་བདེ་ཆེན་པས་ཕྱག་མཛོད་དངོས་གྲུབ་བསད་པར་སྡེ་པས་དགོན་པ་དམག་གིས་བསྐོར་བའི་ཚ་འཇུན་གནང་བ་འཁོན་དུ་བཟུང་སྟེ་རྫོང་ཤོར་བའི་ནང་བར་རྒྱལ་གླིང་ལྡིང་ཚོས་རྩེ་ནས་འཇག་ཁྱད་འཐེན་པས་དགོན་པའི་གྲ་པ་འགའ་རེས་དགའ་བའི་རྣམ་འགྱུར་བྱས་ཟེར། སྡེ་པ་ལྷས་བྱིན། སྒེམ་བུ་བ་སོགས་དཔོན་ཞེན་པ་ཁ་ཤས་ཀྱིས་རྫོང་ལ་འཚང་བའི་གྲོས་བཏབ་པ་ནང་སོ་ཨ་འཛོམ་པ་ཅན་གྱིས་བཤོལ་བས་འཇམ་ཆགས་སུ་གྱུར། རྫོང་པ་རྣམས་གཞོགས་མ་བདེ་བས་གཞན་དུ་སྤོས་པ་འགབ་ཚུལ་གཙང་དུ་ཞུས་པར་བརྟེན་ཆུ་ཤུར་ལྷ་གཤོངས་ལྟོ་སྐལ་དུ་གནང་སྟེ་འདེགས་པའི་ལམ་རྒྱུས་ནང་པ་ཟུར་རྩ་བས་བྱས་གྲ་ནང་བརྒྱུད་རིམ་གྱིས་ལྷ་གཤོངས་སུ་སླེབས། གྲ་ལྡུམ་པོ་བ་དང་གོང་དཀར་ཞབས་དྲུང་གཉིས་ནས་ངོ་ཤེས་ཀྱི་སྣེ་ལེན་ཙམ་མཛད་ཟེར། ཞབས་དྲུང་དེ་ཉིད་གནས་ཚུལ་གསན་


GLG005_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲལ་ཁམས་སུ་ཕེབས་རྩིས་ལ་ཕྱག་གཡོག་དཀྱུས་མ་ཚོས་ཤོགས་མ་ཐོན་པ་དང་དྲུང་འཁོར་འདྲས་གྲུལ་མ་ཐུབ་ཅིང་གྲོ་ལུང་ཕྱག་མཛོད་དར་རྒྱས་ཀྱིས་སྐུ་ར་བ་ནས་དཔང་ལག་གནང་བ་འགབ་ཚུལ་ཡར་སྟོད་ཁྲི་པར་ཞུས་ཀྱང་སྤེལ་དམར་བ་དཀོན་མཆོག་ཚེ་དབང་གི་ཁ་དབང་དུ་སོང་ནས་རྗེས་བསྙེགས་པ་རྣམས་ལ་རྩིས་སྤྲད་དེ་གཙང་དུ་ཕེབས་དགོས་བྱུང་འདུག །ལྷ་གཤོངས་སུ་བསྡད་སྐབས་ངེད་ཀྱི་རྩར་མི་སྨུག་པོ་ཐོར་ཅོག་བཅིངས་པ་དང་དར་མང་པོ་བཏགས་པའི་ཁྲ་སྤུང་ངེ་བ་ཞིག་ཡང་ཡང་ཡོང་བ་མ་མས་མཐོང་ཞེས་གཞན་ལ་བཤད་འདུག་པ་བདེན་ན་རིགས་དང་སྐྱེ་བར་འགོ་བའི་སྲུང་མ་ཞིག་ཡིན་ནམ་བསམ། དྲུང་རམས་པ་སངས་རྒྱས་རྒྱ་མཚོ་གློ་བུར་དུ་ནད་དྲག་པོས་བཏབ་པར་ཁྲི་ལྕམ་དེ་ཉིད་ཀྱིས་སྲུང་མདུད་རྒྱག་རྒྱུ་ཞིག་དང་བཅས་བདེ་དོག་འདྲི་བར་བཀྲས་གཤོངས་པ་ངེད་ཀྱི་རྩར་གནང་བ་སྐྱོན་མེད་དྲག་ཡོང་ཟེར་བ་སྨྲས་འདུག་པ་ལྟར་བདེ་བས་མངོན་ཤེས་ལྟ་བུའི་ཡ་མཚན་དུ་འཛིན། དོན་བྱིས་པར་སོང་བས་ཤེས་བྱ་ལྐོག་གྱུར་བ་མི་དགོས་བླང་དོར་ཇི་བཞིན་ག་ལ་ཤེས་གང་བྱུང་ལབས་པ་སྟབས་འགྲིག་པར་སྣང་། བླ་ཆེན་ཕལ་ཆེར་གྱི་མངོན་མཁྱེན་ཡང་དེ་འདྲ་ཡིན་ནམ་སྙམ་པ་ཤར། བྱིས་པའི་ཉམས་ཀྱིས་ནམ་མཁའ་ལ་བལྟས་ནས་མཛུབ་རིས་བྱེད་པ་དང་གཏམ་འདི་ཡིན་མེད་པའི་ཅལ་ཅོལ་འདྲ་སྨྲས་ཚོད་དུ་གདའ་བར་ཟླ་བོ་འདྲས་ཇོ་བོ་རྗེ་དང་རྒྱལ་བ་ཙོང་ཁ་པ་མཐོང་བ་འདྲ་ཞེས་གླེང་བར་སྣང་། མཁན་ཆེན་གཞོན་ནུ་ཇོ་གྲོས་གྱི་སྐུ་ཚ་ཡོལ་པ་བླ་ཆེན་བློ་གྲོས་རྒྱལ་མཚན་ལ་རྐྱེན་སེལ་གྱི་རྗེས་གནང་འདྲ་ཞུས་འདུག །རྟིང་སོར་ཆུ་རྟ་གཙང་ནས་ཕྱིར་ཡོང་བའི་བྱང་ཐང་དུ་བསྡད་སྐབས་ཁོང་གིས་དེ་བཞིན་ཡིན་ཀྱང་ད་ཆ་ལབས་ན་མཐོ་བསྙེགས་སུ་འགྲོ་བས་སྤམ་མེ་བསྡད་པ་


GLG005_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

འགབ་གསུང་སྐད། སྤྲུལ་སྐུ་རཏྣ་གླིང་པ། པཎ་ཆེན་སྐུ་མཆེད། འཕྲང་འགོ་གཏེར་སྟོན་སོགས་ཀྱི་ལུང་བསྟན་མང་པོ་གུང་མཐུན་པར་ཇོ་བོ་ཤཱཀྱ་མུ་ནི་ལ་རྒྱབ་བསྟན་པའི་ལྷ་ཆེན་ཞིག་འབྱུང་བས་གནད་འཕྱུགས་ཏེ་བོད་ཁམས་མི་བདེ་བ་ཆེན་པོ་ཡོང་ཚུལ་ལྟར་ས་རྟའི་བདེ་གཟར་འཕྲོ་ཅན་དུ་ལུས་པར་བརྟེན་སོག་པོའི་དམག་གཏོས་ཆེ་བ་རོང་པོ་འདམ་དུ་འབྱོར་བས་བོད་ཤིང་སྒོ་ཅན་མཐའ་དག་ཤེས་པ་འཚུབ་ལིང་ངེ་བར་གྱུར། བོད་ཀྱི་སྡེ་དཔོན་ས་ཆ་ཤོར་བ་དང་སོག་པོའི་དཔོན་པོ་བུ་མང་པོ་ཡོད་པ་རྣམས་སྐུ་སྐྱེར་འགྲོ་བ་སྲོལ་ལ་འདུག་པས་དེ་སྐབས་ངེད་ཀྱང་སྐུ་སྐྱེ་ཞིག་ཡིན་ནམ་ཞེས་གླེང་ཞིང་། དེ་ཡང་ལ་ལ་དག་ཀར་ལུགས་རྒྱལ་ཚབ་དྲུང་པ་དང་འབྲུག་པ་བླ་མ་ལྷ་རྩེ་བའི་སྐུ་སྐྱེ་ཡིན་ནམ་ཟེར། བསམ་ཡས་སུ་འབྲས་སྤུངས་སྤྱི་སོས་ས་རྟའི་བདེ་གཟར་གྱི་སྐོར་ཞུ་བར་བཏང་བའི་ལན་དུ།དགེ་བཤེས་མེད་པའི་བར་སྐབས་སུ། །མོས་པ་གང་གི་ཕྱོགས་ལ་བྱེད། །ཡར་ཀླུངས་གསེར་མ་གཞུང་གི་ཕྱོགས་སུ་ཨང་ཉན་གྱིས། །ཞེས་གསུངས་པ་དང་ཚེར་གསེབ་ཆོས་སྐྱོང་ཚངས་པ་དུང་ཐོད་ཀྱིས། འཕྱོང་རྒྱས་གསེར་གྱི་རྡོ་རྗེ་དེ། །པདྨ་རཱ་གའི་ཕྲས་བརྒྱན་ནས། །དར་ཚོན་གྱིས་མཛེས་པ་ཤིན་ཏུ་ལེགས། །གསེར་ལས་མདོག་བཟང་གཞན་མ་མཆིས། །རྡོ་རྗེའི་མིང་དང་མཚུངས་ན་ལེགས། །ཞེས་པའི་ལུང་བསྟན་གྲགས་རེ་ཆེ་བྱུང་འདུག་པར་གཞོགས་དྲུང་ཕལ་ཆེ་བས་འབྲས་སྤུངས་སྤྲུལ་སྐུའི་ཡིན་འདྲ་ཞེས་ཅལ་ཅོལ་དུ་བསྒྲགས་པས། ཁྲི་ལྕམ་དེ་ཉིད་ཀྱི་ཐུགས་ལ་མི་རྣམས་ཀྱི་ལབ་རིགས་དང་སོག་པོ་ཁད་ཉེ་སར་སླེབ་ལུགས་ཀྱིས་ཆུ་བྱང་ཁར་བསྡད་ན་འགབ་མི་འགབ་སོགས་དྲུང་ཆེན་ཀུན་ཆོས་པར་བཀའ་གྲོས་གནང་བའི་སྐབས་གཞིས་ཀ་རྩེ་ནས་མི་སྣ་གློ་བུར་དུ་ཡོང་བའི་ཡུམ་སྲས་རྣམས་འཕྲལ་དུ་གཙང་ལ་ཤོག་གསུང་བ་ཐུགས་བློར་མ་


GLG005_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཤོང་བའི་སྣ་དཀར་རྩེར་ཞུ་བར་བཀྲས་གཤོངས་པ་གནང་བས་ཡར་འབྲོག་ཞབས་དྲུང་གིས་བང་ཆེན་རྟ་བཤད་ཀྱིས་བཏང་བའི་ཁོང་ཡུམ་སྲས་འདི་ག་ནས་ཁག་ཐེག་པས་སྣ་དཀར་རྩེར་བཞུགས་ཆོག་པ་དགོས་ཚུལ་ཞུས་པ་ལྟར་དགོངས་པ་ཁྲོལ་ཏེ་བཅུ་གཅིག་པ་ཇ་མར་ཡར་འབྲོག་ལ་བསྒྲིལ། ལོ་འདི་རང་ལོ་བཞི་པར་སླེབས་པ་ལྕགས་སྤྲེལ་གྱི་ལོ་མཇུག་ཡིན། འདི་ཡན་གཞན་གྱི་ངག་སྒྲོས་ལས་རང་ཉིད་ཀྱིས་ངེས་པ་མི་འདུག །འདི་ཚུན་ཆད་རང་གི་དྲན་པའི་ཡུལ་དུ་གསལ་བར་གྱུར་པ་སྟེ་ལོ་ཕྱེད་གཉིས་ཙམ་གྱི་བར་ཞལ་ངོ་རྣམས་ཀྱི་འབྱོན་བཞུགས་དང་བསྟུན་སྣ་དཀར་རྩེ་དང་སྟག་ལུང་སོགས་སུ་བསྡད། ཞང་པོ་དེ་ཉིད་སྤྱན་ལྟག་ཁུང་ན་ཡོད་པ་ལྟ་བུའི་འཕྲུལ་ལག་ཅན་དེ་མིན་ཡང་ཡ་རབས་བཟང་སྤྱོད་ཀྱིས་རྒྱལ་བུ་གཉིས་དང་ཁྱད་མེད་ལྟ་བུའི་བདག་རྐྱེན་ལས། སྐྱིད་ན་ནམ་མཁའི་བྱ་འཁོར། སྡུག་ན་མཆན་གྱི་བུ་འབྲོས་ཟེར་བའི་དུས་ངན་གྱི་རྣམ་ཐར་ཡེ་མི་མཛད། དགྱེས་སྤྲོ་ཕུད་བཞེས་སོགས་བཞུགས་གྲལ་ལ་རྒྱལ་བུ་སྐུ་མཆེད་གཉིས་དང་གདན་གཅིག་གི་སྟེང་དུ་རྒན་གཞོན་གོ་རིམ་སྔར་སྲོལ་གང་ཡོད་མཛད་པས་ངོ་མི་གནོང་ཞིང་ཕུགས་ཀྱི་ཉེས་དམིགས་མ་གོ་བས་སྐྱིད་དུ་ཚོར་བ་བྱུང་། རང་རེ་ལ་བློ་དཀར་པའི་བསམ་ཡོད་རྣམས་སྡེ་སྲིད་གཙང་པས་སྣེའུ་སྡོང་གོང་མ་དང་ཁོང་རང་གི་སྐུ་ཞང་ཡར་རྒྱབ་པས་གཙོས་སྡེ་དཔོན་ཕལ་ཆེར་ལ་མཐའ་ངན་མཛད་པས་ཕུགས་ཅི་འདྲ་ཡོང་ཞེས་བློ་འཁྱོགས་པར་བྱས་འདུག །ཨྱོན་མཚོ་མོ་རྫོང་གཞིས་ཚོར་ཕེབས་ཀྱིན་འདུག་ཀྱང་རྒྱང་རིང་ནས་མཐོང་བ་ལས་ཆེད་དུ་མཇལ་བ་དང་ཆོས་འབྲེལ་ཞུ་བ་མ་བྱུང་བའི་ངང་དུ་སོང་། དེ་སྐབས་གྲུབ་མཐས་རྒྱུད་མ་བསླད་པ་གུས་པ་དང་མི་གུས་པའི་ཐ་སྙད་གང་ཡང་མེད། ཐུགས་དཀར་བས་རྒྱུན་དུ་ཐོག་ལྷ་གསོལ་བ་དང་མཆོད་གནས་འདྲས་


GLG005_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་གསོ་བཏང་བའི་ཚིག་དམ་དུམ་བློ་ལ་ཟིན་པ་འདོན་ཞིང་ཟས་ལྷག་ལ་གཏོར་མའི་དབྱིབས་བཟོས་ནས་རྔ་བརྡུང་བ་སོགས་ལད་མོ་ཤོད་པ་ཞིག་ཡོད། འཇིག་རྟེན་བྱ་གཞག་གི་གནས་ཚུལ་གཞན་ལས་མཚན་ཉིད་པ་སྔགས་བོན་གྱི་སྤྱོད་ཚུལ་དང་ལྷ་འདྲེའི་ལོ་རྒྱུས་འདྲ་བ་ཉན་པ་ལ་སྤྲོ་ཞིང་ཁྱད་པར་ཛོ་གི་སོགས་རྒྱ་གར་གྱི་སྐད་ཆ་ལ་དགའ་བ་ཞིག་ཡོད་པས་དེ་དག་ལ་དཔགས་ན་རྟོག་གེ་བ་རྒན་པོའམ། སྔགས་ནག་གམ། གསེར་དང་གླ་རྩི་འཚོལ་བའི་ཨ་ཙ་ར་ལྟོགས་འཁྱམ་ཞིག་ནས་འཕོས་པའི་བག་ཆགས་ཡོད་པ་འདྲ། ལྕགས་མོ་བྱའི་ནང་དུ་ལྷ་བཙུན་བློ་བཟང་བསྟན་འཛིན་རྒྱ་མཚོ་དང་གུ་རུ་ཧུང་ཐའི་ཇི་གཉིས་ཀྱིས་གཙོས་པའི་ཧོར་སོག་གི་དམག་སྟོང་ཕྲག་གཉིས་ལྷག་པ་དང་གཙང་བའི་དཔུང་ཆེན་ལྷ་ས་རྐྱང་ཐང་སྒང་དུ་གཡུལ་སྤྲད་པའི་བར་པར་བཀྲ་ཤིས་ལྷུན་པོའི་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན། དགའ་ལྡན་ཁྲི་རིན་པོ་ཆེ་ཚུལ་ཁྲིམས་ཆོས་འཕེལ། གླིང་སྨད་ཞབས་དྲུང་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ། སྟག་ལུང་ཞབས་དྲུང་ཁུ་དབོན་གྱི་སྐུ་ཚབ་དང་བཅས་འཛོམ་ཐོག་མདུན་ཆིངས་མཛད་ནས་བཀའ་ཁྲ་བཏང་། དགའ་ལྡན་ཕོ་བྲང་དུ་ཆོས་འཁོར་ལྷ་སས་གཙོས་རག་མན་གྱི་ས་རིས་རྣམས་གསར་ཆོད། སེར་འབྲས་ཀྱི་མཆོད་གཞིས་རྣམས་སྤྲོས་འཇགས། དབུས་གཙང་གི་དགེ་ལུགས་ཀྱི་ཆོས་སྡེ་གྲུབ་མཐའ་བསྒྱུར་བ་དང་ས་རིས་ཤོར་བ་རྣམས་ཀྱང་སྔར་བབས་སུ་སློག །སྡེ་པ་སྐྱིད་ཤོད་པར་བདེ་ཆེན་གྱི་ཚབ་ཏུ་འཕན་ཡུལ་མཁར་རྩེ་དང་བཅས་བཀག་པོ་ཚགས་སུ་ཆུད། ཞལ་ངོ་བསོད་ནམས་རབ་བརྟན་དགའ་ལྡན་ཕོ་བྲང་དུ་གཞི་ཕབ་ནས་བཞུགས། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་སྐུ་སྐྱེ་ངོས་འཛིན་ལ་ཐུགས་རིང་ཡང་ཐག་ཆོད་ཀྱི་སྒོ་གསལ་མ་དོད་དེའི་རྒྱུ་


GLG005_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་འཕྱོང་རྒྱས་ཡར་ཀླུངས་སུ་གཏོགས་ཀྱང་གསེར་མ་གཞུང་དུ་མི་གཏོགས་པས་བསམ་ཡས་ཆོས་སྐྱོང་ཆེན་པོས་ཡར་ཀླུངས་གསེར་མ་གཞུང་གསུངས་པ་ལ་བརྟེན་ནས་ངེད་དང་ལོ་ཚོད་མཉམ་པའི་ཡར་ཀླུངས་ཆོས་རྒྱལ་ཕོ་བྲང་པའི་སྡེ་པ་ཡིད་བཞིན་ནོར་བུ་ཡིན་པ་འདྲ་ཟེར། གད་ཁ་སའི་ལགས་ལགས་ཨ་རྒྱལ་གྱིས་ངའི་བུ་གཞོན་པ་འདིར་མངལ་དུ་ཆགས་གདོང་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་ཕེབས་ནས་གནས་ཚང་གཡར་པོ་ཐོང་གསུངས་པས་མཚོན་པའི་སྒྲུབ་ཕྱོགས་ཁ་ཡར་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་སོགས་མང་དག་ལ་ཞུས། ཉང་པོ་ཕྱོགས་ནས་མི་ཚང་ཞིག་གི་ཕས་རང་གི་ཕྲུག་གུ་ལ་ངོས་འཛིན་ཡིད་ཆེས་པའི་རྒྱུ་མཚན་མང་པོ་བྱུང་ཞེས་ལབས་པར་བརྟེན། དེ་སྐབས་དགེ་ལུགས་ཀྱི་བླ་མའི་བགྲེས་པ་བཀྲ་ཤིས་ལྷུན་པོའི་པཎ་ཆེན་རིན་པོ་ཆེ་དང་གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་གཉིས་ཡིན་པས་ཅི་འགབ་ཀྱི་བཀའ་གྲོས་གནང་བའི་ངོས་དཔོན་སློབ་གཉིས་ཀྱིས་བྱང་རྭ་སྒྲེང་དུ་ཕེབས་ཇོ་བོ་འཇམ་དཔལ་རྡོ་རྗེའི་དྲུང་དུ། ཟན་རིལ་བསྒྲིལ་བ་ངེད་ལ་བབས་པས་ཐུགས་ཐག་བཅད། ངོས་འཛིན་དང་བདག་བྱས་ཆོག་པ་དགོས་ཚུལ་གྱི་རྒྱུ་མཚན་ཞུ་བར་དགའ་ལྡན་ཕོ་བྲང་ནས་ཚ་བ་དཀའ་བཅུ་སངས་རྒྱས་ཤེས་རབ། ལྷ་བཙུན་གྱི་མི་སྣ་དྷརྨ་ཁི་ཡ་ཐའི་ཇི། ཧུང་ཐའི་ཇིའི་མི་སྣ་ཅོ་ནེ་ཆོས་རྗེ་སྦྱིན་པ་དར་རྒྱས་རྣམས་རྫོང་བདའ་མཛད། ཡར་ལམ་དཀའ་བཅུ་བས་སྣ་དཀར་རྩེར་རྒྱུ་མཚན་ཕུལ་བར་གཙང་ནས་གང་གསུང་ལས་ངེད་ཚོས་ཐག་མི་ཆོད་ཚུལ་གྱི་ལན་བྱུང་བར་དཀའ་བཅུ་བས་དེས་ན་འདི་སྐོར་གྱི་ཐག་ཆོད་མ་བྱུང་རིང་རྒྱལ་བུ་འདི་ལ་ཆམ་པ་ཙམ་ཞིག་བྱུང་ཡང་ཁྱེད་རང་དཔོན་གཡོག་ལ་འཁྲི་ཞུས་པས། ཞབས་དྲུང་དེ་ཉིད་གཡོ་ཅན་


GLG005_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་བརྫུའི་འཁྱོག་ཚིག་གསུང་མཁན་མིན་པར་རང་བློ་བཟང་པོ་མི་ལ་བཀལ་བའི་ཕེབས་སྒོར་ངེད་རང་གི་ཚ་བོ་ཡིན་པས་གཅེས་སྤྲས་ལོས་བྱེད་ཀྱང་མིས་མིའི་སྲོག་ཁག་ག་ལ་ཐེག་འདི་ལ་བརྟེན་པའི་ལྟས་ངན་དང་དངོས་གྲུབ་གཉིས་ཀ་མི་དགོས་གསུངས་པར་དཀའ་བཅུ་པས་ཚིག་རྩ་བཟུང་བའི་རྒྱུས་སྔར་མངའ་ཞབས་སུ་བྱུང་བའི་སྐུ་སྐྱེའི་རིགས་ཆེ་ཁ་ལ་ཡང་བླུ་ཆས་མང་ཙམ་སྡེ་པར་འབུལ་དགོས་པའི་ཚོད་ན་ངེད་ཞལ་ངོའི་གྲས་སུ་ཡོད་རུང་དར་ཁ་གང་གི་འགྲོས་སྒོའང་བྱུང་མ་སོང་དགའ་ལྡན་ཕོ་བྲང་པའི་དྲུང་འཁོར་ཁྲོད་ནས་སྔ་ཕྱིར་བྱས་གོ་ཆོད་པ་ཞིག་ཡིན། མི་སྣ་རྣམས་ཀྱིས་གཙང་དུ་རྒྱུ་མཚན་ཕུལ་བར་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོ་ནི་དགུང་ལོ་བཅུ་དྲུག་ཙམ་ལས་མི་འགྲོ་བས་སྐུ་དབང་ཆེ་བ་མེད་སྣང་། ནང་བློན་མགྲོན་གཉེར་བོད་གོང་བ་དང་ཕྱི་བློན་སྒང་ཟུག་གཉིས་ཀྱིས་བྱེད་སྐབས་ཡིན་འདུག་པས་མི་སྣ་རྣམས་ཁམས་སོག་ཏུ་སོང་གཤིས་མགོ་སྐོར་ཐུབ་སྙམ་པའི་བློན་པོ་རྣམས་ཀྱིས་དབུས་ཕྱོགས་སུ་བྱོན་པ་མི་འགབ་པའི་རྒྱུ་མཚན་སྣ་ཚོགས་ལབས། ཁྱད་པར་ཟུག་པོ་ནས་ལྦ་བས་བཀྲ་ཤིས་ལྷུན་པོ་འདི་འཆད་ཉན་འཕེལ་བ་དང་སྐུ་སྐྱེ་སྔ་མའི་གདན་ས་ཡང་ཡིན་གཙུག་ཕུད་འབུལ་བ་སོགས་བླ་མ་ཡང་པཎ་ཆེན་རིན་པོ་ཆེར་འཆོལ་བ་མཛད་ཕྱིན་ཐུགས་གཉེར་མཚར་བར་བཀྲ་ཤིས་ལྷུན་པོར་བཞུགས་པ་འགབ། གསོལ་ཆས་ཀྱང་གཞུང་གིས་གནང་བས་དབུས་ནས་འདྲེན་པའི་ཐུགས་རྩོལ་མི་དགོས་ཐོག་མར་ཕེབས་སྐབས་རིན་ཆེན་རྒྱན་སྤྲོས་ཀྱི་བསུ་བས་མཚོན་པའི་སྒར་པ་ཡབ་སྲས་ཕེབས་དུས་འདྲ་བའི་གཟོས་སྒོ་འབུལ་ཟེར་བའི་ཁ་གྲོས་བཏིང་བར་དཀའ་བཅུ་བས་བཞུགས་ས་དང་ཐུགས་གཉེར་མཛད་ས་འབྲས་སྤུངས་ཀྱིས་འཐུས་པ་ཡོད་པཎ་ཆེན་རིན་པོ་


GLG005_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ནམ་དགོས་ལ་གདན་དྲངས་ཆོག་ངེད་དགེ་ལུགས་པ་ཚོར་བོད་པའི་མི་ཆེན་གྱི་རིན་ཆེན་རྒྱན་ཆའི་བསུ་བས་སྔར་ཡང་མི་ཚེ་མ་སོང་ད་དུང་མི་འགྲོ་ཟེར་བ་བྱས་པས་ཕ་རོལ་པོ་ལབ་པའི་ལྕེ་ཆད། དྷརྨས་གཙོས་པའི་སོག་པོ་རྣམས་ཀྱིས་རྟ་ནག་གི་མདར་གཙང་པོ་ལ་རབས་བཅག་པས་རྙེད་ཅིང་དོན་འདི་མ་སྨིན་ན་སོག་པོ་གར་ཡོང་ཆ་མི་ཐིངས་པའི་འཕྲལ་ཕུགས་ཀྱི་རྒྱུ་མཚན་ཞུས་པས་དཔོན་བློན་རྣམས་འཕྲལ་ཐུགས་སྣང་མེད་པ་འདྲ་ཞིག་ལ་གཏིང་མཐའ་དམག་གི་འཇིགས་པས་ཐུགས་བློ་འཁྱོག་པོར་གྱུར། དེའི་དུས་ཞྭ་དམར་མཆོག་གི་སྤྲུལ་སྐུའི་ཕྱག་མཛོད་ཡངས་པ་ཅན་པ་གུ་ཤྲཱི་འབྱོར་བའི་སྡེ་སྲིད་དུ་འབུལ་བ་དང་ཟུག་པོ་ལྦ་ཆེན་ལ་གཡུ་པད་ལེགས་པ་ཞིག་གིས་གཙོས་པའི་རྔན་པ་བྱིན་ནས་ཀར་ལུགས་པའི་ས་རིས་ཀྱི་དོན་འགངས་ཆེ་བ་རྣམས་མ་འགྲུབ་པར་འབྲས་སྤུངས་སྤྲུལ་སྐུ་བདག་བྱེད་བཅུག་ན་མི་ཡོང་ཚུལ་གྱི་ཞུ་འབུལ་ཡོད་འདུག་པར། སྒར་པ་དང་ཇོ་ནང་པ་གཉིས་གཙང་པའི་བླ་མར་ཕན་ཚུན་གོས་འགོག་རེས་བྱུང་དོགས་པའི་ཆགས་སྡང་བྱ་རོག་འུག་པའི་བརྟུལ་ཞུགས་འཛིན་པ་ནས་རྟག་བརྟན་སྤྲུལ་སྐུས་གསེགས་སློག་གི་མེ་འབུར་མེས་མི་ནོན་ཆུ་འབུར་ཆུས་མི་ནོན་ཟེར་བ་ཡིན་པས་འབྲས་སྤུངས་སྤྲུལ་སྐུ་ལ་བཀག་ཆ་བྱས་གཞན་འདྲ་གསུངས་འདུག་པས་ཁྱི་འཐབ་བརྒྱབ་པ་སྤྲང་པོའི་ལྷ་རུ་སོང་། སྨན་ཐང་སྐུ་མདུན་ལྷུན་གྲུབ་པ་ཞེས་མཁས་པ་ཆེན་པོ་དེས་དཀའ་བཅུ་བར་འཕྱོང་རྒྱས་ཞབས་དྲུང་འདིར་འབྱོན་མཁན་དེ་ནི་བཞེས་ཁྲུང་དང་དབུ་ཡང་ལ་རྒྱས་བསྡུས་མེད་པའི་ཤིན་ཏུ་འཆོལ་བ་ཞིག་འདུག་དེའི་སྲས་སུ་སོང་ཙ་ན་ནོར་ཉན་པར་རང་ཅི་འདྲ་ཡོང་། སངས་རྒྱས་ཤཱཀྱ་ཐུབ་པ་དང་རྗེ་བཙུན་ཙོང་ཁ་པ་ལའང་སྐུ་སྐྱེ་མ་བྱུང་། སྐུ་སྐྱེ་སྡུག་ཁྲད་
ཀྱིས་གོང་མའི་ཞབས་འདྲེན་པས་ལྷུས་ཐིངས་པོ་འགབ་ཚུལ་གསུངས་ཤིང་ཞལ་ངོར་ལན་བསྐུར་ཡང་མཛད། ངེད་འབྲས་སྤུངས་སུ་ཡོང་ཆོག་པའི་དོན་ཐོག་ཏུ་འཁྱོལ་ནས་གཙང་པའི་མི་སྣ་ལྷོ་ཁུད་པ་དང་ཚ་བ་དཀའ་བཅུ་བ་གཉིས་སྣ་དཀར་རྩེར་འབྱོར་། ངེད་རང་གི་གཞོགས་སུ་ཇ་གྲལ་བྱས་པའི་སྐབས་སྡེ་པ་ཟེར་བའི་ནང་ཟན་འོན་པ་ཞིག་ཡོད་པ་དེས་རྔ་བཟུང་རང་གིས་རྔ་བརྡུང་ཞིང་གཏོར་མ་གཏོང་བ་སོགས་རྒྱུན་དུ་བྱེད་པའི་རྩེད་མོ་དེ་བྱས་པས་ཐམས་ཅད་མཁྱེནཔ་བསོད་ནམས་རྒྱ་མཚོ་དང་ཡོན་ཏན་རྒྱ་མཚོ་གཉིས་བསྐང་གསོ་དང་གཏོར་རྒྱག་མཛད་པའི་བག་ཆགས་ཡིན་ཞེས་ལབས་པར་སྣང་། རྩེད་མོ་དེ་འདྲ་བྱེད་མཁན་ཐམས་ཅད་སྐུ་སྐྱེ་ཡིན་ན་ཤིན་ཏུ་འབེལ་བ་ཡོང་བ་འདུག །དཀའ་བཅུ་བས་སྐུ་འདྲ་དང་ཕྱག་ཕྲེང་སོགས་བསྟན་བྱུང་བ་ངོས་ཟིན་པའི་ཐ་སྙད་ནི་མ་བྱུང་སྒོ་ཐོན་ནས་ངོས་འཛིན་ཤིན་ཏུ་ཡིད་ཆེས་པར་བྱུང་ཞེས་སྨྲ་ཞིང་རྟིང་མ་སློབ་གཉེར་བྱེད་སྐབས་ཀྱང་ཧུར་ཐག་མ་བྱས་ན་དེ་སྐབས་ངོས་འཛིན་ནི་མ་བྱུང་ཞེས་ཞེ་མ་བཤགས་ཟེར་གྱིན་ཡོད།

དགའ་ལྡན་ཕོ་བྲང་དུ་གདན་དྲངས་པ་དང་པཎ་ཆེན་རིན་པོ་ཆེར་གཙུག་ཕུད་ཕུལ་བཅས་ཀྱི་སྐོར།


GLG005_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཕོ་ཁྱིའི་ལོ་གཙང་སྟོད་བཀྲ་ཤིས་ལྷུན་པོ་ནས་དཔོན་སློབ་པཎ་ཆེན་རིན་པོ་ཆེ་ཕེབས་པ་དང་ཕྱོགས་མཐུན་དུ་དགའ་ལྡན་ཕོ་བྲང་གི་མི་སྣར་ཚ་བ་དཀའ་བཅུ། སྟག་ལུང་པའི་མི་སྣ་མདུན་གྲོང་ཨ་བོ། གླིང་སྨད་ཞབས་དྲུང་གི་མི་སྣ་དབོན་པོ་བཀྲས་བཟང་། ལྷ་བཙུན་གྱི་མི་སྣ་དྷརྨ་སོགས་འབྱོར། དེ་ཉིན་སྣ་དཀར་རྩེའི་དྲུང་འཁོར་རྣམས་ཀྱིས་བྱ་ར་བྱེད་ཅིང་བཀྲ་ཤིས་ལྷུན་པོའི་པཎ་ཆེན་དེ་ད་དུང་འབྱོར་མ་བྱུང་ཞེས་ལབས་པ་རྣ་བུག་ཏུ་བཞག་དཔོན་སློབ་རིན་པོ་ཆེ་ཕེབས་བྱུང་བ་དང་བྱིས་པའི་ཉམས་ཀྱིས་ཁ་མ་ཚུགས་པར་པཎ་ཆེན་འགོར་བ་ཨ་ཟེར་བ་ཞིག་ཁ་ནས་ཐལ་སོང་།


GLG005_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བར་དེར་འཁོད་རྣམས་སྐྱེ་བ་དྲན་པའི་ངོས་འཛིན་ལ་ཕེབས་པ་འགོར་ཟེར་བ་འདྲ་ཞིག་ལ་གོ་འདུག །སང་འགྲོ་རྒྱུའི་ནུབ་མོ་མ་མ་དང་ཞལ་ཏ་མ་སྒྲོལ་མ་དཔལ་ལྷ་གསུམ་གྱིས་ཁྲུས་མ་བྱས་ན་བཙུན་པ་ཚོ་ལ་གྲིབ་ཡོང་ཟེར་ལུས་རིལ་པོ་བཀྲུས། ཁོང་གསུམ་ནི་མིག་མཆི་མས་གང་ནས་ལབ་རྒྱུ་མི་སྣང་། ཞལ་ཏ་མ་གསར་པ་འདྲས་ཁྱེད་དགོན་པར་བྱོན་པའི་ཆོས་མཛད་རྒྱུ་ཡིན་འདུག །ཆོས་པ་འདྲ་དཀའ་ཐུབ་བསྟེན་དགོས་པས་དཀའ་ལས་ཆེན་པོ་ཡོང་ངེད་འཇིག་རྟེན་པའི་རིགས་ཚོ་སྐྱིད་ཟེར། རང་ངོས་ནས་འགྲོ་བ་ལ་བདེ་སྡུག་གཉིས་ཀ་མ་བྱུང་བས་སྡེ་པའི་དྲུང་འཁོར་འདྲས་སྒམ་པོ་ཡིན་པ་འདྲ་ཞེས་གླེང་། འཕྲལ་དུ་བཙུན་པ་བྱེད་དགོས་སྟབས་ཕུབ་སྒོར་ཀོང་རྣ་སོགས་ལུས་ཆས་དྲག་ཁུལ་རྣམས་བཞག་ནང་ལུ་གུ་ཚ་རུ་དང་ཕྱི་རྒྱ་རས་ལྗང་གུས་བྱས་པའི་ཧོར་རྩག་གཅིག་ཡོད་པ་དེ་གྱོན་ནས་ཡོང་བས་སྡེ་དཔོན་གྱི་བུ་མི་འདྲ་བ་འདུག་སྙམ་པ་ཡོང་བ་ཡོད། ཡོང་ཁར་ཞབས་དྲུང་མ་ཆེན་གྱིས་འབྲས་སྤུངས་དགོན་པ་སྐྱིད་ཅིང་གོ་ས་མཐོན་པོ་ཡིན་པས་ལེགས་པོ་ཡོད་ཡོན་ཏན་ལ་བརྩོན་པར་བྱེད་དགོས་ཞེས་བསླབ་བྱ་མཛད། ཁྲི་ལྕམ་དེ་ནི་ཐུགས་སྐྱོ་ནས་གསུང་འཕྲོས་གནང་རྒྱུ་མི་འདུག །ཐོན་ཉིན་མི་མང་བའི་འདུ་ལོང་གིས་གཡེངས་པས་ཉམས་སྣང་མ་བྱུང་སང་དེ་མ་མ་དང་རྒྱུན་པར་ལྷན་དུ་བསྡད་པའི་སྐྱོན་གྱིས་དྲན་ཏེ་ངུས་པས་མདུན་གྲོང་ཨ་བོས་རྟ་ཐོག་ནས་འཆམ་དང་དབྱངས་སོགས་རྩེད་མོ་མང་པོ་བྱས། དཀའ་བཅུ་བས་མ་མ་འབོད་པར་བཏང་བ་ཡང་སླེབས་བྱུང་བས་ངེད་ཀྱིས་ད་ཆ་འཆམ་བྱེད་མི་དགོས་པར་འདུག་ལབས་པར་མདུན་གྲོང་ཨ་བོས་མགོ་སྐོར་བཏང་བ་མཁྱེན་ལུགས་ཀྱིས་ཕུགས་


GLG005_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱག་པོ་ཞིག་ཡོང་འདུག་ཟེར། དེ་ནས་ཚ་བ་དཀའ་བཅུ་བས་སང་ཕྱག་དབང་ཞུ་མི་མང་པོ་ཡོང་བས་གནང་ལུགས་འདི་འདྲ་བྱེད་དགོས་ཞེས་བསླབས་བྱུང་བ་རྣམས་ཡིད་ལ་བཞག །སྐྱིད་སྨད་སྙེ་ཐང་དུ་སླེབས་ཐོག་ཕྱག་མཛོད་ཞལ་ངོ་བསོད་ནམས་རབ་བརྟན་གྱིས་དབུ་མཛད་སེར་འབྲས་ཀྱི་བླ་སློབ་དཔོན་གྲ་རིགས་སྦྱིན་བདག་སོགས་དྲག་རིམ་རྣམས་བསུ་བར་བཀྲ་ཤིས་ཁ་བཏགས་ཀྱི་མཇལ་དར་དང་བཅས་བྱུང་བ་དང་ཕྲད། ཧོར་ཟླ་གཉིས་པའི་ཉེར་ལྔའི་ཉིན་གངས་ཅན་འཛིན་མའི་རྒྱན་གཅིག་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་དགེ་འདུན་རྣམས་ཀྱིས་སེར་སྒྲེང་དང་སྐྱེ་བོའི་ཁྲོམ་ཆེ་བར་འདུག་པའི་དབུས་སུ་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཡང་མིའི་ཁོག་ཏུ་བརླམས་ཏེ་ཕེབས་པ་སོགས་རྟེན་འབྲེལ་ལེགས་པའི་ངོས་ཐོག་མར་དགའ་ལྡན་ཕོ་བྲང་གི་གཟིམས་ཆུང་མངོན་དགར་སླེབས། བླ་མ་གྲ་རིགས་སྐྱ་སེར་གྱི་བྱིན་རླབས་ཞུ་མི་མང་དུ་བྱུང་བར་རིམ་པར་བྱེད་མུས་མིག་ཡེངས་ཏེ་སོག་བན་དགེ་འདུན་རྒྱ་མཚོའི་མགོར་ལག་པ་མ་བཞག་པར་ཅུང་ཟད་ལུས་པས་ཁོང་པ་རྗེ་ཡོན་ཏན་རྒྱ་མཚོའི་ཐུགས་ལ་ཕོག་ནས་ཕྱག་འབུལ་མ་འགྲུབ་པའི་མུར་ཡོད་འདུག་པས་དོགས་པ་ཟོས་ཏེ་བྱིན་རླབས་མ་ཞུས་པར་གདོང་ལ་གཟན་བཀབ་སེ་བ་བྱས་ནས་ཕྱིར་ལོག་སེར་རྩི་སྦུག་ཏུ་མགྲོན་གཉེར་རྒྱ་ཡགས་པ། བྱམས་གླིང་རབ་འབྱམས་པ། སྟག་ཕུ་དཔོན་པོ་དམ་ཆོས་སོགས་ལ་བཤད་པས་ཡིད་ཆེས་ཆེས་བྱས་སྣང་། རང་ངོས་ནས་དགེ་འདུན་རྒྱ་མཚོར་མ་ཟད་དེ་ཉིན་ངོ་ཤེས་པའི་མི་མི་འདུག །སྐྱིད་ཤོད་ཞབས་དྲུང་ཡིད་བཞིན་གྱིས་བྱིན་རླབས་ཞུ་བ་དང་སྦྲགས་ང་ཐོག་རྒོད་རྣམ་རྒྱལ་ཡིན་ཞེས་ངོས་འཛིན་བྱེད་དུ་རེ་བ་ལ་སྡེ་དཔོན་འདྲ་མོ་འདི་སུ་


GLG005_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་སྙམ་པ་ལས་ངོ་མ་ཤེས་པ་དང་མཚུངས་པས་བླ་ཆེན་རྣམས་ཀྱི་རྣམ་ཐར་ཕལ་ཆེར་མོ་སྟོན་ཕག་མགོ་བའི་མངོན་ཤེས་སུ་འགྲོ་ཡིན་ཡོད་པར་གདའ། ཧོར་ཟླ་གསུམ་པའི་ཕྱོགས་ཕྱི་མའི་རྒྱལ་བ་དང་པོའི་ཉིན་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་ཐོག་གཟིམས་ཆུང་མངོན་དགར་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་པའི་ཞལ་སྔ་ནས་ཀྱི་དྲུང་དུ་སྐྲ་ཕུད་ཕུལ། མིང་བློ་བཟང་རྒྱ་མཚོར་བསྩལ། ཆོས་རྗེ་དེའུ་པས་ཐུགས་རིག་གྲུང་པོ་འདུག་ཞུས་སོང་བར་བཀའ་ལས་ཤིན་ཏུ་རང་ནས་སྤྱན་ནག་ཧྲིག་ལ་ཁད་ཙམ་མཆིས་གནང་རྗེས་སོར་འབྱུང་རྟགས་ཕྲན་བུ་བྱས་ཚེ་དཀའ་བཅུ་བས་དེ་གའི་ལུང་འདྲེན་བྱེད་པ་ཞིག་ཡོད། དགེ་ལུགས་འཇིག་བྱེད་བཅུ་གསུམ་མའི་དབང་། ཚེ་དབང་དང་རྟ་མགྲིན་གྱི་རྗེས་གནང་ཞིག་བསྩལ་བ་རྗེས་སུ་ཟླ་བོ་འདྲ་དང་འཕྲོས་པ་བྱུང་བར་ཚེ་དབང་དེ་ལ་ལྷ་ལྔ་འདུག་ཟེར་བ་འཇམ་ལུགས་སུ་གྲགས་པ་དེ་ཡིན་པར་མངོན། རྟ་མགྲིན་ནི་ལུགས་གང་ཡིན་ཤེས་མ་བྱུང་། གད་ཁ་སའི་ནང་སོ་དྲོ་ལྷུག་ཀྱང་སླར་རབ་འབྱམས་པ་ལྕགས་སྡིག་སོགས་ཀྱིས་སྤྲུལ་པའི་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་སྐུ་སྐྱེར་དྲིལ་བསྒྲགས་པ་ལྟར་དེ་ཉིན་བྱོན་བྱུང་། གཙུག་ཕུད་ནི་དེའི་སྔོན་ནས་ཕུལ་གྲུབ་པ་འདྲ། སྟག་ལུང་ཁྲི་གདན་ཟུར་གྱིས་འབྲས་སྤུངས་སུ་སླེབས་པའི་ལེགས་བྱ་རྒྱས་པར་མཛད་ཅིང་ཞབས་དྲུང་མ་ཆེན་ནས་བཀའ་ཤོག་ཚིག་བཅད་འཇེབས་པ་ཕྱག་བྲིས་སུ་བསྩལ། ཉི་མ་ཁ་ཤས་ཀྱི་བར་ཇོ་བོ་ཆེན་པོའི་ལམ་ཡིག་ལྷ་ཁང་མའི་ལུང་ཞིག་གནང་བྱུང་། ཆིང་གིས་གནམ་གྱི་གདུང་ལས་བསྟན་པའི་སྦྱིན་བདག་ལྷ་བཙུན་ཆུང་བ་ཕྲད་པར་བྱོན་ཞིང་ཞག་གཅིག་པུ་ང་བླ་མའི་སྐུ་


GLG005_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་སུ་སྡོད་པ་ཡིན་ཞེས་དེ་གར་གཟིམས། དཔོན་སློབ་རིན་པོ་ཆེ་ནི་སྐུ་ཚགས་མ་བཤིག་པར་སྙེས་མ་ལོག་གིས་བཞུགས་སོང་། ངེད་ནི་ལོ་གཞོན་པས་རྒྱུན་དུ་གང་བྱེད་ལྟར་ཉལ། རྡོ་རྗེ་བྲག་ཞབས་དྲུང་དབོན་རིན་པོ་ཆེ་གཞན་དོན་དུ་གཤེགས་པའི་ཐུགས་དམ་གསལ་འདེབས་ཀྱི་རྟེན་འབྱོར། དཔོན་སློབ་རིན་པོ་ཆེ་ལྷ་སར་ཐེགས། རྒྱུན་གྱི་ཟླ་བོ་དང་དགེ་རྒྱན་སྦྲགས་པར་གྲོགས་པོ་ནང་པའི་དགེ་སློང་ངག་དབང་ཆོས་རྒྱལ་ཞལ་ངོས་འབོད་པར་མཛད་པ་ཁོང་པ་སྣ་རིང་ཞིང་རྒྱས་བསྡུས་འཚམ་པ་སོགས་ནས་བག་ཕེབས་པར་བྱུང་། མ་མ་ཡང་ཞག་བཅུ་སྐོར་ཞིག་གི་བར་ལྕང་སྲུང་ཁང་དུ་བཞག་ཉིན་སྟར་གྱིས་ཞོགས་སུ་མྱུག་ཙམ་རེ་ཡོང་བར་ལྷུས་ཐིངས་བྱུང་གཤིས་རྫོང་བདའ་བྱས། འགྲོ་ཁར་དཀའ་བཅུ་བ་དང་དགེ་སློང་གཉིས་ལ་ད་ཆ་ཐུགས་བག་ཕེབས་འདུག་པས་བཞུགས་མ་ཚུགས་པ་ཡོང་མདོག་མ་ཁ་སྐུ་ན་ལ་དཔག་པའི་བཞེས་ཁྲུང་ལ་དགྱེས་ཤིང་ཆང་རྒྱགས་ཆེ་བ་ཞིག་ཡོད་པས་ཐུགས་བཅག་གནང་དགོས་ཟེར་བ་ལབས་སོང་ཡང་དགོན་པར་ཆང་འཐུང་རྒྱུ་མི་ཡོང་ཟེར་བ་ཐོས་པར་བློ་ཐག་ཆོད་གཤིས་ཉམས་སྣང་ཙམ་ཡང་མ་བྱུང་། སྐྱིད་ཤོད་ཀྱི་ཞབས་དྲུང་ཨ་དཔལ་རྗེ་ཡོན་ཏན་རྒྱ་མཚོ་དང་དམ་ཚིག་ཉམས་མུས་སུ་མ་ཟད། ཞལ་ངོ་བསོད་ནམས་རབ་བརྟན་ལ་རང་གི་གཡོག་རིས་སུ་གཏོགས་པ་རྐང་མཐིལ་གྱི་རྡེའུ་དཔྲལ་བར་འཕར་སྙམ་པའི་ཆགས་སྡང་གི་གནོད་པ་ཅི་འཁྱོལ་དང་ལྷག་ཏུ་གཙང་པའི་ལུང་གན་པ་ལ་མན་ལ་མི་རྒྱུག་པ་ཞིག་མ་བྱུང་ན་བོད་དུ་བསྡད་གཞན་འདྲ་ཞེས་ཞལ་ནས་ཀྱང་འདོན་ཞིང་དོན་དུ་ཡང་ཕྱག་ཐོག་ལ་བཀལ་བའི་སོག་པོ་ལོག་ན་རྫོང་གཞིས་རྣམས་བསྐྱུར་ཏེ་འབྱོན་རྩིས་དང་ཞེ་ཕུགས་


GLG005_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དགེ་ཕྱོགས་དང་གཙང་པ་ལུགས་ལེགས་བྱུང་ན་ཁོང་རང་གིས་ཤོགས་མི་ཐོན་དེ་གཉིས་ལུགས་མ་ལེགས་ན་སླར་ཡང་སོག་དམག་འདྲེན་ཐུབ་སྙམ་པའི་ངེད་ཚོས་སོག་ཡུལ་དུ་ཕྱིན་ན་གཙང་པ་དང་འགྲས་འགྲོ་བ་གཞིར་བཅས་ཀྱིས་བདེ་སྐྱིད་ཕུང་ལ་རེ་བའི་རྣམ་པས། ལྷ་བཙུན་ལ་ད་ལམ་སོག་ཡུལ་དུ་གདན་འདྲེན་ཐུབ་ན་གཙོ་ཆེར་དཔོན་པོ་ཁོ་ལོ་ཆེ་མཉེས་པ་དང་དེ་ནས་སོག་པོ་ཚོ་ཆེན་དྲུག་ལ་ངོ་སོ་ཆེན་པོ་ཡོང་ཞེས་ངན་བསླབ་བྱས་པ་བསྟད་པ་བཟང་བས་མ་དགོངས་པར་བདེན་པར་བཟུང་སྟེ་ལྷ་བཙུན་དང་གུ་རུ་ཧུང་ཐའི་ཇི་སྐུ་མཆེད་གཉིས་ཀྱིས་མཚོ་ཁར་འཕྲལ་དུ་ཡོང་དགོས་ཚུལ་ནན་ཤིན་ཏུ་ཆེ་བ་བྱུང་བར་ཞལ་ངོ་དང་དཀའ་བཅུ་བ་གཉིས་ཀྱིས་རྒྱུ་མཚན་ཕུལ་ཀྱང་མཆོད་ཡོན་ནང་ཉམས་ཀྱིས་འཇུན་སྟངས་མ་གཏོགས་དོན་མ་མཐོང་། རང་ངོས་ནི་ས་ཐག་རིང་བ་དང་ན་ཚོད་ཕྲས་པ་སོགས་ནས་འཆི་བར་འགྲོ་རྒྱུའི་ཉམས་ཙམ་ཤར་ཏེ་རྒྱུ་མཚན་བྱུང་རེས་ཀྱིས་མཆི་མ་དབང་མེད་དུ་ཤོར་ཀྱང་ཐའི་ཇི་གཉིས་ཀྱིས་ཞལ་ངོ་དང་དཀའ་བཅུ་བས་བཟོད་པ་ཡིན་ཞེས་བདེན་པར་མ་བཟུང་། དཔོན་སློབ་པཎ་ཆེན་རིན་པོ་ཆེས་བཀའ་ནན་ཆེ་བར་ཕེབས་ནས་སོག་པོ་འདི་བླ་མར་འཇོག་ཆེ་བས་ཤོགས་ཆེ་བ་ཡོང་རིགས་སུ་འདུག་ཀྱང་སྡེ་པ་ཨ་དཔལ་གྱི་ཞུ་དབང་དུ་སོང་བས་མ་ཐའི་ཇི་ཚོར་བསླབ་སྟོན་མེད་པའི་ད་ཆ་དཔོན་པོ་རྣམས་ནན་ཆེས་པའི་གཤིས་བར་ཁམས་བརྒྱུད་དེ་ཕེབས་ན་འོ་མི་བརྒྱལ་བ་ཡོང་། རྒྱལ་མེ་ཏོག་ཐང་བར་ངེད་རང་ཡང་གདན་འདྲེན་ལ་འགྲོ་ཕེབས་པ་རྒྱལ་སྡེ་དགོན་ཞར་ལ་རྩིས་བཞེས་གནང་བའི་བཞེད་པ་ཞལ་ངོས་མཁྱེན་ཏེ་དགོངས་ཕྱོགས་ལོན་པའི་ཤིན་ཏུ་མི་དགྱེས་པ་བྱུང་འདུག །ཞི་བའི་སྒོ་ནས་མ་ཕྱིན་ན་དཔུང་ཤེད་


GLG005_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཁྱེར་བའི་མདངས་ཤིག་བྱུང་བར་བརྟེན་དཀའ་བཅུ་བས་བདེ་ཆེན་རྩེར་ཕྱིན། སྒང་ཆེན་ནས་ལ་ཨེ་རི་སྒོར་ཕྱིན་ཆོག་པའི་རྒྱུ་མཚན་མོལ་བ་བཞིན་གཙང་དུ་བང་ཆེན་བཏང་བ་དོན་སྨིན་གྱིས་དོ་དམ་ལ་ཕོ་ར་སྒང་པ་བསྟན་འཛིན་རྫོང་བདའ་གནང་འདུག །གྲ་ཚང་ཆོས་འཁོར་གླིང་པ་བར་སྐབས་སུ་འཐོར་བ་ཞལ་ངོས་བཙུན་ཁྲལ་སུམ་ཅུ་ཙམ་དང་བཅས་བཙུགས་པའི་སློབ་དཔོན་དུ་ཧོར་ཟླ་ལྔ་པའི་ཉེར་བཞི་ལ་བཟང་གྲོང་རབ་འབྱམས་པ་བསྐོས་དེའི་སང་ནུབ་འབྲས་སྤུངས་ནས་བཏེག་པའི་རི་སྒོར་གསང་ཐབས་ཀྱིས་འབྲོས་དགོས་བྱུང་བ་ནམ་ལངས་ལ་སྙེ་ཐང་བཀྲ་ཤིས་སྒང་དུ་འབྱོར་ཞལ་སྔ་ནས་ཀྱིས་ལས་ཀ་འདི་འདྲ་བྱེད་དོན་ཆུང་བ་འདུག་ཅེས་གླེང་རིམ་གྱིས་གཞུང་ཀོ་བྱས་ཏེ་རོང་ཆད་དཀར་དུ་སླེབས། དྲུང་འཚོ་དབོན་པོའི་སྨན་ཁང་སྤྱིལ་བུར་གནས་ཚང་བྱས་ཏེ་ཞག་གཉིས་ཙམ་བསྡད་ཅིང་ཆད་དཀར་རྫོང་ནས་གཞིས་ལན་མཛད། སྡེ་པ་དམག་དཔོན་པ་ངག་གི་དབང་ཕྱུག་དང་བློན་ཆེན་གསོལ་དཔོན་རབ་བརྟན་གཉིས་ཀྱིས་ཐོག་དྲངས་སྐྱ་སེར་གྱིས་བསུ་བ་དང་བཅས་ཨེ་རི་སྒོ་ཆོས་རྫོང་དུ་འབྱོར་དཔོན་བློན་ཐམས་ཅད་ནས་རྙེད་བཀུར་གྱ་ནོམ་པ་དང་ཁྱད་པར་དཔོན་ས་ཨ་ནེ་དྲུང་པ་པད་དཀར་ཆོས་ཉིད་བཟང་མོ་གཉེན་གདུང་ཆེ་བས་བཟའ་བཏུང་གོས་ཀྱིས་ཐོག་དྲངས་བྱིས་པ་བྲིད་པའི་རྟ་དང་སེང་གེའི་གཟུགས་བརྙན་ཤིང་ལ་བཟོས་པ་སོགས་སྒོ་དུ་མ་ནས་བདག་རྐྱེན་མཛད། མཆོད་ཡོན་གཉིས་ཀའི་དགོངས་གཞིར་གཙང་སྡེ་སྲིད་ཐུགས་དོགས་ཆུང་ཕྱིར་སྐུ་ཚབ་ཅིག་ཞུས་པར་ལྡིང་དཔོན་ནམ་མཁའ་འབྲུག་གནང་། ཁོ་རང་ཞལ་ངོ་དང་ཐུགས་ཁ་ཤིན་ཏུ་འགྲེ་བའི་ནང་བཟན་ལྟ་བུ་བྱས་བསྡད་སོང་ཡང་བླ་མ་དུང་


GLG005_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པ་སོགས་ཀྱིས་ཁོང་དཔོན་སློབ་གཙང་པར་ཁ་གཏད་པའི་སྐྱོན་གྱིས་ནམ་མཁའ་འབྲུག་གིས་བཙོན་རྫི་བྱས་ཡི་གེ་འབྲུ་གཅིག་ཀྱང་ལྡིང་དགོན་མ་བརྒྱུད་པར་ལེན་ས་མེད་ཅིང་བཤོས་ཕོར་གྱི་རྩམ་པ་ཚུན་ཆད་ཀྱང་སྨྱི་གུས་སྡོག་གིན་ཡོད་འདུག་ཟེར་བའི་གཏམ་ཆ་ཆེན་པོ་བཟོས། རི་བོ་བདེ་ཆེན་སྤྱི་སོས་ཞལ་དཔོན་མཁྱེན་རབ་བཏང་བའི་སྟེར་སྦྱིན་དཔངས་མཐོ་བ་དང་བོད་སོག་སྤྱིར་སྤྲིངས་པའི་འཇགས་གནས་ཀྱི་ཐེའུ་བླངས་འདུག་པ་ཞལ་ངོས་རྟེན་འབྲེལ་ལེགས་ཚུལ་དང་བཅས་དགྱེས་བཞིན་དུ་ཞལ་གྱིས་འཆིས། དེ་སྔ་ཕན་ཡིག་ཆོས་ཀྱི་རིགས་ཅི་ཡང་མི་ཤེས་པས་འདི་སྐབས་གྲོགས་པོ་ནང་པའི་དགེ་སློང་གིས་སློབ་དཔོན་མཛད་ནས་སྔ་དགོང་ཉིན་དགུང་གི་དུས་གསུམ་ལ་འབྱོར་ཀློག་བསླབས། དུས་གསུམ་པོ་དེའི་སྒྲིགས་བཅད་མ་གཏོགས་ཕལ་ཆེར་རྩེད་མོས་དུས་འདའ། ཟླ་གཅིག་ནས་འབྱོར་ཀློག་ཤེས་ཙམ་དང་ཟླ་བ་གཉིས་ལྷག་གི་རིང་ཕྱེད་ལེན་སྦྱངས་པས་གསུང་རབ་དབུ་ཆེན་གྱི་རིགས་ཀློག་ཐུབ་པ་བྱུང་། དེ་རྗེས་དཔལ་ལྡན་ལྷ་མོ་དམག་ཟོར་མའི་གཏོར་ཆོག་བསྐང་བསྟོད་ཀྱི་ཤོག་བུ་ལྔ་ཙམ་གྱི་བར་ཉིན་རེ་ཤློ་ཀ་རེ་གཉིས་བཟུང་། རེས་འགའ་རྩེད་མོ་དང་ཁམས་ཉོག་པས་མ་བཟུང་བ་ཡང་ཡོད། རིམ་གྱིས་ཡི་གེ་བཤུར་མ་ཕྲན་བུ་ལྷོགས་པ་དང་བསྟུན་འཕྲོ་བ་རྣམས་དཔེ་ཐོག་ནས་ཁྲིད། ཆུ་ཕག་གི་ལོ་གསར་ལ་ཟིན་པ་དགོས་ཚུལ་བྱུང་ཡང་མ་ནུས་པའི་སྐྱོན་གྱིས་བསྟོད་པའི་འགོ་ཙམ་ལས་མ་སླེབས། ན་ཚོད་སྟབས་ཀྱིས་ཚོགས་དངོས་གཞི་ལ་མ་ཕྱིན་པ་བྱས་རྟེན་འབུལ་ལ་ཕྱིན་ན་རྟེན་འབྲེལ་ལེགས་པ་འདྲ་ཞེས་གླེང་གཞི་བྱུང་བས་ཐོག་ཏུ་དགོས་པ་རྣམས་ལྷུ་བཏོན་ནས་བཟུང་ཡང་ལོ་གསར་ཁར་ཟས་གྲིབ་ལ་བརྟེན་མཆུ་སྐྲངས་པས་འགྲོ་མ་ཐུབ། གསོལ་དཔོན་རབ་བརྟན་གྱིས་གཟིམས་ཤག་ཏུ་བོས་ནས་གཤིས་ལེན་བཟབས། ཨ་བར་འབྲུག་ལ་གདོན་གནོད་བྱུང་བར་ཕན་རེའི་བཙུན་པའི་མིང་ཞིག་དགོས་ཚུལ་མི་མང་ཚོགས་


GLG005_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སར་གློ་བུར་དུ་ཟེར་བར་ཟླ་བོ་རྣམས་ཀྱིས་བསླབ་ལོང་མ་བྱུང་ཞིང་རང་ལ་ཡང་རྣམ་དབྱེ་མེད་པས་ཅུང་ཟད་ཧུར་རེ་ལུས་དེ་མུས་ཚོད་ཚོད་ཀྱིས་བློ་བཟང་རྒྱལ་མཚན་ཟེར་བ་བཏགས་པ་ཨ་ནེ་ཏིང་དང་མཉྫི་ཆ་ལང་མགོའི་དཔེར་མ་སོང་བའི་གོ་མ་ལོག་ཙམ་བྱུང་འདུག །ཨེ་དྭགས་ཀྱི་ཕྲད་མི་མང་བར་བྱིན་རླབས་ངང་མེ་ཏོག་འཐོར་བ་སོགས་བྱས། བཙུན་གསར་བརྒྱ་ལྷག་གི་སྐྲ་ཕུད་བླངས་ཤིང་མིང་མང་པོ་འདོགས་པར་དཀའ་ཚེགས་ཀྱིས་ཤོག་བུ་ལ་མིང་ཡིག་བསྡེབས་སུ་བྲིས་ཏེ་སོ་སོར་གཏད། མིང་བཏགས་གྲུབ་རིམ་གྱིས་ཞལ་སྔ་ནས་བྱམས་པ་བསྟན་པས་ཞབས་ལ་མགོ་བོས་གཏུག་དགོས་གསུངས་ཏེ་བྱེད་བཅུག་སོང་བ་ཁོང་སྔ་ཐོག་གི་དགེ་བཤེས་ཆེན་པོར་འདུག་པས་འདུལ་བའི་ཕྱག་ལེན་གྱི་ཞིབ་ཆའི་རིགས་བསྒྲེ་མཛད་པར་སྣང་། ངེད་རྣམས་འབྲས་སྤུངས་ནས་ཐོན་པའི་ཞག་གསུམ་ཐོག་གུ་རུ་ཧུང་ཐའི་ཇི་དང་སྡེ་པ་སྐྱིད་ཤོད་པས་གཙོས་པའི་ཧོར་སོག་གི་དམག་བརྒྱད་བརྒྱ་ཙམ་ཞིག་འབྱོར་འདུག་ཀྱང་འདི་བྱེད་མ་བྱུང་བའི་ཕྱིར་ལོག །ལྷ་བཙུན་ཀྱང་ཐུགས་བད་དྭངས་པའི་དགེ་སློང་བསྟན་དར་ཅན་གསེར་བཀྲོལ་བྱེད་པར་རི་སྒོར་བཏང་བྱུང་བ་མཆོད་ཡོན་ལུགས་ལེགས་ལས་དམ་ཚིག་གིས་སེལ་ཡེ་མེད། ཧོར་ཟླ་བཞི་པའི་ནང་དུ་སྐྱིད་ཤོད་ལ་འགྲོ་རྩིས་ཀྱི་རི་སྒོ་ནས་ཐོན་པའི་ལམ་ན་རོང་ལྷ་རྒྱལ་མཚན་གྱི་རྟེན་མཁར་ཡོད་ས་དེར་འོད་གསལ་ལྷ་རིགས་འཛིན་པ་ཁྲི་ཐོག་པ་བློ་བཟང་མཐུ་སྟོབས་ཆོས་རྒྱལ་དཔོན་བློན་རྣམས་བསུ་བར་ཕེབས། ཇ་གྲལ་གྱི་སར་རོང་ལྷ་ཁོག་ཏུ་ཞུགས་ནས། གཡག་གི་རྭ་ཅོ་དེ་ཆག་སོང་ཡང་དུང་གི་མཆེ་བ་དེ་སྐྱེས་བྱུང་ཨང་སོགས་ལུང་བསྟན་མང་པོ་ཟེར། ཨེ་པ་རྣམས་ལྷ་འདི་


GLG005_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་སྟོད་པར་དགའ་བས་སྐུ་རབ་པ་རོ་ལངས་རྒྱག་རྒྱུའི་ཚིག་ཡིན་འདུག་གླེང་། དེ་ཚེ་ཇ་དཀར་ཡོལ་གང་ཙམ་འཐུང་རིང་རོང་ཆུ་དེ་གྱེན་དུ་འཁྱིལ་ནས་ལྦུ་བ་ཆི་ལི་བྱེད་འདུག་པ་མི་རྣམས་ཅི་ཡིན་ཞེས་ཐེ་ཚོམ་ཡང་རོང་ལྷ་དེ་དགྱེས་པའི་མཚན་མ་ཞིག་ཡིན་པ་འདྲ། ཆད་དཀར་རྫོང་དུ་ཞག་བཞི་ཙམ་བསྡད་ས་སྐྱོང་ཆེན་པོས་རྙེད་བཀུར་ཕུན་སུམ་ཚོགས་པ་བསྟར། ཆད་དཀར་ཆོས་སྡེ་བས་དཀར་སྤྲོ་བཤམས་བཞུགས་གྲལ་ལ་གཉིད་བྲོ་ནས་གཙང་ཁང་སྦུག་ཏུ་ཅུང་ཟད་སྡོད་དགོས་ཤར། རིམ་གྱིས་བཏེག་པའི་ཉང་པོ་གྲུ་ཁ་དཔལ་རི་གྲ་ཚང་ཡོངས་རྫོགས་འཕྱོང་རྒྱས་པའི་རྨོངས་ཞེན་གྱིས་ཕྲད་པར་བྱུང་། ཆོས་གྲ་ཆེན་པོ་དཔལ་གྱི་རྩེད་ཐང་དུ་སླེབས་རྣམ་རྒྱལ་གླིང་དུ་གནས་ཚང་བྱས་སྐྱ་སེར་གྱི་ཁྲོམ་ས་གཞི་ཐམས་ཅད་མི་མངོན་པར་ལྟ་བུར་ཁེངས་ནས་རྒྱུ་འགྲུལ་ཡང་བྱེད་དཀའ་བར་སྣང་། འཕྱོང་རྒྱས་རྫོང་དཔོན་ཇོ་མོ་རྫོང་པ་ནོར་དཔལ་ཕུན་ཚོགས་ཀྱིས་ཇ་གྲལ་གྱི་ཐོག་བཀའ་བསྒོ་དགོས་ཟེར་བ་གློ་བུར་དུ་སོང་བས་དེབ་ལ་ཡང་མ་ཐུབ་པས་ཐེ་ཚོམ་མེ་བ་ཞིག་གི་ངང་ནས་སྤྱི་གཙུག་ཏུ་དམག་ཟོར་མ་གསལ་བཏབ་རྩ་སྔགས་བཟླས་ཤིང་ཕུས་བཏབ་པས་རྫ་གཅོག་ཏུ་མ་སོང་ཙམ་བྱུང་འདུག །རྩེད་ཐང་ལྔ་མཆོད་པ་རྣམས་ཀྱིས་དགོངས་ཇ་བུ་རམ་གྱི་གཞིས་ལེན་གྱིས་ཐོག་སྟེར་ཆ་བཟབས། གཙང་ཆུང་གླིང་ཁར་སྡེ་པ་བྱིང་པས་དམར་སྤྲོ་བཤམས་ཤིང་རས་ཆུང་ཕུག་གི་བླ་མ་འཛམ་གླིང་ཡོངས་གྲགས་ཀྱང་ངོས་ཕྲད་ལ་འོངས། སྡེ་པ་སྐྱིད་ཤོད་པ་དང་སྒོ་མང་སློབ་དཔོན་བྱང་པ་གཉིས་ཀྱིས་འབྲི་ཕག་གི་ཐོག་ཏུ་བདེ་གཟར་བསླང་བའི་རྐྱེན་གྱིས་གཙང་དཔུང་བྱེ་རི་སྟག་རྩེའི་བར་བཏེག་པའི་དམག་གྱེས་པ་དང་ཐུག་དམག་མི་འབྲུམ་ནད་པ་མང་པོ་དང་


GLG005_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲད་པའི་སྐབས་དག་གིས་ལམ་རི་ཁུག་ཚོར་འབྱོལ་བཞིན་པ་ནས་གྲ་ཕྱི་ནང་གི་མདའ་བརྒྱུད་འགར་རྩར་གནས་ཚང་བྱས་སྐབས་དགོང་མོ་སྔ་མ་འབྲོང་ཞོལ་དུ་འོག་ཁང་ལྟ་བུར་སྡོད་དགོས་བྱུང་བས་འདི་འདྲའི་གནས་ཚང་དགའ་བ་ཞེས་སྐྱིད་སྣང་ཚོར་བར་བྱེད། དོལ་མདར་ལྷུན་གྲུབ་ལྷ་རྩེའི་རྫོང་དཔོན་སྤེལ་བ་དོན་གྲུབ་རྡོ་རྗེས་གུང་ཚིགས་ཀྱི་དྲོ་བསྟབས། འབྲིའུ་སྣའི་གྲུ་དོན་བྱ་ལ་བརྒྱུད་དེ་ལྡིང་དཔོན་རྒྱ་ཡགས་པའི་ནང་དུ་གནས་ཚང་བགྱིས་པས་གང་ཡོད་ཀྱི་གཞིས་ལེན་བཟབས། ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་སླེབས། འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་བློ་གསལ་གླིང་གི་འཆད་ཉན་ལས་ཐོག་གི་སྐབས་ནས་འབྲས་སྤུངས་སུ་བཞུགས་པ་དང་འགྲིག །ཚེ་རྟ་འཇམ་དཀར་སྒྲོལ་དཀར་གསུམ་གྱི་རྗེས་གནང་ཞུས། སྒོ་མང་སློབ་དཔོན་གུང་རུ་སངས་རྒྱས་བཀྲ་ཤིས་པ་སོགས་གཞན་འབྱོར་ཕུན་ཚོགས་ལ་ཕྲག་དོག་པ་མང་པོས་གླིང་སྨད་པར་ཆོས་འབྲེལ་ཞུ་བ་མི་འོས་ཞེས་གཤེ་ནའང་། རྟོགས་པའི་ཡོན་ཏན་ནི་མིག་མཐོང་ལག་ཟིན་སུ་ལ་ཡང་དཀའ་ལུང་གི་ཡོན་ཏན་ནི་བསྟན་པ་ཡོངས་རྫོགས་ཀྱི་བཤེས་གཉེན་དུ་འདུག །སྤྲུལ་སྐུ་དང་གདུང་རུས་ཀྱི་གྲགས་པ་མེད་དོ་སྙམ་ཆོས་དེ་དགོས་པ་ཡོད་ན་དེར་མ་ཟད་སློང་མོས་འཚེ་བའི་མུ་ཏོ་བ་ཞིག་ཀྱང་བླ་མར་འཁུར་རིགས་པ་རྔོག་ལེགས་པའི་ཤེས་རབ་སོགས་ཀྱི་རྣམ་ཐར་དུ་གསལ་ལ་ཆོས་དེ་པར་བཀག་དགོས་པ་མེད་ན་གདུང་རུས་དང་སྐྱེ་བའི་སྙན་གྲགས་ཀྱི་སྟོང་འུར་ལ་དགོས་པ་མེད་པ་འདྲ། ལོ་འདིའི་བརྒྱད་པ་ཉིས་བརྩེགས་སུ་བྱས་པའི་དབྱར་སྟོན་དགུན་གྱི་རིང་གཡུ་སྒྲོན་མ་དང་གྲགས་རྒྱལ་མའི་གསོལ་མཆོད་དང་ས་ལམ་གྱིས་གཙོས་པའི་ཆོས་སྤྱོད་རགས་རིམ་རྣམས་
གྲོགས་པོ་ནང་པའི་དགེ་སློང་གིས་གང་ཁྲིད་བློ་ལ་བཟུང་། སུམ་བརྡུངས་དགུ་བརྡུངས་སོགས་རོལ་མོ་དཀྲོལ་ལུགས་ཕྲན་བུ་བསླབས། དགེ་སློང་དྲུང་འཚོ་སྤྱན་གཡས་པ། བྱང་ངོས་ཆོས་མཛད་བཀྲ་ཤིས་ཕུན་ཚོགས་གསུམ་དང་ལྷན་དུ་ཚེས་བཅུའི་དུས་གཏོར་སྟར་ཆགས་སུ་བཏང་ཞིང་འདུར་འདོན་ལ་བརྟེན་ནས་བསྐུར་མཁན་བྱས།

དགུང་ལོ་བརྒྱད་པར་གླིང་སྨད་ཞབས་དྲུང་གིས་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་དང་། དཔལ་ལྡན་དམག་ཟོར་རྒྱལ་མོའི་རྗེས་གནང་ཕུལ་བ་བཅས་ཀྱི་སྐོར།


GLG005_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཕོ་བྱི་བའི་ལོ་གསར་གྱི་བསྐང་གསོར་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་དབུར་ཕྱིན། བཞུགས་གྲལ་ལ་འབྲས་སྤུངས་ཀྱི་སློབ་དཔོན་རྣམས་ཆོས་ཀྱི་འབེལ་གཏམ་མཛད་ཅིང་ཁྱད་པར་བློ་གསལ་གླིང་ཟུར་པ་དོན་གྲུབ་མགོན་པོ་དེ་བཤད་པ་དང་རྩོད་པ་གཉིས་ཀ་ལ་ཤིན་ཏུ་ཡུས། རང་ལ་ཆོས་ཀྱི་གོ་རྟོགས་མེད་ཀྱང་རྒྱུད་ཡོད་རྣམས་མདོ་སྔགས་གཉིས་ཀའི་དགེ་བཤེས་འགྲན་ཟླ་དང་བྲལ་བ་ཡིན་ཞེས་ཟེར། བཟང་སྡིངས་ནས་ཆོས་རྗེ་རྫིང་ཁ་བ་ཕྲད་པར་བྱོན། ཁོང་པ་འབྲུག་ཕྱོགས་ཀྱི་ཕྱག་ཆེན་ཆོས་དྲུག་ལ་མཁས་གྲུབ་ཆེ་བར་གྲགས། འཕྲལ་གྱི་སྣ་ཚུལ་ཀྱང་བདེ་མཆོག་ལྷན་སྐྱེས་ལྟ་བུའི་ཧེ་རུ་ཀཿའདྲ་བའི་བརྟུལ་ཞུགས་དང་ལྡན་པར་གདའ། བསླབ་སྡོམ་ལ་ལྐོག་ངོས་ཀྱི་ཚུལ་ཆོས་མཁན་ཚོ་ལས་གླིང་ཆེན་རས་པའི་བརྒྱུད་འཛིན་ལ་འདི་རིགས་མིན་རྒྱུ་མི་འདུག །དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་གནས་ཆོས་འཁོར་རྒྱལ་དུ་འགྲོ་བའི་སྒོ་ཤར། དེ་སྔ་རི་སྒོར་གསང་སྟབས་ཀྱིས་ཕྱིན་པ་ནས་གྲ་སྒྲིག་ཆེ་བ་མེད་པས་འདི་སྐབས་ཞལ་ངོས་དྲུང་འཁོར་བསྡུ་གསོག་ལས་ཚན་སྒྲིག་པ་སྐྱ་དར་རྒྱ་གླིང་གིས་མཚོན་པའི་སྔར་སྲོལ་གང་ཡོད་དང་བཅས་ཧོར་ཟླ་གསུམ་པའི་ཚེས་བཅུ་གཅིག་ལ་བཏེག །བོད་ཡུལ་གྱི་ལྟེ་བ་ཆོས་འཁོར་དཔལ་གྱི་ལྷ་སར་སླེབས་ཕྱུག་པོ་སྒོ་


GLG005_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཤག་པར་གནས་ཚང་བྱས་ཇ་ཐུག་བཞེས་སྤྲོ་སྟེར་སྦྱིན་སོགས་མང་བ་བྱུང་། མཆོད་ཁང་རྣམས་མཇལ་སྐབས་བྱིས་པའི་སྣང་བ་ཡལ་ཡུལ་ལས་སྨོན་ལམ་འདེབས་པའི་ཐ་སྙད་ནི་མ་བྱུང་། ཕྱི་སྐོར་ལ་ཕྱིན་ཚེ་ཁྲོམ་གསེབ་ནས་དྲེའུ་ཞིག་བརྒྱུགས་ཏེ་ངེད་ཀྱི་གཡས་ཟུར་ལ་སྦུད་ཅིག་བརྒྱབ་ནས་སོང་བ་ལ་ལ་མི་ཤིས་པས་རིམ་གྲོ་དགོས་ཟེར། འགའ་ཞིག་དམག་ཟོར་མ་འཁོར་བའི་ལྟས་ཡིན་ཟེར་ཡང་དྲེལ་མངས་པའི་འདྲོགས་སྟབས་ལས་བཟང་ངན་གཉིས་ཀ་མེད་པ་འདྲ། སང་ཉིན་ལྷ་གདོང་གི་གྲུ་དོན་གསང་སྔགས་མཁར་དུ་སླེབས་སྐྱ་སེར་གྱི་ཁྲོམ་མང་བར་འཚོགས་འདུག །སྤྱི་བླ་བྲང་ནས་གཞིས་ལེན་དང་རྗེ་ཡོན་ཏན་རྒྱ་མཚོའི་གཟིམས་དཔོན་དྲུང་འཚོ་ཚེ་འཛིན་གྱིས་ཕྱག་རྡོར་གྱི་སྐུ་ལི་མ་ཞིག་བྱིན། འདིར་སྐབས་བླ་ཆེན་རྣམས་ཀྱི་སྤྱི་ཟོག་དཀའ་ལས་ཆུང་ལ་མིང་སྙན་པ་མཐོང་བས་དོན་ལྡན་ཟེར་བ་དེ་ག་བཞིན་བདེན་ན་མ་གཏོགས་འོ་སྐོལ་གྱི་སྟོན་པ་ཤཱཀྱའི་རྒྱལ་པོའི་མཛད་པ་དང་མཐུན་པའི་ཆོས་ཉིད་བདེན་པ་བསྟན་པ་གྲོལ་བའི་རྗེས་མཐུན་འཆད་ཉན་སོགས་ཀྱི་གྲབས་གྲབས་ཀྱང་མེད། རིམ་གྱིས་བཏེག་དགའ་ལྡན་ཞོལ་དུ་ཐུབ་དབང་གཉིས་པ་ཙོང་ཁ་པའི་གདན་ས་པ་ཁྲི་རིན་པོ་ཆེ་གྲགས་པ་རྒྱ་མཚོ་དཔོན་སློབ་རྣམས་ཕེབས་པ་དང་མཇལ་སྐུ་ན་སྨིན་ཞིང་འདར་ཤིག་གེ་ཕྱག་མཛད་ཀྱིན་འདུག་པ་དེ་དུས་ནི་ཉམས་སྣང་མ་བྱུང་། རྗེས་སུ་བསམས་ཚེ་རང་ལ་སྡོམ་པ་སྣ་གཅིག་བླངས་པ་དང་ཤློ་ཀ་གཅིག་གི་གོ་རྟོགས་ཀྱི་ཡོན་ཏན་ཀྱང་མེད་པར་དེ་འདྲ་ཡ་ང་བའི་གནས་སུ་མངོན། དེ་ནུབ་ལྷས་སྲས་ཁང་དུ་བསྡད་པའི་གནས་ཚང་ཐོག་གི་བསངས་ལ་བརྟེན་ནས་མེ་ཤོར་ཅུང་ཟད་བྱུང་བར་ལ་ལ་ཆོས་སྐྱོང་གི་འཚུབ་ཡིན་ཟེར་ཡང་


GLG005_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་མེད་པ་འདྲ། ལ་མོ་བརྒྱུད་རྒྱ་མ་སྣོན་མདར་རྒྱ་མཐོངས་དང་སྒོ་མ་གཏོགས་སྒེ་ཁུང་གི་རིགས་མེད་པ་ཞིག་ཏུ་གནས་ཚང་བྱུང་དགེ་སློང་གིས་བཞུགས་མི་ཚུགས་པའི་རིགས་ལ་གཟིམས་ཆུང་འདི་ག་འདྲ་བ་དགོས་པ་འདུག་སྐུ་རྦབ་བརྒྱབ་དོགས་མི་དགོས་པ་ཞེས་རྩེད་མོ་གླེང་། མཁར་སྐྱ་སྡེ་དགོན། རིན་ཆེན་གླིང་། འོད་ཟེར་ཀྱང་། རུ་ཐོག་པ་རྣམས་ཀྱིས་བསྙེན་བཀུར་བཞིན་པའི་ངང་ནས་འོལ་དགའ་རྫིང་ཕྱིར་གླིང་སྨད་ཞབས་དྲུང་རིན་པོ་ཆེས་དབུ་གནང་བའི་བསུ་བ་དང་སེར་སྦྲེང་བཅས་འབྱོར། ཞག་ལྔའི་བར་བསྡད་སྤྱི་སྒེར་ཀུན་གྱིས་འབྲོག་ཟས་ལ་བརྟེན་པའི་གཞིས་ལེན་དང་སྟེར་ཆ་བཟབས། འོལ་དགའ་དཀོན་གཉེར་རྣམས་ཀྱིས་ཚེས་བཅུའི་འཆམ་རྒྱས་པར་བྱས་པ་ལྟད་མོ་ཆེ་བ་བྱུང་། རྫོང་དཔོན་འདུས་བྱུང་སྐྱིད་སྦུག་པ་ཕྲད་པར་བྱུང་བ་སྤྱིི་སོས་བཞུགས་གྲལ་གྱི་འགོར་གདན་གཟོས་དང་བཅས་འདུག་པ་སྡེ་པ་གཙང་པའི་ཞལ་ངོ་ཞིག་ཡིན་པ་འདྲ་སྙམ་པའི་བྱིས་པའི་ཁྲུལ་རྟོག་ཀྱང་ཤར། གླིང་སྨད་ཞབས་དྲུང་རིན་པོ་ཆེ་དང་དཔོན་སློབ་ལྷན་ཅིག་པར་ཆོས་འཁོར་རྒྱལ་དུ་སླེབས། བྱམས་ཁང་དང་མགོན་ཁང་རྣམས་མཇལ། ཞལ་བྲམ་གཟུགས་ཀྱི་སྐུ་ལས་སྙན་དར་དཀར་པོ་ཞིག་རང་བབས་སུ་ལག་ཏུ་བྱུང་བ་ཁའུ་བྲ་རྫོང་པའི་སྙན་བརྒྱུད་ཚད་མ་བཞི་ལྡན་རྣམས་ཐོབ་པའི་རྟེན་འབྲེལ་དུ་འདུག །གླིང་སྨད་ཞབས་དྲུང་རིན་པོ་ཆེར་དགེ་ལུགས་འཇིགས་བྱེད་བཅུ་གསུམ་པའི་དབང་། དམག་ཟོར་མའི་རྗེས་གནང་གིས་གཙོས་པ་ཁ་ཤས་ཐོབ་ཀྱང་ན་གཞོན་པས་དབང་བརྡ་ནི་ག་ལ་འཕྲོད་ཅིང་ཐོར་མ་འཁོད་པས་ངེས་པ་མ་བྱུང་། སྤྱི་པ་ལེགས་བཤད་གླིང་པ་རྣམས་ཀྱིས་ཇ་མགྲོན་ལ་བོས་ཤིང་གཞིས་ལེན་དང་


GLG005_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བདོག་པའི་སྐྱེས་བསྟར། དྭགས་པོ་དང་ཉང་པོ་སོགས་ཀྱི་སྦྱིན་བདག་གྲ་རིགས་ཕྲད་མི་མང་བ་བྱུང་བར་བྱིན་རླབས་ཇ་གྲལ་སྐབས་སྦྱར་བྱས། ན་ཕྲས་པས་སྒོ་སྒེ་ཁུང་ནས་མྱུག་མྱུག་མངས་པར་གཉེར་པ་ནང་སོས་སྲེ་མོ་འདྲ་ཞེས་ལབས། ཟེ་མོ་གདོང་པའི་བཙུན་མ་རྣམས་ཀྱིས་བདོག་པའི་སྐྱེས་དང་བཅས་རིང་འཚོའི་རྟེན་འབྲེལ་བསྒྲིགས། གླིང་སྨད་ཞབས་དྲུང་སྐྱིད་ཤོད་དུ་ཕྱིར་ཕེབས། བདག་གིས་ལྷུན་གྲུབ་དགའ་ཚལ་དབང་དྲག་རོལ་པའི་དེ་ཝཱི་ཀི་ཊིར་ཞག་དགུ་ཙམ་གྱི་རིང་འགོལ་སྡོད་བྱས། སྔ་དགོངས་དཔལ་ལྡན་དམག་ཟོར་མའི་བསྐང་གསོ་བཏང་། ཉིན་མོ་ལྷ་ས་སྨོན་ལམ་ལ་ཕན་དུ་རེ་བས་འཁྲུངས་རབས་སོ་བཞི་པ་ལྷོགས་ཞེས་ཞལ་ངོས་གསུང་བར་དཔོན་སློབ་ཐམས་ཅད་སྐུ་ཡོན་ཆེ་དྲགས་འཁྲུངས་རབས་དང་དེའི་ས་བཅད་རྗེ་རང་བྱུང་བས་མཛད་པ་ནོར་ནས་ས་བཅད་དེ་ལན་གཉིས་གསུམ་ཙམ་ཀློག །མགོན་ཁང་རྣམས་ཞིབ་པར་མཇལ་ཞིང་གཏོར་གསོས་དང་སྙན་དར་ཕུལ། གླིང་སྨད་ཞབས་དྲུང་ནས་བསྔོ་བ་མཐུན་འགྱུར་བཅུ་གསུམ་ཙམ་ཡོད་པ་ཞིག་ཤོག་དྲིལ་དུ་གནང་བ་བཟུང་སླར་རྒྱལ་མཐིལ་དུ་འོངས་ནས་སྔ་དགོང་ཐམས་ཅད་མ་ཎི་འདྲེན་འདྲེན་ལྟར་བསྐྱར། ཡར་ཀླུངས་ས་བ་གྲུ་པ་གསར་མ་བ་ནང་སོ་ནོར་ནོར་དང་གཡུ་འབྲུག་སྤུན་གཉིས་ཀྱིས་ཚོགས་སུ་མང་ཇ་ཚར་བཏང་བའི་གྲལ་དབུར་ཡོང་དགོས་ཚུལ་ལྟར་ཕྱིན་ཟང་ཟིང་གི་བདོག་པ་རྒྱ་ཆེར་བསྐྲུན་བསྔོ་བ་བྱས་པའི་ཐོག་མ་འདི་ཡིན། ཞལ་ངོས་དབུ་མཛད་ཟླ་བོ་རྣམས་བསྔོ་བ་ཆད་དོགས་པའི་ཉེས་དམིགས་ཇག་པ་མང་པོ་ཡོད་པའི་འཕྲང་ལ་འགྲིམ་པ་ལས་ཆེ་བ་བྱུང་སོང་། འདི་ནས་བཟུང་ལོ་བཅུ་དྲུག་ཙམ་ལམ་སླེབས་བར་ཉེས་དམིགས་དེ་ག་བྱུང་འདུག་པས་


GLG005_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་སྨད་ཞབས་དྲུང་མདོ་སྔགས་ཀྱི་དགེ་བཤེས་སུ་གྱུར་པའི་བླ་མར་འཁོད་པ་དང་དབོན་པོས་ཕྱག་ཕྱིར་ཡོངས་ཆོས་འཇིག་རྟེན་གཉིས་ཀ་ནས་བླ་མས་མ་བྱུང་དོགས་པའི་ཉེས་དམིགས་ཅི་ཡང་མི་དགོས་པའི་ངོས་ཁོ་རང་གྲུ་བཞི་ལམ་ལམ་བྱེད་པ་འདི་འདྲ་མི་བསོད་ནམས་ཅན་ཞིག་ཡིན་པ་འདུག་ཅེས་ཞལ་ངོ་ཡང་ཡང་གསུང་། དྲུང་འཁོར་གྲ་ཚང་གཉིས་ལག་དོ་སོགས་ཀྱིས་ལྕགས་རིར་ཞིག་རལ་བྱུང་བ་ལ་གསོ་བྲན་གྱི་སྐབས་ལག་ཆ་ལ་བསྙད་པའི་གྲ་ཚང་གཉིས་ཀྱི་གྲ་པ་ཁ་ཤས་ཐུག་པར་འོག་པ་ཆོས་མཛད་ཀྱི་ཞུ་བརྡབས་ལ་བརྟེན་ཞལ་ངོས་ཕན་བདེ་ལེགས་བཤད་གླིང་པར་བཀའ་བཀྱོན་པའི་འོལ་དགའ་ནས་མ་ཁྲིད་པར་རྡོ་ལ་སློག་པས་ཚུར་ལམ་སྒར་པ་ཅུང་ཟད་ཉུང་བ་བྱུང་། ཧོར་ཟླ་ལྔ་པའི་ནང་དུ་མལ་གྲོ་བརྒྱུད་མཁས་མང་རྒྱ་མཚོའི་བསྟི་གནས་སེ་ར་ཐེག་པ་ཆེན་པོའི་གླིང་དུ་དགེ་འདུན་རྣམས་ཀྱིས་བསུ་བའི་བཀོད་པ་རྒྱས་པ་དང་བཅས་སླེབས། གྲ་ཚང་གསུམ་དང་ཁམས་ཚན་མང་པོ་གཞིས་ལེན་དང་སྟེར་ཆ་བཟབས། རྗེ་ཕ་བོང་ཁ་པ་ཡང་དཀར་སྤྲོའི་སྤོམས་འབུལ་དངོས་པོའི་སྐྱེས་དང་བཅས་ཕེབས་ཤིང་ཞག་ལྔ་བསྡད་དེ་འབྲས་སྤུངས་སུ་འབྱོར། རྒྱལ་ནས་ཚུར་ལམ་འོང་གསེབ་ཁྲོམ་དང་རྟ་དྲེལ་གྱིས་བརྫིས་པ་རྣམས་ལ་དབྱར་སྨད་ལོ་ཚན་དང་འོངས་ཆེ་ཟེར་བ་ཡུལ་པ་རྣམས་དད་མོས་ཆེ་བའི་རྟེན་འབྲེལ་ཡིན་པ་འདྲ། དབྱར་སྟོན་གྱི་དུས་ལྷ་ས་བ་རྣམས་ཀྱིས་ཚེས་བཅུའི་འཆམ་དང་སྙེ་ཐང་བཀྲ་ཤིས་སྒང་པས་རུ་འདྲེན་སྡེ་བཞིའི་འཆམ་རྒྱས་པར་བྱས་རུ་འདྲེན་གྱི་གཉན་ཆས་དེ་ནུབ་སེར་ཆོལ་ཆེ་བ་བབས་ཀྱང་འོང་གསེབ་ལ་མ་ཤོར། དབྱར་སྟོན་རྣམས་ཕྱག་དྲུག་པ་དང་ལས་གཤིན་གཉིས་ཀྱི་བསྐང་གསོ་བཟུང་


GLG005_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ངོས་ཞལ་བཀོད་མཛད་དེ་གཟིམས་ཆུང་བདེ་བ་ཅན་དུ་ཆོས་སྐྱོང་རྣམས་ཀྱི་རྟེན་མཆོད་སྤྱན་གཟིགས་བཤམས་པས་ཡར་ངོ་མར་ངོའི་ཚེས་བཅུ་དགུ་གཏོར་མགོན་ཁང་པ་ཚོ་དང་ལྷན་དུ་སྒྲིགས་མ་བྱས། དཔོན་སློབ་གླིང་སྨད་ཞབས་ལ་ཚེ་དབང་བརྒྱ་རྩ་ཞིག་ཞུས། བློ་གསལ་གླིང་དུ་རྒྱུན་བཞུགས་གནང་གཤིས་ཆོས་མཚམས་ལ་སྐབས་དག་གི་ཕེབས་ཀྱིན་ཡོད་པས་གསུང་སྒྲོས་ཀྱི་ལྷོངས་ལ་ངེད་ཀྱིས་དཔེ་ཆ་འཛིན་ཀློག་ཇི་ལྟར་གནང་གསུང་བར་ཚ་བ་དཀའ་བཅུ་བས་ནུས་པོ་རང་མི་འདུག་ཞུས་སོང་བར་བདག་ལ་གཟིགས་ནས་ཁྱེད་བླ་མ་འཕགས་པ་འདྲ་བ་ཞིག་མཛད་དགོས་པ་ལ་དེ་འདྲ་ག་ནས་ཡོང་གསུང་བར་ཕེབས་ལན་དུ་འགྲོ་མགོན་འཕགས་པ་ལས་རྒྱ་མི་ཆུང་ཙམ་ཡོད་ཞེས་སྒྲོ་ཞྭ་ཞུས་པས་བཞད་མོ་གནང་གིན་འདུག །སྐད་ཆ་དེ་ཕྱིར་ཐོས་པས་བླ་མ་དགེ་འདུན་དར་རྒྱས་སོགས་དུས་ཕྱིས་མ་འོངས་པ་ཤེས་ནས་ལབས་པ་ལྟ་བུ་ཟེར་དོན་ལ་ཉམས་འཆར་གྱི་སྐབས་མི་ལབ་པའི་མཐའ་ག་ལ་ཡོད། དགུན་སྨད་མཁར་སྔོན་པོའི་རྗེ་བསོད་ནམས་རྒྱ་མཚོའི་གདན་ས་བ་ཞབས་དྲུང་བྱམས་པ་སྤྲུལ་པའི་སྐུ་དགེ་འདུན་དཔལ་བཟང་རྒྱ་མཚོའི་འཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པས་ལོངས་སྤྱོད་དང་ལྡན་པའི་ཞམ་རིང་དུ་བླ་མ་སེར་མོ་བ་གོས་ཆེན་གྱི་རྩག་པ་ས་དྲུད་གནམ་དྲུད་བྱེད་པའི་བག་དྲོན་ཅན་བརྒྱ་སྐོར་དང་བཅས་ཕེབས་པའི་གདན་འདྲེན་དུ་ལྷ་བཙུན་ཆུང་བ་དང་གུ་རུ་ཧུང་ཐའི་ཇིའི་དམག་ལྔ་བརྒྱ་ཙམ་ཡང་ཡོངས། གཙང་སྡེ་སྲིད་ནས་བཟང་འགྲུལ་ཡིན་འདྲ་བསམས་ཀྱང་ཐུ་མེད་ཀྱི་མི་ངན་ཡོད་འདུག་པས་གཞུང་བཤིག་དོགས་ཚུལ་གྱི་ཞལ་ངོར་ཕྱག་ཐམ་གནང་བ་དོན་བཟང་འགྲུལ་ལ་བརྟེན་ནས་གདུལ་བྱ་ཡོང་


GLG005_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རེའི་ལྟོགས་ལ་མེ་འབར་དང་ཐུ་མེད་ཀྱི་དམག་མིས་ངན་བསྐྱལ་དོགས་གསུང་སྙན་གྱི་དྲིལ་བུ་འཁྲོལ་བར་སྣང་། ཞབས་དྲུང་བྱམས་པས་འབྲས་སྤུངས་རྡོ་གཅལ་དུ་དགེ་འདུན་ཚོགས་ཆེན་གྱི་དབུས་སུ་མུ་ཏིག་ལྗོན་ཤིང་གི་ཁྲི་ཀ་གདུང་ཟེ་འབྲུ་སོགས་ཁྱད་མཚར་རྒྱབ་དང་གཡས་གཡོན་གྱི་ཡོལ་བ་བླ་བྲེ་དང་བཅས་པ་ཧོར་གོས་མངགས་བཏགས་ལས་གྲུབ་པ་བཤམས་པའི་སྟེང་དུ་བོས། གོས་དར་གསེར་དངུལ་རོལ་མོ་ཤེལ་སྤྱད་དཀར་ཡོལ་གི་གུ་ཤེལ་མུ་ཏིག་ལྗོན་ཤིང་གིས་གཙོས་རྒྱ་ནག་གི་དངོས་པོ་ཡ་མཚན་ཞིང་གནངས་ཆེ་བ་ཁ་གྲངས་ཁྲི་འབུལ་དུ་གྲགས་པའི་སྟེར་ཆ་མཛད། སྐྱེ་བོ་མཐའ་དག་རྣམ་སྲས་ཀྱི་གན་མཛོད་མཐོང་བ་ལྟ་བུའི་ཧ་ལས་ལས་བྱེད་ཀྱིན་འདུག །མུ་ཏིག་ལྗོན་ཤིང་གི་ཁྲི་ཧོར་གོས་ཀྱི་ཡོལ་བ་སོགས་རྒྱ་བཟོ་ཆ་འགྲིག་དེ་ཁྲོམ་ཟིལ་གནོན་དུ་འདུག་ཀྱང་ཁོབ་ཤག་འདི་འདྲ་ཞེས་ཚང་མ་དགོངས་པར་མི་བདེ་བས་གཡས་ཐོར་གཡོན་ཐོར་ལ་སོང་བ་ཙནྡན་གསེར་དང་བླུན་པོས་སོལ་བའི་དཔེར་སོང་། དེ་ནས་བཟུང་ཞག་བཞི་བཅུ་ཙམ་གྱི་བར་སེར་མོ་བ་རྣམས་ཀྱིས་ཚོགས་ཆེན་དུ་གདན་གུང་གཉིས་ཀར་མང་ཇ་ཉིས་སྐོལ་སུམ་སྐོལ་ཁ་བཏགས་སྨན་ཙེ་ཇ་དངུལ་གྱིས་མཚོན་པའི་འགྱེད་གཏང་ཐུབ་པ་གཙོ་བོར་འདོན་པའི་ཚོགས་དབུར་བསྔོ་བ་ཆད་དོགས་པའི་ཉེས་དམིགས་ཆེ་ཡང་དཔོན་སློབ་ཐམས་ཅད་ལྟོགས་ལས་མ་ཚུགས་པའི་ཆེ་བ་སྟོང་འབུལ་ནས་ཆུང་བ་བརྒྱ་འབུལ་དུ་བྱས་ཏེ་ལེན་པར་ཆག་མེད་ཕྱིན། སྙིང་ནས་གཏན་བདེ་བསྒྲུབ་པའི་རིགས་ལ་རང་ཉིད་འཆིང་བྱེད་ལས་དགོས་པ་མི་འདུག་ཀྱང་དར་ཁ་འཁྱར་སྦྲེལ་བའི་བརྒྱ་འབུལ་ལ་ཞྭ་གྱོན་པ་དང་ནས་ཕད་ཚྭ་རྡིག་གི་འབུལ་བར་ཤེལ་རྒྱན་


GLG005_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲད་ནས་བརྒྱ་ཤོགས་སྟོང་འགུགས་ཀྱི་སྒར་སྐོར་མཁན་རྣམས་མཐོང་ཚེ་འདོད་ཡོན་འབད་མེད་དུ་བླངས་ཆོག་པ་འདི་སྔོན་སྦྱིན་པ་བཏང་བའི་རྣམ་སྨིན་ཡིན་པར་འདུག །འདི་དང་འགྲུལ་རེས་ཕལ་ཆེ་བ་གཞན་དག་ལའང་གཙང་སྡེ་སྲིད་དུ་གསར་སླེབས་ཀྱི་ཕུད་དུ་མིང་བཏགས་པའི་གོས་དར་གྱི་འབུལ་བ་མཛད་སོང་། ཞབས་དྲུང་བྱམས་པ་དེ་མཁྱེན་པ་ཆེ་ཞིང་མཆོག་དམན་བར་གསུམ་དང་འགྲོགས་ལུགས་མཁས་པས་ཉི་མ་གནངས་ཆག་གིས་ཕེབས་ཏེ་ལོ་ཚོད་དང་བསྟུན་པའི་གསུང་གླེང་ཞིབ་པར་མཛད་པས་ཤིན་ཏུ་འདྲིས་པ་བྱུང་། འགྲུལ་པ་རྣམས་ཀྱིས་གདན་དྲངས་པའི་བཀྲ་ཤིས་ལྷུན་པོ་ནས་པཎ་ཆེན་རིན་པོ་ཆེ་ཕེབས། ཆུ་ཁྱི་ལོ་ན་ཕྲས་པའི་མཇལ་ལུགས་ཀྱི་ཐ་སྙད་ཆེ་བ་མེད་པ་འདི་སྐབས་ཞལ་ངོས་སྐོར་ཡང་ཁ་ཡར་ཞུས་པར་འགོས་དན་དཀའ་བའི་མཐར་མཉམ་ཕྱག་གི་ཞལ་བཞེས་གནང་ཡང་དོན་དུ་ཕྱག་ལན་མི་གནང་བའི་བཀའ་གྲོས་ནང་ནས་ཞལ་ངོར་བྱ་བྱུང་བའི་དེ་རིང་ངེད་ཀྱིས་མཛུབ་མོ་ཀེར་ན་ཕྱག་མ་འབུལ་བསྐུམ་ན་ཕུལ་གསུང་བཀྱོག་མོའི་སྒོ་འཁོར་མདུན་དུ་བཞེངས་ནས་འདུག་པར་མིག་ཟུར་གྱིས་བཅོས་པས་ཕྱག་མཛུབ་ཀེར་བྱུང་བ་དེ་ཉིན་ལྡེམ་མཇལ་འདྲ་བའི་མཛེས་ལམ་ཆུང་ཙམ་བྱུང་ཚོད་དུ་འདུག་སང་ཉིན་ཕེབས་སྒོར་བསླབ་ཚིགས་བཞེས་ནས་ཕྱག་འབུལ་བསམ་པ་ཡིན་རུང་ད་ཆ་ནང་སོའི་དྲུང་གི་ཐུགས་དང་བསྟུན་གསུང་བའི་ཞལ་དན་ལྟར་གནང་། ཞབས་དྲུང་བྱམས་པ་དང་མཇལ་འཛོམ་མཛད་པར་ཁོང་དཔོན་སློབ་རྣམས་ནི་ཕྱིས་སུ་དགེ་ལུགས་པ་ཕལ་ཆེར་གྱིས་འདུད་པའི་གཡག་མགོ་ཤོ་བཞག་ད་ག་འདུག །ཞབས་དྲུང་བྱམས་པ་ནི་ཆོས་འབྲེལ་མ་གསན་པར་འདྲ་མཉམ་ལས་ཕྱག་འཚལ་བའི་རེ་བ་མི་གནང་བས་ཉིན་གསུམ་བཞིའི་
བར་མ་དན་པའི་ང་ཆེ་ང་བཙན་གྱི་སྐོར་ཡང་ངོས་མཐར་མཇལ་དར་རྩེ་སྤྲོད་མཛད། ཧོར་ཟླ་བཅུ་གཉིས་པའི་མཇུག་ཏུ་རི་སྒོ་དཔོན་ས་ཨ་ནེ་དྲུང་གིས་ངེད་རང་ལ་གོས་སྣ་ཆ་ཚང་ཞལ་ངོར་སྣ་ཁ་གསུམ་བསྐུར་བ་མཛད་པ་ཆུ་ལུག་ཟངས་རི་རྫོང་དུ་མ་ཕེབས་བར་སྟར་ཆགས་དང་མི་རིང་བར་ཆོས་རྒྱལ་ཕོ་བྲང་ནས་བལ་གྱི་མཐུན་རྐྱེན་ཞིག་ཀྱང་གནང་གིན་ཡོད་འདུག་པ་དང་བཅས་དབྱར་གོས་ཚར་རེའང་བྱུང་བ་ཡུམ་གཤེགས་རྗེས་ཀྱང་ལྕམ་དྲུང་ཞལ་བཞུགས་རིང་མ་ཆག་པ་བསྲིངས།

དགུང་ལོ་དགུ་པར་དགེ་ཚུལ་གྱི་སྡོམ་པ་བཞེས་པ་སོགས་ཀྱི་སྐོར།


GLG005_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གླང་གི་ལོ་གསར་སྔར་འཁྱུད་ལྟར་གྲུབ་རྗེས་ལྷ་ས་སྨོན་ལམ་ཆེན་མོར་ཕྱིན་ནང་པ་ནུབ་པ་མའི་ནང་དུ་གནས་ཚང་བྱས། ཚོགས་དབུ་དཔོན་སློབ་པཎ་ཆེན་རིན་པོ་ཆེས་གནང་ཞིང་། ངེད་རང་ན་གཞོན་པས་གསུང་ཆོས་དང་སྨོན་ལམ་ལ་ཐེངས་གསུམ་བཞི་ཞིག་ལས་འགྲོ་བར་མ་ཤར། མཎྜལ་ར་བར་མཆོད་ཁང་དུ་ཞལ་གཟིགས་པའི་ཁྲི་སུམ་གཤིབས་ཀྱི་ལྷོར་པཎ་ཆེན་རིན་པོ་ཆེ། དེའི་བྱང་དུ་བདག །དེའི་བྱང་དུ་ཞབས་དྲུང་བྱམས་པ། ལྷོ་ནས་བྱང་དུ་གཟིགས་པའི་ཁྲིར་གླིང་སྨད་ཞབས་དྲུང་དང་གཟིམས་ཁང་གོང་སྤྲུལ་སྐུ་སྟེ་ཁྲི་གོག་བརྩིགས་པའི་བླ་ཆེན། ཆོས་སྡེ་ཁག་གི་བླ་འབྲིང་། དགོན་སྦག་ཕུག་གི་བླ་ཆུང་། འདི་ལོ་གླིང་སྨད་ཞབས་དྲུང་གིས་ཐུགས་ཁུར་བཞེས་པའི་གྲ་སྐོར་ཚུགས་པའི་སྟབས་བགྲོ་གླེང་གཏོང་ཞིང་མཁས་གྲགས་ངོམ་མཁན། དུས་བཟང་པོར་སྙིང་ནས་སྨོན་ལམ་འདེབས་མི། ཚོང་དང་རྙེད་བཀུར་དོན་དུ་གཉེར་བ་སོགས་ཕྱི་ལུས་ཀྱི་ཆ་ལུགས་གཅིག་པ་ལ་ནང་སེམས་ཀྱི་འཆར་སྒོ་ཐ་དད་པའི་ཚོགས་ཁྱམས་རའི་སྟེང་འོག་བར་གསུམ་མཐའ་དག་ཟིང་ལོང་ངེ་བས་ཁེངས། འབུལ་སྟེར་དང་འགྱེད་ཚོང་


GLG005_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གི་འདོད་ཡོན་ནི་སྔར་མ་གྲགས་ལྟ་བུ་བྱུང་། ངེད་རང་གིས་སྨོན་ལམ་འདེབས་མ་ཤེས་ཀྱང་ཇོ་ཤཱཀ རང་བྱོན་ལྔ་ལྡན། བྱམས་པ་ཆོས་འཁོར་སོགས་མཐོང་བས་དོན་ལྡན་ཡིན་པ་ལན་ཁ་ཡར་མཇལ་བས་སྐལ་བཟང་དུ་གྱུར། བོད་སོག་ཧོར་གསུམ་གྱི་སྐྱེ་བོ་ཁྱིམ་པའི་ཁྲོམ་སྐོར་ལམ་གྱིས་ས་བཀབ་པ་ལྟ་བུ་སྣང་། ཆུ་བཟང་པ་དཀོན་མཆོག་ཆོས་བཟང་། འབུར་ལྟག་པ་ངག་དབང་དཔལ་བཟང་། མཁས་བཙུན་དམ་བསྙག་བསོད་ནམས་ཆོས་བཟང་། བསམ་བློ་ལྡན་མ། དྭགས་པོ་དཀའ་བཅུ་ལྔས་རབ་འབྱམས་གྲ་སྐོར་གྱིས་བསྟན་པ་ལ་ངེས་པ་དོན་གྱི་བྱ་བ་ཡང་དག་པ་བྱས། སྨོན་ལམ་གྲོལ་ནས་འབྲས་སྤུངས་སུ་སླེབས།ཧོར་ཟླ་གཉིས་པའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཚེས་ལ་གཟིམས་ཆུང་མངོན་དགར་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཁན་པོ། འཇམ་དཔལ་དབྱངས་དཀོན་མཆོག་ཆོས་འཕེལ་གྱིས་སློབ་དཔོན། སྒོ་མངས་ཞལ་སྔ་ནས་སངས་རྒྱས་བཀྲ་ཤིས་པས་གྲིབ་ཚོད་པ་མཛད་དེ་དགེ་ཚུལ་མནོས། དཔོན་སློབ་པཎ་ཆེན་རིན་པོ་ཆེའི་དྲུང་དུ་ཞབས་དྲུང་བྱམས་པ་དང་ལྷན་ཅིག་པར་གསང་འདུས་མི་བསྐྱོད་པའི་དབང་དང་ཚེ་དབང་ཕྱག་དྲུག་པ་སོགས་རྗེས་གནང་ཁ་ཡར་ཐོབ་ཀྱང་བྱིས་པའི་སྣང་བས་དབང་གི་བརྡ་མ་འཕྲོད་ཅིང་ཟླ་བོ་རྣམས་ཀྱང་ཟོམས་པའི་ཐོར་མ་ཐེབས་པས་ཞིབ་པར་མ་ངེས། ཞབས་དྲུང་བྱམས་པ་དཔོན་སློབ་སོག་ཡུལ་གྱི་བསྟན་འགྲོའི་དོན་ལ་ཕྱིར་ཐེགས་ཁར་སྐུ་བརྙན་བྲིས་འབུར་བྱུ་རུ་སྤོས་ཤེས་སྣམ་ཐེར་བུ་རམ་འབྲས་སོགས་བོད་ཀྱི་ཡུལ་ལུགས་དང་བསྟུན་པའི་ཕེབས་རྫོངས་རྒྱས་པ་བསྟར་སོག་ཡུལ་དུ་བསྟན་པར་ཕན་པ་མཛད་དགོས་ཚུལ་སོགས་ཚིག་ཁ་ཡར་ཞལ་ངོས་བསླབས་བྱུང་བ་དམངས་མ་མ་


GLG005_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན་ཞིང་ཐོག་མ་དེའང་མི་མངས་ལ་འཚེར་བའི་རྩམ་པ་ལ་ཕན་པ་མཛོད་ཟེར་བ་འདྲ་ཞིག་བྱུང་བ་ཞབས་དྲུང་གིས་སྐུ་ན་ཕྲས་སྐྱོན་ཡིན་འདུག །བསྟན་པ་ལ་ཕན་པ་གྱིས་ཞེས་གནང་རྒྱུར་མཆིས་ཞེས་གླེང་བརྗོད་མཛད་སོང་། དཔོན་སློབ་རྣམས་ཀྱང་ཐུགས་དགྱེས་པར་གྱུར་ཅིང་དེ་མཚུངས་འགྲུལ་པ་མཐའ་དག་ལ་བདག་རྐྱེན་མ་འཚེམས་པ་གནང་། དབྱར་སྟོན་གྱི་རིང་ཀློག་རྩལ་ཆེ་བ་ཡོང་དུ་རེ་ནས་དགེ་སློང་གིས་བཀའ་གདམས་གླེགས་བམ་ཀློག་བཅུག་བྱུང་བ་ལྟར་བུ་ཆོས་ཚར་གཉིས་དང་ཕ་ཆོས་ཚར་གཅིག་ཀློག་པས་ལོ་རྒྱུས་རགས་རིམ་བློ་ལ་ཟིན། འདི་དག་གི་སྐབས་རྩེད་ཐང་གི་སྡེ་པ་དོ་སྔོན་པ་འདྲ་བ་ཞིག་དགེ་རྒན་དུ་ཡོད་ན་ཡིག་རྩིས་བརྡ་དག་དང་གོང་དཀར་དཀོན་གཉེར་དཔོན་ལྟ་བུ་ཡོད་ན་གར་འཆམ་བྲི་ཐིག་དབྱངས་རོལ་སོགས་སྔགས་ཕྱོགས་ཀྱི་ཆོ་ག་ཕྱག་ལེན་མང་པོ་བློར་ཆུད་པ་འདུག་ཀྱང་དེ་འདྲའི་རིགས་བྱུང་ན་ཞལ་ངོ་དང་དཀའ་བཅུ་བ་གཉིས་ཀྱིས་གཞོགས་མ་བདེ་བྱུང་དོགས་ཡེ་མི་དགྱེས། གྲོག་པོ་ནང་པའི་དགེ་སློང་ཐུགས་བསམ་དག་ཅིང་རྒྱུན་དུ་འགྲོགས་པའི་ཟླ་བོའི་དཔེར་འོས་པ་ཡིན་ཀྱང་ཐོས་བསམ་གྱི་རྒྱ་གཏུགས་པའི་ཡོན་ཏན་འགངས་ཆེན་འཇགས་རིགས་མིན་འདུག །ཐ་ན་དགོས་ལ་མི་དགོས་ཀྱི་ཆོས་སྤྱོད་རྒྱུག་ཆུང་བ་འདྲ་བསླབས་པས་སྒོམ་འགགས་ཏེ་སྨོན་ལམ་གལ་ཆེ་ཚོ་འཛིན་དུ་མ་བཅུག་པས་བྱམས་སྨོན་དང་ཐོག་མཐའ་པ་གཉིས་ལྷ་ས་སྨོན་ལམ་དུ་འགྲོ་རྟག་པའི་ཞལ་ཕྱི་འབྲངས་པ་ཟིན་ཞིང་བཟང་སྤྱོད་ནི་དེ་ནས་ཀྱང་འགྱང་ཙམ་རང་རྐྱ་མ་ཕེར། མཚན་བརྗོད་དང་གདུགས་དཀར་ལ་ནི་ད་ལྟའང་ཞལ་འདྲིས་མེད་དོ། །འདི་དག་གི་ལོ་སྔ་ཕྱི་རྣམས་སུ་གྲ་ཚང་བདུན་དང་ཁམས་ཚན་སོགས་ཀྱིས་


GLG005_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་སྤྲོ་དམར་སྤྲོའི་གཞིས་ལེན་སྣ་ཚོགས་བྱུང་། དཀའ་བཅུ་བ་གཙང་ལ་འགྲོ་སྐབས་ཤིག་ཞབས་དྲུང་དེ་ཉིད་ལ་སྐུ་ཆས་ཀྱི་མཐུན་རྐྱེན་མ་ཉུངས་ཙམ་ཞལ་ངོས་བསྐུར་སོང་བ་སྒང་ཆེན་པ་མ་ཆེན་བརྒྱུད་སྡེ་སྲིད་ལ་ཞུས་པར་དེ་དག་བྱས་ཆོག་ཚུལ་དང་སྒང་ཆེན་ནས་ཀྱིས་ལྕགས་བྱའི་སྐྱ་ལངས་སྐབས་རི་བོ་བདེ་ཆེན་པ་དང་དྲུང་འཁོར་ཚོས་སྒེར་དོན་གཉེར་བ་ལས་སྡེ་པའི་དོན་ཚིག་གཅིག་ཀྱང་མི་ཟེར་དེ་ཕྱོགས་ཀྱི་མི་མང་བསྟེན་བསྐྱིལ་མཛད་ན་ཁྱེད་རང་དཔོན་སློབ་ལ་མི་ཕན་ཞིང་གཞུང་དུ་དགོངས་ཚོམ་འཕྲོས་ཡོང་སོགས་མགུ་ཞེ་ཁྲེལ་གྱི་འཕྲོས་པ་བཏང་འདུག །དེ་དག་གིས་སྔ་ཕྱིར་ཡང་འུག་དྲེས་པ་སོགས་སྔགས་རྙིང་མའི་བླ་མ་མང་པོ་ཞིག་ཞལ་མཐུན་པའི་སྡེ་པ་འཕྱོང་རྒྱས་པ་འདི་རྒྱལ་པོ་གཙུག་ལག་འཛིན་གྱི་དབོན་བརྒྱུད་ཡིན་པས་ངེད་རང་རྣམས་མཇལ་ཐུབ་ན་ལེགས་པའི་མོལ་བསྡུར་དང་སྡེ་སྲིད་དུ་དགོངས་པ་ཞུས་པར་ཐུགས་དོགས་ངན་པའི་འཁྲོལ་ཆ་མ་བྱུང་སྐད། ཟ་དམ་པས་ར་མོ་ཆེ་སྨོན་ལམ་གཏོང་མ་ཉན་པར་བརྟེན་གཙང་ནས་ཕོད་དཀར་བ་མི་སྣར་ཡོངས་པའི་ཁྲ་མས་བཅད་མཚམས་བྱས། དགུན་ལྷོ་འགྲུལ་འཕགས་པ་ལྷའི་སྤྲུལ་སྐུ་དཔོན་སློབ་དང་བྱང་ཕྱོགས་ནས་ཆིང་གིས་གནམ་གྱི་གདུང་ལས་གུར་དཀར་པོའི་བདག་པོ་ཇི་ནོང་རྒྱལ་པོའི་སྲས་ཐུབ་པ་ཐའི་ཇིས་གཙོས་སེར་མོ་བ་ཞབས་དྲུང་བྱམས་པའི་དུས་དང་མཚུངས་པ་བག་དྲོ་ཆི་ལེ་བ་འབྱོར། ཐའི་ཇི་དཔོན་གཡོག་རྣམས་ཚོ་ཆེན་དྲུག་གི་གཞུང་མ་ཞིག་པའི་སྔ་དུས་བཟང་པོའི་ཆས་གོས་སྒྲིགས་བཅའ་དར་གིས་གཟི་བྱིན་ཆེ་བར་འདུག །འཕགས་པ་ལྷ་དཔོན་སློབ་ཀྱིས་ཇ་རྟ་དྲེའུས་གཙོས་པའི་སྟེར་སྦྱིན་བཟང་བར་མཛད། ཐའི་ཇིས་ལྷ་སར་ཡོང་དགོས་ཚུལ་བྱུང་བ་ལྟར་འགྲོ་བའི་སྒོ་ཤར།


GLG005_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ངོས་བླ་མའི་རྣལ་འབྱོར་དང་བསྟན་འབར་མ་བྱས་ན་འགབ་གསུང་བས་དཔོན་སློབ་པཎ་ཆེན་རིན་པོ་ཆེའི་ཐུགས་རྩོམ་གྱི། མདུན་གྱི་ནམ་མཁར་འོད་འབར་ནོར་བུའི་ཁྲི། །ཞེས་སོགས་བླ་མའི་རྣལ་འབྱོར་ཚིགས་བཅད་མ་ཞིག་འདུག་པ་དེ་དགེ་སློང་གིས་ཁྲིད་བྱུང་པ་ལྟར་བཟུང་། ལྷ་སར་ཕྱིན་གསུང་ཆོས་ར་བར་སེར་འབྲས་ཀྱི་དགེ་འདུན་འདུས་པས་གཙོས་ཁྲོམ་ཤིན་ཏུ་ཆེ་བའི་དབུས་ཐའི་ཇིས་གོས་དར་གསེར་དངུལ་གྱི་མཚོན་པའི་རྒྱ་ཧོར་གྱི་སྤྱད་པ་གནངས་ཆེ་བའི་ཁྲི་འབུལ། ནང་སྐོར་གྱི་སེར་མོ་བ་ཏཱ་འོན་ཏའི་སྦྱིན་ཆོས་རྗེས་སྟོང་འབུལ། གྲ་ཚང་ཆོས་རྗེ་དང་དར་ཁན་ཨེམ་ཆི་གཉིས་ཀྱིས་བརྒྱ་འབུལ། སེ་ཆེན་ཆོས་རྗེས་ཀྱང་གྲངས་སུམ་ཅུ་སྐོར་བསྟར། ཚོགས་ཆེན་དུ་ཉི་མ་གཅིག་པུ་དེར་འགྱེད་ཀྱང་ལྔ་དྲུག་ཙམ་བཏང་སོང་། བླ་མའི་རྣལ་འབྱོར། བསྔོ་བ་དང་བསྟན་འབར་མའི་མཐུན་འགྱུར་བྱས། དེ་གྲོལ་ནས་ཇོ་མཇལ་ལ་ཕྱིན་སྤང་གཅལ་དུ་ཁྲི་ཞིག་བརྩིགས་འདུག་པའི་སྟེང་དུ་བསྡད། སྒོ་མང་གུང་རུ་དང་བླ་མ་དུང་དཀར་བ་གཉིས་སྨོན་ལམ་བསྐུལ་བ་ལ་ཤ་འཐེན་པགས་འཐེན་བྱེད་པར་སྣང་། དེའི་སང་ཐའི་ཇིས་ལོ་རོ་བ་དངོས་གྲུབ་ཀྱི་ནང་དུ་བོད་སོག་ལུགས་ཀྱི་སྟོན་མོ་བཟང་པོ་བཏང་ཞིང་སྤུ་ལ་གའི་ཐུལ་པ་སོགས་སྟེར་སྦྱིན་མཛད། ལྷ་སར་ཞག་གསུམ་བསྡད་ནས་འབྲས་སྤུངས་སུ་འབྱོར། ཟླ་བ་ཕྱེད་གཉིས་ཙམ་གྱི་བར་ཚོགས་སུ་ཕྱིན་པའི་བརྒྱ་འབུལ་སྟོང་འབུལ་མང་དུ་བླངས། མཁར་སྔོན་པོ་ནས་ཐུ་མེད་ཀྱི་རྒྱལ་རིགས་དམག་ཁྲི་ཚོ་བཅུ་བཞིའི་བདག་པོ་དཔོན་པོ་ཧུང་ཐའི་ཇིས་རྗེ་ཡོན་ཏན་རྒྱ་མཚོའི་དངུལ་གདུང་གི་ཐེབས་འབུལ་བར་ཨུལ་ཆིང་ནང་སོ། སྟོང་
སྐོར་དབོན་ཆུང་། ཐ་པོ་ན་གསུམ་མངགས། མི་སྟོང་ཕྲག་ཙམ་གྱི་ཇ་ཁོལ་བའི་དངུལ་ཁོག་ཆེན་མོས་གཙོས་དངུལ་སྲང་ཁྲི་ཚོར་ཉེ་བ་དང་གོས་དར་གསེར་རིན་པོ་ཆེའི་རིགས་ཀྱང་མང་དུ་བསྟར། ཚ་བ་དཀའ་བཅུ་དང་དབོན་པོ་བྱིང་པ་གཉིས་ཀྱིས་དོ་དམ། སྤྲུལ་སྐུ་དགོས་སྐྱེས་རྡོ་རྗེས་ཐིག་རྩ། ནོར་བུ་བཀྲ་ཤིས་སོགས་བལ་པོ་བཅོ་ལྔ་སྐོར་གྱི་ཀླུ་སྡིངས་སུ་བཟོ་གྲ་བཙུགས། དཔོན་སློབ་གླིང་སྨད་ཞབས་དྲུང་གིས་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཤིན་ཏུ་བསྡུས་པ་ཞིག་ཟིན་བྲིས་གནང་བ་བློར་བཟུང་ཐུབ་པ་ཐའི་ཇི་དཔོན་གཡོག་ལ་ཚེ་དབང་བྱས་པས་ནམ་མཁའ་ལ་འཇའ་སྤྲིན་ཡ་མཚན་པ་བྱུང་ཟེར་བ་ཁོང་དཔོན་བློན་དད་པ་ཆེ་བའི་ཕན་ཡོན་འདུག །རང་ངོས་ནས་ཚིག་མ་ཆད་པར་སྐྱབས་སུ་མཆི་བ་ལས་དམིགས་པའི་རེ་བའང་མེད། དགུན་སྨད་ཀྱི་རིང་ལ་མ་ཎི་བཀའ་འབུམ་བྲིས་ཤོག་ལེགས་པ་ཞིག་འདུག་པ་དེ་ཀློག །

དགུང་ལོ་བཅུ་པར་མངོན་རྟོགས་རྒྱན་དང་མགོན་པོའི་བསྐང་བཤགས་ཐུགས་འཛིན་གནང་བ་སོགས་ཀྱི་སྐོར།


GLG005_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མེ་སྟག་གི་ལོ་གསར་གྲུབ་ནས་ཐའི་ཇིས་གཙོས་པའི་གསར་འགྲུལ་རྣམས་ཀྱིས་སྨོན་ལམ་ལ་ཡོང་དགོས་ཚུལ་ཟེར་ཡང་འགྲོ་བ་མ་ཤར། གླིང་སྨད་ཞབས་དྲུང་ནས་ཕྱག་དྲུག་པ་དང་འཇམ་དཀར་གྱི་རྗེས་གནང་གི་ཡེ་གེ་གནང་བྱུང་བ་བཟུང་བའི་ཐུ་མེད་ཀྱི་མི་སྣ་རྣམས་ལ་མགོན་པོ་དང་གྲ་ཚང་ཆོས་རྗེ་བསོད་ནམས་བཀྲ་ཤིས་ལ་འཇམ་དཀར་གྱི་རྗེས་གནང་བྱས། ཧོར་ཟླ་གཉིས་པའི་ནང་དུ་དངུལ་གདུང་གྲུབ་པའི་གཟུངས་བཞུགས་གླིང་སྨད་ཞབས་དྲུང་དང་སྒོ་མང་གུང་རུ་གཉིས་ཀྱིས་ཕུལ། རབ་གནས་ལ་པཎ་ཆེན་རིན་པོ་ཆེས་དབུ་གནང་སེར་འབྲས་ཀྱི་སློབ་དཔོན་ཁྲི་གདན་ཟུར། གསུང་ཆོག་པ་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཕྱོགས་མཐུན་དུ་མཛད། སྒོ་མང་བྱང་པ་དང་གུང་རུ་


GLG005_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འཇིགས་བྱེད་ཀྱི་བདག་མདུན་འཇུག་པ་གཅིག་མི་གཅིག་ལ་རྩོད་པ་མཛད་ཟེར་བ་རྡུལ་ཚོན་རས་བྲིས་གང་ཡང་མེད་པའི་བདག་བསྐྱེད་ལ་དེ་འདྲའི་དོགས་པ་ཁྱི་གཞོང་སྟོང་ལ་རྩོད་པར་གདའ། སྦྱིན་བདག་ཏུ་ཐུབ་པ་ཐའི་ཇི་བསྐོ་ཉིན་རྟེན་འབྲེལ་གྱིས་ཡོངས་པ་འགབ་ཚུལ་ཞལ་ངོས་གསུང་བ་ལྟར་ཕྱིན། བཀྲ་ཤིས་རྫས་བརྒྱད་ཀྱི་ཚིག་རྣམས་གནང་རིམ་གྱིས་བློ་ལ་ལམ་ཙམ་ཟིན་བྱུང་བས་རབ་གནས་འདི་ག་ལས་མེད་ན་མང་པོ་མི་འདུག་བསམ་པ་ཤར། བཞུགས་གྲལ་གྱི་ཐོག་རྗེ་ཕ་བོང་ཁ་པ་དང་སྒོ་མང་བྱང་པ་ཆོས་གྲགས་རྣམ་རྒྱལ་གཉིས་ཆོས་ཀྱི་འབེལ་གཏམ་མཛད་སོང་བ་རིག་པ་སྒོ་མང་བྱང་པ་རྣོ་བར་གྲགས་ཀྱང་བགྲོ་གླེང་འཛུགས་ས་བཞིན་གྱི་ཁྱད་ཡིན་ནམ་རྗེ་ཕ་བོང་ཁ་པ་རྒྱལ་བ་བྱུང་ཞེས་གླེང་། ཐུབ་པ་ཐའི་ཇི་དཔོན་གཡོག་གིས་ངེད་སོག་ཡུལ་དུ་ཡོང་དགོས་ཚུལ་གྱི་སྙན་གསན་བྱུང་བ་སྔ་དུས་ཀྱི་གནས་ཚུལ་དེས་སྣ་སུན་མཆི་མ་ཅུང་ཟད་ཤོར་བར་སོག་པོའི་ཆོས་རྗེ་རྣམས་ཀྱིས་རྗེ་བསོད་ནམས་རྒྱ་མཚོ་དང་ཨལ་དན་རྒྱལ་པོའི་དུས་ཐུགས་ཀྱིས་དྲན་འདུག་ཟེར་བ་ལབས་རྟིང་མ་ཁོ་རང་རྣམས་ཡུལ་དུ་སླེབས་ཚེ་ཆ་ཁར་རྒྱལ་པོས་གཞུང་བཤིག་པ་ན་དེ་མཁྱེན་ནས་སྤྱན་ཆབ་བཏོན་ཞེས་གླེང་ཚུལ་རྒྱ་ནག་ཏུ་འགྲོ་སྐབས་པཎྜི་ཏ་ཀླུའི་རྒྱལ་མཚན་གྱིས་ཟེར་བ་རྟོག་བཏགས་ཀྱི་བཤད་པའི་རིགས་འདི་བླ་མ་ཚོའི་རྣམ་ཐར་གྱི་ལྷན་པ་ལ་ཕན་པར་འདུག །ས་ག་ཟླ་བ་སྔ་མའི་ནང་དུ་ཐའི་ཇི་དཔོན་གཡོག་ཕྱིར་འབྱོན་གདོང་དགའ་ལྡན་ཕོ་བྲང་ཚོམས་ཆེན་དུ་བཞུགས་གྲལ་ཐོག་ཐའི་ཇི་དེས་ངེད་ལ་རྟེན་འབྲེལ་གྱི་སྒོར་ཏཱ་ལའི་བླ་མ་བཛྲ་དྷཱར་ཞེས་པའི་མིང་ཡང་སྐྱོར་གྱི་ཚུལ་དུ་བཏགས། ཐའི་ཇི་ལ་ཐའི་


GLG005_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སུན་ཧུང་ཐའི་ཇིའི་མཚན་དང་། ཆོས་རྗེ་མི་བཟང་དྲག་རིགས་རྣམས་ལ་ཆོ་ལོ་སྟེར་བར་ལོ་ཙཱ་བས་སྐད་ཆེན་པོས་འབོད་པ་སྔ་དུས་ཀྱི་སོག་པོའི་ལུགས་སྲོལ་ཇི་ལྟ་བ་བཞིན་གྲ་ཚང་ཆོས་རྗེའི་སྙན་སྒྲོན་ཕུལ་བ་ལྟར་ཞལ་ངོས་བཀོད་པས་ཁྱོགས་པར་མཛད་སོང་བ་ལེགས་ཚོགས་ཆེ་བ་བྱུང་། ཐའི་ཇིས་གཙོས་གསར་འགྲུལ་ལོག་མི་རྣམས་ལ་བྱུ་རུ་སྤོས་ཤེལ་སྣམ་ཕྲུག་སོགས་གང་ལ་གང་འཚམ་གྱི་རྫོང་བ་རྒྱས་པར་བྱས། འཕགས་པ་ལྷ་དཔོན་སློབ་ཕེབས་གདོང་ལ་ཚོམས་ཆེན་དུ་བཞུགས་གྲལ་བཤམས་པའི་གྲལ་འཕྲོས་པར་རྣམ་རྒྱལ་སློབ་དཔོན་རྒྱ་ཆེན་པ་དང་སྤོང་རོང་ཆོས་ཁྲིམས་པ་གཉིས་ཡོད་རུང་བཞུགས་གྲལ་ཚོགས་འཕྲལ་ནས་མ་གྲོལ་བར་ཆོས་སྤྱོད་ཀྱི་ཞལ་འདོན་ཁོ་ན་མཛད་འདུག་པ་དེ་འདྲའི་གྱ་མ་ཐོ་སུས་བྱེད་ཀྱང་འཕགས་པ་ལྷར་དྲི་བ་ཞུ་མཁན་བྱུང་དོགས་པའི་སྦུབས་འཐུམས་ཡིན་འདྲ་ཟེར། སྐྱས་ལན་ཀྱང་གྱ་ནོམ་པར་བསྟབ། སྔར་ཉང་པོ་ཕྱོགས་སུ་རྗེ་ཡོན་ཏན་རྒྱ་མཚོའི་སྤྲུལ་སྐུར་གྲགས་པ་དེ་ཕས་ཁུར་ནས་གྲུབ་ཆེན་ན་ཁ་བའི་སྐུ་སྐྱེ་ཡིན་ཞེས་འབྲས་སྤུངས་སུ་སླེབས། ཞལ་ངོས་གྲུབ་ཆེན་ན་ཁ་བ་དེ་མི་ལ་རས་པ་དང་དབྱིབས་མཚུངས་པ་ཞིག་ཡིན་སྐད་འདུག་པས་སྐུ་སྐྱེ་རང་མ་བྱུང་བ་འགབ་འདྲ་གླིང་སྨད་ཞབས་དྲུང་ལ་ཞུ་བ་མཛད་པས་དཔོན་སློབ་ཀྱིས་མཁས་མཆོག་སྐུ་སྐྱེ་ཡིན་ཤས་ཁ་ཞེས་དྭགས་པོ་ལྕང་ར་བར་ཕྱག་ཐམ་དང་བཅས་རྫོང་བདའ་གནང་པས་ལྕང་ར་ནས་བདག་རྐྱེན་མཛད་དེ་དྭགས་པོ་གྲ་ཚང་དུ་བཏང་བས་དགེ་བཤེས་སུ་གྱུར་ཏེ་གྲ་སྐོར་ཀྱང་བཏང་། གད་ཁ་ས་པ་དང་ཆེ་གསུམ་སྡེ་པ་དགོས་ནོར་གཉིས་ཀྱིས་སོ་སོའི་གཞིས་སུ་བོས་ཤིང་བསྙེན་བཀུར། གད་ཁ་ས་པ་སྐྱིད་ཤོད་དཔོན་རིགས་གཞན་རྣམས་ལས་


GLG005_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བཞེས་སྤྲོ་དངོས་གཙང་བའི་དཔེར་བྱེད། རྟ་མགྲིན་ལ་བློ་མོས་པ་ཡོད་པས་ཚ་བ་དཀའ་བཅུ་པའི་དཔེ་ཆའི་གསེབ་ན་རས་ཆུང་ལུགས་ཀྱི་རྟ་མགྲིན་གྱི་མངོན་རྟོགས་མཁན་ཆེན་ཆོས་གྲུབ་སེང་གེས་མཛད་པ་དེ་འདུག་པ་བཟུང་ནས་ཁ་ཏོན་བྱས་པས། ཞལ་ངོའི་ཕེབས་སྒོར་འདི་གཞན་ཕྱོགས་པ་ཞིག་གིས་མཛད་པ་ཡིན་པ་འདྲ། གླིང་སྨད་ཞབས་དྲུང་ལ་བསླབ་སྟོན་ཞུས་གསུང་བ་ལྟར་ཞུས་པས་རྗེ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ཁྲོད་ཀྱི་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་དེ་གནང་བྱུང་། དེ་སྐབས་དགེ་སློང་བྱང་ངོས་ནས་གཉིས་དང་ལྷན་དུ་ཞོགས་པ་འཇིགས་བྱེད་ཀྱི་མངོན་རྟོགས་ཚར་རེ། དགོང་མོ་སྒེར་དུ་རྟ་མགྲིན་གྱི་མངོན་རྟོགས་དང་བཅས་པའི་བཟླས་པ་ཉིས་བརྒྱ་ཙམ་རེ་དང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་ཆོས་སྐྱོང་སྤྱིའི་གཏོར་བསྔོ་དེ་བྱས། ཞབས་དྲུང་དེ་ཉིད་གཙང་དུ་སྐུ་ཁམས་མ་འཚོ་བའི་གནས་ཚུལ་འབྱོར་བར་ཞལ་ངོས་ཉེ་སྐོར་གྱི་ཆོས་སྡེ་ཆེ་ཁག་ཚོར་དགོངས་རྫོགས་མངོན་ཆུང་གི་སྒོ་ནས་མཛད། ལོ་སྔ་མའི་འབུལ་སྐྱེལ་དེས་ཀྱང་མྱུར་རོགས་བྱུང་བ་འདྲ། སྐུ་གདུང་ཟམ་མཁར་རྫོང་རྒྱབ་ཏུ་བསྐྱུར་བ་འཕྱོང་རྒྱས་པའི་རྟོགས་ལྡན་ཞིག་གིས་གདན་དྲངས་ནས་བྱ་གཏོར་ཞུས་པའི་ཚེ་ཞབས་ངར་ལ་ཐུགས་རྗེ་ཆེན་པོའི་སྐུ་རང་བྱོན་དུ་ཕེབས་ཟེར་བ་དོན་ལ་གནས་མི་གནས་ནི་མ་ཤེས། ཞལ་སྔ་ནས་ཕ་བོང་ཁ་པས་ཕྱག་ཐམ་བསླབ་སྟོན་དང་སྦྲགས་ཏེ་གནང་བ་སང་ཡོང་རྒྱུའི་དོ་ནུབ་གཟིམས་ཆུང་གི་ནང་དུ་ཡུད་ཙམ་གྱི་བར་རླུང་དམར་པོར་ཁེངས། ཟླ་བོ་རྣམས་དང་ཚང་མ་མཐུན་སྣང་གྲུབ་པར་མི་དམར་པོ་ཞིག་ཀྱང་མཐོང་བ་བེག་ཙེ་འདི་དཔོན་སློབ་དེ་ཉིད་ཆོས་སྐྱོང་གི་གཙོ་བོར་འདུག་


GLG005_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོ་འཕྲུལ་དུ་གོ །སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་གཤེགས་པའི་ཐུགས་དམ་གསལ་འདེབས་པ་འབྱོར་ཕར་གདུང་འབུལ་ཀྱང་བཟབས་པར་མཛད་སོང་། གླིང་སྨད་ཞབས་དྲུང་ནས་མངོན་རྟོགས་རྒྱན་འཛིན་རྒྱུ་གནང་བྱུང་བ་བློ་འཇུག་པ་རང་མ་བྱུང་བས་དགེ་སློང་གིས་རྟིང་བསྐུལ་བྱས་ཀྱང་ཤློ་ཀ་རེ་གཉིས་ལས་མ་བཟུང་བར་བརྟེན་ཤིན་ཏུ་འགོར་བ་བྱུང་། ལ་ལའི་བརྗོད་རིགས་ཀྱིས་འཁྲུལ་བའི་ཞལ་ངོའི་ཐུགས་ལ་མགོན་པོ་ཞལ་འདི་བཀྲ་མི་ཤིས་པ་ལྟ་བུར་མངོན་ནས་བཀག་ཆ་ཆེ་བར་འདུག་རུང་རང་ཆོས་སྐྱོང་འདི་ལ་ལྷག་པར་མོས་པ་ཞིག་བྱུང་བས་རྩེ་ལུགས་ཀྱི་མངོན་རྟོགས་སྤྱན་འདྲེན་བསྐང་བསྟོད་རྣམས་ཚང་བའི་ཤོག་བུ་ཉི་ཤུ་ཡོད་པ། དེར་མ་འདུས་པའི་བསྟོད་པའི་རིགས་སོགས་ལྷན་ཐབས་ཤོག་བུ་བཅུ་སྐོར་བཅས་པ་ལྐོག་ལ་འཛིན་དགོས་བྱུང་བས་མྱུར་པོ་མ་ཐུབ་རུང་ཞག་ཉི་ཤུ་ཙམ་ལ་གཙང་མར་འདྲིལ། དེའི་སྐད་ཆ་གཟིམས་ཁང་གོང་དུ་གཉལ་པ་སྐུ་སྐྱེས་ཚོར་བས་འཕྱོང་རྒྱས་ཞལ་དབོན་སྤྱིན་དཔལ་ལ་ད་ལོ་བྱ་རོག་འདི་རྣམས་སྡེར་འཛིངས་བྱེད་པའི་ཤིན་ཏུ་འཚུབ་པ་འདུག་པ་ཁོང་གིས་མགོན་པོ་ཞལ་གྱི་བསྐང་གསོ་བཟུང་བས་ལན་ལབས་པ་ཞལ་ངོས་གསན་ནས། ལྷ་འདི་འཚུབ་པོ་ཡིན་ཟེར་བས་མི་འགབ་བསམ་པ་ཤར་རུང་ཐུགས་འཛིན་གྲུབ་རྗེས་དུས་གཏོར་མཛོད་གསུང་བ་ལྟར་ཡར་ངོ་མར་ངོའི་བརྒྱད་གཏོར་ཀྱང་བཏང་། དེ་མུས་སྨད་ལུགས་རྣམ་སྲས་སེར་ཆེན་དང་བེག་ཙེའི་བསྐང་བ་གཉིས་ཀྱང་བཟུང་བའི་ཉེར་དགུའི་སྐབས་ཆག་མེད་བྱས། དབུ་མཛད་དོན་གྲུབ་བཀྲ་ཤིས་རྒྱུན་སྡོད་ལ་ཡོད་ན་དབྱངས་ཆེ་ཆུང་ཚང་མ་ཤེས་ཙམ་ཡོང་བ་འདུག་ཀྱང་ཁོང་པ་ཕལ་ཆེར་མ་བསྡད་པའི་


GLG005_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྟབས་དབུ་མཛད་ཐེབས་ཆག་བྱེད་པའི་དགེ་སློང་བརྩོན་འགྲུས་ནོར་བུ་ལ་དབྱངས་དང་རྔ་ཆིངས་སྦ་རགས་ཁྲིད་པའི་དུས་གཏོར་ལ་དབུ་མཛད་བྱེད་ཐུབ་ཙམ་བྱུང་། དེ་དུས་དགོན་པ་དང་གྲོང་གསེབ་ཚོར་བེ་གེ་མཆེད་དྲག་པོ་ཡོད་པར་འདུལ་བ་ཟུར་ཁང་དུ་ཇ་མགྲོན་ལ་ཕྱིན་པས་འགལ་པ་འདྲའི་བེ་གེ་ལྕི་བ་ཞིག་གིས་ཞག་ཉི་ཤུ་སྐོར་ཁམས་མ་བདེ་བ་བྱུང་། དགེ་སློང་གཉེར་པ་དང་བྱང་ངོས་ཆོས་མཛད་ཀྱིས་ནད་གཡོག་དང་ཚ་བ་དཀའ་བཅུ་པས་རིམ་གྲོར་དམིགས་ནས་ཚོགས་ཆེན་དུ་སྒེར་གྱི་མང་ཇ་ཞུས། དྲུང་འཚོ་སྤྱན་གཡས་པས་འཕུལ་སྨན་གླ་ཆང་ཁྱུང་ལྔས་མཚོན་བཅོས་ཐབས་ཤིན་ཏུ་ཞིབ་ཅིང་མ་རྡོལ་བར་ཆང་ཕྲན་བུ་དང་དེ་ནས་རྣམ་གསུམ་དང་འབྲས་དཀར་གྱི་ཐུག་པ་མ་གཏོགས་ཇ་སོགས་ཡེ་འཐུང་མི་འཇུག་པའི་རྒྱུད་མན་ངག་གི་དགོངས་དོན་སོར་བཞག་མིན་པ་དེང་སང་གི་གསོ་དཔྱད་པ་རྣམས་དང་ཅུང་མི་མཐུན་པར་སྣང་། དེ་དྲུག་པའི་ཚེས་བརྒྱད་ཀྱི་བསྐང་གསོ་གྲུབ་བསྟུན་དགེ་བཤེས་དགེ་དར་བ་དང་པུ་ཤུད་སངས་རྒྱས་གཉིས་ཀྱིས་བསྐང་གཏོར་བཤིག་པའི་དུམ་བུ་ཆེ་ཆུང་ཐམས་ཅད་གྲུ་གསུམ་ཁོ་ནར་བྱུང་བས་མགོན་ཁང་པ་རྣམས་ཡ་མཚན་དུ་མངོན་པས་ཧབ་ཐོབ་ཀྱིས་ཟོས་འདུག །དགོང་སྟར་བྱང་པར་ཕན་རེས་ཆོས་སྐྱོང་རྣམས་ཀྱི་བསྐང་བཤགས་གཏོར་ཆོག་བསྟོད་བསྐུལ་རྣམས་རེ་མོས་ཀྱིས་བཤར་སྦྱངས་བྱས་པའི་ནུབ་ཅིག་ས་རབ་རིབ་ཀྱི་ཚེ་ཞལ་གྱི་བསྟོད་པ་གནམ་ཁའུ་པས་མཛད་པའི་པཾ། པད་མ་འདོན་པའི་སྒང་ལ་གཡས་ཀྱི་སྟ་ཟུར་གྱི་ཐད་དུ་བྲམ་གཟུགས་ཞབས་གཡོན་སྐྱིལ་ཀྲུང་ལྟ་བུ་ལ་གཡས་པའི་མཐིལ་གདན་ལ་བསྟད་པའི་པུས་མོ་ལ་ཕྱག་གཡས་རྐང་དུང་དང་བཅས་བརྟེན་


GLG005_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་མཉམ་གཞག་གི་སྟེང་ན་ཐོད་པ་འཛིན་པ་སྔོ་སང་ངེ་བ་ཁྲུ་ཕྱེད་དོ་ཙམ་པ་ཞིག་མིག་ཟུར་གྱིས་མཐོང་བ་འདྲ་བའི་སྣང་པ་བྱུང་བས་འཇིགས་ཏེ་ཧར་གྱིས་ལངས་ནས་བྲོས་པས་དགེ་སློང་གིས་ཅི་ཡིན་འདྲི་བར་འདི་འདྲ་བྱུང་ཞེས་ལབས་པས་ཚད་མི་དགོས་དེ་འདྲའི་ཞལ་གཟིགས་ལ་ཨ་ཞེས་རྩེ་མོ་བྱེད། ཉིན་ཅིག་སེར་རྩི་སྦུག་ཏུ་ཡོད་པར་རླུང་འཚུབ་ཅིག་ལངས་པར་འཇིགས་ནས་དགེ་སློང་འཚོལ་བར་རབ་གསལ་ལ་བརྒྱུགས་པས་བདེ་བ་ཅན་གྱི་སྒ་མདུན་ན་རྟ་མགྲིན་དམར་པོ་མི་ཚད་ཙམ་པ་ཕྱག་གཉིས་པ་ཞིག་མཐོང་བ་འདྲ་མོ་བྱུང་བ་གང་ལྟར་མཐོང་སྣང་སྔ་མ་ས་སྣེ་དང་མར་མེའི་འོད་འདོམ་པའི་རབ་རིབ་དང་ཕྱི་མ་ནི་སྒོ་དམར་པོ་དེས་འཁྲུལ་གཞི་བྱས་པ་ལྟ་བུ་ལ་ལྷ་གཉིས་ལ་མོས་དུངས་ཆེ་བའི་སྣང་བརྙན་ཡིད་ངོར་ཤར་བ་འཛོམ་པ་འདྲ། སངས་རྒྱས་བྱང་སེམས་དེ་དག་གི་ཞལ་དངོས་སུ་མཇལ་བར་ཚོགས་གསོག་སྒྲིབ་སྦྱོང་གི་དཀའ་བ་མང་པོ་སྤྱོད་དགོས་འདུག་པས་དཔག་ཚད་རྒྱང་གྲགས་ཀྱིས་མི་མཚོན་པའི་ཐག་རིང་པོ་ཞིག་སྣང་ངོ་། །རྗེ་བསོད་ནམས་རྒྱ་མཚོར་མནལ་ལམ་དུ་ལུང་བསྟན་བྱུང་བའི་འབྲས་སྤུངས་ཕྱི་སྐོར་ནུབ་ཀྱི་ཞལ་བྲམ་གཟུགས་རང་བྱོན་དེ་མཇལ་བར་ཕྱིན་ཏེ་གཏོར་བསྔོ་བསྐང་པ་བྱས། ཉིན་གཅིག་གཟིམས་ཁང་གོང་དུ་ཇ་མགྲོན་ལ་ཕྱིན་སྐབས་བཞུགས་གྲལ་དེ་གར་བཀྲ་ཤིས་ཁ་བཏགས་འདོམ་འཁོར་མར་མདུད་པ་ཞུས་ནས་བདེ་མཆོག་ཆུ་སྐོར་གྱི་ནང་སོ་ནོར་བུར་གཡོགས་སོང་བ་དེ་ཉིན་རང་བཤིག་ནས་ཀོང་པོའི་ཚོང་པ་མང་པོ་འདུག་པར་དྭགས་ཅན་དང་འཕྲེང་སེར་གྱི་རིན་ལ་སྤྲད་པ་དཀའ་བཅུ་བ་དང་གསོལ་དཔོན་ནོར་རྒྱན་པ་གཉིས་ཀྱིས་ལབས་པར་དགེ་སློང་གིས་དད་མོས་ཅུང་ཟད་ཙམ་ཡང་མེད་པར་


GLG005_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ཅེས་ལན་བཏབ་སོང་། རྭ་ཆེན་རྡོ་རྗེ་གྲགས་ཀྱི་པུར་དངོས་སུ་བཞུགས་པའི་འཇིགས་བྱེད་ཀྱིས་གཙོས་མགོན་པོ་ཕྱག་དྲུག་པ་ལས་གཤིན་བཅས་པའི་མགོན་ཁང་དང་སྟེང་གི་བློས་སློང་རྣམས་མཇལ་ཞིང་སྙན་དར་ཕུལ། ཁ་སིང་བེ་གེ་ན་སྐབས་གཉིས་བསྲུང་བར་ཞུམ་བུ་མང་པོ་བླངས་པའི་མུ་འཐུད་བཞིན་གསོ་ཡིན་ཡོད་པར་ཞལ་དཔོན་གྱི་རྒྱ་རི་ཁྱེར་བར་བསྙད་པའི་ནང་སོ་ནོར་བུས་ཐམས་ཅད་བརྡུངས་ཤིང་སྲེ་པོ་ཞིག་ཡོད་པ་དེ་ལ་གྲི་རྨས་ཀྱང་བཟོས་པ་སོགས་དབང་བྱུང་ན་རྩྭ་འཕྲེད་ལ་མི་ཟ་བའི་བྱ་སྐད་དང་པོ་རྒྱག་གིན་ཡོད། ཇ་པ་དང་ལྷན་དུ་ཚ་བའི་འགྲུལ་པ་གཏོས་ཆེན་སླེབས་པའི་བཟང་ཇ། རྒུན་འབྲུམ། སྦྲང་རྩི་སོགས་སྟེར་ཆ་མང་དུ་བྱུང་། འདི་ཕན་ཆད་བྱིང་ནད་ཡེ་མ་སངས་པའི། ཟན་ལ་རྟ་གཡག་བྱ་ཁྱིའི་གཟུགས་འགྲོས་སྣ་ཚོགས་བཟོས་པ་མཚན་མོ་སྣོད་དུ་བཅུག་ཉིན་མོ་ཞལ་བའི་ཁར་བཀྲམ་ནས་རྩེ། སྲུབས་དབར་རྣམས་ལ་དགེ་སློང་གིས་བསྐུལ་ལྕག་མཛད་ནས་མདོ་སྡེ་མཛངས་བླུན་དང་དྲིན་ལན་བསབས་པ་བཀླགས་པས་ལས་དགེ་སྡིག་གི་ལོ་རྒྱུས་ཚོར་འཇིགས་སྣང་ཡང་ཅུང་ཟད་ཡོང་བ་ལ་རྒྱུན་དུ་བྱ་ལམ་རྗེས་མེད་དུ་འགྲོ་བ་དེ་དྲེད་པོ་ཆོས་རྒྱུས་མཁན་ཞིག་ཡོང་བའི་སྔོན་འགྲོའོ། །དགུན་སྟོད་ཞག་བཅུ་སྐོར་གྱི་རིང་ཚ་རྟིང་ཁ་ནས་ནམ་ཕྱེད་བར་མི་ཆད་པའི་རླུང་དམར་ཤིན་ཏུ་ཆེ་བས་འགྲུལ་པ་ལ་ལ་འགྲིལ་ཞིང་ནང་དུའང་གློ་སྐར་སོགས་ཚད་མ་གཅོད་དགོས་པའི་སྔོན་མ་གྲགས་ཤིག་བྱུང་སོང་བ་ལོ་ཤས་དབུས་གཙང་དུ་ལྟས་མི་ལེགས་པ་འདྲ་བྱུང་མ་སོང་རུང་རྗེ་ཕ་བོང་ཁ་པའི་ལུང་བསྟན་ཆེན་མོར་བདུད་སེང་གེའི་མགོ་ཅན་གྱིས་གཙོས་པ་ཡོད་ཚུལ་གསུངས་པའི་འབྱུང་པོའི་ཆོ་
འཕྲུལ་གྱི་སྔོན་འགྲོར་གོ །

དགུང་ལོ་བཅུ་གཅིག་པར་བསྡུས་གྲྭའི་རིགས་ལམ་གྱི་གསན་སྦྱོང་དབུ་ཚུགས་པའི་སྐོར།


GLG005_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཡོས་ཀྱི་ལོ་གསར་གྲུབ་ནས་དགའ་ལྡན་ཁྲི་རིན་པོ་ཆེ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་སྨོན་ལམ་ཆེན་མོའི་གྲལ་དབུ་དང་དེ་ཟིན་བསྟུན་འབྲས་སྤུངས་སུ་ཕེབས། ཁྲི་རིན་པོ་ཆེ། ཞལ་ངོ་། དཀའ་བཅུ་བ་གསུམ་ངེད་མཚན་ཉིད་བྱེད་འཇུག་པའི་བཀའ་གྲོས་ཀྱི་སྒོ་དོད། རང་ངོས་ནས་མཚན་ཉིད་ལ་ཤེས་འདོད་ཡེ་མེད། སྔགས་ཕྱོགས་ཀྱི་རྒྱུད་སྡེ་དུ་མའི་རྒྱུད་དང་བསྐྱེད་རྫོགས་ཆོ་ག་ལག་ལེན་ལས་རབ་འབྱམས་འདྲ་ལ་ཐོས་བསམ་བྱེད་རྒྱུ་བྱུང་ན་སྙམ་པ་དུང་ངེ་བ་ཡོད་ཀྱང་རང་དབང་མེད་པས་བཀའ་བསྟུན་ཞུ་བའི་ལུགས་བྱས། གླིང་སྨད་ཞབས་དྲུང་ནས་མཚན་ཉིད་འགངས་ཆེ་བའི་བསྔགས་བརྗོད་མང་པོ་གནང་ཡང་སྔགས་ཕྱོགས་ཤིག་མེད་ན་མཚན་ཉིད་འདི་འདྲས་འཕྲལ་གྱི་ཁ་བཤད་ལས་ཕུགས་གར་ཡང་ཕྱིན་པ་ཞིག་མེད་འདྲ་སྙམ་པ་ཤ་སྟག་བྱུང་། གང་ལྟར་ཧོར་ཟླ་དང་པོའི་ཉེར་གསུམ་གྱི་གཟའ་སྐར་ལེགས་པའི་ཉིན་དབུ་བཙུགས་རྩི་བཞག་འཛིན་རོགས་དགེ་སློང་དང་བྱང་ངོས་ནས་གཉིས་ཀྱིས་བྱས། ཐོག་མར་ཚིག་བཀྲ་ལེགས་ཁྱད་ཀྱིས་གང་ཟག་ཡིན་ན་ལྷ་མ་ཡིན་པ་བུད་ཟེར་ན། སྟོན་པ་ཤཱཀྱ་ཐུབ་པ་ཆོས་ཅན་ཞེས་སོགས་ཀྱི་ཁྱབ་རྐང་གཅིག་དང་ཕྱི་དྲོ་གང་ཟག་ཡིན་ན་མི་མ་ཡིན་པ་བུད་ཟེར་ན། ལོངས་སྐུ་ཆོས་ཅན་ཡོད་པའི་ཁྱབ་རྐང་གཅིག་གནང་བྱུང་བ་འཛིན་དཀའ་བ་མ་བྱུང་། བསམ་མནོ་བཏང་བས་ལྷ་ཡིན་ན་འདོད་ཁམས་པའི་ལྷ་མ་ཡིན་པ་བུད་ཟེར་ན། གཟུགས་ཁམས་པའི་ལྷ་ཆོས་ཅན་སོགས་ཀྱིས་ཀྱང་གཤོགས་པ་འདུག་སྙམ་པས་མཚོན་ཏེ་རྟགས་གསལ་ཁྱབ་གསུམ་གྱི་འབྲོས་འདེད་ཁ་ཡར་བློ་ལ་ཤར་བྱུང་བ་གླིང་སྨད་ཞབས་དྲུང་ལ་ཞུ་བར་ཕྱིན་པས། ཕྱག་ཐུགས་


GLG005_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཐལ་མོ་སྦྱར་ཏེ་ཁྱེད་སྔོན་པཎ་ཆེན་དགེ་འདུན་གྲུབ་པའི་སྐབས་ནས་ཤེས་བྱ་འདི་ལ་སྦྱངས་པ་ཞིག་ཡིན་པས་དེ་ཙམ་རེའང་རེ་དེ་རིང་གི་དེ་ཚིག་བཀྲ་ལེགས་ལེགས་ཡིན་སང་ནས་ཁ་དོག་དཀར་དམར་གཏོང་རྩིས་ཡིན་ཀྱང་ཁྱེད་ལ་དེ་འདྲ་དགོས་པའི་རིགས་སུ་མི་འདུག་པས་མཚན་མཚོན་ནས་གཏོང་གསུང་རིམ་པ་བཞིན་དུ་གནང་བྱུང་བཞག་བརྒྱད་ཙམ་སོང་བའི་ཚེ། དོན་སྤྱོད་ནུས་པའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་ན་མཚན་ཉིད་མ་ཡིན་པ་བུད་ཟེར་བའི་ཆོས་ཐུན་གནང་བ་ཤིན་ཏུ་འཛིན་དཀའ་བར་ཚ་བ་དཀའ་བཅུ་བས་རོགས་བྱས་ཏེ་ནམ་ཕྱེད་ལ་ཐུག་ཐུག་བར་བསྐྱར་ལྡབ་མང་བས་སྡུག་ཁྲུད་དེ་བ་ཞིག་ལ་ཟིན། ཚོམས་ནས་མགོན་ཁང་པ་རྣམས་ཀྱིས་གནས་ཚུལ་མ་ཤེས་ཤིང་བསྐྱར་སྦྱང་བྱས་པ་ཚོར་བས་དེ་འདྲའི་ཐུགས་རུས་ཆེ་བ་ཞེས་མགུ་མགུ་བྱེད་འདུག་པ་བློ་སྦྱོང་དོན་འདུན་མར། གཙོ་བོ་གཉིས་ཀྱིས་དབང་པོ་གཟུང་གསུང་བ་ཤིན་ཏུ་བདེན་པར་སྣང་མངོན་ཤེས་མེད་པ་འདི་མཚང་ཆེ་བསམ་པ་ཤར། སང་ནས་བཟུང་རྩིས་བཞག་རྣམས་སྔར་ལུགས་ལྟར་ཟིན། ཁྲི་རིན་པོ་ཆེས་གནམ་གང་གི་འོ་བརྒྱལ་དེ་ལ་བལྟས་ན་མཚན་ཉིད་ཀྱི་ཐུགས་གཉེར་མི་ཡོང་བ་འདྲ་བསམ་པ་བྱུང་ཡང་ད་ཆ་དེ་འདྲའི་དོགས་པ་མི་དགོས་པ་འདུག་ཕེབས་པ་ལས་ནུབ་གཅིག་པོའི་སྐྱག་རེ་མེད་དེས་བྱི་བ་ལ་གླང་ཆེན་གྱི་དཔེའི་པཎ་ཆེན་དགེ་འདུན་གྲུབ་ཀྱི་བསྔགས་བརྗོད་སོགས་ནི་འབུག་འབུག་མི་གསུང་ངོ་། །བརྟན་པ་མ་ཐོབ་པའི་བསམ་པ་འགྱུར་བར་ཚེགས་མི་འདུག་པས་མཚན་ཉིད་ཀྱི་ཆོས་ཐུན་གཅིག་གཉིས་བཟུང་མཚམས་སྔར་གྱི་བློ་འགྱུར་བའི་རྟོག་གེའི་རིག་པ་ལ་ཨ་འཐས་ཏེ་པོ་ཏི་ལྔ་དང་


GLG005_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་བཀོལ་རྣམས་ལ་ཞིབ་ཏུ་སྦྱངས་ཏེ་རབ་འབྱམས་སྨྲ་བའི་སྟོན་པ་ཞིག་བྱེད་སྙམ་པ་བྱུང་། འདི་ནས་བཟུང་དགེ་སློང་ཡང་འཕྲལ་གྱི་རོགས་ལས་སྤྲོས་པའི་དཔེ་ཆའི་བསྐུལ་མའི་ཁུར་ཕོགས། རང་ལོ་བཅུ་གཅིག་ལས་མི་འགྲོ་རུང་རྒན་དང་ཁྱད་པར་མེད་པའི་དབང་པོར་རང་ཁྲིམས་ཀྱིས་རྩིས་བཞག་ལ་ཤིན་ཏུ་བརྩོན་པར་བྱས། བླ་ཆེན་གྱི་གྲལ་དུ་ཚུད་པ་ལ་སྔར་གྱི་འབུལ་ཆེན་རྣམས་བཟང་ཡང་རྒྱ་གར་ཁ་སྤུ་ཅན་དང་བོད་ཀྱི་ཆ་པ་ཆོས་སེང་གི་ལུགས་ལྟར་ན་བཤད་མ་ཐག་པ་རྣམས་འགངས་ཆེའམ་སྙམ། ཟླ་གཅིག་ཙམ་གྱི་བར་རིགས་ལུང་ཚད་ལྡན་བྱེད་མ་ཤེས་པས་ཆོས་འཁོར་གླིང་པའི་བར་ཤར་བ་ཁ་ཤས་བོས་པའི་བགྲོ་གླེང་བྱེད་པར་རྟོག་པ་ཞིབ་ཏུ་བཅུག །ཟླ་བ་ཕྱེད་གཉིས་ཙམ་ནས་རྟགས་བསལ་སྦྲེལ་ཐུབ་པའི་རིགས་ལུང་བྱེད་ཤེས་པ་བྱུང་། ཟླ་ཆོས་གཉིས་ཀྱི་རིང་མཚན་མཚོན་རྫས་ལྡོག །ལྡོག་པ་ངོས་འཛིན། སྤྱི་བྱེ་བྲག་རྣམས་ཀྱི་རྩི་བཞག་མ་བརྗེད་པར་བསྐྱར། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོར་མནལ་ལམ་དུ་མགོན་པོ་ཞལ་གྱིས་བསྐུལ་ཏེ་བརྒྱད་གཏོར་ཆེན་མོ་འཛུགས་པ་གནང་བ་བར་སྐབས་སུ་ཆག་འདུག་ནའང་ཧོར་ཟླ་གསུམ་པ་འདི་ནས་བཙུགས་པའི་ལོ་ལོ་བཞིན་ཇེ་རྒྱས་སུ་སོང་། གུང་ཚིགས་གྲོལ་བསྟུན་འཁྲུངས་རབས་སོ་བཞི་པ་དང་དེ་རྗེས་བཀའ་གདམས་གླེགས་བམ་གྱི་ཆོས་ཐུན་རེའི་ལྗགས་ལུང་གནང་། ཁྲི་རིན་པོ་ཆེ་གསང་ཕུ་དབྱར་ཆོས་ལ་ཕེབས། དེའི་བར་རྫས་སྤྱི་མའི་རིགས་དང་ར་བ་སྟོད་པའི་རྫས་ལྡོག་ཆེན་མོ་དཔེ་ཆའི་སྟེང་ནས་བཟུང་། དོགས་གཅོད་བྱེད་པར་གྲོག་པོ་ནང་བའི་དགེ་སློང་གི་ཇོ་ཇོ་དཀའ་བཅུ་བློ་གསལ་ཟེར་བའི་ར་བ་སྟོད་པའི་གྲ་པ་དགའ་ལྡན་ཕོ་བྲང་གི་


GLG005_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་འཁོར་ལ་སྡོད་མི་ཞིག་ཡོད་པ་དེ་འཕྲལ་འཕྲལ་སྐད་བཏང་། བགྲོ་གླེང་བྱེད་པར་ཆོས་འཁོར་གླིང་པའི་བར་ཤར་བ་མང་ཙམ་བོས་ནས་སྨར་བོ་བྱས་པས་བློ་སྐྱེད་ཆེ་རབ་བྱུང་། ཧོར་ཟླ་ལྔ་པའི་ནང་དུ་དབྱར་ཆོས་གྲོལ་བའི་གླིང་སྨད་ཞབས་དྲུང་འབྲས་སྤུངས་སུ་ཕེབས། དགེ་སློང་དང་བྱང་ངོས་ནས་གཉིས་ན་སོ་རྒས་པའི་མཚན་ཉིད་སློབ་མཁན་ལ་མ་སོང་གཤིས་རྩི་བཞག་འཛིན་རོགས་ཚད་ལྡན་མི་ཡོང་འདུག་པས་རོགས་བྱེད་ལ་སྦྱར་ར་བ་བཀྲ་ཤིས་རྒྱ་མཚོ་བོས། ཞལ་ངོས་ཀླུ་སྡིངས་ཞིག་གསོས་གནང་བའི་སྤྲོ་ཁང་དེར་སྡོད་ས་བྱས། དབྱར་ཆོས་ཀྱི་རིང་བཀྲ་ཤིས་རྒྱ་མཚོ་དང་ལྷན་དུ་དགག་གཞི། སྒྲུབ་སྒྲ། ཐལ་འགྱུར། རྒྱུ་འབྲས་རྣམས་ཀྱི་རྩི་བཞག་བཟུང་། ངག་དབང་བཀྲ་ཤིས་དང་བློ་བཟང་དཔལ་འབྱོར། ངག་དབང་དགེ་ལེགས། སྟར་སྡོང་ཆོད་མཛད། ཤར་ཁང་སྐུ་སྐྱེ། རག་པ་དོན་རྒྱམ་པ་སོགས་ཁ་ཤས་དང་རིགས་ལུང་སྨར་བ་བྱས། ཆེན་པོའི་གོ་ས་བཟུང་བའི་སྒྲོབ་སྒོབ་བྱས་ན་མཛེས་ལམ་གྱི་ངང་ལ་མི་ཚེ་སྟོང་ཟད་དུ་འགྲོ་འདུག་པས་གཟན་རྐྱང་། སྦོ་ཆབ། ཇ་ཕོར་བཟུང་། ས་རྗེན་ཁར་བསྡད་དེ་གྲ་པའི་ཁྲོད་དུ་ཅི་འགྲེ་དང་གཟོས་མ་བྱས་པར་བགྲོ་གླེང་གཏོང་དགོས་ཚུལ་ལབས་པར་ལག་པ་བརྡབ་མཁན་དང་མི་བརྡབ་མཁན་སྣ་ཚོགས་བྱུང་། གོ་སའི་སྟབས་ཀྱིས་རང་དབང་འདུ་རྒྱུ་མེད་ཀྱང་གྲ་པ་སློབ་གཉེར་བ་ལ་ཤེས་འདོད་ལྷུར་བླངས་། དེང་སང་ནི་བྲག་བཙན་པོའི་འུག་པ་བྱས་གབ་ནས་སྡོད་པ་དང་ཆོས་གྲར་གོས་འཁུར་ཞིང་གདན་འདིང་བ་སོགས་ག་ཁྱེར་ལིང་ངེ་བའི་ངོས་གླང་རྒན་གྱིས་རྨོས་རྨོ་བ་མང་བར་འདུག །མིག་ལྟོས་ལ་ཕན་དུ་རེ་བས་ཞལ་ངོས་ཕོགས་དང་ཇ་


GLG005_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བཏང་སྟེ་སྟག་ཚང་ར་བ་སྟོད་པས་འབྲས་སྤུངས་སུ་ཆོས་གྲ་བཙུགས་རྩེ་ཚོགས་པའི་ཇོ་ཕྲུག་ཀུན་དགའ་རབ་བརྟན། ཕན་ཕྲུག་སོགས་ར་བ་སྟོད་པའི་བར་ཤར་བ་རྣམས་དང་བགྲོ་གླེང་ནུས་པོ་བྱས་པས་ཐལ་འགྱུར་རྩི་ཚུལ་དང་སྒྲུབ་སྒྲ་འཕར་ལུགས་ཀྱི་བསྡུས་གྲའི་དཀའ་གནད་རྣམས་ལ་བྱང་བར་བྱུང་བས་རྗེ་བླ་མའང་ཐུགས་དགྱེས། ཀུན་དགའ་རབ་བརྟན་ལ་ཤམ་ཐབས་ཤིན་ཏུ་ཧྲུལ་བ་ཞིག་ལས་མི་འདུག་པས་ཞལ་ངོར་བསླངས་ནས་ཤམ་ཐབས་བྱིན་པས་ཡར་ཀླུངས་ཚོར་ཁོ་རིག་པ་རྣོ་དྲགས་ནས་དེ་ལ་ཐུགས་མགུ་བ་ཡིན་འདུག་བསྡུས་གྲ་མཐར་ཕྱིན་པ་ཡོད་འདྲ་ཞེས་གླེང་སྐད། ར་བ་སྟོད་དེ་མཚན་ཉིད་ཀྱི་གྲ་སའི་ཁྱུ་རྒྱན་དུ་སྣང་བས་འགྲིམ་རྒྱུ་བྱུང་ན་སྙམ་པ་དུངས་དུངས་བྱུང་རུང་ཡིད་སྨོན་ལས་ལག་ཏུ་ལོངས་པའི་རེ་བ་མ་མཆིས། གླིང་སྨད་ཞབས་དྲུང་གིས་བློ་གསལ་གླིང་གི་རིགས་གྲ་བཏང་བའི་ཐོག་མཐའ་བར་གསུམ་གྱི་གྲལ་དབུར་ཕྱིན། སྟོན་ཇ་པ་འཁོར་བའི་འགྲུལ་པའི་སྟབས་གླིང་སྨད་ཞབས་དྲུང་དགའ་ལྡན་དུ་ཕེབས། དགུན་ཆོས་ཀྱང་རིམ་གྱིས་བཅར་བའི་ཆིབས་ཁ་སྒྱུར་མ་ཐུབ། བདག་གིས་ཕོ་བྲང་ལྟེ་བར་སྤོས་ནས་རྩི་བཞག་རྙིང་པ་རྣམས་ལ་སྐྱོར་སྦྱང་དོན་ལ་གནས་པའི་དགའ་ལྡན་མའི་བསྡུས་དཔེ་ཆེ་བ་བཟུང་ཞིང་ཕྱི་དྲོ་རིགས་ལུང་གང་ནུས་དང་སྲོད་ཐོ་རེངས་སྐྱོར་སྦྱངས་བྱས། སྟོན་གྱི་སྲོད་ཆོས་ལ་ཆོས་འཁོར་གླིང་སློབ་དཔོན་བཟང་གྲོང་རབ་འབྱམས་པས་ཡུལ་ཡུལ་ཅན་གྱི་རྩི་བཞག་བཏང་བ་བཀྲ་ཤིས་རྒྱ་མཚོའི་སྐྱོར་གྱིན་འདུག་པས་ཡིད་ཕྲོགས་ཁོང་པའི་ངག་ཐོག་ནས་བློ་ལ་བཟུང་། གླིང་སྨད་ཞབས་དྲུང་ཕེབས་ཐུབ་སྐབས་སྔར་ལུགས་ལྟར་དང་གསང་ཕུ་དབྱར་
ཆོས་དགའ་ལྡན་དགུན་ཆོས་ལྟ་བུའི་ཚེ་གྲ་ཇར་མ་ཕྱིན་པ་བྱས་པའི་ཆོས་འཁོར་གླིང་གི་ཆོས་གྲ་འགྲིམ་ན་ཡོང་བ་འདྲ་དཀའ་བཅུ་བ་བརྒྱུད་དེ་ཞལ་ངོར་ཞུས་ཀྱང་ཐུགས་ལ་མ་བབས།

དགུང་ལོ་བཅུ་གཉིས་པར་དཔོན་སློབ་པཎ་ཆེན་རིན་པོ་ཆེའི་དྲུང་ནས་དབང་ལུང་ཞུས་པ་སོགས་སྐོར།


GLG005_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ས་འབྲུག་གི་ལོ་གསར་གྲུབ་ནས་གླིང་སྨད་ཞབས་དྲུང་ཕེབས་དཔྱིད་ཆོས་ཀྱི་རིང་བསྡུས་གྲའི་རྩི་བཞག་གལ་ཆེ་བ་རྣམས་བལྡབས་ཀྱིན་བཟུང་བས་ཡིད་ལ་འཇགས་པོ་བྱུང་བར་བརྟེན་བསྡུས་གྲ་རང་འདི་ཙམ་ཡིན་སྙམ་པའི་རང་མཐོང་ཡང་སྐྱེས། བཀྲ་ཤིས་ལྷུན་པོ་ནས་དཔོན་སློབ་པཎ་ཆེན་རིན་པོ་ཆེ་སྨོན་ལམ་ཆེན་མོའི་གྲལ་དབུར་ཕེབས་ཏེ་ལྷ་སར་བཞུགས་པ་དང་འགྲིག །ཟླ་བ་གཉིས་པའི་ནང་དུ་དགའ་ལྡན་ཕོ་བྲང་དུ་གདན་དྲངས། སྒྲུབ་རྒྱ་དང་སྣར་ཐང་བརྒྱ་རྩ་སོགས་ནས་ཉེར་མཁོ་བཏུས་པའི་རྗེས་གནང་སྣ་ཚོགས་ཉི་ཤུ་ཙམ། འཇམ་དབྱངས་ཆོས་སྐོར་གྱི་འཇམ་དབྱངས་ཕྱི་ནང་གསང་གསུམ་དང་བདེ་མཆོག་དཀར་པོའི་ཚེ་དབང་། གཞན་ཡང་ཕྱག་རྡོར་གཏུམ་ཆེན་གཏུམ་ཆུང་ལས་གཤིན། ཞལ་བྲམ་ཟེ་དཀར་པོ་དང་སྨུག་པོ། རྣམ་སྲས་ཚེ་རྟ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་པོ་ཏི་གཉིས་ཙམ་རྣམས་གུང་ཚིགས་གྲོལ་ནས་ཆོས་ཐུན་རེ་ཉིན་སྟར་གྱིས་གནང་། ནམ་དུས་ཀྱིས་ཆོས་ཞུ་བ་ཕལ་ཆེར་གཉིད་ཀྱི་འོད་གསལ་ལ་གནས། རང་ངོས་ཀྱིས་གཉིད་ཡེ་མ་ཉལ་བར་བསྡད་པས་མཉེས་པར་བྱུང་སོང་། འོན་ཀྱང་རྟོག་གེ་པའི་བག་ཆགས་ཀྱིས་སྔགས་ཆོས་ཀྱི་རིགས་ལ་ཟ་ཆོས་ལྟ་བུར་མཐོང་ནས་དགའ་ཚོར་མེད་པས་རྗེས་གནང་གི་ལྷའི་མཚན་ཐོར་འགོད་པ་མ་ཤར། གཏུམ་པོ་ཆེ་ཆུང་རས་ཆུང་ལུགས་ནི་མིན་འདུག་ཅིང་ས་ཞལ་རྣམས་ལ་མ་གྲགས་པས་གང་ཡིན་ཁུངས་མ་


GLG005_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད། ཁོང་དཔོན་སློབ་གཙང་དུ་ཕེབས། སྔར་ཐུབ་པ་ཐའི་ཇིས་ཐེབས་འོས་འགབ་ཕུལ་བ་དང་འདུ་ཁང་རྙིང་པ་དེ་ལེགས་རྒྱུ་མི་འདུག་པས་ཞལ་ངོས་ཐུགས་ཁུར་བཞེས་ཏེ་འབྲས་སྤུངས་ཀྱི་འདུ་ཁང་ཆེན་མོ་གསར་རྒྱག་གནང་། དེ་ལ་མཆོད་གཞིས་ཁོག་གི་དྲུང་འཁོར་དང་ལྷ་སའི་གནས་ཆེན། རི་བོ་བདེ་ཆེན་ནས་ཞལ་དཔོན་ཞིག་ཆེད་གཉེར་དུ་མངགས་པ་རྣམས་ཀྱིས་འགྱོགས་བཟབས་པར་ཞུས། དཔྱིད་ཆོས་ཀྱི་འཕྲོ་ཀླུ་སྡིངས་སུ་བཙུགས་རྩི་བཞག་དང་རིགས་ལུང་འཕེལ་བའི་མུ་ནས་ཁྲི་རིན་པོ་ཆེ་གསང་ཕུ་དབྱར་ཆོས་ལ་ཕེབས། དབོན་པོ་དམ་ཆོས་དང་གསོལ་དཔོན་ནོར་རྒྱན་པ་སོགས་དྲུང་འཁོར་མང་པོ་ཞིག་མཚན་ཉིད་པ་འདི་ཆོས་པ་མིན་པ་ཙམ་དུ་བྱེད་པས་བླ་མ་ཐུགས་དམ་མཛད་དགོས་པ་ཡིན་འདི་འདྲ་བྱས་པས་ག་ལ་ཡོང་ལབས་པས་ཞལ་ངོའང་ཐུགས་འགྱུར་བའི་རེ་ཞིག་མཚམས་ཀྱིས་གསུང་བ་འཐད་རྒྱུ་མ་བྱུང་རུང་ཕོ་བྲང་ལྟེ་བའི་རབ་གསལ་དུ་ཧོར་ཟླ་ལྔ་པའི་ཚེས་གཅིག་ནས་རྟ་མགྲིན་གྱི་བསྙེན་པ་བྱེད་ཁུལ་བྱས། ཕལ་ཆེར་གྱི་ལུགས་ལྟར་འོལ་ཚོད་ལས་རྡོ་རྗེ་སློབ་དཔོན་བསྟེན་ཏེ་སྒྲོ་འདོགས་བཅད་པའི་བསྙེན་པ་ཚད་ལྡན་ནི་ག་ལ་ཡོང་། དེ་སྐབས་སྣ་དཀར་རྩེ་ནས་ཁྲི་ལྕམ་དེ་ཉིད་ཕེབས་གྲབས་ཡོད་པས་ཞང་འདྲེ་གནོད་པ་ལྟ་བུའི་མིག་གཡས་ལ་ལིང་ཏོག་བྱུང་བར་ནད་གཡོག་དགེ་སློང་དང་བྱང་ངོས་ནས་གཉིས་ཀྱིས་བྱས། སྤྱན་གཡས་དྲུང་འཚོ་བ་དེ་ཤིན་ཏུ་མཁས་ཀྱང་སྨན་སྔགས་ཀྱིས་མ་ཕན་པར་ཇེ་ལོད་ལ་སོང་བར་དྲུང་འཚེ་སྒར་གྲོང་པ་དཔོན་བཟང་གིས་སྟོད་ལུགས་ཀྱི་མན་ངག་སྣུམ་ལ་བརྟེན་པའི་འདེབས་སྨན་ཞིག་གིས་གཞི་མེད་ལྟ་བུར་བཏང་བར་དྲིན་ཆེ་བར་སྣང་། འོན་


GLG005_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཁྲི་ལྕམ་དང་མཇལ་རེས་ཀྱིས་ལིང་རོ་དེ་རང་ཚེ་བཟུང་བ་ཤ་སྟག་བྱུང་བས་འདྲེ་ཞུད་ལྟ་བུའི་རྣམ་རྟོག་གིས་ཁོང་དཔོན་གཡོག་ཟླ་བ་གསུམ་ཙམ་བཞུགས་ཀྱང་མཇལ་ཐེངས་གསུམ་ལས་མ་ཐུབ་པས་ཐུགས་ཁ་རྫོགས་པ་བྱུང་མ་སོང་ལར་ནས་ཕ་མའི་དྲིན་ལན་བསབ་པའི་སྐལ་བ་མེད་པ་ཞིག་ཡིན་འདུག །ཁྲི་ལྕམ་དཔོན་གཡོག་གདན་འདྲེན་དང་སྦྲགས་ཚ་བ་དཀའ་བཅུ་གཙང་དུ་སོང་། རྗེ་ཕ་བོང་ཁ་བའི་ཕེབས་སྒོར་རྗེ་བཙུན་གོང་མ་རྣམས་ཀྱིས་མགོན་པོ་ཆེ་ཆུང་གཉིས་སྙིང་ཆུ་བསྲེས་ཤིང་རྡོ་རྗེ་བྲག་རྫོང་མ་བདག་བསྐྱེད་དུའང་མཛད་པས་ཆོས་སྐྱོང་རྣམ་གཉིས་ཟུང་དུ་མ་འབྲེལ་ན་འཚུབ་ཡོང་ཚུལ་གནང་བར་བརྟེན་འཕགས་པ་རིན་པོ་ཆེས་མཛད་པའི་ལྷ་གསུམ་མའི་གཏོར་ཆོག་དེ་བཙུགས། པཎ་ཆེན་རིན་པོ་ཆེ་ནས་ཞལ་ངོར་བསླབ་སྟོན་ལ་བླ་ཆེན་གྱི་རིགས་ལ་གཞུང་དོན་མ་གཏོགས་བགྲོ་གླེང་བདེ་བདེ་མོར་དགོས་པ་མེད་ཚུལ་གནང་ཞིང་། སྒོ་མང་གུང་རུ་སངས་རྒྱས་བཀྲ་ཤིས་ཀྱིས་གཙོས་པའི་ཕྱི་ནང་གི་མི་མང་པོས་བདག་གིས་མདོ་ཕྱོགས་ཀྱི་སློབ་གཉེར་བྱས་པ་འདི་ཕྱི་རོལ་པའི་ལུགས་ལ་སྦྱངས་པ་ལྟ་བུ་དང་ཁྲི་རིན་པོ་ཆེར་ཆོས་ཞུས་པ་མུ་སྟེགས་རྫོགས་བྱེད་ལ་བླ་མ་བཅོལ་བའི་ཉམས་ཙམ་གྱིས་གཏམ་སྣ་ཚོགས་འདྲ་འདྲ་འགྲིག་འགྲིག་ལབས། གཙང་པའི་བློན་པོ་ཁང་དྲག་ནས་དབུས་ལ་ཡོང་དུས་ང་གམ་པ་ལ་བརྒྱབ་ནས་བཟུང་དགའ་ལྡན་ཕོ་བྲང་གི་ནང་སོ་ཨ་བར་དང་ཞོ་ཁ་ནང་སོ་གཉིས་མ་གཏོགས་གཞན་འདི་འདྲ་ཡོད་བསམ་བློ་ཁུར་ཆེ་བ་མེད་ཅེས་འཇིག་རྟེན་གྱི་མེས་པོ་ཟླ་བྲལ་ཡིན་པ་ཙམ་ལབས་འདུག་ཅིང་རང་གཞན་ཚང་མས་མིའི་འབྲུ་ཚད་དུ་ངོས་འཛིན་རུང་གནང་སྒོ་ལོང་པ་


GLG005_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ལ་རང་ཚུགས་འཛིན་རྒྱུ་མེད་པའི་ཆོས་གྲར་ཕྱིན་ན་ཆོས་དང་གཞས་རར་ཕྱིན་ན་གཞས་ཀྱི་དཔེ་ཁོ་ནའི་ཐུགས་ཚོ་མ་ཟིན་པར་ཁྲི་རིན་པོ་ཆེར་ད་ཆ་ས་ལམ་གྱི་རྣམ་གཞག་སོགས་གཞུང་བཤད་མ་གཏོགས་མཚན་ཉིད་པའི་རིག་པ་ས་ལི་སི་ལི་གནང་མི་དགོས་ཚུལ་ཞུས་པ་ལྟར་སྟོན་ཆོས་ནས་སེ་ར་བྱེས་པའི་ཕར་ཕྱིན་གྱི་སྤྱི་དོན་ཁོབ་ཤག་ཅིག་གནང་བྱུང་བ་མ་འདོད་ཀྱང་བཟུང་། ཟུར་ཆོས་ལ་ཞལ་ངོས་མ་མཁྱེན་པ་བྱས་ར་བ་སྟོད་པའི་རྟགས་རིགས་རྩི་བཞག་རིང་ངེས་ཤེས་པ་ཆོས་ཐུན་གཉིས་རེ་བཟུང་། ཟླ་ཆོས་ལ་རྟགས་རིགས་རྫོགས་ཤིང་ཕར་ཕྱིན་གྱི་སྤྱི་དོན་ཆོས་འཁོར་གྱི་འགོར་སླེབས། དཀའ་བཅུ་བ་གཙང་ནས་འཁོར་བའི་སྐད་ཆ་དྲིས་བྱུང་བར་རྒྱུ་མཚན་རྣམས་བཤད་པས་དཔོན་སློབ་གཉིས་ལྷན་དུ་བཞུགས་ཐོག །ཞལ་ངོས་མཚན་ཉིད་ཀྱི་ཉ་མགོ་མི་ནོན་པའི་ཁར་དཔོན་སློབ་ཀྱིས་དགོངས་ལེན་ཁོ་ན་བྱས་པའི་རྩི་བཞག་གཏོང་ལུགས་འདི་འདྲས་ག་ལ་ཡོང་སོགས་སྒྱུར་སྦྱང་གིས་ཚར་བཅད་པས་རེ་ཞིག་སློབ་གཉེར་གྱི་གེགས་སངས། སྟོན་ཆོས་གཉིས་པ་ནས་ཞལ་ངོ་ཕར་ཕྱིན་ལ་དགྱེས་པ་འདུག་པས་དགོངས་ཁྲིད་དང་བཅས་སེ་ར་བྱེས་པའི་ཕར་ཕྱིན་གྱི་ཐལ་འཕྲེང་གི་ཆོས་ཐུན་རེ་དང་རང་ངོས་བསྡུས་ཚད་སྦྲེལ་འདོད་ཆེ་བས་ར་བ་སྟོད་པའི་རྣམ་འགྲེལ་གྱི་ལེའུ་དང་པོ་ནས་ཆོས་ཐུན་གཉིས་རེ་ཆག་མེད་དུ་བཟུང་། བཀྲ་ཤིས་རྒྱ་མཚོ་འཛིན་ཤེ་གཉིས་ཀ་འགྲན་ཟླ་དང་བྲལ་བ་ཞིག་འདུག་ཀྱང་གསོལ་དཔོན་ནོར་རྒྱན་པ་སོགས་ཀྱིས་བསླད་པའི་དགོས་པའི་མཆོད་རྟེན་ནག་པོ་དང་མི་དགོས་བྲག་ལ་སྐུ་དཀར་གསོལ་བའི་དཔེ་ཁོ་ནས་ཡི་གེ་བརྡ་དག་རྩོམ་པ་སོགས་ཡོན་ཏན་རྣམ་གྲངས་མང་པོ་བྱེད་པའི་མཚན་ཉིད་ཀྱི་འགལ་ཟླ་མི་མཐུན་


GLG005_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཤིག་འདུག་པས་རོགས་སུ་མི་འགྱུར་བར་ངེས་ནས་ཁོ་རང་གི་ཆུ་བབས་སུ་བཞག །ལྕང་གྲོང་བློ་བཟང་ཆོས་གྲགས་གཟུགས་བྱད་ལོད་ཅིང་གནས་གོས་ཧྲལ་བ་ཕྱི་ནང་ཆུང་བའི་སྦྱོར་བ་རྩིང་པོ་ཞིག་འདུག་པས་ཞལ་ངོས་དབུ་གནང་ཕལ་ཆེར་གྱི་སྤྱན་ཤོད་དུ་མི་བབ་ཀྱང་གྲ་པ་སློབ་གཉེར་བའི་དཔེར་འོས་པ་ཡིན་པས་རྩི་བཞག་འཛིན་རོགས་སུ་བོས་པས་ཆོས་འཕེལ་བར་བྱུང་། ཟླ་བ་བཅུ་པའི་ནང་དུ་ཁྲི་རིན་པོ་ཆེ་དགའ་ལྡན་ལ་ཕེབས། རྩི་བཞག་རྙིང་པའི་སྐྱོར་སྦྱང་དང་རིགས་ལུང་སོགས་སྔར་ལུགས་ལྟར་བྱས། ཞལ་ངོ་དང་དཀའ་བཅུ་བ་གཉིས་ཀྱིས་རྟ་མགྲིན་གྱི་བཟླས་པ་གྱིས་གསུངས་པ་འབྲས་སྤུངས་ཀྱི་ཉི་མ་བཞུད་ནས་ས་མ་རུབ་ཀྱི་བར་དགོངས་ལྟར་གྱིས་མངོན་རྟོགས་དང་བཅས་སྔགས་སྟོང་ཕྲག་གཉིས་རེ་བཏོན་པས་ཟླ་བ་ཕྱེད་གཉིས་ལྷག་ངེས་ཀྱི་སྐབས་ཤིག་རྨི་ལམ་དུ་ལྷ་ཁང་ཆེན་པོ་ཐལ་ཚུབ་ཕྱིང་ངེ་བ་ཞིག་གི་ནང་དུ་རྟ་མགྲིན་གྱི་སྐུ་ཐོག་ཚད་གཉིས་ཙམ་འདུག་པ་མཇལ་ནས་སྨོན་ལམ་འདེབས་པ་ཞིག་བྱུང་བ་གཞན་ལ་བཤད་པས་འགའ་རེས་ལྟས་བཟང་ཟེར། ལ་ལས་ཀུན་མཁྱེན་གཡག་པས་མི་གཡོ་བ་བསྒྲུབས་པའི་ལོ་རྒྱུས་དང་བཅས་ངན་འདྲ་གླེང་རུང་། ཁོང་དཔོན་སློབ་གཉིས་ཀྱི་ངོ་མ་ཆོགས་པ་ལས་རང་ལ་བཟླས་པ་བྱེད་པའི་ཤེས་འདོད་ནི་མེད། ལྟས་དེ་བཟང་ངན་གང་ཡིན་ཀྱང་སྒྱུ་མ་ལྟ་བུར་འཁྱེར་བའི་ལྟ་སྒོམ་གྱི་རྩལ་དང་ལྡན་པའི་སྔགས་པོ་ནི་མིན། ཐལ་སྐོར་གཅིག་གི་འོག་ཏུ་ཐམས་ཅད་འགྱེལ་འགྲོ་སྙམ་པའི་མཚན་ཉིད་པའི་རྟོག་པ་རྩིང་ཧྲལ་དེས་རྨི་ལམ་ལ་དགའ་སྡུག་ནི་གང་ཡང་མ་བྱུང་། སྔགས་འབུམ་ཚེ་གཅིག་
པུ་དེས་ཁ་ཁྲལ་འཕྲོད་པའི་ལུགས་བྱས་སང་ནས་ཧཱུྃ་ཧཱུྃ་དང་ཕཊ་ཕཊ་ལྕེ་ཐོག་ཏུ་མ་བླངས་པར་དགོངས་ཞོགས་ཐམས་ཅད་དཔེ་ཆ་བསྐྱར་བས་བློ་བདེ་སིང་ངེ་སོང་། དགའ་ལྡན་དགུན་ཆོས་གྲོལ་འཕྲལ་རྗེ་བླ་མ་འབྲས་སྤུངས་སུ་ཕེབས། འབྲུག་པ་སྤྲུལ་སྐུ་དཔག་བསམ་དབང་པོ་ལྷ་སར་ཕེབས་པར་ཕན་ཚུན་ཇ་འདྲེན་གཏོང་རེས་ཀྱིས་མཛེས་མཚོན་ཆེ་བར་བྱུང་། དཀའ་བཅུ་བས་ཞལ་ངོར་འབྲུག་པ་སྤྲུལ་སྐུ་འཕྱོང་རྒྱས་ཀྱི་སྐུ་རྟོལ་ཡིན་འདུག་པ་དང་བཅས་ཆོས་གསན་ན་ཡོང་ཞུས་པར་ངེད་ལ་ཅི་ཟེར་གཟིགས་པའི་ལན་དུ་རྟོགས་ལྡན་རྒད་པོ་ཞིག་ལ་ཆོས་མི་ཉན་ཞུས་པས་དགྱེས་ནས་བཞད་མོ་མཛད། རྣམ་རྒྱལ་སློབ་དཔོན་པ་བྲོ་འཚལ་བའི་ཚེ་དབང་དགོས་ཚུལ་བྱུང་བ་བརྗེད་གསོས་མ་བྱས་པར་ཐོན་པ་མི་སྣང་བས་ཁྲི་རིན་པོ་ཆེར་ཞུས་ན་ཡོང་འདྲ་བྱས་པར་ཁམས་བདེ་རུ་སོང་བྱུང་ན་ཕ་བོང་ཁར་འགྲོ་དགོསའདུག་ཅེས་རྒྱུད་སྟོད་སྨད་ཀྱི་སྙུང་གཞི་འདུ་བ་འཁྲུགས་པ་ལས་ཀྱང་ཆེ་བར་གདའ། དགུན་ཆོས་ལ་བཅུ་གཉིས་པ་ཉིས་བརྩེགས་ཡོད་པ་དང་བཅས་སྐབས་དང་པོ་དང་ལེའུ་དང་པོའི་འཕྲོས་རྣམས་བཟུང་། ཨེ་ནས་དཔོན་ས་ཨ་ནེ་དྲུང་ཞབས་སྐོར་ལ་ཕེབས་པར་གཞིས་ལེན་དང་དངོས་པོའི་སྐྱེས་གང་ལེགས་ཕུལ།

དགུང་ལོ་བཅུ་གསུམ་པར་གཞུང་ཆེན་སློབ་གཉེར་ལ་ཐུགས་བསྐྱེད་གནང་བ་སོགས་ཀྱི་སྐོར།


GLG005_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྦྲུལ་གྱི་ལོ་གསར་གྲུབ་རྗེས་ཟླ་བ་དང་པོའི་ནང་དུ་ཉང་བྲན་གྲོང་སྨད་པའི་སྒེར་གཞིས་སུ་མགྲོན་ལ་ཕྱིན་ཞག་གཅིག་བསྡད་གཞིས་ལེན་དང་སྟེར་སྦྱིན་བཟབས། དེ་ནས་སེ་རར་སླེབས་དཔྱིད་ཆོས་དང་པོ་ལ་ཕར་ཕྱིན་གྱི་སྐབས་གཉིས་པ་དང་རྣམ་འགྲེལ་ར་བ་སྟོད་བླ་བྲང་གི་དཔེ་གཡོར་དགོས་སྟབས་ལེའུ་བར་མ་གཉིས་མ་བྱུང་བས་ལེའུ་བཞི་པའི་རྩི་བཞག་གནང་། ཆོས་འཁོར་གླིང་པ་


GLG005_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་སློབ་རྣམས་ཀྱང་ཆོས་ཐོག་ལ་བྱོན། བླ་བྲང་ཁག་གསུམ་དང་ཁམས་ཚན་མི་ཚན་གྱི་ཇ་མགྲོན་ལ་འགྲོ་དགོས་མ་གཏོགས་རིགས་ལུང་འབའ་ཞིག་བྱས། ཆབ་མདོའི་གནས་པོ་ཨབ་ཁྲ་སོགས་བར་ཁམས་ནས་འགྲུལ་པ་མང་ཙམ་འབྱོར་བས་རྡོ་གཅལ་ཆེན་མོར་དགེ་འདུན་ཚོགས་ཆེན་གྱི་དབུས་སུ་ཇ་རྟ་ཁྲབ་མཛོས་གཙོས་པའི་བརྒྱ་འབུལ་བཏེག་པར་བསྔོ་སྨོན་གྱི་རྒྱས་བཏབ། ཆ་ཁར་རྒྱལ་པོས་གཞུང་བཤིག་པའི་གཤིས་བྱང་ལམ་མ་བདེ་བར་ཏཱ་འོན་དར་ཁན་ཆོས་རྗེ་དང་བྲག་ཉི་དབོན་ཆུ་གཉིས་རྒྱའི་གཞུང་བགྲོད་དར་རྩེ་མདོ་ནས་བར་ཁམས་བརྒྱུད་འབྱོར། ཏཱ་འོན་ཆོས་རྗེས་ཚོགས་ཆེན་དུ་བོས་བརྒྱ་འབུལ་དང་འབྲས་སྤུངས་གསེར་ཐོག་གི་ཐེབས་ལ་གསེར་ཞོ་སྟོང་དང་ཇ་ཁོར་དྲུག་མ་སྟོང་ཕུལ། བྲག་ཉི་དབོན་ཆུང་གིས་ཀྱང་སྟེར་སྦྱིན་ཕྲན་བུ་བྱས། གསར་འགྲུལ་འདྲ་ལ་རྗེས་གནང་དགོས་པ་བྱུང་བར་ལྷ་གཅིག་གི་རིགས་འགྲེ་ཐམས་ཅད་ལ་བསྒྱུར་ཆོག་པའི་སླ་པོ་ཞིག་མཛད་མཁན་ཡོང་གིན་འདུག་པ་བཞིན་ཁྲི་རིན་པོ་ཆེས་བསླབ་སྟོན་གནང་བ་ལྟར་རིགས་གསུམ་མགོན་པོ་མི་གཡོ་བ་སྒྲོལ་མ་སོགས་ཁ་ཤས་ཀྱི་རྗེས་གནང་འདྲའང་བྱས། ཟླ་བ་གཉིས་པའི་མཇུག་ཏུ་གླིང་སྨད་ཞབས་དྲུང་གསང་སྔགས་མཁར་དུ་ཐེགས། ངེད་རྣམས་འབྲས་སྤུངས་སུ་ལོག་དཀའ་བཅུ་བས་འཇམ་དབྱངས་ལེགས་ཆོས་པས་མཛད་པའི་ཕར་ཕྱིན་གྱི་སྐབས་གཉིས་པའི་དཔེ་ཞིག་གཏད་ནས་གཟུང་ཟེར་ཡང་གྲུབ་མཐའ་མི་མཐུན་འདུག་པས་འཐེན་པའི་དེ་ཚབ་བློ་བཟང་ཆོས་གྲགས་དང་ལྷན་དུ་ར་བ་སྟོད་པའི་བློ་སྐོར་རྣམས་དཔེ་ཐོག་ནས་ཚང་བར་བཟུང་། ཆོས་འཁོར་གླིང་པའི་བར་ཤར་བ་རྣམས་རིགས་


GLG005_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ལ་རེ་མོས་སུ་ཡོད་བར་མ་ཟད་ར་བ་སྟོད་པའི་ཆོས་མཚམས་བྱུང་རེས་ཀྱི་ཇོ་ཕྲུག་སོགས་རེ་མང་ཡོང་གིན་ཡོད་པ་དང་རིགས་ལུང་སྨར་བར་བྱུང་། རྒྱལ་གཉེར་པ་ཟུར་པ་ནང་སོ་ཆབ་མདོ་རྗེ་དྲུང་རིན་པོ་ཆེའི་ཕྱག་གཡོག་ཡིན་གཤིས་ཁོ་པ་འདས་རྗེས་གཟིམས་ཁང་གོང་དུ་བཞུགས་རྩིས་ཀྱིས་སྐུ་ཆས་རྣམས་རྒྱལ་དུ་བསྒྲིལ་ཏེ་ཕེབས་པ་ཐུགས་དང་བསྟུན་ན་དགོན་པར་ཕན་པ་ཞིག་ཡོང་རྒྱུར་འདུག་རུང་ཞལ་ངོས་ཚ་བ་དཀའ་བཅུ་བ་བཏང་བའི་ནང་སོའི་ཤུལ་ལ་སྒྲོམ་མདའ་བ་དང་ཧབ་ཐོབ་ལྟ་བུའི་བགོ་བཤའ་བརྒྱབ་པའི་རྗེ་དྲུང་གནས་ནས་ཕྱུང་བས་མ་ལེགས་ཙམ་བྱུང་སོང་སྒྲོམ་མདའ་བ་དང་དཀའ་བཅུ་བར་ལས་སྦྱོར་ཡང་མཛད་སྐད། ཞལ་ངོ་གླང་ཐབས་ཀྱིས་ཤིན་ཏུ་མཉེལ་བའི་ཉིན་ཆེན་བྱུང་རུང་དྲུང་འཚོ་སྒར་གྲོང་པས་སྦྱོངས་ཕུལ་བས་འཕྲོད་ནའང་སྐུ་འདར་ནས་ཚོ་མི་ཟིན་པ་ཞིག་འདུག་པར་བདག་ལ་བཀའ་བསྒོ་བྱབ་ཁྲུས་ཚེ་དབང་རྣམས་ཀྱིས་གསུང་བ་བྱས་འཕྲལ་སྟབས་འགྲིག་པའི་ཞི་བས་ངེད་རང་རྗེས་སུ་འཛིན་པའི་དུས་ལ་བབ་པར་འདུག་ཅེས་ཐུགས་མོས་སྔར་བས་ཆེ་ཆེ་འདྲ་དང་དཀའ་བཅུ་བ་ཡང་རྒྱལ་དུ་སོང་བ་དང་བཅས་གློ་བུར་བ་ཞིག་བྱུང་དོགས་པའི་སྤུབས་འཐུམས་པ་དེ་སངས་པས་བློ་བདེ་གསུང་། སྦྱོངས་དེ་འཕྲོད་དྲགས་པས་སྐུ་གཟུགས་ཐང་བའི་ཚད་ཅིག་བྱུང་བས་ཚང་མ་ཡིད་བདེ་བར་གྱུར་རུང་དགེ་བསྐོས་ཆོས་དབང་སོགས་དྲུང་འཁོར་དབང་ཡོད་འགའ་རེས་མི་གཅེས་འདི་ལ་རྟབ་འགྲོས་སུ་བཤལ་གཏོང་ཉེས་ཆེ་ཟེར་ཉེས་པ་དཀྲི་ལ་ཁད་ཀྱང་བྱུང་སོང་། གསང་ཕུ་དབྱར་ཆོས་གྲོལ་བསྟུན་ཁྲི་རིན་པོ་ཆེ་འབྲས་སྤུངས་སུ་ཕེབས། བཀྲ་ཤིས་ལྷུན་པོ་ནས་པཎ་ཆེན་རིན་པོ་ཆེ་དགའ་ལྡན་གསེར་ཏོག་བཞེང་བ་གནང་


GLG005_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སྙེ་མོ་དཔོན་སའི་དགོངས་རྫོགས་ལ་གློ་བུར་དུ་ཕེབས་པའི་ཕྱིར་ལམ་འབྲས་སྤུངས་སུ་ཞག་གསུམ་པ་ཞིག་བཞུགས། ཚེ་རྟ་གུར་མགོན་སྒྲུབ་བརྒྱའི་ཆིངས་དང་མཐུན་པའི་རྟ་མགྲིན་ཡང་གསང་ཁྲོས་པའི་རྗེས་གནང་རྣམས་བསྩལ། དཀའ་བཅུ་བས་སྐུ་དོག་ཆེ་ན་ཚེ་དབང་མང་པོ་སྟོད་སྨད་ཀུན་ཏུ་གནང་བ་འདི་མི་འགབ་པ་འདྲ་ཞུས་སོང་བར་ནུས་པ་མེད་ན་ནི་རང་གཞན་སུ་ལའང་ཕན་གནོད་མི་འོང་གཞན་གྱི་ཚེ་སྤེལ་ཐུབ་ན་མིའི་སྲོག་བླུར་སོང་བས་རང་ལ་ཤིན་ཏུ་ཕན་གནང་ཞིང་བཞད་ཀྱིན་འདུག་པ་རྟོགས་པས་བདག་གྲོལ་བའི་རྣལ་འབྱོར་པའི་རྟགས་ཆེན་པོར་སྣང་། ཁྲི་རིན་པོ་ཆེ་ཕེབས་པར་ཟླ་གཅིག་གི་བར་ཕར་ཕྱིན་གྱི་སྐབས་གསུམ་པ་དང་རྣམ་འགྲེལ་གྱི་ལེའུ་བཞི་པའི་འཕྲོས་རྣམས་ཞུས། ཆོས་གླིང་གྲ་ཚང་སྟོད་ལུང་གྲམ་དུ་ཆོས་དབར་ལ་བྱོན་པས་བློ་བཟང་ཆོས་གྲགས་དང་བཀྲ་ཤིས་རྒྱ་མཚོ་གཉིས་ཀྱི་ཐོག །ཁར་ཁ་བློ་བཟང་དཔལ་འབྱོར་དང་སྒོ་སྤེ་བ་ཆོས་གྲགས་རྒྱ་མཚོ་གཉིས་བསྐྱིལ། སྒོ་སྤེ་བ་ཤེས་རབ་རྟུལ་བའི་ཁར་སྒོམ་ཆེན་པ་འདྲ་བའི་སྦུབས་བཟང་། ཁར་ཁ་བ་ཡོན་ཏན་ཆེ་ཞིང་ཉམས་འཆར་བ་ཟླ་བོ་དགའ་བའི་ཚད་ཅིག་བྱུང་། ཟླ་བ་དྲུག་པའི་ནང་དུ་སྡེ་པ་ཟུར་ཁང་ཤར་པ་དངོས་གྲུབ་རྒྱ་མཚོའི་དགེ་རྩའི་གྲལ་དབུར་གླིང་སྨད་ཞབས་དྲུང་གྲ་དཔལ་གྲོང་དུ་ཕེབས། ཐེགས་གདོང་སེ་ར་བྱེས་པའི་ཆོས་འཁོར་དང་སྐབས་བརྒྱད་པ་སོགས་ཤོག་བུ་མདའ་ཚད་མ་བཞི་བཅུ་ཙམ་ཞིག་གནང་ནས། ཚུར་འཁོར་བསྟུན་རྒྱུགས་གཙང་སིང་འཕྲོད་ན་རྗེ་བཙུན་ཙོང་ཁ་པའི་གསེར་སྐུ་ལེགས་པོ་འདི་རྒྱལ་ལ་འཛུཌ་ཕེབས་པར་དགེ་འཕེལ་དུ་དབྱར་མཐོང་དང་སྦྲགས་ཞག་བཅུ་བཞི་བསྡད་པའི་རིང་བཟུང་


GLG005_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚུར་ཕེབས་འཕྲལ་རྒྱུགས་ཕུལ་བས་གསེར་སྐུའང་དགྱེས་བཞིན་པས་གནང་། ཞལ་སྔ་ནས་རོང་ཚད་པས་འདུལ་བ་གྲ་ཚང་གི་རིགས་གྲ་དང་ཆོས་སྟོན་གཉིས་ལ་བོས། སྟོན་ཆོས་ཀྱི་རིང་ཕར་ཕྱིན་གྱི་སྐབས་བཞི་པ་དང་ལྔ་པ་གཉིས་འདྲིལ་བ་འགབ་གསུངས་ནས་རྩི་བཞག་ཀྱང་རིང་ཙམ་བྱུང་ཞིང་རྣམ་འགྲེལ་གྱི་ལེའུ་གསུམ་པའི་ཕྱེད་ཙམ་སོང་། དགའ་ལྡན་དུ་ཐེགས་གདོང་འདུལ་བ་ཞིག་འཛིན་འདོད་ཡོད་ཞུས་པས་སྐྱེད་ཚལ་བའི་ཡིག་ཆ་ལས་བཏུས་པའི་གཞི་སྟོད་ཡན་གྱི་སྤྱི་མ་ཐལ་ཤོག་བུ་ལྔ་བཅུ་ཙམ་ཟིན་བྲིས་སུ་བཏབ་ནས་གནང་། བགྲོ་གླེང་བྱེད་རོགས་ཕལ་ཆེར་ཆོས་འཁོར་གླིང་པར་སོང་བས་བྱེས་པའི་གྲུབ་མཐའ་དང་ཕྱོགས་ལོག་ཅིག་ཡོང་གིན་འདུག་པས་པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་ཐལ་འཕྲེང་སྟེང་གི་དགོས་མེད་ཀྱི་ཚིག་རོ་མང་ཙམ་མཆིས་པ་ཕུད་པའི་རགས་རིམ་དང་འདུལ་བའི་ཟིན་བྲིས་རྣམས་སྟོན་གྱི་རིང་བཟུང་། ཇ་པ་དང་མཉམ་དུ་སྤྲུལ་སྐུ་ངག་དབང་དཔོན་སློབ་བྱོན་ཚོགས་ཆེན་དུ་བོས་ཏེ། སྤོབ་རྩེ་བརྒྱའི་སྟེར་སྦྱིན་མཛད། བར་ཁམས་པའི་བདོག་པ་ལ་གཅིག་ཏུ་ཆེ་ཞེས་ཀུན་གྱིས་ཧ་ལས་པར་བརྩི། བརྗེད་གསོས་བྱས་པའི་ཁོང་དཔོན་སློབ་ལ་ཚེ་དབང་ཕྱག་དྲུག་པ་རིགས་གསུམ་མགོན་པོ་རྣམས་ཀྱི་རྗེས་གནང་ཕུལ། རིག་པ་དངས་ཁྱད་ནས་སྲོད་དང་ཐོ་རེངས་རབ་གསལ་གྱི་ཁང་དུ་བསྡད་པའི་དཔེ་ཆ་བཤར་སྦྱང་བྱས་པ་སྤྲུལ་སྐུ་ངག་དབང་གི་འགྲུལ་ཟླ་ལ་གུང་རུ་རབ་འབྱམས་པ་ཌོམ་བི་འདུག་པས་ཚོར་ཏེ་གྲ་པ་སློབ་གཉེར་བ་འདྲ་ཟེར་དགའ་དགའ་བྱེད། གསོལ་དཔོན་ནོར་རྒྱན་པར་བསིང་གསོགས་རེ་ཉལ་ཁར་སྐྱོལ་བྱས་པ་ལྟར་བསྐྱལ་བྱུང་རུང་མི་རྣམས་ཀྱི་རྩར་ཐུགས་


GLG005_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

རུས་འདི་འདྲ་འཁོར་ལོ་སྡོམ་པའི་ཐུགས་དམ་ལ་མཛད་ན་བྱེད་ཉམས་སྤྲོ་ཟེར་བ་ལབས་འདུག །གངས་ཅན་གྱི་བསྟན་པའི་རྩ་ལག་ཕ་བོང་ཁ་བྱང་ཆུབ་ཤིང་གི་ནགས་ཁྲོད་དུ་རྗེ་ཞལ་སྔ་ནས་ཀྱིས་ཤོག་གསུང་བ་ལྟར་ཕྱིན། ཞག་གཅིག་གནས་འབྲེལ་བྱས་གཞིས་ལེན་བདོག་པ་གྱ་ནོམ་པ་བསྟར། རིགས་གསུམ་མགོན་པོ་རང་བྱོན་སོགས་གནས་ཀྱི་ཁྱད་པར་ངོ་མཚར་ཅན་རྣམས་ལ་གསུང་བཤད་ཀྱིས་འབྱམ་ཀླས། དྲུང་འཚོ་སོག་གོར་གྱི་སྤྱིལ་བུར་གསོལ་ཇ་བཞེས་སར་སྔོན་ཆོག་དར་ཆོག་གི་གསུང་བཤད་གནང་གིན་འདུག་པ་ལ་མཁས་པ་ཞིག་ཡོད་པ་འདྲ་བསམ་པ་ལས་མ་བྱུང་། དེ་དུས་ཞལ་སྔ་ནས་ཁེ་གསུམ་པ་ལྟ་བུའི་མཚན་ཉིད་པ་སྟོན་བཟང་གི་རིགས་ལ་ཤེས་འདོད་འགྲོ། གཞན་སུ་ལའང་མོས་པ་ཆུང་ཞིང་རྔ་སྒྲམ་སྒྲམ་དྲིལ་བུ་སིལ་སིལ། སྨིན་མ་གཟེངས་མཐོ། ལུས་གནད་སྲོང་བ། སྒོམ་ཐག་ཅན་སོགས་གང་ཡང་ཟག་ཟོག་ཏུ་མངོན་པའི་སྐྱོན་གྱིས་མཁས་གྲུབ་ཆེན་པོ་འདི་འདྲ་དང་མཇལ་ཡང་ཧ་ཅང་མོས་པ་མ་བྱུང་། དེ་སྐབས་ནས་ཞབས་པད་བསྟེན་ན་རིས་མེད་ཀྱི་གྲུབ་མཐའ་ཀུན་ལ་རྒྱ་མཚོ་ལས་ཆུ་བཅུ་བ་ལྟ་བུ་ཞིག་ཡོང་རྒྱུར་འདུག་རུང་མཚན་ཉིད་པའི་ང་རྒྱལ་དེ་ཆོས་ཀྱིས་ཕོངས་པའི་རྒྱུར་སྣང་ངོ་། །དགུན་ཆོས་གྲོལ་བའི་དགའ་ལྡན་ནས་རྗེ་བླ་མ་འབྲས་སྤུངས་སུ་ཕེབས། ཕར་ཕྱིན་གྱི་སྤྱི་དོན་དང་ཁྱུང་ཕྲུག་བྱམས་པ་བཀྲ་ཤིས་ཀྱི་དབུ་མའི་ཐལ་འཕྲེང་གི་དབུ་བཙུགས། རྣམ་འགྲེལ་གྱི་ལེའུ་གཉིས་པའི་ཕྱག་དཔེ་མ་བྱུང་བས་ཟུར་ཆོས་ལ་མངོན་པ་མཛོད་ཀྱི་རྩི་བཞག་ཅིག་ཞུས་པར་པཎ་ཆེན་དང་ལས་ཆེན་དངོས་གྲུབ་པའི་ཡིག་ཆ་འདི་གཉིས་ཆུ་ཐུབ་པོ་རང་མི་འདུག་གནང་བའི་ཆོས་འཁོར་
ལྷུན་པོའི་པཎ་ཆེན་གཞུང་ལུགས་འབུམ་ཕྲག་བརྒྱ་བ་དངོས་གྲུབ་དཔལ་འབར་གྱི་ཡིག་ཆའི་སྟེང་ནས་བསྡུས་ཏེ་ལུང་རིག་གཉིས་ཀ་ཡོད་པ་ཞིག་སྩལ།

དགུང་ལོ་བཅུ་བཞི་པར་སློབ་གཉེར་ལ་མུ་འཐུད་ཐུགས་གཉེར་གནང་བ་དང་། སྐྱོར་མོ་ལུང་དང་དགའ་ལྡན་ལ་ཕེབས་པ་བཅས་ཀྱི་སྐོར།


GLG005_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་རྟའི་ལོ་གསར་གྲུབ་བསྟུན་གླིང་སྨད་ཞབས་དྲུང་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས། དེའི་བར་འཇམ་དབྱངས་སྟག་ལུང་བྲག་པའི་གསུང་རྒྱུན་གྱི་གཏན་ཚིགས་ཚུལ་གསུམ་པའི་ལུང་འགལ་གྱི་སྐོར་གྱི་ལེགས་བཤད་ཟུར་པ་འདྲ་དང་བློ་གསལ་གླིང་པ་དམ་ཆོས་དཔལ་གྱིས་མཛད་པའི་དྲང་ངེས་རྣམ་འབྱེད་ཀྱི་སེམས་ཙམ་པ་རྫོགས་པའི་བར་རྣམས་བཟུང་དཔྱིད་ཆོས་གསུམ་པོའི་རིང་འཇུག་པའི་ཐལ་ལྡོག་ནས་བདག་འགོག་བར་གྱི་ཐལ་འཕྲེང་མཛོད་ཀྱི་གནས་བཞི་པ་མན་ཡོངས་རྫོགས། ཕར་ཕྱིན་གྱི་སྐབས་དང་པོའི་མཇུག་མན་བཞི་པའི་ཕྱེད་ལྷག་ཙམ་ཡན་གྱི་སྤྱི་དོན་རྣམས་བཟུང་། འདི་སྐབས་ནས་བློ་ཁ་མཐོ་བའི་ལུགས་བྱས། ཆོས་འཁོར་གླིང་པ་དང་ར་བ་སྟོད་པའི་བར་ཤར་བ་རྣམས་སུ་མ་ཟད་དཀའ་རབ་འབྱམས་རྒན་པ་རྣམས་དང་བློ་གསལ་གླིང་ནས་བྱམས་གླིང་རབ་འབྱམས་པ་སྤྲེལ་རྒན། དགའ་བ་གདོང་རྩེ་མོ་རབ་འབྱམས་པ། སྒོ་མང་ནས་སེ་ཆེན་རབ་འབྱམས་པ། བསམ་སྒང་རབ་འབྱམས་པ་སོགས་མང་པོའང་རིགས་ལུང་བྱེད་པར་བོས། ཉིན་གཅིག་གཟིམས་ཁང་གོང་སྤྲུལ་སྐུ་ཕེབས་བྱུང་པ་ཀླུ་སྡིངས་ཀྱི་དཀར་ཕིབས་ཤར་དུ་གླིང་སྨད་ཞབས་དྲུང་དང་གསུང་སྒྲོས་མཛད་ཀྱིན་བཞུགས་སོང་། ཁོང་དཔོན་སློབ་ཀྱི་ཟླར་བྱེས་པ་སློབ་དཔོན་ཟུར་པ་བྱམས་པ་སྨོན་ལམ་འདུག་པ་ངེད་ཚོ་རིགས་ལུང་བྱེད་པའི་ཁྲོད་དུ་བྱོན། བདག་ལ་སེམས་བསྐྱེད་སྐོར་ལ་འགྲོ་བརྩིས་པའི་བགྲོ་གླེང་བཏང་བྱུང་ཡང་ཁས་བླངས་མ་ཤོར། ཕར་སློག་པ་ལ་བསྒྲུབས་དོན་ཕྲན་


GLG005_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བུའང་བྱུང་བ་ཁོང་དགེ་བཤེས་ཆེན་པོ་དེ་ལ་ཡོན་ཏན་ཡོད་ནས་རྩོད་པ་སོང་བ་ག་ལ་ཡིད་ཀྱང་རླུང་རྟའི་རྒྱུ་ཕྱོགས་ཤིག་ཡིན་པར་སྣང་། རྗེ་བདེ་ལེགས་ཉི་མའི་འདུལ་བའི་སྤྱི་དོན་ཞིག་ཡོད་གསུང་བ་གཡར་བས་སང་ཆེད་བསྟད་སྐྱེལ་བར་བྱོན་ཏེ་སྔར་ཤེས་འདོད་བྱས་ནས་བཤུས་པ་ཡིན་ཀྱང་ད་ཆ་འཆད་ཉན་པ་མིན་པས་མཁོ་ཆུང་ཞིང་ཞབས་དྲུང་རིན་པོ་ཆེས་ཐུགས་གཉེར་གནང་ལུགས་འདི་ག་ཡིན་ན་ཐུགས་བེད་ཆོད་པ་འདུག་ཅེས་སྟེར་བར་མཛད། གླིང་སྨད་ཞབས་དྲུང་གསང་ཕུ་དབྱར་ཆོས་ལ་ཕེབས། དེ་རེས་རྣམ་འགྲེལ་གྱི་ལེའུ་གཉིས་པའི་དཔེ་ཆ་བྱུང་བས་དཔེ་ཐོག་ནས་ཚང་བར་བཟུང་། ར་བ་སྟོད་འཆད་ཉན་ཁང་དུ་དཔེ་ཆ་དེ་ག་ལས་མི་འདུག་རུང་སྨད་ཆ་དེ་སྔ་མོ་ཞིག་འཁྱར་ཚོད་ཡིན་འདྲ་བ་དུས་ཕྱིས་ལྕང་ལོ་ཅན་སློབ་དཔོན་འཕྲིན་ལས་རྒྱ་མཚོས་ལྷོ་བྲག་ནོར་བུ་གླིང་གི་འཆད་ཉན་བྱེད་སྐབས་རྙེད་ནས་བཤུས་འདུག་པ་མཐོང་། ར་བ་སྟོད་ཀྱི་རྣམ་འགྲེལ་འདི་དཔེ་གཅིག་མར་སོང་གཤིས་འཆད་ཉན་སྟབས་ཀྱིས་གཡོར་ཁ་དོག་པོ་སྣང་བས་གཡར་རིམ་ནས་ཚར་བར་བཤུས། མཁར་ལྟག་ཞབས་དྲུང་རྒྱལ་བུས་ལྷ་རྒྱ་རི་བའི་ནང་རྟེན་ལྷོ་བྲག་མཁན་ཆེན་ཕྱག་རྡོར་བ་རྒྱལ་བ་ཙོང་ཁ་པ་གཉིས་ཀྱི་ཚེམས་རེ་དང་རི་པོ་བདེ་ཆེན་དགེ་སློང་སྐལ་ལྡན་གྱིས་བྱམས་ཆེན་ཆོས་རྗེའི་ཚེམས་ཤིག་བྱིན། རི་སྒོ་ནས་རྒྱ་རི་དཔོན་བློན་གྱིས་འབོད་པར་ཨ་བར་ཚེ་དབང་དར་རྒྱས་བཏང་བྱུང་ཡང་སློབ་གཉེར་ལ་གནོད་དོགས་ཕྱིར་སློག །རིགས་གྲ་ལ་ཚོགས་ལངས་ཤིག་བྱེད་འདོད་བྱུང་བས་ཕར་ཕྱིན་གྱི་སྤྱི་དོན་གྱི་འཕྲོས་བཞག་སྟེ་ཕར་ཚད་གཉིས་ཀའི་ཊཱིཀྐ་བཟུང་། གྲ་པ་རྣམས་ཆས་ཀ་གོས་ཟས་ཀྱི་རྩོལ་སྒྲུབ་བྱེད་དགོས་པར་མ་ཟད་རྩི་བཞག་ཀྱང་ཆོས་མཚམས་


GLG005_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་ཡོང་མི་ཡོང་སྣ་ཚོགས་ཀྱིས་རྐང་མ་ཆག་དང་བདག་དེ་འདྲ་མི་དགོས་པའི་དབྱར་དགུན་སྟོན་དཔྱིད་ཁོར་མར་བྱས་ཆོག་པ་ཅུང་མི་འདྲ་འདུག་རུང་། སྒོ་མང་བྱང་པ་ཆོས་གྲགས་རྣམ་རྒྱལ་གྱི་ཐུགས་ལ་ཡུན་ཐུངས་པས་པོ་ཏིའི་འགྲོ་ཚོད་དེ་ཙམ་མིན་སྙམ་པས་ཉིན་གཅིག་ལྟིར་ཇ་དང་བཅས་ནས་བྱོན་བྱུང་། ཁོང་རང་གི་ཚ་བོ་རབ་འབྱམས་པ་ཆོས་དབང་དང་ངེད་གཉིས་པོ་ཏི་ལྔའི་སྟོད་སྨད་བར་གསུམ་ལ་རིགས་ལུང་བྱེད་དགོས་གསུང་བ་ལྟར་བྱས་པས་ནང་དུ་ལོག་ནས་རྒྱུན་ལ་དཔགས་ན་ནི་འགྲོ་ཚོད་མིན་གླིང་སྨད་པའི་འབྱུང་རྟགས་ཀྱིས་སྟོད་ཁྲབ་རེ་བཏང་བ་ཡིན་ནམ་སྙམ་ཙ་ན་པོ་ཏི་ལ་འགོ་མཇུག་མི་འདུག་པས་ཅི་ཡིན་ཞེས་དབུ་ཡོན་ཡོན་མཛད་སྐད། ཁྲི་རིན་པོ་ཆེ་དང་ཞལ་ངོ་སོགས་དཔོན་སློབ་རྣམས་འཛོམ་པའི་ཐོག་ཏཱ་འོན་ཆོས་རྗེས་སོག་པོ་ཐམས་ཅད་ཆ་ཁར་རྒྱལ་པོས་དབང་དུ་བསྡུས་སོང་བས་གདན་འདྲེན་བྱུང་ན་ཕེབས་པ་འགབ། གནང་ལུགས་ཀྱང་འདི་འདྲ་དགོས་ཀྱི་གཤོམ་ར་ཞུ་འདུག་པར་དལ་འབྱོར་ལན་ཅིག་ཐོབ་པ་སྟོང་ལོག་ཏུ་བཏང་ནས་ཅི་བྱེད་སྙམ་པ་བྱུང་། དེ་དུས་སྔོན་བྱོན་གྱི་མཁས་གྲུབ་རྣམས་ཀྱི་རྣམ་ཐར་ལ་ཡིད་སྤྲོ་ཞིང་ད་དུང་རྒྱ་གར་དུ་ཆོས་བསླབ་ཏུ་ཕྱིན་ན་སྙམ་པ་ཡོང་གི་ཡོད་པས་ཆེར་རློམ་གཞན་གྱི་ཚོད་ན་བློ་རྩེ་གཏོད་ཕྱོགས་དགའ་མོར་འདུག །ཕྱིས་ནི་དཀོར་གྱིས་ས་ཚོས་རྡོ་ཚོས་ལ་སོང་བས་དེ་འདྲ་མི་འཆར་བར་གདའ། རྒྱུད་སྟོད་ཀྱི་བླ་མར་འབྱོན་དགོས་པའི་ཆོས་གླིང་སློབ་དཔོན་བཟང་གྲོ་རབ་འབྱམས་པར་སྙན་གསན་བྱུང་བས་དེ་རྩིས་ཀྱི་ཞལ་ངོར་བསླབ་སྟོན་ཞུ་བར་བྱོན་པའི་འཕྲོས་ལ། ཞབས་དྲུང་རིན་པོ་ཆེ་ཐུགས་གཉེར་གནང་ལུགས་འདིས་རྗེ་དགེ་འདུན་རྒྱ་མཚོ་འདྲ་བའི་ནོར་ཉན་ཞིག་ཡོང་བ་འདུག་


GLG005_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པ་ཞལ་ངོའི་དགོངས་པར་རྗེ་བསོད་ནམས་རྒྱ་མཚོ་སོགས་ལ་སྐུར་པ་བཏབ་པར་མངོན་ནས་བླ་མ་ལྐུགས་པ་དེ་འདྲ་ཞིག་ལ་གྲ་པ་ཚོས་འཇམ་དབྱངས་མིའི་གཟུགས་ཅན་ཟེར་གྱིན་འདུག་ཅེས་འཕྱ་འཕྱ་མཛད། གྲ་ཚང་རང་གིས་བཤོལ་ཐེབས་པས་དེ་རེས་རྒྱུད་ལ་མ་བྱོན། འདི་པ་འཆད་ཉན་ལ་བརྩོན་ཞིང་གྲ་པའང་ཤིན་ཏུ་རགས་ལ་པོ་ཏི་བཞི་པོ་དར་པའི་སྟེང་དུ་བསྡུས་ཚད་ཀྱང་སྣ་མ་འགགས་ཙམ་ཡོད་པས་མཚན་ཉིད་པའི་གྲ་ས་ཞིག་ལ་ཤེས་འདོད་དོད་པ་བྱུང་སོང་།བློ་བཟང་ཆོས་གྲགས་རྣམ་འགྲེལ་གྱི་ཚད་འབྲས་དང་བཀྲ་ཤིས་རྒྱ་མཚོ་བྱམས་གཞུང་ལ་ཚོགས་ལང་བྱེད་རྒྱུ་ཡིན་འདུག །ར་བ་སྟོད་པའི་ཇོ་ཕྲུག་ཀུན་དགའ་རབ་བརྟན་དང་རྩེད་ཐང་ཆོས་མཛད་བྱམས་པ་བསྟན་འཛིན་སོགས་ཀྱང་རྣམ་འགྲེལ་ནས་གཞུང་ཆེ་བ་རེ་བླངས། ངེད་རང་ཡང་ཆོས་འཁོར་གྱི་བཤད་པ་བྱེད་ཁུར་གྱིས་དེ་ག་འཛིན་པར་མ་ཟད་ཟླ་བོའི་སྐྱོར་རོགས་དང་བཅས་རེ་རེས་དེབ་ལ་ལུགས་ཀྱིས་ལངས་ནས་བཤད་པ་བྱེད་པ་ལྟར་གྱི་སྐྱོར་སྦྱང་བྱས་པར་དྲུང་འཁོར་འདྲས་མཐོང་བས་གྲ་པ་རྣམས་ཚོགས་ལངས་གླིང་བསྲེ་བྱེད་པ་བླ་མའི་ཨང་ཉན་ཡིན་མོད་རང་རེ་ལ་དེ་འདྲས་ཅི་བྱེད་གླེང་། དབོན་པོ་དམ་ཆོས་ཀྱིས་རྩེད་མོར་བསྙད་པའི་དངོས་སུའང་གླིང་བསྲེ་ཞིག་ཐུབ་ན་འདུལ་བ་གྲ་ཚང་གི་བླ་མ་ཡོང་ཤས་ཁས་ཟེར། ཞལ་ངོས་ཡི་གེ་སློབས་གསུང་བར་དྲུང་ཡིག་ངག་དབང་དགེ་ལེགས་ཀྱིས་སྤང་ལེབ་ཁར་དཔེ་བྲིས་ནས་ཉིན་གཅིག་གཉིས་ཤིག་སྦྱངས་པས་དཔེ་ཆར་གནོད་པོ་བྱུང་བས་རང་ལ་དགོས་དུས་ནི་ཡིག་མཁན་ཞིག་རྙེད་ཡོང་། མིའི་ཡིག་མཁན་བྱས་ནས་མི་ཚེ་འབྱིད་པ་མི་འཆར་བླ་མ་དེ་གསུངརབ་ལ་ཨེ་མཁས་ཟེར་བ་ལས་ཡི་གེ་ལ་ཨེ་


GLG005_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་ཟེར་བ་མི་ཡོང་སྙམ་བསྐྱུར་བཏང་། ཚོགས་ལངས་བྱེད་པ་ཞལ་ངོའི་ཐུགས་ལ་འཐད་རྒྱུ་རང་མི་འདུག་པའི་ཁར་རིགས་གྲའི་གདོང་ལ་སྒོ་མང་སློབ་དཔོན་གུང་རུ་གློ་བོར་དུ་གྲོངས་པའི་སྒོ་མང་ཕྱོགས་ཀྱི་ཚོགས་ལངས་པ་རྣམས་བཤོལ་པས་ཆོས་འཁོར་གྱི་ཕྱི་རྒོལ་བ་ཡང་ཐབས་ཆག་ནས་སྟབས་མ་འགྲིག །ཆོས་འཁོར་གླིང་གི་བར་ཤར་བ་ཁ་ཤས་ལ་དུང་རྒྱ་གླིང་བསླབས་སོང་བའི་ཁྲོད་དུ་བཀྲ་ཤིས་རྒྱ་མཚོའང་དང་ཇངས་ཀྱིས་སོང་བ་དཔེ་ཆ་མ་ནུས་པ་ཡིན་འདྲ་བས་བཤོལ་འདེབས་མ་བྱས། ཆོས་སྡེ་ཆེན་པོ་སྐྱོར་ལུང་པ་སྤྱི་སོས་ཡོང་དགོས་ཚུལ་ལྟར་ཧོར་ཟླ་བདུན་པའི་ཚེས་བཞིའི་ཉིན་གླིང་སྨད་ཞབས་དྲུང་ཕེབས་པ་དང་ཕྱོགས་མཐུན་དུ་ཕྱིན། གདོང་དཀར་ཞོལ་དུ་རྫོང་དཔོན་སྐྱོང་ང་བས་བཞེས་སྤྲོ་བཤམས་ལམ་ཞོར་མཁར་གྲོང་ནས་ཀྱིས་དཀར་སྤྲོ་དྲངས། ཆོས་དེ་བ་དང་ཤུན་དྲུང་འཁོར་རྣམས་ཀྱིས་རྟ་བསུ། གྲ་དམངས་ཀྱི་སེར་སྦྲེང་། སྐྱ་སེར་གྱི་ཁྲོམ་ཤིན་ཏུ་ཆེ་བ་དང་བཅས་དེ་ནུབ་ཆོས་སྡེར་སླེབས། སྤྱི་སྒེར་ཚང་མས་རྙེད་བཀུར་བཟབས་པའི་ཞག་བཞི་པོའི་རིང་ཉིན་ལྟར་གྱི་དམར་སྤྲོ་གཉིས་དང་དཀར་སྤྲོ་བདུན་བརྒྱད་ཙམ་རེ་བྱུང་བ་ནམ་ལངས་ས་རུབ་ལྟ་བུར་ཕྱིན། མི་ཡོང་གོང་འབྲས་སྤུངས་སུ་ཁྲི་རིན་པོ་ཆེའི་ཕེབས་སྒོར་སྐྱོར་མོ་ལུང་དུ་སྤྱི་ཆོས་ཤིག་གནང་དགོས་ཡོང་བ་བཀའ་གདམས་གླེགས་བམ་ནས་ཆོས་ཐུན་གཅིག་གནང་རྒྱུའི་བཤད་པ་ཧྲུག་ཙམ་ཞིག་ངེད་ཀྱིས་འབུལ་ཕེབས་བྱུང་ཡང་ཊཱིཀྐ་ལུགས་དེ་མ་གཏོགས་འབོལ་བཤད་བློ་ལ་འཆར་མདོག་ཁ་པོ་མ་བྱུང་བས་དགོངས་པ་ཞུས། མ་ནས་ཀྱང་གཞོན་དུས་ཡོང་མདོག་ཁ་མོའི་མ་བཏབ་སྐྱེས་དེ་མིན་ཡང་རྒན་དུ་སོང་ཚེ་ཕོ་རོག་གི་ཕྲུག་གུ་འདྲ་རུ་མི་འགྲོ་ཙམ་བྱུང་། དགོན་པའི་ཕྱི་རོལ་གྱི་


GLG005_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཁྲིའི་སྟེང་ནས་ཁྱེའུ་གསལ་བའི་འཁྲུངས་རབས་ཤོག་བུ་ལྔ་ཙམ་ཞིག་ལུང་གི་ཚུལ་དུ་ཀློག །ཀློག་པའི་སྔོན་འགྲོར་གླིང་སྨད་ཞབས་དྲུང་རིན་པོ་ཆེས་བཞུགས་ཁྲིའི་སྟེང་ནས་བཞེངས་ཏེ་ཕྱག་དང་བཅས་དཔེ་ཆ་ཞལ་ཕྱེ་ལག་ཏུ་གཏོད་པ་གནང་བ་ཡ་ང་བ་བྱུང་ཞིང་ལ་ལས་རྔོག་ལེགས་པའི་ཤེས་རབ་ཀྱི་ཡང་སྲིད་ཐུགས་ཀྱིས་དྲན་འདྲ་ཞེས་ཀྱང་གླེང་སྐད། འགོ་མཇུག་ཚོར་བླ་མ་དུང་དཀར་བས་མ་ཎི་བསྐུལ་བའི་རྟ་སྙན་པོ་མང་པོ་བྱེད་འདུག་ཅིང་བླ་མས་ཞལ་ངོ་ལ་སྐྱོར་མོ་ལུང་པ་དང་སྐྱོར་ལུང་པ་ཚོར་ཞལ་ངོས་མགྲོན་བརྡ་བྱུང་བའི་འཕྲུལ་གྱིས་འབྱོར་བ་ཁྲོམ་པའི་ཡ་བོར་ཤིན་ཏུ་མཁོ་བའི་རྗེས་སུ་འཕྲོས་ཀྱང་ཡང་ཡང་མཛད་སོང་། ཆོས་འཆད་པའི་སྐབས་མེ་ཏོག་གི་ཆར་པ་ཇ་ཕོར་གྱི་ཁ་རྒྱ་ཙམ་པ་བབས་པ་ཁྲོམ་པ་ཀུན་གྱིས་མཐོང་བ་བཀའ་གདམས་གླེགས་བམ་འགངས་ཆེ་བའི་བྱིན་རླབས་སུ་མངོན། ཚུར་ལམ་ཚེར་གསེབ་དགོན་པའི་མདོར་རབ་འབྱམས་པ་བསོད་ནམས་གྲགས་པ་དཔོན་སློབ་ཀྱིས་གཞིས་ལེན་བསྟབས། ཁོང་གིས་བཞུགས་གྲལ་ལ་ལུགས་གཉིས་དང་འབྲེལ་པའི་སྨྲ་བའི་སྒོ་ཕྱེ་སོང་བར་གསོལ་དཔོན་དང་དམ་ཆོས་སོགས་དྲུང་འཁོར་མང་པོས་བླ་མ་ཟེར་ན་འདི་འདྲ་ཡོང་བ་ཡིན་ཞེས་ཁྲི་རིན་པོ་ཆེ་ལ་ཟུར་ཟ་བར་བྱེད། ཤག་སྐོར་བའི་རིགས་གྲའི་སྐལ་བར་ཞལ་སྔ་ནས་ཕོ་ཁང་པས་བླ་བྲང་དུ་བོས་ཏེ་གཞིས་ལེན་དང་སྟེར་སྦྱིན་བཟབས། སྟོན་ཆོས་དང་པོ་ལ་ཕར་ཚད་ཀྱི་ཊཱིཀྐའི་འཕྲོས་ལེའུ་གཉིས་པ་ཡན་དང་སྐབས་བཞི་པའི་འགྲེལ་ཊཱིཀ་ཕྱེད་ལྷག་ཙམ་སོང་། ཟུར་ཆོས་ལ་སྐྱེད་ཚལ་བའི་འདུལ་བ་ལུང་རིགས་གཏེར་མཛོད་ཀྱི་སྟེང་ནས་གཞི་སྨད་བཟུང་། ཉིན་གཅིག་ཧོར་ཨ་མདོ་བའི་བྱང་བཞུ་བྱེད་མི་སླེབས། དེ་འདྲ་མི་ཤེས་ཞུས་པར་ཞལ་


GLG005_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་ཐུགས་གཉེར་གནང་ནས་འདི་རིགས་མེད་པ་ཐབས་རྡུགས་གསུང་། གསོལ་དཔོན་དང་དགེ་བཤེས་དགེ་དར་བ་སོགས་ཀྱིས་ཀུན་ཤེས་གཅིག་རྡུགས་དེ་འདི་འདྲའི་རིགས་ལ་ཟེར་ཞེས་ཁྲེལ་ཁྲེལ་བྱེད། ངེད་ཚོས་དེ་རིགས་འགངས་ཆེན་རྒྱུན་ཞུགས་པ་རོ་དང་འབྲལ་མེད་བྱེད་མཁན་རྣམས་བཟང་བ་འདུག་སྨྲས་པ་སོགས་སྙིང་རྗེའི་མདུང་སྐོར་ཞིག་དེ་རུ་བྱུང་། བྱང་བཞུ་ནི་ཞལ་སྔ་ནས་རྒྱ་ཆེན་པ་དང་དབུ་མཛད་བློ་བཟང་བསྟན་པ་གཉིས་ཀྱིས་བྱས། གླིང་སྨད་ཞབས་དྲུང་དགའ་ལྡན་ལ་ཕེབས། ང་པ་དང་མཉམ་དུ་རྟ་ཚག་རྗེ་དྲུང་གིས་གཙོས་ལྷོ་འགྲུལ་མང་བར་འབྱོར། རྗེ་དྲུང་རིན་པོ་ཆེས་ཇ་ཁྲབ་རྟ་མཛོད་སོགས་སྟེར་ཆ་རྒྱ་ཆེར་བསྟར། ཟླ་གཅིག་གི་བར་དཔེ་མཚམས་བྱས་ཤག་སྐོར་ཞལ་སྔ་ནས་མོ་མས་མཛད་པའི་རྟེན་འབྲེལ་དང་། བདེ་ལེགས་ཉི་མའི་འདུལ་བའི་སྤྱིར་བསྟན། དམ་ཆོས་དཔལ་བའི་དྲང་ངེས་རྣམ་འབྱེད་ཀྱི་ཐལ་རང་གཉིས་ཚང་བར་བཟུང་། ཟླ་བ་དགུ་བའི་ནང་དུ་ཁྲི་རིན་པོ་ཆེ་ཕྱིར་ཕེབས་ཕར་ཚད་ཀྱི་ཊཱིཀྐའི་འཕྲོ་མུས་དང་ཟུར་ཆོས་ལ་དགེ་འདུན་ཉི་ཤུ་དང་བསམ་གཟུགས་ནས་གང་འགྲོ་བཏང་། དགའ་ལྡན་སྤྱི་སོ་ཡོང་དགོས་ཚུལ་ལྟར་ཚེས་ཉི་ཤུ་སྐོར་ལ་དཔོན་སློབ་ཕྱོགས་མཐུན་དུ་ཕེབས་ཡར་ལམ་རྣམ་རྒྱལ་དགོན་པོ་དར་ཁན་ཨེམ་ཆི་འདས་ཤུལ་དུ་གུང་གི་དྲོ་བསྟབ། གསང་སྔགས་མཁར་པ་དང་ལྷོ་བྱང་གི་རྟ་པ་རྣམས་ཀྱིས་བསུ་བ་ཁྲོམ་ཤིན་ཏུ་ཆེ་བ་འདུག་པ་བརྒྱུད་གཟིམས་ཁང་དུ་སླེབས། སང་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་གདན་ས་རི་བོ་དགའ་ལྡན་དུ་འབྱོར། དགུན་ཆོས་དང་ཐུག་པས་གཞི་བྱེས་ཀྱི་དགེ་འདུན་སྟོང་དུ་ཉེ་བས་སེར་སྤྲེང་སྐྱེ་བོའི་ཁྲོམ་རི་ཀླུངས་


GLG005_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

གང་བ་ཚོགས། ཆུ་འགོའི་ཐད་དུ་སླེབས་པ་དང་མེ་ཏོག་དཀར་པོ་ཡུ་བ་ཅན་གྱི་ཆར་ཀུན་གྱིས་མཐོང་བ་རྒྱལ་བ་ཙོང་ཁ་པའི་ཐུགས་རྗེར་གོ །ཁྲི་ཐོག་ཁང་དུ་གནས་མལ་བྱས་ཞག་བཅུ་བཞི་བསྡད་དངུལ་གདུང་རིན་པོ་ཆེར་བསྐོར་བའང་མང་དུ་བྱས་ཤིང་། ཁྲི་ཐོག་ན་རིམ་གྱི་དངུལ་འབུམ། རྔོག་བྱང་ཆུབ་འབྱུང་གནས་སོགས་ཕྱི་དར་གྱི་བཤེས་གཉེན་མང་པོའི་ཐུགས་དམ་རྟེན་སྒྲོམ་བསམ་གྲུབ་ལྷ་ཁངགི་རྟེན་གཙོ་རྒྱལ་བ་མ་ཕམ་པའི་སྐུ་རྒྱ་གར་མ་བཞུགས་པའི་མཆོད་ཁང་མགོན་ཁང་སྟེང་ཤོད་རྣམས་ཞིབ་པར་མཇལ། བྱང་རྩེ་བཀྲ་ཤིས་ལྷུན་པོ་ནས་ཞལ་འཛིན་གནང་བའི་ནང་རྟེན་ཚོ་དམ་ཕྲུག་གིས་མནན་འདུག་པས་མཇལ་རྒྱུ་མ་བྱུང་། ཕྱིའི་སྐོར་ལམ་ལ་སངས་རྒྱས་ཀྱི་ཆོས་དུང་ཤཱ་རིའི་བུས་གཏེར་དུ་སྦས་པ་བཏོན་པའི་ཤུལ་དང་གཞན་ཡང་ཕྱག་རྗེས་ཞབས་རྗེས་རང་བྱོན་ངོ་མཚར་བ་འདུག་པ་རྣམས་མཇལ། གཙང་ཁང་གི་རྒྱལ་བ་ཙོང་ཁ་བའི་དངུལ་ཁྲིའི་སྟེང་ནས་བསྔོ་བ་དང་ཆུ་མགོའི་བཞུགས་ཁྲིར་ཕྱིན་པའི་སྐྱ་སེར་གྱི་ཁྲོམ་ལ་ལམ་རིམ་ཆེན་མོའི་དབུ་ནས་ཤོག་བུ་ལྔ་ཙམ་ཞིག་ཀློག་ལུང་གི་ཚུལ་དུ་ཕུལ། དེའི་ཚེ་མེ་ཏོག་གི་ཆར་མང་དུ་བབས་པ་ནི་གནས་ཀྱིས་གང་ཟག་བྱིན་གྱིས་བརླབས་པར་མངོན། ནང་རྟེན་གྱི་རྒྱལ་བ་ཙོང་ཁ་པའི་ན་བཟའ་རྣམས་མཇལ་ཞིང་དད་རྟེན་དུ་ཅུང་ཟད་ཞུས། སྤྱི་གཟིམས་གྲ་ཚང་ཁག་ཁམས་ཚན་མི་ཚན་རྣམས་ཀྱིས་ཚ་གུང་དང་དགོང་ཇ་བུ་རམ་སོགས་བསྙེན་བཀུར་ལ་བོས་པས་གླིང་གསེབ་ཐམས་ཅད་ཆུ་བཞིན་མྱུལ། ཧོར་བར་ཏའི་དཔོན་དཀོན་མཆོག་གློ་བུར་དུ་རྟ་རྡབས་ཀྱིས་འདས་པའི་བསྔོ་བྱང་ཞུ་བར་བློན་པོ་ཐོད་དཀར་འབྱོར་བསྔོ་བ་གང་ལེགས་བྱས། བྱང་བཞུ་ཤེས་ཀྱིན་མེད་པས་ཁྲི་རིན་པོ་ཆེས་


GLG005_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

གནང་སོང་། སྔར་རྒྱལ་དང་འགྲས་ཆེས་པའི་འགྱོད་བཤགས་ཕྱི་སྡོམ་ཕན་ཚུན་ལུགས་ལེགས་དགོས་པའི་རྒྱུ་མཚན་མང་པོ་ཞལ་ངོར་ཕུལ་བའི་བཀའ་གྲོས་ཀྱིས་འགྱངས་ཏེ་བམ་སོ་དགོན་གསར་དུ་གུང་ཚིགས་ལ་སླེབས་པ་ལས་མ་བྱུང་། དེར་ཤར་ར་ཧོར་ནང་སོས་བཀྲ་ཤིས་རྡོ་ཁ་མ་ཁུངས་བཙུན་ཞིག་བྱིན་པས་ནོམ་པ་ཤིན་ཏུ་ཆེ། བདེ་ཆེན་རྫོང་དཔོན་གྲངས་ཆེན་ནས་དང་འོ་རློན་ནས་ཀྱིས་གཙོས་རྟ་བསུ་རྒྱས་པ་དང་བཅས་དར་རྒྱས་ལྕང་རར་གུར་ཡོལ་སྒོར་བཀོད་པས་མཛེས་པར་བྱས་འདུག་པར་བོས་པའི་རྫོང་དཔོན་གཉིས་ཀྱིས་དཀར་སྤྲོ་བཟབས་རྒྱས་བཤམས་ཤིང་བདོག་པ་བསྟར། གསང་སྔགས་མཁར་དུ་ཞག་གཉིས་བསྡད། སྤྱི་གཟིམས་ཀྱིས་གཞིས་མེད་ལེན་དང་ཁ་རབ་ནང་སོ་རྣམ་སྲས་ཀྱིས་དཀར་སྤྲོ་དམར་སྤྲོ་སྤམས་ཆེ་བ་དྲངས། ལྕོག་ལྷོ་མའི་གཡབས་སྟེང་ནས་ཁྲོམ་ལ་བཀའ་གདམས་གླེགས་བམ་གྱི་ཆོས་ཐུན་ཞིག་བཀླགས། ཚལ་པ་རྣམས་ཀྱིས་འཆམ་ཕུད་བྱེད་རྩིས་ཀྱི་བྱ་སེང་གཉིས་དོན་བྱུང་བར་བླ་མ་དུང་དཀར་བས་མ་ཎི་བསྐུལ་བའི་སྒོ་བཀག་དོགས་མཚེར་ངད་མེད་པའི་ཁྲོམ་གཏམ་བཏང་བས་འཆམ་པ་རྣམས་མྱུག་མྱུག་བྱེད་རྒྱུ་མ་བྱུང་། ཁྲོམ་པ་ཚོས་མེ་ཏོག་གི་ཆར་ཡ་གི་ན་ཞེས་མཛུབ་མོ་འཛུགས་ཤིང་ལྟ་བར་བླ་མས་དེ་འདྲ་ལྷ་རྣམས་ཀྱིས་ཆོས་ཡོན་དུ་ཕུལ་བ་ཡིན་མོད་ལྟ་རྒྱུ་ཅི་ཡོད། དེ་བས་ཡིག་དྲུག་སྒྲོངས་སོགས་མ་ཎི་བའི་སྟོང་ཤོབ་ཀྱིས་ལུང་པ་བཀང་། རྗེ་བླ་མ་ཐོག་མར་ལྷན་དུ་ཕེབས་རྩིས་ལ་སླར་ཐུགས་འགྱུར་བའི་གསང་སྔགས་མཁར་དུ་བཞུགས། ངེད་ཚོས་ཚལ་ཟུར་ཁང་གི་ཀླུ་སྡིངས་སུ་དྲོ་བསྟབ། ཡང་དགོན་སྤྱན་སྔ། དབུས་གླིང་རྔ་ཆེན་པ། འབྲུག་པའི་བླ་མ་འགྲོ་མགོན་པ་སོགས་ཕྲད་པར་བྱུང་། ལྷ་གདོང་གི་


GLG005_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་ཁར་ལྷ་སའི་གཉེར་པ་རབ་འབྱམས་པ་ཆོས་དཔལ་གྱིས་གཙོས་རུ་བཞིའི་རྟ་བསུ་བ་རྣམས་འབྱོར། ཡར་ལམ་གསང་སྔགས་མཁར་དུའང་ཞལ་ངོའི་ཆིབས་པ་འདྲོགས་པ་སོགས་རྟ་རྣམས་འཚུབ་བེ་བ་བྱུང་བའི་སྟབས་ལྷ་སར་ཁྲོམ་ཆེ་གཤིས་མེ་ཏོག་ལྡུམ་ར་ནས་རྟ་བབས་རྡོ་ཁང་དུ་སྡོད་ས་བྱས་རབ་འབྱམས་པས་གཞིས་ལེན་བཟབས། སྲོད་ལ་མཆོད་མཇལ་དང་དུང་སྐྱོང་དབང་མོར་གསོལ་མཆོད་འཕྲིན་བཅོལ་ཕུལ། སང་ཉིན་ཆོས་སྡེ་ཆེན་པོས་བསུ་བ་སེར་སྦྲེང་དང་བཅས་དཔལ་ལྡན་འབྲས་སྤུངས་སུ་སླེབས་རེ་ཞིག་དཔེ་མཚམས་བྱས་བསམ་གཟུགས་དང་དགེ་འདུན་ཉི་ཤུའི་རྩི་བཞག་གི་འཕྲོ་མུས་དཔེ་ཐོག་ནས་བཟུང་། སྔར་ཕར་ཚད་ཀྱི་ཊཱིཀྐ་གཏོང་བ་དང་རྩ་བ་སྦྲགས་ནས་འཛིན་པ་དེ་སུན་པོ་ཞིག་འདུག་པས་འཇུག་པའི་རྩ་བ་བློ་ལ་བྱང་བར་བླངས། ཧོར་ཟླ་བཅུ་གཉིས་པའི་འགོར་གླིང་སྨད་ཞབས་དྲུང་ཕེབས། རོང་པོ་འགིར་ཏེ་སྐུ་སྐྱེ་དང་སྣང་ཞིག་སྐུ་སྐྱེས་སོགས་བར་འགྲུལ་དུམ་པ་འབྱོར་བྱང་འགྲུལ་དུ་སོང་བས་གདུལ་བྱ་ཡོང་ལ་རེའི་བློ་འཚུབ་ཀྱིས་ཚང་མ་གཡེང་བས་ཁྱེར་ནས་དགུན་ཆོས་སྨར་རྒྱུ་མ་བྱུང་། ཞལ་ངོས་སྨོན་ལམ་ཆེན་མོར་འགྲོ་དགོས་ཚུལ་མཛད་པས་གླིང་སྨད་ཞབས་དྲུང་དུ་འཁྲུངས་རབས་སོ་བཞི་པའི་ལེའུ་བརྒྱད་ཙམ་གྱི་གསུང་བཤད་ཞིབ་པར་ཞུས། ཆོས་འཆད་ལུགས་ཚུན་བསླབ་པ་གནང་བ་དེ་ག་ནས་བཟུང་འཆད་པའི་སྤོབས་པ་རྡོལ་བ་ལྟ་བུས་བཤད་བྱའི་དོན་དཀའ་མི་དཀའ་ཉན་པ་པོའི་ཚོགས་ཆེ་ཆུང་ལ་མ་བལྟོས་པར་ནང་དུ་དཔེ་ཆར་བལྟས་དུས་གོ་རྟོགས་འབྲིང་ཙམ་ཞིག་བྱུང་ན་ཆོས་གྲར་སླེབས་དུས་དེ་ལས་འཆར་སྒོ་ལོག་པོས་ཆེ་བའི་འཆད་པ་ལ་དཀའ་ཚེགས་མེད་པ་འདི་རྗེ་འདི་ཉིད་ཀྱི་


GLG005_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་ཡིན་པས་འཛམ་གླིང་གསེར་གྱིས་བཀང་ཡང་གཞལ་བར་དཀའོ། །ཞལ་ངོར་ཆོས་མཛད་དགེ་ལེགས་རྒྱ་མཚོས་སྨོན་ལམ་ལ་ཕེབས་ན་གསུང་ཆོས་ལ་བཤད་པ་མཛད་རྒྱུ་ཡོད་ལ་ཆེ་རྗེ་གོང་མའི་དུས་ཀྱང་གསུང་བཤད་མ་གནང་བས་གྲ་པ་འགའ་རེས་གནས་ཚང་དུ་ཇ་གཅིག་སྐོལ་ལམ་ཁོང་ཚང་གི་ཆོས་འདོན་ཉན་པར་འགྲོ་སོགས་སྐུར་ཞུས་བྱེད་པ་ང་དེ་སྐབས་གྲ་ཁྲོད་དུ་བསྡད་པས་རྒྱུས་ཡོད་ཀྱིས་རྒྱུ་མཚན་ཞུས་པ་ཡིན་བྱས་འདུག །སྤྱི་སོས་བླ་མ་གླིང་བསྲེར་ཤོག་གསུང་བ་ལྟར་ལྟད་མོ་དང་སྦྲགས་ཏེ་ཕྱིན། སློབ་དཔོན་དབུ་མཛད་སྦེ་སེར་དྲུང་ཆེན་ལོ་བརྒྱད་ཅུ་འགྲོ་བ་དེས་བློར་གང་ཐོན་གྱི་བཤད་པ་ཞིག་བརྒྱབ་སོང་། དམ་བཅའི་སྐབས་བགྲོ་གླེང་གཏོང་རྩིས་ཡིན་ཀྱང་དཀའ་རབ་འབྱམས་ཁ་ཤས་ཀྱིས་རིགས་ལུང་བྱས་སོང་བའི་ལན། རྗེ་ཁྱབ་མེད་ཀྱི་བླ་མ་རིན་པོ་ཆེ། །སྤྲང་ཞེན་མེད་ལ་འབུད་པར་བྱིན་གྱིས་རློབས་ཁོ་ནར་འདུག་པས་རོ་མདུང་གི་དཔེར་མངོན་ནས་ཐལ་འགྱུར་འཕེན་པའི་རྩོལ་བ་བཞག །སློབ་དཔོན་ཚུལ་པས་སང་ཡང་གླིང་བསྲེར་ཤོག་ཟེར་བ་མཚན་ཉིད་པའི་ཁྲོད་དུ་འགྲོ་བར་སྤྲོ་མོ་ཞིག་ཡོད་པས་ཁས་བླངས། སློབ་དཔོན་རྣམས་ཀྱིས་དེ་ན་བཤད་པ་ཨེ་བྱེད་གསུང་བར་ཕར་ཚད་ཀྱི་ཊཱིཀྐ་སྐྱོར་བཞིན་པར་སོང་སྤྱི་བཤད་ཀྱང་ཚོགས་ལངས་ཀྱི་སྟ་གོན་སྐབས་རང་དང་ཟླ་བོའི་འཛིན་རོགས་བྱས་པ་རྣམས་དཔེ་བཤར་བརྒྱབ་ན་བརྗེད་གསོས་ཐེབས་པ་འདུག་པས་བྱེད་རྩིས་ལ་ཚ་བ་དཀའ་བཅུ་བས་བཤད་པ་བྱེད་ན་ཁ་སང་བབ་འབྲེལ་ཡོད། དེ་རིང་རྒྱ་ཡགས་ཞལ་སྔ་ནས་སྒོ་མང་སློབ་དཔོན་མཛད་འཕྲལ་གྱི་སྐལ་པ་ཡིན་པས་གྲ་སའི་སྒྲིགས་ལ་གནོད་སླར་བྱེད་ལོང་ཡོང་ཟེར་བས་ཁ་སང་ལུགས་ལྟར་ལྟད་མོར་ཕྱིན། བདེ་བ་ཅན་དང་བསྟན་འབར་མ་
ཆད་དོགས་དགེ་སློང་གི་བསྐུལ་ལྕག་གིས་སྔ་དགོང་ཐམས་ཅད་མ་ཎི་འདྲེན་འདྲེན་བྱས།

དགུང་ལོ་བཅོ་ལྔ་པར་ཡར་ཀླུངས་དང་ཨེ་དྭགས་སོགས་ལྷོ་གནས་སུ་ཕེབས་བསྐྱོད་ཀྱི་སྐོར།


GLG005_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ལུག་གི་ལོ་གསར་གྲུབ་ནས་ཆོ་འཕྲུལ་མཆོད་པའི་ཆེད་དུ་ལྷ་སར་གླིང་སྨད་ཞབས་དྲུང་དང་དཔོན་སློབ་ཕྱོགས་མཐུན་དུ་འབྱོར་ནུབ་ཏུ་གནས་ཚང་བྱས་ངེད་ཚོས་ལྟེ་བ་དང་ཁྲི་རིན་པོ་ཆེས་ཆུ་མིག་ཕོ་བྲང་དུ་བཞུགས། སྨོན་ལམ་ཆུང་བའི་གྲལ་དབུར་ཁྲི་རིན་པོ་ཆེ་ཕེབས། ར་ས་འཕྲུལ་སྣང་དུ་གསུང་ཆོས་སྨོན་ལམ་ཉི་མ་གཉིས་ཀྱི་བར་ཁྲི་རིན་པོ་ཆེས་གནང་། ཉི་མ་གསུམ་པར་བདག་གིས་ལད་མོ་གཤོད་པའི་ལུགས་བྱས། བསྟན་འབར་མ་དང་བདེ་བ་ཅན་ཆད་དོགས་ཟླ་བོ་མཐའ་དག་སེམས་ཚད་ཆེ། དབོན་པོ་དམ་ཆོས་གནས་ཚང་གི་གཞིས་སྲུང་ལ་བཞག་པ་ལྟ་བར་ནི་ཡོང་མ་ཐུབ་ས་གཅིག་ཏུ་སྡོད་མི་ཚུགས་པ་ཙམ་གྱི་བློ་འཁོར་བའི་ངང་ནས་ཚོགས་གྲོལ་བྱུང་བ་དང་ནུབ་ཀྱི་སྤག་རར་ཡོངས་ནས་མགྲོན་གཉེར་རྒྱ་ཡགས་པར་དྲིས་པར་ཆད་ལྷག་མེད་པ་ལེགས་པོ་བྱུང་བྱས་འདུག་པས་བཀྱིག་ཐག་བཀྲོལ་བ་ཙམ་གྱི་ཉམས་ཤར་ཟེར། ཉི་མ་བཞི་པ་ནས་བཟུང་རྗེ་བླ་མ་དང་ངེད་དཔོན་སློབ་གཉིས་ཆོས་གྲ་སྨོན་ལམ་ཉི་མ་རེ་མོས་ལྟ་བུར་སྤེལ་མར་གནང་། དགོངས་སྟར་ཇོ་མཇལ་ལ་ཕྱིན་ཀྱང་ཁ་བཤད་ལས་སེམས་རྒྱུད་མ་དུལ་བའི་ཉམས་ཀྱིས་ནད་མེད་པ་ཚེ་རིང་བ་དཔེ་ཆ་སྨར་བ་སོགས་གནས་སྐབས་ཀྱི་སྨོན་ལམ་ལས་རྒྱ་ཆེན་འདེབས་པ་མ་ཤར། དུང་སྐྱོང་རྒྱལ་མོར་གསོལ་མཆོད་ལྔ་དྲུག་ཅིག་ཕུལ། ཡོན་ཏན་གྱི་ཐུགས་ཁུར་བཞེས་མཁན་རྣམས་ནི་བཤད་པ་ལ་རྟོག་པ་འདུག །ཕལ་ཆེ་བ་བདེ་པ་ཅན་གྱི་སྨོན་ལམ་ཆད་མ་ཆད་ཟེར་རྒྱ་གར་ཆུ་བོ་གདྒཱ་ཚུན་ལ་མཁས་པའི་རྗེ་སྟག་ལུང་བྲག་པས་ཀྱང་བདེ་བ་ཅན་ཆིག་རྐྱ་མི་ཕེར་དབུ་


GLG005_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཀྱི་རིགས་རྣམས་ཆོས་སྤྱོད་སྨོན་ལམ་ཆུ་རྒྱུག་རྒྱུག་ཡོང་བས་སྙིགས་དུས་ཀྱི་མིའི་སྣང་ཚུལ་ལ་ངེས་པ་ཅི་ཡོད། སྤུས་སྲང་དྲུང་འཚོ་བས་རྒྱའི་གདུགས་ལེགས་པོ་ཞིག་ཞལ་ངོར་ཕུལ་རྗེ་གོང་མའི་སྐབས་གསུང་ཆོས་སྨོན་ལམ་ཚོར་དབུ་གདུགས་དང་རྒྱ་གླིང་སྒྲིགས་མར་གནང་གིན་ཡོད་པས་སྟབས་བདེ་འདི་འདྲ་མི་འགབ་ཞུས་སྣང་ཡང་དགོངས་པར་མ་བབ། བ་སོ་སྤྲུལ་བའི་སྐུས་གྲ་སྐོར་མཛད་པའི་ཉིན་དཔོན་སློབ་དང་ཞལ་ངོ་གཉིས་བཀའ་གྲོས་གནང་བའི་བདག་རྐྱེན་དུ་འགྲོ་བ་འདུག་ཅེས་དགོངས་མོའི་སྨོན་ལམ་ཟིན་འཕྲལ་བཞུགས་ཁྲི་གཉིས་ནུབ་ཕྱོགས་སུ་ཁ་སྒྱུར། སློབ་དཔོན་རྣམས་དང་གྲ་དམངས་ཚོགས་ཐོག་སྤྲུལ་པའི་སྐུས་དམ་བཅའ་མཛད། གླིང་སྨད་ཞབས་དྲུང་ནས་བདག་ལ་བགྲོ་གླེང་གནང་བ་འགབ་ཀྱང་ར་བ་སྟོད་པའི་མིག་ལྟོས་ཀྱིས་སུན་འབྱིན་དང་ཚག་ཁྲད་སོགས་མེད་པའི་འཇམ་ཏོང་ངེ་བ་ཞིག་མཛོད་གསུང་བ་དེ་འདྲ་བྱས་ན་མི་མང་ཁྲོད་དུ་ཤོགས་ཤིག་མི་ཡོང་བ་འདུག་རུང་བཀའ་དང་བསྟུན་པ་ལས་འོས་མ་བྱུང་བས་དམངས་ཀྱིས་མི་གོ་བའི་དབུ་ཕར་ལྟ་བུ་ལ་མ་བཏང་བར་འདུལ་བའི་དུས་ཚིགས་ལ་ཕུབ་མ་ཞིག་བསྲེས་ནས་ཕུལ་བ་མ་དགོངས་པའི་ཐལ་སྐོར་གསུམ་ཙམ་ནས་ཞལ་སྔངས་ཤོར། ཟླ་བ་བརྩིས་པས་ཟླ་བ་བཅུ་བཞི་བྱུང་བ་ཁྲོམ་པ་རྣམས་ཀྱིས་ཀྱང་གོ་ནས་སྐྱེས་པ་དང་བུད་མེད་མང་པོས་རྟ་ཚག་རྗེ་དྲུང་ལ་ཟླ་བ་བཅུ་བཞི་ཡོད་པར་འདུག་ཅེས་རྗེས་ཟློས་ལབས། སློབ་དཔོན་དཀའ་རབ་འབྱམས་ཀྱིས་བགྲོ་གླེང་འབུལ་མི་མང་བར་བྱུང་སོང་། མཐར་སྐྱོར་ལུང་པ་མར་པ་ལངས་བྱུང་བ་ན་ཁོ་པ་ཁ་གཟན་དྲགས་པས་ཁྲི་རིན་པོ་ཆེའི་ཐུགས་ལ་ཇ་ཆེན་གྱི་རིགས་ཁྲོམ་དུ་དབབ་པ་མི་མཛེས་དགོངས་པའི་ད་སྟེ་དེ་ཙམ་གྱིས་འཐུས་གསུངས་འགྲོལ་བཅུག་པར་སང་ཉིན་མར་པས་རྟ་ཚག་རྗེ་


GLG005_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་འབུག་རྒྱུ་མེད་པ་ཞིག་བཟོ་བསམ་པར་གླིང་སྨད་པར་དྲེའུར་ཇ་བཞི་དོ་བཀལ་བས་བརྔན་ནས་བྱེད་མ་ཐུབ་ཅེས་སྒྲོ་སྐུར་བྱས་འདུག་ཅིང་མ་ནས་ཚད་མ་དང་མངོན་པ་ལ་ཞལ་འདྲི་མི་ཆེ། དབུ་ཕར་འདུལ་གསུམ་ལ་རིགས་པ་མ་ཆགས་པའི་ལུང་ཚོགས་རེ་ཆེ་སྣང་བས་ཇ་ཆེན་གྱི་སྐུ་ཡོན་གྱི་ཡང་རྩེ་ཞིག་ཡོང་བར་གདའ། ཕ་བོང་ཁ་ནས་དཀའ་བཅུ་བ་འཕྲིན་ལས་ཕུན་ཚོགས་རྫོང་བདའ་མཛད་པའི་བཞེས་སྤྲོ་ལེགས་སྐྱེས་སྙན་ངག་གི་ལམ་ནས་དྲངས་པའི་ཕྱག་ཐམ་བྱུང་། བསྙེན་གནས་མ་རྣམས་ལ་ཡན་ལག་བརྒྱད་པའི་སྡོམ་པ་ཕབ། རབ་འབྱམས་སྨྲ་བ་ཞིག་བྱེད་རྩིས་ཡོད་པས་གདན་གུང་གི་ཚོགས་ཁ་ཤས་ལ་ཕྱིན་ནས་གྲ་སྐོར་བ་རྣམས་ཀྱི་བཤད་པ་ཉན། ཏི་སྐུ་སྐྱེ་ཅན་བརྡུངས་པའི་ཁ་མཆུ་ལབ་པར་ཞལ་ངོ་ཐུགས་བྲེལ་བྱུང་བའི་སྟབས་སྨོན་ལམ་གྲོལ་རྗེས་ཀྱང་ཞག་གསུམ་ལྷ་སར་འགོར་དེ་ནས་འབྲས་སྤུངས་སུ་སླེབས། དཔྱིད་ཆོས་དང་གཉིས་ལ་ཕར་ཕྱིན་གྱི་སྐབས་ལྔ་པ་མན་གྱི་འགྲེལ་ཊཱིཀ་དང་འཇུག་ལྟར་པའི་ཐལ་ལྡོག་མན་གྱི་ཊཱིཀྐ་རྣམ་བཤད་ཀྱི་ནག་ཐུང་གི་འཕྲུལ་དང་བཅས་པ་གནང་། བདག་གིས་སྐྱོར་དཔོན་བྱེད་ཀྱིན་ཡོད་པ་ཐེངས་ཤིག་ཁམས་ཉོག་པའི་ཟིན་པ་རང་མ་བྱུང་བས་ངེད་ཀྱིས་སྐྱོར་རྒྱུའི་ཁུལ་ལ་མ་འཁྱོར་ལྕང་གྲོང་བློ་བཟང་ཆོས་གྲགས་ཀྱིས་ཀྱང་ཡིད་ལྷོད་ཅིག་ཤོར་བ་འདྲ་བས་ཇི་བཞིན་མ་ཟིན་འདུག་པས་རྐྱེན་བྱས་ཐུགས་ཚིག་སྟེ་ཐུགས་གཉེར་ཞེ་ཐག་པ་ནས་མཛད་འདོད་ཡོད་ན་འདི་འདྲ་མ་གནང་པར་བཀའ་མེད་ན་ཁྱེད་རང་ཐུགས་སུན་པ་ཞལ་ངོ་ཐུགས་འགྲོས་ཆེ་བ་ངེད་ཀྱང་དགོན་གོག་འདྲའི་ཁ་འཛིན་དང་བཅས་


GLG005_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བྲེལ་བ་ཡོད་ཁྱེད་རྣམ་པ་བླ་ཆེན་གྱི་རིགས་འདི་ཁྲི་མཐོན་པོར་བེར་གྱིས་བསྒྲིལ་པའི་ཟོབ་ཟོབ་དེ་གས་གསོལ་བ་ནི་ཕྱིད། རྗེ་གོང་མ་གཉིས་ཀྱིས་ཀྱང་ས་ལམ་དེ་གས་བགྲོད་འདུག་པ་སོགས་བདག་ཕོ་མ་སྐྱེས་པའི་ཞོར་ལ་བླ་མ་གཞན་ཚོར་ཡང་སྒྱུར་སྦྱང་བྱུང་བ་ཐུགས་དག་སྙམ་པ་ལས་རྒྱུ་མཚན་ནི་འབུལ་མ་ནུས། ལྕང་གྲོང་བློ་བཟང་ཆོས་གྲགས་ཀྱིས་ད་རུང་བལྡབ་དགོས་ཚུལ་ཞུས་སོང་བ་ལྟར་གནང་བྱུང་བས་ཟིན་ཙམ་བྱུང་འདི་རེས་ཐུགས་རྒྱལ་བཞེང་བར་འདུག །གཞན་མ་ལོ་སྔ་མ་མང་པོར་སྐུ་རྩེད་ལ་གཞོགས་དྲུང་པའི་ཁྱེད་རང་ཐུགས་གཉེར་ཡག་པོ་མཛོད་བླ་མ་རང་ཞིག་མཛད་པ་ཡིན་ནོ། སྡེ་པ་དམར་པོའི་རིགས་ལ་དགོས་པ་མེད་བྱེད་ན་སྡེ་པ་སྔོན་པོ་རང་དགའ་གསུང་བར་སྡེ་པ་དམར་པོ་སུ་ལ་ཟེར་ཞུས་པས་ཁྱེད་བླ་ཆེན་གྱི་རིགས་འདི་སྡེ་པ་དམར་པོ་རང་ཡིན་མོད་གནང་བ་འཕྲལ་ཉམས་འཆར་དུ་འདུག་ཀྱང་གཟུར་གནས་ཤིག་གིས་བརྟགས་ཚེ་ཐབས་ཀྱི་སྒོ་ནས་ཆོས་ལ་བསྐུལ་བའི་བསླབ་སྟོན་སྔ་ན་མ་མཆིས་པའོ། །ཟླ་བ་བཞི་པའི་འགོར་རྗེ་བླ་མ་གསང་ཕུ་དབྱར་ཆོས་ལ་ཕེབས། རྟ་ཚག་རྗེ་དྲུང་ལ་ཆོས་འབྲེལ་ཕྲན་བུ་ཕུལ་ཞིང་ཕེབས་རྫོངས་བྱས། སྡེ་པ་རྒྱ་རི་བ་དཔོན་བློན་ནས་ཨ་བར་ཚེ་དབང་དར་རྒྱས་འབོད་པར་གནང་བ་སླེབས། བྱ་གངས་དཀར་རྣམ་རྒྱལ་གཤེགས་པའི་བསྔོ་རྟེན་དང་། ལྷ་སའི་དཀར་མེ་ཐེབས་ཀྱི་རུ་བ་འབུལ་བར་མགྲོན་གཉེར་འཛོམ་པ་འབྱོར་དགེ་བ་རྫོགས་བྱང་དུ་བསྡོས། མཚན་ཉིད་ཀྱི་སྐབས་དབང་རྗེས་གནང་ཆོ་ག་བསྐང་གསོ་ཡིག་རྩིས་ཀྱིས་མཚོན་པའི་ཡོན་ཏན་གཞན་བསླབ་པ། འཇིག་རྟེན་གྱི་རྣམ་གཡེང་སྒྲོབ་སྒྲོབ་བྱེད་པ་མཐའ་དག་སློབ་གཉེར་གྱི་གེགས་ཁོ་ན་བྱེད་པས་ཨེ་ཕྱོགས་ལ་འགྲོ་


GLG005_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གྲབས་ཡུལ་གྱིས་དཔེ་ཆ་རིགས་ལུང་ཚང་མ་བཏང་སྙོམས་སུ་ལུས། སྔར་ནས་ལས་ཚན་སོགས་སྒྲོབ་ཆེན་བྱེད་སྲོལ་སྣང་བའི་སྟེང་གསོལ་དཔོན་རབ་བརྟན་གྱིས་གང་རྒྱས་རྒྱས་དགོས་ཚུལ་ཞུས་འདུག་པ་ལྟར་བླ་ཆེན་རྣམས་ཀྱི་དོམ་གཅིག་མོ་འཇིག་རྟེན་ཆོས་བརྒྱད་ཀྱི་སྤྲོས་པ་ཚར་དུ་དངར་བ་དང་བཅས་ཧོར་ཟླ་ལྔ་པའི་ཚེས་བཅུ་གཅིག་ལ་འབྲས་སྤུངས་ནས་བཏེག་ཆོས་ལུང་ན་ཁར་འབྱོར། དེ་ལོ་ཐན་པ་ཤིན་ཏུ་ཆེ་བས་ཞལ་ངོས་ཆར་འབེབས་གྱིས་གསུང་བ་གདམས་ངག་ནི་མཚན་ཉིད་པ་སྐམ་པོས་ག་ལ་ཤེས། འོན་ཀྱང་ཟུར་པ་ཤི་ཤཱཀ་འོད་ཀྱིས་བྲག་རྡོ་རྗེ་ཚེ་བརྟན་ནས་ཚེ་ཆུ་དང་ལྷན་དུ་གདན་དྲངས་པའི་ཕུར་པ་འུག་པ་ལུང་པའི་ནང་རྟེན་ཀུན་བཟང་རྩེ་བརྒྱུད་རྗེ་ནམ་མཁའ་རྒྱ་མཚོའི་ཕྱག་ཏུ་འབྱོར་པ་བླ་དྭགས་ལ་རྡོ་རྗེ་ཕུར་པར་གྲགས་ཤིང་མཚན་དངོས་པད་ཕུར་ཁམས་གསུམ་རྣམ་རྒྱལ་དུ་འབོད་པ་དེ་ཆུ་འགྲམ་དུ་གདན་དྲངས་ནས་སྐུ་ཁྲུས་གསོལ་བས་དེ་ནུབ་ཆར་དབའ་ཐོན་ཙམ་ཞིག་བབས། རྒོད་དཀར་ལ་བརྒྱུད་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་གཞི་དགོན་རྡོ་དགའ་ལྡན་རྣམ་རྒྱལ་དུ་སླེབས། ཞལ་སྔ་ནས་རྒྱ་ཆེན་པས་ཞག་གཉིས་སྡོད་དགོས་ཚུལ་བྱུང་བ་དང་སྒར་པ་མང་པོ་ཤ་ནད་ཀྱིས་ན་བ་འདོམ་པའི་བཅག་མལ་མི་བྱེད་ཀ་མེད་ལ་གཞི་བྱེས་ཐུགས་རྩེ་མཐུན། གྲ་ཚང་གིས་གཞིས་ལེན་དང་སྟེར་ཆ་བཟབས་ཤིང་སྐྱ་སེར་གྱི་ཁྲོམ་ལ་ཡི་གེ་དྲུག་པའི་བཟླས་ལུང་བྱས། བླ་མ་དུང་དཀར་བས་བསྐུལ་བའི་བཙུན་གསར་བྱེད་མཁན་ཡང་ཁ་ཤས་བྱུང་། གྲ་ཚང་གི་སློབ་དཔོན་ཟུར་པ་ཞལ་སྔ་ནས་བློ་གྲོས་རིན་ཆེན་གྱིས་པོད་ཆུང་དམ་ཕྲུག་དམར་པོ་འབྱར་བ་ཞིག་ཁྱེར་ཏེ་འདི་གུར་ཞལ་གྱི་བེའུ་བུམ་ཡིན་རྗེ་ཡོན་ཏན་རྒྱ་


GLG005_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

མཚོས་བདག་ལ་སྐོར་ཅིག་ཚགས་ཀྱིས་སླར་ཚུར་དགོས་པ་ཡོད་གནང་བྱུང་བས་ད་འབུལ་བ་ཡིན་ཟེར་གཏད་བྱུང་། པོ་ཏི་དེ་དཀོན་མོད་མ་ཤེས་པར་འབྲས་སྤུངས་སུ་བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་གཟུངས་བཞུགས་གནང་སྐབས་དཔེ་ཆ་དབྱེ་འབྱེད་ཀྱི་ཁྲོད་དུ་བསྐྱལ་བ་ཆོས་ཚན་རྣམས་གཏོར་ནས་མཆོད་རྟེན་སོ་སོའི་གཟུངས་བཞུགས་ལ་སོང་བར་སྣང་། ཕྱིས་སུ་བྱས་ཚེ་ཚར་ཆེན་ཆོས་ཀྱི་རྒྱལ་པོས། མུས་སྲད་པ་ནི་དཀར་ཆག་ཁྲིགས་ཆགས་ཅན། གསུངས་པའི་རྫོང་པོད་ཡིན་འདུག་པ་ནོར་མེད་དང་ཉམས་མེད་ཀྱི་དཔེར་སོང་། སྡེ་པ་བྲག་ཁ་བས་ཚེས་གཅིག་པ་བཏང་ནས་བྲག་ཁར་ཡོང་དགོས་ཚུལ་བྱུང་བར་ཞལ་ལེན་གནང་སོང་ཡང་སང་མི་བསྐྱར་མ་འོངས་པའི་ཁོང་རང་བསམ་ཡས་མདོ་སྡེའི་ཐུགས་བྲེལ་གྱིས་བཞུགས་ལོང་མི་ཡོང་འདུག །ཞབས་ཏོག་བྱེད་མི་རྐང་ཚུགས་འཇོག་ཟེར་བར་ཞལ་ངོ་མ་མཉེས་པའི་རྫོང་ལ་མ་ཕྱིན་པར་རྒྱ་གར་ཤར་གླིང་ཟེར་བ་དེར་མངའ་རིས་གྲ་ཚང་བླ་གཉེར་རྣམས་ཀྱིས་བཞེས་སྤྲོ་དང་ཇ་ཞུས་བྱས་ལྗངས་འཕྲང་འགོར་ཡར་ཀླུངས་སྣ་མོ་ཤག་པ་འཁོར་བ་དོང་ནས་སྤྲུགས་པའི་བུ་འབྲིང་པོའི་གཙུག་ཕུད་བླངས་པའི་དགའ་སྟོན་དུ་རྟ་རགས་གང་ཡོད་ལ་ཀར་རག་འགག་ལ་བཅལ་ནས་བརྒྱབ་པས་མཚོན་དཀར་སྤྲོ་བཟབས་པ་དང་སྟེར་ཆ་བཟང་པོ་བསྟར་དེ་ནུབ་ལྗངས་ནོར་བུ་གླིང་དུ་བསྡད། སང་ཀླུ་ཁང་གྲུ་ཁར་འོད་གསལ་ལྷ་རིགས་འཛིན་པ་ས་སྐྱོང་བློ་བཟང་མཐུ་སྟོབས་ཆོས་རྒྱལ་དཔོན་གཡོག་རྣམས་བསུ་བར་ཕེབས། ཞབས་དྲུང་ཉིད་དམར་སེར་གོས་ཀྱི་ལྷབ་ལྷུབ་དང་ལྡན་ཞིང་དྲུང་འཁོར་རྣམས་གཡུ་པད་ཀོང་རྣ་སོགས་བོད་ལུགས་ཀྱི་རྒྱན་བཀོད་བཟབས་གཤོམ་དང་བཅས་སྔ་དུས་ཀྱི་སྡེ་སྲིད་


GLG005_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཁུངས་བཙུན་པའི་སྒྲིགས་སྲོལ་བཟང་པོ་བག་དྲོ་བ་ཞིག་འདུག །ཕྱོགས་དེའི་དགོན་པ་རྣམས་ཀྱི་སེར་སྦྲེང་དང་ཁྲོམ་སྨུག་ཆིལ་ལེ་བའི་གཞུང་གཤགས་ཆད་དཀར་རྫོང་དུ་སླེབས། སུམ་སྐས་སོགས་ཀྱི་འགོར་ཁ་བཏགས་བསྣམས་ཏེ་ལག་པ་ནས་འཐེན་པའི་སྒྲིགས་མ་དམ་པར་འདུག་གཞིས་ལེན་བཟབས་རྒྱས་མཛད། ཉིན་ལྟར་མཆོད་ཡོན་གདན་འཛོམ་པའི་ཇ་སྦྱོར་གསུམ་རེ་ཙམ་བཞུགས་ནས་ཞབས་དྲུང་ཉིད་དང་ཚ་བ་དཀའ་བཅུ། མཁར་ནག་ལོ་ཙཱ་བ། དྲུང་འཚོ་དབོན་པོ་རྣམས་གསུང་འཕྲོས་རྒྱུ་འདོན་སྤུན་འདོན་གྱིས་སྨར་བར་མཛད། རང་ལ་བྱིངས་དང་མཐུན་པའི་ཀུན་སློང་གི་འཆིང་བ་དམ་པོ་ཞིག་ཡོད་པས་ཞབས་དྲུང་དེ་ཀར་རྙིང་ལ་མོས་པའི་གཤའ་མ་རང་མིན་པ་འདུག་སྙམ་དག་སྣང་མ་བྱུང་། ཞི་བ་ལྷས། སེམས་ཅན་མོས་པ་སྣ་ཚོགས་པ། །རྒྱལ་བས་ཀྱང་ནི་མི་མགུ་ན། །བདག་ལྟ་ངན་པས་སྨོས་ཅི་འཚལ། །ཞེས་པའི་དོན་དེ་མ་གོ་བའི་སྐྱོན་དུ་གདའ། ཆད་དཀར་ཆོས་སྡེ་སྤྱི་སོས་གཞིས་ལེན་དང་བདོག་པའི་སྐྱེས་བཟང་བ་བསྟར་ཅིང་ཁྲོམ་ལ་བྱང་ཆུབ་ལམ་རིམ་ནས་ཆོས་ཐུན་གཅིག་བཀླགས། དྲུང་འཚོ་དབོན་པོས་དཀའ་བཅུ་བར་གསུང་བཤད་མ་མཛད་པ་ཡིན་ལབས་འདུག་ཀྱང་ལམ་རིམ་ལ་སོ་ཐེབས་ཀྱིན་མེད་པས་མེད་པར་ཁྱེར་ཤོག་དང་ཤི་བར་ལོང་ཤོག་ཅི་ལ་ཡོང་། སང་རི་སྒོར་བཏེག་ཞལ་ངོ་བཀྲ་ཤིས་ཀྱིས་གཙོས་པའི་དྲུང་འཁོར་དམངས་མ་རྣམས་མཆོར་ཆས་ཀྱིས་རྒྱང་རིང་ནས་བསུ་བ་དང་། གསོལ་དཔོན་མ་ཆེན་བློན་པོ་མགར་ལྟ་བུའི་བག་དྲོ་ཉམས་ཀྱིས་རྫོང་ནས་ཚ་ཁད་གཅིག་ཙམ་གྱི་སར་ཐབས་བསུར་འབྱོར། དྭགས་པོ་གྲ་ཚང་པ་དང་ཨེ་དགོན་བདུན་གྱིས་


GLG005_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གཙོས་པའི་གྲུབ་མཐའ་རིས་མེད་ཀྱིས་སེང་སྦྲེང་། སྐྱེ་བོའི་ཁྲོམ་ཁྲི་ཕྲག་གིས་བསུས་ཏེ་ལྟག་རྫོང་གསར་བརྒྱབ་བཀྲ་ཤིས་མཐོང་སྨོན་གྱི་དྭགས་པོ་གྲ་ཚང་གི་འདུ་ཁང་སྟེང་དུ་སྡོད་ས་བྱས། ཟླ་བ་ཕྱེད་གཉིས་ཙམ་བསྡད་པའི་ཞག་ཉི་ཤུ་རྩ་འདྲེན་གྱི་བར་གཟིམས་ཤག་ནས་རྒྱུན་གྱི་ནར་མའི་རྙེད་བཀུར་དང་ཐོག་མཐའ་བར་གསུམ་དུ་དཀར་སྤྲོ་དམར་སྤྲོའི་གཞིས་ལེན་གྱི་ཚེ་ཐུད་སྒྲོམས་སོགས་འཛུགས་ཆེན་ལྔ། ཞལ་ངོ་དང་བླ་མ་རྣམ་པར་མདུན་ཅོག་བང་ཁེབས་བཤུར་ཐག་གཏོང་བ་སོགས་སྡེ་དཔོན་གྱི་སྒྲིགས་སྲོལ་ཤིན་ཏུ་དམ་པར་འདུག །དཔོན་ས་ཨ་ནེ་དྲུང་གིས་གཙོས་ཞལ་ངོ་རྣམས་དང་གསོལ་དཔོན་པས་ཐོག་དྲངས་པའི་ཉི་ཤུ་སྐོར་ལ་ཞོགས་ལྟར་གྱིས་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཚར་བཅུ་ཙམ་རེ་བསྐུར་བའི་བརྒྱ་རྩ་གྲུབ་རྗེས་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན། རིགས་གསུམ་མགོན་པོ། སྒྲོལ་དཀར། ཕྱག་དྲུག་པ་རྣམས་ཀྱི་རྗེས་གནང་། ཆོས་སྐྱོང་སོ་སོའི་བསྐང་གསོའི་ལུང་དགོས་གསུང་བ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ནང་ན་གང་འདུག་གི་ཉེར་མཁོའི་ལུང་ཕུལ། འཇིགས་བྱེད་ཀྱི་སྒྲུབ་ཐབས་ཟ་མ་ཏོག་གི་ལུང་མ་ཐོབ་ཀྱང་ཉམས་སྣང་ཞིག་མ་བྱུང་བར་ཀློག་པ་ཐལ་སོང་བ་བླ་མ་ཞིག་གིས་བདག་གིས་མ་ཐོབ་ཀྱང་ཁྱེད་སྐུ་གལ་ཆེ་བས་འབུལ་ཟེར་བའི་དཔེར་སོང་། མདུན་གྱི་རྡོ་གཅལ་དེར་དྭགས་པོ་གྲ་ཚང་པ་དང་དྲུང་འཁོར་ཁྲོད་དུ་ཆོས་འཁོར་གླིང་པ་ཡོད་པ་རྣམས་བགྲོ་གླེང་ལ་རྩེལ་མཁྲང་ཆེན་པོ་བྱེད་འདུག་པ་ཚོར་བས་དེ་ཁྲོད་དུ་ཕྱིན་ན་སྙམ་པའི་གདན་ཁར་སྡོད་མི་ཚུགས་པ་ཙམ་བྱུང་། ཞག་གསུམ་བཞི་ནས་དྭགས་པོ་གྲ་ཚང་རྒྱལ་དབྱར་ཆོས་ལ་བཞུད་པའི་རིགས་ལུང་བྱེད་མཁན་མེད་པར་ཁུ་སེམ་མེ་བྱུང་


GLG005_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བས་མིག་དང་ལིང་ཏོག་གི་དཔེ་ལྟར་བློ་ལྷོད་ཀྱིས་སོང་རི་སྒོ་ཆོས་སྡེ་བས་དྭགས་པོ་གྲ་ཚང་པའི་འདུ་ཁང་དུ་གཞིས་ལེན་དང་ཟང་ཟིང་གི་དངོས་པོ་བསྟར། གླེགས་བམ་བུ་ཆོས་ཀྱི་ལེའུ་གཅིག་ཀྱང་བཀླགས་ལུང་དུ་བཤད། ཉ་སྟོངས་བརྒྱད་གསུམ་ལ་གཟིམས་ཆུང་དུ་དཔོན་བློན་རྣམས་དང་རྡོ་གཅལ་དུ་ཁྲོམ་ལ་བསྙེན་གནས་ཀྱི་སྡོམ་པ་ཕབ། སྨྱུང་གནས་རས་པས་བསྙེན་གནས་ཉི་མ་ཤར་ནས་བྱས་པའི་མིག་ལྟོས་ཀྱིས་དུས་ལ་མི་འཚོགས་པར་བླ་མ་དུང་དཀར་བས་ཁྲོམ་གཏམ་བཏང་བས་རྗེས་མ་ཚོར་སྔ་བ་བྱུང་། བྱང་ཕྱོགས་ཀྱི་ཐང་ཡངས་པོ་དེར་རྡོ་ཁྲི་ལེགས་པོ་བརྩིགས་པའི་སྟེང་དུ་བོས་པའི་གསོལ་དཔོན་པས་གསེར་ཞོ་བརྒྱ། རྟ་ཁྲབ་ཁྲོ་ཟངས་མར་བཙོད་གོས་སྣམ་སོགས་བརྒྱ་འབུལ་ཚར་དུ་དངར་བར་བསྔོ་བ་དང་ཁྲོམ་ཁྲི་ཕྲག་བརྒལ་བར་ཚེ་དབང་བྱས། གཉལ་སྡེ་དྲུག་གི་སྣེ་མོ་ལས་འཛིན། བྲག་སྣ་ཆོས་རྗེས་ཐོག་དྲངས་རྙིང་མ་ཀར་འབྲུག་སྨྱུང་གནས་པའི་དགོན་ཆེ་ཆུང་། སྟོད་སྨད་ཀྱི་ཡོན་བདག་མང་པོ་ཕྲད་པར་བྱུང་། གསོལ་དཔོན་པས་ཁུར་བླངས་ཨ་སེ་མདོར་དགོན་རྫོང་ཟུང་འབྲེལ་རྒྱབ་པར་ཡོང་དགོས་ཚུལ་ལྟར་ཕྱིན། མཁར་ལས་ཕྱེད་ཙམ་གྲུབ་འདུག་པར་བཀྲ་ཤིས་ཀྱི་མེ་ཏོག་གཏོར། ཁྲོམ་སྟོང་ཕྲག་གསུམ་ལྷག་འདུག་པར་བླ་མའི་རྣལ་འབྱོར་དང་མ་ཎིའི་བཟླས་ལུང་ཕབ། འདི་དག་གི་སྐབས་ཁྲོམ་ཆོས་བྱས་པ་སྔ་ཕྱིར་འཇའ་སྤྲིན་དང་མེ་ཏག་གི་ཆར་སོགས་ལྟས་ཡ་མཚན་པ་རེ་བྱུང་འདུག་པ་ཨེ་ཕྱོགས་འདི་རྗེ་དགེ་འདུན་རྒྱ་མཚོ་ནས་བཟུང་དད་མོས་ཤིན་ཏུ་ཆེ་བས་བླ་མ་དེ་ཉིད་དངོས་ཡིན་སྙམ་པའི་དད་པའི་ཤུགས་ཀྱིས་རྡོ་ལ་རིང་བསྲེལ་བྱུང་བར་


GLG005_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གདའ། ལམ་ཞོར་དུ་གློག་དགོན་པར་དྲོ་བསྟབ་དེར་བསམ་ཡས་པ་དང་གཅིག་པར་གྲགས་པའི་རྒྱལ་པོ་ཞིག་འདུག་པར་སྙན་དར་ཕུལ། སྒྲོལ་དཀར་གྱི་བཀའ་བབ་མཉམ་མེད་སྒྲེ་པའི་གཟིམས་ཕུག་མཇལ། ཞལ་ངོ་དང་བླ་མ་དུང་དཀར་བ་གཉིས་ཀྱི་སྟབས་དང་བསྟུན་པ་ལས་མཚན་ཉིད་པ་རྒན་པོའི་ཉམས་ཀྱིས་གནས་སྐོར་ལ་དག་སྣང་ཤིན་ཏུ་ཆུང་། རི་སྒོར་སླེབས་བསྟུན་རྒྱ་རི་གཞུང་ནས་ཞག་ཉི་ཤུ་སྐོར་རྒྱུན་གྱི་རྙེད་བཀུར་དང་རྫོང་དུ་བོས་ནས་གཞིས་ལེན་སྟེར་སྦྱིན་བཟབས། ཕར་ཡང་དཔོན་བློན་རྣམས་ལ་ཤངས་ལེན་ཆེས་པས་ཚུར་བྱིན་ལ་ངོ་སོ་མ་བྱུང་དོགས་པའི་གསོལ་དཔོན་པས་ད་ལམ་འདི་འདྲ་རང་མ་གནང་ན་ཡོང་རྒྱུར་འདུག་གླེང་སྐད། སེར་སྦྲེང་གི་མང་འགྱེད་ཀྱིས་མཚོན་སྐྱ་སེར་ཚང་མར་གང་ལ་གང་འཚམ་གྱི་སྟེར་ཆ་གྱ་ནོམ་པས་ཐུགས་དམ་བསྐང་། རྣམ་རྒྱལ་སློབ་དཔོན་པས་གཙོས་གྲ་ཚང་གི་གྲ་པ་ཉི་ཤུ་ཙམ་ཡོད་པས་གསོལ་དཔོན་པའི་འདོད་པ་ལྟར་གཏོར་རྒྱག་ཅིག་བྱས། རྒྱལ་མཚན་སྐོར་པའི་གོ་མ་བཟབས་མཆོར་དུ་བཤམས་འདུག །ངེད་རང་ཆུང་ངུ་ནས་ཡུལ་འཁྱར་བའི་མི་ལ་གཉེན་སྲེད་ཀྱི་བེད་མི་འདུག་ཀྱང་ཨ་ནེ་དྲུང་པ་ཚུར་ཕན་ཐོགས་དྲགས་པའི་གལ་ཆེ་བ་ཡོད་པ་མུ་ཏིག་གི་འཕྲེང་བ་ལེགས་པ་ཞིག་ཕུལ། རོང་ཆད་དཀར་དུ་ཞག་བཅུ་བསྡད་ནར་མ་དུས་སྟོན་བདོག་སྐྱེས་བཟང་བར་མཛད། ཞབས་དྲུང་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བརྒྱ་རྩ། རྟ་མགྲིན་གསང་སྒྲུབ། ཕྱག་དྲུག་པའི་རྗེས་གནང་རྣམས་ཕུལ། ཆོས་རྗེ་ཁྲ་རི་བས་གཙོས་སུམ་བརྒྱ་ཙམ་ལ་བསྙེན་གནས་ཀྱི་སྡོམ་པ་ཕབ། ཞབས་དྲུང་གི་བླ་མ་བྱང་པ་རྫོགས་ཆེན་པ་ནམ་མཁའ་


GLG005_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་སྒྲ་ཕྲད་པར་བྱུང་ཁོང་སྔགས་རྙིང་མ་ལ་མཁས་གྲུབ་འཛོམ་ཞིང་ཕ་དམ་པའི་སྤྲུལ་བར་ལུང་གིས་ཟིན་པ་ཡིན་འདུག་ཀྱང་དེ་དུས་ནི་རལ་ཅོག་མགོ་འདི་འདྲ་ཞིག་བསམ་པའི་ལོག་རྟོག་ཤར། ཀླུ་ཁང་གྲུའི་བར་ཞབས་དྲུང་སྐྱལ་མར་ཕེབས། ངེད་གྲུ་མ་ཐོན་རིང་ཆུ་འགྲམ་ནས་ཐལ་མོ་སྦྱར་ཏེ་བཞུགས་པར་རྒྱུས་མེད་རྣམས་ཐུགས་དད་ཆེ་བར་ཧ་ལས། ཁོང་མི་ཆེན་གྱི་རྫུ་བཟང་བ་མ་གཏོགས་རང་ཕྱོགས་ལ་ཆོས་མཐོང་ཡོད་སྐད་མི་འདུག །མཁར་ལྟག་ཏུ་ལྷ་ངག་གི་དབང་ཕྱུག་གིས་སྟོབས་འབྱོར་དང་བསྟུན་གང་ཡོད་སྤྲུག་སྤྲུག་སིག་སིག་མཛད། ཁོང་བཟང་པོ་གུད་པར་སོང་བའི་ཕལ་ཆེར་གྱི་བརྙས་བཅོས་བྱེད་ནའང་ཞལ་ངོས་ལས་རྒྱུ་འབྲས་ཀྱི་བཤད་བཤད་མི་མཁྱེན་རུང་ཁྲེལ་ངོ་ཚ་མ་བོར་བའི་གནས་དུས་ལ་མ་གཟིགས་པར་བདག་རྐྱེན་ལེགས་པོ་མཛད་སོང་། རྗེ་ཕ་བོང་ཁ་པས་རྗེ་དགེ་འདུན་རྒྱ་མཚོའི་འཕྲིན་ལས་ཀྱང་མཁས་གྲུབ་ནོར་བཟང་པ་དང་དཔོན་སློབ་ཏུ་འབྲེལ་ནས་རྒྱས་པ་ཡིན་པས་ད་ལམ་ཀྱང་རིན་ཅེན་སྒང་གི་སྐུ་འདྲ་རིན་པོ་ཆེ་ཅིས་ཀྱང་མཇལ་དགོས་ཞེས་ཞལ་ངོར་སྙན་སྒྲོན་གནང་བ་ལྟར་རིན་ཅེན་སྒང་དུ་རྟེན་མཇལ་ལ་ཕྱིན། ཆུ་ཚན་ཁར་ཞག་བཞི་བསྡད་རྫོང་དཔོན་ཁང་དམར་ནས་བཀྲ་ཤིས་ཀྱིས་བཅུ་ཕོགས་ཤིག་དང་བཞུགས་གྲལ་གྱི་གཞིས་ལན་དང་སྟེར་སྦྱིན་བསྟར། རྒྱལ་བ་བཙོང་ཁ་པས་སངས་རྒྱས་སུམ་ཅུ་རྩ་ལྔའི་ཞལ་གཟིགས་པའི་གནས་ཆོས་ལུང་མཇལ་བར་ཕྱིན། རི་ཁྲོད་པ་རྣམས་ལ་བླ་མའི་རྣལ་འབྱོར་ཕུལ་སྐབས་འཇའ་སྤྲིན་དང་མེ་ཏོག་གི་ཆར་བྱུང་བར་རྫོང་དཔོན་དཔོན་གཡོག་ཀྱང་ཡ་མཚན་དུ་འཛིན། སྟོད་སྨད་ཀྱི་སྐྱ་སེར་ཕྲད་མི་རྣམས་ལ་བྱིན་རླབས་བསྔོ་སྨོན་ཆོས་འབྲེལ་སོགས་འདོད་


GLG005_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བྱས། བསམ་གླིང་གི་མདོར་སྤྱི་སོས་བསྙེན་བཀུར་བའི་དུས་སློབ་དཔོན་བསྟན་པ་རྒྱ་མཚོས་ཆོས་ཀྱི་གླེང་མོ་མཛད། ཕྱིས་ཀྱི་དགེ་བཤེས་ཆེ་ཡང་ཡོན་ཏན་ལ་བལྟོས་པའི་འཕྲིན་ལས་མི་འདུག་པ་མཁས་པ་ལག་པ་སྟོང་པར་འགྲོ་བའི་དཔེར་མཆིས། དགེ་འདུན་རྣམས་ཀྱིས་བསུ་བ་སེར་སྦྲེང་དང་བཅས་ཆོས་འཁོར་རྒྱལ་དུ་སླེབས། གཉེར་པ་དགེ་འདུན་ཆོས་གྲགས་ཤོགས་ཆེ་བའི་དྲག་ཞན་ཚང་མར་རྒྱུན་གྱི་རྙེད་བཀུར་བཟང་བས་དམངས་མ་རྣམས་མགུའང་ཞལ་ངོ་མ་མཉེས་པའི་ཆུང་བཅད་མཛད་པར་གཉེར་པས་འདི་འདྲའི་ཟོག་རྙིང་མི་ཡོང་སྟོན་མགྱོགས་པོ་སླེབས་ཡོང་ཞེས་འབྲོག་རྟགས་ཀྱི་ཞུ་བ་ཕུལ། དབྱར་ཆོས་དང་ཐུག་པས་བག་དྲོ་ཞིང་གྲ་ཚང་ཁག་དང་ཕྱུག་པོ་རྣམས་ཀྱིས་སྣེ་ལེན་རྒྱས་པར་བྱུང་། རི་མཐིལ་གྱི་མགོན་ཁང་རྣམས་མཇལ་ཞིང་གཏོར་གསོ་བྱས། གླིང་སྨད་ཞབས་དྲུང་ར་བ་སྟོད་པའི་རྒྱུན་གྱིས་དུས་བཟང་ཆོས་སྤྱོད་ལ་མཉེས་པའི་སྟབས་ཀྱིས་ཆོས་འཁོར་གླིང་པའི་ཆོས་ཐོག་སྐབས་འཕྲལ་འཕྲལ་ཡོང་གིན་ཡོད་པའི་བག་ཆགས་ཀྱིས་བྱམས་ཁང་དུ་མངའ་དགས་གཉིས་ཀྱི་དུས་བཟང་ཆོས་སྤྱོད་ཅི་རིགས་པར་ཕྱིན། ལར་མཚན་ཉིད་པའི་དུས་འདིར་བླ་ཆེན་གྱི་བཟང་རྫུ། མི་ཆེན་གྱི་སྒྲིགས་མ། སྒོམ་ཆེན་གྱི་སྦུབས་སྡིར། སྔགས་པའི་བརྟུལ་ཞུགས། བླ་ཆུང་གི་མི་ཆོས་སོགས་རེ་དོགས་གང་ཡང་མི་དགོས། དགེ་འདུན་སྤྱི་ཁྲིམས་དང་མ་འགལ་ཞིང་དཔེ་ཆ་རིགས་ལུང་ནུས་ཕྱིན་རྣམ་གྲངས་མང་པོའི་གཡེང་བའི་རྡོ་ཞྭ་དང་སོ་ཕག་གི་ཁྲེས་པོ་ནི་མེད། སྣང་བ་གདོང་གཏད་ཀྱི་ཉམས་འཆར། འཕྲལ་བློ་བདེ། ཕུགས་ཞེ་གཙང་། ཆོས་སྤྱོད་ཀྱི་གདངས་དང་ཐལ་སྐད་ཀྱི་སྒྲ་ཐོས་ཚེ་སྙིང་ཁོང་བདེ་སང་སང་ཡོང་བའི་ཆོས་པའི་ཡང་རྩེར་


GLG005_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དོ། །དབྱར་ཆོས་ཀྱི་མཇུག་གི་སྨོན་ལམ་གྱི་ཚོགས་དབུ་བྱས། སྔ་དྲོ་འཁྲུངས་རབས་ནས་ཆོས་ཐུན་རེ་བཤད། སྨོན་ལམ་གྱི་དུས་དབུ་རྒྱན་སོགས་མཆོད་རྫས་འགའ་ཞིག་ལ་སོ་སོའི་མཇུག་ཏུ་མཐུན་འགྱུར་བྱེད་དགོས་ཀྱིན་འདུག་པས་ལྷ་ས་སྨོན་ལམ་དང་མི་འདྲ་བའི་རིག་པ་བགྲུངས་བགྲུངས་པ་བྱེད་དགོས་པར་སྣང་། བད་རིམ་པ། ལྕང་ར་བ། སྒྲོམ་མདའ་བས་མཚོན་པའི་སྐྱ་སེར་མང་པོ་ཕྲད་པར་བྱུང་བའི་རེ་བ་བསྐང་། དྭགས་པོ་གྲ་ཚང་སློབ་དཔོན་བྱམས་པ་ཆོས་མཆོག་པའི་རྩི་བཞག་གི་ཟིན་བྲིས་གནས་གསུམ་པ་ཞིག་མཐོང་བར་བློ་སོང་ནས་རྣམ་གཡེང་གི་སྲུབས་དབར་ལ་བཟུང་། སྟོན་གཞི་བྱེས་མཐའ་དག་ཆོས་ཐོག་དང་བསོད་སྙོམས་ལ་ཕྱོགས་སོ་སོར་བཏེག །སྒར་གྱི་དྲུང་འཁོར་ལག་དོ་རྣམས་ཀྱང་དྭགས་རོང་གི་ཤིང་བདག་མེད་གཅོད་པར་སོང་བས་ཤིན་ཏུ་འགོལ། ཞལ་ངོས་བདུན་ཕྲག་གཅིག་མཚམས་གྱིས་གསུང་བ་ངོ་མ་སྤོངས་པར་བཀའ་གདམས་ཕོ་བྲང་དུ་བསྡད་ཀྱང་བསྙེན་སྒྲུབ་དང་སྒོམ་སྒོམ་སེམས་སེམས་ལ་ཤེས་འདོད་ཀྱང་མེད་ཅིང་ཤེས་ཀྱང་མི་ཤེས་དཔེ་ཆར་བལྟས་ན་ནི་གཞན་གྱིས་འཕྱད་དོགས་ཞག་བདུན་པོ་དེ་ལོ་ལས་རིང་བ་ལྟ་བུའི་དཀའ་བ་སྤྱད། ལྷ་ཐོག་སྟེང་གི་མཚོ་མཇལ་ལ་ཕྱིན་ཕྱག་ཆེན་པ་དཀའ་བཅུ་བག་དྲོས་མཛད་ཁོང་ངོ་ལྐོག་མེད་པའི་ཆོས་པ་བཟང་པོ་ཞིག་སྣང་། སྤྱན་རས་གཟིགས་ཀྱི་མཚོ་ནས་སེར་འབྲས་དགེ་གསུམ་དང་ལྷ་ས་གསལ་པོ་བསྟན་བྱུང་བས་ཐམས་ཅད་ཡ་མཚན་ཞིང་སྟར་སྡོང་མགྲོན་གཉེར་ཧ་ལས་དྲགས་ཏེ་ལབ་རྒྱུའང་མི་འདུག །སྒྲོལ་མ་དཀར་སྔོན་གྱི་མཚོ་ནས་གོང་ཡུལ་ཐོར་རེ་བ་བསྟན། རྟ་མགྲིན་གྱི་མཚོར་ཟླ་བོ་རྣམས་ལ་ནི་མ་བྱུང་ཟེར་


GLG005_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་མཐོང་སྣང་ལ་མཁར་དམར་པོ་ཐོག་གསུམ་པ་སྤེལ་སྤེལ་ཞོལ་ཅན་སྒོ་སྒེ་ཁུང་མེད་པ་ཞིག་བྱུང་། དྭགས་ཀྱི་ཤིང་གཅོད་ས་དེ་ས་གཉན་པོ་ཡིན་འདྲ་བས་རྒྱ་གླིང་པ་ཚེ་དབང་དོན་གྲུབ་རྐང་པ་ཆག་ཁ་འཐབ་འདྲ་དང་བཅས་ཆམ་རྒྱུའང་མ་བྱུང་ཞིང་དེ་གའི་འཚུབ་ཀྱི་རྣམ་པས་ཞལ་ངོ་ཟ་འཕྲུག་གིས་མཉེལ་ལ་ལ་གཟིམས་ཆུང་སྦུག་གི་གཏོར་རྙིང་རྣམས་བཤིག་པས་ལན་འདྲ་ཟེར། གང་ལྟར་འཕྲོད་བསྟེན་དུ་དཔོན་གཡོག་ཉུང་བསྡུས་ཆུ་ཚན་ལ་ཕེབས། དམངས་མས་རྫིང་ཕྱིར་ཕྱིན་ཞག་བཞི་བསྡད་སྤྱི་སོ་དང་ཕྱུག་པོ་མང་བས་བསྙེན་བཀུར་གྱི་བཞུགས་གྲལ་ལ་མཁར་ལོ་དང་སོག་པོ་དགེ་འདུན་རྒྱ་མཚོ་གཉིས་ཀྱིས་གྲལ་འཕྲོས་བྱས། མཁར་ལོ་འདི་ཀ་ཙན་ལ་མ་སྦྱངས་ཀྱང་འཕྲལ་སྐད་བདེ་ཞིང་རྡོ་རྗེ་གདན་ཚུན་བསྐོར་བ་བཀའ་བསྟན་འགྱུར་ཆོས་འབྱུང་ལོ་རྒྱུས་ལ་འདྲིས་པའི་ཡོན་ཏན་ཅན་ཡིན་ཀྱང་རྫས་བསོད་ཆུང་བས་མི་གྲལ་དུ་ཆུད་པོ་མི་འདུག །ཁྲོམ་ལ་ཉི་མ་དང་པོར་འཁྲུངས་རབས་ཀྱི་ཆོས་ཐུན་གཅིག་དང་། ཉི་མ་ཕྱི་མར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བྱས། མཁར་ལོས་འཁྲུངས་རབས་ཀྱི་བཤད་པ་ལེགས་བྱུང་ཟེར་བ་མགུ་བ་ག་ལ་ཡིན་ཀྱང་ཆོས་འདོན་མ་བྱས་པ་རྟགས་སུ་བཀོད་པ་ཡིན་འདྲ། ཆུ་ཚན་ཁར་ཞག་གཉིས་བསྡད། བླ་མ་དུང་དཀར་བ་སྟེང་གྲིབ་འདྲ་མོ་ཞིག་གིས་ན་བར་ཚེ་རྟ་ཟུང་འབྲེལ་བྱས། ནད་གཞི་མེད་པར་ཆུ་ཚན་ཁ་ཤས་བརྒྱབ་པ་སྒྲོ་ཞྭའི་སྐྱོན་དུ་འདུག །སྡེ་པ་བྲག་ཁ་བས་ཨ་བར་དངོས་གྲུབ་བཏང་ནས་ནན་ཆེན་གྱིས་ཡོང་དགོས་ཚུལ་ལྟར་མཁར་ལྟག་བརྒྱུད་ནས་ཕྱིན་སྡེ་པ་དཔོན་གཡོག་བོད་ཆས་འཆོར་ལ་ཕོ་ཉམས་ཀྱང་མ་ཤོར་བའི་རང་ལུགས་མ་ཉམས་པ་དང་བཅས་ལྗངས་འཕྲང་གི་སྨན་ཆུ་ཡོད་སར་བསུ་བར་བྱོན་པའི་གུང་གི་


GLG005_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དྲོ་བཤམས། སྐྱེ་བོའི་ཚོགས་ཆེན་པོ་བཤགས་རྫོང་དུ་སླེབས། གུང་ཚིགས་བསྐྱར་ནས་འདྲེན་གསུང་བ་མི་འགབ་ཚུལ་ལབས། དགེ་ལུགས་ཕྱོགས་ལ་དེ་འདྲའི་སྲོལ་མི་འདུག །ཁོང་དཔོན་གཡོག་ཀར་ལུགས་པའི་སྦྱིན་བདག་ཏུ་སོང་བའི་སྤྱན་ལྟོས་ཡིན་པ་འདྲ། ཞག་བཅུ་ཙམ་སྡོད་གསུང་ཡང་བྱང་དུ་སོག་པོ་སླེབས་པའི་སྦིར་གཏམ་གྱིས་གཙང་སྡེ་སྲིད་ནས་ཚོན་རྩིའི་ཚབ་ལ་བཀྲ་ཤིས་ཁ་བཏགས་བཅུག་པའི་བཀའ་ཤོག་ཞལ་ངོར་གཅིག་རྗེས་གཅིག་ནོན་སྐྱེལ་མི་སླེབས་པས་ཞག་གཉིས་ལས་སྡོད་མ་ཁོམ་དེ་བར་བསྙེན་བཀུར་གྱ་ནོམ་པ་མཛད། མངའ་རིས་གྲ་ཚང་ནས་ཀྱང་གཞིས་ལེན་བཤམས་ཤིང་སྟེར་ཆ་བྱུང་། བདེ་ཆེན་ཚལ་དུ་ཕྱིན་རྩེ་ཚོགས་མཁན་པོ་ཁང་དམར་པས་གཙོས་པའི་ཡར་ཀླུངས་ལྷོ་བྱང་གི་སྐྱ་སེར་ཕྲད་མི་སྟོང་ཕྲག་ཕྱེད་གསུམ་ཙམ་དང་རྫོང་དུའང་རྩེད་ཐང་ལྔ་མཆོད་པ། རི་བོ་ཆོས་གླིང་པ། རབ་བརྟན་ཤར་པ། ས་བ་གྲུ་པ་སོགས་སླེབས་བྱུང་། སྡེ་པ་དཔོན་གཡོག་ལ་ཚེ་རྟ་དང་དཔོན་ས་ཤར་སྟོད་མར་སྒྲོལ་དཀར་གྱི་རྗེས་གནང་བྱས། ཁོང་དཔོན་གཡོག་སོག་ཆས་ཤིན་ཏུ་ཉམས་དོད་པའི་གྲ་འགྲིག་གིས་སྐྱེལ་ཐུང་ལ་རྒྱང་ཙམ་བྱོན། ཞྭ་འབེམ་དང་རྟ་ལྕག་འདྲད་པ་སོགས་སྒྱུ་རྩལ་གྱི་རྣམ་འགྱུར་མང་དུ་བསྟན། ལྷོ་ཁ་ཕྱོགས་ཀྱི་དྲུང་འཁོར་འདྲ་ཡང་ཁ་ཤས་འདུག་པ་འབེམ་ལ་ས་པ་གྲུ་པའི་དམག་དཔོན་བཀྲ་ཤིས་འབྲུག་མ་གཏོགས་ཐེབས་མཁན་མ་བྱུང་བས་བྲག་ཁ་ནས་དཔོན་གཡོག་རྣམས་ཞལ་ཅུང་ཟད་སྐྱེངས་འདུག་ཟེར། རི་བོ་ཟིལ་གནོན་དུ་གྲགས་པའི་གསར་མ་ལེགས་པ་ཞིག་སྟེར་བ་མཛད། སྣེའུ་སྡོང་རྩེ་ནས་ཞབས་ཏོག་ཆེ་བ་ཨེ་ཡོང་མི་ཤེས་ཀྱང་མི་རབས་མང་པོའི་བར་གྱི་མཆོད་ཡོན་ཐུགས་


GLG005_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

འདྲིས་ཆགས་ཤིང་ཁྱད་པར་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དང་ཞབས་དྲུང་ངག་དབང་གྲགས་པ་གཉིས་ཐུགས་ནང་ཤིན་ཏུ་གཙང་བ་ནས་ད་ལམ་གདན་འདྲེན་ཞིག་གནང་ཡང་ཡོང་། དེང་སང་སྐུ་སྟོབས་ཧ་ཅང་མི་ཆེ་རུང་བོད་ཤིང་སྒོ་ཅན་གྱི་རྒྱལ་པོ་ཡིན་པས་རྟེན་འབྲེལ་དང་ཕྱི་ཡུལ་གྱི་མཛེས་ལམ་ཚང་མར་ཕན་པ་འདུག་གཤིས་དཀའ་ལས་ལ་མ་བརྩེགས་པར་ཕེབས་ཐུབ་པ་བྱེད་ཅེས་ཞལ་ངོས་ཐུགས་ནང་གཙང་ས་ཚོར་གསུང་གིན་འདུག་ཀྱང་དེ་འདྲའི་འཕྲོས་ཙམ་ཡང་མ་བྱུང་། བདག་མོ་སྐུ་ཉེ་གཉེན་ཕྲད་ལ་སྒེར་པ་གྲུར་འབྱོན་རྒྱུ་ཡིན་ཟེར་བའི་མི་ཞིག་སླེབས། གྲུ་ཁར་གཟིམས་གུར་ཡོལ་སྒོར་གསོལ་ཐབ་སོགས་གྲ་སྒྲིག་ཆེ། བྱིངས་རྣམས་དམག་དོན་གསུམ་གྱིས་གཙོས་དྲུང་འཁོར་རགས་ཤིང་ཕག་མོ་གྲུ་བའི་བདག་མོར་འོས་པའི་ལས་ཚན་སྒྲིགས་བཀོད་བག་དྲོ་ཆིལ་ལེ་བ་སྣང་། བཞུགས་གྲལ་གྱི་སར་འབྲས་སྤུངས་སྤྱི་སོའི་འབོད་མི་ཏ་ཞིང་ཆོས་རྗེ་དང་ས་པ་གྲུ་པའི་ནང་སོ་བློ་བཟང་པ་གཉིས་ཀྱིས་གྲལ་འཕྲོས་རྒྱས་པར་བྱས། ནང་སོ་བློ་བཟང་བ་མདོ་སྔགས་རིག་གནས་ཐམས་ཅད་ལ་ཐོས་རྒྱ་ཤིན་ཏུ་ཆེ་ཡང་མི་དམངས་རྣམས་ས་པ་གྲུ་པའི་མི་ངོའི་ཁྲོད་ནས་ཐབས་རྡུགས་ཤོས་སུ་བརྩི། རྣམ་སྲས་གླིང་པ་དང་བཀྲས་རབ་པ་སོགས་ཀྱིས་འབྲས་སྤུངས་སྤྲུལ་སྐུ་ལ་ནི་ཕྱག་དབང་བཞིན་ཞུ་དགོས་ཡོང་གཞན་ར་མགོ་ལུག་མགོ་ལའང་ཏི་གུ་རེ་བྱེད་པས་ནང་སོ་ཨ་བར་ལན་ཕྱག་འཚལ་མི་ཐུབ་ཟེར་བ་ལབས་འདུག །དེ་ནུབ་ཕན་བདེའི་རྩ་ལག་ཆོས་འཁོར་བསམ་ཡས་སུ་སླེབས། སང་དབུ་རྩེ་རིགས་གསུམ་མཇལ་བའི་སྐབས་ཆོས་སྐྱོང་ཆེན་པོ་སྐུ་ཕེབས་ཡོད་པས་ཤོག་ཟེར་འབོད་མི་བྱུང་། ངེད་རང་ལ་ནི་འགྲོ་མི་འགྲོའི་རྣམ་དབྱེ་


GLG005_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཞལ་ངོ་ཐེ་ཚོམ་མཛད་ཀྱིན་འདུག་ཀྱང་དཀའ་བཅུ་བས་ཀརྨ་པ་མི་བསྐྱོད་རྡོ་རྗེ་དབང་ཕྱུག་རྡོ་རྗེ་ཞྭ་དམར་བ་སྔ་རྟིང་རྗེ་ཡོན་ཏན་རྒྱ་མཚོ་སོགས་བླ་ཆེན་དཔོན་ཆེན་མང་པོ་ལ་འདིས་བར་ཆད་བཏང་བའི་ལན་གྲངས་མང་བས་ཕེབས་པ་མི་འགབ་ངས་ཕྱིན་ཆོག་ཅེས་འབུལ་བ་དང་བཅས་ཐང་ཆད་པའི་རྒྱུ་མཚན་ཞུ་བར་སོང་ཡང་ཆོས་སྐྱོང་གིས་ཕྱིའི་ས་གཞི་ཡངས་པ་ལ་ནང་གི་དཀྱིལ་འཁོར་དོག་པ་ཅི་ཡིན་ངའི་རྡོ་རྗེ་གདན་ལ་སྐོར་བ་འཁོར་ནས་སྡུག་འདྲེའི་གནས་ཁང་དུ་མི་སླེབས་པ་ཅི་ཡིན་སོགས་མི་མཉེས་པའི་རྣམ་འགྱུར་བསྟན་མཐར་རྐང་བཞི་ལ་མི་གནོད་དམ་གསུང་བ་ཞང་གྲོང་ནས་འབྲས་སྤུངས་བར་དུ་རྟ་དྲེལ་ལྔ་དྲུག་ལ་གོད་ཁ་བྱུང་དཀའ་བཅུ་བར་ལྟ་ཁྱད་བཞག་པ་འདྲ་ནི་ཟེར་མཆོད་མཇལ་ལྷག་མ་བྱེད་འཕྲོ་རྣམས་བཞག །དེ་ནུབ་ཟུང་མཁར་ཞང་གྲོང་དུ་བསྡད། གསེར་ལ་བརྒྱུད་ཧོར་ཟླ་དགུ་པ་ཉིས་བརྩེགས་ཀྱི་སྔ་མའི་ཚེས་བཅུ་ལ་ཆོས་ལུང་དུ་སླེབས། དབེན་ས་སངས་རྒྱས་ཡེ་ཤེས་ཀྱི་སྐུ་སྐྱེས་ཐོག་དྲངས་ཨོ་རོད་སྐྱ་སེར་ཉིས་བརྒྱ་ཙམ་ཞིག་འབྱོར་བ་ལྷ་ས་བ་རྣམས་དང་མཉམ་དུ་ལྷ་གདོང་གྲུ་ཁར་བསུ་བ་ལ་བྱུང་། གནས་ཚང་སྒོ་སྣ་ཤག་ཏུ་བྱས། དབེན་ས་སྐུ་སྐྱེས་གཙོས་སོག་པོ་རྣམས་དང་ཕྲད། དེ་ནུབ་མཆོད་ཁང་རྣམས་ལ་སྙན་ཤལ་དང་བཅས་སྲོད་མཇལ་ཞིག་ལ་ཕྱིན། དཔལ་ལྷ་ལྕོག་ཏུ་སྒྲོན་ཆས་ཕུལ། སང་དཔལ་ལྡན་འབྲས་སྤུངས་སུ་སླེབས། འདམ་དུ་སོག་པོ་གཏོས་ཆེན་སླེབས་པས་ཧོར་སྟོད་སྨད་སོགས་ཀྱང་རོང་ལ་བསྒྲིལ། སྡེ་སྲིད་ཀྱང་ཐུགས་ལ་འཚབས་ཤ་ཞིག་ཞུས་ཉམས་སུ་འདུག །མི་རིང་བར་ཁལ་ཁ་ཨ་ཁའི་དའི་ཆིན་གྱིས་ཐོག་དྲངས་ཁལ་ཁ་སྟོང་ཙམ་དང་མེརྒན་ནོ་ཡོན་གྱིས་འགོ་བྱས་ཨོ་རོད་སུམ་


GLG005_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་སྐོར། ཅོ་ནེ་དར་ཁན་ཆོས་རྗེ་དང་བྲག་ཏི་ཆུ་སྐོར་ཨེམ་ཆི་སོགས་མཚོ་ཁའི་འགྲུལ་པ་ཚན་མ་ཆུང་ཙམ་སྐྱེལ་བར་ལྷ་བཙུན་ཆུང་བ་དང་གུ་རུ་ཧུང་ཐའི་ཇིའི་མི་བཟང་གིས་གཙོས་པའི་ཐུ་མེད་སུམ་བརྒྱ་སྐོར། བ་རོང་ཁར་པའི་མི་སྣར་རྡོ་རྗེ་སེང་གེ་ཟེར་བ་བཙུན་པ་དང་མི་སྐྱ་སྤེལ་མར་བྱེད་མཁན་ཞིག་ཡོད་པ་དེ་རྣམས་སླེབས། སྐྱ་སེར་ཚོ་འབྱོར་བའི་ཐོག་མར་དགའ་ལྡན་ཕོ་བྲང་ཚོམས་ཆེན་དུ་དྲག་རིམ་དང་དམངས་མ་རྣམས་བདེ་ཡངས་སོགས་སུ་བསྒྲིགས་ནས་སོག་ལུགས་ཀྱི་སྟོན་མོ་བཟབས་རྒྱས་བཏང་། ཨ་ཁའི་དའི་ཆིན་དེ་ཨོ་རོད་ཀྱི་དམག་མང་པོས་བསྐོར་བའི་དཀྱིལ་ནས་གཞི་མ་བསྒྲིལ་ཏེ་གཡུལ་འཁྲུག་བཞིན་པར་དོན་ཡོངས་པའི་དཔའ་གྲགས་ཆེ་ཞིང་ཕྱི་བཟོ་རྫིག་པ་ཧོར་སྟོད་སྨད་བར་གསུམ་རྣམས་ཨ་ཁའི་འདི་གེ་སར་གྱི་སྤྲུལ་པ་ཡིན་ཞེས་ཟེར་སློག་པ་དྲིལ་བུའི་ཤུབས་འདྲ་བ་ཞིག་གྱོན་འདུག་པས་རྒྱུས་ཡོད་རྣམས་ཀྱིས་ཁལ་ཁ་ཆོ་ཁུར་དཔོན་པོ་ཅན་གོས་ཆས་ཇི་ནོང་རྒྱལ་པོ་དང་དབྱིབས་འདྲ་འདི་འདྲའི་བག་གྲང་བར་གླེང་། ཨོ་རོད་རྣམས་ལའང་སྔར་མཐོང་མ་མྱོང་བའི་གོན་པ་འདུག་པ་མགོ་དཀར་གྱི་ཆས་ཡིན་པ་འདྲ་ཞེས་མཚར་མཚར་བྱེད་སྣང་། དེ་ནས་ཞག་ཉི་ཤུ་ཙམ་གྱི་བར་ཚོགས་སུ་གདན་གུང་འབྲེལ་བའི་མང་འགྱེད་ཀྱི་ཚོགས་དབུར་བརྒྱ་འབུལ་ལེན་པར་ཆད་མེད་དུ་ཕྱིན། ཞག་ཤས་ནས་ཆ་གན་ནོ་མོན་ཁན་དཔོན་སློབ་འབྱོར། ཚོགས་ཆེན་དུ་བོས་པའི་ཁྲི་འབུལ་གནངས་ཆེ་བ་བཏེག་ཅོ་ནེ་དར་ཁན་ཆོས་རྗེ་དང་བྲག་ཏི་ཨེམ་ཆི་ཆོས་རྗེ་གཉིས་ཀྱིས་སེ་ར་ཐེག་ཆེན་གླིང་དུ་བོས་རྡོ་གཅལ་ཆེན་མོར་སྟོང་འབུལ་དང་བརྒྱ་འབུལ་སོགས་ཁྲིར་ཉེ་བ་བསྟར། སྐྱ་སེར་གྱི་ཁྲོམ་ལ་ཚེ་དབང་གྲུབ་རྒྱལ་མ་བྱས། ཁལ་ཁ་ཨོ་རོད་ཀྱི་དཔོན་པོ་གཉིས་ཀྱིས་
ཞུ་བ་པོ་དང་སེ་ཆེན་ཆོས་རྗེས་ལོ་ཙཱ་བྱས་ནས་སོག་ཡུལ་དུ་ཡོང་དགོས་པའི་སྙན་གསན་ཕབ། རྟ་ནག་བཀྲ་ཤིས་སྡིངས་པ་ཨ་ནོར་སྟག་རྩེ་རྫོང་གི་ཞིག་གསོས་ཀྱི་བཀོད་པའི་ཞོར་ནས་སླེབས་བྱུང་བ་སོག་ཡུལ་དུ་འགྲོ་དགོས་པའི་གཏམ་ཐོས་པ་དང་མཆི་མ་གདོང་སྦངས་པ་ཙམ་གཏོང་འདུག་པར་སོག་པོ་རྣམས་ཀྱིས་འདི་ཏཱ་ལའི་བླ་མའི་ཡབ་ཡིན་པར་སྣང་ཞེས་གླེང་། སླར་འབྲས་སྤུངས་སུ་སླེབས། ཨོ་རོད་འབུལ་དཔོན་ཆོས་རྗེས་རྙེད་པ་གང་ཡོད་རྩིས་སྤྲད། བྱང་འགྲུལ་གྱི་སྐྱ་སེར་རྣམས་ལ་ཡང་ཡང་ཕྲད་པ་དང་ཆོས་འབྲེལ་འདོད་པ་ལྟར་བྱས། དགུན་སྨད་དཔེ་མཚམས་ལ་བསྡད་པའི་ཀོང་པོ་བསྟན་དར་བའི་ཕར་ཕྱིན་གྱི་ཐལ་འཕྲེང་ད་ནས་གནད་འགག་གལ་ཆེ་བ་རྣམས་རྡོག་བསྒྲུགས་ཀྱིས་བཟུང་། ཤར་རྩེའི་འདུལ་བའི་སྤྱི་དོན་ཆེན་མོ་དེ་འཛིན་ནམ་སྙམ་ཤོག་བུ་དྲུག་བདུན་ཙམ་བཟུང་ཡང་གྱོང་པོ་ཁོབ་ཤག་ཅིག་འདུག་པས་དེ་ཚབ་འབྲས་ཡུལ་སྐྱེད་ཚལ་བའི་འདུལ་བའི་གཞི་སྟོད་དེ་བློར་ཆུད་པར་བྱས་པས་འདམ་གོམ་ལོག་པ་བྱུང་། ཟླ་བ་བཅུ་གཉིས་པའི་ནང་དུ་ཨ་ཁའི་དའི་ཆིན་ལ་བཅུ་གཅིག་ཞལ་གྱི་རྗེས་གནང་དང་ཚེ་དབང་གྲུབ་རྒྱལ་མ་ཞིག་བསྐུར། བྱམས་སྨོན་སྨོན་ལམ་གྱི་ཚོགས་དབུར་ཕྱིན་བདེ་བ་ཅན་གྱི་མཐུན་འགྱུར་ཚིག་འགགས་བརྒྱབ་ནས་དབུ་མཛད་ཚོགས་གཉིས་ཀྱི་རྗེས་ཟློས་ཀྱང་བྱེད་དགོས་ཤར།

དགུང་ལོ་བཅུ་དྲུག་པར་དབུ་མ་དང་མཛོད་ལ་ཐུགས་གཉེར་གནང་བ་སོགས་སྐོར།


GLG005_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྤྲེལ་གྱི་ལོ་གསར་སྔར་འཁྱུད་བཞིན་བྱས་འདི་ལོ་སྨོན་ལམ་ལ་འགྲོ་ཐུབ་ན་དཔོན་སློབ་པཎ་ཆེན་རིན་པོ་ཆེས་དེ་བཞིན་གཤེགས་པའི་རྣམ་ཐར་ཐུགས་ཐོག་ནས་ངོ་མཚར་བ་གནང་འདུག་པ་ཉན་པའི་སྐལ་བཟང་འཐོབ་རྒྱུར་སྟབས་མ་འགྲིག་ཐུགས་བསྙེལ་གསོ་ལ་མ་བལྟོས་པར་ཐོགས་མེད་དུ་དེ་འདྲ་གནང་བ་


GLG005_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

མི་བརྗེད་པའི་གཟུངས་ཐོབ་པའི་དཔག་པར་དཀའ་བའི་རྣམ་ཐར་རོ། །ཟླ་བ་དང་པོའི་རིང་དཔེ་མཚམས་ཀྱི་འཕྲོ་དང་། ཟླ་བ་གཉིས་པའི་ནང་དུ་འགྲུལ་པ་རྣམས་རྫོང་བདའ་གྲུབ་པ་བྱས། ལྷ་ས་ནས་པཎ་ཆེན་རིན་པོ་ཆེ་གནད་དྲངས་ཞག་ཉི་ཤུ་སྐོར་བཞུགས། གདན་བཞི་དང་ཀྱེ་རྡོར་གཉིས་རྡོ་རྗེ་འཕྲེང་བ་ནས་ལྷུ་བཏོན་པའི་དབང་། ཐུགས་དཀྱིལ་ལ་བརྟེན་ནས་དུས་འཁོར་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་བྱིས་པ་འཇུག་པའི་དབང་བདུན། རྡོ་རྗེ་སེམས་དཔའ་དང་ལྷ་མོ་ནམ་མཁའི་གོས་ཅན་མ་སོགས་རྗེས་གནང་ཁ་ཤས་དང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་སྔར་མ་སོང་བའི་པོ་ཏི་ཕྱེད་བཞི་ཙམ་དང་ལུང་ཕྲན་ཁ་ཤས་ཐོབ་པར་ཞབས་ཏོག་དང་འབུལ་བ་གྱ་ནོམ་པ་ཕུལ་ནས་ཕྱིར་ཐེགས། ཧོར་ཟླ་གསུམ་པའི་ནང་དུ་ཁྲི་རིན་པོ་ཆེ་ཕེབས། བློ་བཟང་ཆོས་གྲགས་ཅན་གྱི་སྟེང་དུ་དཀར་པོ་རབ་འབྱམས་པ་བཀྲ་ཤིས་རྒྱལ་མཚན། རབ་འབྱམས་པ་བཀྲ་ཤིས་དོན་གྲུབ། རབ་འབྱམས་པ་བཀྲ་ཤིས་དཔལ་འབྱོར་གསུམ་ཡང་བོས་འཇུག་པའི་ཊཱིཀྐའི་འཕྲོ་དང་མཛོད་ཀྱི་ཊཱིཀྐའི་དབུ་བཙུགས་ཆོས་ཐོག་གཅིག་སོང་མཚམས་གླིང་སྨད་ཞབས་དྲུང་གསང་ཕུར་ཐེབས། དབྱར་ཆོས་གྲོལ་ནས་འབྲས་སྤུངས་སུ་གདན་འཇགས་དབུ་མ་འཇུག་པ་དང་མཛོད་ཀྱི་ཊཱིཀྐ་ཚང་བར་སོང་། ཟུར་ཆོས་ལ་དྲང་ངེས་རྣམ་འབྱེད་ཀྱི་རང་རྒྱུད་པ་མན་ཆད་བཏང་། གྲ་པའི་ཁྲོད་ནས་ལྷ་ས་སྨོན་ལམ་ལ་གྲ་སྐོར་བྱས་ན་འགབ་ཚུལ་ཟེར་མཁན་བྱུང་ཞིང་རང་ལའང་ཤེས་འདོད་ཆེ་བར་ཡོད་པས་ལོ་ཕྱི་མའི་ནང་དུ་གྲ་སྐོར་རྩིས་བཞག་གི་འགྲོ་རྒྱ་སོགས་གང་ལ་དཔགས་ཀྱང་ཕེར་བར་ཡོད། དེ་ནས་ཀྱང་ལོ་གསུམ་བཞི་ཞིག་སློབ་གཉེར་བློས་མི་གཏོང་། མདོ་


GLG005_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གྲུབ་རྗེས་གསང་བ་འདུས་པ་ལ་བག་ཆགས་ཙམ་བཞག་ངོས་རང་གི་བརྗེད་གསོས་སུ་ཆོས་གླིང་གྲ་ཚང་པ་ལྟ་བུའི་འཆད་ཉན་ལོ་བཞི་ལྔ་ཙམ་ཞིག་བྱས། དེ་རྗེས་གྲ་ས་ཕན་ཚུན་གྱི་དབྱར་དགུན་གྱི་དུས་ཆོས་ལ་མཁན་པོས་ཊཱིཀྐ་གཏོང་སྲོལ་ནུབ་པ་སླར་བཙུགས། རྒྱུན་དུ་དོན་གཉེར་ཅན་སུམ་ཅུ་ཚུན་ལ་རྩི་བཞག་འདྲ་བཏང་ན་སྙམ་པ་ཐུན་མོང་མ་ཡིན་པ་ཡོད། བླ་ཆེན་གྱི་སྒྲོབ་སྒྲོབ། སྒོམ་ཞྭ་པུས་འཁྱུད། སྨིན་མ་གཟེང་གཟེང་སོགས་ཀྱི་སྒོམ་ཚུགས། རོལ་མོ་འུར་ཆེམ་དང་རཀྴ་ཁྲོག་ཁྲོག་གི་སྔགས་པ། བྱ་རྒོད་རོ་ལ་བཤུར་བ་ལྟ་བུའི་གྲོང་ཆོག་པ་རྣམས་ལ་ཤེས་འདོད་མེད་པའི་རྒྱུ་མཚན་གླིང་སྨད་ཞབས་དྲུང་ལ་ཞུས་ཤིང་ཚ་བ་དཀའ་བཅུར་ཡང་མོལ་བས་རྗེ་བླ་མས་ཤིན་ཏུ་ལེགས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དབུ་སྐྱ་ཧྲིལ་ལེ་འཆད་ཉན་མཛད། ཁོ་བོའི་བླ་མ་རྒྱལ་ཁང་རྩེ་པའང་དེ་དང་འདྲ། ཇོ་བོ་བཀའ་གདམས་པའི་རྣམ་ཐར་ནི་མཐའ་བཟང་བ་ཡིན་ཞེས་མཉེས་མཉེས་གནང་ཡང་ཕྱི་ནང་གི་དྲག་ཞན་མང་པོས་བླ་ཆེན་ལ་སྐུ་ཡོན་སྒོར་མ་ནས་དགོས་པ་ཡིན་མཚན་ཉིད་པ་སྐམ་པོ་ཅོ་འདྲ་བ་འདིས་གར་ཡང་མི་ཕྱིན། པུས་མོ་གཡས་འཛུགས་གཡོན་འཛུགས་བྱས་ནས་རྩོད་པ་བྱེད་དགོས་མི་ཡོང་། དབང་ཆོས་ཞུ་མི་རྣམས་ལ་བགྲོ་གླེང་བཏང་བས་གོ་གར་ཆོད་སོགས་འགྲིག་འགྲིག་མང་པོ་ལབས་པས་ཞལ་ངོ་ཐུགས་འཁྲུལ་ཏེ་གྲ་སྐོར་གནང་ན་ངམ་རིང་ལྟ་བུར་འགབ། ལྷ་ས་སྨོན་ལམ་རང་ཕྱོགས་རྐྱང་པའི་ཁྲོད་དུ་སོང་བས་སླ་ཆོས་འདྲ་མོ་ཞིག་ཡོང་ཚུལ་ས་བདག་མགོ་སྐོར་གྱི་གསུང་མང་དུ་འབྱོན་པར་སྐོར་ཅིག་ལན་མ་ཕུལ། ཁལ་ཁས་ཧོར་སྟོད་པ་དང་ཡ་མི་སྒེར་རུ་བཅོམ་པར་བརྟེན་གཙང་


GLG005_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ས་ནས་རང་གི་ཀླད་མི་འཆོར་བའི་ཆེད་དུ་ཁྲི་སྐོར་བཅུ་གསུམ་གྱི་དཔུང་བསྡུ་གསོག་གི་གྲ་བསྒྲིགས། ནང་རྡོ་ཨ་དྲུང་རྟ་ཞོན་བཀའ་ཤོག་སྐྱེལ་བར་བཏང་བའི་པཎ་ཆེན་རིན་པོ་ཆེ་དང་ཞལ་ངོ་གཉིས་ཀ་སོག་ཁྲོད་དུ་ཆིངས་ལ་ཕེབས་དགོས་པའི་བསླབ་སྟོན་མཛད་དཔོན་སློབ་པཎ་ཆེན་རིན་པོ་ཆེའང་སྙེ་མོ་པའི་བཀའ་འགྱུར་གྱི་རབ་གནས་ལ་བཞུགས་ཐོག །ལྷ་སར་ལོག་ཕེབས་ཞལ་ངོས་ཀྱང་གདོན་གཅིག་གིས་ཟིན་པའི་ནད་དུ་དགོངས་ནས་བསླབ་སྟོན་ཞུ་བར་ཐེགས་ཀྱང་ཆོས་དཔལ་དང་ཀླུན་བུ་བ་ཅན་ཕྱག་གཡོག་འདྲའི་ཞུ་དབང་ལ་སོང་བས་ཞལ་ངོར་ནང་བཅར་མ་གནང་བར་ཁོ་རང་དཔོན་སློབ་ལ་ངོ་སོ་མ་བྱུང་དོགས་འཕྲལ་དུ་སོག་ཁྲོད་ལ་ཕེབས། ཞལ་ངོ་ཐུགས་ཚམ་ཚོམ་གནང་གིན་འདུག་པར་གླིང་སྨད་ཞབས་དྲུང་ནས་ལྡིང་དཔོན་ནམ་མཁའ་འབྲུག་མ་སླེབས་བར་དུ་བསླབ་སྟོན་གྱི་རྡོ་ཚིག་མེད་པར་ཐེགས་ཀྱང་རྡོ་ཉི་མའི་བང་ཆེན་ཡིན་གསུང་བ་བཞིན་ལྡིང་དཔོན་འབྱོར་བསྟུན་བྱང་དུ་ཐེགས། རྡོ་ཚིག་དང་བསྟུན་པའི་སོག་པོ་རྣམས་རང་ཡུལ་སློག་སྟེ་དོན་རབ་ཏུ་འཁྱོལ་བས་གཙང་པ་དཔོན་བློན་དགྱེས་པའི་འཛུམ་ཞལ་ལྷུག་པར་བསྟན། དཔུང་ཆེན་ཀྱང་འདམ་ཀོ་ཁྱིམ་བར་བཏེག་པའི་སྙན་གྲགས་དང་གཟི་བྱིན་མ་ཤོར་བའི་མུས་ནས་སོ་སོར་གྱེས། དཔུང་འཁྱོགས་པའི་དུས་དེར་མི་དམངས་ཀྱི་ལབ་རིས་གཙང་དཔུང་གིས་སེར་འབྲས་གཉིས་ལ་རྒྱག་རྒྱུ་ཡིན་འདུག་ཟེར་བའི་གཏམ་འུར་ཤིན་ཏུ་ཆེ། སྔགས་པ་སྔ་མ་སྤེ་སེར་དྲུང་ཆེན་དང་དགེ་སྐོས་རྒན་པས་མཚོན་ཅི་རིགས་ཀྱིས་དགོན་པའི་ཆས་རྣམས་གཞན་དུ་བསྐྱལ། རྒྱ་རི་བའི་དམག་ལ་ཁྲི་ཟམ་ཁར་ཟུར་སོས་བཟབས་རྒྱས་སྐྱེལ་མི་བཏང་སོང་ཡང་གནས་ཚང་ནང་དུ་བྱོན་ནས་


GLG005_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྐྱེན་མ་བྱས་ཤིང་ཡིག་ལན་ཀྱང་མ་བྱུང་འདུག་པ་ཐམས་ཅད་དོགས་པ་ངན་པ་དེ་གས་བཅིངས་པར་སྣང་། ཚུར་ལམ་ཞལ་ངོ་བཀྲ་ཤིས་ཀྱིས་གཙོས་པ་ཀུན་མཛུམ་བག་དང་བཅས་འབྲས་སྤུངས་སུ་འབྱོར་བས་ཤེས་པ་སྐད་ཅིག་མའི་སྔ་ཕྱི་ལའང་འགྱུར་ལྡོག་འདི་གཤིས་ལུགས་སུ་གདའ། ལབ་རིས་མང་སྐབས་ཞལ་ངོའང་ཐུགས་བློ་མ་བདེ་བས་ཕ་བོང་ཁར་བརྟག་པ་ཞུ་བ་གནང་བར་ཉེས་སྐྱོན་མེད་ཚུལ་གྱི་ལུང་བསྟན། སློབ་དཔོན་རིན་ཆེན་བཀྲ་ཤིས་ཀྱིས་རིགས་གྲ་བཏང་བའི་སྐལ་བ་བདེ་ཡངས་ལྕོག་ཏུ་བསྟར། ཧོར་ཟླ་བརྒྱད་པའི་ནང་དུ་གླིང་སྨད་ཞབས་དྲུང་དགའ་ལྡན་ལ་ཕེབས་གདོང་རེ་ཞིག་སློབ་གཉེར་གྱི་མུ་མཐུད་འདི་ག་འགབ་པ་འདྲ་ཞུས་པར་དེ་ག་འདུག་སྟེ་མི་རྣམས་ཀྱི་ལབ་རིས་དང་བཅས་དགའ་ལྡན་ཕོ་བྲང་དུ་སྐྱིད་ཆགས་བྱས་པ་འདྲ་མོ་མི་ཡོང་བའི་ངེས་པ་མེད་པ་ནན་ཆགས་ཞུ་མི་བདེ་གནང་། དཀའ་བཅུ་བ་ཟླ་བ་གཉིས་པ་ནས་ནད་བབས་ལྕི་བ་ཞིག་གིས་ཟིན་པའི་ཟླ་བ་དགུ་པའི་ནང་དུ་ཁམས་མ་འཚོ་ཁོང་པ་ཡོད་ན་ཞལ་ངོར་མཛེས་ལམ་དུ་མ་སོང་བའི་རྒྱུ་མཚན་བྱེད་པ་ཡིིན། དེ་ཕྱིན་སློབ་གཉེར་གྱི་གེགས་བྱེད་ཁོ་ན་དང་རེ་གཉིས་ཀྱི་བློར་ཡོད་ཀྱང་རྒྱུ་མཚན་འབུལ་མི་ནུས་ཞལ་ངོ་ལ་གྲ་སྐོར་གྱི་སྐོར་བསྐྱར་ནས་ཞུས་པར་གྲ་སྐོར་ངམ་རིང་རང་འགབ། དེས་ན་སྡེ་པ་གཙང་པ་དང་ཡང་མཇལ་འཛོམ་ཤར་ཡོང་། གཙང་པའི་གྲལ་འཕྲོས་པ་སྨོན་འགྲོ་ནས་སོགས་དང་གསུང་འཕྲོས་མཛད་དགོས་ཡོང་བས་མཚན་ཉིད་གཅིག་པུས་མི་འཐུས། སྔགས། རིག་གནས། ལོ་རྒྱུས་སོགས་ཚང་མ་ནས་མཁྱེན་དགོས་ཞེས་མི་འདོད་གདམ་ངའི་ཚེས་གྲངས་དུས་ཚོད་བྱུང་བས་གཏམ་མགོ་མཐོང་


GLG005_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱིས་ལུས་ངོ་ཤེས་པའི་དཔེ་བཞིན་ཧ་གོ་སྙམ་མདོ་ཕྱོགས་ཀྱི་འཁྲི་བ་རྦད་བཅད། དེ་སྔ་དགེ་སློང་གི་ཟླ་བོར་བྱང་ངོས་ཆོས་མཛད་སྡོད་ཀྱིན་ཡོད་པ་ཞལ་ངོའི་ཐུགས་ལ་མ་བབས་པར་ཕྱོགས་འགྲོ་ཁོ་ནར་བརྫངས་སོང་བས་དེ་ནས་བཟུང་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་བསྐྱིལ་བ་ལག་གཡོག་ཏུ་འགྱུར་བར་བྱུང་། དཀའ་བཅུ་བའི་དགེ་རྩར་འཇིགས་བྱེད་ཀྱི་ཆོ་ག་ཐོན་གསུང་བར་དགེ་སློང་གྲོང་སྨད་ནས། དབོན་པོ་དམ་ཆོས། དགེ་བཤེས་དགེ་དར་བ་རྣམས་ཀྱིས་ཟླ་བོ་བྱས་ཐོ་རེངས་ཁར་མངོན་རྟོགས་ཚར་རེ་བཏང་། གཤིན་རྗེ་ཉི་མ་བཞི་པའི་དྲག་སྔགས་ཉིས་སྟོང་ལྷག་ཙམ་ནམ་འོག་ལ་འོད་གསལ་དང་བསྲེས་ཏེ་གཤིན་པོའི་དགེ་བར་བཏོན། སྒེར་དུ་ཞེ་དགུ་མ་ཐོན་བར་སྨོན་ལམ་རྣམས་བློ་ཐོག་དང་དཔེ་ཆ་གང་འོས་ནས་མ་ཆག་པ་བྱས། ཞལ་ངོས་ཆོ་ག་ཚར་སྲེག་སྦྱང་གིས་མཐའ་བརྟེན་པའི་དགེ་བ་ལེགས་པོ་མཛད། དཀའ་བཅུ་བ་དེ་བླ་མ་རྫིང་ཁ་བར་ཕྱག་ཆེན་ཞུས་པས་ཡིན་ནམ་གང་ལྟར་ཆགས་ཞེན་ཆུང་ཞིང་འཕོ་པ་རྣོན་པོ་ཞིག་ཡོད་འདུག་པས་ཆོས་པའི་རྐང་མ་དྲངས་ཙམ་བྱུང་སོང་། མཁར་གྲོང་ཆོས་མཛད་སློབ་དཔོན་དུ་བསྟེན་ནས་ཡི་གེ་སྦྱངས་པས་སྡེབ་དག་རྒྱུ་མེད་པའི་གཟུགས་བསྐུར་ཡིག་འབྲི་ཐུབ་ངེས་ཤེས་པ་བྱུང་། ཆ་ཁར་རྒྱལ་པོས་གཞུང་བཤིག་པའི་སྟབས་ཀྱིས་ཡུང་ཤི་ཡི་བུའི་དཔོན་པོ་བཞི་ཆལ་ཏམ་ཕྱོགས་སུ་ཡུལ་དོན། དེ་ཁྲོད་ནས་སྟག་ལུང་པའི་སྦྱིན་བདག་བླ་མ་སྐྱབས་ཆོ་ཁུར་འདམ་དུ་འབྱོར། ཇོ་མཇལ་དང་སྦྲགས་འབྲས་སྤུངས་སུ་ཕྲད་པར་བྱུང་། ཁོང་ཚོ་བཀའ་བརྒྱུད་པར་མོས་ཀྱང་ཟེར་རིས་ལ་དཔགས་ན་ཐོ་གན་ཐེ་མུར་མན་ཆད་ཆོས་ཀྱི་སྒྲ་ཙམ་ཡང་མི་གྲགས་པར་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་


GLG005_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་ལ་བསྟན་པ་དང་མཇལ་བའི་དྲིན་དུ་གཟོ་རྒྱུའི་ཉམས་འདྲ་ཞིག་སྣང་། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར། རབ་འབྱམས་པ་ཆོས་དཔལ་གྱིས་ལྷ་སའི་གཉེར་ཁ་བཟུང་ནས་ནང་ཁུལ་དུ་འཛུགས་སྡང་གི་བྱེད་པ་ལོད་པར་དྲུང་འཁོར་ལ་ལས་ཨ་ཁའི་དའི་ཆིན་ལ་ངན་བསླབ་བརྒྱབ་ནས་ཕུད་ན་ཞུ་བར་ཁྲི་རིན་པོ་ཆེས་སོག་པོའི་འཕྲུལ་གྱིས་ཕུད་ན་ཁོའི་རྒྱན་ལ་འགྲོ་གཙང་པ་ལ་བརྟན་ནས་འབུད་དགོས་གནང་བ་ཞལ་ངོའི་ཐུགས་ལ་བབས་ནའང་གཙང་སོག་གཉིས་ཀ་ལ་བལྟོས་མི་དགོས་པའི་རང་གྲོལ་ཞིག་ཨེ་ཡོང་དགོངས། སྟར་སྡོང་ནས། ཞལ་དཔོན་སྦྱིན་དཔལ། སྲས་པོ་རབ་བརྟན་གསུམ་བཏང་ནས་བཀྲ་ཤིས་ལྷུན་པོར་མང་ཇའི་ཐོག་དཔོན་སློབ་པཎ་ཆེན་རིན་པོ་ཆེར་འབུལ་བ་དགུ་ཚན་གསུམ་དང་བཅས་ཆོས་དཔལ་གྱི་ཐད་འདི་ནད་མ་ཐེག་པས་ལྕགས་པོ་རིའི་བཀའ་ཁྲིའི་དོན་བཞིན་ལྷ་ས་ཚུར་གནང་དགོས། དཔོན་སློབ་ཚོའི་ཞབས་ཏོག་དང་ཕྱག་གཡོག་ཆོས་དཔལ་ལས་ལྷག་པ་ཞུ་ཞུས་པར་སྐུ་མདུན་སྨན་ཐང་ནས་དང་རབ་འབྱམས་པ་ཚོགས་གསོག་པས་ནང་སོ་ཨ་བར་འདི་སྐྱག་དྲགས་པར་གཙང་པ་དཔོན་བློན་བཀྲོལ་ཟིན་པ་ཡིན་ཤས་ཁ་བས་གཏོད་པ་རང་ཇོ་བོ་དང་ཆོས་གཏམ་གཉིས་ཀ་བཟང་ཚུལ་གྱི་སྙན་སྒྲོན་ཕུལ་བ་དགོངས་པར་མ་བབས་པའི་ཁར་ཕྱགས་ཕྱི་རྣམས་ཀྱི་ཞུ་དབང་དུ་སོང་བའི་དགེ་སྐྱོན་ཞིབ་ཆ་རབ་འབྱམས་པ་ཆོས་ཁོག་སོགས་ནང་མི་འགས་སྟར་སྡོང་ནས་ཅན་ལ་བྱ་བཏང་བ་ལྟར་དོན་མ་མཐོང་པའི་གཞིས་རྩེར་གཏུགས་པས་སྐུ་མདུན་ཁང་དྲག་ནས་དཀྱེལ་ཆེས་པའི་ཟླ་བ་གཉིས་ཙམ་གྱི་རིང་ཞུ་ཁྲས་གཙོས་ཚིག་སྣ་བླངས་ཤིང་སེལ་འཇུག་གི་ཆེད་དུ་ཞུ་ཁྲ་བསྣོལ་ནས་གཏད་ཀྱང་
འདི་ལོ་ཞལ་ངོ་ལ་དཔོན་བློན་རྣམས་དགྱེས་པ་ཞིག་བྱུང་སོང་བས་དོན་སྨིན་ཏེ་རྡོ་རྗེ་ལགས་ཀྱིས་མི་སྣ་བྱས་པའི་ལྷ་སའི་རྩིས་སྤྲོད་རྣམས་ལོ་གསར་གདོང་ལ་ཕལ་ཆེར་གྲུབ། ཟླ་བ་བཅུ་གཉིས་པའི་ནང་དུ་གླིང་སྨད་ཞབས་དྲུང་ཕེབས་འཁྲུངས་རབས་སོ་བཞི་པ་ཡོངས་རྫོགས་ལ་ལྗགས་བཤད་གནང་ཞིང་དཀའ་གནད་རྣམས་ལ་དོགས་གཅོད་ཞུས། དེ་ཞོར་བཀའ་གདམས་གླེགས་བམ་ལ་སྤྱི་ཆོས་བྱེད་ལུགས་ཀྱི་སྒྲོམས་དང་གནད་འགག་ཚོ་འགྲོལ་བ་གནང་།

དགུང་ལོ་བཅུ་བདུན་པར་ར་སྒྲེང་དུ་ཕེབས་པ་དང་། ལྷ་མོའི་བླ་མཚོར་མཚོ་མཇལ་གཟིགས་ཤིང་ཕྱག་དཔེ་པོད་ལྔ་བརྒྱ་ཙམ་གྱི་དཀར་ཆག་བསྒྲིགས་པ་བཅས་ཀྱི་སྐོར།


GLG005_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་མོ་བྱའི་ལོ་གསར་གྲུབ་ནས་སྨོན་ལམ་དུས་ཐོག་ཏུ་འཛུགས་རྩིས་ལ་ས་སྐྱ་ཞབས་དྲུང་མཐུ་སྟོབས་དབང་ཕྱུག་བསྟན་པ་གསོ་ཆོག་སོགས་བོད་འབངས་བདེ་ཐབས་ཀྱི་སྐུ་རིམ་ཚུགས་པ་མ་ཟིན་པས་འགྱངས། ལྷ་ས་རྩིས་བླངས་ཐོག་ས་སྐྱ་པས་རབ་གནས་མཛད་པ་འདི་རྟེན་འབྲེལ་ལེགས་པ་བྱུང་ཞེས་ཞལ་ངོ་དགྱེས་དགྱེས་མཛད། བདག་ཆེན་རིན་པོ་ཆེ་དང་ཕན་ཚུན་ཇ་འདྲེན་སྐྱེས་གཏོང་རེས་འབྲེལ་ཆགས་པ་བྱུང་། ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་སེར་འབྲས་མཆོད་གཞིས་རྙིང་ཁུངས་ལྷ་ས་རུ་བཞི་རྣམས་ཀྱིས་བསུ་སྐྱེལ་དང་བཅས་འཕྲུལ་སྣང་བྱ་འདབས་སུ་འབྱོར། སྐྱ་སེར་གྱི་ཚོགས་ནི་ཤིན་ཏུ་ཆེ། ར་མོ་ཆེ་སྨོན་ལམ་ལ་ཁྲི་རིན་པོ་ཕེབས། སྨོན་ལམ་ཆེན་མོར་ཁྲི་རིན་པོ་ཆེ་དང་གཟིམས་ཁང་གོང་སྤྲུལ་པའི་སྐུ་གཉིས་ཀྱང་ཕེབས་པའི་བཞུགས་ཁྲི་མང་ཞིང་བག་དྲོ་བ་བྱུང་། དགའ་ལྡན་ཁང་གསར་ནས་མཆོད་པ་སྣ་ལྔ་རེ་དགོང་མོའི་སྨོན་ལམ་དུས་ཡོང་བ་ས་རྟའི་བདེ་གཟར་ནས་ཆག་པའི་ཚ་ར་ཡོད་སྐབས་སྦྱིན་བདག་གིས་ཕྲན་བུ་མ་གཏོགས་མེད་པ་འདི་ལོ་ནས་རྩམ་གཤོར་ཁལ་རེ་དང་མར་མཁར་ཉག་ལྔ་རེ་ལས་གྲུབ་པའི་ཞལ་ཟས། མཁར་ཉག་བཅུའི་དཀར་མེ། གཤོར་ཁལ་རེའི་


GLG005_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་འབྲུ། སྤོས་དང་བུམ་རྫས་སྟར་ཆགས་སུ་བཙུགས། ཁྲི་རིན་པོ་ཆེ་ནས་ད་ལོ་ཚོགས་དབུ་ཡོངས་རྫོགས་ཞབས་དྲུང་རིན་པོ་ཆེ་རང་གིས་མཛོད་གསུང་བྱུང་བ་ལྟར་བྱས་ཤིང་འཁྲུངས་རབས་ཀྱི་བཤད་པ་རྒྱ་ཆེན་དཀའ་ནའང་སློབ་དཔོན་རྣམ་པ་དང་གྲ་རིགས་ཚོ་མགུ་བའི་ལུགས་ཀྱི་གསུང་འཕྲོས་མཛད་འདུག་པ་གཞན་ངོ་གཟུང་བ་མིན་ལ་ཆེ་དེ་སྐབས་ལྷ་ས་གཙང་སྡེ་སྲིད་ནས་སྦྱོར་འཇགས་མཛད་པའི་ལེགས་བྱར་བཀའ་བརྒྱད་སྨད་པ་སོགས་འགའ་ཞིག་མ་གཏོགས་ལྷ་སའི་གནས་ཚན་དྲག་རིགས་ཕལ་ཆེར་གྱིས་སོ་སོའི་འབྱོར་པ་ལ་དཔགས་པའི་དཀར་སྤྲོ་དམར་སྤྲོའི་དགའ་སྟོན་དང་སྟེར་སྦྱིན་ཁྱད་པར་ནང་པ་ནུབ་པ་དང་སྦུས་སྲང་གསེར་ཁང་པ་གཉིས་ལ་ཆོས་དཔལ་གྱིས་ཕྱོགས་འབུད་ཀྱི་རྣམ་པར་གནག་གནག་བྱས་འདུག་པའི་གཤིས་གང་ཡོད་ཀྱིས་སྤྲུག་སྤྲུག་གསིག་གསིག་བྱས་སོང་ཇོ་མཇལ་དཔལ་གསོལ་སོགས་སྔར་སྲོལ་གང་ཡོད་ངོས་དཔལ་ལྷར་སྤྱན་གཟིགས་གསོལ་མཆོད་རྒྱས་པ་མཛད། སྨོན་ལམ་གྲོལ་རྗེས་གད་ཁ་སར་འགྲོ་དགོས་བྱུང་ཞིང་། རྟ་པ་གཞན་རྣམས་ཀྱིས་སྦོམ་འབུལ་དང་བདོག་པ་བཟབས། ཁྲི་རིན་པོ་ཆེ་ལྷ་ས་ནས་གསང་ཕུར་ཤར་རྒྱག་ཕེབས། ངེད་རྣམས་ཀྱིས་འབྲས་སྤུངས་སུ་ལོག །ཐུ་མེད་དང་འོར་དུས་སོགས་ཀྱི་འགྲུལ་པ་མང་བ་བྱུང་ཕྱིན་ཕན་ཚུན་ལད་མོ་གཤོད་རེས་འདྲའི་རྡོ་རྗེ་འཕྲེང་བ་དང་བཀའ་བརྒྱད་ཀྱི་དབང་ལ་དོན་གཉེར་བྱེད་སྲོལ་འདུག་པར་བརྟེན་གླིང་སྨད་ཞབས་དྲུང་དང་ཞལ་ངོ་གཉིས་ཀྱི་བཀའ་གྲོས་ཀྱི་འཆར་ལ་རྗེ་ཕ་བོང་ཁ་པར་བཀའ་བརྒྱད་ཀྱི་དབང་ཞུས་ན་འགབ་ཚུལ་བྱུང་བ་ལྟར་ཕ་བོང་ཁ་ནས་འབྲས་སྤུངས་སུ་གདན་དྲངས། ཐོག་མར་རྟེན་འབྲེལ་གྱིས་ཆོས་འབྲེལ་


GLG005_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་དགོས་གསུང་བར་ཚེ་དབང་གྲུབ་རྒྱལ་མ་ཕུལ། རིག་འཛིན་བཀའ་བརྒྱད་དང་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ། རིན་ཆེན་གླིང་པའི་གཏེར་མའི་ནཱ་ག་རཀྴའི་དབང་སོགས་ཆོས་བཀའ་ཁ་ཤས་ཞུས། ཐོག་མར་ཞལ་ངོའི་བསླབ་སྟོན་དང་བསྟུན་པ་ལས་མོས་པ་ཆེ་བ་མེད་ཀྱང་ཉེ་བར་བརྟགས་ཚེ་བླ་མ་དེ་ཉིན་མཚན་ཆོས་ཀྱིས་འདའ་བའི་མཛད་པ་དང་གསུང་འཕྲོས་གང་ལ་བལྟས་ཀྱང་དད་པ་མི་འགྲོ་བའི་རང་དབང་མི་འདུག །བསླབ་སྟོན་དང་ཕེབས་སྒོ་མཐའ་དག་ཆོས་ལ་བསྐུལ་བ་ཁོ་ནར་སྣང་བས་སྔོན་ཆད་ཐོས་བསམ་བྱས་རྒྱུའི་ལུགས་རྣམས་ཀྱང་སྣང་ཤས་ཀྱི་མཁས་འདོད་གྲགས་འདོད་ཁོ་ནར་སོང་བའི་རང་རྒྱུད་ཐ་རྒོད་ལྟར་རེངས་པ་འདི་ནས་བཟུང་ཐར་པ་སྒྲུབ་པའི་ཆོས་ཤིག་བྱེད་དགོས་རྒྱུ་ཡིན་འདུག་སྙམ་པའི་བློ་སྣ་ཅུང་ཟད་ནང་དུ་ཁུགས་པའང་རྗེ་བླ་མ་རྡོ་རྗེ་འཆང་འདི་ཉིད་ཀྱི་བཀའ་དྲིན་ཡིན་ནོ། །མཚན་ཉིད་པ་བྱེད་སྐབས་དུས་གཏོར་གཏོར་བསྔོ་ཁ་ཏོན་ཆག་པ་རྣམས་ཀྱང་བསླབ་སྟོན་བཞིན་གསོས། ཧོར་ཟླ་གསུམ་པའི་བརྒྱད་གཏོར་སྔར་སྲོལ་ལྟར་བྱས། རྣམ་རྒྱལ་ཞལ་སྔ་ནས་རྒྱ་ཆེན་པ་ཞལ་ངོའི་དགོངས་པར་མ་བབས་པས་བདེ་ཡངས་སློབ་དཔོན་ལ་བསྐོས། རྡོ་ལྗངས་རྩིས་ལེན་ལ་ན་ཁ་ཅན་ཆོས་མཛད་བཏང་། གྲ་ཚང་ཡང་ཕྱིར་འབྱོན་བཅུག །གྲ་ཚང་ཚུགས་ནས་ཐོར་མ་མྱོང་ཞེས་པའི་ཁ་ཕོ་ལ་མ་མཉེས་པའམ་ཅི་ལྟར་ཡང་འདི་ལོ་ཡོང་སྒོ་བཀར་རྒྱར་བཅུ་ཕོགས་ཇ་ཐུག་ཡེ་མ་གནང་ཡང་གྲ་པ་རྣམས་ཀྱིས་ལྷོ་རྒྱུད་ལྷོ་བྱང་གཉིས་ཀར་སྤྱི་བསོད་བརྒྱབ་པའི་སྔར་ལུགས་བཞིན་ཆོས་ཐོག་བཙུགས་པས་དད་ཞེན་དང་སྙིང་རུས་ཆེ་བར་གྲགས། ཟླ་མཚམས་ལ་རྒྱལ་མེ་ཏོག་ཐང་དུ་བཏེག །ལྷས་སྲས་ཁང་དུ་


GLG005_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

སླེབས་སྐབས་གླིང་སྨད་ཞབས་དྲུང་ཡང་ལྷན་དུ་ཕེབས་རྩིས་ཀྱིས་བྱོན། བྱེ་རི་སྟག་རྩེ་ནས་གཙང་སྡེ་སྲིད་ལྕམ་གྱིས་ཇ་འདྲེན་བྱུང་། དེ་སྐབས་རྟ་འཚུབ་མཛེས་ཁ་ཁྱེར་ཅན་གྱི་རིས་ལ་དགའ་བས་ཞལ་ངོའི་ཆིབས་པ་ཁུ་བྱ་ཟེར་བ་ཧོར་རྟ་འཚུབ་པོ་ཞིག་འདུག་པ་དེར་ཞོན་པས་ལ་མོའི་ཁྲོམ་གསེབ་ཏུ་བསྐྱུར་བ་ཨ་བར་མཇུག་དཀར་གྱིས་འཛིན་ཐུབ་པ་མ་གཏོགས་དགོས་མེད་ཀྱི་བརྡབ་བཅག་ཡོང་གྲབས་བྱུང་བའང་སྒྲོ་ཞྭ་བའི་སྐྱོན་ཁོ་ནར་སྣང་ངོ་། །མལ་གྲོའི་སྡེ་དགོན་རྣམས་ཀྱིས་སྔར་ལུགས་བཞིན་བསྙེན་བཀུར། མཁར་སྐྱ་བ་སྐྱ་སེར་ཚོར་བླ་མའི་རྣལ་འབྱོར་དང་རིན་ཆེན་གླིང་དུ་བཀའ་གདམས་གླེགས་བམ་གྱི་ཆོས་ཐུན་གཅིག་བཤད། ལོ་སྔ་མ་ཤངས་ཁོང་ང་བས་ཧོར་སྨད་ཏའི་དམག་ཁྲིད་པ་དང་ཁལ་ཁ་དྲུག་ཅུ་སྐོར་ཞིག་འབྲི་གུང་དུ་ཇག་ལ་ཕྱིན་པ་ཕྲད་པའི་མཚན་བརྡུངས་ཀྱིས་བསད་པས་ཧོར་རྣམས་སོག་དམག་ལ་འཇིགས་ཤིང་གཙང་སྡེ་སྲིད་ཀྱིས་ཀྱང་བསླབ་སྟོན་བྱུང་བར་བརྟེན་ཧོར་གྱིས་འབོད་མི་བྱུང་བ་ལྟར་འོད་ཟེར་གྱང་ནས་ཕྱིར་ལོག་ཀླུངས་ཤོད་གྱེན་བརྒྱུད་ལམ་དུ་ཕག་མོ་བའི་ཇ་འདྲེན་བཏང་བཀའ་གདམས་ཀྱི་ཆུ་འགོ་བྱང་རྭ་སྒྲེང་དུ་སླེབས། དགོན་འོག་ཏུ་གནས་ཚང་བྱས། ས་ག་ཟླ་བའི་རྟེན་དགྲམ་ཆེན་མོ་དང་ཐུག་པར་རྟེན་འབྲེལ་འགྲིག །ཇོ་བོ་འཇམ་དཔལ་རྡོ་རྗེ། གདུང་རྟེན་དངུལ་གདུགས་མ། དབུ་ཡོན་མ་ཆེ་ཆུང་སོགས་རྟེན་རྣམས་མཇལ་ཞིང་བསྟན་འགྲོའི་ཕན་བདེ་རྒྱས་པའི་སྨོན་ལམ་རྒྱ་ཆེན་བཏབ། འབྲོམ་སྟོན་ཆོས་ཀྱི་རྒྱལ་པོའི་བཞུགས་ཁྲིར་ཕྱིན་ཏེ་དཀོན་མཆོག་འབངས་ཀྱི་འཁྲུངས་རབས་ནས་ཆོས་མཐུན་གསུམ་བཤད་འཇའ་སྤྲིན་དང་མེ་ཏོག་གི་ཆར་འདུག་ཅེས་དགེ་སློང་མང་པོ་ནམ་མཁའ་ལ་མཛུབ་ཚུགས་བྱེད་ཞལ་ངོ་


GLG005_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

སོག་ཁྲོད་དུ་མདུན་ཆིངས་ལ་བྱོན། སྒམ་པོ་སྤྲུལ་སྐུ་ནོར་བུ་རྒྱན་པ་གཤེགས་པའི་ཐུགས་དམ་གསལ་འདེབས་པ་འབྱོར། ངེད་ཀྱིས་ཧུང་རྒྱ་བཟོ་ཤེས་ཀྱིན་མེད་པས་གདུང་བརྒྱུད་རིན་ཆེན་གྱི་ཡིག་ལན་ཁྲི་རིན་པོ་ཆེ་དང་དྲུང་ཡིག་ཨ་ཁུ་བཀའ་བགྲོས་ནས་བཟོས་སོང་བ་གྱོང་པོ་ཞིག་བྱུང་ཚོད་ནས་ཡིག་འགྲུལ་བཅད་སོང་། ཞབས་དྲུང་རིན་པོ་ཆེ་ངག་དབང་བཀྲ་ཤིས་དཔལ་གྲུབ་ནས་སྟག་ལུང་དུ་ཡོང་དགོས་ཚུལ་ནན་ཆགས་ཕེབས་བྱུང་ཡང་རྒྱལ་དུ་འགྲོ་བའི་ཁྱད་ཀྱིས་སླེབས་མི་ཐུབ་པའི་རྒྱུ་མཚན་ཕུལ། ཇ་འདྲེན་ལ་ནང་སོ་འབྲས་པ་རྫོང་བདའ་གནང་བྱུང་ཞིང་ཕར་འབུལ་འབུལ་བྱེད་པར་ནུབ་གླིང་དབོན་པོ་བཏང་། ཧོར་གྱིས་སོག་པོ་ལ་རྟ་བརྒྱ། གནག་ཕྱུགས་ལྔ་བརྒྱ་ལུག་སྟོང་སྤྲད་པའི་མདུན་མ་གྲུབ་ནས་ཧོར་དཔོན་བློན་གྱིས་ཡོང་དགོས་ཚུལ་ལྟར་འབྲི་གུང་བརྒྱུད་ཉང་པོའི་ཕུ་སྨམ་དུ་དཔོན་ཚང་གི་རུ་བར་ཕྱིན་འབྲི་གུང་ཞབས་དྲུང་ཁྲི་པ་དང་རྣམ་རྒྱལ་ཆོས་རྫོང་པ་གཉིས་ཀྱིས་ཇ་འདྲེན། ཡང་རི་སྒར་པས་སྤོམ་འབུལ་ཇ་ཞུས་བསྟར། འབྲི་གུང་མཐིལ་གྱི་མདུན་དུ་ཆོས་སྡེ་སྤྱི་སོས་སྣེ་ལེན་བྱས། གནས་མཇལ་ཞིག་བྱེད་དགོས་རྒྱུར་འདུག་ཀྱང་མཚན་ཉིད་པའི་བག་ཆགས་ཀྱིས་མཇལ་བ་མ་ཤར། དཔོན་ཚང་གི་རུ་ཐོག་ཏུ་ཞག་བཅུ་བསྡད་དཔོན་བློན་ལ་ཚེ་མགོན་གྱི་རྗེས་གནང་བྱེད་ཁར་གློ་བུར་དུ་འཚུབ་དང་སེར་དྲག་ཅིག་བྱུང་བ་སྔར་ནས་རྒྱལ་དང་འཁོན་འགྲས་ཆེས་པས་ཆོས་སྐྱོང་གི་འཚུབ་ཡིན་ཞེས་ཞལ་ངོ་གསུང་། དེ་སྐབས་མཚན་ཉིད་པའི་མཇུག་གི་རྫིང་བུ་རྙོག་ཅན་ལ་དམ་ཚིག་གཙང་བའི་དངོས་གྲུབ་དང་མ་གཙང་བའི་བར་ཆད་ཀྱི་གཟུགས་བརྙན་གཉིས་ཀ་ཡོང་དོན་མི་འདུག་པས་ཆམ་པ་ཙམ་ཡང་མ་བྱུང་། བློན་པོ་ཐོད་དཀར་དང་གོ་


GLG005_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ནའི་བནྡེ་གཉིས་ཀྱིས་ཀྱང་སྟེར་སྦྱིན་དང་སྟོན་མོ་རེ་བཤམས་མི་ཉག་དང་དམར་སྨྱོན་སོགས་མི་བཟང་མང་ཡང་ཀར་འབྲིའི་ནད་ཀྱིས་ངོ་ཤེས་བྱེད་པར་མི་སྣང་། ཉང་པོ་ཤིང་ཏེ་ལ་བརྒྱུད་འབག་བག་གེའི་འབྲོག་པ་རྣམས་ཀྱིས་མར་ཕྱུར་ཕྱུར་བུར་སྤུངས། རྟ་རྒོད་ཤེལ་ལྕགས་རི་བརྒྱུད་ཀྱི་ལ་ཁར་དཔལ་གསང་བ་འདུས་པའི་བླ་མཚོ་འདུག་པ་མཇལ། གནོད་སྦྱིན་ཆེན་པོའི་གངས་ལས་ཆུ་གློ་བུར་དུ་རྡོལ་བ་གནས་སྲུང་དགྱེས་པའི་མཚན་མར་མཐོང་། ཆོས་འཁོར་རྒྱལ་དུ་སླེབས་ནས་མི་རིང་བར་དབྱར་ཆོས་ཚོགས། གཞི་བྱེས་ཀྱི་དགེ་འདུན་རྣམས་ལ་ཉིན་ལྔའི་བར་ལ་དཀོན་མཆོག་འབངས་ཀྱི་སྐྱེས་རབས་རྫོགས་པའི་བཤད་པ་ཞིབ་པོ་ཕུལ་བས་དྭགས་པོ་གྲ་ཚང་གི་སློབ་དཔོན་ཆོས་རྒྱལ་བཀྲ་ཤིས་ཀྱིས་ཐོག་དྲངས་མཁས་རློམ་རྣམས་ཀྱང་མགུ་བའི་རྣམ་འགྱུར་མཛད་གྲ་ཚང་ཁག་དང་ཕྱུག་པོ་མང་པོས་མགྲོན་ལ་བོས། རི་ཁྲོད་ཆེན་མོར་ཇ་འཐུང་བའི་ཞོར་ལ་ནང་རྟེན་འདུག་པ་ཚོ་མཇལ། དཔལ་ལྡན་དམག་ཟོར་མའི་བླ་མཚོ་མཇལ་བར་ཕྱིན་པས་མི་མངས་པའི་སྐྱོན་གྱིས་ཐོག་མར་འཚུབ་ཀྱི་རྣམ་པས་ཁ་བ་སོར་དོ་ཙམ་བབས་ལ་ཁར་སླེབས་པ་དང་གངས་སྤོས་ཚེ་ཆུང་ཤོས་ཙམ་པ་གཅིག་ལ་གཅིག་འདྲིལ་གྱིས་འཁོར་ལོ་རྩིབས་བརྒྱད་དང་པདྨ་ནོར་བུའི་གཟུགས་བརྙན་སྣ་ཚོགས་བབས་བྱུང་བ་ཀུན་ཡ་མཚན་པར་འཛིན་ཞིང་ཆོས་སྐྱོང་དགྱེས་པའི་རྟགས་སུ་མངོན་དེ་ནས་ནམ་མཁའ་གཡའ་དག་པའི་མཚོའི་ཞལ་ཁེབས་སྔོ་ལྗང་དཀར་དམར་གྱི་རྣམ་པ་རིམ་གྱིས་བསལ་བའི་ནང་ནས་དགོན་པ་དང་གྲོང་ཁྱེར་ཤིན་ཏུ་མང་བར་བསྟན་ཞིང་། མཁར་སྤེལ་སྤེལ་ཞོལ་ཡོད་པའི་སྔོན་པོ་ཆེན་པོ་ཞིག་ཀྱང་མཐོང་། རི་མཐིལ་


GLG005_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཆོད་ཁང་དང་ནང་རྟེན་རྣམས་ཞིབ་པར་མཇལ་ཞིང་། ཚོགས་ཆེན་དུ་མང་ཇ་དང་ནས་འགྱེད་བཏང་། དྭགས་ཉང་གི་སྐྱ་སེར་མང་པོ་ཚོགས་པར་ཆོས་དང་ཟང་ཟིང་གི་ཕན་པ་བསྒྲུབས། ཕྱག་དཔེ་པོ་ཏི་ཉིས་བརྒྱ་ཙམ་འདུག་པར་དཀར་ཆག་བསྒྲིགས། མར་ཅུང་ཟད་དཀོན་པར་བརྟེན་མགོན་ཁང་ཚོར་གཏོར་ཁ་གསོ་བ་ལས་གསར་བཞེངས་བྱུང་མ་སོང་བའི་འཚུབ་ཀྱིས་དགོན་པ་ནས་ཐོན་ཉིན་རྟ་དྲེལ་ལ་ཆད་ལྷག་ཆེ་ཞིང་འབུལ་དཔོན་སྔོན་པོ་ཟེར་བའི་ཞོན་རྟ་དྲག་པ་དེའང་རྫ་གསེབ་ཏུ་རྐང་པ་ཆག་པས་ཆོས་སྲུང་བདེན་མེད་དུ་རྟོགས་པའི་ཁོག་ཡངས་དང་རྟོག་གེ་པའི་ཧར་སྤྱོད་མཁན་པོ་རྣམས་རྣམ་རྟོག་གི་དྲ་བར་ཚུད། གླིང་སྨད་ཞབས་དྲུང་ར་བ་སྟོད་ཀྱི་འཆད་ཉན་གནང་སྐབས་དྭགས་པོ་གྲ་ཚང་པའི་བླ་མའི་སྙན་གསན་བྱུང་ཡང་ཕེབས་པར་མ་ཤར་གྲ་ཁྲོད་ནས་བྱམས་གླིང་རབ་འབྱམས་པ་ཆོས་མཆོག་རྫོངས་བདའ་གནང་བས་བསམ་གླིང་རབ་འབྱམས་པ་བསྟན་པ་རྒྱ་མཚོ་རེ་འཁང་ཞུགས་པའི་རྟིང་སོར་ཁོང་བསམ་གླིང་གི་བླ་མའི་སྐབས་གཏིང་གུས་རྒྱུ་མི་འདུག་པས་འདི་རེས་ཀྱང་དགོན་པའི་མདོར་རྟ་བཤོལ་བའི་ཇ་བཞེས་སར་ཐལ་མོ་སྦྱར་ཏེ་དུས་ཀྱི་འཁོར་ལོའི་དཀའ་གནས་ལ་དྲི་བ་ཞུས་སོང་བར་ལ་བབས་མར་གཏམ་མ་འདྲི་ཟེར་བ་ཡིན་པས་མཁས་པ་ཆེན་པོ་ཉིད་ཀྱིས་གསུངས་ཤིག་པའི་ལན་གནང་བས་རྒོལ་བར་བརྩམས་པ་ལམ་དུ་མ་སོང་ངོ་། །འོལ་དགའ་ཆུ་ཚན་ཁར་ཞག་བཞི་བསྡད། འོལ་དགའ་འདི་དགེ་ལུང་སྐྱོག་མོར་སོང་བ་དང་ཁྱད་པར་རྗེ་བསོད་ནམས་རྒྱ་མཚོའི་མནལ་ལམ་ལུང་བསྟན་དུ་དངོས་ཀྱི་གདུལ་བྱའི་ཞིང་དུ་བཤད་པའི་རྟེན་འབྲེལ་གྱིས་སྐྱ་སེར་མཐའ་དག་ཤིན་ཏུ་མོས་པས་ཁྲོམ་པ་རྣམས་ལ་བྱིན་རླབས་དང་མ་ཎིའི་བཟླས་ལུང་བྱས་རྫིང་ཕྱིར་ཞག་གསུམ་


GLG005_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བསྡད། མལ་གྲོ་བརྒྱུད་གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་གསང་སྔགས་མཁར་དུ་གདན་ཆགས། ལམ་ཞོར་ལ་གུང་ཐང་གི་གནས་མཇལ། ལྷ་སར་ཞག་གསུམ་བསྡད། རྡོ་རྗེ་འཆང་ཕ་བོང་ཁ་པ་ཕེབས་ནས་མཚམས་དང་ཁ་ཏོན་དགེ་སྦྱོར་ཉམས་ལེན་གྱི་བསྔགས་བརྗོད་མང་པོ་གནང་བས་ཡིད་དྲངས། དེ་རིགས་གང་ཡང་མི་ཤེས་རུང་འབྲས་སྤུངས་སུ་སླེབས་འཕྲལ་ཟླ་བ་ཕྱེད་གཉིས་ཙམ་མཚམས་དམ་པར་བྱས་པ་སྤྲོ་བར་བྱུང་ཞིང་དེ་སྐབས་དམག་ཟོར་མ། གུར་ཞལ། བེག་ཙེ་རྣམས་ཀྱི་གཏོར་ཆོག་བསྐང་གསོ་གང་རྒྱས་ངོས་བཟླས་པ་འོས་འཚམ་འབྲོག་པའི་ཡིག་དྲུག་ལྟར་བགྲངས། ཕྱག་དྲུག་པ་ལས་གཤིན་རྣམ་སྲས་གསུམ་གྱི་མཆོད་གཏོར་ཆག་མེད་དུ་ཕུལ། གཟིམས་ཆུང་བདེ་བ་ཅན་གྱི་ཀ་གླིང་ཡོལ་པས་བཅད་ཡོད་པའི་རྒྱབ་ཏུ་མི་ནག་རྟ་ནག་ལ་ཞོན་པ་དར་གྱི་ཙེ་བེར་ཅན་ཞིག་ཉམས་སྣང་ལ་ཡུལ་ཡུལ་ཤར་པ་གང་ཡིན་མ་ཤེས་པ་ཀ་དྲུག་མའི་མཚམས་ཁང་ཤོད་ནས་ཞལ་ཐང་ཁ་ཤས་བླངས་པའི་ཁྲོད་དུ་ཙ་རི་ཞིང་སྐྱོང་གི་ཐང་ཁ་འདུག་པར་རྩད་ཆོད། དགེ་སློང་དང་རྒྱ་ཡགས་ནས་སོགས་ཀྱིས་སྔར་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་དང་རབ་འབྱམས་པ་བསོད་ནམས་གྲགས་པ་གཉིས་ཀྱིས་ཞིང་སྐྱོང་ལ་སྦྱིན་སྲེག་བླུག་པའི་མེ་དང་སྨ་རའི་དཔེ་ཁོ་ནར་སོང་བས་འབྲས་སྤུངས་ཕྱོགས་ལ་ཟ་ཁ་ཟུག་གཤིས་མི་ལེགས་པ་འདྲ་ཟེར། རིང་ཞིག་ལོན་པ་ན་སྡེ་པ་ཞང་མཁར་བ་འཇམ་དཔལ་དང་འཕྲོས་བྱུང་བར་ཞབས་དྲུང་གཞུང་གི་ཆོས་སྐྱོང་གི་གཙོ་བོ་ཡིན་ཚུལ་ཐོས་པས་བརྒྱུད་ཀྱི་ལྷ་འགོ་བར་འདུག་ཀླུན་བུ་ཆོས་མཛད་ཀྱིས་ཞལ་ངོས་གཙོས་པའི་དྲག་རིས་རྣམས་ཀྱི་མིང་ཡིག་དབེན་ས་དགོན་གྱི་དམག་ཟོར་


GLG005_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཞལ་དུ་བཅུག་པར་རབ་འབྱམས་པ་ཆལ་ཁོག་དང་ཚོགས་གསོག་པ་གཉིས་ཀྱིས་འདི་འདྲ་འདུག་པ་སྐུ་རིམ་མཛད་པ་འགབ་ཅེས་ལྐོག་ཏུ་བྱ་བཏང་བ་ཞལ་ངོས་བཟློག་པ་ཞིག་གྱིས་གསུང་བ་ལག་ལེན་གྱི་རིགས་ཅི་ཡང་མི་ཤེས་ཀྱང་ཞལ་གྱི་སྟོབ་པའི་གཏོར་མ་རྩད་མ་ཆོད་པར་བླ་དྭགས་སུ་གཤེགས་གཏོར་ཟེར་གྱིན་འདུག་པ་དེ་མངོན་སྤྱོད་རོལ་པས་བསྐུལ་ནས་དམོད་བཅོལ་དང་བཅས་འཕངས་པས་ཟླ་བ་བདུན་ཙམ་ན་ཁོ་པ་འཇིག་རྟེན་ཕ་རོལ་ཏུ་སོང་བ་ཚེ་དུས་ཀྱིས་སླེབས་པ་ལས་དེ་འདྲ་ལ་མཐུའི་ཐ་སྙད་ཅི་ཡོད་ཀྱང་བྱིས་པའི་རྩེད་མོ་ལྟ་བུ་དེ་ཁ་མ་རྡུགས་པ་པད་གནུབས་དྲག་སྔགས་ཀྱི་སྤྱི་སྡོམས་ཚོར་བལྟས་ན་རྟེན་འབྲེལ་མ་འཕྱུགས་པར་སོང་འདུག །མཚམས་ཀྱི་ནུབ་འགའ་རེར་ཟླ་བོ་རྣམས་གཅིག་པུར་འགྲོ་མི་ནུས་པའི་འཚུབ་བྱུང་ཟེར་བ་དགོས་མེད་ཀྱི་རྣམ་རྟོག་ཅིག་འཕྲོས་པ་འདྲ། བསྐང་གསོ་ཙམ་ཤེས་པ་ལ་ཆོས་སྐྱོང་གི་གྲུབ་ཐོབ་ཏུ་བརྩི་བ་རྣམས་མཐོང་ན་རང་ཉིད་ཟོག་པོར་གཏོང་བའི་རློམ་སེམས་ཤིག་བྱས་ཆོག་རྒྱུར་འདུག །སྔར་གུར་མགོན་ལྷ་གསུམ་མའི་གཏོར་ཆོག་འཕགས་པ་རིན་པོ་ཆེས་མཛད་པ་དེ་གྲ་ཚང་ལ་ཚུགས་ཡོད་ཀྱང་ཅུང་ཟད་ཉུངས་སྐྱོན་བྱུང་བས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་ཐུགས་རྩོམ་གྱི་ལྷ་བརྒྱད་མའི་བསྐང་བ་དེ་བཙུགས། སྟོན་མཇུག་ནས་དགུན་གྱི་རིང་སྔ་དགོང་ཁ་ཏོན་ཅི་ནུས་དང་ཉིན་མོ་པོ་ཏི་སུམ་བརྒྱ་ཙམ་ཞིག་གི་དཀར་ཆག་བསྒྲིགས། མཁར་གྲོང་ཆོས་མཛད་སློབ་དཔོན་དུ་བསྟེན་ནས་ཕུག་ལུགས་ཀྱི་རྩིས་སྐར་ནག་ཅིག་སློབ་སྙམ་ཡང་ཁོང་པ་གློ་བུར་དུ་གྲོངས་ནས་ལྟག་ཆུ་ཆད་པའི་རྫིང་ལྟར་སོང་། ཡོང་ཤི་ཡེ་བུ་ཀརྨ་ཡིལ་དན་སྟག་ལུང་བརྒྱུད་ལྷ་སར་འབྱོར་འབྲས་སྤུངས་སུ་བྱུང་བ་ཚེ་རྟའི་རྗེས་
གནང་དང་བདག་རྐྱེན་ལེགས་པོ་བྱས་དེ་ནས་མཚུར་ཕུར་སོང་བ་འབྲས་སྤུངས་སུ་ཕྱིན་པའི་རྐྱེན་གྱིས་ཞལ་མཇལ་ཙམ་ལས་ཕྱག་དབང་མ་གནང་བས་ཐའི་ཇི་ཁྲོས་ཏེ་མཚུར་ཕུའི་དཀར་མེ་རུ་བར་བརྒྱབ། ནོམ་ཆི་ཐའི་ཇི་དང་ཀརྨ་ཆུང་བ་གཉིས་སྟོད་ལུང་བརྒྱུད་ཇོ་མཇལ་ལ་ཡོངས་ཕར་ལམ་ཀརྨ་ཆུང་བས་གླིང་ཁའི་ཤིང་སྤེལ་ལག་བརྒྱབ་ཀྱི་རྣམ་པ་ཞིག་བྱས་སོང་བར་གནངས་ཆུང་ཡང་བྱེད་ལུགས་མ་འདྲ་བས་འདོད་ཁམས་དབང་ཕྱུག་མའི་གཏོར་མ་སྐྱོང་བ་དྲག་བསྐུལ་གྱིས་དམོད་པའི་མཚོན་ཆ་ཞིག་ཕབ། ལོ་འདིིའི་སྟོད་དུ་ཞལ་སྔ་ནས་བཟང་གྲོང་པ་རྒྱུད་སྟོད་ཀྱི་སློབ་དཔོན་དུ་བྱོན་པས་ཆོས་འཁོར་གླིང་གི་འཆད་ཉན་པར་དཀར་པོ་རབ་འབྱམས་པ་བཀྲ་ཤིས་རྒྱལ་མཚན་བསྐོས་པ་ཁོང་པར་བསླབ་སྟོན་གནང་བདེ་བའི་སྟབས་ཕོགས་དང་ཇ་ཚུལ་ནར་མ་བཞག་སྟེ་མཆོད་གཞིས་དབྱེ་འབྱེད་མཛད་པའི་དཀའ་བཅུ་བ་དགེ་བསྙེན་དོན་གྲུབ་གཉེར་པ་དང་རྣམ་རྒྱལ་གྲ་ཚང་གི་གཉེར་པར་འཕྱོས་པ་སྲས་པོ་ཆོས་མཛད་བསྐོས།

དགུང་ལོ་བཅོ་བརྒྱད་པར་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་དང་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་དྲུང་ནས་ཟབ་ཆོས་གསན་ཅིང་། རྒྱུད་སྡེ་ལ་ཐུགས་གཉེར་གནང་བ་བཅས་ཀྱི་སྐོར།


GLG005_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཁྱིའི་ལོ་གསར་གྲུབ་ནས་སྨོན་ལམ་ཆེ་ཆུང་གཉིས་ཀའི་གྲལ་དབུར་ཕྱིན་སྨོན་ལམ་ཆུང་བར་ཞབས་ཏོག་དེབ་བཤར་མར་སོང་བས་བླ་མ་གཞན་ཆུད་ཀྱིན་མེད། སྨོན་ལམ་ཆེན་མོར་འདི་ནས་བཟུང་ལྕགས་སྦྲུལ་གྱི་བར་ངེད་རང་འགྲོ་རེས་ཀྱི་གཟིམས་ཁང་གོང་སྤྲུལ་སྐུའང་ཆག་མེད་དུ་བྱོན། ར་མོ་ཆེའི་གོས་སྐུའི་ཉིན་གུང་ཚིགས་གྲོལ་བསྟུན་རྡོ་རྗེ་འཆང་ཕ་བོང་ཁ་པ་ཕེབས་པ་དང་གསུང་གླེང་ཞིབ་པར་བྱུང་། གང་ལ་དྲི་བ་ཞུས་ཀྱང་གསུང་རྒྱུ་མེད་པ་མི་འདུག སྨོན་ལམ་གྲོལ་ནས་འབྲས་སྤུངས་སུ་སླེབས། གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་ཕེབས། ཟླ་གཅིག་ཙམ་དཔོན་སློབ་ཐམས་ཅད་སོས་དལ་དུ་བཞུགས་


GLG005_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ངོས་ཆོས་འཁོར་གླིང་པར་འཇིགས་བྱེད་དང་བསྐང་གསོ་སྐོར་འཛུགས་རྩིས་མཛད་སོང་བ་གླིང་སྨད་ཞབས་དྲུང་གིས་མི་འགབ་ཚུལ་དང་རྒྱུད་པ་ཞལ་སྔ་ནས་བཟང་གྲོང་པར་ཀྱང་དེ་མཚུངས་ཀྱི་ཞུ་ཡིག་ཕུལ། ཞལ་སྔ་ནས་དཀར་པོ་བས་གཙོས་བའི་གྲ་པ་སློབ་གཉེར་ཤ་སྟག་བྱེད་མི་རྣམས་ཀྱང་མ་འདོད་འདུག་རུང་། བཀྲས་རྒྱམ་པས་མཚོན་པའི་ཕེར་རྒྱ་ཅན་མང་པོས་ཞལ་ངོའི་དགོངས་བཞེད་དང་བསྟུན་ཏེ་རམ་བཏེག་གོ་གསར་མའི་ཨ་ཀྲད་ཀྱི་དཔེ་བཞིན་བསྐང་གསོ་རྣམས་བཙུགས་པའི་ཆོས་རའི་གོང་འོག་མཐའ་དག་སྤྱན་གསུམ་དང་མཆེ་བ་གཙིགས་པ་སོགས་ཀྱི་བཤར་སྦྱང་གིས་ཁེངས་སོང་། གླིང་སྨད་ཞབས་དྲུང་གསང་ཕུ་དབྱར་ཆོས་ལ་ཕེབས། རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པའི་ཞབས་པད་བསྟེན་ནས་ཡི་དམ་ཆོས་སྐྱོང་ཟུང་འབྲེལ་གང་ཡང་རུང་བའི་ཉམས་ལེན་བསྟར་ལུགས་ཀྱི་ཕྱོགས་འགོ་ཙམ་ཡང་མེད་པར་ལོ་གཞོན་སྐྱོན་གྱིས་མུན་ནག་འདོམ་པར་གཞལ་བའི་མགོན་ཁང་ལྕང་ལོ་ཅན་དུ་མཚམས་དམ་པོ་ཞིག་བྱེད་རྩིས་བྱས་པ་རྟེན་འདོགས་ཀྱི་གཡག་ཅིག་དགོས་འདྲ་ཞེས་ཟླ་བོ་རྣམས་ཟེར་ཡང་མཐའ་འདྲེའི་ཁ་རླང་གིས་སྟོད་སྨད་ཀུན་ཏུ་ཕྱུགས་ནད་སྔར་མ་གྲགས་བྱུང་བ་དང་བཅས་མ་རྙེད། ཞལ་ངོས་སེར་རྩི་སྦུག་ཏུ་ཐབ་ཆུང་བསྒྲིགས་པའི་རང་དབང་འདུ་པོ་ཞིག་གི་ཞལ་བཀོད་མཛད་རུང་ཉམས་ལེན་འདི་བྱེད་མེད་པར་མཚམས་ལ་གནས་ཀྱང་ཚུགས། ལྷག་ཏུ་སོས་བྱ་གདོང་གི་ཚད་པ་དང་མདོའི་ཐབ་མེ་འདོམ་པས་རིག་པ་ཉོག་ཅིང་དགེ་བཤེས་དགེ་དར་བ་དང་གསོལ་དཔོན་ནོར་རྒྱན་པ་ཅན་ཟླ་བོ་ལས་སུ་མ་རུངས་ཤིང་ཁྱད་པར་སྤྱན་འདྲེན་གྱི་བདུག་སྤོས་ལ་བསྙད་པའི་མཚམས་ནང་དུ་བསངས་བཏང་བ་ལྟ་བུའི་སྡོད་མི་ཚུགས་པར་བདེ་བ་ཅན་དུ་གསང་དགོས་


GLG005_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་རྐྱེན་དུ་མས་ཞེ་གསོག་དང་བཅས་མཁས་པ་གཙང་ནག་པའི་དམ་བཅར་སོང་། འདི་ཙམ་དུ་མ་ཟད་དགེ་དར་བ་ཕྱི་ནང་མི་མཚུངས་པའི་ཁ་ཕྱི་ལྟ་དང་གྲོད་པ་ནང་ལྟའི་བྱེད་སྒོས་སེམས་རྒྱུད་མང་དུ་བསྲེག་ཅིང་རྗེ་ཆོས་དབྱིངས་རང་གྲོལ་ལའང་ཉེར་མཁོའི་ལག་འཐོགས་ཀྱི་ཆོས་འདྲ་ཞུ་བཞིན་དུ་དམ་ཚིག་གི་སྲུང་སྡོམ་གང་ཡང་མི་བྱེད། ཡར་ཀླུངས་བཀྲ་ཤིས་རྩེའི་ཆོས་སྡེ་འཇིག་པར་ཉེ་བའི་རྩ་བ་ལྟ་བུ་ཡིན་ཡང་མགོན་པོ་ཆེ་ཆུང་གི་རྗེས་གནང་དང་ལུང་ཁ་ཤས་ནན་གྱིས་ཞུས་པའི་དམ་སེལ་གྱིས་སྐུ་ཚེའི་གེགས་སུ་སོང་བར་མངོན་ཞིང་མི་ཚོའི་སར་ང་དེ་འདྲ་ཞུ་འདོད་མེད་ཀྱང་དཔོན་སློབ་རང་གིས་གནང་བྱུང་སོགས་འདྲ་མིན་ཀུན་འདུས་ལབས་སྐད། ཞག་ལྔ་དྲུག་ནས་དགེ་སློང་དང་ལྷན་དུ་རབ་གསལ་དུ་དོན་ནས་བསྡད་པདྨ་བཀའ་ཐང་མི་ལའི་རྣམ་མགུར་སོགས་རྣམ་ཐར་མང་པོ་ཀློག །བདེ་ཡངས་སུ་ཞལ་བ་བྱེད་མིའི་འུ་ལག་གིས་གཞས་འཐེན་པ་ཉན་ཞིང་ཁ་ཡེངས་མིག་ཡེངས་ཀྱི་ངང་ལ་ཟླ་གཅིག་ཙམ་སོང་། ཟླ་བ་ལྔ་པ་ཉིས་བརྩེགས་ཀྱི་སྔ་མའི་ནང་དུ་གསང་ཕུ་ནས་ཁྲི་རིན་པོ་ཆེ་ཕེབས། པཎ་ཆེན་བསོད་ནམས་གྲགས་པའི་རྒྱུད་སྡེ་སྤྱི་རྣམ་གྱི་རྩི་བཞག་གནང་བ་ཚང་བར་བཟུང་། སྒོ་མང་སློབ་དཔོན་རྒྱ་ཡགས་པས་རིགས་གྲའི་ཚོགས་དབུར་བོས་པ་ལྟར་ཕྱིན། ཟླ་བ་བདུན་པའི་ནང་དུ་དགའ་ལྡན་ཁང་གསར་གྱི་ཞིག་གསོས་གྲུབ་པའི་གཞིས་ཀར་ཤོག་གསུང་བ་ནས་དཔོན་སློབ་ལྷན་རྒྱས་སུ་འབྱོར། གཞིས་ཀ་སྤྲོ་ཞིང་མདུན་དུ་ལྷ་ས་དང་གཡས་གཡོན་རྒྱབ་ཚོར་སྦ་དྲན་ཉང་དོགས་སྡེ་བཞིའི་གྲོང་དང་འོང་གསེབ་རྒྱ་ཆེ་བས་རེ་ཞིག་ཐོག་སྐོར་དང་ལྟད་མོས་གཡེངས། སྒྱེད་བུ་ཁ་དྲོར་སེར་འབྲས་ཀྱི་སློབ་དཔོན་ལས་ཚན་


GLG005_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དབོན་ཆོས་མཛད་ཀྱིས་གཙོས་དྲག་རིགས་རྣམས་ལ་གཞིས་ཀར་བཞུགས་གྲལ། ཆུ་སྐོར་སྨད་གླིང་ཀར་གུར་ཕུབ་པའི་རྟ་པ་གནས་ཆེན་ཚོར་གཞིས་ལེན་ཁྲུང་བཞེས་ཀྱི་དགའ་སྟོན་མཛད། སེར་བྱེས་སློབ་དཔོན་བྱམས་པ་སྨོན་ལམ་གྱིས་མཚན་ཉིད་ཀྱི་ཐུགས་གཉེར་འཕྲོས་གནང་དགོས་ཚུལ་ཞལ་ངོར་ཞུས་པས་ཐུགས་འགྱུར་བའི་རྩི་བཞག་འཛིན་དགོས་ཚུལ་གསུང་བྱུང་བ་མི་ཚེ་གཅིག་ལ་མདོ་ཕྱོགས་ཀྱི་སློབ་གཉེར་བྱེད་ཐེངས་བརྒྱ་དང་འཇོག་ཐེངས་བརྒྱ་མི་ཡོང་ཐག་ཆོད་དུ་འདུག་བསམ་ད་ཆ་མི་ལྕོགས་ངེས་པའི་རྒྱུ་མཚན་གསོལ་ཞིང་བསྐུལ་མ་རྣམས་རྣ་བའི་རྒྱབ་ཀྱི་རླུང་དུ་བྱས། ཁྲི་རིན་པོ་ཆེར་བཀའ་གདམས་ཆོས་འབྱུང་གི་ལུང་ཞུས་པས་ཆོས་གཤའ་མ་ཞིག་བྱེད་ན་འདི་འདྲ་དགོས་རྒྱུར་འདུག་སྙམ་པ་བྱུང་། ཕ་བོང་ཁ་ནས་རྗེ་རྡོ་རྗེ་འཆང་དེ་ཉིད་ཕེབས་ཆོས་ཀྱི་བགྲོ་བས་ཉི་མ་གར་སོང་ཆ་མེད་དུ་གྱུར། ཉམས་ལེན་གང་ལ་དགའ་ཞུས་པར་འཆད་མཁས་དྲགས་པས་གཅིག་ལས་གཅིག་ཟབ་པའི་འདམ་ངོ་མི་ཤེས་པ་མང་པོ་གསུང་། རྗེ་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་སྔར་གྱི་སྒར་པའི་སྒྲིགས་སྲོལ་རྣམས་དོར་ཞིང་སྐུ་ཆས་ཀྱང་འབར་ཆས་སུ་བསྒྱུར་བའི་ཆིབས་རགས་སུམ་ཅུ་ཙམ་ཞིག་ལྷ་སར་ཕེབས་ནས་མཆོད་མཇལ་ཞབས་སྐོར། བ་ཕྱུགས་དང་ཁྱིའི་ཉོ་ཚོང་གནང་སྐབས་ཕན་ཚུན་ཇ་འདྲེན་ཞུ་རེས་ལས་གཞན་མའི་ས་བཅད་མེད་རུང་ཅལ་སྒྲོག་ཏུ་ངེད་དང་ཕྱག་རྩེ་སྤྲོད་ཀྱི་མཇལ་རྒྱུ་ཡིན་འདྲ་གླེང་མི་བྱུང་འདུག་པར་བརྟེན་མོན་མཁར་རྣམ་སྲས་གླིང་པ་ཅན་མང་པོས་འབྲས་སྤུངས་སྤྲུལ་སྐུ་དང་འདྲ་འདྲ་ཅི་ལ་སྲིད་དམ་ཞེས་བློ་ཁོལ་བ་བྱས་སྐད། ཨར་ས་ལང་གིས་ཨ་ཁའི་དའི་ཆིན་བསླུས་ཏེ་དམེ་བརྒྱབ་པའི་གནས་ཚུལ་བྱུང་བས་ཇོ་མཇལ་སྐབས་གླིང་སྨད་ཞབས་དྲུང་
ནས་དམིགས་ཕུག་པའི་སྨོན་ལམ་གདུང་ཤུགས་དྲག་པོ་སོང་བའི་ཞབས་ཕྱི་ཞུས། སྔར་སོག་པོ་ཚོ་ཆེན་དྲུག་གི་དཔོན་པོ་ཐམས་ཅད་གདུང་རུས་གཅིག་པའི་གཤིས་གཡུལ་གྲལ་དུ་འཕོག་ཉེས་བྱུང་ན་མ་གཏོགས་སླར་ངན་བྱེད་སྲོལ་མི་འདུག་རུང་ཆ་ཁར་ལེགས་ལྡན་དང་ཆོག་ཐུ་གཉིས་ནས་སྲོལ་ངན་གྱི་དཔེ་དོད་སོང་། ཧོར་ཟླ་དགུ་པའི་ནང་དུ་དཔོན་སློབ་ཕྱོགས་མཐུན་པར་འབྲས་སྤུངས་སུ་ཕེབས། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་གསང་འདུས་ཀྱི་བསྐྱེད་རྫོགས་དང་རྒྱུད་ལེའུ་བཅུ་གསུམ་པའི་མཚམས་སྦྱོར་བར་གྱི་ཊཱིཀྐའི་རྩི་བཞག་གནང་། རྒྱལ་བ་ཙོང་ཁ་པའི་རྣམ་ཐར་ཕྱི་ནང་གི་ལྗགས་ལུང་དང་སྦྲགས་གསུང་བཤད་ཤིན་ཏུ་ཞིབ་པ་ཞུས། ཧོར་ཨ་མདོ་པའི་དཔོན་ཁ་ཤས་རྟ་བཟང་བ་ཉི་ཤུ་སྐོར་ཁྲིད་ནས་སྟེར་བར་བྱུང་བ་ལ་ཚེ་རྟ་ཟུང་འབྲེལ་བསྐུར་ཞིང་བདག་རྐྱེན་ལེགས་པ་བྱས། ཇ་པའི་ཁྲོད་དུ་བསྐུར་མ་སྐྱེལ་བར་ཀོང་པོ་དཀའ་བཅུ་དང་འགྲུལ་ཟླ་གུང་ཐང་རབ་འབྱམས་པ་འབྱོར། དེ་སྐབས་ཆ་ཁར། ཆོག་ཐུ། བི་རི་རྣམས་ཀྱིས་གསེར་ཟམ་བཅད་པའི་སྟབས་སྔར་ཞབས་དྲུང་བྱམས་པ་ཅན་གྱི་ཁྲི་འབུལ་ལས་བསྐུར་མ་ཉང་ཉུང་བྱུང་བ་ངོ་སོ་ཆེ་བར་འདུག །ཧོར་ཟླ་བཅུ་གཅིག་པའི་ནང་དུ་གླིང་སྨད་ཞབས་དྲུང་དགའ་ལྡན་ལ་ཕེབས།

དགུང་ལོ་བཅུ་དགུ་པར་ཕ་བོང་ཁར་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་དྲུང་ནས་ཟབ་ཆོས་གསན་པ་སོགས་ཀྱི་སྐོར།


GLG005_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཕག་གི་ལོ་གསར་གྲུབ་རྗེས་སྨོན་ལམ་ཆེན་མོའི་གྲལ་དབུར་ཕྱིན། ཨེ་ནས་དཔོན་ས་ཨ་ནེ་དྲུང་ཡུམ་སྲས་ཞབས་སྐོར་ལ་ཕེབས་བསྙེན་གནས་ཚེ་རྟ་ནང་རྟེན་གྱི་མཇལ་ཀ་སོགས་ཕུལ་ཞིང་གཞིས་ལེན་ཀྱང་བཟབས་པར་བྱས། ལྷུན་སྡིངས་ཀྱི་དབྱངས་ཅན་དྲུང་ཇོ་མཇལ་དང་སྦྲགས་ཕྲད་པར་བྱོན་ཚེ་རྟ་ཕུལ། ཕ་བོང་ཁར་བཀའ་ཆོས་མང་ཙམ་ཞུ་བའི་སྙན་གསན་


GLG005_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བར་སྲས་པོ་རབ་བརྟན་བཏང་། དགུང་ལོ་མཐོ་ཞིང་སྐུ་གཅོང་ཆེ་བའི་སྟབས་འབྲས་སྤུངས་སུ་ཕེབས་མི་ཐུབ་ཚུལ་བྱུང་བས་ངོས་ཀྱིས་ཕ་བོང་ཁར་ཡོང་བའི་རྒྱུ་མཚན་ཕུལ་ནས་རེ་ཞིག་འབྲས་སྤུངས་སུ་འབྱོར། དྭགས་པོ་ལྕང་ར་བའི་སྡེ་པ་མ་ཆེན་གྲོངས་པའི་དགོངས་རྫོགས་ལ་ཚོགས་ཆེན་གྱི་མང་ཇའི་གྲལ་དབུར་ཕྱིན། གསེར་ཞོ་བརྒྱ་དང་རྟ་གསར་མས་གཙོས་པའི་བསྔོ་རྟེན་དཔངས་མཐོ་བར་འདུག་ཞལ་ངོ་འབམ་གྱིས་བསྙུན་གྲབས་བྱུང་བར་དྲུང་འཚོ་སྒར་པ་གྲོང་པ་ལྷ་རྗེ་མཁས་ཤིང་དཔྱད་ལག་ཏུ་འགེལ་བའི་ཉམས་མྱོང་ཆེ་ལ་ཚོད་ཐིངས་པས་གཏར་ཁ་བརྒྱབ་པ་ཤིན་ཏུ་འཕྲོད་པའི་གདོང་བཟློག་ཏུ་གྱུར། ཧོར་ཟླ་གསུམ་པའི་ནང་དུ་ཕ་བོང་ཁར་ཕྱིན་ཟབ་ཆོས་མང་དུ་ཞུས། གནས་སྐབས་ཀྱི་ལས་ཚོགས་འདྲ་ལ་དགའ་ཚོར་ཆེ་བ་བྱས་པས་ཕེབས་སྒོར་སྔགས་རྙིང་མའི་ཆོས་མཚན་ཉིད་ཚང་བ་ཞིག་ཉམས་སུ་བཞེས་ན་རྫོགས་ཆེན་གྱི་ཁོག་ཕུག་དགོས། ཁོ་བོའི་བླ་མ་ཉི་ཟླ་སངས་རྒྱས་དེ་འཕྲིན་ལས་བཞི་ལ་གཙོ་བོར་མི་མཛད། ཀ་དག་ལྷུན་གྲུབ་ཀྱི་སྒོ་ནས་གྲོལ་ལམ་བརྙེས་པ་ཡིན་ཞེས་ལོ་རྒྱུས་མང་པོ་དང་བཅས་རིག་འཛིན་རཏྣ་གླིང་པའི་ཀློང་གསལ་གྱི་དབང་ལུང་རགས་རིམ་ངོ་སྤྲོད་མདོར་བསྡུས་དང་བཅས་པ་བསྩལ། དབང་རྗེས་གནང་གི་ཕྱག་ལེན་ཁྲིད་ཀྱི་སྐྱོང་ལུགས་རྒྱུད་ཀྱི་བཤད་ཚུལ་ལས་ཚོགས་མན་ངག་གང་ཅི་ཞུས་ཀྱང་སླ་ཆོས་མི་མཛད་པར་སོ་སོའི་ལུགས་ལྟར་འཆད། གྲུབ་མཐའ་གང་གི་ཆོས་ཀྱི་གླེང་མོ་བྱུང་ཡང་འདི་རང་ལ་མཁས་པ་འདུག་སྙམ་པ་ཡོང་། སྡོམ་པ་གསུམ་གྱི་བཅས་པ་ཕྲ་མོ་ལའང་མི་འདའ། སེམས་ཅན་སྡུག་བསྔལ་བ་གསན་ན་སྤྱན་ཆབ་ཤར་མར་འདོན་པས་མཁས་བཙུན་བཟང་


GLG005_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྣམ་ཐར་ལ་འདི་ཕན་ལས་འགྲོ་ས་མེད། སྔགས་ཀྱི་ཉམས་ལེན་གྱི་རིས་ལ་མི་རྒྱུས་ཆེན་གྱིས་གཏམ་འཆད་པ་ལྟ་བུ་མ་གཏོགས་ཚིག་སྐམ་བཤད་པ་ཚོ་དང་མི་འདྲ་བས་རྟོགས་པ་ནང་ནས་རྡོལ་བའི་ཉམས་ཤིན་ཏུ་ཆེ། འཕྲལ་དུ་མོ་རྩིས་མཛད་པ་ལྟར་ལས་དོན་མངོན་པར་མཁྱེན་པ་ཐོགས་པ་མེད་རྒྱུ་མཚན་དེ་དག་ལ་བརྟེན་ནས་དད་པ་ཐོབ་པ་ཡིན། སྔོན་ཆད་རྟོག་གེ་ཕྱི་ལྟས་ཀྱི་ཤེས་པས་སངས་རྒྱས་ལའང་དག་མི་སྟེར་ཞིང་མིག་ཏུ་སྒོག་ཆུ་སོང་ཡང་མཆི་མ་མི་འཆོར་བ་ཞིག་ཡིན་རུང་འདི་ནས་བཟུང་སྟེ་ཆོས་རྣམ་དག་ཅིག་བྱེད་འདོད་ལྷན་སྐྱེས་སུ་ཤར་ཞིང་ཆོས་ལ་བརྟེན་པའི་སྡིག་པ་གསོག་པའི་འཕྲོ་ཆད་པས་བཀའ་དྲིན་འཁོར་ཐབས་མ་མཆིས། ཉིན་གཅིག་འགྲོ་མགོན་འཕགས་པའི་ལོ་རྒྱུས་ལས་འཕྲོས་ནས་ཞབས་དྲུང་རིན་པོ་ཆེ་རྒྱ་ནག་གི་བླ་མཆོད་ལ་ཕེབས་དགོས་པ་ཡོང་། ཞལ་ངོ་ལ་བོད་ཀྱི་དཔོན་པོ་མཛད་པའི་ལས་འཕྲོ་འདུག་གནང་བ་དེ་སྐབས་ནི་ཀུ་རེར་གོ །གླིང་སྨད་ཞབས་དྲུང་ལ་ཞུས་པས་ཁྱེད་ཚོང་པ་ནི་མིན་རྒྱ་ནག་ལ་འབྱོན་དོན་ཅི་ཡོད། གཙང་སྟོད་རྒྱལ་པོའི་མངའ་ཐང་གུང་ལ་རེག་པ་འདི་འདྲར་ཞལ་ངོ་ལ་དཔོན་པོ་ཅི་ལ་ཡོང་ཆོས་རྗེ་ཕ་བོང་ཁ་བ་མིའི་ངོ་འཛིན་མཁས་ཚུལ་གྱི་ཟུར་ཟ་གནང་ཕྱིས་སུ་བསམས་ན་མངོན་མཁྱེན་ཁོ་ནར་གདའ། གསུང་འཕྲོས་ཀྱི་ལྷོངས་ལ་དབང་གི་ལས་ཚོགས་ལ་བསྔགས་བརྗོད་གསུང་བ་ལོ་མཇུག་ལ་ཨར་ས་ལང་སོགས་མ་རུང་པ་འོང་བ་དབང་དུ་སྡུས་ཤིག་པ་བརྡ་ཐབས་ཀྱིས་བསྟན་པར་གོ །ཧོར་ཟླ་བཞི་པའི་ནང་དུ་འབྲས་སྤུངས་སུ་ཕྱིན་པའི་ལམ་ཞོར་ལ་སྤྲུལ་སྐུ་ལྷུན་གྲུབ་ཀྱི་ནང་དུ་ཚ་བ། གྲོང་སྨད་དུ་གུང་ཚིགས། རིན་ཆེན་ཚལ་དུ་དགོངས་ཇ་བུ་རམ་གྱི་བསྙེན་བཀུར་བཟབས།


GLG005_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་སྤུངས་སུ་འབྱོར་ནས་ཞལ་ངོ་དཔོན་གཡོག་ཆབ་ཚན་དང་སྦྲགས་རྒྱལ་ལ་ཕེབས། ཚོགས་ཆེན་ལ་ཞག་བཅོ་ལྔ་སྐོར་གྱི་བར་རྣམ་ཐར་དད་པའི་འཇུག་ངོགས་མ་བུ་བསྡེབས་ཚིག་བཅད་ལྷུག་མཐའ་དག་ལ་བཤད་པ་ཞིབ་པར་ཕུལ། ཐུགས་རྗེས་གཞན་གྲོལ་བའི་ཡོན་ཏན་རང་ཉིད་ལ་མེད་པའི་སྟེང་གསན་པ་པོ་རྣམས་ཀྱང་རྟོག་གེས་ང་རྒྱལ་བའི་སྐྱོན་གྱིས་འཇའ་སྤྲིན་དང་མེ་ཏོག་གི་ཆར་ནི་རྨི་ལམ་དུའང་མ་བྱུང་། ས་སྐྱ་བདག་ཆེན་མཐུ་སྟོབས་པ་ལྷ་སར་སོག་བཟློག་ལ་ཕེབས། གཏོར་རྒྱག་སྦྱིན་སྲེག་འཆམ་དབྱངས་སོགས་རྣམ་དཔྱོད་དོད་པའི་སྒྲ་སྐད་བཞག །གཏོར་བཟློག་ཟིན་འཕྲལ་རླུང་འཚུབ་ལྷ་ས་ནས་ལངས་སྒོ་ལ་ཕྱོགས་སུ་སོང་བར་སོར་ཞེན་སྐྱིད་ཞེན་བྱེད་མཁན་མང་པོས་སྡུག་བསྔལ་ཆེན་པོ་བྱས་ཟེར། སོག་པོ་ནི་ཟླ་བ་བཞིའི་ཐོག་གཏོས་ཆེ་བ་བྱུང་བས་སོག་འགུགས་མཛད་པ་འདྲ་མོར་སོང་། བྱང་ངོས་ནས་བདག་ཆེན་རིན་པོ་ཆེའི་སྐུ་ཞབས་སུ་ཇ་ཞུས་ལ་བཏང་ཚུར་ཡང་མགྲོན་གཉེར་དེ་གནང་བྱུང་། དབྱར་གྱི་རིང་ཟུར་ཆེན་ཆོས་དབྱིངས་རང་གྲོལ་ཕེབས། བདག་གིས་ཟླ་བ་ལྔ་པ་དང་དྲུག་པ་གཉིས་ཀྱི་རིང་འཇམ་དཔལ་ཟིལ་གནོན་གྱི་ཨྱཱི་རིང་འབུམ་ཕྲག་གཅིག་གི་བསྙེན་མཚམས་ཤིག་བྱས། དཔོན་སློབ་ཀྱིས་དུས་དགྲའི་དབང་པོའི་སྐུ་བརྙན་ཕྱག་བྲིས་སུ་བསྟར་ཞིང་མཚམས་འོག་ཏུ་གེགས་སེལ་བོགས་འདོན་གྱི་བསླབ་སྟོན་དང་དམིགས་སྐོར་སོགས་ཆོས་འབྲེལ་ཕྲན་བུ་ཞུས། མཚམས་གྲོལ་བསྟུན་ཉེར་མཁོའི་ཕྱག་བཞེས་མང་པོ་དམརཁྲིད་དུ་གནང་། ཞོ་སྟོན་གདོང་ལ་བསྙེན་མཚམས་ཟིན་པས་ཡང་དགོན་ཤག་སྐོར་བ་རྣམས་ཀྱི་འཆམ་སྣ་མང་པོའི་ལྟད་མོ་བྱུང་། ཏ་ཞིང་ཆོས་རྗེས་འདུལ་བ་གྲ་ཚང་གི་རིགས་གྲའི་ཚོགས་དབུར་བོས། ཆུ་ཞུགས་གྲོལ་


GLG005_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྟོང་གྱི་རིང་དགེ་འཕེལ་དུ་ཟླ་བོ་བཅུ་ཙམ་དང་བཅས་བསྙེན་སྒྲུབ་འདྲ་བྱེད་པའི་འདུན་པའི་སྐབས་ཁལ་ཁ་ཆོག་ཐུའི་བུ་ཨར་ས་ལང་ཁྲི་དམག་ཏུ་ཉེ་བ་འདམ་དུ་འབྱོར། ཡུང་ཤི་ཡི་བུ་དཔོན་ཁག་བཞི་དུས་གཅིག་ལ་བཅོམ་ཆོ་ཁུར་དམག་རགས་བསྡུས་བཅས་སྟོད་ལ་སོང་བ་དང་འགྲིག །བུ་ནོར་བུ་རིན་ཆེན་དང་ཀརྨ་ཆེ་བ་གཉིས་དཔོན་གཡོག་ལྔ་དྲུག་ཙམ་བྲོས་པས་ཐར། ཀརྨ་ཆུང་བ་དང་ནོམ་ཆི་གཉིས་བསད། ཐམས་ཅད་ས་འདར་རྡོ་འདར་ལ་སོང་བའི་གནས་ཚུལ་སྟག་ལུང་ཕྱག་མཛོད་བཟང་སྦྱིན་གྱིས་ཞལ་ངོར་སྐྱེལ་བར་བཏང་བ་ལྟར་སྡོང་མགྲོན་གཉེར་ལ་ངག་མ་བསྐུར་ནས་དགེ་འཕེལ་དུ་བྱུང་། སོག་པོ་འཕྲལ་དུ་ལྷ་སར་ཡོངས་ན་ཐུགས་དབང་མ་འདུས་དོགས་པས་ཐང་མ་ཕྱེད་བར་སྐུ་མཚམས་དངོས་གཞི་འཐེན་པ་འགབ་ཚུལ་བྱུང་། ཞག་ཤས་ནས་སོག་པོ་དེ་ཟླ་བ་གཉིས་གསུམ་ཞིག་ཡོང་བ་མེད་འདུག་པས་དེ་རྩིས་ཀྱི་མཚམས་ཤིག་བྱས་ཆོག་ཚུལ་བྱུང་བ་ལྟར་འཇམ་དཔལ་དུས་དགྲའི་བསྙེན་མཚམས་ལ་ཞུགས། ཟླ་བ་ཕྱེད་གཉིས་ཀྱི་བར་དུ་འཕེན་པ་བཏང་བས་སྔགས་རིང་འབུམ་ཕྲག་གཅིག་སོང་། སྔར་བོད་དུ་སོག་པོ་བྱུང་བ་ལ་གཏོས་ཆེ། ཞྭ་དམར་རབ་འབྱམས་པ་དང་ཁོང་རང་ཕ་བུ་རྣམས་ཀྱི་གྲོས་ལ་གཙང་པ་དང་གཞུང་གཅིག་བྱེད། ལྷ་ས་ཟ་དམ་པ་དང་རྭ་སྒྲེང་འབབ་རོང་པས་འཛིན། ས་ལུགས་སོགས་གྲུབ་མཐའ་དམངས་མ་རྣམས་ལ་བཏང་སྙོམས་དང་དགེ་ལུགས་པ་མིང་མེད་དུ་གཏོང་། ཀར་འབྲུག་གཉིས་ཀྱི་སྦྱིན་བདག་བྱེད་པའི་གཤོམ་ར་དང་ལྷ་རྩེ་དཔོན་མོ་སྤྲེའུ་དང་ཐང་ཆུའི་དཔེ་ཡིན་ཤས་ཁ་ཡང་དགེ་ལུགས་ཀྱི་སེར་མོ་བ་ཐམས་ཅད་བཅོམ་ནས་རང་ཕྱོགས་རྣམས་ཀྱང་ཞལ་ངོས་ཕ་བོང་ཁར་བརྟག་པ་ཞུ་


GLG005_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བར་གནང་བས་འཚུབ་ཆེའང་སྐུ་རིམ་གྱིས་བཟློག་ཐུབ་ཚུལ་བྱུང་བས་ཟིལ་གནོན་དུས་དགྲའི་ཟོར་སྒྲུབ་ཞག་བདུན་པ་ཞིག་བྱས། དགུན་ལ་ཟིན་པས་གྲང་ངར་ཆེའང་འབྲུབ་ཁུང་ནང་དུ་སྲོག་ཆགས་ཕྲ་མོ་དངོས་སུ་རྒྱུ་བ་དང་ཟོར་འཕེན་ནུབ་ལྷོངས་ཀྱི་རྣམ་པའི་སྔར་མ་གྲགས་ཀྱི་རླུང་འཚུབ་བྱུང་ཡང་ཟོར་བཀྲ་དང་མེ་བཀྲ་ཤིན་ཏུ་ལེགས། ཧོར་ཟླ་བཅུ་པའི་ཟླ་སྐེད་ལ་འབྲས་སྤུངས་སུ་སླེབས། སོག་པོ་དང་མི་སྣ་གཏོང་རེས་ཀྱིས་འབྲེལ་ཆེ་རུ་སོང་། ཡོང་ཤི་ཡེ་བུའི་དཔོན་འབྲས་སྤུངས་སུ་ཡོང་མི་གཉིས་བྲོས་པས་ཐར་ཞིང་། གཞན་གཉིས་མཚོན་འོག་ཏུ་ཤོར་བར་སྒྲོ་བཏགས་ཀྱི་གླེང་བརྗོད་འགའ་ཞིག་བྱུང་བའི་རྐྱེན་གྱིས་ཨར་ས་ལང་ཡང་རེ་དོགས་མང་པོ་ཤར། ཨེ་ནས་གསོལ་དཔོན་རབ་བརྟན་གྱི་བསྔོ་རྟེན་ཕུབ་སྒོར་གྱིས་གཙོས་པ་རྐང་གཏད་ཀྱིས་སྐྱེལ་བར་བཏང་བསྔོ་སྨོན་ཀྱང་ཅི་ནུས་བྱས། ཨར་ས་ལང་གིས་མཚུར་ཕུར་སྒར་པ་མཇལ་རྩིས་ལ་དཔོན་པོ་ཆོས་སྐད་ཆེས་པར་ཐུགས་སྤུབས་འཐུམས་ནས་གློ་བུར་དུ་དོལ་བརྒྱད་གྲར་ཐེགས་པས་ཐའི་ཇིར་ཕོག་སྟེ་ཞྭ་དམར་རབ་འབྱམས་པའི་བཀའ་གྲོས་རྣམས་འཇའ་ཚོན་ལྟར་ཡལ་བས་དགེ་ལུགས་ཕྱོགས་ལ་ཇེ་ལེགས་སུ་སོང་། ཅོ་ནེ་ཤི་རེལ་ཐུས་གཙོས་པའི་གསར་འགྲུལ་ཁ་ཤས་འདུག་པས་ཞག་བཅུ་སྐོར་གྱི་བར་ཚོགས་ཆེན་དུ་མང་འགྱེད་ཐོག་བརྒྱ་འབུལ་བཏེག་ཅིང་བསྔོ་སྨོན་བཏབ། ཁྱད་པར་ཐུ་མེད་ཀྱི་ཁི་ཡ་ཐའི་ཇིས་ཡོད་དགུ་བྱིན། ཆ་ཁར་གྱིས་གན་ཇུར་མི་ཁྲི་ཕྲག་བསད་པའི་དུས་བཟོས་པའི་མགོ་བོ་བརྒྱ་རྩ་ལས་གྲུབ་པའི་ཐོད་འཕྲེང་སྤ་ལོའི་འཕྲེང་ལེབ་ཙམ་ཆེན་པོ་ཞིག་ཀོང་པོ་ཨེམ་ཆིས་བྱིན་བྱུང་བ་འདི་མ་ཟད་ཀྱི་བར་དུ་སྔགས་སྨྱོན་བགྲངས་ནས་ས་སྟོན་ཉི་བཟང་དང་སྐུ་བསྲུང་བ་རྒྱལ་མཚན་
ལྷུན་གྲུབ་ལྟ་བུ་བྱས་ན་སྙམ་པ་ཤར་མོད་ཐོས་བསམ་སྒོམ་པ་བསྙེན་སྒྲུབ་སོགས་གང་ཡང་མཐའ་ཚེས་བསམ་ཐོག་ཏུ་མི་རྒྱུག་པ་འདི་ཚེ་རབས་སྔོན་མ་དུ་མར་བསོད་ནམས་མ་ཡིན་པའི་ལས་མང་པོ་བསགས་པའི་ཚོད་དུ་འདུག །ཆོག་ཐུས་གྲུབ་མཐའ་རིས་མེད་ཀྱི་བླ་མ་ཆེ་ཁ་ཕལ་ཆེར་ལ་འབུལ་བསྐུར་ཚན་མི་ཆུངས་ཙམ་བློན་པོ་ཐའི་ཆིན་ལ་བསྐུར་སྣང་བ་དེའི་སྐལ་བ་ཡིན་ཟེར་བ་སྤྲད། དགུན་སྨད་སོག་པོའི་གཡས་རུ་འབྲི་གུང་དང་གཡོན་རུ་གཙང་བྱང་བརྒྱུད་ལ་བཏེག །ཐའི་ཇི་རང་གིས་གཙོས་པའི་དམངས་མ་ཡར་འབྲོག་ཏུ་རྒྱུ་ཀ་བསྟད་པའི་བདེ་གཟར་ཆེན་པོ་ལངས། ཞང་པོ་དཔོན་གཡོག་ཡར་འབྲོག་པའི་བརྟུལ་ཞུགས་མ་ཉམས་པས་རྫོང་མ་བཟུང་བར་བབས་གཏད། དཔལ་དེ་བ་ནང་དུ་ཁྱོ་གས་བསྡད་པའི་འཁྲ་བཟུང་བས་ཕར་ཁ་ཉེས་ཀྱང་བཏང་སྐད། ཞལ་ངོས་གཙང་སོག་ཇུས་ཕྱྭ་སུ་བཟང་གསུང་བར་ཐུགས་དམ་མེད་པར་ཐུགས་དམ་བརྟག་པ་ནི་ག་ལ་ཡོང་མོ་ཕྱྭ་ཞིག་བཏབ་པས་གཙང་པ་བཟང་བར་བབས། གཞིས་རྩེ་དང་རྒྱལ་རྩེའི་ཞོལ་ཀྱང་བློས་བཏང་རྫོང་རྐྱང་འཛིན་རྩིས་སོགས་དབུས་གཙང་རྣམས་ནི་གནམ་ས་འགས་པ་ལྟ་བུའི་འཇིགས་སྐྲག་ཆེ། སོག་པོའང་ཐར་ལང་བླ་མས་བོད་དམག་ལུང་པ་གང་བ་ཡོང་འདུག་ཟེར་བའི་འུར་ཞོགས་དང་གམ་པ་ལ་ཐོག་ནས་བལྟས་པས་ལུང་པའི་དཀྱིལ་དུ་ཚུད་པ་ལྟ་བུའི་འཚབས་ཤས་བྲོས་མ་ཐབས་ཀྱིས་ལོ་གསར་སྐབས་དམག་རྣམས་སྐྱིད་ཤོད་དུ་འགྲིམ།

དགུང་ལོ་ཉི་ཤུ་པར་དེབ་སྔོན་དང་། རྣམ་ངེས་རིན་ཆེན་སྒྲོན་མེ་སོགས་ལ་ཐུགས་གཉེར་དང་ཟུར་ཐམས་ཅད་མཁྱེན་པའི་དྲུང་ནས་ཟབ་ཆོས་གསན་པ་བཅས་ཀྱི་སྐོར།


GLG005_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཕོ་བྱི་བའི་ལོ་གསར་གྱི་རྟེན་འདོགས་གྲུབ་མཚམས་ཨར་ས་ལང་གིས་ལྷ་སར་ཡོང་དགོས་ཚུལ་ལབ་པར་ཡེ་ཤེས་རྒྱ་མཚོ་ཇའི་སང་གི་ཁུར་ཁྱེར་ནས་བྱུང་བ་བཞིན་དེ་ནུབ་


GLG005_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་ཁང་གསར་དུ་ཕྱིན། སང་ཕྲད་སྐབས་སུས་ཀྱང་ཕྱག་མི་འཚལ་བའི་ཁྲིམས་བྱས་པ་གློ་བུར་དུ་ཐོག་མར་ཐའི་ཇི་རང་གིས་ཕྱག་བཙལ་ཞིང་བྱིན་རླབས་ཞུས། བཞུགས་གྲལ་དུ་བདེ་ཡངས་སློབ་དཔོན་རྒྱ་ཆེན་པ་དང་བྱེས་པ་སློབ་དཔོན་རྩེད་ཐང་པ་གཉིས་ཀྱིས་བགྲོ་གླེང་བྱས་པར་རྩོད་པ་སུས་སོང་ཞེས་ངེད་ལ་འདྲི་འདུག །ར་མོ་ཆེ་མཇལ་སར་ཐ་བུ་ན་ཨཱུ་ཅིང་ལོ་པུ་ཏས་དེ་རིང་ཁྲིམས་སུས་བཤིག་བྱས་པར་ཐའི་ཇིས་ང་རང་བློ་འགྱུར་ཞེས་ལན་བཏབ་པ་རྒྱལ་ཐོག་སྨན་པ་སོགས་གླེང་། རང་རེའི་ཟླ་བོ་རྣམས་རྗེས་གནང་ཞིག་ཞུས་ན་སྙམ་པ་བྱེད་ཀྱང་དེ་རིགས་ལ་མ་དགོས་པ་དེ་ག་བརྟེན་པ་འདུག །དེ་སྐབས་བལ་པོ་ཛོ་གི་རཱ་ཛའི་གཏོར་ཆ་ཟུར་རུ་ཨེམ་ཆིས་ཁྱེར་བ་མ་བསྐུར་བར་སླར་ཁྲིམས་མེད་ཀྱིས་སོག་པོ་ཁྲིད་ནས་ཆས་ཀ་གང་ཡོད་ནང་ཚང་རྣམས་འཕན་ཡུལ་དུ་བསྒྲིལ་བར་སོག་པོ་ངན་དབང་ཆེ་དྲགས་པའི་ཆུ་འགྲོས་ཀྱིས་བལ་པོ་ལ་ཆད་པར་གཉྫི་རའི་ཞིག་གསོས་བཀལ་བར་པད་གདན་བསྐྱར་བཟོའི་ལུགས་བླུག་པར་ནོར་བུ་དགའ་འཁྱིལ་རང་བྱོན་དུ་བྱུང་བ་བལ་པོ་རྣམས་ཡ་མཚན་དུ་བརྩི་ཞིང་སྤུས་སྲང་དྲུང་འཚོ་བས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་གོང་འཕེལ་གྱི་རྟེན་འབྲེལ་ཡིན་ཟེར། སྔར་ཇུང་གིར་རྒྱལ་མོས་རྗེ་བསོད་ནམས་རྒྱ་མཚོའི་དངུལ་སྐུ་བཞེངས་པའི་ཁ་ལུད་ལ་ནོར་བུ་དགའ་འཁྱིལ་བྱུང་བའང་སོག་ཡུལ་དུ་བསྟན་པ་རྒྱས་པའི་དཔེ་དང་བཅས་ཞལ་ངོར་ཞུས། ཆ་ཁར་རྒྱལ་པོའི་དམག་ལ་རྒྱ་ནང་དུ་འགོས་པའི་འགྲུམ་ནག་མཚོ་ཁར་བྱུང་བ་སོག་པོ་གཡོན་རུའི་ཕྱོགས་ནས་གཙང་ཕྱོགས་སུ་མཆེད་རུང་དབུས་སུ་ས་གཙང་སྐབས་ཡིན་པས་སྨོན་ལམ་ཆེ་ཆུང་ལ་ཕྱིན་པའི་སླར་འབྲས་སྤུངས་སུ་སླེབས། གཙང་གི་དཔུང་ཆེན་


GLG005_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གནམ་མཚོ་ལེ་གུང་དང་ཁད་ཉེར་འབྱོར། སྡེ་སྲིད་དཔོན་བློན་ནས་སྤེ་སེར་བ་རྫོང་བདའ་མཛད་པའི་སྒར་པ་ཡབ་སྲས། སྟག་ལུང་ཞབས་དྲུང་། འབྲུག་པ་སྤྲུལ་སྐུ། ངེད་རྣམས་མདུན་ཆིངས་ལབ་པར་སོག་ཁྲོད་དུ་འབྱོན་དགོས་པའི་བཀའ་ཤོག་ངག་མ་ནན་ཆེར་འདུག་ཀྱང་སྒར་སྟག་རྣམས་སྐུ་དབང་བཙན་པས་འབྲུམ་པའི་སྟབས་ཀྱིས་སོག་ཁྲོད་དུ་ཤར་མར་ཕེབས་མ་སོང་། དེ་མཐུན་འདི་ག་ནས་ཀྱང་འཕན་ཡུལ་ཙམ་དུ་འགྲོ་བར་ཐག་བཅད་དེ་ཉང་བྲན་ལབ་ལ་བརྒྱུད་རྩིས་ཀྱིས་སྦྱར་རར་ཞག་གཅིག་བསྡད་པས་ཕ་བོང་ཁ་ནས་རྗེ་དེ་ཉིད་ཀྱིས་གནས་ཚང་གི་མིང་སྒྲ་དང་བཅས་སོག་བོད་གཉིས་མར་ལ་མར་སྦྱར་བ་ལྟར་གཞུང་འགྲིག་ཡོང་སོགས་བསླབ་སྟོན་བསྒྱུར་བར་དཀའ་བཅུ་བ་གནང་བྱུང་བ་ལུང་བསྟན་དུ་འདུག་ཅིང་ལྷ་ཁང་བར་ཕྱིན་ལམ་དུ་ཟ་དམ་གཉེར་པས་ཐབ་བསུ་བཏེག་པའི་མི་ཆོས་ཀྱི་སྣེ་ལེན་དང་ཕར་ཡང་མང་འགྱེད་གྱ་ནོམ་པ་བཏང་། ཕྱག་མཛོད་ཁག་རྣམས་གཙང་སོག་གི་དམག་སར་ཐེངས་གཉིས་ཙམ་བྱོན་པའི་སྔ་མ་ནི་སོག་པོས་དོན་ཆར་སྣེ་ལེན་ཙམ་ཡང་མ་བྱས་འདུག །དེ་ག་མུ་མཐུད་ན་བོད་ཤིང་སྒོ་ཅན་གྱི་རྒྱལ་སྲིད་ལ་ཆགས་འཇིག་ལས་འོས་མི་སྣང་བས་སྒར་ཆེན་འཛམ་གླིང་རྒྱན་གཅིག་གི་བརྟུལ་ཞུགས་དང་དཔལ་ལྡན་ས་སྐྱ་པའི་གར་འཆམས་ཀྱིས་ཤོགས་མ་ཐོན་རུང་རྙིང་མ་བའི་སྔགས་རྒན་རྣམས་ཀྱིས་སྡེ་བརྒྱད་བྲན་དུ་བཀོལ་བའི་མཐུས་ཐའི་ཇི་གློ་བུར་དུ་སྨྱོ་འབོག་གི་སྙུན་གྱིས་བཏབ། སྡེ་ཁྲོད་ཚོར་ཐོག་འཁྱུག་གི་འཇིགས་པའང་ཁ་ཤས་བྱུང་འདུག་པས་སྐོར་རེས་བར་མའི་དུས་ལབ་སྣེ་བླངས་པའི་བར་ཆིངས་བྱུང་བར་བརྟེན་བོད་དམག་རྣམས་བཀྱིགས་ཐག་བཀྲོལ་བ་བཞིན་གྱེས། འཕན་


GLG005_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྷ་ཁང་དུ་སྡོད་རིང་དེབ་ཐེར་སྔོན་པོ་ལ་ཞིབ་ཏུ་བལྟས། རྣམ་ངེས་རིན་ཆེན་སྒྲོན་མེ་སོགས་འཕྱོང་རྒྱས་པའི་ཕ་ཆོས་གོག་པོ་འདྲ་ལ་སློབ་གཉེར་བྱས། གཟིམས་ཁང་གི་སྐོར་ལམ་ལ་སྐྱ་སེར་མང་པོས་ཕྱག་དང་བསྐོར་བ་ཡིག་དྲུག་དང་དམིགས་བརྩེ་མའི་རྒྱང་འཐེན་གྱི་འུར་སྒྲ་ཆིལ་ལེ་བ་བྱུང་། འཕན་ཡུལ་སྟོད་སྨད་ཀྱི་ཕྲད་མི་མང་ཞིང་ཉི་གླིང་བླ་མ་ཟེར་བ་ཞིག་གིས་ཏེ་སེའི་གངས་ཐིགས་ལས་རང་བྱོན་དུ་གྲུབ་པའི་ཞལ་བྲམ་གཟུགས་ཀྱི་སྐུ་བྱིན། བར་དུ་རྒྱལ་མེ་ཏོག་ཐང་པ་དང་ཧོར་སྨད་པ་ལུགས་ལེགས་ཁུལ་ལ་གློ་བུར་དུ་ཕྱུགས་མ་བརྒྱད་བརྒྱར་ཉེ་བ་དེད་པའི་གནས་ཚུལ་སྐྱེལ་བར་ལྷ་སར་བང་ཆེན་འབྱོར་གཤིས་གཉེར་པ་དོན་གྲུབ་ཚེ་རིང་བྱུང་། ཐོན་གདོང་ཁྲོམ་ལ་ལྷའི་རྒྱལ་པོའི་སྐྱེས་རབས་ནས་ཆོས་ཐུན་ཞིག་བཤད། སང་ཉིན་རག་མར་སླེབས་མདུང་ན་ཁར་ཁྲོམ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བྱས། ཚུར་ཡང་ཁ་སིང་གི་ལམ་བརྒྱུད་ཕ་བོང་ཁར་སླེབས་སྤྲེལ་ཟླའི་ཚེས་བཅུ་དང་འགྲིག་པས་གསོལ་འདེབས་ལེའུ་བདུན་པའི་ལྗགས་ལུང་ཞུས། རྒྱུན་རིང་ཙམ་ཞིག་བཀའ་ཆོས་ཞུ་བར་སྡོད་འདོད་ཀྱང་རིན་ཆེན་ཚལ་སྐོར་དུ་འབྲུམ་པ་མཆེད་དྲག་པས་ཞལ་ངོའི་བསླབ་སྟོན་དང་བསྟུན་ཞག་བཅུ་སྐོར་ལས་སྡོད་པ་མ་ཤར་དེ་བར་བཀའ་ཆོས་ཁ་ཤས་ནོས། འདས་མ་འོང་གི་གསུང་གླེང་བསླབ་སྟོན་ཀྱང་འཕེལ་བར་བྱུང་། ཁྱད་པར་ད་ལོའི་འབྲུམ་པ་འདི་མཐའ་འདྲེའི་ཁ་རླང་དུ་འདུག་པས་འགོང་པོ་ཨར་ལ་གཏད་ན་ཕན་ཞེས་དེ་གའི་ལྗགས་ལུང་ཕྱག་ལེན་དང་བཅས་པ་གནང་། དགེ་འཕེལ་དུ་སླེབས་ནས་སྒྲུབ་པ་བྱས་པས་མཚམས་ཁང་ནང་དུ་ཁྲས་བྱེའུ་དེད་དེ་དངོས་སུ་བསད་པ་དང་རྨི་ལམ་དུ་འོང་སྟོད་ཞིང་ཁ་ཡིན་རྒྱུའི་ཁུལ་ཞིག་ཏུ་གཡག་བརྒྱ་སྐོར་


GLG005_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བསད་པའི་ཤ་ཁོག་བརྩིགས་ཏེ་རྭ་རོང་ངེ་འདུག་པ་སོགས་དངོས་དང་མཚན་མའི་རྟགས་ཀྱང་ལེགས་པ་མང་དུ་བྱུང་། དེ་ལོ་ཧ་ཅང་ཞོད་ཆེས་པས་ཆར་གཅོད་ཀྱི་ལས་སྦྱོར་ཁ་ཡར་བྱས་པའང་ལག་ཏུ་ལོངས། འབྲུག་པ་སྤྲུལ་སྐུ་དང་ཕྱག་མཛོད་ཁག་རྣམས་སོག་ཁྲོད་དུ་བྱོན། སྤྲུལ་སྐུས་འབྲུག་པ་པད་དཀར་ལ་ཨྱོན་རིན་པོ་ཆེས་གནང་ཟེར་བའི་དྲག་པོའི་དབང་མཛད་རྩིས་ཐའི་ཇིས་ཡིད་མ་ཆེས་ཀྱིས་ཞུ་མ་ཉན་པར་བདེ་མཆོག་སྙན་བརྒྱུད་ཀྱི་དབང་གནང་བར་སོག་པོ་རེ་དད་བྱུང་འདུག་རུང་ཆིངས་ལ་ཕན་པའི་གསུང་འབྱོན་རྒྱུ་མེད་པ་ལ་ལྡེ་མིག་ལྔ་བཅུ་སྐོར་སྐུ་སྐྱེད་ལ་བསྡམས་ནས་ཕྱག་མཛོད་པར་ཐུགས་བློ་མི་འགེལ་བའི་གྱ་མ་ངོ་ཞིག་སྣང་ཞེས་ཞལ་ངོ་ཡང་ཡང་གསུང་། ཐའི་ཇི་སྙུན་མ་དྲག་པ་ནས་གཏན་ཆིངས་ཀྱི་དན་ཁ་བྱུང་བས་སྒར་པའི་དབོན་པོ་ཕྱག་མཛོད་ཀྱིས་རང་བསྟོད་སྟོང་སྐད་ཤིན་ཏུ་ཆེ་བའི་གཟུ་བཏང་། དེ་ལ་སྒར་ཆེན་གྱི་བཀའ་ཤོག་ཤེལ་ཐམ་གྱིས་ཐོག་དྲངས་བླ་ཆེན་རྣམས་ཀྱི་ཐེལ་གོག་དམར་པོ་ཚར་དུ་དངར། ཞལ་ངོ་ཚུར་ལམ་སྒོ་ལ་བརྒྱུད་ཕེབས་པར་གད་ཁ་སའི་ནང་སོ་རྣམ་སྲས་ཞེས་འཇིག་རྟེན་གྱི་མེས་པོ་དེས། དགེ་འཕེལ་ས་གཙང་ཡང་སྐུ་ཆས་རྣམས་ལྷ་ས་འབྲས་སྤུངས་ནས་སྐྱེལ་ཞིང་ཉང་དོགས་སུ་རྔོད་བཏགས་རྒྱག་དགོས་གཤིས་གཙང་པོ་ཞིག་དཀའ་བས་རྒྱལ་མེ་ཏོག་ཐང་དུ་ཕེབས་ན་འགབ་ཚུལ་ཞུས་པ་ཐུགས་ལ་བབས་པས་ཟླ་བ་དྲུག་པའི་ནང་དུ་ངེད་རྣམས་རྒྱལ་ལ་འགྲོ་བ་དང་ཕྱག་མཛོད་གཞན་རྣམས་ཀྱིས་འབྲུམ་པ་མ་ཐར་བར་བརྟེན་ཞལ་ངོས་སོག་པོའི་མི་སྣ་ཁྲིད་པའི་པ་རྣམ་དུ་གཙང་པའི་བློན་པོ་རྣམས་དང་བཅས་སོ་སོའི་རྩི་ཁ་ལེན་པ་དང་ཁྲ་མའི་ཆོད་ཡིག་རྒྱག་པར་བྱོན། མནའ་


GLG005_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དཔང་ལ་བླ་མ་ཞིག་དགོས་རྒྱུ་སྐུ་འབྲུམ་བཞེས་པ་དང་ས་ཁད་ཉེ་གཤིས་བཀྲ་ཤིས་ལྷུན་པོ་ནས་པཎ་ཆེན་རིན་པོ་ཆེ་ཕེབས་པའི་འཆར་བྱུང་། ལྷ་སའི་སྐོར་ལ་ཕན་ཚུན་ཡུས་མཉམ་འདྲ་མོའི་མཛེས་ཆུང་བར་དགེ་ལུགས་ཕལ་ཆེར་གྱི་ཐུགས་འདོད་ལྟར་གཉིས་ཀ་སེལ་འདོན་མཛད་བཞེད་རུང་སྐུ་མདུན་ཁང་དྲག་པ་ལེགས་ལྡན་རྡོ་རྗེ་མེས་པོ་ཚངས་པའི་བློའི་སྒྱུ་ཐབས་ཀྱིས་དགོངས་ཁྲོལ་ཡོང་བའི་གསལ་ཆ་ཆེ་བ་བྱུང་མ་སོང་བ་འདི་སྐབས་སྒོག་ལུང་ནས་དང་རྩ་ཁུ་ནས་གཉིས་སོག་པོ་ལོག་ཉན་པ་རང་ལ་དགའ་མགུ་ཡི་རང་བའི་ཇི་ལྟར་གསོལ་བ་ལ་དེ་དེ་བཞིན་ནོའི་གསུང་ལྷུག་པར་བྱོན་པ་ལ་བརྟེན་ཞལ་ངོས་བཀྲ་ཤིས་ལྷུན་པོར་ཕེབས། འབུལ་ཆས་འགངས་མི་ཆུང་ཙམ་གྱི་ཐོག་ནང་ཁུལ་དུ་སོང་བས་གསེར་ཞོ་བརྒྱ་ཐམ་གཡར་པོ་ཞུས་ཏེ་འབུལ་བ་ཚོགས་ཆེན་དུ་བཏེག་ནས་བཤགས་པ་ཕུལ། དཔོན་སློབ་གཉིས་ཀ་ཐུགས་འཁང་ཞི་བའི་ལུགས་ལེགས་ཕུན་སུམ་ཚོགས་པ་བྱུང་བར་སྣང་། ངེད་ཀྱིས་རྒོད་དཀར་ལ་བརྒྱུད་ཆོས་འཁོར་རྒྱལ་དུ་ཕྱིན་ལྷུན་གྲུབ་དགའ་ཚལ་དུ་ཟླ་གཉིས་ཙམ་བསྡད་ནས་གཏོར་གསོས་དང་བསྐང་གསོ་བྱས། བྱ་སྐུར་བང་གསུམ་གྱིས་སོག་པོ་ལོག་པ་མ་ཤེས་པའི་སྐྱ་ལངས་བརྒྱབ་པ་ཚབས་སུ་མ་སོང་བར་གཙང་དཔུང་གཉལ་དུ་འབྱོར་པས་བདེ་གཟར་ཆེན་པོ་ལངས། བང་རིམ་ཆོས་སྡེ་འཇིག་པར་ཐུག་པའི་མགོ་འདོན་ལ་ཞལ་ངོ་གཙང་དཔུང་གི་སར་བྱོན། དབྱར་ཆོས་གྲོལ་ནས་རྒྱལ་མཐིལ་དུ་སྤོས། དེ་ཚེ་སྟོན་དུས་སུ་སོང་བས་ལྷ་ཐོག་སྟེང་གི་མཚོ་ཕལ་ཆེར་མཇལ། ཞལ་གྱི་མཚོ་དེ་གཉན་པས་དབྱར་སེར་དྲག་དང་དགུན་ཁ་ཆོལ་ཡོད་གིན་ཡོད་འདུག་རུང་དེ་ཉིན་ནམ་མཁའ་དངས་ཤིང་མཚོ་མར་གད་ཀྱི་མདོག་འདྲ་བས་རྟེན་འབྲེལ་
ལེགས་པར་མངོན། མགོན་པོ་ཕྱག་དྲུག་པའི་མཚོ་ནས་ཡུལ་གྲོང་སྣ་ཚོགས་དང་ཁྱད་པར་གཙང་དཔུང་གིས་བྱ་བ་བཅོམ་པའི་དར་འཕྱར་འོལ་དགར་བྱས་པ་གསལ་བར་མཐོང་བ་རྗེས་སུ་རྩད་བཅད་པས་ཚེས་གྲངས་ཀྱང་འགྲིག་པར་འདུག་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་ཕེབས། ཟླ་བ་ལྔ་ཙམ་གྱི་བར་བཞུགས། ཟབ་རྒྱས་ཆོས་ཀྱི་དགའ་སྟོན་དཔག་མེད་ཅིག་ཞུས། ཞལ་ངོའི་ཐུགས་ལ་མི་འབབ་པའི་གཤིས་ལག་ལེན་དོགས་གཅོད་འདྲ་བྱེད་ཁུལ་དག་རིམ་གྲོར་བསྙད་པའི་གསང་ཐབས་དགོས་པ་བྱུང་། དགའ་ཚལ་དུ་དམག་ཟོར་མ་དང་ཁྱབ་འཇུག་གི་མདོས་གསར་འཛུགས་ཀྱང་གནང་།

དགུང་ལོ་ཉེར་གཅིག་པར་འཇམ་དཔལ་ཟིལ་གནོན་དང་། ཐུགས་སྒྲུབ་དྲག་པོ་རྩལ་གྱི་བསྙེན་སྒྲུབ་གནང་བ་བཅས་ཀྱི་སྐོར།


GLG005_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

མེ་གླང་གི་ལོ་གསར་གྲོལ་རྗེས་ངེད་དང་གྲོང་སྨད་ནས་གཉིས་ཀྱིས་ཕྱེད་རྩིས་ཀྱི་ལྔ་བསྡུས་དང་སྒྲ་གཅན་ཞིག་ཁྲིད། ཞར་བྱུང་ནག་རྩིས་ཀྱང་རགས་རིམ་སྦྱངས། ཞུ་ལན་ནོར་བུའི་འཕྲེང་བའི་ལུང་དགོས་གནང་བ་ཕུལ་ཞིང་འབུལ་བ་གྱ་ནོམ་པ་དང་བཅས་རྗེ་ཉིད་སྐྱིད་ཤོད་དུ་ཕེབས། ཞལ་ངོ་གཉལ་ནས་དྭགས་བརྒྱུད་རྒྱལ་དུ་བྱོན་སྐྱིད་ཤོད་ལ་ཕེབས་གདོང་འབྲས་སྤུངས་འདུ་ཁང་གི་ལོགས་བྲིས་ཇི་ལྟར་འགབ་གསུང་བར་དཔག་བསམ་འཁྲི་ཤིང་དང་འཁྲུངས་རབས་བརྒྱ་པ་ནི་འགོར་གཞིར་དགོངས་ནས་ཐུགས་ལ་མ་བབས། ཁྲོམ་ཚོགས་ཀྱི་ཤོག་ཁྲ་བཟོས་པ་ལྟར་དེ་ལོ་བྲིས་སོང་རུང་རྗེས་སུ་བརྟགས་ཚེ་ངེད་རང་གི་བཀོད་པས་མ་ཁྱོགས་པའི་འབྲིང་སྨད་ཅིག་བྱུང་འདུག །བྱམས་ཆེན་ལ་རྒྱབ་ཡོལ་ཞིག་བྱུང་ན་ཞུས་པར་ཐིགས་ཚད་བླངས་པའི་བཟོ་རྩིས་མཛད་སོང་ཡང་འདི་ལོ་ལྡེབ་བྲིས་དང་སེ་རའི་འདུ་ཁང་ཞིག་གསོས་ཀྱི་གཡེང་བས་འགྱངས། ཟླ་བ་གཉིས་པ་ཉིས་བརྩེགས་ནས་བཟུང་ས་རིས་རྣམས་བརྗེད་དོགས་ལྔ་བསྡུས་ལོ་འཁོར་རྩ་ལོངས་ཚར་གཉིས་ཙམ་བརྒྱབ།


GLG005_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སྔ་མ་དགེ་འཕེལ་དུ་གཞི་བསྙེན་ཡོངས་རྫོགས་ཤིག་མ་སོང་བས་འཇམ་དཔལ་ཟིལ་གནོན་གྱི་གཞི་བསྙེན་བཏང་བའི་མཇུག་ཏུ་དགྲ་མནན་བྱས་པར་རྟགས་དང་ཆོ་འཕྲུལ་ཆེ་བར་བྱུང་། མནན་པ་རྒྱབ་ནུབ་ཡས་མས་རྣམས་ཁ་མི་འཆམ་པའི་བཤུག་སྒྲ་དང་ཀུ་སྒྲ་ཀུན་གྱིས་ཚོར། མནན་དོང་དུ་བྱེའུ་ཞིག་ཀྱང་དངོས་སུ་མཆོངས། དགོན་པ་ས་མཐར་སོང་བས་སྒེར་དུ་མིང་བྱང་དམིགས་ཀྱིས་བསལ་བ་དགོས་རྒྱུར་ཞལ་ངོའི་ཐུགས་ལ་མ་བབས་པས་མེད་ཀྱང་དྭགས་སྟོད་སྨད་ཚང་མ་ལས་བཤད་སྒྲུབ་གླིང་པ་རྣམས་འབྲུམ་པས་ཆད་ལྷག་ཆེ་ཞིང་། སྒེར་རུ་དེད་པའི་ཧོར་སྨད་ཏའི་གཏེལ་པོ་དེའང་ནང་འཁྲུག་ཅིག་གིས་རྐྱེན་པའི་རང་མཚོན་རང་ལ་འཁོར་ནས་ཤི་འདུག་པ་དེ་ཀུན་རང་གནོང་ལངས་པའི་དོགས་གཞི་ཆེ་བར་བྱེད་ཡོད་སྣང་། སྲིད་པོ་སྒྲིག་པའི་བསམ་སྦྱོར་འཇིག་རྟེན་པ་གཞུང་མ་ལ་འཕྲལ་མཐུ་སོགས་མི་བྱེད་པ་སྐད་ཀྱི་ཚུལ་འཆོས་པ་བས་རྒྱུད་སྡེ་ནས་བཤད་པའི་ཁ་སྦྱོར་དབྱེ་བ་འདི་ག་ངོ་མི་གནོང་ཞིང་ལྷ་སྲིན་སྡེ་བརྒྱད་ཀྱང་ཆད་བཙན་པར་འདུག །ལེགས་བཤད་གླིང་སློབ་དཔོན་འོལ་དགའ་ལྦ་པ་གྲོངས་པས་རི་ཁྲོད་ནས་དབུ་མཛད་རབ་འབྱམས་པ་རིན་ཆེན་བློ་གྲོས་བསྐོས། གསང་བ་རིན་ཆེན་འདུས་པའི་དགོངས་པ་བཞིན་ཐུགས་སྒྲུབ་དྲག་པོ་རྩལ་གྱི་བསྙེན་པ་བྱས། རིག་འཛིན་རཏྣ་གླིང་པའི་གཏེར་བྱོན་གྱི་གནམ་ལྕགས་རྫས་རྒོད་བསྒྲུབ། སྔར་ལེགས་བཤད་གླིང་སློབ་དཔོན་འབུམ་རམས་པས་དྭགས་པོ་སྒྲོམ་མདའ་བར་བེག་ཙེའི་གཏོར་མ་འཕངས་པའི་དམ་སེལ་གྱིས་སྒྲོམ་མདའ་བའི་མི་ཡོང་ཕྱིན་དབྱར་གནམ་ངོ་བྱེད་པ་ཞིག་འདུག་པས་སྒྲོམ་མདའ་སྡེ་པ་བྱུང་ཉིན་འབྲུག་སྐད་ཀྱིས་རྫས་ཨོཾ་བི་ཁ་གཅོད་ཀྱིས་མི་ཐུབ་བར་འཕར་བའི་


GLG005_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

འཚུབ་འགྱུར་ཆེ། ཕན་བདེ་ལེགས་བཤད་གླིང་པའི་སློབ་དཔོན་དུ་བྲག་སྣ་ཆོས་རྗེ་ཨྱོན་བསྟན་འཛིན་བསྐོ་བཞག་བྱས། འབྲུམ་འཛེམ་སྟབས་ནས་ཤིན་ཏུ་འགོལ་བས་སློབ་སྦྱངས་ཐུབ་ན་ཤོགས་ཐོན་པ་ཡོང་རུང་དབང་ལུང་གནང་བ་དང་ཡོན་ཏན་འཁྲིད་པའི་བླ་མ་སློབ་དཔོན་གྱི་རིགས་བོས་ན་ཞལ་ངོ་མི་མཉེས། ཡོན་ཏན་ས་ལས་རྡོལ་ཞིང་གནམ་ནས་འབབ་སྲོལ་ནི་མི་འདུག །སྔགས་རིམ་ཆེན་མོ་སོགས་ཡིག་ཆ་མང་པོར་ལྟ་རྟོག་འདྲ་བཅུག་ཀྱང་རང་སྟོབས་ཀྱིས་གོ་དོན་མ་ཁྲོལ་བས་སྙོམ་ལས་སུ་ལུས། ཧོར་ཟླ་དྲུག་པའི་ནང་དུ་དྭགས་སྟོད་ཀྱི་ལུང་སུལ་ཆུན་དུ་ཕྱིན་དེར་མཚོ་སྔོན་ཆད་མིང་མི་གསལ་བ་ཞིག་འདུག་པ་ཇི་བཞིན་རྟོགས་པར་དཀའ་ཡང་འགོམ་གཤིན་རྗེ་མེའི་སྤུ་གྲིར་དོགས་ཀྱང་ཉེ་བར་དཔྱད་ཚེ་དཔལ་མགོན་མ་ནིང་གི་མཚོ་ཡིན་འདྲ་བསམ་པ་ཤར། སླར་ལྷ་ཐོག་སྟེང་གི་མཚོ་རྣམས་མཇལ་བས་ཕྱག་དྲུག་པའི་བླ་མཚོའི་རྒྱབ་ནས་གངས་ཆེན་པོ་ཉིལ། གུར་གྱི་མཚོའི་འགྲམ་གངས་དང་གཡའ་འདྲེས་པ་ཞིག་ནས་ཆུ་རྐའི་ཚོད་ཙམ་པ་ཇ་སྦྱོར་གཅིག་གི་བར་རྡོལ་བ་སོགས་རིང་པོར་མི་ཐོགས་པར་རྒྱ་དབུས་ཀྱི་གསེར་ཟམ་ཚུགས་པའི་རྟགས་སུ་མངོན། དེ་ལས་སྤྲོས་པའི་མཚོ་མཇལ་ནི་རབ་འབྱམས་པ་བཀྲས་རྒྱམ་པ་དང་དབོན་པོ་མཚོ་སྨད་པ་སོགས་མཚོ་དང་གནས་ལ་སྐུར་ཞུས་བྱེད་ཀྱིན་འདུག་པ་དང་ནམ་ཞོད་འདོམ་པ་གཉིས་ཀས་ལན་འདྲ་བས་གསལ་བ་མ་བྱུང་། གནས་མཇལ་བ་ཡང་དམ་ཚིག་གཙང་བ་གལ་ཆེ་བར་མཆིས། ཨོ་རོད་ནས་གུ་ཤྲི་དཔོན་པོས་རང་འདོད་མ་འཁྲིས་པའི་བསྟན་པ་ཁོ་ནའི་དོན་དུ་གཡུལ་བཤམས་པའི་དམག་རོགས་པཱ་ཐུར་ཧུང་ཐའི་ཇིས་མཛད་པའི་


GLG005_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རོད་ཀྱི་དམག་ཁྲི་ལྷག་ཙམ་གླང་ལོ་ཟླ་བ་དང་པོའི་ནང་དུ་འབྱོར་ནས་ཆོག་ཐུ་དཔོན་པོ་ཁྲི་དམག་གསུམ་དུ་ཉེ་བ་དུས་གཅིག་ལ་བཅོམ། བྱི་ལོ་བློན་པོ་ཐའི་ཆིན་དང་ཞྭ་དམར་རབ་འབྱམས་པ་གཉིས་ཀྱིས་བོད་ནས་བང་ཆེན་བཏང་བའི་བུ་ཨར་ས་ལང་འདི་ཡབ་ཀྱི་གསུང་དང་འགལ་སོང་བས་ཇི་ལྟར་བྱེད་དྲིས་པར་བསླུ་ཐབས་ཀྱིས་སོད་ཅེས་ལན་བྱུང་བ་ལྟར་བི་རི་བཅོམ་པའི་ནོམ་པ་ལ་མགོ་འཁོར་བའི་སྐབས་ཨར་ས་ལང་དཔོན་བློན་གསུམ་དུས་གཅིག་ལ་བསད་པས་ཆོག་ཐུ་ཕྱོགས་ནམ་མཁའི་འཇའ་ལྟར་ཡལ་བའི་སྦིར་གཏམ་དབྱར་སྨད་ནས་ལབས་བྱུང་བ་དོན་ལ་གནས་པའི་སྟོན་གུ་ཤྲི་དཔོན་པོ། ཅོ་ནེ་ཆོས་རྗེ། ས་སྐྱོང་ཐོག་རྒོད་རྣམ་རྒྱལ་ཁུ་དབོན་གྱིས་གཙོས་པའི་འགྲུལ་པ་སྟོང་ཕྲག་ལྷག་ཙམ་འདམ་དུ་བྱོན། འབྲུམ་ནད་ཀྱང་ཕལ་ཆེར་ཆད་པའི་ས་གཙང་བ་དང་འགའ་ཞིག་སྐྱིད་ཤོད་ལ་ཆས། རྒྱ་མཚོ་སྦུག་ཏུ་ཆད་དཀར་ཞབས་དྲུང་གིས་ཆོས་རྗེ་ཁྲ་རི་བ་ཅན་བཏང་བའི་གུང་གི་དྲོ་བཏེག །དཔོན་ས་ཨ་ནེ་དྲུང་ཡུམ་སྲས་ཕྲད་པར་ཕེབས། འོན་རྡོ་བྲག་གཞིས་ཀའི་ཀླུ་སྡིངས་སུ་བསྡད། དཔོན་ས་ཤར་སྟོད་མས་གཞིས་ལེན་དང་སྣམ་ཕྲུག་གི་སྟེར་སྦྱིན་བཟབས། ནང་པར་ཚེ་རྟའི་རྗེས་གནང་བྱས། སང་ཉིན་ནམ་མཁའ་ཐམས་ཅད་འཇའ་སྤྲིན་རྩི་ཤར་གྱེན་བསྒྲེང་སོགས་ངོ་མཚར་བ་མང་དུ་འདུག་པ་ཕ་བོང་ཁར་རྗེ་བླ་མ་དག་ཞིང་དུ་གཤེགས་པའི་དུས་དེར་སྣང་། རྒོད་དཀར་ལ་བརྒྱུད་ཤར་མར་འགྲོ་རྩིས་ཡིན་ཀྱང་འབྲས་སྤུངས་སུ་འབྲུམ་ཐག་གི་མཇུག་མ་ཆོད་པས་གཞིས་ཀ་དགའ་ལྡན་ཁང་གསར་དུ་བསྡད་ཕ་བོང་ཁར་གདུང་མཇལ་ཞིག་ལ་འགྲོ་འདོད་ཀྱང་རང་དབང་མ་འདུས་པས་མཚོན་སྣ་ཐག་མི་ལ་ཤོར་བའི་རིགས་ལ་འདི་འདྲ་བ་རང་ཡོང་འདུག་


GLG005_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐབས་མཐོང་མྱོང་མེད་པས་མཆོད་འབུལ་བྱེད་པ་མ་ཤར་དད་རྟེན་དུ་སྣམ་སྦྱར་དང་ཞུགས་འབུལ་ཟིན་ནས་ཐུགས་གདུང་རུས་ཚེམས་དབུ་ཞྭ་རྣམས་ལག་ཏུ་སོན། གཞིས་ཀའི་ཚོམས་ཆེན་དུ་གསར་འགྲུལ་རྣམས་དང་ཕྲད། གུ་ཤྲི་དཔོན་པོས་དངུལ་སྲང་སྟོང་ཕྲག་བཞི་དང་ཆོས་རྗེ་ཁག་གིས་གཙོས་པའི་སེར་མོ་བ་ཚོས་རྙེད་པ་རྒྱ་ཆེར་བསྐྲུན། གུ་ཤྲི་དཔོན་པོ་ལ་ཚེ་དབང་བརྒྱ་ཚར། དྲག་པོ་མཐིང་ཁ། རྟ་མགྲིན་གསང་སྒྲུབ། ཕྱག་དྲུག་པ་རྣམས་ཀྱི་རྗེས་གནང་དང་སྙིང་པོ་དོན་གསུམ་གྱི་བཤད་ལུང་། དཔོན་ཁག་སེར་མོ་བ། མི་བཟང་སོགས་ལའང་བློ་དང་བསྟུན་པའི་ཆོས་འབྲེལ་བྱས། སྔོན་ཡང་གཞན་གྱི་བྱད་ཁ་ལ་བརྟེན་ཚོ་ཆེན་དྲུག་པོ་ཕལ་ཆེར་ཉམས་པ་ཞིག་བྱུང་བས་ད་ལམ་ཁོང་ཡབ་སྲས་ལ་སྲུང་བ་རེ་བཏགས་པས་དེ་ཁོ་ནའི་ནུས་པ་ག་ལ་ཡིན་ཀྱང་སྟབས་འགྲིག་གིས་འཕྲོད་ཉམས་ཆེ་བ་བྱུང་སོང་། ཆོག་ཐུ་དཔོན་པོ་དེ་བཀའ་བརྒྱུད་ལ་མོས་ཁུལ་ནས་མཐར་རྒྱའི་དོག་སྲི་ལ་དད་ཅིང་ནང་པའི་བསྟན་པ་ལས་ཕྱིར་གྱུར་པ་བདུད་ཀྱིས་བརླམས་པ་འཇོམས་ལུགས་ལ་དཔགས་ན་སྤྲུལ་སྐུ་དྲི་མེད་ལྷུན་པོའི་ལུང་བསྟན་དུ་། སྤྱིར་ཡང་མཐའ་དམག་ལན་བདུན་ཐ་མ་ལཿ བཛྲ་པཱ་ཎིའི་སྤྲུལ་པའི་རྒྱལ་པོ་ཞིག༔ བོད་ཁམས་དར་ཅིག་བདེ་ལ་སྦྱོར་བ་འབྱུང་༔ ཞེས་པའི་རྒྱལ་པོ་དེ་ཡིན་པར་མངོན་ཞིང་། བསྟན་པ་ཁོ་ན་ཐུགས་ལ་བསམས་པ་ངོ་མཚར་ཆེ་སྙམ་ཇོ་ཤཱཀ་ཡིད་བཞིན་གྱི་ནོར་བུའི་སྐུ་མདུན་དུ་སྟན་མཐོན་པོ་བཤམས་པར་བཞུགས་སུ་བཅུག །བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་ཆོ་ལོ་སོག་ལུགས་ལྟར་འབོད་པ་དང་ཐམ་ཀ་བྱིན་རྒྱལ་བ་ཙོང་ཁ་པའི་གསེར་སྐུ་ལེགས་པ་ཞིག་གིས་


GLG005_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གཙོས་པའི་དངོས་པོའི་སྟེར་ཆ་དང་བཅས་བསྟན་འགྲོའི་ཕན་བདེ་གྱེན་དུ་འདེགས་པའི་རྟེན་འབྲེལ་བསྒྲིགས། སྲས་དང་མི་བཟང་རྣམས་ལའང་ཆོ་ལོ་བཏགས། རྒྱལ་པོས་ཀྱང་ཞལ་ངོ་ལ་ད་ལའི་ཕྱག་མཛོད་དང་གྲོང་སྨད་ནས་ལ་ཇའི་སང་སྡེ་པ། བྱང་ངོས་ནས་བཀྲ་ཤིས་ཕུན་ཚོགས་ལ་ཨུལ་ཆིང་སྡེ་པ་དང་གཞོན་པ་ལ་མར་གན་ཨོ་ཐོ་ཆི། སྟར་སྡོང་ནས་ལ་ཇོ་རིག་ཐུ་དར་ཁན་དེ་མཆི་སོགས་དྲུང་འཁོར་དྲག་རིས་ལ་ཆོ་ལོ་བྱིན། མཆོད་ཡོན་ཐུན་མོང་བཀའ་གྲོས་ཐོག་ནས་ཁལ་ཁ་ཨོ་རོད་ཕྱོགས་ཀྱི་གཞུང་བསྟན་པའི་ལེགས་སྤེལ་དུ་དར་ཁན་ནང་སོ་དགེ་འདུན་དར་རྒྱས་རྫོང་བདའ་བྱས། རྒྱལ་པོས་སོག་ཡུལ་དུ་ཡོང་དགོས་ཚུལ་གསུང་བར་རྟེན་འབྲེལ་གྱི་ཁྱད་ནས་ཁས་ལེན་ཙམ་ཕུལ། སྐྱིད་ཤོད་ཁུ་དབོན་ནི་ས་ཆ་ཡོངས་རྫོགས་མ་ལྷོགས་ཀྱི་དོགས་གཙང་སྡེ་སྲིད་ཀྱི་དགོངས་པར་སྐལ་བ་ཕྲན་བུས་ཆོག་ཏུ་རེ་བས་ཞལ་ངོའང་མཛད་བསྟད་ཅིང་དགེ་ལུགས་བྱིངས་ཀྱི་གཟིགས་ངོར་མཛོ་ཕོའི་ལམ་དང་གཤོལ་རིས་འཁྱོག་པོའི་དཔེར་སོང་། རྒྱལ་པོ་ཐེགས་པར་རིངས་པས་དོན་གྱི་རྡོ་ཀར་མ་འཁྱོལ། རྡོ་གསལ་ལེན་པར་གྲམ་བུ་རབ་འབྱམས་པ་ཟེར་བའི་ཕྱི་ཤམ་ཐབས་ཆུ་ན་སེར་པོ་ལ་ནང་ཚེར་མ་བཞིན་རྣོ་བ་ཞིག་འདུག་པ་དེས་བསྒུག་སྡོད་བྱས། རབ་འབྱམས་པ་འདིས་སྐྱིད་ཤོད་ཆོས་རྗེའི་གསུང་ཁ་ཤས་དཔོན་སློབ་གླིང་སྨད་ཞབས་དྲུང་ལ་སྤྱན་འབེབས་ཞུས་འདུག་པར་རྫོང་བཙན་གནམ་གྱི་ཀ་བ་དགྲ་ལག་ཏུ་ཤོར་ཚུལ་ཡོད་སྣང་བར་ཕེབས་སྒོར་བསྔོ་ཞུས་ལ་མཚོན་ཆ་བྱུང་བ་གཅོག་པ་དང་ནང་ཕྱོགས་ནས་འབྲུ་དྲངས་ཏེ་སྲོག་གཅོད་མི་མཛད་པ་ལེགས་པོར་མངོན་རུང་མང་པོ་གསོད་པའི་དོན་དུ་སྦྱིན་པ་གཏོང་བའི་དཔེ་བཞིན་རྫོང་བཙན་པོ་ཐུགས་ལ་མཁར་བས་


GLG005_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སོག་པོ་ཁ་དྲང་བའི་ཆེད་དུ་ལས་དཀར་རྣམ་སྨིན་གནག་པས་རྗེས་སུ་ཡི་རང་དཀའ། དེང་སང་རང་ཕྱོགས་རྣམས་སོག་དམག་གིས་བདེ་གཟར་ཆེ་བ་ཞིག་ཡོང་ལ་རེ་མཛད་ཀྱང་རྒྱལ་བ་ཙོང་ཁ་བའི་བཤད་སྒྲུབ་ཀྱི་བསྟན་པ་ལ་མི་ཕན་དགའ་ལྡན་ཕོ་བྲང་པ་ལྷ་སས་གཙོས་སྡེ་བདག་ཆེན་པོ་གཞན་སྨོན་པའི་ཡུལ་ཡིན་པས་ཉ་ར་མཛད་མཁྱེན་པ་དགའ་ཕེབས་པ་སངས་རྒྱས་ཀྱི་གསུང་ལྟ་བུ་བསམས་ཀྱིན་དད་པའི་སོས་སུ་གདའ། དཔོན་སློབ་པཎ་ཆེན་རིན་པོ་ཆེ་དགའ་ལྡན་ཁང་གསར་དུ་བཞུགས་གདན་འཇགས། ཟླ་བ་བཅུ་པ་དང་བཅུ་གཅིག་པའི་རིང་ཚ་རྟིང་ཁ་ནས་དགོངས་ཇའི་བར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་པོ་ཏི་བདུན་ཙམ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་འདུལ་བའི་གླེང་འབུམ། མར་མིའི་རྣམ་མགུར། བུ་སྟོན་རིན་པོ་ཆེའི་བདེ་མཆོག་གི་ཆོས་འབྱུང་སོགས་ལུང་མང་པོ་དང་རྡོ་རྗེ་འཕྲེང་བའི་དབང་བཅོ་ལྔ་ཙམ། གཞན་ཡང་རྗེས་གནང་ཁ་ཤས་སྩལ། ཉི་མ་ཐུང་ཞིང་ལྗགས་ལུང་དང་བཅས་དབང་སྒྲུབ་སོ་སོར་སྐྱེ་བོ་ཚོའི་བློ་དང་འཚམ་པ་གནང་རྒྱུ་བྱུང་མ་སོང་རུང་སྐྱེས་བུ་དམ་པ་བསྐལ་པའང་སྐད་ཅིག་མར་བསྒྱུར་ཐུབ་པས་ཅུང་ཟད་ཙམ་གྱི་ཏིང་ངེ་འཛིན་གྱིས་མཛད་དམ་སྙམ་ལྗགས་ལུང་གི་སྐབས་ཤིག་སྤྱན་ཅུང་ཞིག་མཉེལ་བར་སྐུ་འཁྲུགས་དོགས་འདུག་པས་ཉིན་གཅིག་གཉིས་ཤིག་འཕྲོད་བསྟེན་གནང་པ་ལེགས་པ་འདྲ་ཞུས་པར་དཀོན་མཆོག་མཁྱེན་སྙམ་པ་བྱས་ན་དགའ་མོ་ཡོང་འགྲོ་ཞེས་ཆོས་མཚམས་འཇོག་པ་མ་གནང་ཡང་མྱུར་དུ་གདངས་སོང་ཞིང་དེ་བཞིན་དུ་ལྷ་འདྲེ་མོ་རྩིས་པ་གང་ལའང་ཐུགས་སྣང་ཡེ་མི་གནང་བས་མཚོན་པའི་ཚེ་རིང་ན་དགའོ་རྣམ་དཀར་གྱིས་སོགས་གསུང་མགུར་
གྱི་དོན་ཕྱག་ཐོག་ཏུ་ཁེལ་བ་ཚུར་མཐོང་གི་འགྲོ་བ་རྣམས་ཀྱི་བློའི་ཡུལ་དུ་མི་ཆུད་པར་གདའ། ཟླ་བ་བཅུ་གཉིས་པ་ཚེས་ནས་ལྷ་ས་སྐོར་ལ་འབྲུམ་པ་ཕྲན་བུ་མཆེད་པས་བདག་གིས་ཆོས་ལུང་བཀྲ་ཤིས་སྒང་དུ་ཕྱིན། ཟླ་འཕྲོས་དང་དང་པོའི་རིང་གྲོང་སྨད་ནས་ཀྱིས་ཟླ་བོ་བྱས་ཏེ་ལེའུ་ཐོ་བཅས། དབུ་མཛད་དོན་གྲུབ་བཀྲ་ཤིས་པ་ཅན་བསྐང་གསོ་བ་བཞི་དང་བཅས་པས་སྟག་ལོ་ལོ་གསར་གྱི་སྲིད་གསུམ་བདག་མོའི་མཆོད་པ་མ་ཆག་པར་བཏང་། ཧོར་ཟླ་གཉིས་པར་དགའ་ལྡན་ཁང་གསར་དུ་འབྱོར།

དགུང་ལོ་ཉེར་གཉིས་པར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པ་སོགས་སྐོར།


GLG005_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་གསུམ་པའི་ཚེས་ལྔ་གཟའ་སྐར་གྱི་འཕྲོད་བཟང་བར་ཇོ་བོ་རིན་པོ་ཆེ་སྤང་གཅལ་སྟེང་དུ་ཡོངས་རྫོགས་བསྟན་པའི་མངའ་བདག་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱ་མཚན་གྱིས་མཁན་པོ་དང་གསང་སྟོན། གླིང་སྨད་ཞབས་དྲུང་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་གྱིས་ལས་སློབ། བྱེས་པ་ཞལ་སྔ་ནས་རྩེད་ཐང་པ་བྱམས་པ་སྨོན་ལམ་གྱིས་གྲིབ་ཚོད་པ། འབྲས་སྤུངས་འདུལ་བ་སློབ་དཔོན་ཏ་ཞིང་པ་ཐུབ་བསྟན་རྣམ་རྒྱལ། བློ་གསལ་གླིང་སློབ་དཔོན་ཕོ་ཁང་པ་འཇམ་དབྱངས་བཀྲ་ཤིས། རྒྱལ་པ་སློབ་དཔོན་སྒྱིང་ཐང་བ་ཆོས་ཕུན་ཚོགས། སྔགས་པ་སློབ་དཔོན་སེ་ཆེན་པ་ནམ་མཁའ་རྒྱ་མཚོ། སྒོ་མང་སློབ་དཔོན་བསམ་སྒང་པ་བློ་བཟང་ངག་དབང་། ཤག་སྐོར་སློབ་དཔོན་སྣང་རྩེ་བ་པདྨ་ཆོས་འཕེལ། བདེ་ཡངས་སློབ་དཔོན་གེ་ར། སེ་ར་སྟོད་པ་སློབ་དཔོན་ཀླུན་བུ་བ། སྨད་པ་སློབ་དཔོན་གུང་རུ་བ་དགུས་ཁ་སྐོང་བ་མཛད་དེ་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས། གླིང་སྨད་ཞབས་དྲུང་གིས་ལྟུང་མཐུན་བྱིན་བརླབས་ནས་བཟུང་མིང་རྙིང་པའི་སྟེང་དུ་ངག་གི་དབང་ཕྱུག་ཅེས་གསར་དུ་སྦྱོར་བ་གནང་། པཎ་ཆེན་རིན་པོ་ཆེ་ལྷོ་ཁ་བརྒྱུད་གཙང་


GLG005_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆིབས་ཁ་བསྒྱུར་སྙེ་ཐང་ནོར་བུ་སྒང་ཚུན་ཞལ་ངོས་ཆིབས་སྐྱེལ་ལ་ཕེབས། རྒྱལ་པོའི་འབུལ་བ་དངུལ་ཚན་ཆེས་པའི་ཕུད་ལ་རྟེན་བཞེང་ཞིག་བྱེད་རྩིས་ཡིན་པའི་བསླབ་སྟོན་ཞུ་བ་མཛད་པར་རྒྱལ་མེ་ཏོག་ཐང་གནས་བཟང་ཡང་ཧ་ཅང་ལུང་ཀྱོག་ཏུ་སོང་བའི་ངོམ་ཆེ་བ་མི་ཡོང་འདུག་པས་སེར་འབྲས་ལྷ་ས་གང་འོས་སུ་འགབ་ཚུལ་ཐུགས་ནང་དག་པའི་ཕེབས་སྒོ་ལྷུག་སྩོལ་དུ་གནང་། དེས་ཐུགས་དོགས་འཕྲོས་པའི་རྒྱལ་བྱམས་པའི་རྒྱབ་ཡོལ་ཀྱང་རིམ་འགྱངས་སུ་ལུས། དཀའ་བཅུ་འཕྲིན་ལས་ཕུན་ཚོགས་ཀྱིས་ཕ་བོང་ཁར་རྗེ་དེ་ཉིད་ཀྱི་དངུལ་གདུང་བཞེངས་པའི་ཤིས་བརྗོད་ལ་ཕྱིན། དེ་ནུབ་དངུལ་གདུང་རིན་པོ་ཆེའི་སྐུ་མདུན་དུ་བསྡད་དེ་བུམ་ནང་དུ་དབུ་ཐོད་ཧྲིལ་པོ་བཞུགས་འདུག་པར་སྨོན་ལམ་ནན་ཏན་དུ་བཏབ། ནང་པར་དགེ་སློང་རྣམས་ལ་ཚེ་དབང་དང་རྣམ་ཐར་དད་པའི་འཇུག་ངོགས་ཀྱི་ཆོས་ཐུན་གཅིག་ཕུལ། ལམ་ཞོར་ལ་པོ་ཏ་ལའི་མཆོད་མཇལ་བྱས། རེ་ཞིག་ས་གཙང་ཁྱད་ནས་དགའ་ལྡན་ཁང་གསར་དུ་བསྡད། ཞལ་ངོ་དྲག་ལས་ལ་མི་མཉེས་ཤིང་བླ་མ་གང་འདོད་ཀྱང་བསྟེན་ཆོག་རིགས་མིན་འདུག་པས། ད་ཆ་སྔགས་ཕྱོགས་ཀྱི་སྨིན་གྲོལ་ལས་ཚོགས་སོགས་མཐའ་ཆོད་པ་ཚང་མར་ཞུ་ས་རྙེད་པ་དཀའ་སྙམ་རེ་བ་བསྐྱངས་ཏེ་ཐ་སྙད་མཁན་པོ་རང་ཞིག་བྱེད་པའི་བློ་རྩེ་བསྟད། ཟུར་ཐམས་ཅད་མཁྱེན་པའི་དྲུང་དུ་སྔར་གྱི་ཞུ་འཕྲོས་གྲུབ་རྩིས་ཀྱི་ལྔ་བསྡུས་ནས་བཟུང་ཞག་གསུམ་རྣམ་དབྱེའི་བར་གྱི་རྩིས་ཕལ་ཆེར་བྱང་བར་སྦྱངས། འགྲེལ་བ་མཆོག་དགའི་སྟེང་ནས་དབྱངས་འཆར་གྱི་གསུང་བཤད་རགས་བསྡུས་ཞུས། མཚམས་སྦྱོར་ལྔ་པ་ཞིག་གནང་གིན་འདུག་པའི་རི་མོ་བཏང་ཞིང་སྡེབ་སྦྱོར་མེ་ཏོག་ཆུན་པོའི་སྟེང་ནས་བྲྀཏྟའི་གསུང་བཤད་


GLG005_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཉན། དེའི་ཚེ་བདེ་གཤེགས་མཆོད་རྟེན་བརྒྱད་བཞེང་བའི་ཐིག་རྩ་རྗེ་ཉིད་ཀྱིས་སྤྲུལ་སྐུ་འཕྲང་ཁ་བའི་ཡིག་ཆ་སོར་བཞག་གནང་། རྩེ་ཁ་སྤྲུལ་སྐུ་སོགས་ཤིང་བཟོ་བ་བརྒྱད་དང་གུ་ཎས་གཙོས་པའི་བལ་པོ་བཅུ་གཉིས་ཀྱིས་བཟོ་གྲ་བཙུགས། གཙོ་བོར་ཞལ་ངོ་ཉིད་ཀྱིས་ཐུགས་ཁུར་བཞེས་ཤིང་དོ་དམ་ཞལ་དཔོན་སྦྱིན་དཔལ་གྱིས་བྱས། བདེ་མཆོག་ཆུ་སྐོར་གྱི་ནང་སོ་ནོར་བུ་གཉེར་པ་ཡིན་པས་མཆོད་རྟེན་གྱི་ཐིག་རྩ་མ་བྱུང་ཞེས་བཀོད་པ་བྱས་ཤིང་ཚོ་ལ་བཅོས་བརྒྱབ་པས་སེ་འབྲས་དགེ་གསུམ་གྱི་མཆོད་རྟེན་བརྒྱད་ཀྱི་ནང་ནས་འབྲས་སྤུངས་ཀྱི་འདི་བཟོ་དབྱིབས་ལོང་པ་བྱུང་སོང་། དངུལ་སྲང་སྟོང་ཕྲག་གཅིག་དང་དྲུག་བརྒྱ་ལས་གྲུབ་པའི་སེང་ཁྲི་བང་རིམ་བུམ་པ་བྲེ་དེ་ཕྱིན་གསེར་ཟངས། གཡུ་མུ་ཏིག་ཤེལ་གྱི་ཕྲ་རྒྱན་ཡང་མ་ཉུངས་ཙམ་དང་བཅས་པའི་ཐོག་ཚད་མ་ཟླ་བ་བཞི་ལ་གྲུབ། དེ་ཞོར་ཇོ་བོ་རིན་པོ་ཆེའི་དབུ་རྒྱན་ཞིག་གསོས་མཛད་པའི་རྩིས་སྤྲོད་ལེན་མི་དགོས་པའི་ཁྱད་ནས་སྤུས་སྲང་དྲུང་འཚོ་བ་དང་ལོ་པ་ཆོས་མཛད་ལ་དོ་དམ་བཅོལ་སྔར་གྱི་འདོལ་ཁ་མུ་ཏིག་གི་ཚབ་ལ་གཡུ་ཕྲ་ལྔ་ཚོམ་དང་གཡུའི་གཅལ་བསྒྲིགས་ཕྱུག་པ། དར་དཔྱངས་གསར་གཟོས་བཅས་པར་གསེར་སྲང་སུམ་ཅུ་དང་དངུལ་སྲང་ལྔ་བཅུའི་རྒྱབ་ཤ་དར་དཔྱངས་ཕན་ཚུན་གྱི་སྒྲོག་ཁར་རིན་པོ་ཆེའི་ཕྲ་རྒྱན་དང་བཅས་པ་བཟོས། འདི་ལོ་ཐན་པ་ཆེ་བའི་ཚད་ཅིག་བྱུང་བ་ཆར་འབེབས་ཀྱིས་གསུང་བར་དྲག་འབེབས་བྱས་པས་དེ་ནུབ་སེར་ཆོལ་དང་འདྲེས་པའི་ཁ་མ་སྐྱེངས་ཙམ་བབས། ཇའི་སང་སྡེ་པར་ཅུང་ཟད་མ་མཉེས་པའི་རྐྱེན་གྱིས་འོལ་དགའི་སྟོན་སྡུད་ལ་བརྫངས་སོང་བའི་ཚབ་ཏུ་ནང་སོ་ནོར་བུ་འཇོག་བཞེད་ཀྱང་གང་ཅི་ནས་བློར་མ་བབས་པས་ལོ་པ་ཆོས་མཛད་རོགས་སུ་


GLG005_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱིལ། གད་ཁ་ས་པའི་མི་ངོ་གཞོན་པ་རྣམས་ཧོར་གྱིས་བསད་པར་བརྟེན་མག་པ་གཞན་ཞིག་བྱས་ན་ཡོང་རྒྱུར་འདུག་ཀྱང་ཉེས་འདོད་ཀྱི་རྣམ་པས་ནང་སོ་ནོར་བུ་བླངས་སོ། །སྒྲ་ཀ་ལཱ་པ་བསླབ་འདོད་པར་སྐྱིད་ཤོད་སྟོད་སྨད་དུ་སློབ་དཔོན་དུ་འོས་པ་སྡེ་པ་ཞང་མཁར་བ་འཇམ་དཔལ་མ་གཏོགས་མ་རྙེད། ཁོང་གི་ཞ་ལུ་ལོ་ཆེན་གྱི་འགྲེལ་པའི་སྟེང་ནས་འཁྲིད་རྩིས་མཛད་རུང་བཤད་སྦྱར་དེ་ཁ་དམ་པ་དང་གཙང་པའི་བཀའ་བཀྱོན་ཕོག་པའི་བློས་བཏང་ཆེས་སྐྱོན་གྱིས་རི་མོ་ཇི་བཞིན་མ་སོང་། སྟག་ལུང་ནས་སྙེ་ཐང་ལོ་ཙཱ་བའི་ནག་འགྲོས་གཡར་བའི་ཚར་གཅིག་ཁྲིད་ཀྱང་ཁ་བྱང་བ་ཙམ་ལས་རྟགས་དང་རྣམ་དབྱེ་བྱིངས་དང་རྐྱེན་སོགས་ཀྱི་གོ་བ་གང་ཡང་མ་བྱུང་བས་སློབ་དཔོན་ལ་འདི་བཞིན་འདུག་ཚུལ་སླེབས་པར་ལན་དུ་ཞྭ་དམར་མཆོག་གི་སྤྲུལ་སྐུས་མཚོན་པའི་བླ་ཆེན་རྣམས་ཀྱིས་སྒྲ་མཁྱེན་ཟེར་བ་འདི་འདྲའི་རིགས་ཡིན། ལོ་ཙཱ་བ་ཚད་ལྡན་གྱི་ཐུགས་རྩེ་བསྟད་ཡོད་ན་བདག་གིས་སྔར་ལོ་ཆེན་སངས་རྒྱས་དཔལ་བཟང་གི་དྲུང་དུ་ཀ་ལཱ་པ་ཡོངས་རྫོགས་ཤིག་བསླབས་པ་ཡིན་ཀྱང་དུས་འགྱུར་གྱིས་དཔེ་ཆས་མཐའ་བརྟེན་པ་ཤོར་ཞིང་དོན་གཉེར་མ་བྱས་པས་ཕྱག་གཡོག་མི་འགྲུབ་འདུག །དེང་སང་རིག་པའི་གནས་ལྔ་ག་ལ་མཁས་པ་ནི་སྨོན་འགྲོ་ནས་ཡིན། སྒྲ་རང་ལ་བྱར་པོ་ལོ་ཆེན་ཤེས་རབ་དཔལ་བཟང་དང་ཁྲོ་ཕུ་དུས་ཞབས་པ་གཉིས་ཀྱང་ཕུལ་ཏུ་ཕྱིན་པས་དེ་ཚོ་སུ་རིགས་ཤིག་འབོད་པ་འགབ་ཚུལ་བྱུང་། མཁས་པ་བསྟེན་ཏེ་ཡོན་ཏན་སློབས་ཟེར་བ་གཅིག་པུས་ཀྱང་ཁོང་དྲིན་ཆེ་བར་ཡོད། གཞན་ནི་བླ་ཆེན་བྱས་ནས་མི་སྣ་ཚོགས་ལ་ཡོན་ཏན་བསླབས་ཞེས་ནག་ཅན་དུ་བརྩི། སྟག་ལུང་དབོན་ངག་གི་དབང་ཕྱུག་


GLG005_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་འདོན་གྱི་ལེགས་བྱར་བཀའ་ཤོག་ཅིག་བཟོས་གསུང་བ་འདི་ཕན་ཆད་ཧུང་ལ་སྒྲོམས་ཆེ་བ་ཙམ་ཡང་བཟོ་ཤེས་ཀྱིན་མེད། དེ་ནས་སྡེ་པ་ཞང་ཀར་བར་དོན་རྒྱན་སོ་ལྔའི་རྩོམ་རྒྱུགས་ཕུལ་བས་གཞུང་དོན་ཇི་བཞིན་མ་རྟོགས་ཀྱང་ཚིག་བཅད་ལྷུག་རྩོམ་པར་དཀའ་ཚེགས་ཆེ་བ་མ་བྱུང་། དེང་སང་ནི་མ་བསླབས་ན་མཁྱེན་ཞིང་བསླབས་ན་ཐུགས་སུ་མི་ཆུད་པ་མང་བར་གདའ། ཁོ་བོའི་ཡོན་ཏན་ཕྲན་ཚེགས་རྣམས་བསླབས་ནས་ཤེས་པ་ཤ་སྟག་ཡིན་ནོ། ། སྟོན་གླིང་སྨད་ཞབས་དྲུང་རིན་པོ་ཆེ་ཕེབས་འགྲེལ་པ་བཞི་སྦྲགས་ཡོངས་སུ་རྫོགས་པ་དཀའ་གནད་ཀྱི་བཤད་པ་དང་བཅས་པ་ཞུས། དཔོན་སློབ་རིན་པོ་ཆེས་དབུ་གནས་ཅོ་ནེ་ཆོས་རྗེ། ཏ་ཞིང་ཆོས་རྗེ། གཉལ་བ་ཆོས་རྗེ་སོགས་ཁ་ཤས་ལ་གུང་ཚིགས་གྲོལ་ནས་ཞག་ཉི་ཤུའི་བར་ལ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་པོ་ཏི་ལྔའི་ལུང་རྫོགས་པར་ཕུལ། ཅོ་ནེ་ཆོས་རྗེས་ས་པཎ་གྱི་ཞུན་ཐིགས་འཇམ་དབྱངས་སེང་བཞོན་མ་ཁྱད་མཚར་དེ་བྱིན། བསྙེན་རྫོགས་སྒྲུབ་པ་བྱང་ཁྱད་ཀྱི་ཏ་ཞིང་ཆོས་རྗེ་བསྙེན་རྫོགས་བསྐྱར་སྒྲུབ་ཀྱི་མཁན་པོ་བྱས། དེ་ནས་ཀོང་པོ་རབ་འབྱམས་པས་གཙོས་སྒྲུབ་མི་ཁ་ཡར་བྱུང་། རི་བོ་དགའ་ལྡན་གྱི་ཕྱག་ལེན་དེའང་ཤེས་ན་འགབ་འདྲ་སྙམ་གླིང་སྨད་ཞབས་དྲུང་གིས་མཁན་སློབ་སྦྲགས་པ་གནང་། བདག་གིས་གསང་སྟོན་བྱས་ཏེ་དཀའ་བཅུ་དགའ་གདོང་པ་སོགས་ཁ་ཡར་གྱིས་བསྙེན་རྫོགས་སྒྲུབ་པ་ཕྱག་ལེན་ཞིབ་དྲགས་པས་སྒྲུབ་གྲ་བཞི་ལྔ་ཙམ་ལ་གུང་ཚིགས་གྲོལ་ནས་སྐར་མ་ཁྲ་ཆེམ་ཆེམ་གྱི་བར་འགོར་གྱིན་འདུག །སྔར་ཁས་ལེན་ཙམ་བྱས་པར་འཁྲིས་ཏེ་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་ངེད་འབོད་པར་མེརྒན་དཀའ་བཅུ་ཤེས་རབ་རྒྱ་མཚོ། ཇའི་སང་མེ་


GLG005_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཆི། ཇའི་སང་གུ་ཤྲི། ཨཱུ་ཆིན་ཆེ་ཆེན། བོ་དོང་གུ་ཡེང་། སྡེར་གེལ་ཆེ་ཆེན་རྣམས་ཀྱིས་གཙོས་མི་སུམ་བརྒྱ་སྐོར་རྫོང་བདའ་མཛད་པ་འབྱོར། སྟོན་མཇུག་འབྲས་སྤུངས་སུ་ཕྱིན་འཛིན་ཤེ་བཟང་བ་ལ་ཤེས་འདོད་ཡོད་པས་རྗེ་ཟུར་ཆེན་ལ་དབྱངས་ཅན་མ་དཀར་མོའི་རྗེས་གནང་དང་བསྙེན་སྒྲུབ་ཀྱི་ཕྱག་ཁྲིད་ཞུས་པའི་སྟབས་འདི་སྐབས་ཞག་བདུན་གྱི་བར་བསྙེན་མཚམས་བྱས་པར་ཐུན་ཐམས་ཅད་ལ་རྟོག་པ་གཞན་དུ་འཕྲོས་པའི་དམིགས་པ་ཚད་ལྡན་ཡེ་མ་བྱུང་ཞིང་དེ་དང་མཚུངས་པར་དངོས་ཉམས་ལྟ་ཞོག་རྨི་ལམ་བཟང་བ་ཞིག་ཀྱང་བཤད་རྒྱུ་མེད། ཕྱིས་སུ་རིན་སྤུངས་ཞབས་དྲུང་ལུགས་ཀྱི་ཚིགས་བཅད་བྱེད་ན་ཉིན་རེར་ཤློ་ཀ་བཅོ་ལྔ་ཙམ་དང་སྣར་ཐང་པ་དང་དཔལ་ཁང་པ་ལྟར་བྱེད་ན་ཤློ་ཀ་ཉི་ཤུ་སྐོར་རེ་རྩོམ་ཐུབ། འཆར་སྒོ་ཡངས་པའི་སྐབས་རྒྱ་ནག་ཏུ་འཇམ་དབྱངས་ཀྱི་བསྟོད་པ་དེ་ལ་ཤློ་ཀ་དྲུག་ཅུ་རེ་བརྒྱད་ཡོད་པ་པཎ་ཆེན་སྨོན་འགྲོ་ནས་ཀྱིས་ཕྱག་བྲིས་གློག་ལྟར་འཁྱུག་པས་འབྲི་ཉག་གཅིག་པ་ལ་གཅིག་མཇུག་གཅིག་ནོན་དུ་དཔོད་པས་ཇ་ཡུན་རིང་པ་གསུམ་གྱི་མགོ་མཇུག་ལ་གྲུབ་སོང་། གསོལ་འདེབས་སྨོན་ལམ་འབོལ་རྩོམ་བླ་མ་མང་པོའི་ཐུགས་རྩོམ་དུ་ཡོང་འདུག་པ་འདི་འདྲའི་རིགས་དཔོད་པ་དང་ཧུང་ལ་དཀྱུས་མ་བཟོ་བ་དཀའ་སླ་ཁྱད་མེད་པ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་ཅིང་ཡིག་མཁན་མཐའ་དག་ལ་རྒྱུས་ཡོད་པ་འདི་ག་ཡིན་པས་དེ་ཙམ་བསྙེན་པ་བྱས་པའི་རྟགས་སུ་ངོས་འཛིན་ན་ནི་གཟུང་ཆོག་པར་སྣང་། དབྱངས་ཅན་མ་དང་སྒྲོལ་དཀར་གྱི་བསྟོད་པ་ཞིག་བརྩམས་ཀྱང་ཕྱིས་ཀྱི་ཚོ་དང་བསྡུར་ན་རྩོམ་པ་པོ་མི་གཅིག་པ་འདྲ་བ་ཡོད། གླིང་སྨད་ཞབས་དྲུང་སྐུ་ཞབས་སུ་རིམ་ལྔ་གསལ་སྒྲོན་གྱི་ལྗགས་ལུང་དང་


GLG005_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་བཤད་མདོར་བསྡུས་ཤིག་ཞུས། རབ་འབྱམས་པ་དོན་ཡོད་རྒྱལ་མཚན་སོགས་རབ་བྱུང་བསྙེན་རྫོགས་རྒྱ་ལྷག་ཙམ་བསྒྲུབས། རྒྱལ་པོའི་འབོད་མི་བྱུང་ཚུལ་གྱི་བསླབ་སྟོན་ཞུ་བར་ཞལ་ངོས་གཞིས་ཀ་རྩེར་བྱོན། ཁང་དྲག་པ་མ་ཆེན་ཡོད་པ་ཕན་དང་མི་འདྲ་བའི་དཔོན་བློན་རྣམས་ལ་བཙའ་བརྒྱབ་ནས་ཁྱེད་རང་དགེ་ལུགས་པ་ཚོར་ཁེབས་གང་ཆེ་གྱིས་གསུང་བ་ལས་དགྲ་གཉེན་གང་གིའང་ཐ་སྙད་མེད་པའི་ཟོམ་ཐོམ་ཞིག་གསུངས་འདུག་པར་ཞལ་ངོ་ཐུགས་འཁང་ཆེ་བ་ཞུགས་པར་གདའ། མེ་རྒན་དཀའ་བཅུ་ཅན་ལ་བདག་རྐྱེན་དང་འདོད་ཆོས་གང་ལེགས་ངོས་བསྟན་འཛིན་ཆོས་ཀྱི་རྒྱལ་པོར་སྐོར་ཞིག་ཡོང་མི་ཐུབ་ཚུལ་གྱི་རྒྱུ་མཚན་དང་བཅས་བརྫངས། འགྲུལ་སྡེབས་འདིར་ཅོ་ནེ་ཆོས་རྗེ་དང་སྔགས་པ་སློབ་དཔོན་སེ་ཆེན་པ་སོགས་ལོག་མི་མང་བར་བྱུང་། སྡེ་པ་སྐྱིད་ཤོད་པའི་དོན་སྐོར་ལ་ཞལ་ངོ་ཡོངས་རྫོགས་བོད་དུ་བསྒྲིལ། རེ་རེས་གཙང་དུ་དྲུང་འཁོར་མཛད་པའི་བློ་འབེབས་ན་འཕན་ཡུལ་མཁར་རྩེ་ཡོང་ཟེར་པའི་རྡོ་སྦྲགས་བྱུང་བ་གྲམ་བུ་རབ་འབྱམས་པའི་བསམ་པར་ཞལ་ངོས་མདའ་ཚོད་རྒྱུད་འཛིན་དུ་གོ་ནས་སྐྱིད་ཤོད་པར་དོན་ག་ལ་ཡོང་སྡེ་པ་གཙང་པ་དགའ་ལྡན་ཕྲོ་བྲང་དུ་བཞུགས་འདུག་ཅེས་གླེང་སྐད། ཁྲི་རིན་པོ་ཆེས་དགུང་སྐག་ཅིག་སྐོར་གནང་བ་ལྟར་བརྩིས་བའི་འགོ་བརྗོད་དང་བཅས་ཕུལ་ལོ་སྨད་དུ་དགའ་ལྡན་ལ་ཕེབས། ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔའི་ཐོ་རངས་གཟའ་འཛིན་གྱི་རི་མོ་ཤར་བའི་དུང་གཏོང་མཁན་སོགས་གྲབས་ཐོགས་མེད་བྱས་ཀྱང་རྩིས་གསར་ལ་སོང་བའི་ཉམས་མྱོང་མ་ཆོད་པའི་སྐྱོན་གྱིས་ཆུ་ཚོད་ཐལ་བའི་གླིང་འདི་ནས་མ་མཐོང་བ་རྟིང་སོར་སྒོ་ཡིག་སྦྱར་བ་ཀུན་ལ་བཟོ་ཉེས་བཟོའི་སློབ་དཔོན་དུ་སོང་། དེང་སང་གི་རྩིས་པ་ཚོ་ལྟར་རྫོང་གོག་
རང་བཟུང་བ་མ་ཤར།

དགུང་ལོ་ཉེར་གསུམ་པར་སྨན་རྩིས་ལ་ཐུགས་གཉེར་གནང་བ་སོགས་ཀྱི་སྐོར།


GLG005_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཡོས་ཀྱི་ལོ་གསར་དུས་འདོད་གསོལ་གྱི་ཚིགས་བཅད་བྲིས་པའི་སྙན་ཤལ་སྒྲོན། བཞུགས་གྲལ་དང་བསྟན་གསོལ་གྲུབ་རྗེས་སྨོན་ལམ་ཆེ་ཆུང་གཉིས་ལ་ཕྱིན་འདི་ལོ་གདུལ་བྱ་ཆུང་བས་སྨོན་ལམ་དང་གྲ་སྐོར་འཕེལ་བའི་ཚད་ཅིག་བྱུང་། སྨོན་ལམ་གྲོལ་ནས་ཆུ་མིག་ཁ་པ་ཨ་བོ་དར་རྒྱས་ཀྱིས་ཇ་མགྲོན་ལ་བོས་ཏེ་གཞིས་ལེན་དང་སྟེར་ཆ་བཟབས་རྙིང་ཁུངས་ཞེན་ཅན་པའི་གྲས་ཡིན་ཀྱང་རྗེས་སུ་བདག་རྐྱེན་མ་བྱུང་བའི་ངང་ལ་འདས་འདུག །སང་ཡེར་བའི་གནས་མཇལ་ལ་ཕྱིན་ཡར་ལམ་ཨོ་ཀེ་གཞིས་ཀར་དཔོན་ས་རྗེ་བཙུན་མ་དགུང་ལོ་བརྒྱད་ཅུ་འགྲོ་བ་དེས་བསྙེན་བཀུར། ནང་པར་བྲག་གསེབ་ཀྱི་གནས་མཇལ་ཚང་མ་དང་ན་ཚོད་གཞོན་པས་རྩེ་སྐོར་ཀྱང་ཚེགས་མེད་དུ་གྲུབ། ཟླ་བ་ཕུག་ཏུ་ལེའུ་བདུན་མ་བཏོན་ཞིང་སྨོན་ལམ་ནན་ཏན་དུ་བྱས། ཞག་ཤས་སྡོད་ཐུབ་ན་སྙམ་པ་ཡིད་དུང་བས་ཅུང་ཟད་ལུས་པར་གཏེར་འདོན་རྒྱུ་ཡོད་དམ་ཞེས་ཟུར་ཀུན་མཁྱེན་ཆེན་པོས་དགེ་བཤེས་དགེ་དར་བ་སོགས་ལ་གསུང་སྒྲོས་གནང་ཡང་དེ་འདྲའི་སྐལ་ལྡན་ཞིག་མིན་པར་མཆིས་སློབ་དཔོན་ཆེན་པོའི་ཕྱག་ཕུར་བཞུགས་པའི་མཆོད་རྟེན་དང་རྩེ་ལྔ་གཉིས་ལ་སྐོར་བ་བྱེད་སྐབས་ཟུར་ཀུན་མཁྱེན་ཆེན་པོས་གནས་འདི་ལ་ཕྱི་རྟིང་ཧོར་སོག་གི་གནོད་པ་མང་བས་དེ་མི་ཡོང་བའི་རྟེན་འབྲེལ་སྒྲིགས་གསུང་བ་ལྟར་སྨོན་ལམ་བཏབ་པས་ཐེབས་མ་ཐེབས་ཇི་ལྟར་ཡང་དགྲ་ཇག་མེད་པའི་སྟེང་དུ་རྙེད་བཀུར་བྱེད་མཁན་བྱུང་ཟེར། ཇོ་བོ་ཆེན་པོའི་བཞུགས་ཁྲིའི་སྟེང་ནས་དེར་ཚོགས་རྣམས་ལ་གླེགས་བམ་གྱི་ཆོས་ཐུན་ཞིག་བཤད། འབྲོམ་གྱིས་ཇོ་བོར་ཕུལ་བའི་གསོལ་སྡེར་ལ་ཕྱག་བྲིས་མའི་སྐུ་བརྙན་ཡོད་པ་དེ་མཇལ། ཕྱིར་


GLG005_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཡང་ཨོ་ཀེ་གཞིས་ཀར་ཡོངས། དཔོན་ས་སྟག་ལུང་མའི་རྟེན་སྐལ་སྒྲོལ་མའི་སྐུ་དང་བླ་གཡུ་ལེགས་པ་དེ་སྟེར་སྦྱིན་མཛད། གསོལ་སྐལ་ཆུང་ངུ་དེ་ག་ལ་སྒར་པའི་ཚོ་འཛིན་པ་དང་བཅས་ཐུགས་དབང་འདུས་པོ་མི་འདུག་པས་ཟང་ཟིང་གི་ཕན་པ་བསྒྲུབས། ལམ་དུ་ཟུར་འཇམ་དབྱངས་བླ་མས་སྤོ་དགའ་ནས་དཀར་སྤྲོའི་གཞིས་ལེན་དང་གནང་ཆ་མཛད་ཅིང་རིག་འཛིན་ཆེན་པོ་གཞོན་ནུ་དོན་གྲུབ་བྱོན་པར་གསུང་གླེང་ཞིབ་ཏུ་བྱུང་། ཟླ་བ་གཉིས་ཙམ་གྱི་བར་དགའ་ལྡན་ཁང་གསར་དུ་བསྡད། རྡོ་རྗེ་བྲག་ནས་བྱང་པ་རིག་འཛིན་ཆེན་པོ་སྐུའི་བཀོད་པ་ཞང་སྣ་ནམ་པ་ཆེན་པོའི་ཐུགས་ཀར་བསྡུས་ཏེ་རྔ་ཡབ་པདྨ་འོད་དུ་གཤེགས་པའི་ཐུགས་དམ་གསལ་འདེབས་པ་འབྱོར་དོན་བཞིན་ཞིང་ཁམས་རྒྱ་མཚོར་འགྲོ་འདྲེན་གྱི་དགོངས་བཞེད་ལྷུན་གྱིས་འགྲུབ་པའི་བསྔོ་སྨོན་བྱས། ལེའུ་ཐོ་རྒྱས་པར་བཟོས་པའི་ལོ་བཤད་ཕུག་ལུགས་ཀྱི་ཕྱག་ལེན་ལས་བསྲངས་ཤིང་སྙན་ངག་གིས་བརྒྱན་པ་བཀོད། འདི་ནས་བཟུང་ལོ་སྐོར་གཅིག་ཙམ་གྱི་བར་རེ་གཉིས་མ་གཏོགས་བྱེད་རྩིས་དང་གཟའ་ལྔའི་མགྱོགས་རྩིས་ཇའི་སང་སྡེ་པས་བཀོད། གྲུབ་རྩིས། གཟའ་ལྔའི་རྩ་སློང་། སྒྲོམས་སྒྲིག །ལོ་ཟླའི་བཤད་པ། མཆོད་བརྗོད་རྣམས་ངེད་རང་གིས་བྱས་པ་ཤས་ཆེ། ཀུ་རུ་ཀུལླེ་དང་འདོད་ཁམས་དབང་ཕྱུག་མའི་བསྟོད་པ་ཞིག་བརྩམས་པ་ངམ་རིང་མཁན་པོས་སྐུ་མདུན་སྨོན་འགྲོ་ནས་ལ་སྤྱན་འབེབས་ཞུས་པར་ཀུ་རུ་ཀུལླེ་འདི་ལ་སྐྱོན་འགའ་ཞིག་འདུག །དམག་ཟོར་མའི་འདི་ཅུང་ཟད་ལེགས་ཞེས་གསུངས། རི་བོ་བདེ་ཆེན་པ་བརྒྱ་སྐོར་གཙང་གཞུང་གི་ཆོས་འདོན་ལ་ལྷ་སར་འབྱོར་བར་འཇམ་དབྱངས་ཆོས་སྐོར་གྱི་ཕྱི་ནང་གསང་གསུམ་གྱི་རྗེས་གནང་སོགས་ཆོས་འབྲེལ་ཁ་ཡར་དང་གསོ་སྦྱོང་


GLG005_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་དུ་བྱེད་དགོས་ཚུལ་ལྟར་བྱས། ཁོང་རྣམས་ཀྱི་ཟླར་དྲུང་ཡིག་ས་སྐྱོང་གི་བུ་སྦྱིན་བདག་དད་ཅན་གྱི་གྲས་སུ་འདུག་པར་ཞལ་ངོས་ཆོས་གྲལ་དུ་བཅུག་པ་མི་འགབ་འདྲ་གསུང་ཡང་གཙང་པའི་སྙན་དུ་དྭངས་ན་ཅི་དགོངས་མི་ཤེས་སྙམ་བཀག་ཆ་མ་བདེ། རི་བོ་བདེ་ཆེན་དུ་ཡོང་དགོས་པའི་རྒྱུ་མཚན་ཟེར་བ་མཛེས་མཚོན་ཙམ་ཡང་ཡིན་འདྲ་ཞིང་དོན་ལ་གནས་པ་ལྟ་བུའི་དབང་དུ་བྱས་ཀྱང་དེ་ཕྱོགས་སུ་མྱུག་མྱུག་མངས་ན་སྡེ་སྲིད་ཀྱི་དགོངས་ཚོམ་འཕྲོས་འགྲོ་རིགས་ནས་མི་ལེགས་ཐག་ཆོད་ཀྱི་ལན་བཏང་། ཟླ་བ་གསུམ་པའི་མཇུག་ཏུ་འབྲས་སྤུངས་སུ་སླེབས། བྲག་སྣ་ཆོས་རྗེས་ཟིལ་གནོན་གྱི་ལས་བྱང་བསྡུས་པ་ཞིག་དགོས་ཟེར་བ་བཞིན་བརྩམས་པ་བསམ་བློ་མ་ཐོངས་པས་གྲ་ཚང་ལ་རྗེས་སུ་དེ་ག་བཙུགས་རུང་སླར་གཏེར་གཞུང་དང་ཡིག་རྙིང་ན་དབྲི་སྣོན་མང་བྱས་ནའང་ཆུ་གླང་བར་དུ་བློ་ཁ་ཁེངས་པ་ཡེ་མ་བྱུང་། དགུན་སྨད་དང་དཔྱིད་འགོས་ཀྱི་རིང་སྡེ་པ་ཞང་མཁར་འཇམ་དཔལ་གྱིས་ཡར་ཀླུངས་སུ་བྱོན། རིན་པོ་ཆེ་སྨན་ལུང་པའི་དྲུང་དུ་ཞ་ལུ་ལོ་ཆེན་གྱི་བཤད་སྦྱར་སྟེང་ནས་མིང་ལེ་རྐང་པ་གཉིས་པའི་བར་གྱི་བརྗེད་གསོས་ཐེབས་པ་མཛད་ནས་བྱོན་བྱུང་བ་ཁྲིད་པས་མིང་ལེ་རྐང་དྲུག་པ་ཡན་གྱི་རི་མོ་རགས་རིམ་འགྲོ་ཤེས་པ་བྱུང་། སྡེ་པ་འཇམ་དཔལ་གྱིས་སྐུལ་མ་མཛད་པ་ལྟར་ཞང་བློན་གྱི་གཏོར་བསྔོ་ཞིག་བྲིས། ཆོས་འཁོར་གླིང་གྲ་ཁང་གསར་རྒྱག་གི་ས་ཡུལ་དུ་ཞལ་ངོས་ཀླུ་སྡིངས་གནང་བར་ཕྱི་ནང་ཚང་མ་མ་འདོད་པའི་དྲུང་འཁོར་ཚོས་ཞུ་འབུལ་དང་འབྲས་སྤུངས་སྤྱི་སོས་གྲ་ཁང་རྒྱག་ས་ཁམས་ཚན་མི་ཚན་གྱི་ས་ཆ་ག་འདྲ་ཞིག་དགོས་ཀྱང་འབུལ། ཀླུ་སྡིངས་འདི་ཐམས་ཅད་མཁྱེན་པ་དགེ་


GLG005_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་རྒྱ་མཚོ་ནས་བཟུང་བླ་མ་མང་པོའི་གཟིམས་ཁང་བྱིན་རླབས་ཅན་ཡིན་པས་བཤིག་ན་མི་ཡོང་ཞུས་སོང་རུང་། རབ་འབྱམས་པ་བཀྲ་ཤིས་རྒྱ་མཚོས་གཙོས་པ་ཁ་ཤས་ཀྱིས་ཀླུ་སྡིངས་མ་བྱུང་ཕྱིན་ཟ་དམ་ལྟ་བུར་དོན་འགྲོ་ཞེས་ཐེལ་བསྡུས་ཀྱང་བྱས་ཞེས་སྐད་ཆ་ཁུངས་མ་གྲ་ཚང་རང་གི་དབུ་མཛད་རག་པ་དོན་གྲུབ་རྒྱ་མཚོས་བཤད་བྱུང་ཞིང་རི་བསྒུལ་མཚོ་སྐྱོམ་གྱི་ཞུ་དབང་དུ་སོང་ནས་གྲ་ཚང་རྣམས་མཁར་ལས་ཀྱིས་མ་ཁོམ་པའི་གྲ་པའི་ཞལ་གྲངས་ལ་ཅུང་ཟད་གནོད་པ་བྱུང་ནའང་ཚོགས་ཆེན་དུ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་པོ་ཏི་ཕྱེད་གསུམ་གྱི་ལུང་ཕུལ། ཟླ་བ་ལྔ་པའི་ཚེས་བཅོ་ལྔ་ལ་གཟའ་འཛིན་གྱི་སྒོ་ཡིག་སྦྱར། སྟག་ལུང་མ་ཆེན་གྱིས་སྒྲ་ཊཱིཀ་ནག་འགྲོས་གཡར་པོ་གནང་བ་བཤུས་གྲུབ་པའི་མ་དཔེ་ཕྱིར་ཕུལ་ཡོད་ཚུལ་གྱི་ཞུ་ཡིག་སྙན་ངག་གི་ལུགས་ཤིག་བྲིས། ཞུ་ལན་བི་ཝརྟ་ཅན་གནང་། གཟིམས་ཆུང་མགོན་ཁང་དུ་སྙན་དར་ཞལ་ཡིག་ཅན་ལེ་ཚན་གཉིས་ཕུལ། ཚོགས་ཆེན་དབུ་མཛད་བཀྲ་ཤིས་རྒྱ་མཚོས་ཁ་ཆེ་པཎ་ཆེན་དང་བུ་སྟོན་རིན་པོ་ཆེས་གཙོས་པའི་གཟིམས་ཁང་གོང་སྤྲུལ་པའི་སྐུའི་འཁྲུངས་རབས་གསོལ་འདེབས་རྩོམས་ཟེར་བར་ཞལ་ངོས་བུ་སྟོན་རིན་པོ་ཆེ་པཎ་ཆེན་བསོད་ནམས་གྲགས་པའི་བསྟན་བཅོས་ཞིག་གི་མཛད་བྱང་གི་ཚིག་ལ་འཁྲུལ་བ་ཡིན་ཞེས་པཎ་ཆེན་རིན་པོ་ཆེ་དང་གླིང་སྨད་ཞབས་དྲུང་ཕེབས་སྒོ་གནང་འདུག་པས་མི་འགབ་གསུང་བར་བརྟེན་ཡོངས་གྲགས་ཤིག་བསྒྲིགས་པར་ཁོ་པ་མ་འདོད་པའི་ཤོག་རིལ་ལ་དབྱུགས་སྐོར་བྱེད་འདུག །གོང་དཀར་ཆོས་སྡེའི་པར་མའི་སྟེང་ནས་ཀ་ལཱ་པའི་རྩ་བ་འཕྲེང་གསུམ་རེ་སྔ་དྲོའི་རིང་བཟུང་། དེ་ལས་མང་བ་བཟུང་ཡང་


GLG005_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟིན་ཅིང་ཟིན་ཀྱང་མི་བྱང་ལ། གསོ་རིག་ཅིག་ཀྱང་སློབ་འདོད་ཡོད་པས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་རྩ་རྒྱུད་དང་བཤད་རྒྱུད་གཉིས་བཟུང་། བྱང་ངོས་ནས་གཞན་ཕན་དབང་པོས་རྩ་བཤད་གཉིས་ཀྱི་རྡེལ་འགྲེམ་དང་གསུང་བཤད་མཛད། ཕྱི་དྲོ་ཇ་སྦྱོར་རེའི་ཡུན་ལ་སྒྲའི་རི་མོ་གང་ཤེས་རྣམས་བརྒྱབ། འབྲས་སྤུངས་ཀྱི་ཉི་མ་ལ་ལ་བཞག་མཚམས་ནས་སྲོད་ཡོལ་གྱི་བར་སྒྲ་དང་གསོ་དཔྱད་ཀྱི་དཔེ་ཆ་རྣམས་སྐྱོར་སྦྱངས་བྱས། འཕྱོང་རྒྱས་རི་བོ་བདེ་ཆེན་གྱི་མཁན་པོ་གནས་རྙིང་ཞབས་དྲུང་ཕེབས་བྱུང་བར་བཀའ་གདམས་བུ་ཆོས་ཀྱི་ལུང་དང་དབྱངས་ཅན་མའི་རྗེས་གནང་ཕུལ། མདོ་སྨད་ཀྱི་གྲ་པ་བརྒྱ་སྐོར་གྱིས་དགེ་ཚུལ་བསྒྲུབས། སྒྲ་སྙན་སོགས་ཐ་སྙད་བསླབ་པ་འདི་ཆོས་ཀྱི་གོ་དོན་ཆག་པ་ཞིག་གིས་བརྟགས་ན། སློབ་པོའི་སློབ་དཔོན་དེ་སྔགས་ཀྱི་བླ་མ་ལྟ་བུའི་ཡུལ་མི་གཉན་ཡང་རྟོག་གེའི་རིག་པ་དང་དབྱིབས་འདྲ་བས་སློབ་དཔོན་དང་སློབ་མའི་འདུ་ཤེས་འཇོག་དགོས་ཀྱང་། མི་དམངས་དེ་འདྲའི་ཡོན་ཏན་བསླབས་པར་བླ་མར་མི་བརྩི་བའི་སྟབས་ཞལ་ངོ་ཡང་སྒྲའི་སློབ་དཔོན་ལ་ཐུགས་དོགས་ཆུང་བ་འདུག་པས་འཕྲལ་འཕྲལ་བསྐུལ་མ་ཞུས་པར་བརྟེན་རྟ་ཁལ་གྱི་བསུ་བ་དང་བཅས་རྣམ་རྒྱལ་གྲ་ཚང་གི་གྲ་པ་གཉལ་པ་རྣམ་རྒྱལ་འཕྲིན་ལས་དང་ངག་དབང་བསྟན་འཛིན་གཉིས་བྱར་པོ་ལོ་ཆེན་འབོད་པར་གཏང་བ་ཡོད་མེད་གཉིས་ཀའི་ལན་སྐྱེལ་བར་རྐང་བསྟད་མ་ཡོངས་པར་ཟླ་བ་ཕྱེད་གསུམ་ཙམ་ནས་ལན་འཁྱམ་ཞིག་བསྐུར་བའི་གོ་མ་ཆོད་བྱས། ཁོང་གྲོངས་ནས་ལོ་ཤས་སོང་སྣང་བས་དེའི་ཉེར་ལེན་བྱེད་བྱེད་ཀྱིས་དབྱར་ཕལ་ཆེར་རྫོགས། དགེ་བསྐོས་ཀྱིས་བསྐོ་འཇའི་


GLG005_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འགོར་མཆོད་བརྗོད་ཅིག་བྲིས། བློ་གསལ་གླིང་པའི་རིགས་གྲའི་ཚོགས་དབུར་ཕྱིན། དུས་ཞབས་པ་འབོད་པར་ངེད་ཀྱིས་འབྲུག་པ་སྤྲུལ་བའི་སྐུར་ཞུ་ཡིག་དང་ཞལ་ངོས་སྤེལ་སེར་བ་ལ་ཕྱག་ཐམ་དང་བཅས་ཆོས་འཁོར་གླིང་གི་གྲ་པ་ཕྱུག་པོ་ཅན་གཉིས་གནང་སོང་བར་འབྲུག་སྒར་ནས་བྱ་བའི་མགྲོན་གཉེར་འཛོམ་པ་བསླབ་སྟོན་བསྒྱུར་བར་བརྫངས་ཁོང་རང་ཡང་ཡོང་འདོད་ཆེ་བ་ཡོད་འདུག་རུང་སྟོན་མ་ཐོན་པར་གྲ་དམངས་ཀྱིས་བཀག་ཆ་བྱས་ནས་འགྱངས། ཞལ་ངོ་སྟག་ལུང་དབུ་མ་ལོ་ཙཱ་བ་བོས་ན་གསུང་བ་སྟག་ལུང་ཕྱོགས་འདི་ཡོན་ཏན་ལ་ཐབས་རྡུགས་པར་བརྩི་འདུག་པས་དོན་གཉེར་མ་བྱས་ཕྱིས་སུ་རྩད་ཆོད་ཚེ་ཁོང་སྐུ་མདུན་སྨོན་འགྲོ་བའི་ཞལ་སློབ་ཀ་ལཱ་པ་མཐར་ཕྱིན་ཡིན་འདུག་པས་དགེ་སྟག་ཐུགས་འབྲེལ་ཆགས་ཤིང་ས་ཁད་ཉེ་བ་སོགས་གང་ཅི་ནས་ལེགས་པ་ཡོང་རྒྱུ་ལ་རྒྱུས་མེད་ལན་ཅིག་གར་ཡང་འཕུང་བའི་དཔེར་སོང་། ཁོ་བོ་སྒྲ་སློབ་པར་སློབ་དཔོན་མཁས་པ་ཉིན་སྐར་བས་དཀོན་རང་གིས་ཤེས་ནས་གཞན་ལ་བསླབ་འདོད་ནའང་ཕག་པའི་རྣ་བར་པི་ཝང་གི་སྒྲ་མི་སྙན་པར་འདུག །ཧོར་ཟླ་བརྒྱད་པའི་ནང་དུ་དུ་རི་ཡལ་ཁོ་ཤོར་ཆི་དང་སེ་ཆེན་ཆོས་རྗེས་གཙོས་འགྲུལ་པ་གཏོས་ཆེ་བ་འབྱོར། ཞལ་བཅུ་སྐོར་གྱི་བར་ཚོགས་ཆེན་དུ་མང་འགྱེད་ཀྱི་རྙེད་བཀུར་ཆེ་ཞིང་བསྔོ་བ་ལ་ཕྱིན་པར་དངུལ་སྲང་སྟོང་ཕྲག་ལྔ་དྲུག་དང་གོས་དར་སྟོང་ཕྲག་གཉིས་གསུམ་སོགས་བདོག་པ་གྱ་ནོམ་པའི་རྙེད་པ་བླངས། ཉེར་གསུམ་ལ་གསར་འགྲུལ་རྣམས་ཀྱིས་བོས་པའི་སེ་ར་ཐེག་ཆེན་གླིང་དུ་ཕྱིན། ཚོགས་སུ་ཟང་ཟིང་གི་བདོག་པ་རྒྱ་ཆེར་བསྟབ་ཅིང་བསྔོ་སྨོན་བྱས། རྟ་མགྲིན་ཁང་མཇལ་ཞིང་སྙན་དར་ཞལ་ཡིག་མ་ཕུལ།


GLG005_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་སྤུངས་སུ་སླེབས་ནས་མི་རིང་བར་སྣ་དཀར་རྩེར་ཁྲི་ལྕམ་དེ་ཉིད་གཤེགས་པའི་དགོངས་རྫོགས་ཀྱི་བཀའ་གྲོས་ལ་ཞལ་ངོ་ཡར་འབྲོག་ཏུ་བྱོན། ངན་བསླབས་འདྲ་བྱུང་ཚོད་ནས་དུ་རི་ཡལ་གཙང་དུ་དམག་ལ་འགྲོ། ཆོས་སྡེ་གསར་པར་འཆི་ས་བྱེད་ཟེར་བ་སོགས་དགེ་བསྟན་ཆུ་ལ་བསྐུར་བའི་གྲབས་བྱེད་པར་སེ་ཆེན་ཆོས་རྗེར་ཞི་དྲག་གཉིས་ཀའི་སྒོ་ནས་ལབས་པས་བཤོལ་ཐུབ་རུང་དམག་གི་ཁ་ལུད་ལྟ་བུ་རྒྱ་མར་བརྒྱབ་པའི་རྡབ་གསིག་ཆེ་རབ་བྱུང་སོང་། ཁྲི་ལྕམ་དེ་ཉིད་ཀྱི་དགོངས་རྫོགས་སུ་མང་འགྱེད་གདུང་ཆོག །གདན་ས་གོང་འོག་འབྲི་སྟག །སྒར་པ། བཀྲ་ཤིས་ལྷུན་པོ་སོགས་སུ་བསྔོ་རྟེན་བཟབས་པ་ཕུལ། རྒྱུད་སྨད་སློབ་དཔོན་ཞལ་སྔ་ནས་མངའ་རིས་པ་ངག་དབང་རྡོ་རྗེས་ཚོགས་པ་ལ་གསང་འདུས་མི་བསྐྱོད་པ་དང་འཇིགས་བྱེད་ཀྱི་དབང་དགོས་གསུང་བས་དབང་བརྡ་འཕྲོད་ངེས་མ་ཐོབ་པའི་སྟེང་གསར་མ་ཕྱོགས་ཀྱི་བསྙེན་པ་བྱེད་མ་མྱོང་ཞིང་ཕྱག་ལེན་ཀྱང་ཤེས་ཀྱིན་མེད་པར་མཚན་ཉིད་དང་ལྡན་པ་ཞིག་མི་ཡོང་འདུག་ཀྱང་ངོ་མ་ལྡོག་པར་ཚོགས་པ་ལ་དབང་ཆོག་གི་རྒྱུགས་ཆད་ལྷག་མེད་པ་སྤྲད། དབང་གྲལ་དུ་ཁྲི་ལྕམ་དེ་ཉིད་ཀྱི་ཕྱག་གཡོག་དྲུང་ཆེན་ཀུན་དགའ་ཆོས་འཕེལ་ཡོད་པས་དཀྱིལ་འཁོར་ཟུར་བཀའི་དབང་ཁྲོམ་ཆོས་བྱེད་པ་འདི་ཞེད་ཙེག་ཙེག་བྱུང་། འོན་ཀྱང་དབང་བཤད་སོགས་ཤིན་ཏུ་ལེགས་བསྟན་པའི་བདག་པོ་རང་དུ་མཆིས་ཞེས་རྩམ་གཏོར་མང་དུ་བྱེད། ཞལ་ངོ་ལ་དབང་གི་སྐད་བསྒྱུར་བྱང་བར་འདུག་བཤད་པའི་སྒྲོམས་སོགས་སྐུ་ཡོན་མི་འདུག་པས་ད་དུང་ཐུགས་གཉེར་གནང་དགོས་པའི་ཤ་ཚར་བཅར་བའི་ཞུ་བ་ཕུལ་ནའང་ཀོང་ཡུལ་དུ་བསྡད་པར་རྒྱ་ཟོག་གི་ཁག་ག་ལ་ཡོད། སང་ཉིན་
སེ་ཆེན་ཆོས་རྗེ་འཁོར་བཅས་ལའང་གསང་འདུས་ཀྱི་དབང་བསྐུར། ཕྱག་མཛོད་བཟང་སྦྱིན་ལྷ་སར་བསྐོར་བ་གསོག་པ་དང་སྦྲགས་ཞབས་དྲུང་རིན་པོ་ཆེས་རིང་འཚོའི་རྟེན་འབྱུང་གི་སྐྱེས་དང་ཐུགས་རྩོམ་གྱི་ཚིགས་བཅད་གནང་བ་བསླབ་སྟོན་བཞིན་ཞལ་ངོས་ཚོགས་སུ་འཛུགས་རྩིས་མཛད་པ་སློབ་དཔོན་གྲ་རིགས་རྣམས་མ་བཞེད་པའི་ཚུགས་པ་ཞིག་མ་བྱུང་།

དགུང་ལོ་ཉེར་བཞི་པར་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་ཁམས་བེ་རི་རྒྱལ་པོ་བཅོམ་སྟེ་མདོ་སྨད་དབང་དུ་བསྒྱུར་བ་སོགས་ཀྱི་སྐོར།


GLG005_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་ཟླ་བཅུ་གཅིག་པ་ཉིས་བརྩེགས་ཡོད་ཀྱང་ཐུགས་བྲེལ་སྟབས་ནས་གཙུག་ལག་རྩིས་རས་སུ་བོར་ཏེ་ལོ་གསར་སྨོན་ལམ་བདེད་མཛད་པ་ཤར་དཔོན་སློབ་པཎ་ཆེན་རིན་པོ་ཆེ་ལྷ་སར་ཕེབས་ཡོད་པས་ལྕགས་འབྲུག་གི་ལོ་གསར་དགའ་ལྡན་ཁང་གསར་དུ་ལྷན་ཅིག་པར་གནང་ཞིང་། འདོད་ཁམས་དབང་ཕྱུག་མར་ཚིགས་བཅད་བྲིས་པའི་སྙན་ཤལ་ཕུལ། སྨོན་ལམ་ཆེན་མོའི་གྲལ་དབུ་དཔོན་སློབ་རིན་པོ་ཆེས་གནང་བའི་གསུང་ཆོས་དང་ལྗགས་བསྔོ་ཉན་པར་ཕྱིན། ཇོ་ཤཱཀ་དང་དུང་སྐྱོང་རྒྱལ་མོར་སྨོན་ལམ་འདོད་གསོལ་གྱི་ཚིགས་བཅད་བྲིས་པའི་སྙན་དར་སྒྲོན། དྲུང་ཆེན་ཀུན་ཆོས་པས་དེ་ཉིད་ཀྱི་སྐུ་རྒྱན་ཁྲོད་ནས་བྱུ་རུའི་ཕྱག་འཕྲེང་དེ་གཏད་བྱུང་བར་སྲུབས་དབར་ཚོར་སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་འདྲ་བཟླས། རྒྱུན་དུ་སྐེ་ལ་གྱོན་པ་ཨ་མ་ཤི་བའི་བང་ཆེན་ལས་ངོ་མཚར་རྒྱུ་མེད་རུང་སྤྲུལ་པའི་སྐུ་འཆོར་ཆས་སུ་དགོངས་ཏེ་གད་ཁ་ས་ནས་ཤལ་དམར་པོ་གཡར་བའི་ཞབས་པུས་ལ་རེག་པ་བཞེས་འདུག་པ་ཐག་ཁྲའི་སྦྲུལ་གྱི་དཔེར་མངོན། པཎ་ཆེན་རིན་པོ་ཆེའི་ཐུགས་རྩོམ་གྱི་གཙང་སྡེ་སྲིད་ཀྱི་བརྟན་བཞུགས་དེ་སྨོན་ལམ་ཚོགས་ཆེན་ལ་འཛུགས་དགོས་ཚུལ་ཕེབས་པ་བཞིན་ཞལ་ངོས་ཐུགས་ཁུར་བཞེས་ཀྱང་གྲ་དམངས་ཀྱིས་གསུང་


GLG005_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཉན་པར་དབུ་མཛད་གཅིག་པུས་རྒྱུགས་སྤྲོད་པ་ལྟ་བུས་གཙང་པའི་མི་སྣས་མཐོང་སར་མཛེས་ལམ་ཆུང་བ་བྱུང་སོང་། ཁོང་དཔོན་བློན་རྒྱུ་མཚན་འདི་འདྲའི་རིགས་ལ་བརྟེན་རང་ཕྱོགས་ལ་མི་མཉེས་པ་ནི་གཟུར་གནས་ཀྱིས་བལྟས་ན་ཐུགས་བདེན་པར་གདའ། སྟག་ལུང་ཕྱག་མཛོད་པར་ཆོས་འབྲེལ་དགོས་ཚུལ་བྱུང་བ་བྱས། བརྟན་བཞུགས་ཀྱི་ཚིགས་བཅད་ཅིག་བྲིས། སྨོན་ལམ་གྱི་ཚོགས་སུ་དཔོན་སློབ་པཎ་ཆེན་རིན་པོ་ཆེར་འབུལ་ཚན་གྱི་རྟེན་དང་བཅས་བརྟན་བཞུགས་ཕུལ། རྩོམ་གསར་པར་སོང་བས་ལེགས་རྒྱུ་རང་ནི་མ་བྱུང་། ལྷ་པ་སྐུ་སྐྱེས་གོ་དཀའ་བ་རྩོམ་པའི་སྐྱོན་ཞེས་ལབས་པ་ཁོང་གིས་གོ་བདེ་བ་ཞིག་བྱེད་ཚེ་བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས་ལྟ་བུ་དགོས་རྒྱུར་སྣང་། སྨོན་ལམ་གྲོལ་ནས་འབྲས་སྤུངས་སུ་སླེབས། དཔོན་སློབ་པཎ་ཆེན་རིན་པོ་ཆེས་ཁྲོ་ཕུ་བརྒྱ་རྩའི་དུམ་བུ་པོ་ཏི་གཅིག་སོགས་ལྗགས་ལུང་ཁ་ཤས་དང་གཡུ་ཐོག་སྙིང་ཐིག་གི་སྐུ་གསུང་ཐུགས་ཀྱི་རྗེས་གནང་གིས་མཚོན་པའི་ཆོས་བཀའ་ཁ་ཡར་སྩལ། སེ་ཆེན་ཆོས་རྗེ་ཇུར་ཆིད་ཀྱི་སར་འགྲོ་བའི་སྒོ་དོད་པར་བོག་ཏོ་རྒྱལ་པོར་ཡི་གེ་རྟེན་བཅས་བསྲིངས་ཤིང་ཆོས་རྗེ་དང་དུར་རི་ཡལ་མཆོད་ཡོན་ལ་རྫོང་པ་བཟབས། བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་གཟུངས་འབུལ་གནང་གདོང་ཞལ་ངོས་ཆོས་རྗེ་སྐུ་སྐྱེའི་ལག་ལེན་གང་བྱུང་མ་བྱུང་དེ་ཚོས་མི་འཐུས་ཕྱག་ལེན་ལ་ཐུགས་རྟོག་ཞིབ་པོ་ཆུག་གསུང་བ་གཟུངས་འབུལ་དགོས་ཆ་དང་བསྟུན་པའི་ལམ་ཙམ་ལས་གོ་ནད་དམ་པ་མི་སྣང་ཕོ་འཁོར་སྟེང་དུ་ཡོད་པའི་གནོད་སྦྱིན་འཁོར་ལོས་མ་ལོ་བར་གཟུངས་སྔགས་


GLG005_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་གནོད་སྦྱིན་ཕོ་དགུ་མོ་དགུའི་འཁོར་ལོ་ལྷ་བཟོ་ལྕང་སྲུང་ཁང་པས་འབད་ནས་བྲིས་ཀྱང་མངས་ནས་མ་ཚར་བས་སྒུགས་ཡུན་ལ་ཉི་མ་གཅིག་ཙམ་འགོར་སླེབ་མ་ཐོག་སྒྲུབ་པ་རབ་གནས་ཀྱི་ལོང་ནི་བྱུང་མ་སོང་མར་དང་སྦྲང་རྩིས་ཁ་སྦྱར་བའི་སྟེང་དུ་འབྲུ་ཤ་མར་ཐུད་སོགས་མཁོ་དགུའི་འབྱོར་པ་ཐམས་ཅད་སྤུངས་པས་འདོད་ཡོན་གྱི་རྟེན་འབྲེལ་འགྲིག་ཉམས་ཆེ་བ་བྱུང་ཞིང་རབ་གནས་གནང་ནས་གཙང་དུ་ཆིབས་ཁ་བསྒྱུར། ཁྲོ་ཕུ་དུས་ཞབས་པ་ཟླ་བ་བཞི་པའི་ནང་དུ་འབོད་པའི་ཆ་དོན་ཡོད་ནའང་ལོ་པ་ཆོས་རྗེ་ཅན་བློ་ཆུང་མང་པོས་རི་བསྒུལ་མཚོ་སྐྱོམ་གྱིས་བཀག་པའི་རྩོལ་བ་བྱས། དེ་ལ་བརྟེན་པཎ་ཆེན་རིན་པོ་ཆེ་ལོ་སྔ་མ་ཕེབས་པའི་ཞབས་ཕྱིར་མང་ཡུལ་ལོ་ཙཱ་བ་འཁྲིད་པ་གནང་བའི་སྒྲའི་སློབ་དཔོན་འདི་འོས་ཕེབས་པ་ལྟར་དུས་ཞབས་པ་བཤོལ་ནས་ཁོང་གིས་སློབ་དཔོན་མཛད། ལོ་ཙཱ་འདི་པ་སྨོན་འགྲོ་པཎ་ཆེན་གྱི་སློབ་མར་སོང་བས་ཞ་ལུ་བའི་བཤད་སྦྱར་ལ་འགྲེལ་པ་ལྔ་སྦྲགས་ཀྱི་ཚུལ་དུ་འཁྲིད་པས་བཅད་ཁ་ཤིན་ཏུ་གཙང་། མིང་ལེ་ཡན་བློ་ཐོག་དང་ཀུན་བཤད་མན་བཤད་སྦྱར་གྱི་སྟེང་ནས་བརྒྱབ་ཀྱང་ཁ་དམ་དྲགས་པས་དོན་ལ་བློར་བླངས་པ་དང་ཁྱད་མི་འདུག་ཀ་ལཱ་པ་ཡོངས་རྫོགས་ཤིན་ཏུ་བྱང་བར་བྱུང་། རྣམ་དབྱེ་བརྒྱད་གསུམ་ཉི་ཤུ་རྩ་བཞིའི་འཇུག་ཚུལ་ཞིག་ཀྱང་བརྩམས། ལོ་ཆེན་ཐུགས་རབ་ཆེ་རྒྱུ་མི་སྣང་བས་དཀའ་གནས་ལ་དོགས་པ་ཆོད་པའི་བློ་ཁ་ཁེངས་པ་ནི་མ་བྱུང་། སུམ་རྟགས་ཁྲིད་པའང་དེ་དང་འདྲ། དབྱངས་ཅན་བྱཱ་ཀ་ར་ཎའི་འགྲེལ་པ་རྟག་བརྟན་སྤྲུལ་སྐུས་མཛད་པ་དེ་མཐོང་བས་ཁོང་འཕྲལ་སྐད་ལ་མཁས་དྲགས་པཎྜི་ཏ་ལ་འདྲི་ཡིན་བརྩམས་པ་ལས་སྒྲ་རང་ཁོང་དུ་ཆུད་ནས་མཛད་


GLG005_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་འདྲ། ཨ་གྲལ་ལ་བསྒྲིགས་ཟེར་བ་སོགས་དོན་སྤྱི་ཆུང་ཆུང་མང་པོ་འདུག །རི་མོ་ནི་མ་ཁྲིད་ཀྱང་ལམ་ཙམ་ཐེབས་བྱུང་། མང་ཡུལ་ལོ་ཙཱ་བ་ཙནྡྲ་པ་དང་སྡེབ་སྦྱོར་གྱི་སྦྱོང་བདར་ལ་གཙང་དུ་བྱོན་སྟོད་རྒྱུད་སློབ་དཔོན་དཀོན་མཆོག་ཆོས་བཟང་གིས་འཇིགས་བྱེད་ཀྱི་དབང་དང་ཕྱག་དྲུག་པ་ལས་གཤིན་གཉིས་ཀྱི་རྗེས་གནང་དགོས་ཚུལ་ལྟར་རྒྱུད་པའི་སྟེང་དུ་ཕན་བདེ་ལེགས་བཤད་གླིང་པ་བསྣན་པར་ཕུལ། ངེད་རང་གི་མ་ཁྲི་ལྕམ་དེ་ཉིད་ཀྱི་དགོངས་རྫོགས་སུ་བདག་ཅག་གི་སྟོན་པའི་དངུལ་སྐུ་ཇོ་བོ་ཤཱཀྱ་མུ་ནིའི་སྐུ་ཚད་དང་མཉམ་པ་ཞལ་ངོས་ཁུར་བསྐྱེད་དེ་བཞེངས་། ལག་ལེན་ཁུངས་ཐུབ་ཤེས་ཀྱིན་མེད་ཀྱང་སྤྱི་སྲོལ་ལྟར་གོ་ཆོད་ཙམ་གྱི་གཟུངས་བཞུགས་རབ་གནས་ཞིག་ཀྱང་བྱེད་བློ་བྱས། བྱམས་ཆེན་དངུལ་གདུང་གཉིས། བདེ་གཤེགས་མཆོད་རྟེན་བརྒྱད། དམག་ཟོར་མའི་བྲིས་སྐུ། གཟིམས་ཆུང་མགོན་ཁང་རྣམས་ལ་འདོད་གསོལ་ཁ་བྱང་། གླིང་ཆོས་རྗེ་མགོན་པོ་རྣམ་རྒྱལ་གྱིས་བསྐུལ་བའི་དཔོན་སློབ་པཎ་ཆེན་རིན་པོ་ཆེའི་སྐུ་བསྟོད་བརྩམས། ཟུར་ཐམས་ཅད་མཁྱེན་པར་ཞུ་འཕྲིན། ཞང་མཁར་ནས་འཇམ་དཔལ་ཚད་པས་བྲོ་འཚལ་བར་སྐྱོ་བ་བསེང་བའི་ཡི་གེ་སྙན་ངག་ནས་དྲངས་པ་བི་ཝརྟ་ཅན་ཕུལ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་དུས་འཇམ་དཔལ་ཟིལ་གནོན་གྱི་ཐུགས་དམ་དང་རྒྱུན་འདོན་སོགས་ཡོད་པ་རྣམས་རྗེ་ཡོན་ཏན་རྒྱ་མཚོའི་སྐབས་ཆག་འདུག་པ་ཞལ་ངོའི་ཐུགས་ལ་སྔར་གྱི་ཕྱག་ལེན་དེ་བྱུང་ན་དགོངས་པ་འདོན་མི་ཟུར་དུ་བྱེད་པ་ལས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ལ་བཙུགས་ན་སྟར་ཆགས་པ་འདྲ་སྙམ་དབང་


GLG005_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ཞིང་ལས་བྱང་འཆམ་དབྱངས་གྲ་བསྒྲིགས། ལྷ་སར་མཆོད་འབུལ་ལ་སྣར་ཐང་ཕུར་པ་གྲ་ཚང་ནས་འགའ་ཞིག་འདུག་པའི་རོལ་མོའི་ཆེ་སར་དགེ་སློང་ཆོས་ལྡན། དབུ་མཛད་མདོ་སྔགས་གླིང་པ། སྣང་རྩེ་བ་ནམ་མཁའ་ཕུན་ཚོགས། ཟམ་འོག་པ་བློ་བཟང་ཡོན་ཏན་རྣམས་འཆམ་བསླབ་པར་བཏང་། ཞལ་ངོ་འདི་རིགས་ལ་མི་མཉེས་ཀྱང་བདེ་གཟར་གྱི་དགོངས་གཞི་འདྲ་ཡིན་ནམ་ཕོད་ཀ་སོགས་ཀྱི་དགོས་ཆ་ལ་ཐུགས་དང་མི་དོད་པ་མི་འདུག་ཅིང་ཞིབ་ཆའི་གྲ་སྒྲིག་དོ་དམ་ཇའི་སང་སྡེ་པས་བྱས། བློ་བཟང་དཔལ་འབྱོར་སོགས་རབ་བྱུང་བསྙེན་རྫོགས་མང་དུ་བསྒྲུབས། རྣམ་རྒྱལ་གྲ་ཚང་སློབ་དཔོན་དུ་ཤར་ཁང་སྐུ་སྐྱེ་བསྐོས། ཁོང་དང་གཉལ་གུང་སྣང་ཆོས་རྗེ། རི་བོ་བདེ་ཆེན་གྱི་གྲ་རྒན་འགའ་ལ་ཚེ་བདག་གི་དབང་བྱས། ཀླུ་སྡིངས་གཟིམས་ཆུང་ཉི་འོད་ཀྱི་རྒྱབ་ཏུ་པཎ་ཆེན་འབུམ་ཕྲག་གསུམ་པའི་སྐུ་གདུང་བཞུགས་པར་གྲགས་པའི་བུམ་ཁང་ལོ་སྔ་མ་ཀླུ་སྡིངས་དང་ལྷན་དུ་བཤིག་སོང་བ་སྐུ་གདུང་ཡོད་ལ་རེས་ཞལ་ངོ་གཟིགས་པར་ཕེབས་རུང་གྲགས་སྐམ་མམ་བར་སྐབས་སུ་འཁྱར་བ་ཇི་ལྟར་ཡང་བུམ་པའི་ནང་ནས་རག་གི་པར་བུ་སྒོག་ཅན་ཙམ་ཞིག་ལས་མ་བྱུང་བ་གཏམ་ཁ་སོད་བྱེད་དུ་དངུལ་གདུང་བཞེངས་པའི་ནང་དུ་པར་བུ་དེ་བཅུག་ནས་མཆོད་ཁང་ཆེན་མོར་བཞུགས་པར་གཟུངས་བཞུགས་ཕུལ་ཞིང་རབ་ཏུ་གནས། རིག་འཛིན་ཡོལ་མོ་བའི་གཏེར་གསར་ལུང་བྱང་དུ། ཡོས་ཀྱི་ལོ་ལ་ངལ་གསོ་བྱེད༔ འབྲུག་གི་ལོ་ལ་འབྲུག་ལྟར་ལྡིར༔ སྤྲུལ་པ་སྦྲུལ་ཤུན་ལྟ་བུར་མཐོར༔ དེ་ཕྱིར་ཡོས་བུའི་ལོ་ལ་ལོང་༔ ཞེས་པའི་དོན་ལྟར་ཡོས་ལོ་གཏེར་འདོན་པར་བྱོན་པ་བོད་ཁམས་ཀྱི་བསོད་


GLG005_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་དམན་པས་བར་ཆད་ཀྱི་དབང་དུ་སོང་། ལུང་བསྟན་ལྟར་འབྲུག་ལོ་སོག་དམག་བར་ཁམས་སུ་སླེབས་པའི་སོག་སྐད་ཆེན་པོ་ལངས། དེའང་སྟག་ལོ་དཀའ་བཅུ་ཤེས་རབ་རྒྱ་མཚོ་ཅན་མི་སྣར་ཡོངས་པ་གཙང་སྡེ་སྲིད་ནས་ཆོས་སྡེ་ཆེན་པོ་གསར་རྒྱག་མཛད་པའི་འགོ་སྒང་དང་ཐུག །མི་དམངས་ཀྱིས་ཀུན་སློང་ངན་པས་དགོན་པ་བཏབ་ཅེས་གླེང་བརྗོད་དང་འུ་ལག་རྣམས་ཀྱིས་བཀྲ་ཤིས་ལྷུན་པོའི་རྒྱབ་རི་ནས་རྡོ་བཙལ་བའི་རྦབ་འགྲིལ་བས་སྤྱིལ་པོ་འདྲ་ལ་གནོད་པ་བྱུང་བ་སོགས་ཐུགས་ཟོས་མི་བདེ་བའི་དཔོན་སློབ་པཎ་ཆེན་རིན་པོ་ཆེ་འོ་བརྒྱལ་བའི་ཚུལ་དང་གསུང་གཅོང་གནང་བ་མི་སྣ་རྣམས་ཀྱིས་མཐོང་ཚོར་བྱུང་ཞིང་། བླ་བྲང་གི་ཕྱགས་ཕྱི་དང་ཐོས་བསམ་གླིང་སློབ་དཔོན་ཡན་གྱིས་བརྗོད་རིགས་དུ་མ་རྣ་བར་བཏབ་པས་མི་སྣ་རྣམས་མཚོ་ཁར་སླེབས་ཐོག་མཐོང་ཐོས་ཚོ་རྒྱལ་པོར་ཞུས་པས་ཐུགས་ཁྲོས། གློ་བུར་དུ་དམག་བོད་ཕྱོགས་སུ་བཏེག་པ་ལམ་ནས་བི་རིའི་སྟེང་དུ་བྱོན་འདུག །ཚེར་གསེབ་ཆོས་སྐྱོང་གིས་ད་ལོ་བོད་འདིར་མཐའ་དམག་འོང་པ་འདྲ་བ་ཡོང་གྲབས་ལ་བོད་འབངས་ཀྱི་བསོད་ནམས་དང་སོག་བཟློག་གི་བྱིན་རླབས་ཀྱིས་རེ་ཞིག་འགྱངས་སོང་ཞེས་གསལ་བར་གསུངས། ཐུགས་རྗེ་ཆེན་པོ་པདྨའི་དབང་ཕྱུག་གི་ལུང་བསྟན་དུ། དེ་དུས་ཧོར་སོག་བཟློག་འདོད་ཐབས༔ རྒྱ་བོད་ལས་སྒོ་བསྡམ་ཞིང་སྲུངས༔ གསེར་ཡིག་རྒྱུ་ལམ་གཅོད་ལ་འབོད༔ ར་ས་དཔལ་གྱི་བསམ་ཡས་སུ༔ བསྲུང་བཟློག་མནན་པའི་ལས་ལ་སྦྱོར༔ ཞེས་པའི་དུས་དེར་སྣང་། དགེ་བསྐོས་ཀྱི་བསྐོ་འཇའི་ཚིག་བརླིང་བ་བྲིས་ཤིང་སྒོ་མང་སློབ་དཔོན་པས་རིགས་གྲའི་ཚོགས་སུ་བོས། དབྱར་


GLG005_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སྨད་ཁམས་ནས་སོག་པོའི་མི་སྣ་མང་ཙམ་འབྱོར། རྒྱལ་པོས་ནང་བཅར་གྱི་ཡིག་ངག་སྐྱལ་བར་ཤི་དི་བཱ་ཐུར་ཁི་ཡ་གནང་བ་ཞལ་ངོས་རྒྱལ་པོའི་ཕེབས་སྒོ་འདི་བཞིན་ཡིན་འདུག་གསུང་བར་རང་ངོས་ཀྱི་ཆ་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ཡོན་ཏན་ཁྱད་པར་ཅན་ལ་བརྟེན་ནས་བདེ་གཟར་བཤོལ་བ་མིན་པས་དེ་འདྲའི་ཨོ་ཟོབ་བྱས་ཀྱང་གཞན་ཁྲེལ་བ་ལས་མི་ཡོང་། རང་ལ་གཅེས་པའི་ཤར་ཚོད་གཙང་པས་དགེ་ཕྱོགས་ཆོས་སྡེ་རྣམས་ལ་མཆོད་གནས་འཆོལ་བའི་ཆོས་མཐོང་ཡང་དགའ་མོ་འདུག །སེར་འབྲས་ལ་དམག་ཕོག་པ་ནི་ལྷ་ས་དང་རི་མགོར་བདེ་གཟར་དེ་འདྲ་བྱུང་བའི་ལན་དུ་གདའ། ས་སྐྱ་གོང་འོག །ཀརྨ་བ། ཇོ་ནང་པ་གསུམ་ནི་རྩ་བའི་བླ་མར་སོང་བས་འགྲན་ཟླ་ཅི་ལ་ཡོང་། དེ་ཕྱིན་དགེ་ལུགས་བསྟན་པའི་ལ་རྒྱ་དང་དགའ་ལྡན་ཕོ་བྲང་སྒོས་ཀྱི་སྟོབས་འབྱོར་གྱིས་ཀྱང་འཐུས་པ་ནས་བྱེད་རྒྱུ་མངས་ན་སྔར་ཁ་ཡར་བྱུང་འདུག་པ་ལྟར་ད་ལྟ་ཡོད་པ་འདིའང་དམིགས་མེད་དུ་རྒྱས་འདེབས་པ་ཡོང་ཉེན་ཆེ་སོགས་ཞུས་པར། ཞལ་ངོས་ཅི་ཟེར་བཞིན་ཡིན་ནམ། དགེ་ལུགས་ལ་འཐུས་པའི་དབང་དུ་བྱས་ཀྱང་འཕྱོང་རྒྱས་པའི་གནས་ཚུལ་གསུང་བར་གཙང་པ་དང་འཕྱོང་རྒྱས་པའི་བར་འཕྱོང་རྒྱས་པ་རང་མ་འདྲ་བ་ལས་གཙང་བར་འཁང་ར་བྱེད་རྒྱུ་མེད། གལ་ཏེ་དགྲ་ཤ་བླངས་ཀྱང་ང་འཕྱོང་རྒྱས་པའི་མི་མཇུག་ཐམས་ཅད་མཁྱེན་པའི་གདན་སར་བསྡད་པའི་བཙུན་པ་ཞིག་བན་ལོག་པ་མི་འཆར་ཐག་ཆོད་ཀྱི་གསུང་གླེང་ཞིབ་པར་མོལ་བས། དེ་གས་འཐུས་པ་འདུག་ཅེས་རྀ་ཥིའི་ཆུ་ཞུགས་ལ་ཀླུ་ཕུག་གླིང་ཁར་ཡོངས་ཐོག་མི་སྣ་རྣམས་རྫོང་བདའ་མཛད། དེ་ནུབ་གུར་གྱི་ནང་དུ་ངེད་ཀྱི་རྩར་ཞལ་ངོས་མི་སྣར་


GLG005_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མི་དཀའ་བཅུ་དགེ་བསྙེན་དོན་གྲུབ་ལ་བསླབ་སྟོན་དུ་བི་རི་འདི་རྩ་བ་ཆོད་པ་ཅིས་ཀྱང་མཛོད་དེ་ནས་རྒྱལ་པོ་རང་མཚོ་ཁར་ལོག་ཕེབས། རྒྱལ་མོ་གཉིས་ཀྱིས་གཙོས་དགེ་རྩ་བྱེད་མི་གཏོང་བ་དང་བདེ་གཟར་མི་འགབ་པའི་བསླབ་སྟོན་རྒྱས་པར་མཛད་སོང་། སང་དཀའ་བཅུ་དགེ་བསྙེན་དོན་གྲུབ་ཀྱི་དགོས་ཆ་སྤྲོད་པར་ཞལ་ངོ་དགའ་ལྡན་ཁང་གསར་དུ་ཐེགས་པའི་ཆབ་སྟེང་ཁར་ཇ་ཡུན་གཉིས་ཙམ་གྱི་བར་བཀའ་གྲོས་གནང་སོང་ཟེར་ཡང་མདའ་སྐད་གླིང་བུར་བསྒྱུར་ཡོང་བསམ་པ་མ་བྱུང་། སྟོན་གྱི་རིང་དགའ་ལྡན་ཁང་གསར་དུ་བསྡད། དཔེ་ཆ་རྙིང་པ་རྣམས་ལ་བཤར་སྦྱང་། གསར་དུ་ཀ་ལཱ་པའི་བྱིངས་མདོ། ཞ་ལུ་བའི་སྤྱི་དོན། སྙན་དངགས་མེ་ལོང་། གསོ་དཔྱད་ཀྱི་ཕྱི་མ་རྒྱུད་རྣམས་ཚང་བར་བཟུང་ཞིང་ཙནྡྲ་པའི་རྩ་བ་ཤོག་ལྡེབས་གསུམ་ཙམ་ཞིག་ལ་སླེབས། བློ་ཡུལ་ལ་རྒྱལ་བ་ཙོང་ཁ་པས་མཛད་པའི་བདེ་མཆོག་སྦས་དོན་ཀུན་གསལ། མཁས་གྲུབ་ནོར་བཟང་བའི་དུས་འཁོར་སྤྱི་དོན་དང་གསང་འདུས་བསྐྱེད་རྫོགས། སྟག་ཚང་ལོ་ཙཱ་བའི་རིག་གནས་ཀུན་ཤེས་གྲུབ་མཐའ་ཀུན་ཤེས་གཉིས་རྩ་འགྲེལ་དང་སྡོམ་གསུམ་གྱི་ཊཱིཀྐ། གསོ་དཔྱད་ཀྱི་མན་ངག་རྒྱུད་ཀྱིས་མཚོན་པའི་པོ་ཏི་མང་བ་ཞིག་བཟུང་ནས་ཇོ་བོ་ཤཱཀྱ་མུ་ནིར་རྒྱུགས་ཕུལ་ན་སྙམ་པ་ཤར། འདི་ལོ་ཡང་རྗེ་ཀརྨ་པ་འཁྲུལ་ཞིག་གི་སྤྱོད་ཚུལ་དང་བཅས་ཕེབས་འདུག་རུང་མཇལ་ཕྲད་ཀྱི་གླེང་གཞི་ནི་ག་ལ་ཡོང་། ཟུར་ཁང་དུ་བཞུགས་ནས་རིམ་གྱིས་ལྷ་སའི་སྡེ་ལ་ཕྱག་མཉམ་འཇུག་གི་སྤྱན་དམིགས་ཀྱི་མདངས་ཤིག་སྣང་ཡང་། ལོ་མཚམས་སྐྱར་པོར་དགའ་གདོང་ཆོས་སྐྱོང་གི་ཞུད་ཁས་དབོན་པོ་ནམ་མཁའ་གློ་བུར་དུ་འདས་


GLG005_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པ་རབ་འབྱམས་པར་དུག་ཁག་བཙུགས་པའི་ནང་ཞིག་དང་མི་བསད་ཀྱི་བསམས་པ་གཅིག་གི་ཐོག་ཏུ་མ་བསམས་པ་བརྒྱའི་དཔེར་སོང་། ཚངས་པ་དུང་ཐོད་ཅན་ལ་ཚོགས་ཆས་སྤྱན་གཟིགས་ཚིགས་བཅད་ཀྱི་ཡི་གེ་དང་བཅས་སྟར་སྡོང་ནས་ལུང་བསྟན་ཞུ་བར་བཏང་། མང་ཡུལ་ལོ་ཆེན་བྱོན་པའི་ཙནྡྲ་པའི་འགྲེལ་པ་ཞ་ལུ་ལོ་ཆེན་གྱིས་མཛད་པའི་བརྡ་སྤྲོད་རྒྱ་མཚོའི་གྲུ་རྫིངས་སྟེང་ནས་རི་མོར་རགས་རིམ་འཁྲིད་ཐུབ་ཙམ་བྱུང་འདུག་པ་ལྟར་སློབ་དཔོན་གྱིས་གང་མཁྱེན་རྣམས་ཚར་གཅིག་བཏང་། སྡེབ་སྦྱོར་ནི་མཚན་ཉིད་པའི་ཧང་རྒྱུགས་ཀྱིས་དོགས་པ་ཞིབ་གཅོད་མ་མཛད་གཤིས་རང་གིས་གང་ཤེས་ལས་ལྷག་པོ་གསུང་རྒྱུ་མི་འདུག །གསོལ་འདེབས་སྨོན་ལམ་ཞིག་དགོས་ཚུལ་བརྩམས། བདོག་པའི་ཡོན་གྱིས་མཉེས་པར་བྱས་ནས་ལོ་ཙཱ་བ་ཕྱིར་ཐེགས་དགའ་ལྡན་དངུལ་གདུང་རིན་པོ་ཆེར་འདོད་གསོལ་བྲིས་པའི་སྙན་ཤལ་ལེ་ཚན་ཕུལ། ལྷ་ས་ནས་ཞལ་ངོས་སྲས་པོ་རབ་བརྟན་བཏང་བའི་རྒྱལ་པོས་བི་རིའི་ཐོག་ཏུ་དམག་མཛད་པ་འདི་ལ་སྐུ་རིམ་ཞིག་དགོས་འདུག་པ་ཇི་ལྟར་འགབ་གསུང་བར་སེ་འབྲས་ཚོགས་ཆེན་དུ་གདུགས་དཀར། ཤེར་སྙིང་། རྒྱུད་སྟོད་སྨད། རྣམ་རྒྱལ་སྨད། རྣམ་རྒྱལ་གྲ་ཚང་། འབྲས་སྤུངས་སྔགས་ཁང་ཚོ་ནས་བསྐང་གསོ་གཏོར་བཟློག་མཛད་ན་ལེགས་འདྲ་ཞུས་པར་ཡང་བསྐྱར་དུ་དེ་བཞིན་བྱེད་རྩིས་ཡོད་ཀྱང་དྲག་ལས་ཤིག་དགོས་ཚུལ་གསུང་བར། རྙིང་མ་ཕྱོགས་ཀྱི་བསླབ་སྦྱངས་ཕྲན་བུ་བྱས་པ་རྣམས་དེང་སང་ཕ་མེས་ཀྱི་ཡི་དམ་སྲུང་མའི་བཟླས་གཏོར་ཙམ་ལས་བློས་བཏང་ནས་མེད། འཇིགས་བྱེད་ཀྱི་འཁྲུལ་འཁོར་ཕ་བོང་ཁར་ཞུས་ཤིང་། དྲུག་ཅུ་པ་དཔོན་སློབ་པཎ་ཆེན་རིན་པོ་ཆེའི་སྐུ་ཞབས་


GLG005_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཐོབ་ཀྱང་བསྙེན་སྒྲུབ་ཅིའང་བྱེད་མ་མྱོང་ད་ལྟ་རིག་གནས་ཀྱི་སློབ་གཉེར་འདྲ་དང་འདོམ་པས་མི་ཐུབ་ཞུས་པར། འཇིགས་བྱེད་ཀྱི་སྐོར་དེ་ལེགས་པོ་ཡིན་འདུག་རུང་རྗེ་ཡོན་ཏན་རྒྱ་མཚོའི་དུས་གནང་བར་ཕར་ཡང་ནུས་པ་ཆེ་མདོག་ཁ་མོ་བྱུང་རུང་ཚུར་བླ་མ་རྣམས་སྤྱན་བྱེ་མ་ཐག་ལྟ་བུར་མེ་ཏོག་འཐོར། གྲྭ་ས་གཉིས་ཡུལ་དོན། བསོད་ནམས་གྲགས་པར་ཁྲིམས་ལུགས་ཕོག་པའི་འཕྲོད་ཉམས་ཤིག་མ་བྱུང་བས་དཔལ་ལྡན་དམག་ཟོར་མ་དང་ཞལ་གང་རིགས་ནས་ཨེ་ཡོང་གསུང་བར་དེ་གཉིས་ཀྱི་གདམས་པ་ལྟ་ཞོག་རྗེས་གནང་བློ་ཁ་རྫོགས་པ་ཙམ་ཡང་ཞུ་མ་མྱོང་ཚུལ་གླེངས་པས། དེས་ན་རྨ་ཁར་ཕན་ན་ཁྱི་ཚིལ་གྱི་དཔེ་བཞིན་རྙིང་མ་རང་ནས་མཛོད་གསུང་། སྔར་དྲག་ལས་ཤེས་འདོད་ཡོད་སྐབས་ནི་བྱེད་མ་བཅུག་འདི་སྐབས་དགོས་དུས་རྡོ་རྗེ་དང་མི་དགོས་རྡོ་འཇོང་གི་དཔེའི་མི་བྱེད་དབང་མེད་ཅིག་བྱུང་དལ་འབྱོར་གྱི་མི་ལུས་འདི་ཐོབ་ཐོབ་འདྲ་བ་ལ་ཞིབ་ཏུ་དཔྱད་ན་བཤེས་གཉེན་བསྟེན་པ་ཐོས་བསམ་སྒོམ་སོགས་གང་ལའང་འགལ་རྐྱེན་མང་ཞིང་མཐུན་རྐྱེན་ཉུང་བས་མི་ཁོམ་པའི་རྟེན་གྱི་བཞུགས་གྲལ་དུ་ཆུད་པར་སྣང་ངོ་། ། དེ་ནས་དཔེ་ཆ་བསླབ་སྦྱངས་བྱེད་འཕྲོ་རྣམས་ལིངས་ཀྱིས་བསྐྱུར། གཤིན་རྗེ་མེའི་སྤུ་གྲིའི་ལས་བྱང་བསྡུས་པ་ཞིག་བརྩམས། ཟུར་ཐམས་ཅད་མཁྱེན་པ་ལ་བརྗེད་གསོས་ཀྱི་དོགས་གཅོད་ཞུས་ནས་འབྲས་སྤུངས་སུ་ཕྱིན། གྲ་ཚང་སློབ་དཔོན་ཟུར་པ་བྲག་སྣ་ཆོས་རྗེ་ཨྱོན་བསྟན་འཛིན་གྱིས་གཙོས་པའི་རྣམ་རྒྱལ་གྲ་ཚང་གི་གྲ་པ་ཁ་ཤས་ཀྱིས་བསྲུང་བཟློག་དང་ངེད་ཀྱིས་ལྕགས་སྡིག་གི་མནན་པའི་ལས་སྦྱོར་བརྩམས་པའི་སྟ་གོན་གྱི་ཚེ་སྲས་པོ་རབ་བརྟན་བཏང་ནས་གཙང་པའི་སྔགས་པ་


GLG005_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཚོས་རྒྱལ་པོ་ལ་ངན་བྱེད་བྱེད་ཀྱིན་ཡོད་འདྲ་བས་མིང་ཡིག་ཆུག་གསུང་བར་དེ་ག་བྱེད་ཟེར་བ་ཙམ་ལབས། གཙང་པ་དཔོན་བློན་ཡང་གསུང་རྒྱུ་མང་པོ་གདའ་བས་ཁྱེད་ཚོས་ལས་སྦྱོར་བྱས་འདུག་པ་སུ་ལ་ཡིན་གྱི་རྩད་གཅོད་བྱུང་ན། དཀར་ཡང་ཐོར་པ་ཞིག་བྱེད་སྙམ་དེ་ཕྱོགས་སུ་དམིགས་པའི་རྫས་སྨན་ཐུན་གཅིག་གསོག་པ་དང་འཁོར་ལོ་སྦར་མཐིལ་ཙམ་ཡང་མ་བྲིས། མཚམས་ཐོན་རྒྱུའི་ནུབ་རླུང་སྔར་མ་གྲགས་ལངས་ནས་རྡོ་གཅལ་དུ་ཚོགས་ཆེན་གྱིས་ཤེར་སྙིང་གསུང་བ་རྦད་ཀྱིས་ཆད་ཐེངས་གཉིས་བྱུང་འདུག །ཤིང་བྱི་དགུ་གཏོར་སྒར་པའི་ཁྲོད་ནས་ལྷ་ས་བ་རྣམས་བསྐྱིལ་ཏེ་དགའ་ལྡན་ཕོ་བྲང་བས་སོག་པོ་ཁམས་སུ་མི་གཏོང་བའི་ཁག་ཐོག་མ་བྱུང་ན་ཡར་མི་གཏོང་བྱས་པ་དེ་རེས་ཞང་སྟོན་སྒར་པའི་ངོར་བཏང་། འོན་ཀྱང་ལྟག་སྒོ་བ་སྒོ་སྣ་ཤག་པའི་མག་པར་སོང་བས་རྒྱུ་ནོར་རྩིས་བླངས་པའི་ཚེ་ངེད་ཚོའི་ཇ་ཁྲལ་སོགས་ཟ་དམ་པར་འགྲོ་བའི་མི་སེར་ཡིན་ཚུལ་གྱི་གསེད་བཀྲོལ་བཏང་ནས་རྗེས་སུ་གཏོང་ཉན་ཙམ་བྱུང་། ས་ཡོས་དགུ་གཏོར་སྒར་པར་ལྷ་རི་ལ་དར་ལྕོག་འཛུགས་རྒྱུ་བསྐུར་ཡོད་སོག་པོའི་ཁག་ཐེག་ཀྱང་མ་བྱུང་བས་ལོ་རྟིང་མར་ངེད་དཔུང་བཅས་དབུས་གཙང་དུ་ཡོངས། ཇོ་བོ་རིན་པོ་ཆེ་ཟེར་བའི་ཟངས་ལྷ་དེས་དམག་སྣེ་འདྲེན་གྱི་འདུག་པས་ཆུར་བསྐྱུར། སེར་འབྲས་དགེ་གསུམ་བཤིག་ནས་མཆོད་རྟེན་རེ་བརྩིག་གཙང་པ་དང་ཁོ་རང་གཉིས་གཉེན་བསྣོལ་ཞིང་དབུས་གཙང་ཁམས་གསུམ་གྱི་བན་བོན་བསྙེན་བཀུར་འོད་པ་ལ་བྱེད་ཟེར་བའི་ལན་ཚོང་དཔོན་དགྲ་ལྷ་ཅན་ལ་བྱས་པའི་གྲགས་པ་བྱུང་བ་གཙང་པ་དཔོན་བློན་མ་ནུས་ཇོ་བཟང་ལ་ཐུག་པས་བཟང་ངན་གང་ཡང་མི་ཡོང་རུང་བེ་རི་འདི་ཞིང་བཅུ་ཚང་ངེས་པས་ལས་
སྦྱོར་གྱི་ཡུལ་ཡིན་པར་མངོན། ཟླ་བ་བཅུ་གཉིས་པའི་ཉི་ཤུ་སྐོར་ལ་གྲ་ཚང་དུ་འཆམ་གསར་དུ་ཚུགས་པའི་འཆམ་ཕུད་དང་དེབ་ལ་བྱས། ཨུན་འདུར་ཆོས་རྗེ། སེ་ཆེན་ཐོ་ཡོན། མེརྒན་དཀའ་བཅུ། འཁོར་སྒྱོང་ནང་སོ་སོགས་འགྲུལ་པ་མི་གྲངས་ཉུང་ལ་འབྱོར་པ་ཆེ་བ་ཁ་ཤས་སླེབས། ཚོགས་ཆེན་དུ་མང་འགྱེད་ཀྱི་བསྙེན་བཀུར་ཐོག་བསྔོ་རྟེན་དངུལ་སྲང་སྟོང་ཕྲག་བཞི་ལྔ་དང་དེ་མཚུངས་ཀྱི་གོས་དར་བསྟར། ཨེར་ཏི་ནི་ཐོ་ཡོན་གྱིས་ཇོ་བོའི་གསེར་ཏོག་ཐེབས་སུ་དངུལ་སྲང་སྟོང་ཕྲག་གཉིས་སུ་ཉེ་བ་ཞལ་ངོའི་ཕྱག་ཏུ་རྩིས་སྤྲད། ལོ་མཇུག་དུས་རིམ་དང་སྦྲགས་གཤིན་རྗེའི་ཟོར་ལས་ཀྱི་རྡོ་རྗེ་སློབ་དཔོན་དུ་ཕྱིན་པ་བཀྲ་རྟགས་ཤིན་ཏུ་ལེགས་པ་གཙོ་བོར་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་མཚན་དོན་དུས་ལ་བབས་པ་ཡིན་ཀྱང་འཕྲལ་རྐྱེན་མན་ངག་གང་ཡང་མི་ཤེས་ཤིང་བསྙེན་སྒྲུབ་ཕྲེང་སྐོར་གཅིག་ཀྱང་མ་སོང་བས་ནོར་སྐྱོང་གཟན་གྱིས་རྔན་པས་ཞྭ་ཕོད་ཅན་རྣམས་དང་མི་འདྲ་བའི་ལག་རྟགས་སོ། །

དགུང་ལོ་ཉེར་ལྔ་པར་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་གཙང་པ་རྒྱལ་པོར་དཔུང་འཇུག་བྱས་པ་སོགས་ཀྱི་སྐོར།


GLG005_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སྦྲུལ་གྱི་ལོ་གསར་ཐོག་འདོད་ཁམས་ཀྱི་དབང་ཕྱུག་མར་འཕྲིན་ལས་གསོལ་བའི་སྙན་དར་ཕུལ། སྨོན་ལམ་ཆེན་མོར་ཕྱིན། འཁྲུངས་རབས་སོ་བཞི་པ་ཚར་གཅིག་གྲུབ་སོང་བས་མ་བལྡབས་པར་དཔག་བསམ་འཁྲི་ཤིང་གི་གསུང་བཤད་ཞུས་མ་ཟིན་རུང་སྙན་དངགས་རང་བློས་གང་སྤོབས་ཀྱི་བཤད་པ་འོས་འགབ་དང་བཅས་དབུ་བཙུགས། ལུང་མ་ཐོབ་པར་སྤྱི་ཆོས་བྱེད་པ་འདི་འོས་སུ་མ་འཐད་ཀྱང་མཚན་ཉིད་པའི་གྲ་སའི་སྤྱི་སྲོལ་དུ་འདུག །སྨོན་ལམ་གྱི་སྒང་ལ་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་མདོ་ཁམས་སྒང་དྲུག་མཐའ་དག་དབང་དུ་བསྡུས། བེ་རི་རྒྱལ་པོ་བྲོས་


GLG005_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཐར་ཡང་ལས་དབང་གིས་ཕྱེ་མ་ལེབ་དང་མར་མེའི་དཔེ་བཞིན་ཕྱག་ཏུ་འབྱོར་བའི་གནས་ཚུལ་སྐྱེལ་བར་དཀའ་བཅུ་དགེ་བསྙེན་དོན་གྲུབ་དང་རྒྱལ་མོ་ཆེ་བས་མཚམས་དྲི་སྦྲགས་སེ་ཆེན་ཨོ་པ་ཤི་ཅན་གཏོས་ཆེ་བ་འབྱོར། སྨོན་ལམ་གྲོལ་ནས་འབྲས་སྤུངས་སུ་སླེབས། ཟུར་ཐམས་ཅད་མཁྱེན་པ་ལ་ཀརྨ་གུ་རུ་དང་འཇོམས་བྱེད་ཉི་ཟླ་ནག་པོའི་སྐོར་སོགས་ཟབ་ཆོས་ཅི་རིགས་ཞུས། དཀའ་བཅུ་དགེ་བསྙེན་པ་ཕྱིར་ལྡོག་སྐབས་གུ་ཤྲི་བླ་མར་མཚམས་འདྲིའི་ཡི་གེ་བི་ཝརྟ་ཅན་བསྲིངས། སེ་ཆེན་དབོན་པོ་བློ་བཟང་ཆོས་འཕེལ་དང་སྟར་སྡོང་རབ་འབྱམས་པས་བསྐུལ་བའི་གསོལ་འདེབས་བྲིས། ཞལ་ངོས་མི་འཁྲུགས་པའི་ཆོ་ག་ཞིག་རྩོམས་གསུང་བ་དབང་མ་ཐོབ་ཅིང་གསར་མའི་དཀྱིལ་འཁོར་ལ་འདྲིས་པ་ཆུང་བས་འོས་སུ་མི་སྣང་ཡང་དགེ་བཤེས་དགེ་དར་བ་མཁས་པའི་ལུགས་ཀྱིས་སྐམ་སྒྲིགས་དང་ངེད་རང་གིས་ཚིག་སྦྱོར་སྤེལ་རུང་རྗེས་སུ་བརྟགས་ཚེ་སྦྱོར་དངོས་རྗེས་གསུམ་གྱི་ཐ་སྙད་གང་ཡང་མི་འདུག་པར་མ་ཟད་ཐམས་ཅད་མཁྱེན་པ་བུ་སོགས་མཁས་པ་རྣམས་མི་འཁྲུགས་པ་ལྷ་བཅུ་གསུམ་མ་རྣལ་འབྱོར་རྒྱུད་དུ་བཞེད་པའི་ཕྱིར་འདི་རིས་རང་གི་ནང་ཆ་ཕྱི་རོལ་ཏུ་སྟོན་པའི་མེ་ལོང་དུ་གདའ་བ་དགེ་འབྲི་འབྲུག་གསུམ་དུ་དར་བོ་འདུག་མོད་ཀྱང་ཆུ་འབྲུག་བྱ་རྒྱུད་ལྷ་དགུ་པའི་ཡིག་ཆ་ཞིག་གསར་དུ་འབྲི་སྐྱོར་བྱས། དཀའ་བཅུ་ཡེ་ཤེས་རྒྱ་མཚོས་བསྐུལ་བའི་གསོལ་འདེབས་བརྩམས། དེ་སྐབས་འབྲུམ་དཀར་དང་འབྲུམ་ཡན་རེ་མང་ཞིག་འདུག་པས་གང་ཡིན་ཀྱང་འགོས་པར་བྱང་ངོས་ནས་གཅུང་པོ་སྐུ་ཡོན་ཆེའང་མྱོང་བྱང་ཆུངས་པས་འདི་ནི་འདིའོ་ཞེས་ལུང་སྟོན་རྒྱུ་མ་བྱུང་། རྗེས་སུ་དཔོན་ཚང་ཚ་རོང་པ་སོགས་ལ་དྲིས་


GLG005_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

པར་ན་ལུགས་ཀྱིས་འབྲུམ་ཡན་དུ་ཐག་བཅད་སོང་ཞིང་རང་ཡང་དེ་ལྟར་དུ་སེམས་སོ། །གྲ་ཚང་གི་གྲ་པ་གྲངས་བཅད་ལ་འཇམ་དཔལ་མེའི་སྤུ་གྲིའི་སྒྲུབ་པ་བཙུགས། ཇ་མཆོད་དང་རིང་འཚོའི་ཚིགས་བཅད་དགོས་ཚུལ་བྱུང་བའང་བརྩམས། བར་ཁམས་སུ་རྒྱལ་པོ་གཡུལ་ལས་རྒྱལ་བའི་གྲ་ཚང་སྔགས་ཁང་། གནས་ཆུང་ལྕོག་རྣམས་སུ་གཏང་རག་བཏང་བའི་སྙན་དར་ཞལ་ཡིག་བྲིས། ཞིང་སྐྱོང་དབང་པོ་མཆོད་པའི་གཏོར་བཤགས་བྱེད་གདོང་གཏོར་མ་རྒྱབ་ཏུ་འགྱེལ་བ་ནི་ཕ་རོལ་གཞོམ་པའི་ལྟས་ལེགས་པར་སྣང་། དོན་གཉེར་ཅན་འགས་བསྐུལ་བའི་ངོར་རི་རབ་སྟོབས་ཆེན་ལ་བརྟེན་པའི་མནན་པའི་ཁོག་འབུགས་ཤིག་དང་གཉལ་སྡེ་དྲུག་གི་མཁན་པོར་ཁང་མདར་ཆོས་རྗེ་བསྐོས་པའི་བསྐོ་འཇའ་བི་ཝརྟ་ཅན་བཀོད། སོག་པོའི་དམག་ཐོག་ནས་སེམས་དཔའ་ཆེན་པོ་དང་རྒྱལ་བ་ཆོས་རྗེ་སོགས་འབྱོར་བའི་མང་འགྱེད་དང་སྟེར་སྦྱིན་བྱས། ཚོགས་ཆེན་དུ་བཀའ་གདམས་གླེགས་བམ་བུ་ཆོས་ཀྱི་ཕྱེད་ལ་ཟླ་གཅིག་གི་བར་བཟབས་བཤད་ཕུལ་བ་ཐུགས་ལ་འཕྲོད་པོ་བྱུང་འདུག །དེ་སྐབས་རྒྱལ་པོ་ལ་ལས་མཚོ་ཁར་ལོག་གམ་ཟེར་འགའ་ཞིག་གིས་དམག་དང་བཅས་ཁད་ཉེར་འབྱོར་འདྲ་ཞེས་རེ་དོགས་ཀྱི་གཏམ་སྣ་ཚོགས་སྦིར་རེ་གླེང་། ཞལ་ངོའི་ཕེབས་སྒོར་གཙང་པ་དཔོན་བློན་ལ་ཅི་ཞུས་ཀྱང་དགོངས་པ་དམའ་ཞིང་ཐུགས་དོགས་ཧྲགས། རང་ཕྱོགས་རྣམས་ནི་དགའ་ལྡན་ཕོ་བྲང་པས་གཙང་ཞེན་བྱས་ཟེར་ཉག་ཅིག་ཡིན། རྒྱལ་པོའི་དྲིན་ལ་གཙང་པའི་ཁྲིམས་འོག་ནས་མ་ཐར་ན་སླར་ཐར་དུས་ཤིག་མི་ཡོང་འདྲ་བསམས་དགེ་བསྙེན་དོན་གྲུབ་བཏང་སྐབས་


GLG005_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དམག་བྱེད་དགོས་ཚུལ་བྱས་པ་ཡིན་གསུང་བར། དེ་གཅིག་ཏུ་ཐལ་འདུག་ཀྱང་གཉིས་སུ་སོག་པོ་འདམ་ནས་སློག་ན་སློག་གོ་ཆོད། ཁ་སིང་གི་གསུང་འཕྲོས་དེའི་སྟབས་ཞལ་ངོ་རང་ནས་མཛད་མ་བདེ་ན་ངེད་ཀྱིས་འདམ་དུ་ཕྱིན་པའི་ཆོས་དམ་ཚིག་ལ་བཀར་གཏོང་གཏམ་དོན་གཉིས་ཀ་ལ་བཟང་བ་ཞིག་ཡོང་ཞུས་པར་བརྟག་པ་ཞིག་གྱིས་གསུང་བ་ལ་དཔལ་ལྡན་དམག་ཟོར་མར་ཤོ་མོ་ཕུལ་བས་འཕྲལ་ཇུས་འགྲོ་ཕུགས་ངན་ཟེར་བ་བབས་དེ་བཞིན་མོལ་བས་ཇུས་སོང་ན་དེ་གས་ཆོག་ཕུགས་ཐམས་ཅད་ཤི་འགྲོ་གསུངས་ནས་དམག་བཤོལ་བའི་སྟང་ཀ་མཛད་མ་བྱུང་། རྒྱལ་པོས་པཎ་ཆེན་རིན་པོ་ཆེ་བཀྲ་ཤིས་ལྷུན་པོར་བཞུགས་ན་སྐུ་ཉེན་ཡོང་རྒྱལ་མོ་ཆེ་བ་ན་སོའི་སྟབས་ཀྱིས་གཙང་དུ་མི་སླེབས་པས་དབུས་སུ་ཕེབས་དགོས་ཚུལ་ཞུས་གསུང་བ་ལྟར་ཕྱི་འཆར་དུ་དེ་བཞིན་དང་ནང་རྡོ་ཞལ་ངོའི་ཕྱག་བྲིས་ཡིག་ཆུང་དང་བཅས་དཀའ་བཅུ་ཡེ་ཤེས་རྒྱ་མཚོ་གདན་འདྲེན་ལ་བཏང་སོང་བ་རིན་སྤུངས་སུ་ཕེབས་ཐོག་དེ་སྐབས་རྒྱལ་པོ་མཚོ་ཁར་ལོག་ཟེར་བ་རྫུན་ཡིན་པའི་གནས་ཚུལ་སྟག་ལུང་ནས་གཙང་དུ་ཕུལ་བའི་རྒྱུས་དཔོན་སློབ་རིན་པོ་ཆེ་རེ་ཞིག་མཁའ་རུ་སྟེང་དུ་བཞུགས་གདན་འཇགས་དགོས་བྱུང་བ་གསན་པས་ཞལ་ངོའི་གདིང་འཚབས་ཀྱིས་སོག་ཁྲོད་དུ་ཐེགས་སོང་། ཞག་ཤས་ནས་ཕྱག་ཐམ་ཞིག་བྱུང་བར་སྟར་སྡོང་ནས་ཀྱིས་ཕྱག་གཡོག་ཞུས་རྒྱལ་པོ་དཔོན་གཡོག་གཙང་ལ་ཕེབས། ངེད་དང་རྒྱལ་མོ་གཉིས་ཕྱོགས་མཐུན་དུ་ཡོང་གིན་ཡོད་པ་དེ་གའི་གནས་ཚུལ་སེར་འབྲས་ཀྱི་སློབ་དཔོན་རྣམས་ལའང་གནང་བ་དང་དེ་བར་ཐུགས་བཅག་གང་ཐག་མཛོད་གསུང་བ་འདུག །རོང་པ་རྟ་མགྲིན་པ་སྡེ་སྲིད་ཀྱི་བཀའ་ཤོག་ཁྱེར་ནས་སླེབས། ཞལ་ངོ་ཐེགས་


GLG005_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཅི་ཡིན་ངེད་གར་བཞུགས་སར་འགྲོ་ཨེ་དགོས་འདྲི་བར་ལན་དུ་ཞལ་ངོ་སོག་དམག་ཁ་བསྐྱིལ་ཨེ་ཐུབ་ལྟ་བར་བྱོན་པ་ཡིན་ཁྱོད་རང་ཡང་ཕྱིན་པ་འགབ་ཅེས་རྫུན་ཞིག་གཏོང་དགོས་བྱུང་རྗེས་སུ་ཞེ་ཁྲེལ་ཡོད་དམ་བསམ་པ་ཤར། སེར་འབྲས་ཀྱི་སློབ་དཔོན་རྣམས་བསྡུས་ཏེ་གནས་ཚུལ་བཤད་པས་དམངས་མ་རྣམས་ཀྱང་འདོད་པ་འདྲ་ཞིང་། སློབ་དཔོན་དབུ་མཛད་བློ་གསལ་གླིང་ཕོ་ཁང་ཞལ་སྔ་ནས་འཇམ་དབྱངས་བཀྲ་ཤིས་ཀྱིས་གཙང་པ་འདི་ལ་འདི་ག་འོང་བ་ཡོད་ལེགས་ཉེས་ཅི་བྱུང་ཡང་འགྱོད་པ་མེད་སོགས་གཏམ་ཧལ་གཏོར་འདུག །ད་ཆ་ཟླ་བ་དྲུག་བདུན་ཙམ་ནས་སྔར་འགྲོ་མ་མྱོང་བའི་ཐང་སྟོང་ཞིག་ལ་ཐལ་བ་ཧུར་རེ་འགྲོ་དགོས་པ་མི་ཡོང་ངམ་སྙམ་ཞེས་བློ་མ་བདེ་ཡང་འཕྲལ་ཉམས་སྣང་མེད་ཁུལ་གྱི་བརྫུ་བྱས། ཞལ་ངོའི་ཟླར་རྒྱལ་མོས་གཙོས་པའི་འགྲུལ་པ་རྣམས་འབྱོར། ཞག་ཤས་མང་འགྱེད་སྟེེར་སྦྱིན་གྱིས་གཡེངས་ཤིང་ཁྱད་པར་ཀུན་ཅི་རྒྱལ་མོས་དངོས་པོ་ཁྲི་ཕྲག་བཞིའི་བདོག་པ་བཏེག །བོ་དོང་གུ་ཡེང་གིས་ཁྲིད་པའི་སོག་དམག་གིས་སྟོད་ལུང་དུ་བརྒྱུགས་པས་རྫོང་དང་ཡུལ་པ་འགྲུལ་བཅད། སྐྱོར་མོ་ལུང་སྔར་ནས་འཁྱམས་པ་རྣམས་རྒར་གཙང་གི་ཞེན་དང་ཕུག་ཁང་པ་སྐྱིད་སོག་གི་ཞེན་པ་བར་སོང་བའི་འཐེན་འཁྱེར་གྱིས་ཁ་མ་དན་པའི་ཐོག་ཁྱམས་པ་ཟུར་བ་དཔལ་སྡིངས་པས་བསྟན་པ་ལ་སླེབ་རྒྱང་ཆེ་ན་དམག་གནང་བ་ལས་འོས་མེད་ང་རྒད་པོ་དན་འབག་གླིང་ཁ་ཙམ་དུ་ལུས་ཀྱང་འགྱོད་པ་མི་བྱེད་སོགས་ཀྱི་གྱོད་ལབ་ལ་བརྟེན་ངོ་མ་ལོག་ཀྱང་དྲུང་འཁོར་རྣམས་ཀྱིས་ངོ་ལོག་བརྒྱབ། ཞལ་ངོས་ལྷ་རྒྱ་རི་བ་སོགས་ལྷོ་རྒྱུད་རྣམས་འཐེན་པར་གྲོང་སྨད་དགོས་པ་


GLG005_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས། བྲག་ཁར་ཆེ་གསུམ་དངོས་གྲུབ། རི་བོ་བདེ་ཆེན་དང་རྫིང་ཕྱི་ཚོར་གྲ་ཚང་གཉིས་ནས་གྲ་པ་རྡོ་ཆོད་སྦྲེལ་བ་རེ་བཏང་སོང་། རྣམ་རྒྱལ་གྲ་ཚང་གི་གྲ་པ་བློ་བཟང་དོན་གྲུབ་ཅན་གཉིས་བརྫུས་སྟབས་ཀྱིས་སྟར་སྡོང་མགྲོན་གཉེར་གྱི་སར་སོང་བ་ཕྱིར་འཁོར་བའི་ཞུ་ལན་གནས་ཚུལ་དུ་གཙང་དཔུང་དྲུང་གཟིམས་བསྡུས་ཏེ་སྤང་གཅལ་ཀླུ་སྡིངས་སོགས་ཚང་མ་བཟུང་བའི་འཛིན་ར་རྒྱ་ཆེ་ཞིང་སོག་དམག་འབྱོར་ཉིན་རྒྱུགས་མ་ཞིག་བཏང་བར་བརྒྱག་ཆ་གཟན་དྲགས་པས་ཐག་ཉེར་བཏུད་མི་ཐུབ་པ་འདུག །ནང་ནས་ངོ་ལོག་གམ། སྡེ་པ་གཙང་པ་རང་གྲོངས་སམ་བརྒྱགས་ཟད་ཟད་ཀྱི་བར་བསྒུགས་ན་མ་གཏོགས་འཕྲལ་དུ་ལོན་པའི་རེ་བ་མེད་ཚུལ་ཕུལ་བར་བརྟེན་ས་སྣེའི་དུས་ཧ་ལས་ལས་ཀྱིས་ཞལ་ངོ་བྱོན་བྱུང་། རྒྱལ་པོ་ཕེབས་པ་ཙམ་གྱིས་འཇིགས་ནས་བབས་གཏད་ཡོང་བསམ་པ་ཤར་བས་ད་ལམ་གྱི་དམག་འདི་ཐལ་བ་ཙམ་བྱུང་འདུག །ད་ཆ་གཙང་དུ་ཐེགས་པའི་བར་པ་ཤ་སྟག་ཅིག་གནང་ན་འགབ་འདྲ་གསུང་བར་དེ་སྔ་ཕན་འཇམ་པོ་ལས་རྩུབ་པོའི་རིགས་ཞུ་ནུས་ཀྱིན་མེད་ཀྱང་འདི་རེས་སེམས་རྩ་ཤིན་ཏུ་འཁྲུག་པ་ཞིག་བྱུང་བས་གཙང་པ་ཚོ་མ་ཟིན་པར་སྡུག་ཐུག་ན་མ་གཏོགས་བབས་གཏོད་དོགས་མེད། འདི་མི་དགའ་ཚུལ་ལན་དེ་ཙམ་གྱི་བར་ཞུས་ཀྱང་གསན་མ་སོང་། ད་ཆ་དགའ་ལྡན་ཕོ་བྲང་པ་ངོ་ལོག་ནས་སྟར་སྡོང་པས་དམག་སྣ་འདྲེན་མཁན་བྱས་ཟེར་བ་ཀུན་གྱིས་མིག་མཐོང་ལག་ཟིན་འདི་བཞིན་ལ་བར་པའི་རེ་བ་ཅི་ལ་ཡོད། ཁོང་དཔོན་བློན་ཐབས་ཟབ་པས་འཕྲལ་དགྱེས་པའི་ཚུལ་གྱིས་སྣེ་བླངས་ཡོང་ཡང་སོག་པོ་ལོག་བསྟུན་མཐའ་ག་ལ་ཚེས། རྒྱལ་པོ་གཙང་དུ་བྱོན་ཚུལ་གྱི་བང་ཆེན་འབྱོར་པ་


GLG005_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་བློ་ཐག་གཅིག་ཏུ་བཅད་པ་ལས་རྐང་པ་ཉིས་འཛུག་མེད་ངེས་ཡིན། ཆོས་འཇིག་རྟེན་གཉིས་ཀ་ནས་ནུས་གང་འཕྲོད་ཅིག་བྱས་པས་ཚབས་སུ་སོང་ན་རབ་མ་སོང་ན་གཙང་པའི་ཁྲིམས་འོག་ཏུ་མི་སྡོད་ཐག་ཆོད་ཡིན་ཚུལ་རྒྱས་པར་ཞུས། ཐོག་མར་བདག་གིས་གཤིན་རྗེ་བཤོར་སང་ཉི་མ་ཁྲོས་ཀྱི་མནན་པ་ཞིག་བྱས། ལོ་སྔ་མ་བི་རིའི་ཐོག་ཏུ་ལས་སྦྱོར་ཚན་ཆེ་བ་བཞིན་དགོས་ན་སྙམ་མཆོད་རྟེན་བཅས་ཆོ་ག་ཆེན་མོ་ཟུར་ཐམས་ཅད་མཁྱེན་པས་ལྗགས་བཀོད་གནང་བའང་གྲུབ་པའི་འབྲས་སྤུངས་སུ་གདན་དྲངས་ནས་ཕེབས་བྱུང་། འགྲུལ་བའི་འཕྲོས་འདྲ་ཡོད་ཀྱང་ལྟོགས་ལ་མེ་འབར་རྒྱབ་ཏུ་བསྐྱུར་ཏེ་མུན་མཚམས་བྱས། མཆོད་རྟེན་གྱི་བཅས་ཚང་བར་བསྒྲིགས་མངོན་སྤྱོད་ཀྱི་ལས་སྦྱོར་རྒྱས་པར་བསྒྲུབས། མཁར་ནག་གི་མཚོ་ལ་གཏད་ཁྲམ་བརྒྱབ་དུས་གཏད་བླངས་ཉམས་ཀྱིས་འཚུབ་ཆ་ཤིན་ཏུ་ཆེ་ཞིང་སྔ་ནུབ་མཚམས་གཡོག་ཚུལ་ཁྲིམས་བློ་བཟང་གི་རྨི་ལམ་དུ་མཚོ་ནག་པོ་རྦ་རླབས་ནམ་མཁའ་ལ་འཕྱུལ་བ་ཞིག་བྱུང་བ་མངོན་སུམ་དུ་དྲན་ཚེ་ཡང་འཇིག་ཤུམ་ཤུམ་པ་འདུག་ཟེར། བྲག་སྣ་ཆོས་རྗེས་གཙོས་གྲ་ཚང་གི་གྲ་པ་རྒན་པ་ཁ་ཤས་ཀྱིས་གཤིན་རྗེའི་མནན་བསད་དང་དམངས་མ་རྣམས་ཀྱིས་བསྐང་རྒྱུན་གཏོར་བཟློག །གྲ་ས་ཕན་ཚུན་གཉིས་ཀྱི་ཚོགས་ཆེན་དུ་ཟླ་སྦྲེལ་གྱི་མདོ་སྒྲུབ། སྔགས་ཁང་དུ་བསྐང་རྒྱུན་བཙུགས། འབྲས་སྤུངས་ཀྱི་གྲ་པ་བར་ཤར་བ་རྣམས་དང་ཆོས་གཞིས་རྙིང་ཁུངས་ཤུན་པའི་དམག་རྣམས་དང་བཅས་པས་ཟླ་བ་ལྔ་པའི་ཉེར་ལྔ་ལ་ཤུན་གདོང་དཀར་ལ་ཚང་བའི་ཐུགས་གྲབས་མཛད། རྫོང་བཙན་པས་ཉི་མ་ཁ་ཡར་མི་ཕབས་གཞིར་


GLG005_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་གིས་གསོར་རོགས་ལ་སེ་ར་བ་རྣམས་ཀྱིས་གྲབས་ཡུལ་ཐོགས་མེད་བསྒྲིགས་ཀྱང་རྒྱལ་པོའི་མཚན་ལུང་དུས་བབས་ཀྱི་རྟེན་འབྲེལ་དང་ཆོས་སྐྱོང་སྲུང་མའི་ནུས་མཐུ་ལ་བརྟེན་ཚ་རྟིང་ནས་དགོངས་ཇའི་བར་ལས་མ་ཐུབ་པར་རྫོང་ཞོལ་གཉིས་ཀ་ཤོར་བས་ཇུས་ཀྱི་རྩ་བ་ཚུགས། དེ་གའི་དགྲ་ཟིལ་གྱིས་བདེ་ཆེན་དང་སྣེའུའི་འཛིན་ཆེ་བ་རྣམས་ཀྱང་དྲིལ་བུ་དཀྲོལ་བར་གྱུར། དཔོན་སློབ་པཎ་ཆེན་རིན་པོ་ཆེའང་སོག་པོའི་གདན་འདྲེན་པ་དང་བཅས་བྱང་ལམ་བརྒྱུད་ནས་ལྷ་སར་ཕེབས། ཡོལ་མོ་སྤྲུལ་སྐུ་སོག་བཟློག་གི་གནོང་གིས་ཤིན་ཏུ་ཐུགས་ཡང་བར་གནས་དགོན་མཆོད་གཞིས་ལ་སྐྱོན་མི་ཡོང་བའི་བབ་ཡིག་ཟུར་འཇམ་དབྱངས་བླ་མ་དང་ངེད་དཔོན་སློབ་གཉིས་ཀྱི་རྩོལ་བས་བསྒྲུབས་པས་ཨེ་ཝཾ་ལྕོག་སྒར་བའི་གསོས་སྨན་དུ་སོང་། ཟུར་ཁྱབ་བདག་བླ་མས་འཁྲུག་བྱེད་རླུང་དམར་གྱི་ཕྱག་ལེན་གནང་བ་ངེད་ཁ་ཤས་ཀྱིས་བསྒྲུབས་ནས་ཤུན་གྱི་སྦལ་ཧྲིལ་རྩེར་བཙུགས། ཧོར་གནམ་རུ་བ་འདི་ཤིན་ཏུ་ལོད་པ་ཞིག་འདུག་པར་དམིགས་བསལ་དགོས་གསུང་བར་རྗེ་ཟུར་ཆེན་གྱིས་བུམ་ཐང་རླུང་འཁོར་འཛུགས་པར་མཛད་པ་ཟླ་གཅིག་གི་ཐོག་དཔོན་རྣམ་སྲས་ཀྱིས་གཙོས་པའི་མི་གཅེས་ཁ་ཤས་དུ་ཆུ་ཤུར་དུ་འཐབ་གྲལ་ལ་ཤོར། དེ་ནས་ལོ་ངོ་གསུམ་ཚུན་ལ་མི་ནོར་ཐམས་ཅད་རྩ་བརླག་ཏུ་སོང་འདུག །གདོང་དཀར་ཤོར་བས་རྐྱེན་བྱས་བདེ་ཆེན་རྫོང་དཔོན་གྱིས་དཔོན་སློབ་པཎ་ཆེན་རིན་པོ་ཆེ་དང་ཞལ་ངོ་གཉིས་གདན་དྲངས་ནས་བབས་འཕྲལ་དུ་ཕུལ། ཞལ་ངོ་སྣེའུའི་དཔུང་ཐོག་ཏུ་བཞུགས་སྐབས་གོང་དཀར་གྲ་དོལ་འཕྱོང་རྒྱས་སོགས་ཀྱི་དམག་རྣམས་ལྷབས་ཀྱི་བར་དུ་ཡོངས་པ་སོག་པོ་ཡོད་འདྲ་ཟེར་བའི་སྟོང་འུར་གྱིས་


GLG005_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བྲོས། ཟླ་བ་དྲུག་པའི་ཉེར་དགུ་ལ་གནམ་ལྕགས་ཨུར་མོའི་ལས་སྦྱོར་དང་ཟོར་ལས་ཀྱང་རྒྱས་པར་བྱས་དུས་སྡེ་སྲིད་དཔོན་བློན་དང་མངའ་བདག་ཕུན་ཚོགས་རིག་འཛིན་ཅན་གྱི་མིང་འབོད་ཁྲོམ་དུ་བྱས་པར་ལ་ལས་ལྷུས་མ་ཐིངས་ཞེས་པ་ལབས་ཀྱང་དུས་ཚོད་དེ་རུ་སླེབས་ནས་ཆུ་བརྒལ་བ་ལ་དོང་རིང་ཐུང་ག་ལ་ཡོད། ངོ་ལྐོག་བྱེད་མ་ཤེས་པ་འདི་མི་གསེབ་ཏུ་མི་འགྲེ་བ་འདུག །བྱ་སྐུར་བང་གསུམ་རྣམས་སྐོམ་འདོད་ཆུ་ཁར་འཛོམ་པས་འཕྲལ་དུ་ངོ་ལོག་རྒྱ་རི་ཞབས་དྲུང་ཀར་ཞེན་ཆེས་པས་འཐེན་ཕྱོགས་ཅིའང་མཛད་ཀྱང་གྲོང་སྨད་ནས་འགྲོ་ཐེངས་གཉིས་པའི་ཐོག་ཞལ་ངོ་བཀྲ་ཤིས་ཀྱིས་ཐག་བཅད་ལྷ་བྱ་རྩེ་བསྒྲིལ་གྱི་དཔུང་ཡར་སྟོད་ནང་དུ་བཅུག་པས་འཕྱོང་རྒྱས་སུ་རི་བོ་བདེ་ཆེན་པས་ཐོག་དྲངས་སྐྱ་སེར་རྣམས་ཀྱིས་སྐྱ་ལངས་བརྒྱབ་པའི་རྫོང་མྱུར་སྤྲོད་ཀྱི་བསྐུལ་མར་སོང་ཞིང་། སྣེའུ་སྡོང་པ་དང་ཆོས་རྒྱལ་ཕོ་བྲང་པ་གཉིས་སྦྲང་མ་མེ་འོད་དུ་མ་བཅགས་པའི་དཔུང་ཕྱི་འབྲངས། དེ་བར་བྲག་ཁ་བས་ངོ་ཡེ་མ་ལོག་པར་ཁྱེད་དཔོན་སློབ་བླ་མ་བྱས་ནས་འདི་འདྲའི་གྲ་བསྒྲིག་ཅེས་བསྒྱུར་སྦྱང་ཡང་མང་དུ་བཏང་། འབྲུག་པ་སྤྲུལ་སྐུ་རིན་པོ་ཆེ་དཔག་བསམ་དབང་པོ་ལྷོ་བྲག་སྒོ་ཆུར་གློ་བུར་དུ་མེ་ཏོག་འཐོར་བའི་ཐུགས་དམ་གསལ་འདེབས་སྐྱེལ་བར་སྣ་མོ་ཤག་པ་རྒྱ་པ་འབྱོར། ནང་སོ་ནོར་བུས་གཙོས་ཤུན་པའི་དམག་རྣམས་སྟོད་ལུང་ཕུ་བརྒྱུད་རྒྱལ་པོ་ཕྱག་གཡོག་ཏུ་རྫོང་བདའ་གནང་བ་ཀརྨ་པས་ལམ་མ་བཏང་བར་ཁག་འདོགས་ལྟ་བུའི་ཞག་འཕུལ་ཉིན་འཕུལ་གྱི་ངང་ནས་ཆུ་ཤུར་དུ་སླེབས། གྲོང་སྨད་དགོས་པ་བཀྲ་ཤིས་ཀྱི་ལྷ་བྱ་ཡར་ཀླུངས་པའི་དམག་རྣམས་ཁྲིད་དེ་གོང་དཀར་


GLG005_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡོངས། པཎ་ཆེན་རིན་པོ་ཆེ་གཙང་གི་ཐང་མ་ཕྱེད་བར་དུ་དབུས་སུ་བཞུགས་པའི་ཐུགས་རྩིས་གནང་། ཞལ་ངོ་དཔོན་གཡོག་ཉང་སྟོད་བརྒྱུད་གཙང་དུ་ཕེབས་པ་སྟར་སྡོང་ནས་ཀྱིས་ཞལ་ངོའི་སྐུ་གཞོགས་ཀྱི་ཕྱག་གཡོག །སྲས་པོ་རབ་བརྟན་གྱིས་གཟན་སོགས་དམག་བརྒྱགས་ཀྱི་གྲ་བསྒྲིགས། གྲོང་སྨད་ནས་ཀྱིས་སྒྱོགས་དང་རི་མགོ་འཛིན་པ་སོགས་སོ་སོས་ཁག་ཆེ་བ་རེ་ཁུར་འདུག་རུང་། ནང་སོ་ནོར་བུས་ཁས་ལེན་མ་བྱས་པའི་བར་སྒྱོགས་ཁང་ཤོར་དུས་བྲོས་པའི་སྔོན་མ་བྱས་ཟེར། བྲག་དཀར་སྒང་དུ་གཙང་དཔུང་བུབ་པའི་གནས་ཚུལ་འབྱོར་དུས་པཎ་ཆེན་རིན་པོ་ཆེས་མཆོད་ཁང་རྩེ་ནས་དར་འཕྱར་གྱིས་ཕེབས་ཀྱང་ཞལ་ངོའི་ཕྱག་ཐམ་དུ་མི་འགབ་ཟེར་བ་འདུག་པས་མ་བདེ། དེའི་སང་འཚང་ཁའི་དུས་གྲོང་སྨད་ནས་ལ་སྒྱོགས་གཟེར་ཕོག་པའི་རྨས་ཀྱང་བྱུང་སྣང་བས་སླར་མཚོན་བསྲུང་ལེན་མི་བཏང་བྱུང་། ཁལ་ཁ་ཨོ་རོད་ཀྱི་འགྲུལ་པ་གཏོས་ཤིན་ཏུ་ཆེ་བ་རིམ་པར་འབྱོར། ཨོ་རོད་གཡོན་རུའི་དཔོན་པོ་མེརྒན་དའི་ཆིན་ལམ་དུ་འདས་པའི་དགེ་རྩར་དཔོན་མོས་གླུ་ཕྲུག་གླིང་ཁར་བོས། སོག་ལུགས་ཀྱི་སྟོན་མོ་དང་གསེར་དངུལ་གོས་དར་རྟ་དྲེལ་གུར་སྒར་ཆས་ཀྱིས་གཙོས་པ་ཁྲི་ཕྲག་ཏུ་ཉེ་བ་བསྟར། གྲ་ཚང་དང་ལྷན་དུ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཆོ་ག་ཞིག་བཏང་། ཞབས་དྲུང་བྱམས་པའི་གཟིམས་དཔོན་ཁལ་ཁ་སེ་ཆེན་ནོ་མོན་ཁན་གྱིས་ཐོག་དྲངས་གཡས་རུ་གཡོན་རུའི་སེར་མོ་བ་རྣམས་ཀྱིས་འབྲས་སྤུངས་ཚོགས་ཆེན་དུ་ཉི་མ་བཅོ་ལྔ་ཙམ་གྱི་བར་གདན་གུང་གཉིས་ཀར་མང་འགྱེད་སྦྲེལ་ཞིང་སྟོང་འབུལ་དང་བརྒྱ་འབུལ་ལེན་པར་འགྲོ་ཉག་ཅིག་བྱེད་དགོས་བྱུང་། ཁལ་ཁ་ཨོ་རོད་ཀྱི་འགྲུལ་པ་རྣམས་ལ་དབང་ཆོས་


GLG005_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་གསོས་སོགས་ལུགས་གཉིས་ཀ་ནས་ཚིམས་པར་བྱས། རྫིང་ཕྱི་བས་གཙོས་འོལ་དགའ་སྐྱ་སེར་གྱི་སྐོར་རྒྱག་ཡོད་ནའང་རྫོང་བཙན་པས་ནུས་སྤྲོད་ཆེར་མ་བྱུང་རུང་སྐྱིད་ཕུག་པས་འདི་གར་བློ་བསྟད་ཀྱིས་འོལ་དགའ་སྟག་རྩེ་རྩིས་སྤྲོད་ཟེར་བ་ལྟར་ཆུ་མིག་ཁ་བ་དར་རྒྱས་བཏང་ཞིང་བང་རིམ་ཨ་བོ་མཐོང་དགས་ཀྱང་རོགས་བྱས་པའི་འབབ་ཁ་བཙན་པ་བྱུང་འདུག །གཞིས་ཀ་གོང་དཀར་མཚུར་ཕུ་དྲུག་པས་གཟུ་གནང་བའི་བབས་ཤིང་ལྷ་བྱའི་དམག་རྣམས་ཀྱང་གཙང་དུ་བཏེག་སྒར་པས་ཀར་ལུགས་རང་འཇགས་ཀྱི་ཐམ་ཀ་དགོས་གསུང་བ་དགེ་ལུགས་ནས་ཕར་ཤོར་བ་རྣམས་ལེན་རྩིས་འདུག་པས་མི་འགབ་འདྲ་སྙམ་མ་བརྒྱབ་པར་མཆོད་ཡོན་ལ་ཞུས་པའི་སྲས་པོ་རབ་བརྟན་བཏང་སྟེ་བསྒྱུར་སྦྱངས་དང་སྦྲགས་ཏེ་རྒྱོབ་གསུང་བ་བཞིན་སྨིན་འགྲུབ་བྱས་ཀྱང་དེ་རྗེས་ཞོ་ཁ་བས་རྒྱལ་ལ་ལག་བརྒྱག་བྱས་སོང་གཤིས་ཐམ་ཁར་ཆ་བཞག་ཡོང་མི་ཡོང་རྒྱལ་བའི་དབང་པོ་མི་དགོས་སེམས་ཅན་གྱི་དབང་པོ་ཞིག་གིས་ཀྱང་དགོངས་པས་ཆོད་དགོས་པ་འདུག་རུང་ཐེལ་ཚེར་བརྩི་འཇོག་མ་བྱུང་ཞེས་མ་ཎི་འདྲེན་འདྲེན་མཛད་པར་གདའ། ཀོང་པོ་ཀར་སྲིད་ཀྱིས་དམག་ལྷོ་བྱང་གཉིས་ཀ་ནས་བཏེག་ཞོ་ཁ་བས་རྒྱལ་མེ་ཏོག་ཐང་ལ་ལག་བརྒྱག་བྱས། གཙུག་ལག་ཁང་འཆོར་བར་ཉེ་བ་ན་དཔོན་པོ་དམ་ཆོས་ཀྱིས་མགོན་པོ་ཀོ་གཏུམས་མ་བརྡབས་པས་ཕྱུགས་མ་རྟ་དམག་ཏུ་འཁྲུལ་ནས་སྟོང་འུར་བྱས་འདུག་པ་ནི་ཆོས་སྐྱོང་གི་ནུས་མཐུར་མངོན། སོ་སོའི་ཁ་གནོན་དུ་ཨོ་རོད་གཡོན་རུའི་དམག་བརྒྱ་སྐོར་གཉེར་བ་དོན་གྲུབ་ཚེ་རིང་དང་ཆོས་རྫེ་རྩེ་མོ་བས་ཁྲིད་ནས་ཨེ་རི་སྒོ་དང་བར་བཟུང་གི་དམག་ནང་སོ་དངོས་གྲུབ་ཀྱིས་སྣ་དྲངས་ནས་ཕྱིན་པས་


GLG005_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཞིག་ཡུལ་དུ་ལོག་སྣང་། ཀར་སྲིད་ཀྱི་དམག་རྣམས་ལ་ལས་སྦྱོར་ཁ་ཡར་བྱས། ཀོང་པོ་ཚོ་རང་ཡུལ་བཙན་པོ་དཔུང་ཚམ་ངམས་ཅན་དེ་ཚོས་བཟུང་ནས་བསྡད་ན་དུ་རུ་ཥྐས་བགྲོད་མི་ཐུབ་འདུག་ཀྱང་ལོ་རྟིང་མ་སོག་པོའི་གདོང་དུ་ཨེ་དང་འོལ་དགར་ཡོངས་ནས་ཐལ་བ་རླུང་ཁྱེར་དུ་སོང་བར་ཆོས་སྲུང་སྡེ་བརྒྱད་རྣམས་ཆད་བཙན་པར་གོ །ཧོར་ཟླ་དགུ་པའི་ཚེས་བཅོ་ལྔ་ལ་སྒོར་འཚངས་མཛད་འདུག་ཀྱང་རྒྱག་ཆ་གཟན་དྲགས་པའི་འགྲོ་ཁྱབ་ཆེ་བ་རང་མ་བྱུང་ཟེར། བཀྲ་ཤིས་ཆོས་སྡེ་བ་ཚོས་མཐུ་བྱས་ཞེས་དགེ་བཤེས་དགེ་དར་བས་དཔོན་སློབ་ཞབས་དྲུང་གི་སྙན་ལ་ཕུལ་བ་སོགས་རི་བསྒུལ་མཚོ་སྐྱོམས་ཀྱི་འཕྱོང་རྒྱས་ནས་མཆོད་གཞིས་ལ་བསྡམ་རའི་བཀོད་པ་བྱེད་དགོས་པའི་རང་དབང་འདུ་པོ་ཞིག་མ་བྱུང་བས་དཔལ་རི་བས་མནན་པ་བརྒྱབ་པ་ཐོན་པའི་གཉེར་པ་སྦྲེལ་བོས་ཚུར་བསྐུར་བ་མཆེད་ན་བྱེད་གཏད་ཀྱི་རྒྱུར་སོང་དོགས་གཞན་གྱིས་མ་མཐོང་བའི་ངོས་རྫོང་སྡོད་ལ་དེ་གའི་བསླབ་སྟོན་བྱས། ས་སྐྱ་ཞབས་དྲུང་མཐུ་སྟོབས་པས་སྔར་སོག་བཟློག་མཛད་པར་བསྙད་སྒེར་དོན་སྙིང་ནད་ཀྱིས་བྱམས་པ་གླིང་ལྔ་མཆོད་པ་ཚོས་ཐུགས་སུན་ཕྱུང་བར་ཞབས་དྲུང་དང་བསམ་ཡས་ཆོས་སྐྱོང་གཉིས་ཀའི་བཀའ་ཤོག་བྱུང་བ་ལྟར་བཞུགས་མི་བདེ་བའི་ཉེས་དམིགས་ལས་གྲོལ་བའི་ཞབས་འདེགས་ཞུས། དབྱར་མཚམས་ཁང་དུ་གནས་རྙིང་རྒྱལ་པོས་ཆོ་འཕྲུལ་འདྲ་བརྩམས་བྱུང་བ་ཨར་གཏད་བྱས་པས་གདུག་རྩུབ་རྣམས་རང་ཞིར་སོང་། གཙང་དཔོན་བློན་ནས་སྟག་ལུང་ཞབས་དྲུང་། པཎ་ཆེན་རིན་པོ་ཆེ། རྒྱལ་ཚབ་དྲུང་པ་གསུམ་ལ་བར་པར་ཕེབས་དགོས་པའི་ཕྱག་ཐམ་ཡང་ཡང་གནང་ཞིང་ངེད་འཕྱོང་རྒྱས་ཕྱོགས་ཀྱི་མི་གནོད་འདྲེར་འཛིན་པའི་གཏེལ་
པོར་བཟུང་ཕྱིར་འབུད་མཛད་པར་མངོན་ཤེས་མེད་པ་ནི་ཉམས་དགའ་བསམ་པ་ཤར། སེ་ཆེན་ཨོ་པ་ཤི་ཕྱིར་འགྲོ་སྐབས་ཁལ་ཁ་ཨོ་རོད་ཀྱི་གཞུང་བདེ་ཐབས་དགོས་པའི་ལྷ་སྡེ་མི་སྡེ་ཚོར་ཡི་གེ་སྒྲོམས་ཆེ་བ་ཞིག་བསྐུར། དཔོན་སློབ་པཎ་ཆེན་རིན་པོ་ཆེས་མཁན་པོ་དང་ངེད་ཀྱིས་སློབ་དཔོན་བྱས་ཏེ་སེམས་དཔའ་ཆེན་པོ་དང་པདྨ་སྐུ་སྐྱེས་གཙོས་པའི་རབ་བྱུང་བསྙེན་རྫོགས་ཉིས་བརྒྱ་ལྷག་ཙམ་གུང་ཚིགས་གྲོལ་ནས་ཉིན་མཚམས་ཀྱི་གོང་ལ་གྲུབ་པ་གནང་། ཨ་བོ་མཐོང་དགའ་སྒྱོགས་ཁང་དུ་མེ་མདས་གྲོན་པའི་བསྔོ་རྟེན་འབྱོར་ཞིང་བསྔོ་སྨོན་བྱས། གཙང་པ་དཔོན་བློན་བབས་གཏོད་པ་འདྲ་ཨེ་ཡོང་གི་ཉེར་ལེན་དང་བཅས་རྒྱལ་པོ་མཆོད་ཡོན་གཉིས་ཀྱི་ཞུ་འབུལ་ལྟར་དཔོན་སློབ་པཎ་ཆེན་རིན་པོ་ཆེ་དགུན་སྨད་འུ་ཡུག་གླིང་དཀར་དུ་ཆིབས་ཁ་བསྒྱུར། གུང་སྣང་ཆོས་རྗེ་མཛེས་པ་དཔལ་དང་གྲ་ཚང་སློབ་དཔོན་པ་གཉིས་ཀྱིས་བསྐུལ་བའི་འཇམ་དཔལ་ཟིལ་གནོན་གྱི་དབང་ཆོག་ཅིག་བྲིས། ཇུས་རིང་གྱི་སྒྲུབ་པ་ཡང་ཡང་བཙུགས་པའི་འཕྲོ་མ་ཆད་པའི་ངོས་ཟུར་རྡོ་རྗེ་འཆང་ལ་ཟབ་ཆོས་ཀྱང་མང་ཙམ་ཞུས། དུས་རིམ་ཟོར་ལས་གཙང་གི་བདེ་གཟར་ལ་དམིགས་ཕུག་པའི་རྡོ་རྗེ་སློབ་དཔོན་དུ་ཕྱིན། གནམ་གང་གི་སྲོད་ཡོལ་ཙམ་གྱི་ཚེ་བྲག་སྣ་ཆོས་རྗེ་དང་དགེ་བཤེས་དགེ་དར་བ་སོགས་འགའ་ཞིག་གིས་ཐོས་པར་དགོན་གཤམ་ནས་བུད་མེད་ཀྱི་སྐད་འདྲ་བའི་ང་རོ་དྲག་པོ་ལྷང་ལྷང་སྒྲོག་པ་ལན་གཉིས་གསུམ་བྱུང་འདུག་པ་ཆོ་འཕྲུལ་ཞིག་ཡིན་པ་འདྲ་ཞིང་། ལོ་སྔོན་མའི་དཔྱིད་ཀ་གཙང་གི་སྤན་དུ་སྐྱ་བཙུན་གཉིས་ཀྱི་རྗེས་ལ་རྡེའུ་ཁྱེར་ནུས་པའི་རླུང་ནག་གི་གསེབ་ནས་བུད་མེད་ནག་མོ་རལ་པ་རྟིང་པར་སླེབས་པའི་མི་རོ་མང་པོ་ཁུར་ཏེ་དྲེའུ་ལ་བཞོན་པ་ཞིག་ཡུལ་མི་འགས་མཐོང་བས་ཨ་བ་ལས་ལ་དྲིས་པ་ན་སྡེ་སྲིད་གཙང་པའི་བླ་ཁྱེར་ཞེས་ལབས་ཀྱང་གླེང་མ་ནུས་རྗེས་སུ་རིམ་གྱིས་མཆེད་པའི་གཏམ་དང་ཡུལ་མི་རྡོར་བསམ་ལའང་རྒྱུས་སྣང་བར་དཔགས་ན་དོན་གཅིག་པར་མངོན།

དགུང་ལོ་ཉེར་དྲུག་པར་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཡོངས་ཀྱི་སྲིད་དབང་ཕྱག་ཏུ་ཕུལ་པ་སོགས་སྐོར།


GLG005_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་རྟའི་ལོ་གསར་གྱི་དཔལ་ལྡན་དམག་ཟོར་མའི་བསྐང་བ་དང་བཞུགས་གྲལ་དཀྱུས་བཞིན་བཏང་། བར་སྐབས་སུ་སྨོན་ལམ་ཆུང་བའི་གྲལ་དབུར་གཟིམས་ཁང་གོང་སྤྲུལ་པའི་སྐུ་འབྱོན་གྱིན་


GLG005_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཀྱང་དཔོན་སློབ་པཎ་ཆེན་རིན་པོ་ཆེས་ཞལ་ངོར་སྨོན་ལམ་ལ་བླ་མ་མང་པོར་བཞུགས་ཁྲི་རྒྱག་པ་འདི་སྐབས་སུ་བབས་པོ་མི་འདུག །ཁོང་དཔོན་སློབ་ཀྱི་བཀའ་ཤོག་དམར་པོ་དེ་ཏ་ཞིང་ཆོས་རྗེ་ལྟ་བུས་མཚོ་ཁ་བར་དུ་ཕྱིན་པ་ཡར་སླེབས་ནས་ཐེལ་དམར་བརྒྱབ་པ་དང་ཁྱད་ཅི་ཡོད་སོགས་ཕེབས་སྒོ་བྱུང་འདུག་པའི་རྐྱེན་གྱིས་གཙང་ནས་སྟར་སྡོང་པ་ཆེད་གཉེར་གྱིས་བཏང་བའི་ཁྱེད་རང་དཔོན་སློབ་བཞུགས་གདན་ཁ་གང་མ་ཙམ་མཛད་ན་མ་གཏོགས་བཞུགས་ཁྲི་མི་ཡོང་ཚུལ་གསུངས་པར་བརྟེན་སྨོན་ལམ་ལ་ཕེབས་མི་དགོས་པའི་ཁྲོལ་ཆ་དགོས་ཚུལ་མཛད་བྱུང་བ་ཐུགས་མཚེར་བ་བདེན་པར་འདུགདེའི་སྟབས་ཀྱིས་སྨོན་ལམ་ཆེ་ཆུང་གཉིས་ཀའི་གྲལ་དབུར་འགྲོ་དགོས་པ་ཤར། འགྲུལ་པ་མང་བས་འདོད་ཡོན་ལོངས་སྤྱོད་ནན་ཏན་ཆེ་བའི་བག་དྲོ་བ་བྱུང་། ཁྱད་པར་ཁལ་ཁ་རྡོ་རྗེ་རྒྱལ་པོའི་མི་སྣས་གོས་ཆེན་ཁྱད་འཕགས་ཀྱི་གུར་ཙན་དན་དཀར་པོས་ཤིང་ཆ་བྱས་པ་ཞིག་ཁ་བྱང་དུ་བསྟན་ཏེ་ཕུབ། དེར་བོས་ནས་གཞིས་ལེན་དང་སྟེར་སྦྱིན་བཅས་སོག་ཡུལ་དུ་ཡོང་དགོས་པའི་སྙན་གསན་ཕབ། སྟོང་འཁོར་བ་ལ་སྤྲུལ་སྐུ་གསུམ་འདུག་པའི་འོར་དུས་སྟོང་འཁོར་བས་ཐོག་དྲངས་རབ་བྱུང་བསྙེན་རྫོགས་ཉིས་བརྒྱ་སྐོར་བསྒྲུབས། སྤྲུལ་པའི་སྐུའི་མཚན་ངག་དབང་འཇམ་དབྱངས་ལྷུན་གྲུབ་ཏུ་བཏགས། སྨོན་ལམ་གྲོལ་ནས་འབྲས་སྤུངས་སུ་སླེབས། ཨོ་རོད་གཡོན་རུ་མེརྒན་དའི་ཆིན་གྱི་དགེ་རྩར་དཔོན་མོས་དེ་བཞིན་གཤེགས་པའི་དངུལ་སྐུ་བསྐྲུན་པར་གཟུངས་བཞུགས་ཕུལ་ཞིང་རབ་གནས་དང་ནོ་མོན་ཁན་གྱིས་ཞབས་དྲུང་བྱམས་པའི་དགོངས་རྫོགས་སུ་དངུལ་གདུང་གི་རྒྱུ་ཆ་སྤྲད་བྱུང་བར་བཞེང་རོགས་ཀྱི་དོ་དམ་གང་ལེགས་བྱས། ཧོར་ཟླ་གཉིས་


GLG005_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉེར་ལྔ་ལ་ཆོས་སྡེ་གསར་པར་འཚང་ཁ་གཏོང་རྒྱུ་ཡིན་པས་དམིགས་ཕུག་གི་སྐུ་རིམ་གྱིས་གསུང་བར་ཆོས་སྡེ་ཆེན་པོ་ཕན་ཚུན་དུ་ཇ་ཚུལ་ཐོག་མདོ་སྒྲུབ། ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱིས་གཤིན་རྗེའི་སྒྲུབ་པ་དང་འདོད་ཁམས་དབང་ཕྱུག་མའི་གཏོར་ཟོར་འཕངས་པའི་ནུབ་བཙོ་ལན་གཉིས་ཙམ་རྒྱུགས། བདག་གིས་གཤིན་རྗེ་བཤོར་སང་ཉི་མ་ཁྲོས་པའི་སྒྲུབ་པ་བྱས། སེ་ཆེན་ནོ་མོན་ཁན་དང་གཡོན་རུའི་དཔོན་མོས་གཙོས་པའི་གསར་འགྲུལ་ལོག་མི་རྣམས་ལ་འདོད་ཆོས་དང་རྫོང་བ་སོགས་བློའི་རེ་བ་ཡོངས་སུ་བཀང་། ཟླ་བ་གསུམ་པའི་ནང་དུ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་མངའ་འོག་ཏུ་བོད་ཤིང་སྒོ་ཅན་རྣམས་ཆུད་པའི་གནས་ཚུལ་འབྱོར་བ་བཞིན་ཡི་དམ་ཆོས་སྲུང་རྣམས་ལ་ལེགས་སོའི་ཚིགས་བཅད་ཀྱི་སྙན་དར་དང་བཅས་གཏང་རག་རྒྱས་པ་ཕུལ་ཞིང་སེར་འབྲས་ལྷ་ས་སོགས་ནས་དར་འཕྱར་ཡང་གཟབ་རྒྱས་བསྟར། དབྱར་ཐོག་གི་རིང་མཚམས་ཤིག་བྱེད་བསམ་ཡང་སྟར་སྡོང་མགྲོན་གཉེར་ལམ་ནས་སློག་པའི་རྒྱལ་པོའི་དགོངས་བསྟད་ཐུན་མོང་མ་ཡིན་པར་འདུག་པས་ཅིས་ཀྱང་གཙང་ལ་ཕེབས་ན་འགབ་གདན་འདྲེན་ལ་མ་གཅིག་ཐའི་ཇི་དང་སྐྱིད་ཤོད་ཐའི་ཇི་མཚོ་སྐྱེས་པ་གཉིས་འབྱོན་རྒྱུ་ཡིན་འདུག །ད་ལམ་ཆིབས་རགས་ཉུང་བསྡུས་ལས་རྒྱས་རྒྱས་མི་དགོས་པའི་ངག་མ་དང་བཅས་བྱུང་། བདེ་གཟར་གྱི་མཇུག་ཏུ་སོང་བ་དང་ཁྱད་པར་སྐུ་རིམ་གྱི་ལས་སྦྱོར་མང་པོ་བྱེད་དགོས་བྱུང་བའི་དམ་ཉམས་ཚོགས་པའི་གསེབ་ཏུ་འགྲོ་དགོས་དེར་ཤིན་ཏུ་ཡ་ང་བའི་མ་འདོད་པ་བྱུང་རུང་རང་དབང་མ་ཐོབ་པའི་གཤིས། ཟུར་ཀུན་མཁྱེན་ཆེན་པོས་དམ་སེལ་ལ་དམིགས་པའི་བསྲུང་


GLG005_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཟབ་པ་གནང་སྟེ་བརྒྱད་གཏོར་མ་ཆག་ཙམ་ཞིག་བྱས་པའི་ཧོར་ཟླ་གསུམ་པའི་ཚེས་བཅུ་གཅིག་ལ་འབྲས་སྤུངས་ནས་བཏེག །ཕྱི་ནང་ཐམས་ཅད་ཀྱིས་ད་ལམ་རྟེན་འབྲེལ་ཁྱད་ཀྱིས་རྒྱས་རྒྱས་དགོས་རྒྱུ་ཡིན་འདུག་ཟེར་ཡང་ཞལ་ངོའི་དགོངས་གཞི་མ་ཐིངས་པས་མ་བདེ། སྟོད་ལུང་ནང་དུ་ཆུ་ལམ་སྡིངས་གསུམ་སོགས་ཀྱིས་སྣེ་ལེན་བྱུང་ཞིང་ཤུ་གུ་ལ་བརྒྱབ་འུ་ཡུག་གླིང་དཀར་དུ་སླེབས། ཤངས་ཀྱི་ཕུ་བརྒྱུད་ཟབ་བུ་མཇལ་ན་སྙམ་ཡང་རྒྱལ་མོ་ཆེ་བས་གཙོས་སོག་པོ་གཏོད་ཆེ་བའི་གཤིས་རང་དབང་མ་འདུས། རྒྱུས་ཡོད་འདྲས་ཕ་གིའི་ཐད་ན་ཟབ་བུ་ཡོད་ཟེར་བར་གསོལ་འདེབས་སྨོན་ལམ་བྱས། དེའི་ཐད་ཀྱི་མཁའ་འཇའ་སྤྲིན་ཞིག་བྱུང་བ་ཨྱོན་ཆེན་པོ་ཐུགས་དགྱེས་པ་ཡིན་ནམ་ཁྲེལ་བ་ཡིན་ནི་མ་ཤེས། ཐོབ་རྒྱལ་གྱི་མདའ་བདེ་ཆེན་དུ་སླེབས་ཉིན་གནམ་སའི་དབང་ཕྱུག་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་དབུ་གནང་། ཞལ་ངོ་། གུ་ཤྲི་བླ་མ། གཡུ་དཀའ་བཅུ། ཨེར་ཏེ་ནི་དའི་ཆིན། སྐྱིད་ཤོད་ཞབས་དྲུང་མ་ཆེན་སོགས་སྐྱ་སེར་གྱི་བསུ་བ་གཏོས་ཆེ་བ་འབྱོར། རྒྱལ་པོ་དང་ཐོག་མར་མཇལ་སྐབས་འཕགས་པ་རིན་པོ་ཆེའི་མ་ན་ཧོའི་ཕྱག་དྲིལ་དང་གསོལ་ཅན་མར་གད་ལས་གྲུབ་པ་སོག་པོ་རྦད་འགྱེལ་དུ་གྲགས་པའི་ནོར་སྣ་བོད་ཁྲི་སྐོར་བཅུ་གསུམ་དང་གཡས་བཞག་གཡོན་བཞག་ཡིན་ཟེར་བ་སྣེའུ་སྡོང་རྩེ་བརྒྱུད་རིན་སྤུངས་པར་བྱུང་བའི་ཁྱད་ཅན་དེ་སྟེར་བར་མཛད། གདན་ས་འོག་ནས་རྩེ་གདོང་ཞབས་དྲུང་རིན་པོ་ཆེས་ཇ་འདྲེན་རྒྱས་པར་གནང་། ས་སྐྱ་རབ་འབྱམས་པས་ལྕམ་ནོར་བུ་ལ་གདུང་བརྒྱུད་འཁྲུངས་པའི་སྟབས་ཕེབས་མ་ཐུབ་ཅེས་གཉེན་ཚན་གྱི་སྒྲུབ་བྱེད་མང་པོའི་བྱེད་སྣང་བར་ཏ་ཞིང་ཆོས་རྗེས་ཁྱེད་དཔོན་སློབ་ཐོག་ཚང་


GLG005_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མར་སྐུ་ཉེས་མི་ཚེ་འབྱིད་རྒྱུ་ཡིན་འདུག་ཅེས་ཧ་ལ་ཤགས་ཀྱང་བྱས་སོང་། སང་རི་ཞིང་གི་གྲུ་དོན་གསེར་མདོག་ཅན་གྱི་མདར་ཚོགས་པའི་སེར་སྦྲེང་དང་སྤན་དུ་མཁན་སློབ་རྣམས་ཕྲད་པར་བྱུང་ཞིང་མཁན་པོ་ཨ་འདུས་དེ་ཚད་མ་བོད་དུ་དར་ཚུལ་གྱི་གླེང་མོ་མང་པོ་མཛད་འདུག །མཁན་ལྕགས་འདམ་པ་བྱོན་པའི་ཁོང་གི་བླ་མ་ཇོ་ནང་སྤྲུལ་སྐུ་དེ་འཇམ་དབྱངས་ཆོས་རྗེའི་སྐུ་སྐྱེ་ཡིན་པས་འབྲས་སྤུངས་ཕྱོགས་ལ་དག་སྣང་ཆེ་བས་མཇལ་བར་ཡོང་ཚུལ་ཟེ་དགུར་མངོན་ཆུང་གི་སྒོ་ནས་མཛད་པའི་གཡོ་ཅན་དྲང་པོར་སྨྲ་མཁན་ཞིག་སྣང་། སང་གནས་རྙིང་ཞབས་དྲུང་བཀྲ་ཤིས་ལྷུན་པོའི་སློབ་དཔོན་དང་བླ་བྲང་གི་ཕྱག་མཛོད་ལྷུན་གྲུབ་གླིང་པ་སོགས་བོད་པ་དང་ཇི་ནོང་སེ་ཆེན་ཧུང་ཐའི་ཇི་གཉིས་ཀྱིས་ཐོག་དྲངས་པའི་སོག་པོའི་རྟ་པ་དྲུག་བརྒྱ་སྐོར་བསུ་བར་འབྱོར་ཞིང་ཉེར་ལྔ་ལ་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་སེར་སྦྲེང་དང་བཅས་སླེབས། པཎ་ཆེན་ཆོས་ཀྱི་རྒྱལ་པོ་དང་མཇལ་ཞིང་སྤྱི་བླ་བྲང་སོ་སོ་ནས་གཞིས་ལེན་དང་ཤངས་ལེན་ཕར་ཚུར་གཟབ་པར་བསྟར། རྩེ་ཚོགས་མཁན་པོ་ཟུར་པ་ཁང་དམར་བ་མཆོད་ཡོན་གྱི་དགོངས་ཕོག་ལ་བརྟེན་གླིང་གསེབ་ཏུ་མེ་བཅད་ཆུ་བཅད་ལྟ་བུས་ཉམ་ཐག་པ་འདུག་པར་ཕན་ཐོག་དགོས་ཚུལ་གྱི་སཾ་ཊ་བཏང་བྱུང་བ་ལྟར་ཉེས་དམིགས་ལས་གྲོལ་བའི་རོགས་དན་བྱས། སོག་པོ་དང་གཙང་གི་སྐྱ་སེར་རྣམ་གྲངས་ཤིན་ཏུ་མང་བ་ཕྲད་པར་འོངས་པའི་ནམ་ལངས་ས་རུབ་བར་མཚམས་མེད་པ་ལྟ་བུ་རྣམ་པར་གཡེངས། སྣེའུ་སྡོང་རྩེ་ནས་ཞབས་དྲུང་རིན་པོ་ཆེ་ཕེབས་བྱུང་བ། དཔལ་ཕག་མོ་གྲུབ་ཁ་བ་ཅན་འདིར་བླ་དཔོན་ཟུང་དུ་འཇུག་པའི་ཡུལ་ཤིན་ཏུ་གཉན་རུང་དེང་སང་བསྟན་པ་མིང་གི་


GLG005_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་ཙམ་དུ་གྱུར་པས་ཀུན་གྱིས་བརྙས་བཅོས་ནའང་། རང་ངོས་ནས་གནས་དུས་མ་བལྟས་པའི་བཀུར་བཟོས་ཆེ་བ་ཕུལ། ཞལ་ངོས་ཀྱང་དེ་དང་ཆ་མཐུན་པ་མཛད་སོང་། གནས་ལྔ་རིག་པའི་པཎྜི་ཏ་སྨོན་འགྲོ་བ་ཆེན་མོ་རིག་གནས་རྒྱ་མཚོའི་འཕྲེང་བ་འཛིན་པ་བྱོན་བྱུང་བར་མདོ་སྔགས་ཐ་སྙད་གང་ལ་དྲིས་ཀྱང་མི་མཁྱེན་བྱ་བ་མི་འདུག་པས་གྲགས་པ་དོན་ལྡན་གྱི་མཁས་པ་འདི་འདྲ་སྙམ་མོས་པ་འཕེལ། གཞིས་ཀ་རྩེར་སྡོད་རིང་སྐུ་མདུན་གདན་དྲངས་ནས་བསླབ་སྦྱངས་ཤིག་བྱས་ན་བསམས་ཀྱང་བསམ་ཐོག་ཏུ་མ་ཁེལ། རྩེར་ཕྱིན་པའི་ཐོག་མར་ཚོམས་ཆེན་དུ་བོད་སོག་གྲངས་མེད་ཚོགས་པའི་བཞུགས་གྲལ་གྱི་ཚེ། གོང་མ་སེ་ཆེན་གྱིས་འཕགས་པ་རིན་པོ་ཆེར་འབུལ་ཆེན་གསུམ་དུ་མཛད་པའི་ཕྱི་མ་མ་སྐྱེས་དགྲའི་རྟེན་སྐལ་རྒྱལ་བ་ཉི་མའི་གཉེན་གྱི་འཕེལ་གདུང་རྒྱལ་མཁར་རྩེར་བཞུགས་པའི་གྲགས་པ་ཅན་དེ། ཡོངས་གྲགས་འཕགས་པ་རིན་པོ་ཆེས་ཡེ་ཤེས་པ་དངོས་སུ་བཅུག་པའི་ཁྲུས་ལོང་མ་ཎི་མའམ་ལུགས་གཅིག་ལ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཐུགས་གསལ་མེ་ལོང་ཆོས་དབང་རིན་པོ་ཆེའི་གཏེར་བྱོན། རིན་སྤུངས་ངག་དབང་འཇིག་རྟེན་དབང་ཕྱུག་གི་ཞལ་བཀོད་མའི་རིགས་ལྡན་ཡོལ་བ་ཁྱད་མཚར་གྱིས་སྣ་དྲངས་། ནང་རྟེན། ཇ་སྐུ། ལི་མ། རྒྱ་ནག་མས་མཚོན་པའི་རྟེན་མཆོད་མང་པོ་དང་གཞིས་ཀ་བསམ་གྲུབ་རྩེས་ཐོག་དྲངས་བོད་ཁྲི་སྐོར་བཅུ་གསུམ་ཡོངས་སུ་རྫོགས་པ་འབུལ་བ་ཡིན་ཞེས་དྲིལ་བསྒྲགས། འབྲུག་པ་པདྨ་དཀར་པོས་གཙང་རོང་གི་བདེ་གཟར་བར་ནས་ལབ་གཏེར་བསྙད་པའི་པ་རྣམ་རྫོང་གཡར་པོ་བདག་བཟུང་གི་སྐབས་སྡེ་དཔོན་གྱི་གོ་ས་འདྲ་བ་བྱུང་ཞེས་ངོམ་ངོམ་མཛད་པ་ཁོང་ལ་དཔལ་ལྡན་ས་སྐྱ་པ་དང་


GLG005_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་སྲིད་ཕག་མོ་གྲུ་པའི་མངའ་ཐང་དང་མཚུངས་པ་འདི་འདྲ་འབད་མེད་དུ་གཞན་གྱིས་སྟེར་མཁན་བྱུང་ན་ཁྲོན་པའི་སྦལ་བའི་དཔེ་ལྟར་ཐུགས་གས་ནས་གཤེགས་དོགས་ཀྱང་དགོས་རིགས་སུ་འདུག །སྐྱེ་བ་གཞན་དུ་རང་གིས་ཕར་ཕན་བཏགས་པའི་དྲིན་ལན་གཞལ་དགོས་བཞིན་ཡིན་ན་ཟོར་ཅུང་ཟད་ཡང་། དེ་མིན་རྒྱལ་པོའི་ཐུགས་རྩེ་བསྟད་ལུགས་ལ་དཔགས་ན་འདི་སྣང་གི་གེགས་སེལ་དང་རྟིང་མའི་ཡར་འདྲེན་ཡོང་བའི་གདེང་གང་ཡང་མེད་པས་དྲིན་ལན་བསྐལ་བར་ཡང་གཞལ་དཀའ་བའི་ཁུར་ལྕི་བར་གདའ། འདི་རིགས་དམ་ཆོས་སྒྲུབ་པའི་གྲོགས་སུ་ནི་ག་ལ་འགྲོ་འོན་ཏེ་བོད་འདིར་མགོ་ཆིངས་ཤིག་ཡོད་ན་དུས་ཀྱང་བདེ་ཞིང་། ས་ཀར་རྙིང་གསུམ་སོགས་གྲུབ་མཐའ་གཞན་རྣམས་དམིགས་པ་མེད་པའི་དབྱིངས་སུ་རྒྱས་མི་འདེབས་པར་ཕན་ནམ་སྙམ་པ་བྱུང་། ཆོས་སྡེ་ཆེན་པོ་དེར་སྐུ་གསུང་ཐུགས་རྟེན་དང་མདོ་སྔགས་གསོ་རིག་སྒྲ་སྙན་གྱི་འཆད་ཉན་འཛུགས་སའི་དྲི་གཙང་ཁང་ཀུན་རར་བཅས་པས་མཚོན་པའི་དགེ་སྟོབས་དེ་བརྒྱད་སྟོང་པ་ནས་བཤད་པའི་བདུད་ལས་སུ་སོང་འདུག་ཀྱང་མཛད་པ་ལ་དཔགས་ནས་སྡེ་སྲིད་དེ་ཆོས་རྒྱལ་ཞིག་ཡིན་པ་འདྲ་བསམ་པ་ཤར། ངེད་རང་གིས་ལས་སྦྱོར་མངས་པའི་སྟབས་ཀྱིས་ངོས་མཇལ་དང་རྒྱུ་འགྲུལ་བྱེད་མ་ནུས། དེ་འདྲའི་དོགས་པ་མ་དགོས་ན་དབུས་ཕྱོགས་ནས་གསོལ་སྐལ་རྟེན་ཐུབ་དང་བཅས་པའི་བསླུ་ཞབས་སུ་མ་སོང་ཙམ་ཞིག་ཐུབ་པར་འདུག །དྲུང་འཁོར་ཚོར་དྲག་ཆས་རྣམས་གཏོར་ན་མི་འཐུས་ཤིང་བསྙེམས་ཆས་ཀྱི་རིགས་ལ་འཇུག་མི་ཡོང་བས་ས་རིས་ཀྱི་ཞུ་རྟེན་ལ་ཕུལ་ཆོག་ཚུལ་གནང་སོང་། འདི་ལོ་ནས་བཟུང་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་


GLG005_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་པར་རྟེན་མཆོད་སྤྱི་རྫས་རིམ་གྱིས་སྤྲད་པ་ལོ་བཅོ་བརྒྱད་ཕན་དམིགས་བསལ་རེ་གཉིས་མ་གཏོགས་ལོ་ཟླ་སོགས་ཀྱི་གསལ་ཁ་མེད་པ་ཁྱོན་བསྡོམས་པར། ཐུབ་དབང་ཟངས་ཐད་མའི་འདྲ་ཅོག །རྒྱལ་བ་ཙོང་ཁ་པ་ཆེན་པོའི་དབུ་ལོ་བུབས་བཞུགས་པའི་གསེར་སྐུ་སླེའུ་ཆུང་མ་འཕྱོང་རྒྱས་ཆུ་མིག་ཞལ་སྔ་ནས་ཀྱི་བསྔོ་རྟེན་དུ་བྱུང་བ་ཁུངས་བཙུན་དང་དཔོན་ས་སྟག་ལུང་མའི་ཕྱག་གི་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་གསེར་སྐུས་གཙོས་སངས་རྒྱས་བྱང་སེམས་ཀྱི་གསེར་སྐུ་སྣ་ཚོགས་བཅུ་བདུན། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་སྨན་སྐུ་རིན་པོ་ཆེ་བོད་མཁར་བའི་ཐུགས་དམ་རྟེན། སློབ་དཔོན་ཆེན་པོས་ཡང་ལེ་ཤོད་དུ་བར་ཆད་ཀྱི་མཚན་མ་བཅོམ་པའི་གནམ་ལྕགས་ཀྱི་ཕུར་བ་མངའ་བདག་ཉང་གི་གཏེར་བྱོན་ཁྱད་མཚར། ཆེ་མཆོག་གི་རག་སྐུ་གཅིག་ཕྱག་དྲུག་པ་སོགས་ཆོས་སྲུང་གི་གསེར་སྐུ་བཞི། མཚན་བརྒྱད། དྲག་དམར། མ་ནིང་དང་བཅས་པའི་ཐང་ཁ་ཡར་རྒྱབ་ཏུ་བཞེངས་པའི་མཁྱེན་རིས་ཁྱད་མཚར་གྲ་ཚར་བཅུ་གཅིག །འབྲི་གུང་གི་ཐུགས་དམ་ཐང་ཁའི་གྲས་སིནྡྷཱུ་རྒྱ་མཚོའི་ཞིང་བཀོད་ལྔ་ཚར། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་ཐུགས་དམ་རྟེན་རྡོ་རྗེ་དྲག་པོ་སྩལ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་ཐུགས་དམ་རྟེན་རྡོ་རྗེ་གདན་བཞིའི་དཀྱིལ་ཐང་སྨན་ཐང་པའི་ཕྱག་བྲིས་མ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཐུགས་དམ་རྟེན་དཔལ་ལྡན་དམག་ཟོར་མ་སྤྲུལ་སྐུ་ང་ལ་གཟིགས་ཀྱི་ཕྱག་བྲིས་མ། འབྲི་གུང་ཞབས་དྲུང་ཆོས་ཀྱི་གྲགས་པའི་ཐུགས་དམ་རྟེན་ཚེ་བདག་མེའི་སྤུ་གྲི། གཤིན་རྗེ་ཁྲོ་ཆུ། ཀི་ཀང་བཤོར་སང་ཉི་མ་ཁྲོས་གསུམ། སྔགས་འཆང་གཞིས་ཀ་ཤར་པའི་ལག་བྲིས་མའི་རྡོ་རྗེ་


GLG005_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་དང་ཁྱབ་འཇུག་གཞན་ཡང་སྔགས་ཐང་སྣ་ཚོགས་བཅུ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་ཕྱག་བྲིས་མའི་བེག་ཙེ་ལ་འཁོར་པེ་ཧར་ཡོད་པའི་བྱིན་ཅན་གཅིག །མེ་སྟག་སྤྲུལ་སྐུ་དགོས་སྐྱེས་ཕ་བུ། མངའ་རིས་སྤྲུལ་སྐུ། གསང་སྔགས་གླིང་པ་རྣམས་ཀྱིས་ཆེད་གཉེར་དུ་བཞེངས་པའི་གསང་བདེ་དུས་གསུམ། ཀྱེ་རྡོར། རྟ་མགྲིན་ཤངས་ལུགས། ནག་པོ་སྐོར་གསུམ། དམག་ཟོར་མ། བསྟན་མ་གཉིས། གུར་ཞལ། ལས་མཁན། རྣམ་སྲས་སེར་ཆེན་རྣམས་ཀྱི་སྔགས་ཐང་གྲ་ཚར་བཅུ་དྲུག །བྱ་ཁྱུང་རྗེ་ཡེ་ཤེས་རྒྱ་མཚོའི་ལག་ནས་བྱུང་བའི་ནག་པོ་སྐོར་གསུམ། མགོན་དཀར། དམག་ཟོར་མ། དུང་སྐྱོང་མ་རྣམས་ཀྱི་སྐུ་ཐང་གྲ་ཚར་འབྲོང་རྩེ་བློ་བཟང་གི་རི་མོ། ཐུབ་དབང་། མི་འཁྲུགས་པ། ཐུགས་རྗེ་ཆེན་པོ་གསུམ་གྱི་བྲིས་ཐང་གཉིས་རེ། གསང་འདུས། འཇིགས་བྱེད། ཕུར་པ། ཕྱག་རྡོར་གོས་སྔོན་ཅན། ཕྱག་དྲུག་པ། གུར། དམག་ཟོར་མ། དུར་ཁྲོད་བདག་པོ་རྣམས་ཀྱི་ཐང་ཁ་ཚེམ་ལྷས་མ་ལེགས་པ་དགུ་དང་ཚེ་དཔག་མེད་ལྷ་དགུའི་དཀྱིལ་ཐང་གོས་ཆེན་ལྷན་ཐབས་ལས་གྲུབ་པ་བཅས་པར་མུ་ཏིག་བྱུ་རུ་སོགས་རིན་པོ་ཆེའི་ཕྲ་རྒྱན་འཆོར་ཆེ་བའི་སྤུས་གཙང་། ཐུབ་དབང་། རྡོར་སེམས། འཇམ་དཀར། སྒྲོལ་མའི་སྐུ་ཐང་ཐགས་གྲུབ་མ་གྲ་ཚར་རིགས་ལྔ་གྲ་ཚར་གྱ་གཉིས་དར་དཔྱངས་དགུ་བཅུ་དང་བཅས་པ། གསེར་ལྗང་བརྡུངས་ཀྱིས་ཁ་ཕོར་དང་གཤོག་པ་བྱས་པའི་དུང་དཀར་ལེགས་པ་ལྗངས་བཟོ་མ་ཆ་དང་དེ་མཚུངས་དངུལ་གྱིས་བྱས་པའི་ཆ་གཉིས། རྒྱ་སྦུག་ཆེ་ལེགས་ཆ་གསུམ་དང་རྒྱ་སིལ་ཆ་གཅིག་ཤུབས་བཅས། རྒྱ་རྔ་ཆེ་ཆུང་


GLG005_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། ལྗང་སེར་གྱི་ཏིང་བརྒྱད་ཚར། རག་གི་པད་སྡེར་ལྔ། ཟངས་དམར་གྱི་བདུན། རག་གི་མེ་དམ་གསུམ། ད་ཁབ་ཀྱི་མཎྜལ་དངུལ་གྱི་མེ་ཏོག་འཕུལ་མ་ཡོད་པ་གཅིག་དང་ལིའི་གཉིས། ར་མ་ལུག་གི་སྤོས་ཕོར་ཁེབས་བཅས་ཆ། ལྗང་སེར་གྱི་གྲ་སྤོས་ཆ་གཉིས། ལྕགས་ཀྱི་འབྲུབ་ཁུང་གསུམ། སྒོ་བ་བཞིའི་ཕྱག་མཚན། ཁྲོ་ལྕགས་ཕུར་པ་བཞི། གྲི་གུག་གཅིག །རལ་གྲི་གསུམ། གསེར་ཟངས་ཀྱི་རྡོ་རྗེ་གཅིག །ལིང་གདན་གཡང་གཞི། ལྕགས་ཀྱི་མཉྫི་གཅིག །མེ་ལོང་དངུལ་མཐའ་མ་གཅིག་གནོད་སྦྱིན་བེག་ཙེའི་རྟེན་རྫས་ཟངས་གྲི་ཤུབས་བཅས། མདའ་གཞུ་མདུང་དམར་དར་ལྕོག་རྔ་ལྡན་ཞགས་པ་གློ་སྙིང་དང་བཅས་པ། བསྲེ་ཁྲབ། ཙེའུ་དམར་བའི་ཞལ་འབག །གོས་ཕོད་ལེགས་པ་ཞེ་ལྔ་རྒྱབ་ལེ་བཅས་པ། མཐོངས་བཀྲལ་བཏགས་ཀྱིས་བྱས་པའི་རྟེན་ཁེབས་དང་བསྒྲིལ་བཏགས་གསེར་གཞི་མས་གཙོས་རྟེན་ཁེབས་བཅུ་གསུམ། གོས་ཤོ་བསྒྲིགས་ཚོན་ཁྲ་ལས་གྲུབ་པའི་མཆོད་ཁེབས་ལྔ། བླ་བྲེ་དིང་བཏགས་བུམ་གདན་མ། གོས་སྔོན་གསེར་མ། སེའུ་མ་ལས་གྲུབ་པའི་ཆེ་ལེགས་གསུམ་དང་མང་ལྷུག་དང་ཇུས་དམར་གྱི་གཉིས། གོས་སྣ་ཚོགས་ལས་གྲུབ་པའི་འཕན་ལ་ལར་མུ་ཏིག་བྱུ་རུ་སོགས་རིན་པོ་ཆེའི་རྒྱན་ཡོད་ཆེ་བ་བཅོ་བརྒྱད། འཕན་ཐུང་བདུན། བཟང་གོས་ཀྱི་འཕན་མགོར་གསེར་ལྗང་བརྡུངས་ནོར་བུའི་དབྱིབས་ཅན་མཐའ་སྐོར་དུ་བྱུ་རུ་དོན་དགུ། ར་ཤེལ་རེ་ལྔ། མུ་མེན་ཞེ་བདུན། མཚམས་སུ་སུ་གནྟི་དང་བླུག་ཤེལ་ཡོད་པའི་ཁྱད་མཚར་ཆ་གཅིག །མཎྜལ་རྒྱན་གསུམ། མན་རྒྱན་ཉེར་གཅིག་འབྱར་བའི་མཐོན་ཐིའི་སྙན་དར་གོང་པ། དམར་འབལ། བོད་དམར། སྒྲོ་རྐང་།


GLG005_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་རྐང་སོགས་ཁྲབ་ལེགས་རྨོག་བཅས་དགུ། དཀྱུས་མ་བཅུ་གཅིག །སོག་ཁྲབ་རྨོག་བཅས་གསུམ། ཟངས་ཁྲབ་རྒྱ་བཟོ་མ་གཅིག །སག་ཐག་ཆ་འགྲིག་སོ་གཅིག །དྭགས་དོང་གསེར་ཤོག་དཀར་ཐག་གསའ་མཇུག་ཚང་བ་དྲུག །གྲི་གོས་འཛབ་མ་དེ་མཚུངས། སྙན་དར་ཁྱོན་བསྡོམས་ཉིས་བརྒྱ་བཅུ་གསུམ་ལྷག་བཅས་སོང་། རྒྱ་རི་ཞབས་དྲུང་བློ་བཟང་མཐུ་སྟོབས་ཆོས་རྒྱལ་གཤེགས་པའི་གསང་ཁོག་ནས་མགྱོགས་བསྔོ་ཞིག་བྱུང་བར་སྨོན་ལམ་ཡང་དག་བྱས། རང་ཕྱོགས་ཀྱི་དགོན་པ་དང་ས་རིས་ཕར་ཤོར་བ་རྣམས་ནི་ཚུར་ལེན་དགོས་པ་གཞིར་བཅས་དེ་ཕྱིན་བསྟན་དོན་ལ་རྒྱར་མི་བཏུབ་པ་དང་ཚུར་རྒོལ་གྱི་ཞབས་འདྲེན་མ་བྱུང་ཕྱིན་གྲུབ་མཐའ་མཐའ་དག་རང་འཇགས་སུ་བཞག་ན་རང་གཞན་ཚང་མར་སླེབས་ཆེ་ཚུལ་ཆོས་ཀྱི་རྒྱལ་པོ་འཕགས་པའི་རྣམ་ཐར་དཔེར་དྲངས་ནས་མཆོད་ཡོན་གཉིས་ཀར་ཞུས་པས་རྒྱལ་པོའི་ཐུགས་ཀར་ཐལ་མོ་སྦྱར་ཏེ་དབུ་ཁུག་ཁུག་མཛད་འདུག །སྡེ་པའི་དགོངས་པར་བབ་མ་བབ་ནི་མ་ཤེས། སླར་བཀྲ་ཤིས་ལྷུན་པོར་ཡོངས་ཚོགས་ཆེན་དུ་བཀའ་གདམས་གླེགས་བམ་ཕ་ཆོས་ཐུན་གཅིག་ལ་གཟབ་བཤད་བྱས་པས་སྔགས་གྲའི་སློབ་དཔོན་ཤེས་རིན་པར་གྲགས་པའི་དགེ་བཤེས་ཆེན་པོ་དེ་ཆེད་བསྟད་ཀྱིས་བྱོན་ཏེ་བཤད་པ་ལ་མགུ་བའི་ལེགས་སོ་བྱེད་འདུག །གཞན་བདེ་གཟར་གྱི་མཇུག་ཏུ་སོང་བས་ནོམ་པ་དང་ས་ཆའི་ཨང་ཉན་མ་གཏོགས་ཆོས་ཀྱི་བགྲོས་བགྲོས་ཆེན་པོ་མི་གདའ། བདེ་གཤེགས་མཆོད་རྟེན་བརྒྱད་གསར་བཞེངས་གནང་བའི་རབ་གནས་ལ་པཎ་ཆེན་ཆོས་ཀྱི་རྒྱལ་པོ་ཉིད་སུམ་ཅུ་རྩ་གཉིས་འཁོར་ལོའི་གཙོ་བོར་བཞེངས་པའི་གྲལ་དུ་ངེད་གྲ་ཚང་དང་བཅས་


GLG005_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

འབོད་པ་གནང་། སྔགས་གྲ་སློབ་དཔོན་པ་རྒྱབ་གྲལ་བ་རྣམས་དང་འཕྲོས་པ་ལས་ཞལ་འདོན་ཡེ་མི་མཛད་འདུག །དཔོན་སློབ་པཎ་ཆེན་རིན་པོ་ཆེས་མཁན་པོ་དང་བདག་གིས་སློབ་དཔོན་བྱས་ནས་གུ་ཤྲི་བླ་མས་གཙོས་པའི་རབ་བྱུང་བསྙེན་རྫོགས་ཁ་ཡར་བསྒྲུབས། གཡེང་བའི་དབང་གིས་ཡོང་གདོང་བཀའ་བསྒོའི་བྱིན་རླབས་ཙམ་ལས་གསུང་ཆོས་ནི་ཞུ་ལོང་མ་བྱུང་། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་བཞེང་བ་གནང་བའི་རྒྱལ་བ་ཙོང་ཁ་པ་ཆེན་པོའི་དངུལ་སྐུས་ཐོག་དྲངས་བདོག་པའི་སྐྱེས་བཟང་བར་བསྩལ། ཉེར་ལྔ་ལ་བཀྲ་ཤིས་ལྷུན་པོ་ནས་བཏེག་ཞ་ལུ་རི་སྦུག་དབུ་མཛད་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་གཙོས་ཞ་ལུ་རི་མཐིལ་གྱི་ཇ་འདྲེན་ཞིག་བྱུང་དཔོན་སློབ་རྣམས་ལ་བླ་མའི་རྣལ་འབྱོར་ཕུལ། ཕུར་པ་གྲ་ཚང་དང་མ་ཎི་སྒྲུབ་སྡེའི་སེར་སྦྲེང་གིས་བསུས་པ་རྣམ་དུ་འབྱོར་ཞིང་ཀླུ་སྡིངས་སུ་ཞག་གཉིས་བསྡད། འདི་སྐབས་ཀར་ལུགས་ཕྱོགས་ནི་བདེ་གཟར་སློང་བའི་བཀའ་གྲོས་གྲུབ་པའི་ཉམས་ཀྱིས་འཕྲལ་སེལ་འབུལ་མཇལ་ཙམ་ལས་ཞུ་དོན་གྱི་རིགས་མི་བྱེད་འདུག །དེ་ཕྱིན་གཞན་ཕྱོགས་རྣམས་སྔར་འཇགས་མ་བྱུང་དོགས་པ་དང་རང་ཕྱོགས་རྣམས་གསར་པ་འབྱུང་རེའི་ཞུ་དོན་པ་དབྱར་གྱི་གྲོག་ཚང་རྡོལ་བ་ལྟ་བུ་སྣང་། དེ་སྐབས་རྙིང་ལུགས་དགོན་ཆེན་ནད་མི་ཐེག་པའི་རིགས་མ་གཏོགས་དམངས་མ་རྣམས་ནི་སྤྱི་ལུང་གསང་བའི་གལ་མདོར། ལོ་དགུའི་བར་དུ་དབུས་གཙང་དབུ་རུར་འཚོག༔ ཅེས་པ་ལོ་དགུའི་བར་དབུས་པར་མ་ཟད་གཙང་པ་རྣམས་ཀྱང་ཞུ་དོན་ལ་དབུས་སུ་འཚོག་པ་དང་། སྣང་རྩེ་ནས་ཀྱི་གསང་བའི་ལུང་བསྟན་དུ། བསྟན་པ་དབུས་གཙང་ཡོངས་ལ་བཅུ་བར་བྱེད༔


GLG005_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ཆུ་བཅུ་བ་ལྟ་བུའི་དོན་མ་འཁྲོལ་བར་ལོ་གྲངས་ལ་འཁྲུལ་བའི་དེ་བར་ཞུ་དོན་བྱེད་རིང་མི་ཆོག་པའི་དབང་དུ་བཏང་ནས་ཡོང་མི་ཉུང་བ་བྱུང་། མོན་དུ་བླ་ཁག་ལྔ་དང་འབྲུག་པ་ཐུག་པའི་དམག་བསྐུལ་ལ་ལྷ་བའི་གདུང་བརྒྱུད་སྐུ་གཞོན་པ་བྱོན། དེ་ཉིན་མཆོད་ཡོན་རྣམས་རྫོང་དུ་བཞུགས་གྲལ་ལ་ཕེབས་པ་དང་འགྲིག་ངེད་ལ་རྒྱུ་མཚན་རྣམས་གསུང་བ་སྡེ་པར་གནས་ཚུལ་འདི་བཞིན་ཡིན་འདུག་པས་དེང་སང་དཔུང་སྣོན་ཞིག་མཛད་ན་དཀའ་ཚེགས་མེད་འཕྲོས་ཞུས་པར་ཁྲེལ་དགོད་དང་བཅས་གཙང་པས་སྡུག་པོ་བཏང་ནས་དམག་མི་བྱེད་ཀ་མེད་བྱུང་དེ་འདྲའི་བློ་རྒྱ་མེད་གསུང་ཡང་མེ་ཆུང་རིང་དུ་མ་བསད་པས་སོར་དང་འདོམ་གྱི་དཔེར་སོང་ཞིང་གཙང་དུས་ལྷོ་འབྲུག་གི་བུ་གཏེ་གནད་ཆེ་བ་རྫོང་གོ་རྣམས་སུ་ཡོད་པ་གློད་བཀྲོལ་མཛད་པའང་སྙིང་རྗེ་རྒས་པ་ཞེ་སྡང་གི་རྒྱུ་བྱས། སྣར་ཐང་ཕུར་པ་བའི་མཆོད་གཞིས་བྱེ་སྤེ་བདེ་འབྱོར་བྱང་པར་ཤོར་འདུག་པ་ཁོང་ཚོའི་རལ་མོའི་ཆེ་ས་དེས་གྲ་ཚང་ལ་འཆམ་དབྱངས་བསླབས་པའི་འདྲིས་ཡོད་གཤིས་ཆོས་གཞིས་རྙིང་པ་ལྷོགས་ན་དང་དེ་མིན་ཚབ་ཅིག་དགོས་ཚུལ་ཞུས་པར་ཟླ་ཕོགས་གསུམ་ལས་གནང་མ་ཉན་པས་འཐོར་དགོས་བྱུང་སོང་། འགྲོ་དོན་གླིང་པ་དང་ཐར་པ་བ་སོགས་ནི་གཙང་པའི་སྐུ་ཞབས་གྲ་ཚང་བ་ཡིན་པར་ཁྱད་མེད་རུང་རང་འཇགས་ལས་འཕོ་འགྱུར་མ་བྱུང་གཤིས་ཕུར་པ་བ་ཆོས་མཁས་དྲག་པ་ཞིག་ལ་རྔན་པ་མ་ཐེབས་བའི་སྐྱོན་དུ་སྣང་། གྲ་ཚང་གཅིག་གི་ས་རིས་ཙམ་གྱི་ཕན་པའང་སྒྲུབ་པར་མི་ནུས་པའི་བོད་ཀྱི་བླ་དཔོན་འདིའང་རོ་མིང་པོ་ཆེ་གླ་བའི་མཆེ་བར་སེམས། ཁྲོ་ཕུ་དུས་ཞབས་པར་ཇ་གྲལ་གྱི་སར་ཀ་ལཱ་པ་དྲི་བ་བྱས་པར་ཐེ་ཚོམ་མང་པོ་བསལ་བས་རྣམ་དཔྱོད་ཅན་ཞིག་


GLG005_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྙམ་པའི་རྗེས་སུ་ཡི་རང་ཤར། ཀླུ་སྡིངས་ཀྱི་ཁང་པ་དེ་ཀརྨ་པའི་གཟིམས་ཆུང་ཡིན་ཟེར་འགངས་ཆེ་བར་བྱེད་ཀྱང་དཔེ་ཆ་ལྟ་མཁན་གྱི་སྡོད་སར་མི་འདུག །ཉིན་མོ་བཞུ་མར་སྤར་མ་དགོས་ཙམ་ལས་ཤིན་ཏུ་འཐིབས་པས་ཉིན་མཚན་ཀུན་ཏུ་གཉིད་ལོག་གམ་ཡང་ན་དུད་འགྲོ་འཇོག་པའི་འོས་སུ་གདའ་བར་ཞག་གཉིས་ལས་མ་འགོར་བས་བཙོན་ནས་ཐོན་པ་ལྟ་བུའི་དགའ་ཚོར་བྱུང་། རིམ་གྱིས་རྒྱལ་མཁར་རྩེར་སླེབས། གྲ་ཚང་རྣམས་ཀྱིས་སེར་སྦྲེང་དང་གར་སོགས་རྒྱས་པར་བསྟར། དཔལ་འཁོར་བདེ་ཆེན་གྱི་གཙུག་ལག་ཁང་དང་མཆོད་རྟེན་ཆེན་མོ་མཇལ། བདག་པོ་རབ་བརྟན་ཀུན་བཟང་འཕགས་དེ་ཨྱོན་ཆེན་པོའི་ལུང་བསྟན་དང་མཐུན་པའི་ཆོས་རྒྱལ་ཟླ་མེད་པའི་ཕྱག་རྗེས་ཆེ་སྙམ་པའི་དག་སྣང་ཤར། དེང་དུས་ཀྱི་བླ་མ་རྣམས་ཀྱིས་དེ་ཙམ་རྨི་ལམ་དུའང་མཛད་དོགས་ག་ལ་དགོས། དགེ་ལུགས་གྲ་ཚང་བདུན་གྱིས་དཀར་སྤྲོ་དང་སྟེར་སྦྱིན་གུར་བ་རི་སྡིངས་པ་གཉིས་ཀྱིས་རྡོ་རྗེ་གུར་དང་ཡོ་གའི་གར་རྒྱས་པ་སྤྲོས། ཐོང་ལྕགས་རྫོང་དུ་བདག་ཆེན་རྡོ་རྗེ་འཆང་གི་དུས་ཀྱི་མགོན་ཁང་བྱིན་རླབས་ཅན་ཡོད་ཚུལ་ཐོས་པས་མཇལ་འདོད་རུང་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ལམ་ཡིག་ཏུ་བདེ་གཟར་ཆེན་མོ་འཁྲུག་ཁའི་གསེར་ཡིག་ལྟར་གསུང་བ་དེ་ཤིན་ཏུ་མད་པར་འདུག་པས་དམག་དང་བསྲེས་ནས་འགྲོ་དགོས་གཤིས་གནས་མཇལ་གྱི་རེ་བ་མ་བྱུང་། སྡེ་པས་རིན་སྤུངས་དང་མཁར་རྩེ་གཉིས་སྐྱིད་ཤོད་ཐའི་ཇི་ལ་གཏོད་དགོས་འདུག་གསུངས་པར་ཐུགས་ལྷུས་ཐིངས་ནས་གཏོད་ལོང་ཡོང་ཞུས་པས་རིན་སྤུངས་འཐེན་ཐུབ་ཙམ་བྱུང་མཁར་རྩེ་སྤྲད་པ་རང་གིས་ཡ་མཚན་དུ་བརྩིས་སོང་རུང་ངེད་རྒྱ་ནག་ཏུ་སོང་ཤུལ་ཚུར་བཞེས་འདུག་པས་སྔར་གནང་བ་ལ་དགའ་ཚོར་ཇི་


GLG005_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་བྱུང་ཡང་དེ་དུས་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས་པར་གདའ། འོམ་ཐང་བརྒྱུད་སྣ་དཀར་རྩེར་སླེབས་ཞང་པོ་ཁྲི་དཔོན་པ་སྐུ་མཆེད་གཉིས་ཀྱིས་བསུ་བ་གཞིས་ལེན་དང་བདོག་པ་གཟབ། ཞབས་དྲུང་གཞུང་གིས་མདོ་སྔགས་རིག་གནས་ལ་སློབ་གཉེར་ཅི་འདྲ་བྱས་སོགས་གསུང་གླེང་ཤིན་ཏུ་ཞིབ་པར་མཛད། བླ་མ་དགེ་བཤེས་ཚོ་ནི་དེ་འདྲའི་འཕྲོས་པ་འབུག་འབུག་མི་སྣང་། དཔལ་དེ་བས་གུང་གི་དྲོ་བསྟབ་གན་པ་ལ་བརྒྱབ་ནས་ཕོ་བྲང་གོང་རི་དཀར་པོར་འོང་བའི་བསུ་བར་སེར་སྦྲེང་རྩེད་སྣ་སོགས་ཁྲོམ་ཤིན་ཏུ་ཆེ་བ་འདུག །ཞབས་དྲུང་འགྲོ་བའི་མགོན་པོའི་དངུལ་གདུང་དང་མགོན་ཁང་རྣམས་ལ་སྙན་དར་ཞལ་ཡིག་མ་དང་ཁྱད་པར་ཀུན་མཁྱེན་རྡོ་རྗེ་གདན་པའི་ཡབ་ཀྱིས་བཞེངས་ཤིང་རྗེ་ཉིད་ཀྱིས་རབ་ཏུ་གནས་པའི་ཐུགས་དམ་རྟེན་ལྕང་ལོ་ཅན་གྱི་མགོན་པོ་ཞལ་གྱི་སྐུ་བྱིན་རླབས་ཀྱི་རྟགས་མཚན་མངོན་གྱུར་ཅན་དེར་བསྐང་གསོ་དང་འཕྲིན་བཅོལ་རྒྱས་པར་ཕུལ། ཆོས་རྗེ་དཀོན་གཉེར་དཔོན་དགེ་སྟེང་བླ་མ་བྱམས་པ་ཀུན་དགའ་འབྱུང་གནས་ཀྱིས་ཐོག་དྲངས་དཀོན་གཉེར་རྣམས་ཀྱིས་ཚོམས་ཆེན་དུ་འབྲུབ་འཆམ་རིན་པོ་ཆེ་ཀུན་བཟང་རྩེ་བའི་ཕྱག་ལེན་གྱི་རྒྱུན་ངོ་མཚར་བ་བྱས། གོང་དཀར་ཆོས་སྡེའི་གནས་མཇལ་ཞིག་བྱེད་འདོད་བྱུང་ཡང་སྟབས་མ་འགྲིག །བླ་མ་ལྷ་རྩེ་བའི་སྐུ་སྐྱེ་ཡོངས་འཛིན་སྤྲུལ་སྐུ་དང་གླེང་མོ་ཞིབ་ཏུ་མོལ་མི་ཆོས་མཁས་ཤིང་བརྗོད་པ་གཙང་པ་བཀའ་བརྒྱུད་པའི་བླ་མའི་འོས་སུ་འདུག །སྡེ་པས་ངེད་ཀྱི་བློར་ཅི་ཡོད་དགོངས་པའི་ད་ཆ་སྔར་དང་མི་འདྲ་བས་ཐུགས་ཁུར་ཆེ་ཙམ་བཞེས་ཐེལ་གཏོང་ལུང་རྒྱུགས་ལ་བཀའ་ཤོག་དམར་པོ་གནང་ངོས་བདག་གིས་ཀྱང་སྔར་ལུགས་ཀྱི་ཁུར་ཆུང་དུ་མ་སོང་བ་


GLG005_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། སྐྱ་སེར་ཐམས་ཅད་འཚོག་དགོས་པའི་སྟབས་ལྷ་སར་རྟག་ཙམ་བཞུགས་ཡུལ་གནང་དགོས་ཡོང་བ་འདྲ་གསུང་བར་སེམས་ཀྱི་ཤར་ཚོད་འཇིག་རྟེན་གྱི་ཕྱོགས་སུ་ཡོང་ཐང་དང་ཤེས་འདོད་གཉིག་མེད་ལྷག་ཏུ་ད་ལམ་གྱི་འགྲུལ་ཐེངས་གཅིག་པོ་འདིར་འདོད་སར་འགྲོ་སྡོད་བྱ་བྱེད་རང་དབང་མི་འདུས་པའི་གཡེང་བས་སྣ་སུན་ལྷ་ས་ལྟ་བུའི་སྡེ་ཞོལ་ཆེན་པོར་རྒྱུན་སྡོད་ཀྱི་རེ་བ་མེད། དགོངས་པའི་བབས་ཀྱང་བསྙེམས་ཆས་གཏོར་ལུགས་སོགས་ནས་བོད་ལུགས་ལ་ནི་མི་དགྱེས་པ་འདུག །སོག་ལུགས་ཚད་ལྡན་ནི་བོད་པས་གྲ་ག་ལ་འགྲིག་རྒྱ་སོག་ཁམས་བོད་ཐམས་ཅད་འདྲེས་པའི་ར་མ་ལུག་དེ་འདྲ་རང་ལ་ཤེས་འདོད་ཀྱང་མི་འགྲོ། ལྷག་ཏུ་འགོལ་སྡོད་ཀྱིས་ཐོས་བསམ་སྐྱོང་རྒྱུ་བྱུང་ན་སྙམ་པ་དུར་རེ་བ་ཡོད་པས་ཕེབས་ལན་དུ། ས་ཕག་འབྲི་སྟག་སོགས་གོ་བབས་དེ་བཞིན་མི་མཛད་ཀ་མེད་དུ་འདུག །ངེད་རང་དཔོན་སློབ་རབས་ཆད་སོ་ནམ་པའི་རིགས་ལ་དེ་འདྲ་པར་བཀབ་མི་དགོས་རང་ངོས་ནས་ལུས་སེམས་གཉིས་ཀས་མི་ནུས་ངེས་པས་ཐེལ་གཏོང་སོགས་མི་བྱེད་ཞུས། དྲང་སྲོང་སྲིན་པོ་རི་དང་ཐག་ཉེ་སར་བྱུང་ཡང་མཇལ་བའི་སྐལ་བ་དང་མ་ལྡན། ལམ་ཞོར་དུ་གླིང་སྨད་ཞབས་དྲུང་གིས་གསང་ཕུར་ཡོང་དགོས་ཚུལ་གནང་བ་ལྟར་ཕྱིན། ཞིང་སྒང་ཞིག་ཏུ་ཆོས་འཆད་རྣམས་དང་ལྷན་དུ་བསུ་བ་ལ་ཕེབས་འདུག །བདག་གིས་སྔར་ལུགས་བཞིན་ཕྱག་དང་མཇལ་དར་རྩེ་སྤྲོད། མཆོད་ཡོན་གཉིས་ཀྱིས་ཕྱག་དབང་ཞུ་བ་གནང་བ་གཞིར་བཅས་ཀྱང་ཏ་ཞིང་ཆོས་རྗེ་སོགས་ལ་ལས་གསང་ཕུ་བ་རྣམས་ལ་སྟོན་པའི་ཆེད་དུ་སྒྲིབ་གཡོགས་གང་ཡང་མེད་ས་འདིར་བསྒྲིགས་ནས་འབྱུང་པོ་གནང་ཞེས་སྐུར་ཞུས་ཀྱང་བྱེད་


GLG005_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནུབ་གསང་ཕུར་བསྡད་སྒྲོལ་མ་རྩོད་རྒྱལ་མ་དང་རྔོག་ལོའི་གདུང་རྟེན་གྱི་གཙོས་པའི་རྟེན་རྣམས་ཞིབ་པར་མཇལ། ཆོས་སྐྱོང་ལ་སྙན་ཤལ་ཕུལ། གླིང་སྨད་ནས་གཞིས་ལེན་གྱ་ནོམ་པ་གནང་། གུང་ཚིགས་ལ་གཞིས་ཀ་སྣེའུར་འབྱོར་ཞག་གཉིས་བསྡད་ལམ་ཞོར་དུ་རྒྱལ་ཁང་གཉན་པོ་དེར་སྙན་དར་དང་གསེར་སྐྱེམས་ཕུལ་བསེ་འབག་དེ་ཤིན་ཏུ་ལེགས་པར་འདུག །ཉེར་ལྔ་ལ་དཔལ་ལྡན་འབྲས་སྤུངས་སུ་འདུས་ཚོགས་ཀྱི་བསུ་བ་དང་བཅས་སླེབས། ཧོར་ཟླ་དྲུག་པའི་ཚེས་གཅིག་ལ་སེ་ར་ཐེག་ཆེན་གླིང་། རྒྱུད་སྟོད་པ། རྨི་རུ་བ་སོགས་ཀྱི་སེར་སྦྲེང་དང་བྲོ་གཞས་ཀྱི་རྩེད་སྣ་མང་པོས་མདུན་བསུས་ཀླུ་ཕུག་གླིང་ཁར་ཕྱིན་ཏེ་སྒར་བྱས་ནས་ཞག་བཅོ་ལྔ་ཙམ་བསྡད། འབྲས་སྤུངས་སྔགས་པ་གཉལ་གུང་སྣང་ཆོས་རྗེ་འཇམ་དབྱངས་སྤྲུལ་སྐུའི་ཡོངས་འཛིན་དུ་འབྱོན་རྒྱུ་དང་ཐུ་ཤི་ཡེ་ཐུ་རྒྱལ་པོ་སེ་ཆེན་རྒྱལ་པོ་གཉིས་ཀྱི་མི་སྣ་སོགས་ཕལ་ཆེར་དང་སེ་ཆེན་རྒྱལ་པོའི་བླ་མཆོད་དུ་སྐུ་འབུམ་ཆོས་རྗེ་བཀྲ་ཤིས་དོན་གྲུབ་བརྫངས་ཤིང་འཇམ་དབྱངས་སྤྲུལ་སྐུའི་ཚིགས་བཅད་ཀྱི་འཕྲིན་ཡིག་བསྲིངས། རིན་པོ་ཆེ་ཀུན་བཟང་རྩེ་པའི་ཞལ་ངོ་ཐ་མ་དེ་ལུགས་གཉིས་ཀའི་མཛད་པ་ལེགས་རྒྱུ་མི་འདུག་རུང་ཞལ་ངོ་གོང་མ་རྣམས་ཀྱི་ཁྱད་ནས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་དགོངས་བསྟད་ལ་གོང་རྒྱག་གི་བདག་རྐྱེན་ཡོང་ལ་རེའི་བྱོན་བྱུང་ཡང་མཇལ་དར་སློག་ཙམ་ཡང་བྱུང་མ་སོང་བས་མི་དྲིན་ཅན་གྱི་ངང་ཚུལ་བསམ་མཁན་དཀོན་པར་སྣང་། མཆོད་ཡོན་ཐུན་མོང་ནས་སེར་གསོག་ཆེན་མོ་ཞིག་མཛད། དགའ་ལྡན་གྱི་ཁྲི་རིན་པོ་ཆེ་ལྗངས་རམས་པས་དབུ་གནང་རྩེ་ཤར་གཉིས་དང་བཅས་པ་ཕེབས། བཞུགས་གྲལ་གྱི་


GLG005_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སར་ཁྲི་རིན་པོ་ཆེས་རྒྱལ་པོ་ལ་བསྟན་པ་བཟུང་བའི་བསྔགས་བརྗོད་ཅུང་ཟད་དང་ཤར་པ་ཟུར་བཞུགས་དབོན་པོར་གྲགས་པས་དབུགས་དབྱུང་རྒྱ་ཆེར་མཛད། ཇོ་ཤཱཀ་མཇལ་བར་ཕྱིན་ཉིན་ལྷ་ས་བ་རྣམས་ཀྱིས་ཚེས་བཅུའི་འཆམ། ཆོས་རྒྱལ་སྲོང་བཙན་སྒམ་པོ་བཙུན་མོ་སྲས་བློན་པོ་རྣམས་ཀྱི་བཀོད་པ། རྒྱལ་སྲིད་སྣ་བདུན། སྙེ་ཐང་བཀྲ་ཤིས་སྒང་པས་རུ་འདྲེན་སྡེ་བཞིའི་འཆམ། གཞན་ཡང་རྩེད་སྣའི་རིགས་ཤིན་ཏུ་མང་བ་བྱུང་། རུ་འདྲེན་གྱི་འཚུབ་ལྷོངས་ཀྱིས་སེར་བས་དཀར་པོར་བཏང་ཡང་འོང་ཁར་མ་ཤོར་ཞིང་དཀར་པོར་སོང་བ་རྟེན་འབྲེལ་ལེགས་པ་འདྲ། དཔལ་འཁོར་ཆོས་སྡེའི་མཁན་པོར་ཨེར་ཏེ་ནི་ཆོས་རྗེ་བསྐོས། ཟུར་ཀུན་མཁྱེན་ཆེན་པོས་ཁའུའི་རྡོ་ལ་ཞལ་གྱི་སྐུ་བརྙན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་ཕྱག་བྲིས། བྲག་སྣ་ཆོས་རྗེས་དང་བཙུན་དཔལ་གྱི་རྒྱལ་མོའི་དབུ་ཐོད། མཁན་པོའི་ཤིང་སྐུ། ཆོས་དབང་གི་ཚེམས་རྣམས་བྱིན། ཚེས་བཅུ་དྲུག་ལ་འབྲས་སྤུངས་སུ་བཏེག །འདི་ལོ་གཞིས་ཀ་རྩེར་བསྡད་པ་དང་ཕྲད་མི་སྣ་ཚོགས་ཀྱི་དམ་སེལ་ལ་བརྟེན་གློ་ནད་འདྲ་བ་ལ་འཕྲོད་བསྟེན་གང་ཡང་མི་ལེན་པ་ཞིག་གིས་ཟླ་བ་གཉིས་ཙམ་མནར། ལ་ལ་ཟས་ངན་ཡིན་ནམ་ཟེར་ནའང་བདུན་པ་ཉིས་བརྩེགས་ཀྱི་ཧོར་ཟླ་བརྒྱད་པའི་ཉེར་བརྒྱད་ཀྱི་ཉལ་ཁ་ཚུན་ན་བཞིན་པ་ལ་སང་ཞོགས་ཚེར་མ་བཏོན་པ་བཞིན་མི་འདུག་པ་ཅི་ཡིན་ནི་ཆ་མ་ཐིངས་ཡ་མཚན་པ་ཞིག་ཏུ་མངོན་གཞིས་ཀ་རྩེར་གྲོང་སྨད་ནས་དགོས་པ་བཀྲ་ཤིས་འདས་པའི་སོ་དང་སྐྲ་ལ་སྦྱང་བ་བསྲེགས་པའི་ཐལ་བ་གསེར་ལ་སྦྱངས་ཏེ་བཏགས་གྲོལ་དང་ངན་སོང་སྦྱོང་བའི་གཟུངས་མང་དུ་བྲིས་ཤིང་སཱཙྪའང་བཏབ། རྒྱ་རི་ཞབས་དྲུང་ཁྲི་པའི་དགོངས་རྫོགས་དང་ལྷ་


GLG005_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དབང་དགའ་ལྡན་རབ་བརྟན་གྱི་ཁྲི་འདོན་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་པར་ངེད་ཡོང་ཨེ་ཐུབ་ཀྱི་ཐང་ལེན་བྱུང་བ་མ་ཐུབ་པས་གཟིམས་ཁང་གོང་སྤྲུལ་པའི་སྐུ་གདན་དྲངས་པའི་ཁྲི་འདོན་སྔར་རྒྱུན་གང་ཡོད་མཛད་པར་སྣང་། ཁལ་ཁ་གཡས་རུའི་དཔོན་པོ་ཨེར་ཏེ་ནི་ཧུང་ཐའི་ཇི། སྟོང་འཁོར་ཞབས་དྲུང་རྒྱལ་ཁང་རྩེ་སྤྲུལ་སྐུ་སོགས་འགྲུལ་གཏོས་ཆེ་བ་འབྱོར། དེ་དུས་སྒར་པ་ཡབ་སྲས་ལྷོ་བྲག་ན་བཞུགས་པའི་དབུས་གཙང་ཀོང་གསུམ་ནས་བདེ་གཟར་ཆེན་པོ་སློང་བའི་ས་འོག་དར་བཏགས་ཀྱི་སྐབས་དང་ཁོང་རང་དཔོན་སློབ་ཀྱི་སྐུ་ཆགས་ལངས་ཉམས་ཀྱིས་ཨེར་ཏེ་ནི་ཧུང་ཐའི་ཇིའང་ཀར་སོག་ཏུ་འཁྲུལ་བའི་བདེ་གཟར་སློང་བའི་དུས་ཚོད་ལ་འཁྱོལ་གདོང་བཀའ་གྲོས་ཕྱིར་མཆེད་ཀྱིས་རྒྱལ་པོ་མཆོད་ཡོན་དམག་གི་དཔུང་རྣམས་མལ་གྲོ་བརྒྱུད་ཐེགས། མངའ་རིས་དྲུང་ཆུང་འདི་གའི་མགྲོན་གཉེར་བྱས་པའི་ལོ་བཞི་ཙམ་སོང་ནའང་ས་རིས་ཤིག་ཞུས་པའི་ལན་དུ་ཁྱོད་ཚོ་ལྟ་བུའི་ཉལ་ནས་སྡོད་མི་ཚང་མར་ས་ཆ་བྱིན་ན་ལང་ཕྱིད་མི་ཡོང་གསུངས་པར་བརྟེན་བདག་གི་སར་བསྡད་ན་དགའ་ལྡན་ཁྲི་རིན་པོ་ཆེའི་ཞབས་འབྲིང་ཙམ་གྱི་ཚོད་ལས་ཤོགས་མི་ཡོང་བར་ཤེས་ཏེ་དཔུང་ཐོག་ཏུ་ཕྱག་ཕྱིར་ཕྱིན་ཆོག་པ་དགོས་ཟེར་བ་འདོད་སྦྱར་བྱེད་བཅུག །གསར་སླེབས་སྟབས་མཚམས་བྱེད་ལོང་མ་བྱུང་ཡང་ཇུས་རིམ་གྱི་སྒྲུབ་ཁག་རྣམས་སྔར་རྒྱུན་བཞིན་བཙུགས། བྱང་འགྲུལ་རྣམས་ལྷ་སར་སླེབས་པའི་ཉིན་ནས་ཞག་བཅུ་སྐོར་གྱི་བར་འགྱེད་མང་ཇ་བརྒྱ་འབུལ་སྟོང་འབུལ་སོགས་འདོད་ཡོན་ལྷག་པར་ཆེ། གཙང་ཕྱོགས་ཀྱི་སྐྱ་སེར་རྣམས་ཀྱིས་བདེ་གཟར་མངོན་དོང་དུ་བསླང་བའི་རྣམ་གླིང་འཕྲལ་དུ་ཤོར།


GLG005_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

རིན་སྤུངས་ཆུ་སྤེས་གྲུལ་མ་ཐུབ་པར་ཞག་ཤས་ནས་སྤྲད། པ་རྣམ་དམག་གིས་བསྐོར། གཞིས་ཀ་རྩེ་སྐོར་དུའང་རྟ་ནག་འོ་རློན་པས་གཙོས་གཡག་པ་སོག་དམག་སང་ཡོང་གནང་ཡོང་གིས་དཔོན་སློབ་པཎ་ཆེན་རིན་པོ་ཆེར་སྐུ་ཉེན་ཆེན་པོ་ཤར་བས་དམག་བསྐུལ་ལ་བཀའ་ཤོག་དང་བཅས་རྨི་རུ་བའི་གྲ་པ་བྱེད་མྱོང་བའི་སྤྲང་པོ་དཀའ་བཅུ་ཟེར་བས་མར་ལམ་སྙེ་མོ་ནས་རབ་འབྱམས་པ་ཚོགས་གསོག་པ་ཁྲིད་དེ་འབྱོར། ནང་སོ་ནོར་བུས་རྒྱལ་རྩེ་རྫོང་བསྐྱུར་དུ་བཞག་སྟེ་བྲོས་པས་མཚོན་པའི་གང་ས་ནས་གཙང་ཕྱོགས་ཚོ་མི་ཟིན་པར་ཐུག་ཀྱང་ཞོ་ཁ་བའི་དམག་གིས་རྫིང་ཕྱིར་བརྒྱབ་པ་དང་རྒྱལ་པོ་མཆོད་ཡོན་ཕེབས་པ་དུས་འགྲིག་པས་ཞོ་ཁ་ནང་སོས་གཙོས་པའི་སྟོང་དམག་ལྔ་དྲུག་ཙམ་རྩྭ་སྦུར་མེ་ལ་བསྲེགས་པ་ལྟར་གྱུར་པས་རང་བསྟན་གྱི་ཇུས་རྩ་ཟིན། མགྲོན་གཉེར་ཚོགས་གསོག་པ་དང་ལྷན་དུ་གྲོང་སྨད་ནས་ཁལ་ཁ་དཔོན་པོའི་རྩར་པཎ་ཆེན་རིན་པོ་ཆེ་སྐུའི་ཉེན་སེལ་གྱི་དམག་དགོས་ཚུལ་ལབ་པར་བཏང་བ་ལ་ང་དགེ་བ་བྱེད་པ་ལ་ཡོང་བ་ལས་དམག་ལ་ཡོང་བ་མིན་ཁྱེད་དགེ་ལུགས་པས་ཉ་མགོ་མནོན་པ་འདི་འདྲ་བྱས་སོགས་ཀྱིས་བསྒྱུར་སྦྱང་མང་པོ་བཏང་བའི་མཐར་དེ་ཙམ་གྱི་ཁ་གནོན་ལ་དཀའ་ལས་མེད་ཚུལ་གྱི་དཔའ་སྐད་དང་བཅས་ཁོ་རང་གི་ནུ་བོ་ད་ཡན་ནོ་ཡོན་གྱིས་གཙོས་པའི་དམག་སུམ་བརྒྱ་སྐོར་བཏང་། དེ་དང་རྩེ་འཛོམ་དུ་མཆོད་ཡོན་གྱིས་རྒྱལ་མོ་ཆེ་བའི་མི་བཟང་ཨལ་དར་ཁོ་ཤོར་ཆིས་གཙོས་སོག་དམག་ཁ་ཤས་བརྫངས་འདུག་པའི་སྟབས་གཙང་ཕྱོགས་ཚོ་ཟིན། མཆོད་ཡོན་རྣམས་འོལ་དགའ་ནས་དྭགས་བརྒྱུད་བཅུད་པ་ཕུར་རྩེ་ཟུར་གྱིས་གཙོས་ཀོང་དམག་སྟོང་ཕྲག་བརྒྱད་ཙམ་སྤུབ། སྒར་པའི་


GLG005_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྣ་ཇ་མ་ཆོས་དབྱིངས་བཙོན་དུ་བཟུང་བའི་གའུའི་ནང་དུ་རྒྱལ་པོ་མཆོད་ཡོན་བཀྲོངས། པཎ་ཆེན་རིན་པོ་ཆེ་དང་ངེད་དཔོན་སློབ་གཉིས་ཀོང་པོར་བཙོན་ལ་ཁྲིད། དགེ་དགོན་རྣམས་བཤིག །སྐུ་རབ་པར་ལྕགས་སྤྲེལ་བདེ་གཟར་གྱི་དུས་ལ་ཆ་བཞག་གི་རྫོང་གཞིས་གཏོད། འཕྱོང་རྒྱས་རི་སྒོ་འོལ་དགའ་གསུམ་རྩེ་ཟུར་ཞོ་གསུམ་གྱིས་འཛིན། གོང་དཀར་སྒར་པའི་ཕྱག་མཛོད་ཁུངས་བྱེད། བྱ་བས་ངོ་ལོག་བརྒྱབ་གཤིས་ད་ལྟ་ཕན་རང་འཇགས། གཉལ་དང་འོལ་དགས་མཚོན་པའི་ས་ཚབ་སྐུ་རབ་པར་གཞན་ནས་སྤྲོད། རིན་སྤུངས་པ། ལྷོ་སྟོད་པ་སོགས་བཀག་པོ་རྣམས་ཚང་འཛུད་གཙང་པ་གཞིས་ཀ་སྣེའུར་ཡོད་པ་བཏོན་པའི་ཁྱོད་ཀྱིས་ས་སྐྱ་དང་ཇོ་ནང་པའི་སྦྱིན་བདག་བྱས་ཏེ་ཀར་ལུགས་པ་འབའ་ཞིག་མ་བྱས་པའི་བསྒྱུར་སྦྱང་བཏང་ངོས་གཞིས་ཀ་རྩེ་དང་ཤངས་རྣམ་གླིང་པ་རྣམ་གསུམ་གཏོད། སྡེ་པ་སྐྱིད་ཤོད་པ་འདི་གཞན་དུ་མ་འཁྱར་བ་འགབ་འདུག་པས་བདེ་ཆེན་ཚལ་བྱིན་ནས་འཇོག་པའི་གཤོམ་རའི་བརྗེད་ཐོ་ཀརྨ་པའི་བཀའ་ཤོག་འབྱར་བའི་ངོ་བོ་ཡོད་པ་མཆོད་ཡོན་གྱི་ཕྱག་ཏུ་བརྒྱབ་པས་རྒྱལ་པོ་ལྷག་པར་ཐུགས་ཁྲོས་ཏེ་ཀར་བསྟན་ཆགས་འཇིག་ལ་གྱ་བའི་རྩ་བར་སོང་། ཨེར་ཏེ་ནི་ཧུང་ཐའི་ཇིས་གཙོས་པའི་འགྲུལ་བ་རྣམས་ལ་འདོད་ཆོས་ཀྱི་རིགས་མང་དུ་བྱས། དགུན་སྨད་ཀྱི་རིང་མཚམས་མཚན་ཉིད་དང་ལྡན་པ་ཐེངས་གཉིས་ཙམ་དང་ཕལ་ཆེར་ཕྱི་མཚམས་ཁོག་ནས་ཟིལ་གནོན་གྱི་རྣམ་ངེས་སོགས་རྩོམ་པ་ཁ་ཡར་དང་དཔེ་ལྟ་འདྲ་བྱས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་ཚེས་བཅུ་འཛུགས་བཞེད་ཀྱིས་ཕྱག་བྲིས་མའི་ལས་བྱང་ལེའུ་བརྒྱད་མ་ཞིག་འདུག་ཀྱང་གནང་སྟབས་མ་བདེ་བར་ལུས་


GLG005_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགོངས་པ་སྐོང་ཕྱིར་བྱང་གཏེར་ཐུགས་སྒྲུབ་པའི་འབྲིང་པོ་ནས་བཏུས་པའི་ལས་བྱང་དང་ཕ་མེས་ཀྱི་རྟེན་སྲུང་ཁྱབ་འཇུག་རཱ་ཧུ་ལའི་བསྐང་བསྟོད་རྒྱས་པའི་ཆོག་བསྒྲིགས་ཀྱང་གྲ་ཚང་དུ་བཙུགས་ཚོགས་ལ་བྱིན་རླབས་ཐུགས་རྗེའི་དབང་ཕུལ། བྱ་བ་མཛད་རྒྱུ་མང་བའི་སྐྱོན་གྱིས་སྡེ་པ་ཡུམ་སྐུ་སྐྱེ་འགྱུར་མེད་ལྷུན་གྲུབ་དང་མགྲོན་གཉེར་ཀུན་བློ་ཅན་རོང་ལ་བྲོས་ཤིང་རྫོང་གཞིས་ལྷ་སྐྱིད་སོ་སོར་བགོས་ནས་གནང་། མཆོད་ཡོན་དཔུང་བཅས་ཀོང་པོའི་མཐིལ་དུ་བྱོན། ཕེབས་གདོང་བློས་མ་བཟོད་པར་ད་ཆ་ལ་རྒྱ་གོག་པོ་འདི་འཛིན་དགོས་ཕྱིན་ཀོང་པོ་སྟོད་སྨད་དུ་རྫོང་གཞིས་གཉིས་གསུམ་ཞིག་གཞུང་འཛིན་མཛད་པ་ལེགས་ཚུལ་གྱི་བང་ཆེན་ཆེད་དུ་བཏང་བར་སྡེ་པ་དང་སྟར་སྡོང་ནས་དཔོན་གཡོག་གཉིས་ཀས་ངེད་ཆོས་མ་ནུས་པའི་བློ་རྒྱ་ཅན་འདྲ་མོའི་གསུང་གླེང་དང་ཡིག་ལན་དུ་ཀར་སྲིད་ཀྱི་དཔེ་དྲངས་དེ་སེར་སྲིད་ཀྱིས་བཟུང་བས་འཐུས་གཞུང་འཛིན་སུན་པ་ལས་མེད་ཚུལ་བྱུང་བ་ཕྱིས་སུ་ཕན་བདེ་བ་སོགས་ཀྱིས་བྱེད་བབས་ལ་དཔགས་ན་ཕོ་ཆོད་ཀྱང་མ་ཆུང་ཙམ་བྱུང་འདུག །གླིང་སྨད་ཞབས་དྲུང་རིན་པོ་ཆེར་སྐུ་བསྟོད་མཇུག་ཏུ་སྨོན་ལམ་གྱི་བརྟན་བཞུགས་དང་བཅས་ཡོད་པ་ཞིག་བརྩམས་ནས་སྤྱན་ལམ་དུ་འབེབས་པར་སྙན་ཚིག་གི་ལམ་ནས་དྲངས་པའི་ཞུ་ཡིག་དང་བཅས་བཏང་། ཀོང་དམག་རྗེས་འབྲང་བཅས་པ་བཅོམ་ནས་གཡུལ་ལས་རྣམ་པར་རྒྱལ་བའི་གཏང་རག་གི་ཚེ་ཆོས་སྲུང་རྣམས་ལ་ཞལ་བྱང་བཏབ་པའི་སྙན་དར་ཕུལ། རི་བོ་བདེ་ཆེན་གྱི་དབུ་མཛད་བློ་བཟང་བསྟན་འཕེལ་གྱིས་སྣམ་སྦྱར་གྱི་རྒྱུ་དགོས་ཚུལ་བྱུང་བར་རེ་བ་བཀང་བའི་ཚེ་བསྲིངས་པའི་འཕྲིན་ཡིག །ཏ་ཞིང་ཆོས་རྗེ་དགོས་ཚུལ་གྱི་བསྐུལ་
མ་བཞིན་བསམ་བློ་ཤེས་རབ་ཉི་མར་ཚིགས་བཅད་ཀྱི་ཧུང་རྒྱ་བསྐུར། ཟུར་འཇམ་དབྱངས་བླ་མས་དགེ་སྦྱོར་གྱི་རྟེན་དྲག་པོ་རྩལ་དང་ཁྱབ་འཇུག་གི་སྐུ་བརྙན། རྟོང་གནོན། བླ་རྡོ་སོགས་སྒྲུབ་འཁོར་གྱི་རིགས་ཟིལ་གནོན་གྱི་ཐོག་སྐུ་རྣམས་ཕྱག་བྲིས་སུ་གནང་ཞིང་དེ་སྐབས་སྤྱན་ལྟས་ལེགས་པའང་བྱུང་བར་སྣང་། ཨེར་ཏེ་ནི་ཧུང་ཐའི་ཇིས་གཙང་ནས་ཡི་གེ་བྱུང་བའི་ལན་སྙན་ཚིག་ཏུ་བསྲིངས། ཀོང་པོ་ནས་དཔུང་གྱེས་པའི་རྒྱལ་པོ་དཔོན་གཡོག་སྔོན་ལ་ཕེབས། དུས་རིམ་གྱི་གདབ་ལས་ཀྱི་ཚིག་རྣམས་ཨེར་ཏེ་ནི་ཧུང་ཐའི་ཇིས་གོ་བའི་ཀརྨ་པ་དང་ཡིག་འབྲེལ་བྱས་པར་དོན་མེད་ཀྱི་རྣམ་རྟོག་ལངས་པའི་བཀག་མཁན་མེད་པར་དགེ་ལུགས་མ་གཏོགས་བསམ་རྒྱུ་མེད་པའི་མནའ་བརྒྱ་མནའ་སྟོང་སྐྱེལ་འདུག

དགུང་ལོ་ཉེར་བདུན་པར་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་མཛད་ཅིང་། གླེགས་བམ་རྣམས་ལ་དཀར་ཆག་གསར་བསྒྲིགས་གནང་བ་བཅས་ཀྱི་སྐོར།


GLG005_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ལུག་གི་ལོ་གསར་རྒྱས་པར་བྱས། རྒྱལ་པོ་དང་ཨེར་ཏེ་ནི་ཧུང་ཐའི་ཇི་ལུགས་མ་ལེགས་པས་ཐའི་ཇི་དཔོན་གཡོག་ཉུང་གཤིས་སེ་ར་བསམ་བློ་ཁང་ལ་བརྟེན་ནས་འཁྲ་རྩིས་དང་ཨོ་རོད་རྣམས་ཀྱང་འཚུབ་འགྱུར་ཆེ་ཙམ་སྣང་བ་དེ་ལ་བརྟེན་པའི་དགེ་སྐྱོན་འདྲ་བྱུང་ན་ཁལ་ཁ་ཨོ་རོད་ཀྱི་གཞུང་ཡང་ཞིག་པའི་སྡིག་རྒྱུན་ཆེན་པོར་སོང་དོགས་རྒྱལ་པོར་རྒྱུ་མཚན་ནན་ཏན་དུ་ལབས་ཤིང་། ཀུན་ཅི་རྒྱལ་མོས་ཀྱང་མཐུན་འགྱུར་གྱི་རམ་བཏེག །ཧུང་ཐའི་ཇི་ལམ་དུ་གནོད་པ་བྱས་དོགས་འདུག་པར་བྱམས་གླིང་ནོ་མོན་ཁན་དང་རབ་འབྱམས་པ་ངག་དབང་དགེ་ལེགས་གཉིས་བསུ་བར་ཕྱིན་པའི་རྒྱལ་པོ་དང་ཐའི་ཇི་ལྷན་དུ་ཕྱག་དྲུག་པའི་རྗེས་གནང་བསྐུར་ཏེ་ཕན་ཚུན་དམ་ཚིག་སྦྲེལ་བའི་འཁོན་མེད་ལུགས་ལེགས་སྤེལ་ནས་སྨོན་ལམ་ཆེ་ཆུང་གིཚོགས་དབུར་ཕྱིན། སྡེ་པ་ཀོང་པོའི་ཆབ་མ་འཕྲོད་པས་ཤངས་མཚལ་མང་ཙམ་ཤོར་བའི་


GLG005_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོད་བསྟེན་དང་བཅས་ཚུགས་ཐུང་གིས་ར་མོ་ཆེའི་སྨོན་ལམ་ཐོག་གཞིས་ཀར་བྱོན། ཞབས་དྲུང་སྙིང་སྙིང་གིས་སློབ་དཔོན་ཆེན་པོའི་ཐུགས་དམ་སྡིག་པར་དང་བྱང་བདག་པོའི་བླ་དཔེ་པོ་ཏི་གཉིས་བྱུང་བར་ལན་གྱི་སྟེར་སྦྱིན་བཟབས། སྨོན་ལམ་ཆེན་མོའི་དུས་རྡོ་རྗེ་བྲག་ནས་གཏེར་སྟོན་རིག་འཛིན་ཆེན་པོ་ཡོལ་མོ་སྤྲུལ་པའི་སྐུ་ཕེབས། བྱང་བདག་རིག་འཛིན་དབང་པོའི་སྡེར་ལུང་བསྟན་ལྟར་གཏེར་ཁ་སྔ་མ་མཐའ་དག་གི་བཀའ་བབས་པའི་གཏེར་རྫས་མང་དུ་བཞུགས་པའི་ཁྲོད་ཀྱི་ཆོས་དབང་དང་རཏྣ་གླིང་པ་སོགས་ཀྱི་གཏེར་བྱོན་ངོ་མཚར་ཅན་ཁ་ཤས་རྟེན་འབྲེལ་སྒྲིག་བྱེད་སྟེར་བར་མཛད། དེའི་ནུབ་སྔོན་མར་རྨི་ལམ་དུ་སྔགས་སྲུང་དང་ཁྱབ་འཇུག་གིས་མཚོན་པའི་སྲུང་མ་རྣམས་དགྱེས་པའི་ཉམས་མཛད་པ་ཞིག་ཤར་བརྟེན་རྣམས་ལ་མི་འཁྲེན་པའི་བརྡར་གོ་བཀའ་གཏེར་གྱི་སྐོར་ལ་གསུང་གླེང་མང་དུ་བྱུང་བར་སྔོན་སྦྱངས་དང་སྐུ་ཚེ་འདིར་བྱང་པ་རིག་འཛིན་ཆེན་པོས་གཙོས་པའི་ཚད་ཐུབ་ཀྱི་མཁས་གྲུབ་མང་པོ་བསྟེན་པའི་ཉམས་ཀྱིས་རྣམ་དཔྱོད་ཤིན་ཏུ་གཙང་། ར་གན་གསེར་ཆུས་བྱུག་པ་ཚོ་དང་མི་འདྲ་བའི་རྩོད་བྲལ་གྱི་གཏེར་སྟོན་ཆེན་པོར་འདུག་པས་མོས་པར་བྱུང་། བཀའ་གདམས་ལྷ་བཞིའི་རྗེས་གནང་ཞིག་དགོས་གསུངས་པ་དེ་དུས་ཟུར་བཀའ་མ་ཐོབ་ཀྱང་སྣར་ཐང་བརྒྱ་རྩ་ནས་ཁོལ་དུ་ཕྱུང་སྟེ་ཕུལ། ཨེ་ཝཾ་ལྕོག་སྒར་བར་སྒྲགས་ཞ་ལན་གྱི་མཆོད་གཞིས་གསར་ཆོད་དང་ཟང་ཟིང་གི་བདོག་པས་མཉེས་པར་བྱས། ཁལ་ཁ་ཨེར་ཏེ་ནི་ཧུང་ཐའི་ཇིས་ཁྲི་འབུལ་གྱིས་གཙོས་འགྲུལ་པ་རྣམས་ཀྱིས་ཆོས་གྲར་ཞོགས་སྟར་གྱི་དངོས་པོའི་སྐྱེས་ཆད་མེད་དུ་བསྟར། དགེ་འདུན་ཚོགས་ཆེན་དུའང་རྙེད་བཀུར་མཐའ་ཀླས་པ་


GLG005_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འདུག །ཐའི་ཇིས་ཇོ་བོ་རིན་པོ་ཆེར་ཕུལ་བའི་དངུལ་གྱི་མཎྜལ་ཁ་ཡིག །དཀའ་བཅུ་བསྟན་པ་དར་རྒྱས་ཀྱི་ཁ་ཏོན་དུ་འཇམ་དབྱངས་ལུས་དཀྱིལ་དང་དམར་སེར་གྱི་སྒྲུབ་ཐབས། ཨེར་ཁེ་ཐའི་ཇིས་བསྐུལ་བའི་སྤྱན་རས་གཟིགས་ཀྱི་མངོན་རྟོགས། བསྐུལ་བ་པོ་མེད་པའི་དབྱངས་ཅན་མའི་སྒྲུབ་ཐབས་ཚིགས་བཅད་རྣམས་བརྩམས། རང་ཉིད་ཀྱི་དད་པའི་གསོས་སུ་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་ཀྱི་གསོལ་འདེབས་ཤིག་བྲིས་ནས་ཕ་བོང་ཁར་བཙུགས། ཐའི་ཇིས་ཁལ་ཁ་སྤྱིི་པའི་ཞུ་བ་ཡིན་ཞེས་སོག་ཡུལ་དུ་ཡོང་དགོས་པའི་སྙན་གསན་ཕབ། འཇིགས་བྱེད་བཅུ་གསུམ་མའི་དབང་དང་རྗེས་གནང་ཁ་ཡར་བསྐུར། ཐའི་ཇི་དེ་བོད་ཡིག་ལ་འདྲིས་ཤིང་མཐོང་རྒྱ་ཆེ་བའི་ཡོན་ཏན་གྱི་རློམ་པས་ཞབས་དྲུང་དང་སྤྲུལ་སྐུའི་མིང་བཏགས་ཚད་ལ་འུར་ཞོགས་མི་བྱེད་པའི་ཁེངས་ཅན་ཞིག་སྣང་། སྲུབས་དབར་ལ་སྙན་ངག་སོགས་དཔེ་མང་པོ་ཁུར་ནས་དོགས་གཅོད་བྱེད་པར་སྐབས་སུ་གང་བབ་ཀྱི་ལན་བཏབ་པས་མགུ་བའི་ལུགས་བྱེད། བྱང་རོང་ལྟ་བུའི་སྡེ་དཔོན་ཡོན་ཏན་ཅན་ཙམ་ག་ལ་ཡོད་ཀྱང་། གསེར་དང་ར་གན་མི་ནོར་བ་ཞིག་གདའ། ལུགས་གཉིས་ཀྱི་བསླབ་བྱ་དགོས་ཟེར་བ་ལྟར་བརྩམས། ཐའི་ཇིས་གཙོས་པའི་འགྲུལ་པ་རྣམས་ལ་རྫོང་བ་གཟབ་རྒྱས་བསྟར། སྟག་ལུང་ཞབས་དྲུང་ནས་ཐུགས་རྩོམ་རྒྱས་པ་གནང་འདུག་པའི་བཀའ་ཤོག་ལན་དེ་མཚུངས་ཕུལ། ཟླ་བ་གཉིས་པའི་ནང་དུ་འབྲས་སྤུངས་སུ་སླེབས། མཆོད་ཡོན་གཙང་ལ་ཆིབས་ཁ་བསྐྱོད། སྟག་ལུང་ཞབས་དྲུང་ངག་དབང་བཀྲ་ཤིས་དཔལ་གྲུབ་ཀར་དགེའི་མདུན་ལ་ཆིབས་ཁ་སྒྱུར་ནས་ཇོ་མཇལ་དང་


GLG005_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲགས་འབྲས་སྤུངས་སུ་ཕེབས། ད་ལམ་ཕྱག་འཚལ་བ་ཡིན་ཞེས་ནན་ཆེན་གནང་བྱུང་རུང་ལོ་སྔོན་མ་ཕན་ཆད་འདྲ་འདྲའི་གོ་ཡུལ་གྱི་མུར་གློ་བུར་དུ་དཔོན་གཡོག་ཐུག་པ་འདྲ་མོ་བྱེད་པ་ངོ་ཚ་ཞིང་མི་ཚད་ལྡན་རྣམས་ཀྱིས་འཕྱས་དོགས་ཀྱང་བྱུང་། དཔལ་ལྡན་ས་སྐྱ་པ་དང་སྣེའུ་སྡོང་གོང་མ་ལའང་བཀུར་གཟོས་མེད་པའི་རྟ་རྒྱུགས་དང་བོང་རྒྱུགས་འགྲན་པའི་དུས་འདིར་དེ་འདྲ་བྱས་པས་ཆེ་རུ་མི་འགྲོ་སྙམ་སྔར་ལུགས་ལྟར་མཇལ་དར་རྩེ་སྤྲོད་ཀྱི་ལྡེམ་མཇལ་ཞུས་པས་ཁོང་དཔོན་སློབ་ཀྱང་དགྱེས་ཤིང་ཉམས་ཡོད་རྣམས་བློ་ཚད་པ་དང་ཡ་རབས་ཀྱི་དཔེར་བརྩི། ཞབས་དྲུང་རིན་པོ་ཆེ་འཇིག་རྟེན་རྒོད་དྲགས་པའི་གྱོད་ཅན་དུ་བྱེད་མཁན་མང་ཡང་ངོས་ཀྱིས་མཇལ་བས་གདུང་རབས་ནས་གདུང་རབས་སུ་ཆེན་པོར་བརྒྱུད་པའི་ཡ་རབས་ཀྱི་བྱིན་ཆགས། ཆོས་ཕྱོགས་ཀྱི་གསན་གཟིགས་ཀྱང་རྒྱ་མི་ཆུང་བའི་ལུགས་གཉིས་ཀྱི་མཁྱེན་སྤྱན་མཆོག་ཏུ་ཡངས་པས་མངལ་ཉམས་སྤྲོ་ཞིང་བློ་སྣ་འགྱུར་ཐུབ་པ་ཞིག་སྣང་། མེརྒན་དཀའ་བཅུ་ཤེས་རབ་རྒྱ་མཚོར་སྙན་ངག་ནས་དྲངས་པའི་འཕྲིན་ཡིག་བི་ཝརྟ་ཅན་བསྐུར། ཟུར་ཁྱབ་བདག་ཆེན་པོར་ཟབ་ཆོས་མང་དུ་ནོས། གཞན་གྱི་བྱད་གཏད་ལ་བརྟེན་པའི་བཙོ་དང་སྒྲ་ཆེན་པོ་རྒྱུགས། དེ་དང་ཕྱོགས་མཚུངས་སུ་བརྒྱད་མཆོད་ཀྱི་འཁུར་ཐབ་ལ་མེ་ཤོར་བའི་རྐྱེན་གྱིས་ཕོ་བྲང་ཞོལ་ལ་མེ་སྐྱོན་ཆེ་བ་བྱུང་ཡང་ཕུར་བའི་བཀའ་དབང་དང་འགྲིག་པའི་རྟགས་མཚན་ལ་དཔགས་ན་དེའི་བྱིན་རླབས་ཀྱིས་བཟློག་པ་མ་གཏོགས་ཕོ་བྲང་དངོས་གཞི་ཚིག་པའི་ཚབ་ཆེ་བ་ཞིག་ཡོང་རིགས་སུ་འདུག །ཨར་པོའི་རིང་སེ་ར་ཐེག་ཆེན་གླིང་དུ་བསྡད། རྒྱལ་འགོང་གི་འཚུབ་རེ་ཆེ་བྱུང་བར་བྲག་སྣ་ཆོས་རྗེས་གཙོས་གྲ་ཚང་གི་གྲ་པ་གྲངས་བཅད་


GLG005_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གཤིན་རྗེའི་མནན་བསྲེག་གི་སྒྲུབ་པ་དམིགས་སུ་བཀར་བས་རང་ཞིར་སོང་། ཡུང་ཤི་ཡེ་བུ་ནོར་བུ་རིན་ཆེན་གྱིས་སྦྲུལ་ལོ་རྒྱལ་པོའི་མི་དྲག་རིམ་བདུན་ཅུ་ཙམ་བསླུས་ཐབས་ཀྱིས་བསད་པར་རྟ་ལོ་དཔོན་པོ་རྣམས་ཀྱིས་གཙོས་པའི་དམག་བཏང་སོང་ཡང་བྱ་ཤོར་ནས་ལག་ཏུ་མ་རྒྱབ་པས་ཕུགས་སོག་མའི་མེ་སྟག་བྱུང་དོགས་ཀྱིས་ཚང་མ་གཞོགས་མི་བདེ་བར་ཟུར་ཀུན་མཁྱེན་ཆེན་པོས་གནུབས་ཆེན་གྱི་མན་ངག་ཟབ་ཁྱད་མ་ཞིག་གི་ཕྱག་བཞེས་དང་། གྲ་ཚང་ནས་འཇམ་དཔལ་གཤིན་རྗེའི་སྒྲུབ་པ་བཙུགས་པས་ཟླ་བ་དྲུག་སོང་མཚམས་ནོར་བུ་རིན་ཆེན་བྲོས་པས་ཐར་རྒྱུ་ལ་རྨུ་གབ་ཀྱིས་བཅིངས་ཏེ་ཇི་ནོང་གི་གཙོས་པའི་གཡུལ་ཐོག་ཏུ་ཚུར་ལྕེབ་མཆོངས་བརྒྱབ་པས་འཇིག་རྟེན་ཕྱི་མའི་ལྟད་མོར་སོང་འདུག་པར་འཆི་བདག་མནན་པའི་རྣ་ཆ་ཅན་ལ་གཏང་རག་སྙན་དར་ཞལ་ཡིག་དང་བཅས་ཕུལ། གླིང་སྨད་ཞབས་དྲུང་རིན་པོ་ཆེ་གསང་ཕུ་ནས་ཕེབས། སེ་ར་གཟིམས་ཁང་གི་ཐོག་ཏུ་ཞབས་འཆག་སྐབས་གཟིགས་རྟོག་གནང་བའི་རྙིང་མའི་ལུང་བསྟན་འདྲ་ལ་ཡོད་ཟེར་བ་བདེན་མི་བདེན་ཇི་ལྟར་ཡང་དམར་ལྕགས་གཉིས་སྦྲེལ་བའི་བཙན་རྫོང་ཤིན་ཏུ་རྒྱ་ཆེ་བ་ཞིག་བྱུང་ན་སེར་འབྲས་གཉིས་དང་ཟུང་དུ་འབྲེལ་བའི་འཕྲལ་ཕུགས་སུ་བརྟན་བརླིང་ཆེ་ཞིང་ཐུགས་རྗེ་ཆེན་པོའི་གནས་ཡིན་པས་མ་ཎི་སྒྲུབ་སྡེ་ཞིག་ཚུགས་ན་མཆོད་ཡོན་གཉིས་ཀྱི་སྐུའི་སྡིག་སྦྱོང་ལ་ལེགས་ཚུལ་ཕེབས་པར་སོག་པོ་ཡོད་རིང་ནི་སྐྱོན་མི་ཡོང་དེ་མིན་རྫོང་ལ་འཁྲ་བའི་ཐུགས་རྩིས་ཡོད་མདོག་མ་ཁ་ཞུས་པ་དེ་ལྟར་ན་བདེ་གཟར་འདི་འདྲ་སློང་དོན་ཅི་ཡོད། ཐུགས་ལྷུས་ཐིང་པོ་མཛད་ལོས་དགོས་སྔར་ཡང་བདེ་གཟར་འབྲེལ་མེད་རེ་བསླང་མཐའ་མ་ཚེས་པར་བྱང་ལ་བྲོས་པས་བསྟན་པ་ལ་


GLG005_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཆགས་བྱུང་བ་ཡིན། ད་ཆ་བྱ་བ་འདི་ལ་ཐུག་ཚེ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བསྟན་པ་འདི་ཆུ་ལ་བསྐུར་ན་མི་ཡོང་བས་མ་ལེ་སོར་གསུམ་ཞལ་དུ་བཅུག་ནས་མདུང་ཁྲག་མེད་དུ་མ་ལོག་པ་ཞིག་དགོས་ཞེས་འཕྲལ་ཕུགས་རྒྱང་གསུམ་གྱི་བསླབ་སྟོན་རྒྱས་པར་གནང་། ཆོས་ཕྱོགས་ལ་མཇམ་དཔལ་དབྱངས་དང་གཉིས་སུ་མེད་པར་མ་ཟད་འཇིག་རྟེན་གྱི་ཆར་ཡང་མེས་པོ་ཚངས་པའི་བློ་གྲོས་ཀྱི་དཔེ་ཟླར་འོས། སྐྱེས་བུ་དམ་པར་མ་གྲགས་ཀྱང་བསྟན་པ་དང་སེམས་ཅན་ཐུགས་ལ་བཅངས་པའི་འཕགས་ཆེན་དམ་པའི་རྣམ་ཐར་མངའ་བ་ཞིག་གོ ། སྐུ་གསུམ་རིགས་འདུས་ཀྱི་བསྙེན་མཚམས་དམ་པ་རྒྱུན་རིང་ཙམ་བྱས། སྡེ་པ་ཐུགས་བྲེལ་མ་ཆོད་པས་རྗེས་ལ་བཞུགས་ཤིང་རྒྱལ་པོ་སྔོན་ལ་ཕེབས་བྱུང་བར་ཚེ་དབང་དགུང་གྲངས་ཕུལ། ཁ་སང་གཙང་ལ་ཐེགས་གདོང་སྡེ་པས་གཞིས་ཀ་རྩེ་ཤེལ་དཀར་ལྷ་རྩེ་གསུམ་སྐྱིད་ཤོད་ཁུ་དབོན་ལ་གཏོད་རྩིས་ཡིན་གསུངས་པར་ཡང་ན་དབུས་གཙང་གི་ཁྲིམས་བདག་གཏད་ནས་རང་གུ་ཡངས་པ་ཞིག་འགབ་ཕྱེད་ཀ་དེ་འདྲ་མཛད་དོན་མེད་དམ་ཞུས་ཀྱང་མ་གསན་པར་ཕྱག་ཏུ་བཀལ་བས་རྒྱལ་པོ་ཐུགས་མ་དགྱེས་པར་རང་ཡུལ་དུ་ལྡོག་རྩིས་མཛད་པར་རྒྱལ་བ་ཙོང་ཁ་བ་ཆེན་པོའི་བསྟན་པ་ལ་དགོངས་ནས་བཞུགས་དགོས་མོལ་བ་དེ་ཁོ་ན་ལྟར་མཛད་སོང་། རྒྱལ་པོ་འདི་ཉིད་སྙིང་སྟོབས་ཆེ་ཞིང་ཐུགས་བསམ་དང་དད་པ་བརྟན་དྲགས་པ་མ་གཏོགས་ཁྱིའི་སྦར་མོར་ཡོས་བླུག་པ་འདྲ་བ་ཞིག་ཡོང་གྲབས་བྱུང་། མེ་ཤོར་གྱི་ཞིག་གསོས་གྲུབ་དབྱར་སྟོད་འབྲས་སྤུངས་སུ་སླེབས་དྭགས་པོ་སྐུ་རབ་གནས་གཞིར་སྒྲོམ་མདའ་དགོན་གསར་བས་ས་བོན་བྱས་དགའ་ལྡན་རབ་བརྟན་བཙུགས་པའི་མཁན་པོར་སྒྲོམ་མདའ་


GLG005_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་མཐུ་སྟོབས་དཔལ་འབྱོར་བསྐོས་ཁོང་པ་ལུགས་གཉིས་ནས་རྣལ་འབྱོར་ཆེ་བས་འཛིན་སྐྱོང་སྤེལ་གསུམ་ལེགས་རབ་བྱུང་སྣང་། གླེགས་བམ་རྣམས་ལ་དཀར་ཆག་གསར་བསྒྲིགས་དང་ཡིག་བསྐུར་དེབ་གཉིས་ཀྱི་འགོ་བརྗོད། རྒྱལ་པོའི་ཐུགས་དམ་དུ་རྒྱལ་བ་སྲས་བཅས་ཀྱི་བསྟོད་པ་རྣམས་བརྩམས་ངེད་སོག་ཡུལ་དུ་འགྲོ་མི་འགྲོའི་བརྗོད་རིགས་ལ་བརྟེན་ཟུར་ཀུན་མཁྱེན་ཆེན་པོས་ཕྱག་བྲིས་གནང་བྱུང་བའི་དེ་ལན་ཕུལ། གྲ་ཚང་ཆོས་འཁོར་གླིང་པའི་བསྐང་གསོས་འཆད་ཉན་ལ་གནོད་པོ་བྱུང་སོང་བས་ཞལ་སྔ་ནས་དང་ངེད་གྲོས་མཐུན་གྱིས་གཏོར་འབུལ་ཙམ་བྱེད་པར་ཐག་བཅད་དེ་བླ་མས་གྲ་རྒན་ཚོར་འཕྲོས་པ་བཏང་བའི་ལན་ལག་ཤད་ཚིག་རྩུབ་མང་པོ་བྱས་ལབས་པར་བརྟེན་བླ་མ་སང་བྱུང་བ་གདན་ཁར་སྡོད་ལོང་མེད་པར་མཆི་མ་མང་དུ་བཏོན་ཏེ་ངས་ཤོགས་མི་ཐོན་འདུག་དྲུང་འཁོར་ཞིག་བཀའ་བཀོད་བསྒྱུར་བར་གནང་ན་ཨེ་འགབ་ཀྱི་འཆར་བྱུང་རུང་ལ་བཞག །སྡེ་པས་ཐུགས་ཁུར་བཞེས་པའི་གུ་ཤྲི་བླ་མའི་དངུལ་གདུང་ལ་གཟུངས་བཞུགས་ཕུལ་ཞིང་རབ་ཏུ་གནས། དབུ་མཛད་མདོ་སྔགས་གླིང་པ། སྣང་རྩེ་བ། ནམ་མཁའ་ཕུན་ཚོགས། བློ་བཟང་དོན་གྲུབ། བློ་བཟང་ཡོན་ཏན། བྱམས་པ་བློ་བཟང་། བློ་བཟང་རབ་བརྟན་རྣམས་གོང་དཀར་དུ་འཆམ་བསླབ་པར་བཏང་། ཕུར་སྒྲུབ་འཛུགས་རྩིས་ཀྱིས་ལྕགས་ཁང་མའི་ལས་བྱང་ཞིག་གསར་བསྒྲིགས་བྱས། རྒྱལ་བ་ཤཱཀྱ་ཐུབ་པའི་བསྟོད་པ་སྙན་དངགས་དང་འབྲེལ་ཁུལ་ཀྱང་བརྩམས། ཁར་ཁ་རབ་འབྱམས་པ་བློ་བཟང་དཔལ་འབྱོར་དང་རབ་འབྱམས་པ་ངག་དབང་དགེ་ལེགས་གཉིས་ལ་ལོ་ཆེན་གྱི་བཤད་སྦྱར་གཞུང་དོན་གསལ་


GLG005_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྟེང་ནས་མིང་ལེ་རྐང་པ་དྲུག་པ་ཡན་གྱི་རི་མོ་ཞིབ་པར་ཁྲིད་ཅིང་དེ་མུས་བྱང་འགྲུལ་འདྲའི་བྲེལ་བས་གཡེངས་པ་དང་ཁོ་རང་གཉིས་ཀྱང་རི་མོ་ཡོངས་རྫོགས་སོང་བའི་མིང་ཙམ་འདོད་འདུག་པས་ཀུན་བཤད་མན་གྱི་བརྡ་ཆད་དང་དབྱིངས་སྒྲུབ་བྱེད་ལུགས་རགས་པ་ཙམ་བསླབས་པའི་ས་བཟང་པའི་སྒྲ་ཊཱིཀ་སྟེང་ནས་རྫོགས་པ་ཞིག་སོང་བ་བྱས། ད་ལའི་ཀུན་ཅི་རྒྱལ་མོ་གློ་བུར་དུ་བསྙུན་པར་ལྷ་སར་ཕྱིན་པའི་གེགས་སེལ་གྱི་རིམ་གྲོ་དང་རྗེས་གནང་ཐོར་བུ་བྱས་པས་ཕན་སྐྱེད་ཆེ་བར་བྱུང་། པཎ་ཆེན་སྐུ་མཆེད་ཀྱི་གཏེར་ལུང་ཐོག་ཏུ་བབས་པའི་ལོ་སྔོན་མ་གཉིས་ལ་སད་མོ་ཆེ་བསྟུད་པའི་སྐྱ་ཕམ་པར་འབྱུང་བའི་བཅུད་ཉམས་གསོ་བའི་བུམ་གཏེར་སྦས། སྟོན་སད་བསྲུངས་བྱས་པའང་ཁ་མ་སྐྱེངས་ཙམ་བྱུང་། རྒྱལ་པོ་དང་རྒྱལ་མོ་ཆེ་བས་མཚོ་ཁར་ཡོང་དགོས་ཚུལ་ནན་ཆགས་པར་ཟུར་ཀུན་མཁྱེན་བརྒྱུད་རིག་འཛིན་ཡོལ་མོ་བར་འགྲོ་དགོས་ཡོང་མི་ཡོང་གི་བརྟག་པ་ཞུས་པའི་ལན་དུ་ད་ལྟའི་སོག་པོ་འདིས་དོན་ལ་གདན་མི་འདྲོངས་ལོ་ཤས་སོང་མཚམས་འདི་ཚོ་དང་ཆ་ལུགས་མི་གཅིག་པ་ཤར་ཕྱོགས་ནས་གདན་འདྲེན་ཡོང་ཕེབས་པ་འཆར་ཡང་རྒྱུན་རིང་མི་འགོར་བ་ཡར་ལྡོག་གསུངས་པའི་ཕྱག་བྲིས་མ་བྱུང་བ་རྗེས་སུ་ངེས་པ་རྙེད། རྒྱལ་པོས་རྒྱལ་རབས་ཡིག་ཚང་ཞིབ་པ་ཞིག་དགོས་གསུངས་པ་ལྟར་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུ་གྲགས་པ་བརྩམས། དེ་སྐབས་རྩོམ་གསར་བའི་ཉམས་ཀྱིས་བཅད་ལྷུག་ཐམས་ཅད་ལ་སྙན་ངག་མང་བས་མཆོག་དམན་ཀུན་གྱིས་གོ་བདེ་བ་ཞིག་མ་བྱུང་ཞིང་སོག་སྐད་དུ་བསྒྱུར་བ་ལའང་ཇི་བཞིན་མི་འགྱུར་བ་འདུག་ཟེར། འཆམ་དབྱངས་བསླབ་མི་རྣམས་དང་ལྷན་དུ་དཀོན་གཉེར་དཔོན་དགེ་སྟེང་བླ་མ་བྱུང་


GLG005_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་པ་རྩེ་ལུགས་ཀྱི་ཕྱག་ལེན་མཐའ་དག་ལ་མཁས་པའི་རྣམ་དཔྱོད་གཙང་བ་འདུག །སྟག་ལུང་ཞབས་དྲུང་གིས་བར་པ་གནང་བའི་དྲུང་པ་རྒྱལ་ཚབ་པ་དཔོན་སློབ་མཆོད་ཡོན་ལ་བབ་འབུལ་བར་ཕེབས་པའི་དུས་སྐར་ཁྲོད་དུ་བྱུང་བའི་འབྲུམ་ནག་ཅིག་གཙང་ནས་དབུས་སུ་མཆེད། དབེན་ས་སྤྲུལ་སྐུ་དང་ཐོར་གོད་དའི་ཆིན་གྱིས་གཙོས་པའི་འགྲུལ་པ་མང་བ་འབྱོར། ཐོར་གོད་དའི་ཆིན་གྱིས་ཐོག་མར་མཇལ་དར་ལ་རྟ་སྒ་མ་བརྒྱ་ཐམ་པ་བྱུང་། འབྲུག་པ་པདྨ་དཀར་པོ་ཡིན་ན་མཇལ་དར་ལའང་འདི་འདྲ་བྱུང་ཞེས་ཞལ་ཕོ་ཤོག་ལོགས་གཅིག་ཙམ་ཡོང་ཡང་ཁ་ཐག་རིང་དོགས་མ་བྲིས། དབེན་ས་སྤྲུལ་སྐུ་དང་དའི་ཆིན་གཉིས་ཀྱིས་ལྷ་སར་བོས་པའི་ཁྲི་འབུལ་འགངས་ཆེ་བ་བསྟར་བར་བསྔོ་སྨོན་གྱི་རྒྱས་བཏབ། སྟག་ལུང་ཞབས་དྲུང་ཕེབས་འདུག་པ་དང་མཇལ་ལུགས་གཉིས་ཀྱི་གསུང་གླེང་ཞིབ་པར་བྱུང་། འབྲས་སྤུངས་སུ་འོངས་ཏེ་གྲ་ཚང་གི་གྲ་པ་གྲངས་བཅད་ལ་འཇམ་དཔལ་དམར་པོའི་སྒྲུབ་པ་ཞིག་བཙུགས་དགོན་ཀླུང་ཚོར་འབྲུམ་པས་ཆད་ལྷག་ཆེ་ཙམ་སྣང་བས་འཛེམ་ཆའི་ལུགས་ཀྱིས་འོལ་དགའ་ཕྱོགས་སུ་བཏེག །མལ་གྲོ་གུང་དཀར་དུ་སླེབས་ཐོག་སྟག་ལུང་ཞབས་དྲུང་མ་ཆེན་གྱི་སྐུ་ཞབས་ནས་ཇ་འདྲེན་ལ་དབུ་མ་ལོ་ཙཱ་བ་གནང་བྱུང་བ་ཁོང་སྨོན་འགྲོ་པཎ་ཆེན་གྱི་ཞལ་སློབ་ཏུ་སོང་བས་སྡེབ་སྦྱོར་ལ་ཤིན་ཏུ་མཁས་པ་འདུག་པས་བྲྀཏྟ། ཛཱ་ཏི། ངོ་མཚར་རྟོགས་བྱེད་ཀྱི་དོགས་གཅོད་བྱས་སྐབས་ས་གཞོང་མ་བྱུང་བར་སཾ་ཊ་ལ་བཀོད་ནས་ཁྲིད། ཟླ་བ་བཅུ་གཅིག་པའི་དུས་ཀྱི་གྲང་ངད་ཆེ་བས་ངེད་དཔོན་སློབ་གཉིས་ཀའི་ལག་པ་བཟའ་མི་འདུས་པ་བྱུང་ཡང་དཀའ་བ་ཁྱད་དུ་གསོད་རིང་ཆོག་


GLG005_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པར་གདའ། རྫིང་ཕྱིར་ཞག་གཉིས་དང་འོལ་དགའ་རྫོང་དུ་ཞག་བཅུ་སྐོར་བསྡད་ནས་མཆོད་ཡོན་ཕྱོགས་མཐུན་པར་ཆོས་འཁོར་རྒྱལ་ལ་བཏེག་པ་ཁ་བ་ཆེ་དྲགས་པས་བོད་སོག་ཐམས་ཅད་སྦྱོང་བ་ཞིག་བྱུང་། ལྷུན་གྲུབ་དགའ་ཚལ་གྱི་ཆོས་འབྱུང་སྟེང་དུ་བདུན་གཅིག་གི་རིང་མཚམས་དམ་པར་བྱས་ཤིང་ཕུར་པའི་བདག་བསྐྱེད་བཟླས་པ་དང་འབྲེལ་བའི་སྒོ་ནས་ལྷ་ཆེན་ཟུར་ཕུད་ལྔ་པར་གསོལ་མཆོད་འཕྲིན་ལས་བཅོལ་བར་ངོ་མཚར་བའི་ལྟས་ཀྱང་བྱུང་། རྒྱལ་མཐིལ་དུ་སླེབས་བསྟུན་དྭགས་ཕྱོགས་ཀྱི་སྐྱ་སེར་ཤིན་ཏུ་མང་བ་དང་ཕྲད། གཞི་བྱེས་ཀྱི་ཁྲོམ་ལ་རིགས་གསུམ་མགོན་པོའི་རྗེས་གནང་བྱས། ལྷོ་བྲག་ཕྱག་རྡོར་བའི་ཤངས་མཚལ་ལས་གྲུབ་པའི་སྙན་བརྒྱུད་གླེགས་བམ་རྗེ་དགེ་འདུན་རྒྱ་མཚོས་བྱམས་པའི་གཟུངས་བཞུགས་ལ་འབུལ་བ་གནང་རྒྱུ་ཨོར་པ་བློ་གསལ་བཤེས་གཉེན་གྱི་རྐུ་ཐབས་ལ་བརྟེན་འཁྱར་བ་བམ་རིང་ཨ་མས་བྱིན་བྱུང་བ་རྙེད་པའི་མཆོག་ཏུ་གྱུར། དཀའ་བཅུ་ངོ་མཚར་བ་སོགས་རབ་བྱུང་བསྙེན་རྫོགས་སུམ་ཅུ་ཙམ་བསྒྲུབས། མགོན་ཁང་རྣམས་ལ་གཏོར་གསོས་སྤྱན་གཟིགས་ཕུལ་ཞིང་བསྐང་གསོ་བྱས། བྱམས་ཆེན་དང་རི་མཐིལ་གྱི་མགོན་ཁང་ཚོར་ཞལ་ཡིག་དང་བཅས་པའི་སྙན་དར་ཕུལ། རྒྱལ་པོ་དཔོན་གཡོག་ཉུང་བསྡུས་ལ་གནམ་ལྕགས་རལ་གྲིས་གཙོས་པའི་ནང་རྟེན་གྱི་མཇལ་ཁ་བཏང་། ཀོང་པོར་སྐྱར་ལངས་བྱུང་བའི་སྡེ་པས་ནང་སོ་ནོར་བུ་དང་སྟར་སྡོང་ནས་དམག་དཔོན་སྦྲེལ་པོར་རྫོང་བདའ་མཛད་ཀྱང་དོན་དུ་དཔོན་གཡོག་ལས་སྦྲེལ་པོ་བྱེད་དགོས་མ་བྱུང་བའི་ཁར་སྟར་སྡོང་མགྲོན་གཉེར་ཆུ་མ་འཕྲོད་པའི་སྐྱིད་ཤོད་དུ་ལོག་དགོས་ཤར་བ་བར་ཆད་མི་འཇུག་པའི་གསོན་བསྔོ་ཞུ་མི་
སླེབས་ཤིང་བསྲུང་བ་དང་དམ་རྫས་སོགས་ཀྱང་བཟབས་ནས་བསྐུར། ངེད་ཀྱིས་འོལ་དགའ་རྩེར་བསྡད་ཅིང་མཆོད་ཡོན་སྐྱིད་ཤོད་དུ་ཕེབས།

དགུང་ལོ་ཉེར་བརྒྱད་པར་ཕར་ཕྱིན་བློ་བཟང་དགོངས་རྒྱན་དང་། ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གྱི་རྣམ་ཐར་མཛད་པ་སོགས་ཀྱི་སྐོར།


GLG005_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྤྲེལ་གྱི་ལོ་གསར་དུས་འདོད་དོན་ཡི་གེར་བཀོད་པའི་སྙན་དར་ཕུལ། གཉགས་བན་ནང་ར་བ་ངག་དབང་འཇམ་དཔལ་བློ་གྲོས་བས་པའི་འགྲེལ་བ་མཆོག་དགའི་སྟེང་ནས་དབྱངས་འཆར་དང་ནག་རྩིས་ཀྱིས་གཞུང་མང་དུ་སྦྱངས། ཟུར་འཇམ་དབྱངས་བླ་མའི་གསུང་ལན་དང་གླིང་སྨད་ཞབས་དྲུང་སྨོན་ལམ་ཚོགས་དབུར་ཕེབས་པར་ཞུ་ཡིག །སྐུ་མདུན་སྨོན་འགྲོ་ལོ་ཙཱ་བ་མ་ཆེན་ལ་སྲས་པོ་སྐབས་སྦྱར་ལ་སློབ་དཔོན་དུ་འབོད་དགོས་འདུག་པར་དཀའ་གནད་ལ་མཐའ་གཅོད་ཀྱི་བསླབ་དགོས་ཚུལ་དང་སྲས་པོར་ཡང་དེ་དང་དབྱིབས་མཚུངས་པ། ཨེར་ཏེ་ནི་ཧུང་ཐའི་ཇིས་སྐུ་འབུམ་མཆོད་སྡོང་དངུལ་གྱིས་གཏུམས་པར་ལེགས་སོའི་ཡིག་ལན་རྣམས་རྒྱན་གྱིས་སྤྲས་པ་བསྐུར། རིན་ཆེན་སྒང་གི་སྐུ་འདྲ་རིན་པོ་ཆེའི་མཆོད་ཁང་སྒོ་རྒྱན་དུ་སྙན་ངག་གིས་བརྒྱན་པའི་བསྟོད་པ་བརྩམས། སེ་ཆེན་དབོན་པོས་བསྐུལ་ནས་གཏོར་མ་བརྒྱ་རྩ་རྒྱས་བསྡུས་གཉིས་ཀ་ཐོན་པ་ཞིག་བྲིས་ཀྱང་ཚིག་མང་ལ་དོན་ཉུངས་པས་དག་ཡིག་སྨྲ་རྒྱན་གྱི་སྐུ་མཆེད་ཅིག་བྱུང་འདུག །འོལ་དགའ་ཚེས་བཅུ་པ་རྣམས་ཀྱིས་ཕུར་པའི་འཆམ་རྒྱས་པར་བྱས། རབ་བྱུང་བསྙེན་རྫོགས་བརྒྱ་སྐོར་བསྒྲུབས། དབོན་དྲུང་ཞི་བ་བཟང་པོ་ལ་ཚེ་དབང་སོགས་ཆོས་འབྲེལ་འདོད་བསྟུན་བཤད། དབེན་ས་སྐུ་སྐྱེ་བཀྲ་ཤིས་ལྷུན་པོར་གློ་བུར་དུ་གྲོངས་པའི་ཐོར་གོད་དའི་ཆིན་ཅན་འབྲུམ་པར་འཛེམ་སྟབས་འདམ་དུ་སླེབས། རྒྱལ་མོ་ཆེ་ཆུང་དང་དའི་ཆིན་སོགས་རང་ཡུལ་དུ་ལོག་རིངས་


GLG005_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྡེ་པས་དབྱར་འོང་གསེབ་ལ་མི་གནོད་པའི་ཁྱད་ཀྱིས་འཕན་ཡུལ་ནས་བརྫངས་ན་འགབ་འདུག་པས་ཟ་དམ་དུ་ཤོག་གནང་བ་ལྟར་མལ་གྲོ་བརྒྱུད་ལམ་དུ་འདེགས་གདོང་རྒྱལ་དུ་དཔལ་ལྡན་དམག་ཟོར་མར་འདོད་དོན་གསོལ་བའི་སྙན་དར་འབུལ་མི་མངགས། ཇའི་སང་སྡེ་པ་འོལ་དགར་བད་སྨུག་གིས་མ་བདེ་བ་དཔོན་ཚང་བྱང་ངོས་པས་སྦྱོངས་འབེབས་མ་ནུས་པའི་སྐྱོན་ལ་བརྟེན་འོད་ཟེར་གྱང་ནས་ལོད་དུ་སོང་བས་ཞག་གསུམ་ཙམ་བཅག་མལ་དང་རྗེས་གནང་བསྲུང་བ་རིམ་གྲོ་གང་ཟབ་བྱས་པས་བདེ་སྐྱིད་ཆེ་ཞིང་འཕྲོད་བསྟེན་མཇུག་སྐྱོང་ལ་དཔོན་ཚང་ནང་སོ་དར་རྒྱས་དང་བསྲུང་འཁོར་བར་བྲག་སྣ་ཆོས་རྗེ་བཅས་རིན་ཆེན་གླིང་དུ་བཞག །ངེད་རྣམས་ཐང་སྐྱ་ལྕགས་ཟམ་ཁ་ནས་བྱང་ཁར་དོན་པོ་ཏོ་ཤར་སོགས་བཀའ་གདམས་ཀྱི་གནས་མང་པོ་མཇལ་འདོད་ཀྱང་རང་དབང་མ་འདུས། ཨ་མེས་ཀྱི་བསྟན་སྲུང་གཙོ་བོ་ཡིན་པས་ཟིང་པ་སྟག་མགོའི་ཁྱབ་འཇུག་གི་དམ་ཤིང་ལ་སྙན་དར་སྤྱན་གཟིགས་འབུལ་མི་བཏང་ཞིང་འཕྲིན་ལས་བཅོལ། ཟ་དམ་གྱི་དགོན་རྫོང་རྣམས་བཀོད་པས་ཁྱད་དུ་ཐོན་པའི་ལེགས་ཀྱང་གཙང་ཁང་གི་ཐུབ་ཆེན་དེ་མཐོང་བ་ཙམ་གྱིས་སྐྲག་ཚོམ་ཚོམ་མགོན་ཁང་དེ་ཤིན་ཏུ་འཇམ་ཞིང་གཏོར་མ་རྣམས་ཀྱང་བསེ་དང་འཇིམ་པ་ལ་བཟོས་པའི་ཕྱག་རྒྱ་བ་རྒན་པོའི་ནང་རྟགས་ཕྱིར་ཤར་ཞིག་སྣང་། དབེན་ས་སྤྲུལ་སྐུའི་ཚབ་མར་ཀྲེ་པ་རྗེ་དྲུང་ཟེར་བའི་ཚེ་བློས་བཏང་གི་རི་ཁྲོད་པར་རློམ་པ་ལ་ཁོང་གི་གྲ་རིགས་མངའ་ཐང་ཐམས་ཅད་མིག་འོག་ཏུ་བཅུག་པ་ཞིག་འདུག་པ་གྲ་པ་རྣམས་དང་མ་འཆམ་པར་ཕྱིར་ལྡོག་གོས་ཤར་སོང་། ཆོས་རྗེ་བཅོ་བརྒྱད་པ་ཁུ་དབོན་དང་སྔགས་ཕྱོགས་ཀྱི་གླེང་མོ་མང་དུ་བྱུང་བ་དབང་ཁྲིད་ལུང་གསུམ་ལ་


GLG005_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གསན་རྒྱ་ཆེ་བའི་ཚད་ཅིག་ཏུ་སྣང་། སྐྱིད་ཤོད་ཐའི་ཇི་སྐུ་མཆེད་ནས་གཞིས་རྩེ་སོགས་བཟུང་བ་རྒྱལ་པོའི་དགོངས་པར་མ་བབས་པ་མཁྱེན་པས་ཚུར་རྩིས་སྤྲོད་མཛད། གཞིས་རྩེ་རྫོང་དཔོན་ལ་ཉེ་གནས་སྟག་ལུང་པའི་རྣམ་ཐར་མ་ཁྱོངས་དོགས་ནང་སོ་ནོར་བུ་བཏང་སོང་། འདི་ནས་བཟུང་ཕལ་ཆེར་གྱིས་སྡེ་སྲིད་དང་སྡེ་པ་ཞེས་འབོད་ཅིང་ཁོ་རང་ཡང་སྡེ་པ་དང་རུས་གཅིག་གི་གཅུང་པོ་ཡིན་པའི་ཉམས་ཙམ་བྱེད་པ་འདུག །སོག་པོ་རྣམས་སྐྱིད་ཤོད་དུ་ཕེབས་བསྟུན་རྫོང་བདའ་གནང་དགོས་ཞུས་པར་བརྟེན་ཟ་དམ་ནས་ཐོན་པའི་ལམ་ཞོར་སྲུང་མ་རང་བཞིན་གྱི་འདུ་གནས་དཔལ་ལྡན་རྩེ་མཇལ་བར་འདོད་ཀྱང་སྟབས་མ་འགྲིག །སྐམ་ལ་བརྒྱུད་འབྲས་སྤུངས་སུ་འབྱོར། གཞིས་ཀ་རྩེའི་རིན་ཆེན་རྒྱན་ཆ་གཏོར་དུས་ཀྱི་ཤ་བ་སྐྱ་རིང་གི་གཡུ་རྣམས་ཀུན་ཅི་རྒྱལ་མོས་ཇོ་བོ་ཤཱཀྱ་མུ་ནིའི་དབུ་རྒྱན་ལ་སྦྱར་བ་སོགས་ཇོ་བོ་རྣམ་གཉིས་ཀྱི་དབུ་རྒྱན་ཞིག་གསོས་དང་ཇོ་འདྲར་དབུ་རྒྱན་གསར་དུ་བཟོས་པའི་ཁ་ཡིག་བརྩམས། རྒྱལ་མོ་ཆེ་ཆུང་དང་དའི་ཆིན་གྱིས་གཙོས་པ་རྣམས་ལ་གང་འདོད་ཀྱི་ཆོས་འབྲེལ་དང་དངོས་པོའི་རྫོང་བ་བཟབས། སྔགས་ཁང་དུ་བསྐང་གསོ་བཙུགས་ཐོག་ཆོས་སྐྱོང་རྣམས་ལ་འཕྲིན་བཅོལ་བྲིས་པའི་སྙན་ཤལ་ཕུལ། ཆུ་རྟ་ཀོང་དམག་གིས་རྫིང་ཕྱིའི་གཙུག་ལག་ཁང་མེས་བསྲེགས་པར་འགྱངས་མེད་དུ་ཞིག་གསོས་གྲུབ་པའི་འདུ་ཁང་གི་ལྡེབས་བྲིས་ལ་དབུ་མཛད་འབྲོང་རྩེ་བློ་བཟང་དང་འབྲས་སྤུངས་དགོས་ནོར་གཉིས་ཀྱིས་གཙོས་བཞི་བཅུ་ཞེ་བརྒྱད། དོ་དམ་དཔོན་ཚང་ཚ་རོང་བ། སྟག་རུ་བ་ནོར་བུ། གཙང་པ་གསེར་སྡིངས་ནས་རྣམས་ཀྱིས་བྱས་པའི་གཙོ་བོར་རྒྱལ་བ་ཙོང་ཁ་པ་འཁོར་དག་པ་


GLG005_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བརྒྱད་ཀྱིས་བསྐོར་བ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་སྔ་ཕྱི། སངས་རྒྱས་སུམ་ཅུ་སོ་ལྔ། གནས་བརྟན་བཅུ་དྲུག །ནག་པོ་སྐོར་གསུམ། བེང་ཕྱག །ཐུགས་ཀྱི་རྒྱལ་པོ། སེང་གཡབས་ལ་བཀའ་གདམས་ལྷ་བཞི་རྣམས་བྲིས། ལོ་པ་ཆོས་རྗེས་རྫིང་ཕྱིའི་བྱམས་པར་སྣམ་སྦྱར་ཕུལ་བའི་སྨོན་ལམ་དང་དགེ་བཤེས་དགེ་དར་བས་བསྐུར་བའི་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་བྲིས། ཁྱབ་བདག་ཆོས་དབྱིངས་རང་གྲོལ་གྱིས་སྙན་ངག་གི་ལམ་ནས་དྲངས་པའི་ཕྱག་བྲིས་བྱུང་བ་དེ་ལན་ཕུལ། བྱང་ཆུབ་ལམ་གྱི་རིམ་པ་ལ་རྗེ་བླ་མ་ནས་འཇམ་དབྱངས་སྟག་ལུང་བྲག་པའི་བར་དུ་བཤད་རྒྱུན་ཉམས་པ་མེད་པ་གླིང་སྨད་ཞབས་དྲུང་ལ་མངའ་ཞིང་དུས་ཐོག་དེར་ལམ་རིམ་ལ་དེ་ལས་མཁས་པ་མེད་པར་ངེས་པ་རྙེད་དེ་གསང་སྔགས་མཁར་ནས་གདན་དྲངས། ལམ་རིམ་ཆེན་མོའི་སྤྱོད་པ་སྤྱི་བསླབ་ཡན་ལ་ཞིབ་བཤད། ཞི་ལྷག་ལ་དོན་བསྡུ། ལམ་རིམ་ཆུང་བའི་ཞི་ལྷག་ལ་ཞིབ་བཤད་དང་དེ་ཕྱིན་ལ་ལྗགས་ལུང་གནང་ཞིང་གསུང་བཤད་རྣམས་ལ་རྒྱུགས་འབུལ་ཀྱང་ཞུས། ལར་སྣམ་བུ་འདོམ་རེ་ཙམ་རྙེད་པ་ལ་དཀའ་ཚེགས་མི་འདུག་ཀྱང་པཎ་ཞྭ་སེར་པོ་སྣེ་རིང་ཚད་ཀྱིས་ལམ་རིམ། ས་ཞུ་འབྱོར་ཚད་ཀྱིས་ལམ་འབྲས། ཨྱོན་པཎ་ཞུ་དམར་ཟིང་ཚད་ཀྱིས་རྫོགས་ཆེན སྒོམ་ཞྭ་བུས་འཁྱུད་ཡོད་ཚད་ཀྱིས་ཕྱག་ཆེན་འཆད་ག་ལ་ཤེས། ཆོས་འདི་ཤེས་པ་ཞིག་ལ་གཏུགས་པ་གནད་ཆེ་བར་སྣང་། གཞན་ཡང་རིམ་ལྔ་གསལ་སྒྲོན། དྲང་ངེས་རྣམ་འབྱེད། ཐར་ལམ་གསལ་བྱེད། སྙིང་པོ་རྒྱན་རྣམས་ཀྱི་དཀའ་གནས་མང་པོར་དོགས་གཅོད་ཞུས། ཟླ་བ་བདུན་པའི་གནམ་གང་གི་ཚ་རྟིང་ཁར་ཉི་མ་གཟའ་


GLG005_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་འོང་བའི་ལྷ་སའི་རྡོ་རིང་ལ་བི་ཝརྟ་དང་བཅས་ཡི་གེ་སྦྱར། བོད་འབངས་ཀྱི་ལེགས་བྱས་མཐུ་དམན་པས་རིགས་འཛིན་ཡོལ་མོ་པ་ཆེན་པོ་ལུང་བསྟན་བཞིན་གཏེར་བཞེས་པའི་གེགས་བྱེད་ཀྱི་མཐུ་ཟངས་མདོག་དཔལ་རིར་ཞིང་ཁམས་འཕོས་པའི་དགོངས་རྫོགས་སུ་བྲམ་ཟེ་མཆོག་སྲེད་ཀྱི་ཐུགས་དམ་རྟེན་མགོན་པོ་ཕུར་ཞབས་མས་ཐོག་དྲངས་པ་དང་གདུང་ཆོག་སེར་ཚོགས་ཀྱི་དགོས་ཆ་ཡང་མི་སྲུན་སྒྱུ་འཕྲུལ་དྲ་བས་མངའ་བདག་ཕྱག་མཛོད་བྱེད་དཀར་གྱུར་བར་སློབ་དཔོན་ཆེན་པོའི་སྐུ་དང་བཀའ་བརྒྱད་གྲ་ཚར་གྱི་ཞུ་རྟེན་བྱུང་བ་ལྟར་འདོད་པའི་རེ་བ་བཀང་། དཔོན་སློབ་རིན་པོ་ཆེས་གསང་སྔགས་མཁར་དུ་རྒྱལ་བ་ཙོང་ཁ་པའི་གོས་སྐུ་གསར་བཞེངས་གནང་བར་སྨོན་ལམ་ཞིག་རྩོམས་ཕེབས་པ་ལ་དེ་འཕྲལ་དུ་སཾ་ཊར་བྲིས་ནས་སྤྱན་འབེབས་ཞུས་པས་སྔར་དབྱངས་ཅན་མའི་བསྟོད་པའི་ཐུགས་རྩོམ་སྐབས་དཀའ་ལས་ཆེན་པོ་ཡོང་བ་འདྲ་རྗེ་དགེ་འདུན་རྒྱ་མཚོ་དེ་དབྱངས་ཅན་མས་རྗེས་སུ་བཟུང་བའི་ཐོགས་མེད་དུ་མཛད་པ་ཡོད་འདུག་པས་དེ་འདྲ་ཞིག་བྱུང་ན་སྙམ་པ་ཡིད་ལ་ངུར་ངུར་ཤར་ཡང་ད་ཆ་རེ་བ་བཞིན་བྱུང་ཞེས་དགྱེས་དགྱེས་གནང་། པཎ་ཆེན་བསོད་ནམས་གྲགས་པ་དང་ལས་ཆེན་དངོས་གྲུབ་པའི་མཛོད་གཉིས་པོ་ལེགས་རྒྱུ་མི་འདུག་པས་ཡིག་ཆ་འབྲི་དགོས་པའི་བསླབ་སྟོན་ཕེབས། དྲང་སྲོང་ཆུ་ལྷའི་བུས་ཉལ་འགྲོ་ཐམས་ཅད་བདུད་རྩིར་བསྒྱུར་བའི་ཞག་བདུན་གྱི་རིང་དན་འབག་གླིང་ཁར་ནད་སེལ་སྨན་གྱི་དགའ་སྟོན་ལ་སྒར་བྱས་ནས་བསྡད། འདི་ལོ་ནས་བཟུང་ཆུ་ཞུགས་ལ་ཕྱིན་རེས་ཀྱི་གྲོང་སྨད་ནས་བཞེས་སྤྲོད་གཟབ་རྒྱས་བསྟར། ར་བ་སྟོད་པར་དོལ་བརྒྱད་གྲའི་མཆོད་གཞིས་དང་གསང་ཕུ་སྤྱི་སོར་ཟུལ་ཕུའི་དབྱར་


GLG005_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཕྱི་མས་མཚོན་བསྟན་རྒྱུན་ལ་ཕན་པའི་སྡེ་པར་བཀའ་འཕྲོས་གནང་། ཁལ་ཁ་ཕྱོགས་དུས་འཇམ་པ་འདུག་རུང་ཨོ་རོད་དུ་གཞུང་དོན་ལ་འདུལ་བ་བླ་མ་ངག་དབང་ཆོས་འཕེལ་རྫོང་བདའ་བྱས། བོད་ཀྱི་བདེ་ཐབས་སུ་གཙང་འགྲམ་ལྷ་ཁང་ཞིག་གསོས་དང་གནས་འཛིན་སྒྲོལ་མ་ནས་ལྟ་བུས་བྱས་ན་ཡོང་ཚུལ་སྡེ་པར་ཞུས་པ་ཐུགས་ལ་བབས་པའི་ཕྱག་ཏུ་བཀལ། དབེན་ས་དགོན་པས་གོ་ཆོད་པས་ལྷ་ཁང་འདི་མེད་ཀྱང་ཡོང་ཞུ་མཁན་བྱུང་གསུང་བ་མཐའ་འདུལ་གྱི་ལྷ་ཁང་དེ་ཐོག་མ་ནས་དབེན་སའི་ཐད་དེར་བརྩིགས་ན་ཡོང་རྒྱུར་ཆོས་རྒྱལ་སྲོང་བཙན་སྒམ་པོར་མངོན་མཁྱེན་མེད་པའི་སྐྱོན་ཡིན་པ་འདྲ། ལུག་སྤྲེལ་གྱི་མཚམས་སུ་ཆོས་འཁོར་གླིང་ཞལ་སྔ་ནས་དཀར་པོ་བ་འབྲུམ་ནད་ཀྱིས་གྲོངས་པས་འཆད་ཉན་དུ་མངའ་རིས་གྲ་ཚང་སློབ་དཔོན་གཉལ་པ་བསྟན་འཛིན་འཕྲིན་ལས་བསྐོས། ཁོང་པ་འཛིན་ཤེ་ཡངས་པས་པཎ་ཆེན་གྱི་ཡིག་ཆ་རྣམས་གཏོང་རྩིས་འདུག་རུང་། སྡེ་པས་དཔེ་ཆ་རྣམས་དམ་འབྱར་གྱིས་མནན་པའི་སེ་ར་བྱེས་པའི་ལུགས་ཐོང་གསུངས་པར་གྲ་དམངས་རྣམས་བླ་མ་བྱེས་པའི་རྩ་གྲར་སོང་བས་བྱས་སོ་སྙམ་པའི་ལོག་རྟོག་གིས་ལུགས་མི་ལེགས་པ་ཆེན་པོ་ཡོང་གྲབས་བྱུང་། ཞལ་སྔ་ནས་མཛད་བསྟད་པས་གཉེར་པ་རབ་འབྱམས་པ་བློ་བཟང་ཆོས་གྲགས་སྦྲན་ནས་ཕར་ཕྱིན་གྱི་ཡིག་ཆ་རྩོམ་དགོས་ཚུལ་བྱུང་བ་ལྟར་གླིང་སྨད་ཞབས་དྲུང་སྐུ་ཞབས་སུ་མཛོད་ཀྱི་སྔོན་དུ་ཕར་ཕྱིན་འབྲི་བའི་དགོས་དོན་འདི་བཞིན་བྱུང་ཚུལ་སྙན་འབུལ་ཞུ་བར་བཏང་། འདི་ལོ་ཕར་ཕྱིན་གྱི་ཊཱིཀྐ་ཐལ་འཕྲེང་ཟུང་འབྲེལ་གྱི་སྐབས་གསུམ་པ་ཡན་བྲིས། དྲུང་རམས་པ་བསོད་ནམས་ཆོས་བཟང་ཞེས་དོམ་བསྙག་ཏུ་གྲགས་པས་ཞུས་དག་མཛད་ཅིང་མཁས་བཙུན་བཟང་གསུམ་


GLG005_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

འཛོམ་པའི་དགེ་བཤེས་འགྲན་ཟླ་དང་བྲལ། ཁོང་གི་ཞལ་འདོན་དུ་སྒྲོལ་དཀར་གྱི་བསྟོད་པ། ཆོས་འཁོར་གླིང་སྤྱི་ཚོགས་ཀྱིས་བསྐུལ་བའི་རིང་འཚོའི་ཚིགས་བཅད། བཱ་ཐུར་ཧུང་ཐའི་ཇིའི་རྒྱུན་ཁྱེར་དུ་ཕྱག་དྲུག་པའི་གཏོར་འབུལ་རྣམས་བྲིས། འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་གྱི་རྣམ་ཐར་ཞིག་ཀྱང་བརྩམས་པའི་སྤྱན་ལམ་དུ་ཕབ། སྣེའུ་སྡོང་རྩེ་ནས་ཞབས་དྲུང་རིན་པོ་ཆེ་མ་ཆེན་ཕེབས་པའི་སྤྲུལ་སྐུ་སྦྱིན་པ་བའི་ཕྱག་བྲིས་སྔགས་ཐང་གྲ་ཚང་གྱིས་གཙོས་གནང་སྦྱིན་བཟབས་ཤིང་ཕར་ཡང་ཆེན་པོའི་བཀུར་གཟོས་ཀྱིས་གུས་འདུད་ལྷུར་བླངས། ཚེ་དབང་གྲུབ་རྒྱལ་མ་དང་བྱང་གཏེར་ཕུར་པ་ལྕགས་ཁང་མའི་ལས་བྱང་གསར་བསྒྲིགས་ཀྱི་ལུང་ཕུལ། མ་ན་ཧོ་ལས་གྲུབ་པའི་ཆིབས་ཆས་ཀྱིས་གཙོས་བདོག་པ་གྱ་ནོམ་པའི་འབུལ་བ་བཟང་དུ་བསྟར། ལྕགས་འབྲུག་ལོ་དཔོན་སློབ་པཎ་ཆེན་རིན་པོ་ཆེས་སེ་ཆེན་ཆོས་རྗེ་ལ་ཇུར་ཆིད་རྒྱལ་པོ་འདི་སྟོབས་ཤིན་ཏུ་ཆེ་བ་ཞིག་ཡོད་འདུག་པས་རང་ཕྱོགས་ཀྱི་སྦྱིན་བདག་ལ་ཨེ་ཁུགས་ལྟོས་གསུང་རྫོང་བདའ་གནང་སོང་བའི་ཞབས་མཐུན་བྱས་ཏེ་བོག་ཏོ་རྒྱལ་པོར་ཡི་གེ་རྟེན་སྦྲགས་བསྐུར་བ་རྒྱལ་པོའི་གམ་ནས་གེགས་མེད་དུ་ཕྱིར་འཁོར། དེ་དང་ལྷན་ཅིག་པར་ཆ་གན་བླ་མ་ཅན་གསེར་ཡིག་པ་ཕོན་ཆེ་བ་འབྱོར། བོག་ཏོ་རྒྱལ་པོས་བོད་ཀྱི་བླ་མ་མང་པོ་ལ་ཡི་གེ་གོས་དར་གསེར་དངུལ་གྱི་རྟེན་དང་བཅས་པ་འདུག །དེའི་མཇུག་ཟིན་པ་ཁལ་ཁ་གཡོན་རུ་ནོ་མོན་ཨེ་ཇེན་དང་འཕྱོང་རྒྱས་པཎྜི་ཏ་སོགས་འགྲུལ་པ་གཏོས་ཆེ་བ་སླེབས། འགྲུལ་པ་ཕན་ཚུན་རྣམས་བསྡོམས་པའི་ཚོགས་ཆེན་དུ་ཞག་ཉི་ཤུ་ལྷག་གི་བར་མང་འགྱེད་དང་དེ་མཚུངས་བརྒྱ་འབུལ་སྟོང་འབུལ་མང་དུ་བླངས་དགེ་བ་རྣམས་རྫོགས་བྱང་དུ་བསྔོས་ཤིང་
འདོད་སྦྱར་གྱི་ཆོས་འབྲེལ་དང་རབ་བྱུང་བསྙེན་རྫོགས་ཀྱང་བརྒྱ་སྐོར་བསྒྲུབས། ལྕོག་གྲ་སྤྲུལ་སྐུས་རེའུ་མིག་རྒྱ་མཚོ་མ་ཚང་བ་ཞིག་གསར་བཤུས་ཀྱི་བསྲིངས་པའི་འཕྲོད་ལན་བི་ཝརྟ་དང་བཅས་པ་བྲིས། མཆོད་ཡོན་ལྷོ་བྲག་ཕྱོགས་སུ་ཕེབས་པའི་གདོང་དུ་སྟག་ལུང་ཞབས་དྲུང་བར་ཆིངས་ལ་ཐེགས་ཀྱང་སྒར་པ་དཔོན་སློབ་བཞུགས་མ་ནུས་པར་བྲོས་ཐབས་ཀྱིས་ཁམས་ལ་ཕེབས། བོད་སོག་གི་དམག་བདུན་བརྒྱ་སྐོར་མོན་དུ་རྟབ་འགྲོས་ཀྱིས་གནང་འདུག་པ་དཔུང་ཆུང་བས་ཁ་ཉེས་ཀྱི་རྣམ་པའི་ནང་སོ་དངོས་གྲུབ་འབྲོང་རྩེ་ནས་དང་འདུས་བྱུང་ནས་ཀྱིས་གཙོས་པ་ཁ་ཤས་བཙོན་ལ་ཤོར། སོག་དམག་དུམ་བུ་དེ་ཚུར་ཐར་ཡང་ཀླད་ཤོར་བ་ལྟ་བུས་མ་ལེགས་ཙམ་བྱུང་འདུག །ལོ་དུས་ཀྱི་སྒྲུབ་ཁག་ལེ་ཚན་རྣམས་གྲུབ་ནས་གྲ་ཚང་ལ་ཚེ་བདག་དང་ཕུར་པའི་དབང་། དཔལ་ལྡན་དམག་ཟོར་མའི་རྗེས་གནང་སོགས་ཉེར་མཁོའི་དབང་ལུང་ཁ་ཤས་ཕུལ། མེའི་སྤུ་གྲི་དང་བཤོར་སང་ཉི་མ་ཁྲོས་པའི་སྒྲུབ་ཁག་གཉིས་དང་བོད་ཁམས་བདེ་ཐབས་སུ་དམིགས་ནས་ཕུར་སྒྲུབ་བཙུགས།

དགུང་ལོ་ཉེར་དགུ་པར་པོ་ཏ་ལའི་ཕོ་བྲང་དཀར་པོ་བཞེངས་འགོ་ཚུགས་པ་དང་། མདོ་སྨད་དུ་གྱར་བའི་ཇོ་བོ་ལོ་ཀེ་ཤྭ་ར་གདན་དྲངས་ཤིང་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་མཛད་པ་བཅས་ཀྱི་སྐོར།


GLG005_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་དུས་རིམ་དང་ཤིང་བྱའི་ལོ་གསར་སྔར་འཁྱུད་བཞིན་བྱས་ཤིང་འདོད་ཁམས་བདག་མོར་མཆོད་གཏོར་ཐོག་འདོད་དོན་གསོལ་བའི་སྙན་དར་ཕུལ། ལོ་གསར་འབུལ་མིའི་གོ་རིམ་སྔ་ཕྱི་མི་མཚུངས་པ་ཐོར་བུ་འདུག་ཀྱང་ཤས་ཆེ་བའི་དབང་དུ་བྱས། གདན་ས་གོང་། སྣེའུ་སྡོང་རྩེ། སྟག་ལུང་རྩེ་ཟུར། མཚུར་ཕུ་དྲུང་པ། འབྲུག་སྒར་པ། རྡོ་རྗེ་བྲག་པ། ཚག་མིག་མཁན་སྤྱི། སྐུ་རབ་དགའ་ལྡན་རབ་བརྟན་མཁན་པོ། བདེ་ཆེན་ཆོས་འཁོར། ཤེལ་དཀར་ཆོས་སྡེའི་བླ་སྤྱི། གྲ་བྱམས་པ་གླིང་། བཀྲ་ཤིས་རྩེ་ཆོས་སྡེ། བདེ་ཆེན་ཡངས་པ་ཅན། མཚུར་ཕུ་གྲ་ཚང་དང་བསམ་གཏན་གླིང་། ཡང་ཟུར། ཉིན་བྱེད་གླིང་། ལེགས་བཤད་གླིང་། ཉི་ལྡེ་དགོན། སྲས་སྒར་པ་གྲ་ཚང་


GLG005_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ། སྔགས་ལྕོག་གཉིས། འགྲོ་དོན་གླིང་། འོད་ཟེར་གླིང་། ཧ་རི་ཁ། འཛིམ་པ། ཤེལ་གྲོང་གསང་སྔགས་གླིང་། གྲ་ཕྱི་ནང་གི་ཚོགས་པ་གཉིས། ཆོས་འཁོར་ཡང་རྩེ་དང་ཐར་གླིང་གཉིས་ཀྱི་གཉེར་བ། སྡེ་པ་བྱ་པ། མདོ་མཁར་ནས་གཏིང་སྐྱེས། མོན་མཁར་རྣམ་སྲས་གླིང་པ། གཞུང་འཛིན་རྫོང་གཞིས་ཁག་རྣམས་ནས་བདོག་པ་ཚན་གྲངས་དགའ་སྟོན་ལོ་ལོ་བཞིན་བསྟར། བཞུགས་གྲལ་ཟུར་གསོས་སྟེར་ཆ་སོགས་བདག་རྐྱེན་དེབ་འཁོད་བཞིན་བྱས། སྣེའུ་སྡོང་ཞབས་དྲུང་རིན་པོ་ཆེས་བཀའ་ཤོག་ཚིགས་བཅད་གནང་འདུག་པར་དེ་མཚུངས་ཀྱི་ཞུ་ལན་དང་གོང་དཀར་ནས་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་ཆབ་ཤོག་བྱུང་བའི་ལན་ཤེས་པ་བརྗོད་པའི་ཚིག་ཏུ་སྤེལ། སྨོན་ལམ་ཆེ་ཆུང་གཉིས་ལ་འགྲུལ་པའི་སྟབས་ཀྱིས་འདོད་ཡོན་ཤིན་ཏུ་ཆེ་ཡང་རྣམ་གཡེང་གིས་ཁྱེར་བའི་ཆོས་གྲ་སྨོན་ལམ་གྲ་སྐོར་ནི་སྨར་རྒྱུ་མ་བྱུང་། ཇོ་ཤཱཀ །ཐུགས་རྗེ་ཆེན་པོ། རྗེ་བཙུན་ཙོང་ཁ་པ། དུང་སྐྱོང་རྒྱལ་མོ་རྣམས་ལ་ཐུགས་རྗེ་བསྐུལ་བའི་སྙན་དར་ཚིགས་བཅད་མ་ཕུལ།ཚེས་བཅུ་དྲུག་ལ་མང་ཡུལ་ལོ་ཆེན་ཚེ་བརྟན་རྒྱལ་མཚན་ངམ་རིང་མཁན་པོར་མངའ་གསོལ་བའི་བསྐོ་འཇའི་ཡི་གེ་བསྐུར། གསར་འགྲུལ་རྣམས་ལ་རྗེས་གནང་མང་ཙམ་དང་ལམ་རིམ་ཆེན་མོའི་ལུང་བྱས། སེ་ཆེན་ཆོས་རྗེས་བསྐུལ་བ་ལྟར་ལུགས་ཟུང་གི་བླང་དོར་དང་ཇོ་བོར་གསེར་ཀོང་ཕུལ་བའི་ཁ་ཡིག །ཐུ་ཤི་ཡེ་ཐུ་རྡོ་རྗེ་རྒྱལ་པོའི་ཐུགས་དམ་དུ་རྒྱལ་བ་ཙོང་ཁ་པ་དང་བཱ་ཐུར་ཧུང་ཐའི་ཇིར་རྡོ་རྗེ་འཆང་ལ་བརྟེན་པའི་བླ་མའི་རྣལ་འབྱོར། ཁལ་ཁ་ནོ་མོན་ཨེ་ཇེན་གྱིས་བསྐུལ་བའི་སྨོན་ལམ་རྣམས་བརྩམས། བླ་མ་ལྷ་རྩེ་བའི་སྤྲུལ་སྐུ་ལ་ཚེ་དབང་གྲུབ་རྒྱལ་ལུགས་བསྐུར། སྨོན་ལམ་གྲོལ་ནས་འབྲས་སྤུངས་སུ་སླེབས། ཀོང་པོ་ཕན་བདེ་སྤྲུལ་སྐུ་


GLG005_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རབ་བྱུང་བསྙེན་རྫོགས་བརྒྱ་སྐོར་བསྒྲུབས། དེས་བསྐུལ་བའི་གསོལ་འདེབས་བྲིས། ཕན་བདེ་སྐུ་སྐྱེ་དེ་ཤེས་རབ་ཆེ་ཞིང་ཆོས་ལ་བརྩོན་མདོག་ཁ་བ་ཞིག་འདུག །སྟག་ལུང་ཞབས་དྲུང་མ་ཆེན་ལྷོ་བྲག་ནས་ཡར་སྟོད་བསམ་ཡས་བརྒྱུད་ཕེབས་པ་དང་མཇལ། ལུགས་གཉིས་ཀྱི་གསུང་སྒྲོས་སྨར་ཞིང་གཞིས་ལེན་རྒྱས་པར་བསྟབས། གནས་རྙིང་ཞབས་དྲུང་ཁྲི་ཐོག་པར་རྗེ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ནས་ཆོས་སྐྱོང་སྐོར་སོགས་པོ་ཏི་གཅིག་ཙམ་གྱི་ལུང་ཕུལ། སྟག་ལུང་ཞབས་དྲུང་ཁྲི་ཐོག་པ་ངག་གི་དབང་ཕྱུག་ཕེབས་པའི་ཕྱག་འབུལ་བྱས་ཆོག་པ་དགོས་གསུང་བ་དགོངས་བཞེད་དང་བསྟུན། འོན་ཀྱང་ལྡང་བ་མཇལ་དར་བཞུགས་གདན་གྱི་བཀུར་གཟོས་གང་ལེགས་ཞུས། ཆོས་ཕྱོགས་ཀྱི་མཁྱེན་པ་ཆེ་བ་མི་འདུག་ཀྱང་འཇིག་རྟེན་ལ་ཐུགས་ཁུར་ཤིན་ཏུ་ལྕི་བའི་གསུང་གླེང་འཕེལ་བ་ཞིག་སྣང་། དཔལ་མགོན་སྟོབས་འཕྲོག་དབང་པོའི་ལོ་དུས་ཀྱི་གཏོར་མའང་རྒྱས་པར་བྱས།དཔོན་སློབ་གླིང་སྨད་ཞབས་དྲུང་གིས་དབུ་མཛད་དྲག་ཞན་མང་པོས་ད་ཆ་སྡེ་དཔོན་ལུགས་ཀྱི་རྫོང་གཞིས་ཀྱི་ལྟེ་བ་ཙམ་ཞིག་མེད་ན་ཕུགས་བག་དྲང་ཞིང་འཕྲལ་དུ་རྟེན་འབྲེལ་ཀྱང་མི་ལེགས་པར་འདུག །གཞིས་ཀ་གོང་དཀར་ཡང་སེར་འབྲས་སོགས་དང་ཐག་རིང་བའི་སྟབས་པོ་ཏ་ལར་ཨར་པོ་གནང་དགོས་ཚུལ་ཞུས་པ་ལྟར་མཆོད་ཡོན་གཉིས་ཀའི་དགོངས་པ་བསྟད་པའི་ས་འདུལ་ལ་ཡོང་དགོས་ཚུལ་བྱུང་བ་བཞིན་ཧོར་ཟླ་གསུམ་པའི་ཉེར་ལྔ་ལ་པོ་ཏཱ་ལར་ཕྱིན། དན་འབག་རིན་ཆེན་སྒང་དུ་སླེབས་པ་དང་བྱང་ཕྱོགས་ནས་འབྲུག་གི་སྒྲ་ཆེན་པོ་དང་བཅས་ཆར་ས་སྦང་ཐུབ་པའི་རྡུལ་མི་ལྡང་བ་བབས། དེ་ནས་བཟུང་


GLG005_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མ་སླེབས་བར་རླུང་ཆེན་པོ་རྒྱུན་མི་ཆད་པ་བྱུང་བ་ནི་རླུང་གི་གུར་ཁང་ལྟ་བུའི་ཚུལ་དུ་འདུག་པས་སྲིད་གསུམ་བདག་མོ་དགྱེས་པའི་ལྟས་ཡིན་ནམ་སྙམ། སྐབས་རེ་ཤར་ནུབ་གཉིས་ཀ་ནས་རླུང་འཚུབས་ཏེ་ཁོལ་བུར་འཁྲུག་པ་ནི་སྡེ་བརྒྱད་ཀྱི་ལྷོངས་སུ་སྣང་། ཉེར་དྲུག་ལ་གྲབས་ཡུལ་རྣམས་བྱས། ཟུར་ཀུན་མཁྱེན་ཆེན་པོས་བསངས་རྔན་སོགས་སྡེ་བརྒྱད་ཆ་མཉམ་པ་ཞོགས་ལྟར་གྱིས་གནང་། བླ་མཁྱེན་ནང་ར་བས་སྤོམ་གཏས་མཚོན་པའི་རྩིས་སྐར་ནག་གི་གཏོ་ཆོག་རྣམས་ལེགས་པར་བསྟར། སྔོན་ཨྱོན་སངས་རྒྱས་གཉིས་པས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་ལྷ་འདྲེ་རྣམས་དམ་ལ་བཏགས་པས་བསམ་ཡས་ཀྱི་གཙུག་ལག་ཁང་གེགས་མེད་དུ་གྲུབ་པའི་རྟེན་འབྲེལ་གྱི་ཆེ་བ་དང་བོད་འདིར་སློབ་དཔོན་ཆེན་པོ་དང་སྒྲུབ་པ་བཀའ་བརྒྱད་སྤྱི་བྱེ་བྲག་རྣམས་བྱིན་རླབས་ཀྱི་ཚད་ཁ་ཆེ་བས་བྱང་གཏེར་ཕུར་པ་ལྷ་ནག་གི་དཀྱིལ་འཁོར་ཞལ་ཕྱེ་སྟེ་སྒྲུབ་པ་བཙུགས། ཉེར་བརྒྱད་ཀྱི་ཉིན་ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་གྱིས་ཕྱག་དར་ཏེ་ལྟོ་འཕྱེའི་ཐིག་རྒྱུད་སྡེའི་དགོངས་པ་བཞིན་འདེབས་པ་གནང་། སངས་རྒྱས་ཀྱི་ཆོས་དུང་རྒྱལ་བ་ཙོང་ཁ་པས་དགའ་ལྡན་སྐོར་ལམ་ནས་གདན་དྲངས་པ། དཔལ་དཱི་པཾ་ཀ་རའི་ཆོས་དུང་། རྗེ་བཙུན་ས་པཎ་གྱི་ཆོས་དུང་རྣམས་ཀྱི་སྒྲ་ཕྱོགས་ཀུན་ཏུ་བསྒྲགས། ཉེར་དགུའི་དམག་དཔོན་ཐ་སྐར་གྱི་འགྲུབ་སྦྱོར་ཐོག་ཕོ་བྲང་ལྟེ་བ་ཡོང་སའི་ས་ཡུལ་དུ་མཁྱེན་བརྩེ་ཆེན་མོའི་ཕྱག་བཟོའི་ཕུར་ཆ་ཡོངས་རྫོགས་གདན་དྲངས། དཀོན་གཉེར་དབོན་དགེ་སྟེང་བླ་མས་འཆམ་དཔོན་དང་བཅས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་


GLG005_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་གླིང་པ་རྣམས་ཀྱིས་དཔལ་ཆེན་ཁྲག་འཐུང་ཁྲོས་པའི་སྟང་སྟབས་ཀྱིས་ས་བཏུལ། རང་བྱོན་མཆེད་བཞིའི་ནང་ཚན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་ལྷ་འཕགས་པ་ལོ་ཀེ་ཤྭ་ར་ཆོས་རྒྱལ་ནས་བཟུང་། གྱེ་རེ་ལྷ་པ། ཚལ་པ་ཁྲི་དཔོན། སྡེ་སྲིད་ཕག་མོ་གྲུ་པ། སྐྱིད་ཤོད་ས་སྐྱོང་བཀྲ་ཤིས་རབ་བརྟན། ཡན་གྱི་དཔོན་ཐོག་རིམ་པར་པོ་ཏཱ་ལ་ཁོ་ནར་བཞུགས་ནའང་སྡེ་པ་གཡུལ་རྒྱལ་བའི་དུས་གཞིས་ཀ་བྲག་དཀར་དུ་གདན་དྲངས་པས་རྟེན་འབྲེལ་འཕྱུགས་ཏེ་སྐྱིད་སྨད་ཀྱི་རྫོང་གཞིས་རྣམས་ཤོར། སྡེ་པ་ཨ་དཔལ་གྱིས་དམག་གི་རྔན་པར་ཐུ་མེད་ཀྱི་སེ་ཆེན་ཐའི་ཇི་ལ་ཕུལ། ཐའི་ཇིས་མཚོ་ཁར་གདན་དྲངས་པ་ནས་དེ་ཕྱོགས་སུ་དུས་མི་བདེ་བ་རིམ་པར་བྱུང་བའི་ཐུ་མེད་ཀྱི་དཔོན་པོ་རྣམས་ཐོར་བ་དང་ཁམས་ཀྱི་སྟོང་སྐོར་དགོན་དུ་གདན་དྲངས། དེར་ས་ཡོས་ཀྱིས་དགོན་གྲོང་མང་དུ་བརླག་པ་སོགས་མདོར་ན་བོད་ཁམས་ཀུན་ཏུ་མི་བདེ་བའི་རྒྱུ་མཚན་སློབ་དཔོན་ཆེན་པོའི་ལུང་བསྟན་ཞིག་ཏུ། བོད་རྟེན་གཅིག་མཐའ་ལ་འཁྱར་ན་མཐའ་དབུས་འཇིགཿ ཅེས་པའི་ལུང་བསྟན་ཐོག་ཏུ་བབས་པར་གདའ། འདི་དག་གི་དུས་སྔ་ཕྱིར་བསམ་ཤེས་ཅན་མང་པོ་ཞིག་འཕགས་པ་ལོ་ཀེ་ཤྭ་ར་བོད་དུ་ཕེབས་པ་ཞིག་ཨེ་ཡོང་གི་རེ་སྨོན་ལས་འཕྲལ་དུ་ཕེབས་ཡོད་བསམ་པ་དང་དེ་འདྲའི་རྩོལ་བ་བྱེད་མཁན་ནི་ག་ལ་ཡོད། འོན་ཀྱང་ད་ལའི་ཀུན་ཅི་རྒྱལ་མོ་ཞེས་བུད་མེད་ཕལ་བའི་སྤྱོད་ཚུལ་ལས་རྣམ་པར་འདས་པའི་ནོར་འཛིན་དབང་མོ་དེས་ཐབས་མཁས་ཀྱི་འཕྲུལ་དང་མི་དམན་པའི་བརྩོན་པས་སྟོང་སྐོར་དབོན་པོའི་ལག་ནས་བླངས་ཏེ་སྐྱེལ་བར་མཉྫུ་ཤྲཱི་ཆོས་རྗེ་བཏང་བ་ས་འདུལ་གྱི་ཐོག་འདིར་ཕེབས་པ་ནི་མ་བསྒྲིགས་པར་ལྷུན་གྱིས་གྲུབ་པའི་རྟེན་བྲེལ་ལོ། །


GLG005_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཧོར་ཟླ་བཞི་པ་ཉིས་བརྩེགས་ཀྱི་སྔ་མའི་ཚེས་གཅིག་གི་སྔ་དྲོ་ས་འདུལ་ལ་གཉུག་མར་གནས་པའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱིས་བསུ་བའི་སེར་སྦྲེང་། ལྷ་ས་ནས་གདན་འདྲེན་གྱི་ཚུལ་དུ་གྲ་ཚང་ཆོས་འཁོར་གླིང་པ་དང་རྨི་རུ་བཞི་སྡེ་སོགས་ཀྱི་སེར་སྦྲེང་། ལྷ་ས་རུ་བཞིའི་སྐྱེས་ཕོ་མོ་མང་པོ་རྒྱན་གོས་གཟབ་འཆོར་དང་བཅས་སྐྱ་སེར་རྣམས་ཀྱིས་གདུགས་རྒྱལ་མཚན་བ་དན། མེ་ཏོག །ལྷ་བཤོས། སྤོས། རོལ་མོ་སྣ་ཚོགས་ཀྱི་མཆོད་ཡོན་གཉིས་ཀྱིས་དབུ་མཛད་སོག་བོད་ཀྱི་རྟ་པའི་དཔུང་ཆེན་པོ་དང་བཅས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་སྐུ་བརྙན་ཡིད་བཞིན་གྱི་ནོར་བུ་བོད་འབངས་བསོད་ནམས་ཀྱི་ཞིང་དུ་སླར་ཡང་རང་གི་བསྟི་གནས་སུ་ཕེབས། ཁ་སང་ཕན་ཆད་རླུང་འཚུབ་ཆེ་བ་ལྡང་མུར་ཡོད་ཀྱང་འདི་ཉིན་ནམ་མཁའ་གཡའ་དག་ཅིང་རླུང་བསེར་བུ་ཙམ་ཡང་མི་ལྡང་བ་འཇའ་ཚོན་གྱི་དྲ་བ་དང་སྤྲིན་དཀར་རྣམས་ཀྱང་རྩིབས་ཤར། གྱེན་སྒྲེང་གྲུ་ཆད་ཀྱི་རྣམ་པ་ཡིད་དུ་འོང་བ། མེ་ཏོག་གི་ཆར་སོགས་མཆོག་དམན་ཀུན་གྱིས་མཐོང་བའི་ལྟས་ངོ་མཚར་བ་བྱུང་། བསྟན་འཛིན་ཆོས་ཀྱི་རྒྱལ་པོས་ནམ་མཁའ་ནས་མིའི་དབྱིབས་ཅན་རྒྱན་གྱིས་མཛེས་པ་དུ་མས་འཕགས་པ་ལ་མཆོད་པ་བྱེད་པ་གཟིགས་པ་ནི་ལྷའི་བུ་བུ་མོ་ཡིན་པའི་ཚོད་དུ་སྣང་། རྟེན་འགངས་ཆེ་བ་ཙམ་གྱིས་མཐའ་འདྲེ་མ་རུངས་པའི་སྒབ་འདྲེ་མི་ཡོང་བའི་ངེས་པའང་མི་འདུག་པས་ཁྱབ་བདག་ཆོས་དབྱིངས་རང་གྲོལ་གྱི་དཔལ་ཆེན་ཧེ་རུ་ཀའི་ཆས་སུ་ཞུགས་ཏེ་རྡོ་རྗེ་འབར་བའི་མཚོན་ཆར་གྱིས་རྗེས་འབྲང་གི་འབྱུང་པོ་རྣམས་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་བསྐྲད། འཕགས་པ་གཙང་ཁང་དུ་གདན་དྲངས་ཏེ་མཆོད་ཡོན་རྣམས་འཕགས་


GLG005_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་མདུན་དུ་ལོ་རྒྱུས་ཀྱི་གླེང་མོ་དང་བཅས་པའི་དགའ་སྟོན་མཛད། ཕྱི་དྲི་ལྟོ་འཕྱེའི་ཐིག་ཐོག་བཞིན་ས་བརྐོས་པས་ཐོག་མར་ས་སྣུམ་པ་དང་དེ་ནས་དཀར་བ་འབའ་ཞིག་བྱུང་བ་བརྐོས་ཤུལ་དུ་མ་ཤོར་བར་ཕྱུར་བུར་གྱུར། ས་འདྲ་བའི་ཕྱོགས་བཞི་གར་སྣོད་ཆུས་གང་བ་ཁུར་ནས་ཡོངས་པ་དང་ཕྲད་ཅིང་འཁུར་མཁན་གྱི་མིང་བཀྲའང་ལེགས་པ་ཤ་སྟག་བྱུང་། འགོང་པོའི་རིགས་ཀྱི་འཚུབ་ཅུང་ཟད་ཆེ་བར་བྲག་སྣ་ཆོས་རྗེས་གཙོས་གྲ་ཚང་གི་གྲ་པ་གྲངས་བཅད་ཀྱིས་ཨར་ལ་གཏད། གཞན་ཡང་བུམ་གཏེར་དང་ཀླུ་རྟེན་བཅའ་བ་སོགས་རྒྱལ་ཁམས་བདེ་བའི་ཐབས་ཚུལ་མང་དུ་སྤེལ། ཕྱི་རོལ་དགྲ་བགེགས་ཀྱི་དཔུང་ཚོགས་གཞོམ་པའི་ཆེད་དུ་ཟིལ་གནོན་དུས་དགྲའི་དབང་པོའི་སྨད་ལས་དྲག་པོ་ཟོར་གྱི་སྦྱོར་བ་བསྒྲུབས། ཟོར་འདོན་ཁར་རླུང་འཚུབ་ཀྱི་ལྷོངས་ཆེའང་བདུད་ཆས་སུ་ཞུགས་ཏེ་ཕྱིར་ཐེན་པ་དང་འཐེར་རླུང་གིས་ཟེར་སྣ་དྲངས་པ་ལྟ་བུའི་ལྟས་ལེགས་པར་བྱུང་། ཚེས་བཅུ་ལ་བླ་མའི་ལས་བྱང་དང་འདོད་ཁམས་དབང་ཕྱུག་མའི་བསྐང་བ་གཉེར་གཏད་ཕུན་ཚོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་མཐའ་བརྟེན་ཏེ་ཚེས་བཅུ་གཅིག་ལ་དཔལ་ལྡན་འབྲས་སྤུངས་སུ་སླེབས། རྫོང་གི་ཕྱོགས་བཞིའི་རྨང་དུ་དགྲ་བགེགས་གནོན་པའི་འཇམ་དཔལ་གཤིན་རྗེའི་སྒྲུབ་པ་བྲག་སྣ་ཆོས་རྗེས་ཐོག་དྲངས་པ་རྣམས་ཀྱིས་མཛད། ཤངས་སུ་དགའ་ལྡན་ཆོས་འཁོར་བཙུགས་ནས་འཆད་ཉན་ལ་ཁར་ཁ་རབ་འབྱམས་པ་བློ་བཟང་དཔལ་འབྱོར་བསྐོས། ཚོགས་ཆེན་ལ་ཞག་ཉི་ཤུ་སྐོར་གྱི་བར་བྱང་ཆུབ་ལམ་གྱི་རིམ་པའི་སྐྱེས་བུ་ཆུང་ངུའི་ཕྱེད་ཡན་ཙམ་ལ་བཤད་ལུང་ཤིན་ཏུ་ཞིབ་པ་ཕུལ། སྐུ་མདུན་སྨོན་འགྲོ་ནས་སྐུ་གཞོན་པ་འགྱངས་མེད་དུ་འབྱོན་


GLG005_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་ཀྱི་འཕྲིན་ལན་ཧུང་རྒྱ་མཐུན་རྐྱེན་གྱི་ལམ་ཡིག་བསྲིངས། འཕྲུལ་སྣང་གཙུག་ལག་ཁང་གི་ཁྱམས་རའི་ཞིག་གསོས་ཀྱི་ཐེབས་གཙང་གི་ཆོས་སྡེ་ཆེན་པོའི་ཤིང་ཆ་སོགས་ད་ལའི་ཀུན་ཅི་རྒྱལ་མོས་ཕུལ་བར་བརྟེན་ནང་ཀ་བ་བརྒྱ་སྒོ་ཁང་ཀ་བ་བརྒྱད་ཀྱིས་ཇོ་ཤཱཀ་གི་ཞབས་ཏོག་དང་མཉན་ཡོད་མཆོད་པའི་དགེ་འདུན་གྱི་ཀུན་དགའ་ར་བར་དམིགས་པ་ལེགས་པར་འགྲུབ། བསམ་ཡས་སུ་གཙང་དུས་ཀྱི་མཆོད་འབུལ་རྒྱུན་འདུག་ལ་གོང་འཕེལ་གྱི་ཚུལ་དུ་མཆོད་འབུལ་བ་ལྔས་མཆོད་པ་སྣ་ལྔ་དྲུག་ཅུ་རེ། དགའ་ལྡན་དངུལ་གདུང་རིན་པོ་ཆེར་གསར་འཛུགས་ཀྱི་མཆོད་པ་སྣ་ལྔ་ལྔ་བཅུ་ཐམ་པ་འབུལ་བར་ཉང་རོང་གྲ་ཚང་གི་གྲ་པ་ལྔ་སྡེ་རེས་སྐོར་གྱིས་གཏན་འཇགས་སུ་བྱས་ཀྱང་བསམ་ཡས་ཀྱི་དེ་གྲངས་ཚང་ཕྱག་ཏུ་མ་ཁེལ་བའི་འཕྲོས་ཤིག་སྣང་། བདེ་ཆེན་ཆོས་འཁོར་ནས་བ་སོའི་ཁ་ཊྭཱཾ་ག་ཆུང་ངུའི་རྟེན་དང་བཅས་པའི་ཡིག་ལན་སྙན་ངག་དང་རྗེ་བཙུན་མི་ལ་ལྟ་བུའི་གྲགས་པ་དོན་ལྡན་གྱི་གྲུབ་ཆེན་དཀའ་བཅུ་བག་དྲོ་ངག་དབང་ལྷུན་གྲུབ་ལ་ཆེད་དུ་བསྔགས་པའི་འཕྲིན་ཡིག་ཚིག་བཅད་བསྐུར། ཨེ་པ་དཔོན་ཡིག་ཆོས་ནོར་བུ་དང་ངག་དབང་དཔལ་འབྱོར་གཉིས་ཀྱིས་གླེགས་བམ་མང་དུ་བཞེངས་ཤིང་ངག་དབང་དཔལ་འབྱོར་ད་ལྟའི་བར་དུ་ཡི་གེ་འབྲི་བར་རྐང་ཚུགས་སུ་བསྡད། དབྱར་སྟོན་གྱི་རིང་གྲ་ཚང་ལ་དཀོན་གཉེར་དཔོན་དགེ་སྟེང་བླ་མས་ཕུར་པ་དང་རྡོ་རྗེ་བྲག་པའི་སྐུ་མདུན་ཀུན་བཟང་དབང་པོས་ཚེ་བདག་གི་གདངས་དབྱངས་ཡོངས་རྫོགས་དང་ཁ་ཤས་ལ་གཏོར་བཟོའི་ཕྱག་ལེན་ཁྲིད། དཀོན་གཉེར་དཔོན་པོས་བསྐུལ་བའི་འཁྲུངས་རབས་གསོལ་འདེབས། རོང་པ་སྐུ་མདུན་གྱི་ངོར་གསོལ་འདེབས་སྨོན་ལམ། རབ་འབྱམས་པ་བློ་བཟང་ཆོས་གྲགས་ཀྱི་འདོད་པ་བཞིན་ཆོས་གླིང་གྲ་ཚང་གི་དེབ་


GLG005_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འགོ་བརྗོད། དཔོན་ཚང་བྱང་ངོས་བསོད་ནམས་དཔལ་བཟང་གི་ཉམས་ལེན་དུ་སྤྱན་རས་གཟིགས་ལ་བརྟེན་པའི་བླ་མའི་རྣལ་འབྱོར། ཆོས་འཁོར་རྒྱལ་གྱི་བཅའ་ཡིག །གླིང་སྨད་ཞབས་དྲུང་རིན་པོ་ཆེས་བཀའ་བསྩལ་བ་བཞིན་ཕར་ཕྱིན་བརྒྱུད་འདེབས་རྣམས་བྲིས། སྐུ་མདུན་ཀུན་བཟང་དབང་པོས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཕྱག་མཚན་གནམ་ལྕགས་ཀྱི་རྡོ་རྗེ་ཆོས་རྒྱལ་བྱང་པའི་བླ་རྡོ་ཐུགས་དམ་རྟེན་གྱི་རིག་འཛིན་ཆེན་པོ། ནུབ་དགོན་རྗེ། དྲན་མཆོག་རིན་པོ་ཆེ་གསུམ་གྱི་སྐུ་བརྙན་བྱུང་བར་གཏན་འཇགས་ཀྱི་གཤོར་འདེབས་སོགས་བདག་རྐྱེན་སྔ་ཕྱིར་གཟབ། གསོ་བ་རིག་པ་འདི་མཆོག་དམན་ཀུན་ལ་ཕན་ཐོགས་ཤིན་ཏུ་ཆེ་བ་ཞིག་འདུག་པས་ནུབ་མར་ཉི་ཐང་དྲུང་ཆེན་བློ་བཟང་རྒྱ་མཚོ་སློབ་དཔོན་དུ་བསྐོས་ནས་སློབ་མ་སུམ་ཅུ་སྐོར་ལ་ཕོགས་ཇ་ཚུལ་དང་འཆད་ཉན་བཙུགས་ན་ལེགས་ཚུལ་སྡེ་པར་ཞུས་པ་ལྟར་ཐུགས་ཁུར་བཞེས་ནས་འཕྲལ་དུ་བསྒྲུབས་པའི་མིང་གསོ་རིག་འགྲོ་ཕན་གླིང་དུ་བཏགས། རྒྱུད་བཞིའི་བརྒྱུད་འདེབས་དགོས་ཚུལ་བཞིན་བརྩམས། འབྲས་སྤུངས་འདུ་ཁང་སྟེང་གི་དཀར་ཕིབས་ཆེན་མོར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་རྣམ་པར་ཐར་པ་ཡོངས་རྫོགས་ཀྱི་ཞིང་བཀོད་བྲིས། ཕར་ཕྱིན་གྱི་སྐབས་བཞི་པ་མན་གྱི་འཕྲོ་མུས་རྣམས་དབྱར་ཐོག་འདིར་གྲུབ་པ་བྱས། རབ་འབྱམས་པ་དོམ་བསྙག་གྲོངས་པར་བརྟེན་རབ་འབྱམས་འབུར་ལྟག་པ་ངག་དབང་དཔལ་བཟང་གིས་ཞུ་དག་མཛད་པར་པཎ་ཆེན་དང་མི་མཐུན་པ་འགའ་ཞིག་བཟོས་སོང་བར་ཆོས་འཁོར་གླིང་པ་རྣམས་མི་འདོད་འདུག་པས་སླར་བདག་གིས་བསྐྱར་ནས་བཅོས། དཀར་ལུགས་ཀྱི་ཆོས་རྗེ་ཏྲེ་བོ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་ཆོས་རྒྱལ་ཕོ་


GLG005_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བྲང་པའི་ཞལ་ངོ་ཁ་རག་སྤྲུལ་སྐུ་བྱང་ཆུབ་ལམ་སྒྲོན་གྱི་ལུང་ཕུལ། སྡེ་པས་བསྐུལ་མ་མཛད་པ་ལྟར་དཔལ་ལྡན་དུང་སྐྱོང་དབང་མོ་དང་སྒྲིབ་པའི་རྫོང་བཙན་བཅས་པའི་གཏོར་ཆོག་བསྐང་བ་བསྟོད་པ་དང་བཅས་པའི་ཆོག་སྒྲིགས་བཀོད། བློ་གསལ་གླིང་གི་རིགས་གྲར་ཕོ་ཁང་དཔོན་སློབ་འཇམ་དབྱངས་བཀྲ་ཤིས་ཀྱིས་བོས། རྡོ་རྗེ་འཆང་ཕ་བོང་ཁ་པའི་རྟོགས་བརྗོད་སྙན་དངགས་ཀྱི་ལམ་ལས་དྲངས་པ་ཞིག་བརྩམས། རྩ་ཁུ་ནས་དང་བཀྲ་ཤིས་རྩེ་པ་འབྲིང་པོ་སོགས་མང་དག་གིས་ཨར་པོ་རློན་བརྩེགས་གནང་ན་མི་འགབ་ཚུལ་ཞུས་འདུག་ཅིང་ངེད་རང་གིས་ཀྱང་སྐུ་མདུན་རིན་པོ་ཆེས་དགའ་ལྡན་ཕོ་བྲང་གི་ཐོག་ཟོ་རེ་ལ་ལོ་རེ་མཛད་པས་དེང་སང་ཤིན་ཏུ་ཐང་བའི་དཔེ་དང་བཅས་ཁོང་ཚོའི་རྒྱུ་མཚན་གྱི་ཞབས་འཐུད་ཀྱང་སྟག་ལུང་ཞབས་དྲུང་དང་ཕྱག་མཛོད་གཉིས་ནས་མགྱོགས་ཁྱད་ཀྱི་རྒྱུ་མཚན་བྱུང་འདྲ་ཟེར་གང་ལྟར་ཕྱག་ལས་གང་ལའང་ཚར་བརྩིབ་རྒྱུངས་ལ་འདུག་ཅིང་སྟར་སྡོང་མགྲོན་གཉེར་དང་མངའ་རིས་དྲུང་ཆུང་གིས་དགུ་འདྲེན་སྐབས་གྱང་བརྒྱབ་པ་སོགས་ཧ་ཅང་རྩོལ་དྲགས་པས་གྲོང་གསར་ནས་ཀྱང་རང་དབང་མ་འདུས་པའི་རྗེ་རང་བྱུང་པས་འབྲི་གུང་དཔལ་འཛིན་ལ་གླང་རྒན་དུ་སྐྱེ་གསུངས་པར་བེའུ་བྱེད་ལོང་མི་ཡོང་བ་འདྲ་ཞུས་པའི་དཔེར་སོང་། འབོག་གོང་སྦྱོར་ར་ཆོས་སྡེའི་རབ་འབྱམས་པ་ཞིག་གིས་འབུམ་པོ་ཏི་བཅུ་དྲུག་གི་རྒྱུགས་སྤྲད། ཇ་ཁག་ཡ། གོས་དར། རྟ་སོགས་རྒྱས་པར་བསྟར། འདི་ནས་བཟུང་རྒྱུགས་སྤྲོད་པ་མང་གཤིས་རྒྱུད་བཞི་དང་ཕར་ཕྱིན་ལྟ་བུ་པོ་ཏི་ཚད་ལོངས་ངེས་ལ་ཁ་བཏགས། ཇ་ཁག་ཡ། བན་གཟན། ཤོག་བུ་ཉིས་བརྒྱ་ཚུན་ལ་ཇ་བར་ཁག་དང་གཟན། ཉང་ཉུང་གི་རིགས་ལ་གང་འཚམ་གྱི་


GLG005_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

སྟེར་སྦྱིན་སོགས་འཚེམས་མེད་དུ་བྱས། སྟོན་པཎ་ཆེན་སྨོན་འགྲོ་བ་རིག་གནས་རྒྱ་མཚོའི་འཕྲེང་བ་འཛིན་པའི་སྲས་འཇམ་དབྱངས་དབང་རྒྱལ་རྡོ་རྗེ་གདན་དྲངས། སྒྲ་ཀ་ཙན་གཉིས་ཀྱི་རི་མོ་ཡང་བསྐྱར་གྱིས་དཀའ་གནས་ཀྱི་དོགས་གཅོད་དང་བཅས་ཤིན་ཏུ་ཞིབ་པ། སྙན་ངག་མེ་ལོང་རིན་སྤུངས་པའི་འགྲེལ་བ་ལ་གཞི་གནང་འགྲེལ་པ་གཞན་དང་ཁྱད་པར་གསུང་རྒྱུན་གྱི་ལེགས་པར་བཤད་པས་བརྒྱན་པའི་ཞིབ་བཤད་ཉན་ནས་ལེའུ་གསུམ་གའི་རྩོམ་རྒྱུགས་རྒྱས་པར་ཕུལ། གཟའ་ལྔ་ཚེས་སྤྱོད་ཀྱི་རེའུ་མིག་རྒྱ་མཚོ། དུས་རམས་པ་འཆི་མེད་བདེ་བས་དབྱངས་འཆར་ཕུག་ནས་དཔལ་མགོན་འཕྲིན་ལས་པའི་དྲུང་དུ་སྦྱངས་པར་མ་ཟད་འཛུམ་ལང་གི་པཎྜི་ཏ་ལ་གཏུགས་པའི་ཕྱག་ལེན་གྱི་རྒྱུན་ཉིས་ཚོགས་ཀྱི་གསུང་བཤད་དང་རི་མོ་ཡོངས་རྫོགས། བིཏྟ་ཛཱ་ཏི་ངོ་མཚར་རྟོགས་བྱེད་དེ་སྡེབ་སྦྱོར་ཆ་ཚང་། སུམ་རྟགས་ཀྱི་རི་མོ་དང་ཞིབ་བཤད། རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་གི་དཀའ་བའི་གནད་རྣམས་དང་བཅས་པ་ལེགས་པར་ཞུས་ཤིང་ཁོང་དུ་ཆུད་པའི་ལུགས་སུ་བྱས། ལྷ་པ་སྐུ་སྐྱེ་དང་ལྷ་བྲིས་པ་བཙུན་ཆུང་སོགས་ཀྱིས་མི་སྐྱ་ལ་བླ་མ་བཅོལ་ཞེས་ཁ་ཟེར་བ་ཁྱིམ་པ་ལ་ངོས་འཛིན་ན་རྙིང་མར་མ་ཟད། འབྲོག །མལ། མར་པ། མར་དོ། འགོས། ས་ཆེན། རྭ་འབུམ་སེང་ཁུ་དབོན། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ་ལྟ་བུ་གསར་མ་བ་ལ་ཡང་ཤིན་ཏུ་མང་། དེ་དག་སྔགས་པ་ཡིན་པས་མི་འདྲ་ཟེར་ན། རྒྱ་གར་དུ་ཆོས་རྒྱལ་དགེ་དབང་། བོད་དུ་སྲོང་བཙན་སྒམ་པོ། རིགས་ལྡན་རྣམ་རྒྱལ་གྲགས་པས་མཚོན་པ་ཇི་སྙེད། རབ་བྱུང་དང་སྐྱ་བོ་འདམ་འདོད་བྱུང་ནས་སྐྱ་བོར་འདམ་པ་མིན། ཡོན་ཏན་


GLG005_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཙམ་ཡོད་པའི་དགེ་ཚུལ་སློང་ཞིག་འདིའོ་ཞེས་མཛུབ་མོ་འཛུགས་རྒྱུ་ཡོད་ན་ཁྲིད་ཤོག་དང་ཁོ་བོས་པུས་མོ་ས་ལ་བཙུགས་ཏེ་ལག་པའི་སོར་མོ་སྙིང་གར་སྦྱོར་བར་ཐེ་ཚོམ་མེད་ཀྱང་། འབྲུག་པ་ཀུན་ལེགས་ཀྱིས། ཁྱེད་ཉ་མ་རྣམས་ཀྱི་དད་པ་དེ། །གཞན་ལ་མི་འདུག་ཟེར་ཟེར་ནས། །རང་ལ་མེད་པ་ངོ་མཚར་ཆེ་ཟེར་བ་དེ་གར་གདའོ། །འབྲུག་པ་པདྨ་དཀར་པོས་རིག་པའི་གནས་ལྔ་ལ་མཁས་པའི་སྨོན་ལམ་ཇོ་ཤཱཀ་མཇལ་སྐབས་མཛད་པ་ལྟར་འགྲུབ་གསུང་བ་བདག་གིས་སྨོན་ལམ་འདེབས་རྒྱུ་མ་བྱུང་ཡང་རྟ་མགྱོགས་བོང་བུ་འགོར་ཞག་ས་གནས་མལ་གཅིག་པའི་དཔེར་སྣང་། སློབ་དཔོན་རིན་པོ་ཆེ་སྨོན་འགྲོ་ནས་ཀྱི་གསུང་གིས་བསྐུལ་བ་ལྟར་ཀ་ཙན་སྙན་ངག་དབྱངས་འཆར་བཞིའི་བརྒྱུད་འདེབས་ཤིག་ཀྱང་བརྩམས། ཡབ་རིག་གནས་རྒྱ་མཚོའི་འཕྲེང་བ་འཛིན་པས་སྟག་ཚང་ལོ་ཙཱ་བ་དང་ལོ་ཆེན་འགྱུར་མེད་ཀྱིས་བསྒྲུབས་པའི་ཚེ་དཔག་མེད་དང་རྣམ་རྒྱལ་མའི་གཟུངས་ཀྱི་བྱིངས་སྒྲུབ་ཀྱི་དཔེ་ཆའི་རྟེན་དང་བུ་ཆུང་སོང་ཚུལ་གྱི་ཕྱག་བྲིས་བྱུང་བའི་ལན་རྒྱན་གྱིས་སྤུད། སློབ་དཔོན་ལ་དྲིན་དུ་གཟོ་བའི་བདོག་པའི་དངོས་པོའི་ཡོན་བསྟར་ཏེ་གཙང་དུ་ཐེགས། དེ་མོ་སྤྲུལ་སྐུ་དང་སྡེ་པ་གཞི་རྩ་བ་སོགས་པར་འགྲུལ་མང་ཞིག་འབྱོར་ཏེ་ཡུལ་ལུགས་ཀྱི་དངོས་པོ་གྱ་ནོམ་པ་བསྟར་ཞིང་འདོད་ཆོས་འདྲའང་བྱས། གཞི་རྩ་བས་ངེད་གྲུབ་མཐའ་མི་གཙང་ལབས་སྣང་བས་རྒྱལ་བ་ཙོང་ཁ་པ་ཡབ་སྲས་ནས་བརྒྱུད་པའི་དབང་ཁྲིད་བཤད་བཀའ་ཆད་ཟིན་པ་ཚོ་ནི་མར་པས་གསོ་དཔྱད་ཡན་ལག་བརྒྱད་པར་ང་མཁས་ཀྱང་རོ་མགོ་མེད་ལ་བྱ་ཐབས་མེད་ཚུལ་གསུངས་པ་ལྟར་ཅི་བྱེད་ལས་མི་འདུག །


GLG005_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་རྗེ་ཡབ་སྲས་ཀྱི་མདོ་རྒྱུད་ཀྱི་རྒྱུན་ཡོད་པ་ཚོ་ནི་ས་ཕུག་གནམ་བརྟོལ་གྱིས་རྩོལ་བ་བྱས། མཁས་གྲུབ་གཞན་གྱི་ཆོས་ལུགས་ཤེས་ཤིང་ཆོས་རྣམས་ལ་ཞིབ་མོར་དཔྱད་བརྒྱུད་པ་བཙལ་བས་ལྟ་གྲུབ་མི་གཙང་བར་སོང་བ་ནི་བདེན་ཤས་ཆེ་ར་ཕོ་དཀར་པོ་ལུག་ཁྱུར་མི་འགྲེ་བ་འཇིག་རྟེན་སྤྱི་སྲོལ་དུ་གདའ། ལྗངས་ས་ཐམ་རྒྱལ་པོས་རྒྱལ་པོ་མཆོད་ཡོན་ལ་མཚམས་འདྲིའི་གསེར་ཡིག་པ་མངགས་པའི་ཞར་བྱུང་དུ་སྐྱེས་ཀྱི་རྣམ་པ་བརྡ་མཚོན་ཀྱང་འདུག །འབྲི་གུང་ཞབས་དྲུང་རིན་པོ་ཆེ་དཀོན་མཆོག་ཕུན་ཚོགས་ཀྱིས་བར་སྐབས་སུ་མཆོད་ཡོན་ཕྱོགས་གཏོགས་ལ་མངོན་སྤྱོད་ཀྱི་ལས་སྦྱོར་འདྲ་གནང་བ་ཕྱག་གཡོན་ནང་མ་ནག་དགུ་བ་ཁ་ཕྱིར་འཆུས་པའི་སྟག་རྩེ་ཐའི་ཇི་སྐུ་མཆེད་ལ་གཏུགས་པ་མཆོད་ཡོན་དུ་ཞུས་པའི་འཕྲུལ་གྱིས་ལྷ་སར་གདན་དྲངས། དེ་སྐོར་ལ་དཀར་ཡང་གནང་མ་ནུས་པར་བརྟེན་ཞབས་དྲུང་དཔོན་སློབ་བདུན་བརྒྱད་ཅིག་སྟག་རྩེར་བཟང་བཙོན་དང་མཐིལ་སོགས་དགོན་པ་རྣམས་ཞབས་དྲུང་སྐུ་འབྲིང་བར་རྩིས་སྦྲད། རྫོང་གཞིས་རགས་རིམ་བཞེས་པའི་ཐུགས་ཐག་བཅད། ལྷ་ས་བཞུགས་མཚེར་དུ་སྒོར་བསྐྱིལ་དང་ཕྱག་གཡོག་དམངས་མ་སློག་པའི་སྟ་གོན་སྐབས་གནས་ཚུལ་འདི་བཞིན་འདུག་པས་ཕན་ཐོགས་གནང་རན་ཚུལ་ཟུར་ཀུན་མཁྱེན་ཆེན་པོས་ཕེབས་བྱུང་བས། བླ་མའི་བཀའ་དང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཡབ་སྲས་ནས་བརྒྱུད་པའི་ཟབ་ཆོས་མང་པོ་ཐོབ་པའི་དམ་ཚིག་ལ་བསམས་སྡེ་པར་ནང་བཅར་གྱི་སཾ་ཊ་ཕུལ་བར་མི་འགབ་པའི་ཕྱོགས་བྱུང་བ་ལ། སླར་ནན་ཤིན་ཏུ་ཆེ་བའི་ཡི་གེ་ཕུལ་བར་ད་ཆ་ཐག་ཆོད་གྲུབ་རུང་མི་གནང་ཀ་མེད་རང་ཡོད་ན་ངེད་མཆོད་ཡོན་གཉིས་ཀ་ལ་བཀའ་ཤོག་དང་བཅས་སྐུ་ཞབས་


GLG005_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅར་བ་ཞིག་ཐོང་གསུངས་འདུག་པ་ལྟར་དགེ་བཤེས་དགེ་དར་བ་བཏང་བས་སང་ཕྱག་གཡོག་ཕྱིར་སོང་བ་རྣམས་ཀྱང་སློག །ད་ཕྱིན་ཆད་ནས་རང་ཕྱོགས་ལ་ལས་སྦྱོར་མི་མཛད་པའི་ཇོ་ཤཱཀ་སྐུ་ཞབས་སུ་སྐུ་ངོས་ཀྱིས་དབུ་རལ་བསྙིལ་ཏེ་རྩི་ཁ་ཕུལ། ཞབས་དྲུང་གིས་བཀའ་དྲིན་ཆེ་ཚུལ་གྱི་བཀའ་ཤོག་ངག་བཅས་དང་ད་ཆ་དཔོན་སློབ་ཉི་ཤུ་སྐོར་གྱི་སྐུ་ཆས་ལྡང་བའི་གསོལ་སྐལ་ཞིག་ཡོང་བའི་དོ་དམ་གནང་དགོས་སོགས་བདེ་གྲོལ་བྱུང་བ་རང་ལ་ཐུགས་དགའ་མགུ་ཡི་རང་བའི་འབྲི་གུང་གི་ས་ཆ་རྫོང་གཞིས་ཚོར་རེ་ཐག་གཅོད་པ་མཛད་འདུག་ཀྱང་ནང་གི་སྐུ་ཆས་དང་ཕྱིའི་ས་རིས་རྣམས་ཟགས་འཐོར་མེད་པར་ཕྱག་ཏུ་འབྱོར་བ་ཞུས། ངོས་ཕྲད་ཅིག་དགོས་ཕེབས་ཀྱང་མཆོད་ཡོན་གཙང་ལ་ཐེགས་པའི་གཡེང་བས་རྗེས་སུ་མཇལ་བའི་རྒྱུ་མཚན་ཕུལ། རང་ཕྱོགས་ཕལ་ཆེར་བསྟན་བཤིག་དེ་མེད་པ་ཞིག་ཡོང་གྲབས་ལ་མ་བྱུང་ཞེས་རེ་འཁང་བྱེད། ལྷག་ཏུ་གསང་སྔགས་མཁར་པ་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་སྐུ་སྐྱེ་ག་ནས་ཡིན་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་ཡིན་པར་འདུག་ཅེས་གླེང་། རྒྱལ་པོ་གཙུག་ལག་འཛིན་ཡིན་ན་སྨད་རར་མ་སོང་གཞན་ཉེས་དམིགས་ལས་བསྐྱབས་པས་ཐམས་ཅད་མཁྱེན་པ་མིན་པར་སྨྲ་བ་ངེད་ལ་མ་བལྟས་ཀྱང་བླ་མ་སྔ་མ་རྣམས་ཀྱི་ཞབས་འདྲེན་ཡིན་པ་འདྲའོ། །བྲག་ཁ་བ་ཞལ་ངོ་ནང་མཚམས་སུ་མ་མཐུན་པའི་ལྷ་སར་བཤེར་སོགས་རྒྱ་ཆེར་སོང་སྐབས་སྡེ་པ་སྐུ་མཆེད་གཉིས་འབྲས་སྤུངས་སུ་འབྲོས་རྩིས་ལ་བློན་པོ་རྣམས་ཀྱིས་བསླུས་ནས་བཤོལ་བར་གདའ། འབྲས་སྤུངས་སུ་བྱོལ་ན་བཙོན་དུ་མི་ཆུད་པའི་དཔང་ལག་ཙམ་ཐུབ་རིགས་ཡིན་སྣང་


GLG005_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཡས་ཟུང་མཁར་གྱི་ས་རིས་རྣམས་ཆོས་སྐྱོང་གཉན་པའི་སྡེ་པ་ཞལ་འཛིན་གནང་འདོད་མི་འདུག་ཅིང་བྲག་བསམ་སྔར་ནས་བདག་པོ་མི་གཅིག་པའི་ཁ་ཕྲལ་ཆོག་པ་གཞིར་བཅས་སུ་འདུག་ཀྱང་། བསམ་ཡས་ཀྱི་ཞིག་གསོས་སུ་ཕན་ལ་རེའི་བྲག་བསམ་ཟུང་མཁར་དང་བཅས་པ་ཐའི་ཇི་སྐུ་མཆེད་ལ་རྩིས་སྤྲད་པ་འགབ་ཚུལ་གྱི་ཆར་སྟོན་བྱས་པ་ལྟར་སྡེ་པས་གནང་ཞིང་བྲག་ཁ་བའི་དུས་གཙུག་ལག་ཁང་གི་ཁྱམས་སུ་བ་ཕྱུགས་གསོ་བ་སོགས་གོག་ཉམས་ཤིན་ཏུ་ཆེ་བ་ཞིག་ཡོད་པ་ནས། ད་ཆ་ལྷ་ཁང་རྣམས་ལ་ཞིག་གསོས་བདག་རྐྱེན་གང་ཆེ་དགོས་ཚུལ་གྱི་རྒྱུ་མཚན་སྨེད་ཅིང་ཐའི་ཇི་མཆེད་གཉིས་ཀྱང་བསམ་ཡས་ལ་བག་ཆགས་བཟང་པོ་ཞིག་ཡོད་ཚོད་ནས་ད་ལྟའི་བར་དུ་ཐུགས་ཁུར་ཆད་བཞེས་ཁོ་ན་བྱུང་། དཀོན་གཉེར་རྣམས་ཀྱིས་བསྐུལ་བས་ལྷ་ས་མ་བུའི་དཀར་ཆག་ཅིག་བྲིས། བར་སྐབས་སུ་རྗེ་བསོད་ནམས་རྒྱ་མཚོའི་དུས་ཀྱི་བསྐང་གསོའི་གདངས་དབྱངས་རྣམས་རིམ་གྱིས་འཆལ་འདུག་པར་དབུ་མཛད་བློ་བཟང་བསྟན་འཛིན་དང་བློ་བཟང་ཡོན་ཏན་གྱིས་དབུ་མཛད་དོན་གྲུབ་བཀྲ་ཤིས་ལ་ཞིབ་ཏུ་དཔྱད་པའི་ཉམས་པ་གསོས། གྲ་ཚང་གི་བྱང་འདྲེན་དུ་དབུ་མཛད་བློ་བཟང་ཡོན་ཏན་བསྐོས། མེའི་སྤུ་གྲི་དང་བཤོར་སང་ཉི་མ་ཁྲོས་ཀྱི་སྒྲུབ་པ་དཀྱུས་བཞིན་བཅུགས། ཟུར་རྡོ་རྗེ་འཆང་ལ་བདེ་འདུས་ཀྱི་སྒྲུབ་དབང་སོགས་ཟབ་ཆོས་མང་དུ་ཞུས། རྗེ་ཟུར་ཆེན་གྱིས་བྲག་སྣ་ཆོས་རྗེར་ཡང་རྫོང་སྙིང་ཏིག་གསན་སོང་རུང་ཞལ་སྔ་ནས་འཆམ་ཚིགས་མེད་པའི་གཏུམ་པོ་ཞིག་འདུག་པས་བརྒྱུད་པའི་བླ་མར་ཡོད་ཀྱང་དམ་ཚིག་ལ་སེལ་བྱུང་དོགས་མ་ཞུས་པས་བར་སྐབས་སུ་གཞན་ནས་
མ་རྙེད་གཤིས་ཆོས་ཀྱིས་ཕོངས་པའི་རྒྱུར་འགྲོ་ལ་ཁད་ཙམ་བྱུང་། ཧོར་ཟླ་བཅུ་གཅིག་པའི་ཚེས་བཞི་ནས་འདོད་ཁམས་དབང་ཕྱུག་མའི་བསྐང་བཤགས་ཁྲི་ཚར་བསགས་པའི་དུས་གྲ་ཚང་གི་འབྲས་སྦང་བྲིས་སྐུར་འཕྲིན་བཅོལ་བཀོད་པའི་དར་ཚོན་སྣ་ལྔའི་སྙན་དར་ཕུལ། རས་ཆུང་ཕུག་སྤྲུལ་སྐུ་བྱོན། བྱ་བའི་ཞལ་ངོ་མཐའ་དག་མཁྱེན་རབ་ཡངས་པའི་དཔེར་བརྩིའང་སྐུ་སྐྱེའི་གླེང་གཞི་བྱུང་ནས་རྒྱལ་སྲིད་འཛིན་པར་མ་ཕན་དོགས་ཟམ་པའི་འོག་སོགས་མི་གཙང་བའི་རྫས་ཁོ་ནས་སྦགས་སྐྱོན་ཡིན་འདྲ་ཟེར་གང་ལྟར་གསུང་སྒོ་ཤིན་ཏུ་དོག་པ་ཞིག་སྣང་། ལོ་མཇུག་གི་དུས་རིམ་དང་།

དགུང་ལོ་སུམ་ཅུ་པར་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གྱི་དགོངས་རྫོགས་མཆོད་སྤྲིན་བསྟར་བ་དང་། སེ་རའི་འདུ་ཁང་སྟེང་འོག་གི་ལྡེབས་བྲིས་གསར་བཞེངས་བཅས་ཀྱི་སྐོར།


GLG005_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཁྱིའི་ལོ་གསར་གྱི་རྡོ་རྗེ་སློབ་དཔོན་ལ་སྔར་འཁྱུད་ལྟར་ཕྱིན། ཚ་བ་སྤྱི་ཁང་དུ་གུང་གི་དྲོ་ལ་བོས་ཤིང་ཇ་སོགས་ཁམ་པའི་སྟེར་ཆ་རྒྱས་པར་བྱས། དེར་འོད་ཟེར་བླ་མ་ཡོད་འདུག་པར་གདན་གཟོས་མ་བྱས་པས་སྙོམས་ཆུང་གི་བླ་མ་མི་ཡོང་བ་སྣང་ཞེས་རེ་འཁང་བྱས་གདའ་བ་སོ་དང་རུས་པའི་རིགས་ལ་རང་བྱོན་བརྐོ་བའི་ཁོང་གི་ཕེར་བོ་དེ་འདྲ་མི་ཤེས་པས་རིགས་མཐུན་པ་དཀའ་བར་མཆིས། སྨོན་ལམ་ཆེན་མོར་དཔག་བསམ་འཁྲི་ཤིང་ལ་སྔར་གྱི་རྩལ་བཤད་དང་མི་མཚུངས་པའི་བཟབས་བཤད་བྱས། ཇོ་ཤཱཀ་རང་བྱོན་ལྔ་ལྡན། རྗེ་བཙུན་ཙོང་ཁ་པ། མ་གཅིག་དཔལ་ལྷ་རྣམས་ལ་སྙན་ཞལ་ཁ་ཡིག་གིས་སྤྲས་པ་ཕུལ། འདི་ནས་བཟུང་སྨོན་ལམ་ཁ་ཡར་ལ་ཆོས་རྗེ་ཏྲེ་བོ་དང་ལྷ་རྩེ་སྐུ་སྐྱེ་ཡང་བྱུང་། མངའ་རིས་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་འདས་པའི་དགེ་རྩར་མང་སྐོལ་དང་ཤལ་དཀར་དམར་གསེར་གུར་ཀུམ་སོགས་འབྱོར་བར་བསྔོ་སྨོན་གྱིས་རྒྱས་བཏབ། སྟོང་འཁོར་སྤྲུལ་སྐུ་རྒྱལ་བ་རྒྱ་མཚོ་མངལ་


GLG005_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྲིད་པ་འཛིན་མ་དགོས་པར་རྒྱ་ཕྲུག་ལོ་ཉི་ཤུ་ཙམ་འགྲོ་བ་ཞིག་གི་ཕུང་པོ་དུར་ཁྲོད་དུ་བསྐྱལ་བར་བྱ་འཕུར་བ་བཞིན་སྐད་ཅིག་ལ་འཕོས་ནས་ང་སྟོང་འཁོར་བ་ཡིན་ཞེས་ངོས་བཟུང་བར་བརྟེན་སྟོང་འཁོར་འཕོ་བ་གྲོང་འཇུག་པར་གྲགས་པ་མདོ་རྒྱུད་རྒྱ་མཚོ། སེ་ཆེན་ཐའི་ཇི། དཔོན་པོ་ཁོ་ལོ་ཆིའི་སྐུ་སྐྱེ་ཅན་འབྱོར་བའི་ཚོགས་སུ་མང་འགྱེད་དང་བསྔོ་རྟེན་བསྐྲུན་པ་རྫོགས་པའི་བྱང་ཆུབ་ཏུ་རྒྱས་བཏབ། འབྲོག་མིའི་རྣམ་ཐར་བཞིན་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་སླར་རང་གི་ཕུང་པོ་ལ་ནི་འཇུག་པ་བཤད་ཀྱང་གྲོང་འཇུག་བརྒྱུད་ནས་འདི་འདྲའི་ལས་སླ་བ་མ་བསྟན་པས་གང་ཡིན་ཆ་མ་ཐིངས། གླིང་སྨད་ཞབས་དྲུང་སྐུ་རྟེན་བབས་ལྕི་བའི་མཛད་པ་མཐའ་མ་སྟོན་པར་ཉེ་ཚུལ་ཐོས་པས་སྨོན་ལམ་གྲོལ་འཕྲལ་གསང་སྔགས་མཁར་དུ་ཕྱིན་ཞག་གཉིས་བསྡད། རྟེན་འབྲེལ་དུ་ཚེ་དབང་ཞིག་ཕུལ་འཕྲལ་ཡུན་གྱི་གསུང་གླེང་ཞིབ་ཏུ་གནང་། ཕྱི་སྐོར་འབྲི་གུང་པ་འདི་དགེ་གནག་ཏུ་བྱེད་ཀྱང་སྔར་རི་བོ་དགའ་ལྡན་འདེབས་པའི་སྦྱིན་བདག་ཀྱང་ཡིན་པས་ད་ལོ་ཕན་ཐོགས་གནང་བ་ལེགས་འདུག་གསུང་། ཕྱིར་ལམ་ཚལ་གུང་གི་གནས་རྣམས་ཞིབ་པར་མཇལ། ཆོས་ཁྲི་བླ་བྲང་དུ་ཞག་སྡོད་བྱས་ནས་ཟུར་ཐམས་ཅད་མཁྱེན་པར་བྱང་གཏེར་གྱི་ཚེ་དབང་ཞུས་ཤིང་ཕར་ཡང་ཕུལ། གནྡྷོ་ལ་དང་འདུ་ཁང་ལ་གསར་དུ་ཞིག་གསོས་གནང་འདུག་པར་བཀྲ་ཤིས་ཀྱི་མེ་ཏོག་གཏོར། ཞག་གཅིག་པུ་དེར་རླུང་ནག་གི་གུར་ཕུབ་པར་འདྲ་བ་བྱུང་སྣང་བ་ཆོས་སྲུང་གི་མཚན་མར་མངོན། ཧོར་ཟླ་གསུམ་པའི་ཚེས་གཉིས་ལ་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་དགའ་ལྡན་གྱི་གནས་སུ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་དྲུང་དུ་གཤེགས་པའི་


GLG005_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཚུལ་བྱུང་བས་ལྷ་ལྡན་གྱི་རྟེན་རྣམས་ལ་གསེར་སྲང་དོའི་ཞལ་གསེར། ཇོ་ཤཱཀ་དང་དགའ་ལྡན་དངུལ་གདུང་རིན་པོ་ཆེས་གཙོས་པར་གོས་དར་གྱི་སྙན་ཤལ་ལ་མཁའ་ཁྱབ་ཀྱི་འགྲོ་བ་རྣམས་སྒྲོལ་བར་དགོངས་པའི་བཞེད་དོན་ལྷུན་གྲུབ་ཀྱི་སྨོན་ལམ་ཚིག་བཅད་དང་དཀར་མེ་སོགས་རང་གི་ཚོགས་གསོག་གི་ཕྱིར་དུ་འབུལ་བར་བཏང་། སྐུ་གདུང་རིན་པོ་ཆེར་སྙན་ཤལ་དང་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་དགོས་རྒྱུར་འདུག་ཀྱང་ཉམས་མྱོང་མེད་པས་ཡིད་ལ་མ་ཤར། སྤྲེལ་ལོའི་མཇུག་ཏུ་ཤར་རྒྱལ་པོའི་རྒྱལ་ཁབ་ཆེན་པོར་དུས་འགྱུར་གྱིས་ལེའུ་ཙིས་ཁྲུང་ཅིང་རྒྱལ་པོའི་རྒྱལ་ས་བླངས་པ་འཛིན་རྒྱུ་མ་བྱུང་བར་ཇུར་ཆིད་ལ་ཤོར་ཏེ་མང་བཀུར་རྒྱལ་པོའི་རྒྱལ་སར་ཤུན་ཙི་རྒྱལ་པོ་ཐོག་མར་ཕེབས་པའི་གནས་ཚུལ་ཐོས་པས་ལེགས་སོའི་ཞུ་ཡིག་རྟེན་སྦྲགས་འབུལ་བར་ཨོ་པ་ཤི་ཁི་ཡ་ཐའི་ཇི་བཏང་། ལྕོག་གྲ་སྐུ་སྐྱེས་འཕྱོང་རྒྱས་དཔལ་འབྱོར་རབ་བརྟན་པའི་བུ་དེ་འབྲུག་པ་དཔག་བསམ་དབང་པོའི་སྤྲུལ་སྐུར་ངོས་འཛིན། ལྷ་རྩེ་སྐུ་སྐྱེས་ལྷོ་བྲག་ལྷ་ཁང་གི་དེ་ཡིན་པའི་ཕྱོགས་ཀྱིས་འབྲུག་པ་ནང་ཁུལ་དུ་སྔར་གྱི་སྲི་ངན་ལྡང་གྲབས་ཀྱིས་འཐེན་ཁྱེར་སྐབས་ནས་ལྷ་རྩེ་སྤྲུལ་སྐུ་ལྷ་སར་འབྱོར་བའི་བརྟག་པ་དགོས་ཚུལ་བྱུང་བ་སྐུ་སྐྱེའི་རིགས་འདི་མོ་ཕྱཱས་ནི་མི་ཐིངས། ཐུགས་དམ་གྱི་བརྟག་པ་ནི་རི་བོང་གི་རྭར་འདུག་ལན་ཅི་འདྲའི་རིགས་བཏབ་པ་དགའ་སྙམ་ཙ་ན་དེ་ནུབ་རྨི་ལམ་དུ་དགའ་ལྡན་ཁྲི་རིན་པོ་ཆེ་ཆོས་རྒྱལ་བཀྲ་ཤིས་ཡིན་ཁུལ་ཞིག་གིས་ཕུར་པའི་སྐུ་ཀཱ་མ་རུ་པའི་རྡོ་ལས་གྲུབ་པ་ཞིག་གཏད་བྱུང་བ་པད་གདན་གྱི་ངོས་ལ་ལྷོ་བྲག་མཁོ་མཐིང་ལྷ་ཁང་གི་གཏེར་ཡིན་ཟེར་


GLG005_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡི་གེ་སྣང་། བླ་མ་དེས་རྡོ་འདི་ཁྲོ་དྲགས་ནས་ཆག་དོགས་འདུག་གསུང་། དེ་གའི་མུས་ལ་སེམས་ཉིད་ངལ་གསོར་གྱུར་པ་ཞིག་བྱུང་བ་ཡི་དམ་ཕུར་པ་ལ་མོས་པའི་བག་ཆགས་ཡིན་ཤས་ཆེ་རུང་གཙང་པ་རྒྱ་རས་སྤྱན་རས་གཟིགས་ཀྱི་སྤྲུལ་པར་བྱེད་འདུག་པས་སྐུ་སྐྱེའི་བརྟག་པར་ངོས་བཟུང་ཡང་རྫུན་དུ་མི་འགྲོ་བ་འདྲ་བསམ། ལྷ་ཁང་གི་དེ་ག་ཡིན་ཤས་ཆེ་ཞེས་ལན་བཏབ། ལྷ་ས་ནས་ཡོང་གདོང་དཔལ་གསོལ་ཐོག་འཕྲིན་བཅོལ་གྱི་སྙན་དར་ཕུལ། འབྲས་སྤུངས་སུ་སླེབས་ནས་དྲག་པོ་གཟི་ལྡན་དབང་ཕྱུག་མཆོད་གཏོར་གྱི་མཉེས་པར་བྱས་ཤིང་འཕྲིན་ལས་བཅོལ་བའི་ཁ་བྱང་ཅན་གྱི་སྙན་དར་སྒྲོན། ཚོགས་ཆེན་དུ་ལམ་རིམ་གྱི་སྐྱེས་བུ་ཆུང་ངུའི་འཕྲོ་དང་འབྲིང་གི་ཆ་གསུམ་ཆ་གཅིག་ཙམ་ལ་བཤད་ལུང་སྦྲགས་ཏེ་ཕུལ་བར་ཞག་ཉི་ཤུ་ལྷག་ཙམ་སོང་། སྔར་གླིང་སྨད་ཞབས་དྲུང་རིན་པོ་ཆེའི་བཀའ་ཕེབས་པ་ཐོད་དུ་བཅིངས་ཏེ་མངོན་པ་མཛོད་ཀྱི་ཊཱིཀྐ་གལ་ཆེ་ས་ཚོར་མཐའ་གཅོད་དང་བཅས་ཡོད་པ་ཞིག་བརྩམས། སེ་ར་ཐེག་ཆེན་གླིང་གི་འདུ་ཁང་ལ་ལོགས་བྲིས་མཛད་རྩིས་ཀྱིས་ཅི་འདྲ་འོས་སྡེ་པས་གསུང་བར་ལམ་རིམ་བརྒྱུད་པ། འདུ་ཁང་སྟེང་ཐོག་ཉི་འོད་ལ་ཆོ་འཕྲུལ་མཆོད་པ། སློབ་དཔོན་ཟླ་གྲགས་པ་དང་ཙནྡྲ་གོ་མི་གཉིས་རྩོད་པ་མཛད་པའི་རྣམ་ཐར་འགབ་ཚུལ་གི་ལྷ་བཀོད་བྱས། འབྲུག་པ་ལྕོག་གྲ་སྤྲུལ་སྐུ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར། ཁོང་པ་སྙན་ངག་གི་ཚིགས་བཅད་ནི་ལེགས་ངེས་དང་སྒྲ་ཀ་ལཱ་པ་ཡོངས་རྫོགས་འགྲོ་ཡིན་ཡོད་ཚོད་དུ་གདའ། འབྲུག་པ་རང་གི་ཕ་ཆོས་ཚོ་ནི་ཡོད་པ་གཞིར་བཅས་ཤིང་ཕྱག་རྒྱ་བའི་བཟང་རྫུའི་སྦུབས་ནི་ཤིན་ཏུ་ཆེ། སྙན་གྲགས་ལ་དཔགས་


GLG005_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཁས་པ་རང་ནི་དཀའ་བ་འདུག །དགེ་བཤེས་དགེ་དར་བ་སྔར་ནས་རིམ་གྲོར་དགོས་པའི་ལག་ལེན་རྣམས་ཁྲལ་ཆོས་ཙམ་ལས་དོ་གལ་ཆུང་ཞིང་ལོ་སྔ་མའི་ནང་དུ་འཆི་མེད་སྐུ་གསུམ་འདུས་པའི་ཚེ་བུམ་ཞིག་བཞེང་བཅུག་པ་བུམ་པ་ལ་སྣ་ཚོགས་རྡོ་རྗེ་བརྒྱབ་པ་འདི་འདྲ་ཆོས་རྗེ་སྐུ་སྐྱེས་རི་མོར་ཐོན་པ་སོར་བཞག་གི་བྲིས་པ་ངས་མར་དང་ཟན་ལ་ག་ནས་ཐོན་སོགས་སྒྱུར་སྦྱང་ཆེ་བ་བྱེད་འདུག་པར་གཉེན་པོ་བསྟེན་པ་དང་ཡུལ་ངན་སྤོང་པའི་དཔེར་བསམས་ཡ་བོ་མ་བྱས། འདིའི་སྐབས་སྡེ་པས་ཡོལ་རིན་ཆེན་གླིང་གི་བླ་མའི་འོས་ཤིག་ཨེ་ཡོད་འདྲི་བར་གྲ་ཚང་ལ་རྒྱལ་མོ་ཆུང་བས་ཕུལ་བའི་བླ་བྲེ་ཀ་གླིང་བཞི་ཙམ་ཁེབས་པ་གཉིས་ཀྱང་སྦུབས་ཟོས་བྱས་པ་སོགས་གང་ཅི་ནས་ཉེ་བར་འཁོད་པ་ཡ་མི་མཚན་པར་མངོན་ཏེ་ཁོང་པ་འོས་སུ་ཕུལ། མཆོད་དཔོན་ལ་བློ་བཟང་ལུང་རིགས་གྲ་ཚང་གི་དཀོན་གཉེར་ཐེམས་ཟིན་ལག་པ་བདེ་བར་འདུག་པ་བསྐོས་པས་ཕྱག་ལེན་རྣམས་བཀོད་པ་དང་མཐུན་པ་བྱུང་། སྔར་རས་བྲིས་ལ་བརྟེན་པའི་ཕུར་སྒྲུབ་བསྡུས་ཙམ་ཞིག་ལས་མེད་པས་གོང་དཀར་དཀོན་གཉེར་དཔོན་གྱིས་རྩ་འཆམ་དང་བྲིས་ཐིག་སོགས་ཕོ་བྲང་ཡས་མས་ཀྱི་ཕྱག་ལེན་ཇི་ལྟ་བ་བཞིན་ཁྲིད་པར་རྙིང་མ་རང་སྐད་ཀྱི་སྒྲུབ་ཆེན་གཞུང་བསྲངས་པའི་ཆོག་ཁྲིགས་བརྩམས་པ་བཙུགས་ཤིང་ངེད་རང་ནས་ཀྱང་བྲིས་ཐིག་སྦྱོང་བདར་བྱས། རྟ་ནག་སྒྲོལ་མ་ཕུག་པ་རིན་སྤུངས་པར་ཕྱོགས་འཕུལ་གྱིས་གཙང་དུས་སྐུ་རིམ་ལ་འཇུག་མེད་པས་མངོན་སྤྱོད་སྐོར་ལ་དོ་མ་གལ་བའི་མཐའ་མ་ཆོད་རུང་། སྡེ་པས་སྐུ་རིམ་པ་བཅོལ་བར་བརྟེན་ཆོས་རྗེ་མ་ཆེན་ཕྱག་ལེན་འདྲ་འཁྲིད་པར་བྱུང་བར་འཇོམས་བྱེད་ཉི་ཟླ་ནག་པོ། སངས་རྒྱས་གླིང་པའི་འཇམ་དཔལ་སྐོར་སོགས་དབང་ལུང་ལག་ལེན་ཁ་ཡར་ཕུལ། ཁོང་པས་བརྟན་བཞུགས་


GLG005_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་བཅད་ཅིག་ཀྱང་བརྩམས། གསོལ་འདེབས་དགོས་ཚུལ་བྱུང་བའང་བྲིས། རིན་པོ་ཆེ་ཁྲ་ཚང་པ་ཕྲད་པར་བྱོན། ཐམས་ཅད་མཁྱེན་པ་ཞི་བ་འཚོའི་ཚེམས་ཤིག་སྟེར་སྦྱིན་མཛད། གནམ་ལྕགས་རྫས་རྒོད་ཀྱི་སྒྲུབ་པ་དང་ཡང་གསང་ལས་བཞིའི་བསྙེན་མཚམས་ཤིན་ཏུ་དམ་པ་ཟླ་ལྷག་ཅིག་བཅད། སྣེའུ་གདོང་རྩེ་ཞབས་དྲུང་མ་ཆེན། སྟག་ལུང་ཞབས་དྲུང་ཀུན་སྤངས་པ། སྐུ་འབུམ་ཆོས་རྗེ་དོན་གྲུབ་རྒྱ་མཚོ། སྨོན་འགྲོ་པཎྜི་ཏ་ཡབ་སྲས་གཉིས་རྣམས་ཀྱི་གསུང་ཤོག་གི་ལན་རྒྱན་གྱིས་སྤྲས་པ། རབ་འབྱམས་པ་བློ་བཟང་ཆོས་གྲགས་ཀྱིས་བསྐུལ་བའི་མཆོད་ཡོན་གཉིས་ཀྱི་བརྟན་བཞུགས། རྒྱལ་ཚབ་ཐམས་ཅད་མཁྱེན་པ་ནས་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་བར་གྱི་ལམ་རིམ་བཤད་བརྒྱུད་ཀྱི་བརྒྱུད་འདེབས། མཁན་པོ་ཐུ་མིར་ཀ་འཕྲེང་གི་བསྟོད་པ་རྣམས་བརྩམས། བྱང་པ་རིག་འཛིན་ངག་གི་དབང་པོའི་སྤྲུལ་སྐུ་གང་དུ་འབྱོན་པའི་རི་ཀླུང་དགོན་གྲོང་གི་དབྱིབས་ཡོལ་མོ་སྤྲུལ་པའི་སྐུས་ཕྱག་བྲིས་སུ་མཛད་དེ་ལུང་བསྟན་པ་དང་མཐུན་པར་སྐུ་སྐྱེ་མོན་མཁར་རྣམ་སྲས་གླིང་དུ་བྱུང་། ངོས་འཛིན་གྲུབ་ནས་ཟླ་བ་དྲུག་པའི་ནང་དུ་ཕེབས་པར་ཚེས་བཅུ་དགུ་ལ་གཙུག་ཕུད་བླངས། མཚན་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེར་གསོལ། ལྕགས་སྡོང་མའི་ཚེ་དབང་དང་ལེའུ་བདུན་མ་བསམ་པ་ལྷུན་གྲུབ་མདུན་བསྐྱེད་དང་བཅས་པ་ཆ་ཚང་གི་ལུང་ཕུལ། བློ་བཟང་ཞེས་པ་རབ་འབྱམས་པ་ལྦ་བ་སོགས་གྲ་རིགས་འགའི་བློར་མ་བབས་འདུག་པར་ཀུན་བཟང་བྱས་ན་ཡོང་རྒྱུར་གཞན་སེམས་མ་ཤེས་པའི་སྐྱོན་དུ་མཆིས། ཧོར་ཟླ་བརྒྱད་པའི་ནང་དུ་སྣེའུ་གདོང་རྩེ་ནས་


GLG005_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་དྲུང་རིན་པོ་ཆེ་ཡབ་སྲས་ལྷན་རྒྱས་སུ་ཕེབས། ཚེས་བཅུ་བཞིའི་ཉིན་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེའི་གཙུག་ཕུད་བླངས། མཚན་བློ་བཟང་མཁྱེན་བརྩེའི་དབང་ཕྱུག་ནོར་འཛིན་ཆོས་ཀྱི་རྒྱལ་པོ་ངག་གི་ལྷར་གསོལ་སྐྱབས་འགྲོའི་སྡོམ་པ། ཚེ་དབང་དང་མགོན་པོ་ཕྱག་དྲུག་པའི་རྗེས་གནང་ཕུལ། དར་རྒྱས་ཆོས་སྡིངས་པ་རིག་འཛིན་འཕྲིན་ལས་ལྷུན་གྲུབ་ལ་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་བཞེད་པ་དང་སྦྱར། ངམ་རིང་མཁན་པོ་ལོ་ཆེན་བྱོན། ཇོ་བོ་ཆེན་པོའི་ཞུན་ཐིགས་ལས་གྲུབ་བའི་ཚེ་དཔག་མེད་དང་འོད་དཔག་མེད་ཀྱི་སྐུ་སྟེར་བ་མཛད། འོན་ཀྱང་ཇོ་བོ་ཆེན་པོ་གདུང་ནག་ཏུ་སོང་བའི་ལོ་རྒྱུས་མང་བས་ཐེ་ཚོམ་གྱི་གཞིར་སྣང་། སྨོན་འགྲོ་པཎྜི་ཏར་ཤབ་གདོང་སྣ་དང་ངམ་རིང་ལོ་ཆེན་ལ་སེ་མཁར་ཆུང་བའི་སྒྲུབ་གནས་དེ་དང་འབྲེལ་བའི་ས་རིས་འོས་འགབ་སྡེ་པར་ཞུས་པའི་སྦྱོར་འཇགས་བྱས། རྩེ་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ། སློབ་དཔོན་སྨོན་འགྲོ་པཎ་ཆེན་འཇམ་དབྱངས་དབང་རྒྱལ་རྡོ་རྗེ་གཉིས་དང་། བསམ་ཡས་གནོད་སྦྱིན་ཆེན་པོའི་གསུང་ལན་སྤྱན་གཟིགས་བཅས་པ་ཕུལ། རྡོ་རྗེ་བྲག་སྤྲུལ་པའི་སྐུའི་གསུང་གིས་བསྐུལ་བའི་སྨོན་ལམ། ཆོས་རྗེ་དཀོན་གཉེར་དཔོན་པས་ཞབས་དྲུང་གདུང་བརྒྱུད། ལོ་པ་ཆོས་རྗེས་ངེད་རང་། རབ་འབྱམས་པ་ངག་དབང་དོན་གྲུབ་ཀྱིས་དཔོན་སློབ་པཎ་ཆེན་རིན་པོ་ཆེ་དང་ཕྱོགས་མཐུན་དུ་ངོས་ཀྱི་མིང་སྒྲ་ཐོན་པ། རོང་པོ་དཀའ་བཅུ་ཆོས་རྗེས་ཀིརྟི་སྐུ་སྐྱེའི་བརྟན་བཞུགས། བླ་ཆེན་སྐུ་སྐྱེས་རྨོག་ལྕོག་པའི་སྐྱེ་སྲིད་མྱུར་འབྱོན་གྱི་སྨོན་ལམ་བསྐུལ་བ་རྣམས་བྲིས། ཟླ་བ་དགུ་བའི་ནང་དུ་བྱང་རྩེ་ཞལ་སྔ་ནས་མངའ་རིས་པ་ངག་དབང་


GLG005_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དབུ་མཛད། སྨད་རྒྱུད་དཔོན་སློབ་ཉི་ཤུ་སྐོར། སྒོ་མང་དང་བློ་གསལ་གླིང་གི་སློབ་དཔོན། རྣམ་རྒྱལ་གྲ་ཚང་གི་དོན་དུ་གཉེར་བ་འགའ་ཞིག་དང་བཅས་པར་འཁྲུལ་འཁོར་ཁམས་གསུམ་རྣམ་རྒྱལ་གྱི་སྟེང་ནས་འཇིགས་བྱེད་ཀྱི་འཕྲིན་ལས་བཞིའི་ཕྱག་ལེན་དཔེ་ཀློག་དང་བསྟུན་མཆོད་དཔོན་པས་ཐིག་དང་རེའུ་མིག་བཅད་པ་དཀའ་བཅུ་དོམ་རས་མ་གོ་བར་ཁོ་རང་ཚོས་དྲུག་ཅུ་བར་རྩིབས་འདོན་མ་ཤེས་པའི་གྲུ་གསུམ་འདྲད་མ་ཤུད་བྱེད་པར་འདི་འདྲ་ཡོང་ཞེས་མཁས་ཉམས་ཀྱང་བྱེད་པར་སྣང་མཁས་གྲུབ་རྗེའི་ལས་གསུམ་རྣམ་གཞག་དང་བསྟུན་པའི་མགོན་པོའི་གཏོར་ཆེན་གཙོ་འཁོར་གྱི་གཏོར་མའི་བཟོ་དབྱིབས་དང་འཁོར་ལོའི་ཕྱག་ལེན་རྣམས་ཞིབ་པར་ཁྲིད་ཅིང་དེ་དག་གི་ཡིག་ཆའི་ལུང་ཡང་ཕུལ། འདུལ་བ་སློབ་དཔོན་ཟུར་པ་རོང་ཚད་པས་ཚིགས་སུ་བོས་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་པའི་ཕྱག་ཌཾ་དང་རྒྱ་སྦུག་ཁྱད་ཅན་ཞིག་གིས་གཙོས་པའི་དངོས་པོ་བསྟར། སེ་ཆེན་ཆོས་རྗེ་རྒྱལ་བའི་འཕྲིན་ལས་པ་ཁལ་ཁར་བྲོ་འཚལ་བའི་རིམ་གྲོར་ཤེས་རབ་བླ་མ་འབྱོར་བ་ཕྱིར་ལོག་སྐབས་གོང་མ་རྒྱལ་པོར་ཞུ་ཡིག་རྟེན་སྦྲགས་ཕུལ། སོ་ག་གནས་ཆུང་ཆོས་རྒྱལ་གྱི་སྐུ་ཁོག་ནང་སོ་དགོས་ནོར་འདས་པའི་ཁོག་གསར་རྣམས་ལ་ཕེབས་ཁ་སྲ་བ་བྱུང་བས་དེ་ལ་ཕན་རེ་ཡིན་ནམ་གང་ལྟར་སྡེ་པས་རྒྱལ་གསོལ་རྒྱས་པ་ཞིག་ཆོག་སྒྲིགས་ཀྱིས་གསུང་བ་ལྟར་དབུ་བཙུགས་མཚམས་མྱུར་དུ་གྲུབ་ན་ལེགས་པའི་མཚན་མ་ཞིག་ཀྱང་བྱུང་བས་གསར་རྩོམ་རྣམས་སཾ་ཊར་བཀོད་ཡིག་རྙིང་ནས་ལེན་དགོས་ཚོ་ལ་རྟགས་བརྒྱབ་པའི་ཉིན་གཅིག་པུ་དེ་ལ་སྒྲོམས་སུ་ཆུད་པ་བྱས། འབྲུག་པ་གདུང་བརྒྱུད་ཀྱིས་ཁོང་རང་དང་


GLG005_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱོང་རྒྱས་པ་གཉིས་བྱང་པ་བདག་པོ་བརྒྱུད་པའི་ཉེ་རིགས་སུ་འགྲོ་ཁུལ་གྱི་འཕྲོས་པ་མཛད་འདུག་ཟེར་བ་དེ་ལ་བསྙད་དེ་འདི་ནས་མི་ཞིག་བཏང་། ཁོང་ལྷོ་སྡེ་བྱང་སྡེ་གནང་བར་ཉེས་སྐྱོན་མི་ཡོང་བའི་རྩི་ཁ། ལྷོ་པའི་བཀག་པོ་རྣམས་རགས་རིམ་ཚགས་སུ་ཆུད་པ་དང་གཙང་དུས་ཡོང་བའི་འབྲས་ཁྲལ་སྤྲོད་པ་ཙམ་བྱས་ན་སྤྲེལ་ལོ་བོད་སོག་གི་དམག་ལ་ཁ་ཉེས་བཏང་བ་དེས་ལྷོ་པ་རྣམས་བློ་མི་བདེ་བའི་རྔུར་ལྕི་བ་ཞིག་ཡོད་འདུག་པས་མོན་བོད་ཀྱི་བདེ་ཐབས་ཤིག་ཡོང་བ་འདྲ་སྡེ་པར་ཞུས་པ་ཐུགས་ལ་འཐད་སོང་ཡང་། ཞག་ཤས་ན་ཤངས་བཀྲ་ཤིས་རྩེ་བའི་བཙུན་པས་ལྷོ་འབྲུག་གིས་འབྲོང་རྩེ་རྒྱལ་བྱེད་ཚལ་ཁོང་ལ་གཏོད་པའི་དོ་དམ་གནང་དགོས་པའི་པཎ་ཆེན་རིན་པོ་ཆེར་ཞུ་ཡིག་ཕུལ་བར་རང་དབང་མི་འདུས་ཚུལ་གྱི་ལན་བསྩལ་བའི་ཡང་ལན་དུ། ཁྱེད་བླ་མ་དགའ་མོ་ཞིག་ཡོང་འདྲ་སྙམ་ཙ་ན་སྲིན་བྱའི་རྫུན་དྲུག་གཏོང་མཁན་ཡིན་འདུག་པ་གཙང་པའི་སྟེང་དུ་སོག་དམག་འདྲེན་ཐུབ་ནས་ང་ལ་དགོན་པ་གཅིག་གཏོད་དབང་མེད་པ་ཅི་ཡིན་སོགས་ཚིག་རྩུབ་པོ་བཏང་བའི་ལོ་རྒྱུས་ཞུས་པས་ཐུགས་འགྱུར་མི་གནང་ཡང་དོན་མི་སྐྱེ་བའི་ཁར་ཅི་ཟེར་མི་ཤེས་འདུག་པས་མི་འགབ་ཅེས་ཐུགས་ཐག་བཅད་སོང་། པོ་ཏཱ་ལའི་འཕགས་པ་ལྷ་ཁང་གི་རྟེན་མཆོད་དེབ་ཀྱི་འགོ་བརྗོད། བསྟན་འཛིན་གྱིས་བསྐུལ་བའི་རྒྱལ་བ་ཙོང་ཁ་བའི་གསོལ་འདེབས། དེ་ལ་ཀསྨི་རའི་ཀུན་འཁོར་གྱི་སྒོ་ནས་བསྟོད་པ། རི་ཁྲོད་དགའ་ལྡན་གྱི་བཅའ་ཡིག །ཕན་བདེ་སྐུ་སྐྱེ་དང་ལྕང་ར་སྡེ་པའི་ཁ་ཏོན་དུ་བདེ་མཆོག་དཀར་པོའི་ཚེ་སྒྲུབ། དཔལ་ལྡན་ལྷ་མོར་ཐམ་ཤུའི་ཕུད་ཕུལ་བའི་ཁ་བྱང་
ད་ལའི་བཱ་ཐུར་གྱིས་བསྐུལ་བའི་གསོལ་འདེབས། སྔགས་འཆང་དོན་བཀྲས་པའི་ངོར་འཁྲུངས་རབས་བརྒྱུད་འདེབས་རྣམས་བྲིས། སྲུང་བཟློག་མནན་སྲེག་གི་སྒྲུབ་པའང་ཆག་མེད་དུ་བསྟར། དགུན་གྱི་རིང་དབུ་མཛད་བློ་བཟང་ཡོན་ཏན་གྱིས་འཁྲིད་རོགས་བྱས་གར་འཆམ་རྣམས་ཞིབ་པར་དཔྱད།

དགུང་ལོ་སོ་གཅིག་པར་ལྷ་རྩེ་དགའ་ལྡན་འོག་མིན་གླིང་དང་། ཡེར་པ་དགའ་ལྡན་གསང་སྔགས་ཡང་རྩེ་བཏབ་ཅིང་། དབུ་མ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་མཛད་པ་བཅས་ཀྱི་སྐོར།


GLG005_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་འཇུག་དུས་རིམ་དང་མེ་ཕག་གི་ལོ་གསར་རྒྱས་པར་བྱས་ཤིང་སྙན་དར་འདོད་གསོལ་དང་བཅས་པ་ཕུལ། འཕྲོས་གཏམ་པ་ཆ་མ་འགྲིག་པར་གླང་བུ་ནས་ལ་དྲི་བ་སྒྲོམས་གང་ཆེའི་བཤད་པས་གྲལ་འཕྲོས་པའི་ས་སྟོང་བགགས། གྲ་ཚང་གི་གྲ་པ་ཁ་ཤས་ལ་དྲུག་ཅུ་པའི་ལག་ལེན་ཁྲིད། སྨོན་ལམ་དུ་འགྲོ་བའི་ལམ་ཞོར་ལ་སྐྱིད་ཤོད་ཞབས་དྲུང་གིས་བཀྲ་ཤིས་མཐོང་སྨོན་དུ་བོས་ཏེ་སྒྱེད་བུ་ཁ་དྲོའི་གཞིས་ལེན་དང་ཚན་གྲངས་བཟབས། ཏ་འོན་དུ་རི་ཡལ་དབོན་པོས་བརྒྱ་འབུལ་བྱས། ཆོས་གྲ་སྨོན་ལམ་འཕེལ་བར་བྱུང་། ཇོ་ཤཱཀ །དུང་སྐྱོང་རྒྱལ་མོ། གནས་ཆུང་ཆོས་རྒྱལ་ཁོག་ཏུ་ཞུགས་པ་རྣམས་ལ་ཚིགས་བཅད་བྲིས་པའི་སྙན་དར་ཕུལ་ཞིང་སྐྱིད་གྲོང་གི་འཕགས་པ་ཝ་ཏི་བཟང་པོར་དེ་མཚུངས་ཀྱི་སྙན་ཤལ་འབུལ་རྒྱུ་བསྐུར། རྒྱ་རི་དཔོན་བློན་ནས་ཚོགས་ཆེན་དུ་མར་འགྱེད་དང་བདོག་པ་རྒྱས་པར་བསྐྲུན། རྒྱ་རི་བ། སྐྱིད་ཤོད་བ། དེ་མོ་སྤྲུལ་སྐུ། ཆོས་རྗེ་ཏྲེ་བོ་སོགས་སྐྱ་སེར་མང་པོ་ལ་གུང་ཚིགས་ཀྱི་བཞུགས་གྲལ་དང་མཆོད་དབྱངས་གྲ་སྐོར་བར་དགོངས་ཇ་བུ་རམ་སྔར་འཁྱུད་བཞིན་བཏང་། དེ་ཐོག་དྲུང་འཚོ་བ་དཔོན་པོར་གསོ་བ་རིག་པ་ལ་བརྟེན་པའི་འཕྲོས་གཏམ་ཤིན་ཏུ་འཕེལ་བར་བྱུང་རྒྱ་རི་དཔོན་བློན་ལ་ཚེ་རྟ། པདྨ་གླིང་པའི་དྲག་དམར་གྱི་དབང་། ཕྱག་དྲུག་


GLG005_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྗེས་གནང་། ཞབས་དྲུང་ལ་སྒེར་དུ་དམག་ཟོར་མའི་རྗེས་གནང་ཕུལ་ཞིང་རྫོང་བ་གཟབ་པར་བྱས། ཆོས་རྗེ་འོད་འབར་གྱིས་བསྐུལ་ནས་རྒྱ་རི་ཞབས་དྲུང་གི་བརྟན་བཞུགས། རྩེད་ཐང་ལས་ཆེན་མཚན་སྒྲོགས་པའི་འདོད་སྦྱར་བཞིན་གྲ་སྐོར་གྱི་བཅའ་ཚེ། དགེ་སློང་ནམ་མཁའ་ལྷ་དབང་གི་ཁ་ཏོན་དུ་ཕྱག་དྲུག་པའི་བསྟོད་པ་དང་བསླབ་བྱ། ལྷ་པ་དབོན་བློན་གྱིས་ཕར་ཕྱིན། མཛོད། རྒྱལ་རབས་གསུམ་པར་དུ་བརྐོ་བའི་ཐུགས་རྩིས་འདུག་པའི་པར་བྱང་ཚིགས་བཅད་པར་ཡིག་པ་གཉིས་ཀྱི་ཁ་ཏོན་སྨོན་ལམ། མེརྒན་དཀའ་བཅུ་ཤེས་རབ་རྒྱ་མཚོས་བྱམས་པ་གདན་འདྲེན་གྱི་ཤིང་རྟ་འཁོར་ལོ་ངོ་མཚར་བ་བཟོས་པའི་སྨོན་ལམ། ད་ལའི་བཱ་ཐུར་དང་ཚེ་དབང་བསྟན་འཛིན་གཉིས་ཀྱི་ཉམས་ལེན་དུ་སེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབས་རྣམས་བྲིས། འབྲུག་པ་སྤྲུལ་སྐུ་དབུ་ཆེ་རྣམས་དང་བཅས་ཕེབས་གཙུག་ཕུད་བླངས་མཚན་བློ་བཟང་མི་ཕམ་དབང་པོ་ངེས་དོན་གྲུབ་པའི་ཤིང་རྟ་བཀའ་བརྒྱུད་རྒྱ་མཚོའི་སྡེར་གསོལ། དགེ་བསྙེན་གྱི་སྡོམ་པ་བསྒྲུབས་བཞུགས་གྲལ་ལ་གྲལ་འཕྲོས་པ་པར་བཀབ་ཅིག་མེད་པས་ངེད་རང་གིས་ས་སྟོང་དགོག་པའི་འཕྲོས་གླེང་མང་ཙམ་བྱས་མཐར་བློ་གསལ་གླིང་སློབ་དཔོན་དམ་ཆོས་རྣམ་རྒྱལ་དང་ཆོས་འཁོར་གླིང་སློབ་དཔོན་བསྟན་འཛིན་འཕྲིན་ལས་གཉིས་རིགས་ལུང་ལ་བསླངས། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། སྒྲོལ་དཀར། ཕྱག་དྲུག་པའི་རྗེས་གནང་དང་བླ་ཆས་ཆིབས་ཆས་ཀྱིས་གཙོས་པའི་ཤངས་ལེན་རྒྱས་པར་ཕུལ། དེ་མཚུངས་བདེ་ཆེན་ཆོས་འཁོར། དྲིན་ལས་པ། ལྕོག་གྲ་པས་མཚོན་བླ་ཁག་མང་དག་ལའང་མཇལ་དར་སློག་འཚེམས་མེད་


GLG005_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱིན། ཟི་ན་ནང་སོས་གཙོས་མདོ་སྨད་ཀྱི་གསར་འགྲུལ་འགའ་ཞིག་འབྱོར་བར་འདོད་ཆོས་ཅི་རིགས་བྱས། ལམ་ཞོར་དུ་པོ་ཏཱ་ལའི་རྫོང་གི་ལྟེ་བ་ལམ་ཙམ་ཐེབས་འདུག་པར་ལྟད་མོར་ཤོག་གསུང་བ་བཞིན་ཕྱིན། འཕགས་པ་ལོ་ཀེ་ཤྭ་རར་ཚིགས་བཅད་བྲིས་པའི་སྙན་ཤལ་ཕུལ། གུང་གི་དྲོ་བསྟབ་ནས་འབྲས་སྤུངས་སུ་སླེབས། ཟངས་རི་དཔོན་ས་ཡུམ་སྲས། གླིང་སྟོད་ཆོས་རྗེ། རོང་ཚང་ཆོས་རྗེ་སོགས་ལ་ནང་མཇལ་དང་དཔོན་ས་ཡུམ་སྲས་ལ་ཚེ་རྟ་ཕུལ། གླིང་སྟོད་ཆོས་རྗེ་དང་རོང་ཚད་བླ་མ་སོགས་འགའ་ཞིག་ལ་བླ་མའི་ཟླུམ་པོ་བཞི་དབང་། ཕྱག་དྲུག་པ་དང་མགོན་དཀར་གྱི་རྗེས་གནང་ལུང་ཐོར་བུ་ཐུགས་དང་སྦྱར། ཅོ་ནེ་དབོན་པོ་བློ་བཟང་ཉི་མ་ལ་མགོན་པོ་ཞལ་གྱི་རྗེས་གནང་ཞིག་བསྐུར། ཞིང་སྐྱོང་དབང་མོའི་མཆོད་གཏོར་གྱི་དུས་སྙན་ཤལ་འཕྲིན་བཅོལ་དང་བཅས་པ་ཕུལ། རོང་དགའ་ལྡན་བྱམས་པ་གླིང་བར་སྐབས་སུ་ཉམས་པའི་སྡེ་གོག་ཏུ་སོང་བར་བཤད་གྲ་བཙུགས། སློབ་དཔོན་དུ་ལྕང་གྲོང་རབ་འབྱམས་པ་བློ་བཟང་ཆོས་གྲགས་བསྐོས། གོང་དུ་ཞུ་ཡིག་རྟེན་སྦྲགས་འབུལ་བར་རོང་ཚང་ཆོས་རྗེ་རྫོང་བདའ་བྱས། སྐྱོར་ལུང་ལྕང་ལོ་ཅན་རབ་འབྱམས་པ་འཕྲིན་ལས་རྒྱ་མཚོ་སོགས་རབ་བྱུང་བསྙེན་རྫོགས་སུམ་ཅུ་སྐོར་བསྒྲུབས། གླིང་སྨད་ཞབས་དྲུང་རིན་པོ་ཆེའི་དགོངས་པ་སྐོང་ཆེད་ར་བ་སྟོད་པ་ལུགས་ཀྱི་བཤད་གྲ་ཁ་ཤས་བྱུང་ན་བསམས་པའི་ལྷོ་བྲག་ཁྲར་དགའ་ལྡན་ནོར་བུ་གླིང་བཙུགས་པའི་སློབ་དཔོན་དུ་ལྕང་ལོ་ཅན་རབ་འབྱམས་པ་བཏང་། ངམ་རིང་མཁན་ཆེན་ལོ་ཙཱ་བ། ཁེ་གསུམ་ལྕམ། སྡེ་པ་བྱ་པ། ཡར་འབྲོག་ཨྱོན་མཚོ་མོ། བར་ཁམས་ཀྱི་འགྲུལ་པའི་རིགས་ཕྲད་


GLG005_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

མི་མང་དུ་བྱུང་ཞིང་སོ་སོར་འདོད་ཆོས་ཀྱང་བྱས། གསང་ཕུར་དབོན་ཆེན་གྱིས་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་གྱི་དགོངས་རྫོགས་སུ་དངུལ་གདུང་བཞེངས་པའི་གཟུངས་གཞུགས་ཀྱི་གྲ་སྒྲིག་དང་སྤྱན་གཟིགས་སུ་དངུལ་གྱི་མཎྜལ། ཁ་བཏགས། སྨན་ཙེ་ཡུག་བཅས་ཕུལ། དབུ་མ་འཇུག་པའི་ཊཱིཀྐ་སྤྱི་དོན་ཐལ་འཕྲེང་རྣམས་ཚང་བའི་ཡིག་ཆ་ཟླ་བ་གསུམ་ཙམ་གྱི་བར་ལ་གྲུབ་པར་བརྩམས། གླིང་སྨད་ཞབས་དྲུང་རིན་པོ་ཆེས་བཀའ་བསྩལ་བར་བརྟེན་སྨོན་འགྲོ་པཎ་ཆེན་འཇམ་དབྱངས་དབང་རྒྱལ་རྡོ་རྗེས་ངེད་ཀྱི་རྟོགས་བརྗོད་མཛད་པའི་གླེགས་བམ་སྐྱེལ་བ་དང་ལྷན་དུ་སྙན་ཚིག་བྱུང་བའི་ལན། བསམ་གླིང་སློབ་དཔོན་བསྟན་པ་རྒྱ་མཚོར་བསྐུར་བའི་འཕྲིན་ཡིག །ཁྱམས་སྟོད་པ་དོན་གཉིས་ལྷུན་གྲུབ་ཀྱིས་བསྐུལ་བའི་བསླབ་བྱ། རྒྱལ་པོས་ཁྲིམས་ཡིག་མཛད་རྩིས་དང་སོག་པོའི་གཞུང་གི་དན་ཡིག་འགོ་བརྗོད། རྫིང་ཕྱི་མཁན་པོ་དགེ་འདུན་རྣམ་རྒྱལ་གྱི་བར་ཆད་སེལ་བའི་བདེན་ཚིག །ཇའི་སང་ཆོས་རྗེ་བསོད་ནམས་བཀྲ་ཤིས་དལ་འབྱོར་ཐོབ་པའི་སྨོན་ལམ་ཆོ་འཕྲུལ་མཆོད་པའི་གྲ་སྐོར་གྱི་བཅའ་ཚེ་རྣམས་བཀོད། ཉི་ཐང་དྲུང་ཆེན་གླིང་སྟོད་ཀྱི་ཁྲིར་འཁོད་པར་བརྟེན་གསོ་རིག་འགྲོ་ཕན་གླིང་གི་སློབ་དཔོན་བྱང་ངོས་ནས་སྐུ་གཞོན་པས་མཛད་བཅའ་ཡིག་དགོས་ཚུལ་བྱུང་བའང་བྲིས། ཡེར་པ་བྲག་གསེབ་ཏུ་གྲ་ཚང་དགའ་ལྡན་གསང་སྔགས་ཡང་རྩེ་གསར་འཛུགས་ཀྱི་བཙུན་གསར་བརྒྱ་སྐོར་གྱི་སྐྲ་བཅད་ཅིང་མིང་བཏགས། སློབ་དཔོན་དུ་འཕྱོང་རྒྱས་སྒོ་སྤེ་རབ་འབྱམས་པ་བློ་བཟང་བཀྲ་ཤིས་བསྐོས། གསེར་སྡིངས་གྲ་ཚང་པར་ཕྱག་དྲུག་པ་དང་ལས་གཤིན་


GLG005_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྗེས་གནང་འཇིགས་བྱེད་ཟ་མ་ཏོག་གི་ལུང་ཕུལ། ཟུར་ཐམས་ཅད་མཁྱེན་པས་དགེ་སྦྱོར་རྟེན་གྱི་ཞལ་ཐང་གཅིག་གཉིས་དང་མདོས་ཀྱི་ཤིང་བྱང་གི་ཕྱག་བྲིས་རྣམས་གནང་། འདི་ལོ་རྒྱལ་པོ་སྐུ་དོག་ཤིན་ཏུ་ཆེ་བ་ཡོད་ཚུལ་ཆོས་སྐྱོང་རྣམས་ཀྱིས་ལུང་བསྟན་ཅིང་མོ་ཕྱྭ་རྩི་བསྡུར་ལ་བྱུང་བའི་ཉིན་སེལ་དང་སྦྲགས་བོད་ཁམས་བདེ་ཐབས་ཀྱི་རིམ་གྲོར་ཕན་ཆེད་གོང་དཀར་ནས་ཞོལ་སྟོད་ཆོས་མཛད་ཀྱིས་སྣལ་ཐགས་ཁྲིད། དམག་ཟོར་མའི་མདོས་ཀྱི་ལས་གཞུང་ཆོག་བསྒྲིགས་བྱས་ཏེ་གྲ་ཚང་དུ་བཙུགས་པའི་རྡོ་རྗེ་སློབ་དཔོན་དུ་ཕྱིན། རྒྱལ་པོའི་སྐུ་མདོག་ཞི་ཞིང་ས་གཙང་བའི་འཕྲོས་ལམ་ཆེ་བར་བྱུང་། རྒྱལ་ལྷུན་གྲུབ་དགའ་ཚལ་གི་ཕྱག་བཞི་པ། མ་ནིང་སོགས་སྲུང་མ་ཁ་ཤས་ཀྱི་མངོན་རྟོགས་བསྐང་བཤགས་བྲིས་ཏེ་འཛུགས་རྒྱུ་བསྐུར་རྗེས་སུ་གཞིག་པ་བཅུག་པས་ཞང་བློན་ཆད་ངེད་དང་གཞན་ཡང་འགའ་ཞིག་ཆད་པ་འདྲ། ཞོ་སྟོན་ལ་གནས་ཆུང་ཆོས་རྒྱལ་དགྲ་ལྷའི་ཁོག་གཡར་གྱིས་ཕེབས་པ་གཙོ་འཁོར་སུ་ཡིན་ཀྱང་འཚུབ་ཅིང་ཟིལ་ཆེ་བ་ཞིག་འདུག །ཨོ་རོད་ཆོས་རྗེས་འདུལ་བ་གྲ་ཚང་གི་རིགས་གྲའི་ཚོགས་དབུར་བོས། གོང་མ་རྒྱལ་པོའི་གསེར་ཡིག་པར་ཁི་ཡ་བླ་མ་ཅན་སྐྱ་སེར་མང་ཙམ་དང་དེ་མཚུངས་སུ་འགྲུལ་པའང་ཁ་ཤས་འབྱོར། གོང་གི་བཀའ་ཤོག་དང་གནང་སྦྱིན་སྤྲད་ཅིང་སྟེར་སྦྱིན་དང་མང་འགྱེད་གྱ་ནོམ་པ་བྱུང་། ཨེར་ཏེ་ནི་ཐོ་ཡོན་གྱིས་ཐེབས་ཕུལ་བའི་ཇོ་བོའི་དབུ་ཐོག་གི་གསེར་ཏོག །ཟུར་ལྕོག་གི་གཉྫི་ར་བཞི་དང་བཅས་པ་སྡེ་པས་ཐུགས་ཁུར་བཞེས་པར་ཐེབས་ཀྱིས་མ་ལྡངས་པའི་བསྣོན་མ་རྣམས་ཁྱོན་བསྡོམས་ཟངས་མཁར་ཁལ་ཆིག་སྟོང་ཆིག་བརྒྱ་སུམ་ཅུ། གསེར་བཙོ་མ་ཞོ་བཞི་སྟོང་དྲུག་


GLG005_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བརྒྱད་ཅུ། དངུལ་ཆུ་ཞོ་ཉི་ཁྲི་སུམ་སྟོང་བཞི་བརྒྱ་བཅུ་བཞི། སྤུས་སྲང་གསེར་ཁང་པས་ཞལ་འདེབས་གསེར་ཞོ་དྲུག་ཅུ་ཐམ་པ་ཡོད་པའི་ཡང་ཆུང་། ཆུ་ཟོམ་དོ་རེ་འགྲོ་བའི་ཟངས་གསུམ། ལྕགས་སྒྱེད་གསུམ་ཕུལ་ཞིང་ཤིང་བཟོ་བ་སྤྱིར་ཇ་ཁོར་དྲུག་མས་གཙོས་པའི་ལེགས་སོ་ཡང་བྱས་འདུག །ངེད་ཀྱིས་འཆར་བསྟན་པའི་ཀླུ་རྒྱལ་དང་མདའ་ཡབ་ཀྱི་རྫ་རྣམས་གསེར་ཟངས་ཀྱིས་བརྗེས། སྡེ་པ་རང་གི་དགོངས་བཞེད་བྱམས་པ་མཆེད་བཞིའི་དབུ་ཐོག་ཏུ་གསེར་ཐོག་གསར་འབུབས་རྣམས་ལ་རྒྱ་ཕིབས་རྙིང་པ་དང་གཡུང་དང་ཟ་དམ་ནས་དྲངས་པ་རྣམས་ཀྱིས་ལྡངས་པའི་གསར་བཟོ་མ་དགོས། བླ་སྐུ་གཉིས་ཙམ་ཞིག་བཞེངས་པ་མཛད་འདུག་པའི་གཟུངས་བཞུགས་ཕྱག་ལེན་སླ་ཆོས་སུ་མ་སོང་བའི་ཞིབ་ཆ་དང་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་འབྲིང་པོ་སྦྱིན་སྲེག་དང་བཅས་པ་བྱས། དགའ་ལྡན་ཁྲི་རིན་པོ་ཆེ་དྭགས་པོ་ཞིང་བརྗེས་པའི་བསྔོ་རྟེན་སྐྱེལ་མི་བྱུང་བར་དགོངས་པ་རྫོགས་པའི་བསྔོ་སྨོན་གྱིས་མཚམས་སྦྱར། འབྲས་སྤུངས་སུ་འབྱོར་བའི་གོང་གི་མི་སྣ་རྣམས་ལ་འཇམ་དབྱངས་དཀར་སེར། སྒྲོལ་དཀར། ཕྱག་རྡོར་གོས་སྔོན་ཅན། ལས་གཤིན་ཕྱི་སྒྲུབ། རྣམ་སྲས་སེར་ཆེན། རྣམ་འཇོམས། སྨེ་བརྩེགས། བྱམས་པ། སྨན་བླ་སྤྲུལ་སྐུ། ཛམ་དཀར་སོགས་རྗེས་གནང་ཁ་ཡར། ཉང་ལུགས་ཀྱི་དྲག་པོ་དང་པད་གླིང་པའི་ཟླུམ་པོ་བཞི་དབང་བསྐུར། གོང་དུ་ཞུ་ཡིག་རྟེན་སྦྲགས་ཕུལ་ཞིང་དགུང་བློན་ཨ་མ་དབང་ལའང་ཡི་གེ་རྟེན་བཅས་བསྲིངས་པའི་མི་སྣ་རྣམས་བརྫངས། རབ་བྱུང་བསྙེན་རྫོགས་ཉི་ཤུ་སྐོར་བསྒྲུབས། མཚོ་ཁ་ནས་མཁའ་འགྲོ་


GLG005_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བའི་རྟ་དཀར་པོ་བཅུ་ལ་དངུལ་སྒ་གཏད་པའི་ཕྱག་རྟེན་དང་བཅས་ཕྲད་ཅིང་མགོན་པོ་དང་རྟ་མགྲིན་གྱི་རྗེས་གནང་བྱས། གྲུམ་པ་རྒྱང་གི་ལྷ་ཁང་དུ་མཆོད་པ་སྣ་ལྔ་ལྔ་ཚར་འབུལ་མི་བཞི་སྡེ་དང་སྦྲགས་པ་རྒྱུན་འཇགས་སུ་བཙུགས། ཆ་གན་ནོ་མོན་ཁན་གྱི་མི་སྣ་དང་བྲག་ཉི་ཀླུ་འབུམ་གྱི་གསར་པ་རྣམས་ལ་རིགས་གསུམ་མགོན་པོ་དང་ཕྱག་དྲུག་པའི་རྗེས་གནང་བསྐུར། སྐྱིད་ཤོད་ཞབས་དྲུང་ཡིད་བཞིན་ལ་རྗེ་བསོད་ནམས་རྒྱ་མཚོའི་ཉེ་བརྒྱུད་ཀྱི་ཚེ་དབང་དང་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བྱིན་རླབས་ཕུལ། རྒྱལ་པོ་མཆོད་ཡོན་གཙང་དུ་ཕེབས་གདོང་བར་ཆད་སེལ་བྱེད་ཀྱི་རྗེས་གནང་ཁ་ཤས་དང་བྱད་འགྲོལ་བྱས། དཔོན་སློབ་པཎ་ཆེན་རིན་པོ་ཆེས་དབུ་གནང་ཆེ་གཉན་བར་མ་འགའ་ཞིག་གིས་གཙང་རོང་ཡར་སྐུར་སོགས་ཀྱི་དུས་སྙིགས་ལུགས་རྣམས་ཀྱིས་དགེ་ལུགས་མཆོད་ཡོན་ལ་བྱད་ཁ་མང་བའི་སྟབས་དེ་ཕྱོགས་ཀྱི་སྐུ་རིམ་ལ་འཕྲོད་ལམ་མི་ཡོང་ཚུལ་སྡེ་པའི་སྙན་དུ་ཕུལ་བའི་སྟབས་ཀྱིས། ད་ལོ་རབ་འབྱམས་པ་དཔོན་དར་གྱིས་ཕྱག་དྲུག་པའི་ལས་སྦྱོར་བྱེད་རྒྱུ་ཡིན། དེ་ཕྱིན་ཆོས་སྡེ་ཆེ་ཆུང་ཐམས་ཅད་ནས་མདོ་སྒྲུབ་ཀྱི་རྒྱུན་བཙུགས་པའི་རྙིང་མ་ཕྱོགས་ཀྱི་ལས་སྦྱོར་ཁམས་པ་སྔགས་འཆང་གི་རྒྱལ་པོ་ལ་བརྟེན་པ་ཞིག་མ་གཏོགས་གཞན་མ་བྱེད་རྩིས་མིན་ཕེབས་བྱུང་བ་ནས་ལོ་ལོ་བཞིན་གྱི་སྲུང་བཟློག་དེབ་བཤར་མ་རྣམས་མ་གཏོགས་མོན་དུ་དཔུང་ཆེན་འཇུག་པ་གནང་བའི་ཇུས་རིམ་གྱི་གཡེང་བ་བྱེད་མ་དགོས། ལྷ་རྩེ་ཆོས་སྡེ་དགའ་ལྡན་འོག་མིན་གླིང་བཙུགས་པའི་བླ་མར་ཆེ་གསུམ་རབ་འབྱམས་པ་བློ་གྲོས་རྣམ་རྒྱལ་རྫོང་བདའི་སྟ་གོན་གྱི་རྣམ་འཇོམས་སོགས་རྗེས་གནང་འགའ་ཞིག་དང་བསྙེན་


GLG005_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་འདོད་སྦྱར་བྱས། དེ་མོ་སྤྲུལ་སྐུ་དང་མངའ་རིས་གྲུབ་ཆེན་སྙིང་སྟོབས་རྒྱ་མཚོ་ཅན་ལ་འདོད་ཆོས་ཀྱི་ལུང་ཁ་ཡར་བཀླགས། ཁམས་པ་སྔགས་འཆང་གིས་བསྐུར་བའི་རྒྱལ་པོ་བྱེས་ཆས་ཀྱི་ངག་བསྒྲིགས། ཨ་ཁུ་དྲུང་ཡིག་གི་ཁ་ཏོན་ཏུ་གཏོར་མ་བརྒྱ་རྩ་ཚིགས་བཅད་མ། དོན་གཉེར་ཅན་འདྲས་བསྐུལ་བའི་གསང་བའི་རྣམ་ཐར་བྲི་བའི་ས་བོན་དགོས་ཚུལ་གྱི་པཎ་ཆེན་རིན་པོ་ཆེར་ཞུ་འཕྲིན། གོང་ར་ལོ་ཙཱ་བའི་སྙན་ངག་གི་ཡིག་ལན། བསམ་ཡས་དང་ཚངས་པ་ཆེན་པོར་སྤྱན་གཟིགས་ཕུལ་བའི་འཕྲིན་གསོལ་རྣམས་སྤེལ། བྲག་སྣ་ཆོས་རྗེས་གོང་ར་བའི་ལག་གི་དགེ་འདུན་འདུ་བའི་འཁོར་ལོ་པར་མ་ཞིག་ཁུར་འདུག་པ་ཁང་བརྩེགས་སོགས་ཡུལ་བཀོད་འདྲ་རུང་བ་ལ་ཆུ་བབས་ནས་མུ་ཁྱུད་ཀྱི་རྐེད་པ་རྣམས་བཅད་འགྲོ་བའི་འཁོར་ལོའི་མཚན་ཉིད་ཅི་ཡང་མི་འདུག་པས་ཟོག་ཆོས་སུ་མངོན། ཞྭ་དམར་ཐམས་ཅད་མཁྱེན་པ་དྲུག་པས་ངམ་རིང་ལྷ་ཆེན་གྱི་ཐུགས་ཀ་ནས་བཏོན་ཟེར་བའི་སྟོང་སྐད་ཅན་དེ་ཡིན་འདྲའོ། ཕལ་ཆེར་ལ་མཚམས་བྱས་ཁོག་སྙན་ངག་མེ་ལོང་གི་འགྲེལ་པ་ཟླ་བ་བཅུ་པ་དང་བཅུ་གཅིག་པ་ཉིས་བརྩེགས་ཀྱི་སྔ་མའི་རིང་རྫོགས་པར་བརྩམས་ནས་སྨོན་འགྲོ་པཎ་ཆེན་ཡབ་སྲས་ལ་གཟིགས་འབུལ་དུ་བཏང་བར་ལེགས་སོའི་སྙན་ངག་གི་འཕྲིན་ལན་རྒྱས་པར་བྱུང་བ་བསྟན་བཅོས་ཀྱི་མཇུག་ཏུ་པར་ལ་བརྐོས་ཡོད། གླིང་སྨད་དབོན་པོས་ཡོང་དགོས་ཚུལ་བྱུང་བ་ལྟར་གསང་ཕུར་ཕྱིན་ཞག་གཉིས་བསྡད། དཔོན་སློབ་དེ་ཉིད་ཀྱི་དངུལ་གདུང་གསར་བཞེངས་ལ་མེ་ཏོག་གཏོར་ཤིས་པ་བརྗོད་ཅིང་དངུལ་གདུང་དང་བསེ་ཁྲབ་པའི་སྙན་དར་ལ་ཞལ་བྱང་བཀོད།ཟླ་བ་བཅུ་
གཉིས་པའི་འགོར་ཟུར་ཐམས་ཅད་མཁྱེན་པར་ཟབ་ཆོས་ཅི་རིགས་ཞུས། ཁལ་ཁ་ནས་ཞབས་དྲུང་བྱམས་པའི་སྤྲུལ་སྐུའི་མི་སྣ། རྒྱལ་བྱེད་ཆོས་རྗེ། ནོ་མོན་ཏ་ར་ཅན་འགྲུལ་པ་ཁ་ཡར་འབྱོར་ཅིང་མང་འགྱེད་དང་སྟེར་སྦྱིན་བྱུང་།

དགུང་ལོ་སོ་གཉིས་པར་དགའ་ལྡན་ཆོས་འཁོར་ཡང་རྩེ་དང་། དོལ་གསུང་རབ་གླིང་བཏབ་ཅིང་ཕོ་བྲང་པོ་ཏ་ལའི་ལྡེབས་བྲིས་གསར་བཞེངས་བཅས་ཀྱི་སྐོར།


GLG005_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དུས་རིམ་གྱི་ཕུར་སྒྲུབ་ཟོར་ལས། ས་བྱིའི་ལོ་གསར་དམག་ཟོར་མའི་བསྐང་བ་རྣམས་ཀྱི་རྡོ་རྗེ་སློབ་དཔོན་ལ་སྔར་རྒྱུན་བཞིན་ཕྱིན་པའི་སྙན་ཤལ། སྣེའུ་གདོང་རྩེ་ནས་ལོ་གསར་གྱི་བཀའ་ཤོག་ཚིགས་བཅད་མ་འདུག་པའི་ལན་ཕུལ། ལྷ་ས་སྨོན་ལམ་གྱི་གྲལ་དབུ་བྱས་པའི་ཆོས་གྲ་སྨོན་ལམ་ཆག་མེད་དང་རབ་བྱུང་བསྙེན་རྫོགས་བརྒྱ་སྐོར་བསྒྲུབས་ཤིང་། ཉ་སྟོང་བརྒྱད་གསུམ་ལ་བསྙེན་གནས་མ་ཚོར་སྡོམ་པ་ཕབ། ཇོ་ཤཱཀ་གིས་གཙོས་པའི་མཆོད་ཁང་རགས་རིམ་ལ་འདོད་དོན་གསོལ་བའི་སྙན་ཤལ་སྒྲོན། ཞ་ལུ་རི་སྦུག་དབུ་མཛད་རིན་ཆེན་བསོད་ནམས་མཆོག་གྲུབ་ཞབས་སྐོར་དུ་བྱོན་འདུག་པ་བཀའ་བརྒྱད་སྦུག་ཏུ་གུང་གི་དྲོའི་ཐོག་རྒྱུད་སྡེ་རྣམས་ལས་བརྩམས་པའི་གསུང་འཕྲོས་ཞིབ་ཏུ་བྱུང་བས་རྡོ་རྗེ་འཛིན་པ་ཆེན་པོ་ངེས་པ་རྙེད། འགྲུལ་པ་རྣམས་ལུགས་གཉིས་ཀྱིས་རེ་བ་བསྐང་བའི་རྫོང་བདའ་བྱས། བྱམས་པ་སྤྲུལ་སྐུ་དང་ཨེར་ཏི་ནི་ཧུང་ཐའི་ཇི་ལ་རྒྱན་གྱིས་སྤྲས་པའི་ཡི་གེ་བསྲིངས། འདི་ལོ་དབུས་དཔུང་རྣམས་ཀྱིས་སྤུ་ནག་ཁར་ཚ་ལམ་གྱིས་སླེབས་སར་ཕྱིན། གཙང་དཔུང་གིས་ཧུང་རལ་ཁར་སྐོར་རྒྱག་ཚ་གྲུལ་བས་ད་ཆ་ཟླ་གཅིག་ཚུན་ལ་ཇུས་འགྲོ་ཚུལ་ས་གྲོ་རྩེ་བཀྲས་བཞིས་སྡེ་པར་ཞུས་འདུག་ཀྱང་སྡེ་པ་ནོར་བུ་སྡོད་མ་ནུས་པར་འུར་ཞོགས་ཀྱིས་བྲོས་པས་སྒར་ཆས་དང་གོ་ཆ་ཕལ་ཆེར་ཡང་ཤོར་བའི་ཕག་རིང་དཀྱིལ་སྒར་ལ་ལྕོག་བུ་ཞིག་འབུབས་དགོས་


GLG005_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་སྐད་ཆ་བཤད་ཐེབས་མེད་པ་མང་པོ་གླེང་འདུག །དེའི་སྐྱོན་གྱིས་དབུས་དཔུང་རྣམས་ཀྱང་ཚུར་བསྡོག་པར་དཀའ་ཚེགས་ཤིན་ཏུ་ཆེ་བས་དྲུང་ཆེ་འོར་གསུམ་ཡང་འཁང་ལང་ཚ་བར་སྣང་། ལོ་སྔོན་མའི་བརྒྱད་གཏོར་གྱི་རྟེན་འབྲེལ་ལེགས་པ་དང་མཚུངས་པར་སྟོན་མཇུག་ཡར་ཀླུངས་བཀྲ་ཤིས་རྩེ་བའི་དགེ་བའི་གྲལ་དབུར་ཞ་ལུ་ནས་གནས་གསར་དབོན་རིན་པོ་ཆེ་ཕེབས་ཆོག་པའི་སྡེ་པའི་དགོངས་པ་ཁྲོལ་བར་བརྟེན་ཟུར་ཀུན་མཁྱེན་ཆེན་པོ་གསེར་ཆོས་དང་ཆོས་སྐྱོང་གི་སྐོར་གྱིས་གཙོས་པ་མང་ཞིག་གསན་པར་བཀྲ་ཤིས་ཆོས་སྡེར་ཐེགས་ནས་ཚུར་ཕེབས་པ་དང་དུས་འགྲིག །ཟླ་སྨད་ལ་འབྲས་སྤུངས་སུ་སླེབས། ཟུར་རྩ་བའི་བླ་མར་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་སྨིན་གྲོལ་གདམས་པ་མང་དུ་ཞུས། འདི་དག་གི་སྔ་ཕྱིར་ཨེ་པ་དཔོན་ཡིག་ཨྱོན། ལོ་རྒྱལ་གཉིས་ཀྱིས་གླེགས་བམ་དུ་ལོངས་པའི་དཔེ་མང་དུ་བྲིས། ཧོར་ཟླ་གསུམ་པའི་ནང་དུ་མཆོད་ཡོན་རྣམས་ཕྱིར་ཕེབས་པ་དང་མཇལ། མཆོད་སྤྲིན་སྙན་ཤལ་དང་བཅས་བརྒྱད་གཏོར་གྲུབ་རྗེས་རྒྱུད་པ་ཞལ་སྔ་ནས་དམ་ཆོས་རྣམ་རྒྱལ་ལ་ཕྱག་དྲུག་པ་དང་ཆོས་རྒྱལ་གྱི་རྗེས་གནང་དང་སང་སིང་བླ་མ་ཀུན་དགའ་དོན་ལྡན་སོགས་རབ་བྱུང་བསྙེན་རྫོགས་ཁ་ཤས་བསྒྲུབས། དཔལ་འཁོར་ཆོས་སྡེའི་མཁན་པོ་ཤེས་རབ་ཡོན་ཏན་དང་རི་ཁྲོད་དགའ་ལྡན་བླ་མ་རྟེན་ཁང་པ་ཅན་ལ་རིགས་གསུམ་མགོན་པོ། བྱམས་པ། མི་གཡོ་བ་དཀར་སྔོན། སྒྲོལ་ལྗང་། ཛམ་བྷ་ལ། ནོར་རྒྱུན་མས་མཚོན་པའི་རྗེས་གནང་མང་པོ་དང་ཕྱག་དྲུག་པའི་གཏོར་དབང་བཀླག་ལུང་གི་རིགས་ཀྱི་འདོད་ཆོས་ཁ་


GLG005_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་བཞེད་པར་དང་སྦྱར། རྒྱལ་པོ་འདམ་དུ་ཕེབས་གདོང་ཚེ་དབང་ལྕགས་སྡོང་མ་དང་དྲག་པོ་མེའི་སྤུ་གྲིའི་དབང་ཕུལ་ཞིང་མི་བཟང་རྣམས་ལ་ཚེ་མགོན་གྱི་རྗེས་གནང་བྱས། སྡེ་པ་འདམ་བསམ་གྲུབ་སྡེ་ཆེན་གྱི་མཁར་ལས་ཀྱི་ཞལ་བཀོད་ལ་ཐེགས་སྐབས་ཨར་པོ་ལ་བརྟེན་པའི་བར་ཆད་མི་འབྱུང་བའི་དྲིི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ལ་འཕྲིན་བཅོལ་བཀོད་པའི་སྙན་དར། སྐུ་མདུན་སྨོན་འགྲོ་ནས་ཡབ་སྲས་ཀྱིས་གསུང་ཤོག་རྒྱན་གྱིས་སྤུད་པའི་དེ་ལན་ཕུལ། མདོས་བསྐང་གི་དུས་རིམ་དང་ཚེས་བཅུ་བཏང་། ཚོགས་ཆེན་དུ་ལམ་རིམ་ཆེན་མོའི་སྤྱི་ཆོས་ཀྱི་འཕྲོ་སྤྱོད་པ་སྤྱི་བསླབ་ཀྱི་ཕྱེད་ཙམ་ལ་སླེབས་པ་ཕུལ། ཆོས་གྲའི་མཇུག་ལ་སྡེ་པ་འདམ་ནས་ཕེབས་པ་དང་རྩེ་འཛོམ་དུ་གསེར་ཐོག་ཐོ་ཡོན། ཁལ་ཁ་ཇ་སག་ཐུ་དང་ཨེར་ཏེ་ནི་ཧུང་ཐའི་ཇིའི་མི་སྣ་འབྱོར། ཐོ་ཡོན་གྱིས་ཆོས་གྲའི་སར་རྟ་བཞི་བཅུ་ཙམ་བསྟར། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་གཡས་རུ་བྱང་གི་རྒྱལ་སྲིད་འཛིན་སྐབས་རྒྱ་ཧོར་གྱི་གོས་དར་དྲག་པོའི་ས་སྣ་དང་རྫས་སྣ་ཚོགས་ལས་གྲུབ་པའི་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་སྨན་སྐུ་བྱོན་གཙང་ཁྲུ་གང་ལྷག་པ་གཟུངས་གཞུགས་ཀྱི་བྱིན་རླབས་རྟེན་ཕུན་སུམ་ཚོགས་པ་སྤྲུལ་སྐུ་ཕྱག་རྡོར་ནོར་བུས་ཆེད་དུ་སྟེར་བྱིན་མཛད་པར་གསར་བཟོས་ཀྱི་བཞུགས་ཁང་རྒྱ་ཕིབས་ཉིས་བརྩེགས་ཅན་གྲ་ཚང་དུ་འཇམ་དཔལ་དུས་དགྲའི་རྣལ་འབྱོར་གྱི་རྟེན་ལ་སྦྱར། ཟླ་བ་ལྔ་པའི་ནང་དུ་རྫིང་ཕྱི་མཁན་པོ་ལོ་པ་ཆོས་རྗེས་ཚེ་དབང་དང་རྣམ་འཇོམས་ཀྱི་རྗེས་གནང་བྱས། ལྕགས་ཟམ་སྤྲུལ་པའི་སྐུར་ཞབས་དྲུང་བདག་པོའི་ལྗགས་བསྒྲིགས་ཚེ་གུར་སྦྲགས་མའི་ལུང་ཕུལ། འབྲས་སྤུངས་སྤྱི་སོ་ནས་རྡོ་རྗེ་


GLG005_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་བའི་དབང་དགོས་ཚུལ་གྱི་སྙན་གསན་མཛད་བྱུང་བར་ཐམས་ཅད་མཁྱེན་བ་ཙོང་ཁ་པའི་གསུང་རབ་ཀྱི་ལུང་ལྟ་བུ་ཨེ་འགབ་ཀྱི་ལན་བཏབ། ཆོས་དབང་གི་གདུང་བརྒྱུད་གནས་གཞི་བའི་ཐུགས་སྲས་ལ་སྐྱབས་སྡོམ་དང་མིང་བློ་བཟང་པདྨ་ཚེ་དབང་དུ་བཏགས། སྟག་ལུང་ཕྱག་མཛོད་བཟང་སྦྱིན་གྱིས་ལྷ་སའི་མཆོད་ཁང་དུ་འབུལ་རྒྱུའི་སྙན་དར་ཞལ་ཡིག །འདི་ག་ནས་འབྲས་སྤུངས་ཀྱི་མཆོད་ཁང་ཆེན་མོ་དང་། སྔགས་ཁང་། དགའ་ལྡན་གྱི་གཙུག་ལག་ཁང་མགོན་ཁང་རྣམས་ལ་སྙན་དར་ཁ་བྱང་གིས་སྤྲས་པ་ཕུལ། པོ་ཏཱ་ལའི་ཚོམས་ཆེན་ལོགས་བྲིས་ལ་བོད་དུ་འགྲོ་བ་མི་བྱུང་ཚུལ་ལས་བརྩམས་ཏེ་བསྟན་པ་དར་བའི་ལོ་རྒྱུས། དེ་ཐོག་སྡེ་པའི་དགོངས་པ་བཞིན་རྗེ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་སྔ་ཕྱི་རྣམས་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་གཙོས་པའི་དབུས་གཙང་གི་ལྷ་བྲིས་པ་མཁས་མང་བསྡུས་ནས་བཀོད། གསང་སྔགས་དགའ་ཚལ་དུ་མཁྱེན་ལུགས་མཁས་བསྒྲུགས་ཀྱིས་གསང་སྔགས་གསར་རྙིང་གི་བླ་མ་ཡི་དམ་ཆོས་སྲུང་གི་ལྡེབས་བྲིས་དངོས་གཙང་། དེ་མཚུངས་བཀའ་འགྱུར་ཁང་དུ་ལམ་རིམ་བརྒྱུད་པ་འདྲི་རྩིས་ལ་མ་དཔེ་བྱིའུའི་རི་མོ་ཞིག་གཏད་པའི་དེ་ལུགས་བྲིས་གནང་འདུག་པ་སྤྲུལ་སྐུ་བ་རྣམས་མ་གོམས་པའི་སྐྱོན་གྱིས་ལུགས་གཉིས་གང་དུ་ཡང་མི་གཏོགས་པའི་བྲིས་གསར་རང་བྱོན་དུ་བྱུང་། བསྟན་མ་ལྕོག་ཏུ་བསྟན་མ་བཅུ་གཉིས་དང་ཕུན་ཚོགས་ལྕོག་ཏུ་རྒྱལ་པོ་སྐུ་ལྔ་རྣམས་ཀྱང་བཞེངས། དེ་སྐབས་རྫོང་གི་ཆེ་བརྗོད་དང་ཚོམས་ཆེན་ལྡེབས་བྲིས་ཀྱི་ཁ་ཡིག་དགོས་ཚུལ་བྱུང་བ་བཅད་ལྷུག་སོ་སོར་བཀོད། འོན་ཀྱང་ས་བོན་དུ་ལྡེབས་


GLG005_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་ཤིང་རྩི་ལས་མི་སྣང་བས་ངེད་རང་གིས་རྫི་གསང་མ་བྱུང་བར་སྡེ་པས་ཐུགས་ཁུར་བཞེས་ལུགས་དང་གྲོང་གསར་ནས་ཀྱིས་བཀོད་པ་བྱས་པ་མ་ཐེབས་འདུག་པས། སླར་བར་ལ་འགོད་གདོང་བཟོ་སྐྱོར་བྱས་གཤིས་ཚོམས་ཆེན་གྱི་ཞལ་བའི་ལྡེབས་ལ་ཡོད་པ་དང་ཞུས་དག་ཕེར་བ་མེད། ཁྱམས་རར་ལྷ་ས་སྨོན་ལམ་ཆེན་མོ་དང་འབྲེལ་མཚུངས་ཁྱད་ནས་ཆོ་འཕྲུལ་གྱི་ཞིང་བཀོད་འབྲི་རྩིས་ཡིན་རུང་དབུ་མཛད་བཙུན་ཆུང་གིས་སངས་རྒྱས་སྟོང་སྐུ་དགའ་ཞེས་སྡེ་པར་ནན་ཏན་ཞུས་ནས་ཚང་མ་བཙབས་པར་གྱིས་ལས་སླ་དང་མགྱོགས་བཅོས་ཁོ་ན་ལྷུར་བླངས་སོང་བས་ཁོང་པ་བཀོད་པ་མ་ལེན་གཤིས་འདོད་པ་བཞིན་མ་བྱུང་། འཕགས་པ་ལོ་ཀེ་ཤྭ་རའི་འཁོར་དུ་ཙནྡན་ལས་གྲུབ་པའི་ཉེ་བའི་སྲས་བརྒྱད་གསར་བཞེངས། བླ་མ། ལི་མ། རྒྱ་ནག་གི་ལྷ་ཁང་རྣམས་ཀྱང་སོ་སོར་ཁྱད་མཚར་དུ་བསྒྲིགས། སྣ་དཀར་རྩེ་ནས་ཞང་པོ་སྐུ་གཞོན་པ་ཀུན་དགའ་རྒྱལ་ཆེན་རབ་བརྟན་ཕེབས། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། སྐྱེར་སྒང་ལུགས་ཀྱི་རྟ་མགྲིན། སྒྲོལ་དཀར་ཡིད་བཞིན་འཁོར་ལོ། ཀུ་རུ་ཀུལླེ་ཕྱི་སྒྲུབ། འཇམ་དབྱངས་ཆོས་སྐོར་གྱི་འཇམ་དབྱངས་ཕྱི་ནང་གསང་གསུམ། བདེ་མཆོག་དཀར་པོ། ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་དང་གཏོར་དབང་བར་ཆད་ཀུན་སེལ་རྣམས་ཕུལ། ཞལ་ངོ་གོང་མ་ཚོའི་རྒྱུན་མ་ཉམས་པའི་ལུགས་གཉིས་ལ་མཁྱེན་པ་ཤིན་ཏུ་ཡངས་པས་ཆོས་ཕྱོགས་ཀྱི་གསུང་གླེང་རྒྱས་པའི་བླ་མ་ཚོ་དང་གོ་ལོག་པ་ཞིག་འདུག །འདི་ལོ་དབྱར་བདག་བྱེད་དགོས་ཚུལ་བྱུང་བ་བཞིན་དབྱར་གནས་ལ་བསྡད་ཅིང་སློབ་དཔོན་རྣམས་ཀྱིས་ཀྱང་


GLG005_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་ཞལ་གྱིས་བཞེས། བློ་གསལ་གླིང་ཞལ་སྔ་ནས་འབུར་ལྟག་པས་དབྱར་ཟླ་བ་གསུམ་རང་བྱེད་དགོས་གསུང་བར་གཞན་རྣམས་ཧ་ལས་པའི་དེ་འདྲ་ཡིན་ན་དབྱར་གནས་མི་བྱེད་ཅེས་ཕྱི་འཐེན་བརྒྱབ་བྱུང་། དོན་ལ་བློ་གསལ་གླིང་པ་བདེན་པ་འདུག་ཀྱང་དམངས་དང་བསྟུན་དཀྱུས་ཀྱི་ཕྱག་ལེན་ཕྱེད་པོ་དེ་ག་བྱས། མཁན་པོ་ཞི་བ་འཚོ། དཔལ་མར་མེ་མཛད། རྒྱལ་བ་ཙོང་ཁ་པ་རྣམས་ལ་གསོལ་འདེབས་སྙན་ངག་ནས་དྲངས་པ་རེ་བྲིས། ཆོས་རྗེ་དབོན་རིན་པོ་ཆེ་ཕེབས། ཐིག་ལེ་བཅུ་དྲུག་གི་ཡིག་རྙིང་དང་བཀའ་གདམས་ཕ་ཆོས་ནས་ཆོས་ཐུན་གསུམ་བཞི་ཞིག །རྗེ་བསོད་ནམས་རྒྱ་མཚོའི་ཉེ་བརྒྱུད་ཀྱི་ཚེ་དབང་། ཤ་བ་རི་ལུགས་ཀྱི་ཞལ་གྱི་ལས་ཚོགས་གང་ཐོབ་ཀྱི་ལུང་ཕུལ། སྙན་བརྒྱུད་སློབ་བཤད་ཀྱི་སྐོར་གྱིས་མཚོན་པའི་དམ་པའི་ཆོས་ཀྱི་གསུང་གླེང་མང་དུ་བྱུང་ཞིང་མོས་པ་ཐོབ། ཞོ་སྟོན་ལ་སྤྲུལ་པའི་ཆོས་སྐྱོང་ཆེན་པོ་སྲས་པོ་བསོད་ནམས་ཀྱི་ཁོག་ཏུ་ཞུགས་ཏེ་ཕེབས་པའི་སྔོན་བྱུང་ད་ལྟར་གྱི་ལོ་རྒྱུས་དང་ལུང་བསྟན་ཡིད་ཆེས་པ་མཛད། གུང་ཐང་དུ་དབོན་རིན་པོ་ཆེས་ཟུར་འཇམ་དབྱངས་བླ་མར་སྔ་སོར་གྱི་ཆོས་འཕྲོ་འཐུད་པའི་ཕན་ཚུན་གཉིས་ཀ་ནས་གསན་པ་མང་དུ་དགོས་པ་ཡུན་རིང་ཙམ་བཞུགས་རྩིས་ཀྱིས་སྡེ་པར་གསོལ་ཕོགས་ཞུ་བར་བཏང་བ་ལ། བཀྲ་ཤིས་རྩེ་པ་སྤྱིར་རང་ཕྱོགས་དང་སྒོས་འབྲས་སྤུངས་པར་དམིགས་ནས་དགོན་པ་བཏབ་པའི་ས་ལུགས་གཞན་ལས་ནག་ཆེ་ཚུལ་གྱི་སྒྱུར་སྦྱང་སཾ་ཊ་ཁེངས་པ་བསྐུར་བྱུང་བར་ཕེབས་ལན་དུ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་རིན་པོ་ཆེ་བོད་མཁར་བར་ཚར་ལུགས་ཀྱི་ཆོས་


GLG005_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཕལ་ཆེར་གསན་པའི་རྒྱུན་ཉམས་པ་དེ་གསོས་ན་བསམ་པ་ཡིན་རུང་ཇི་ལྟར་གསུང་བའི་དུས་ཀྱི་ཕན་ཚུན་གཉིསཀའི་མི་ཐོག་འཕོས་ནས་རུས་པ་ལའང་བཙའ་རྒྱབ་ཚར་འདུག །ངེད་རང་དཔོན་སློབ་ཚོའི་ཐོག་ལ་དྭགས་པོ་བཤད་སྒྲུབ་གླིང་པས་རྒྱལ་གྱི་གཉེར་པ་དྲུང་འཁོར་རྒན་ཁ་དགེ་སྐོས་ཆོས་དབང་རྨས་མི་གཅེས་མང་པོ་བསད་པའི་དགོན་པ་ཆགས་འཇིག་ལ་གྱ་བ་བཟོས། ཆུ་ཤུར་བྱང་ཆུབ་གླིང་པས་གཙང་དུ་ཞུ་ལོག་ཕུལ་བར་བརྟེན་སྔར་ཧོར་འདྲ་ཡོང་མ་མྱོང་བའི་སྡེ་པ་གླང་བུ་བ་ཅན་མི་སྣ་གཏོས་ཆེ་བ་ཟས་གནོན་དུ་བྱུང་། གཙང་དུས་རང་ཕྱོགས་ལ་གནག་པའི་མཐར་ཐུག་བྱེད་པའི་དྲུང་འཁོར་ཁ་ཤས་ཀྱང་དེང་སང་གཟི་བརྗིད་འབར་དགོན་པ་དེ་ཚོའང་ཁྲ་ཧྲུག་གེ་འདུག་པའི་སྟབས་ཀྱིས་དགྲ་གཉེན་མཉམ་པ་ཞིག་ཡིན་འདྲ་བསམ་རུང་རྒྱུ་མཚན་དེ་ལྟར་ན་ཐམས་ཅད་ལ་ཡིན་སྐྱེལ་གྱི་དག་སྦྱོར་གནང་འགྲོ་བ་གཞིར་བཅས་པས་ཁོང་དཔོན་སློབ་ཅི་འདྲ་ལ་གྱ་ཡང་ཞུ་བ་འབུལ་རྒྱུ་མི་འདུག་ཚུལ་གྱི་སཾ་ཊ་ཕྱིར་སློག་པའི་ལན་དུ་བླ་མ་བཀྲ་ཤིས་རྩེ་བར་ཕོགས་སོགས་དགོས་བྱེད་འཕྲལ་དུ་སྤྲོད་པ་ཡོད། ཅེས་པའི་ལན་ཤིན་ཏུ་བསྡུས་པ་ཞིག་བྱུང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ལ་ཡོན་ཏན་ཡོངས་སུ་བསྔགས་པའི་ཚིགས་བཅད་དང་རྡོ་རྗེ་འཆང་ཚར་པ་ཆོས་རྗེར་རྣམ་པར་ཐར་པ་ལས་བརྩམས་པའི་གསོལ་འདེབས་བྲིས། གྲབ་ཆོས་རྗེ་ཉི་ཟླ་སངས་རྒྱས་ཀྱི་སྐུ་སྐྱེ་སོགས་རབ་བྱུང་བསྙེན་རྫོགས་ཁ་ཤས་བསྒྲུབས། གྲུབ་པའི་དབང་ཕྱུག་འདར་ཕྱ་རུ་བའི་གདུང་བརྒྱུད་སྙིང་རི་བ་རྒྱལ་སྲས་བདེ་བ་བཟང་པོ་དང་གྲ་ཚང་གི་གྲ་པ་ཁ་ཤས་ལ་བཀའ་བརྒྱད་བདེ་འདུས། ཕུར་པ་ལྕགས་


GLG005_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་མ་གཉིས་ཀྱི་དབང་། ཆོས་རྗེ་སྙིང་རི་བ་མཆོད་དཔོན་དབུ་མཛད་གསུམ་ལ་བྱང་གཏེར་ཕུར་པ་ལུགས་གསུམ་གྱི་ཆོས་སྐོར་ཚང་མའི་ལུང་བཀླགས། དགའ་ལྡན་བྱང་རྩེ་རྗེ་ཞལ་སྔ་ནས་མངའ་རིས་པ་ཕེབས་པར་བཀའ་གདམས་གླེགས་བམ་ཕ་ཆོས་རགས་རིམ་དང་བུ་ཆོས་ཀྱི་ལེའུ་གསུམ་ཙམ་ཞིག་ཕུལ། མ་གཅིག་ཐའི་ཇི། སྡེ་པ་ལྕང་ར་བ། ཨཱུ་ཅིང་ཅན་ལ་ཚེ་མགོན། དོལ་དགའ་ལྡན་གསུང་རབ་གླིང་གསར་བཙུགས་ཀྱི་བླ་མར་འགྲོ་མི་རབ་འབྱམས་པ་བློ་བཟང་ཤེས་རབ་ཀྱིས་ཐོག་དྲངས་པའི་རབ་བྱུང་བསྙེན་རྫོགས་ཁ་ཡར་བསྒྲུབས། བླ་མར་ཚེ་རྟ་ཞིག་བསྐུར་ཞིང་གྲ་ཚང་དམག་ཟོར་མར་གཉེར་གཏད་ཀྱི་ཚིགས་བཅད་དགོས་ཚུལ་བྱུང་བ་བྲིས། གྲ་ཚང་ཆོས་འཁོར་གླིང་པར་ཁྲི་རིན་པོ་ཆེའི་སྐུ་བསྟོད་སྐལ་མཆོག་མ་བཙུགས་པར་གདངས་གསར་འགེབས་ཀྱི་དང་དོད་ཆེ་བ་ཡོད་ཁུལ་གྱིས་ཆེད་དུ་གཉེར་ནས་བཅོ་ལྔའི་དུས་བཟང་ཆོས་སྤྱོད་ཚོམས་ཆེན་དུ་ཚོགས་པའི་གྲལ་དབུར་ཕྱིན་པས་འདུར་མ་ཙམ་ཡང་བཏོན་མ་སོང་། གཉལ་པ་ཞལ་སྔ་ནས་བསྟན་འཛིན་འཕྲིན་ལས་ལ་དྲིས་པས་དེ་འདྲ་བཙུགས་པའི་ཉིན་མོ་མ་གཏོགས་འདོན་གྱི་འདུག་པ་མ་ཐོས་ཟེར། མཆོད་ཡོན་བཀའ་གྲོས་ཐོག་བཱ་ཐུར་ཐའི་ཇི་འབོད་པར་སྒེར་རྒྱས་བནྡེ་རྫོང་བདའ་མཛད། ཟླ་བ་བདུན་པའི་ནང་དུ་གོང་དཀར་དཀོན་གཉེར་དཔོན་པར་ཚེ་དབང་ཉེ་བརྒྱུད་ལུང་དང་བཅས་པ་ཞིག་བྱས། གངས་ཚོ་སྐུ་སྐྱེ་ལ་དུག་སྔགས་མང་ཞིང་ཟབ་ཁྱད་འདུག་པ་རྣམས་ལ་དོན་གཉེར་བྱས་པས་སྤྱན་རས་གཟིགས་ཀྱི་རྗེས་གནང་དགོས་ཟེར་བ་བསྐུར་བའི་ཐོག་མཎྜལ་གྱི་ཚུལ་དུ་བྱིན་བྱུང་། ཡི་གེ་དྲུག་པའི་སྒྲུབ་ཐབས་ཤིག་དགོས་ཚུལ་ལྟར་


GLG005_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས། རྗེ་བཙུན་ནཱ་རོ་ཏ་པའི་ཐུགས་དམ་རྟེན་རྡོ་རྗེ་བཙུན་མོའི་སྐུ་བརྙེན་ར་ཚག་ནས་གདན་དྲངས་བརྒྱ་མཆོད་ཕུལ་ཞིང་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཟབ་མོ་བཟླས་པ་མཁའ་སྤྱོད་ཞལ་བཟང་ལྟ་བའི་སྨོན་ལམ་བཏབ། བསྟོད་པ་སྨོན་ལམ་དང་བཅས་པ་ཞིག་བརྩམས། སྟག་ལུང་དབུ་མ་ལོ་ཙཱ་བར་ལམ་རིམ་ཆེན་མོའི་ལུང་གལ་ཆེ་སར་བཤད་པ་དང་བཅས་པ་བྱས། ཁམས་རི་བོ་ཆེར་སྟག་ལུང་ཞབས་དྲུང་ངག་གི་དབང་ཕྱུག་ཕེབས་པ་འཁྲུལ་ཞིག་གི་མཛད་པས་གྲ་དམངས་དང་ལུགས་མ་ལེགས་པར་བརྟེན་བསྟན་པའི་ཉམས་གསོས་ལ་སྟག་ལུང་ཞབས་དྲུང་མ་ཆེན་ཆིབས་ཁ་སྒྱུར་བར་སྙན་ངག་གི་ལམ་ནས་དྲངས་པའི་ཞུ་ཡིག་སངས་རྒྱས་ཡར་བྱོན་གྱི་ཚེམས་ཀྱི་རྟེན་དང་བཅས་ཕེབས་རྫོངས་ཀྱི་འབུལ་སྐྱེལ་ལ་བླ་མ་སྙེ་མདོ་བ་ངག་དབང་འཕྲིན་ལས་བཏང་། དཔོན་སློབ་རྣམས་རི་བོ་ཆེར་ཕེབས་པ་དང་ཨེར་ཏེ་ནི་གསེར་ཏོག་ཆོས་རྗེས་ཁལ་ཁར་མི་སྣར་བཏང་བའི་ལམ་ཡིག་སྒྲོམས་ཆེ་བ། རྭ་སྒྲེང་དུ་དགོན་གོང་འོག་གཉིས་བརྒྱུད་པས་འཛིན་ཞིང་ལུགས་གཉིས་ཀ་ནས་ཕན་ཐོགས་མི་ཆེ་བར་བརྟེན་སྡེ་པས་གནས་དབྱུང་མཛད་དེ་སྤྱི་སོའི་མཁན་པོར་བྱང་རྩེ་ཆོས་རྗེ་ངག་དབང་རྡོ་རྗེ་མངའ་གསོལ་བའི་བསྐོ་འཇའི་ཡི་གེ་བྲིས། བསྟན་འཛིན་ཆོས་ཀྱི་རྒྱལ་པོ་དང་ད་ལའི་བཱ་ཐུར་ལ་ཚེ་རྟ་དང་མགོན་པོའི་རྗེས་གནང་ཕུལ། ད་ལའི་བཱ་ཐུར་བར་ཁམས་ཕྱོགས་སུ་འདེགས་པའི་རྫོང་བ་བྱས། ཧོར་ཟླ་བརྒྱད་པའི་ནང་དུ་བསམ་ཡས་གནོད་སྦྱིན་ཆེན་པོས་དགོས་ཚུལ་གསུང་བ་བཞིན་སྦུག་ཆོལ་གྱིས་ཐོག་དྲངས་པའི་སྤྱན་གཟིགས་འཕྲིན་ལན་དང་བཅས་པ་ཕུལ། སྔར་དཔོན་སློབ་གླིང་སྨད་ཞབས་


GLG005_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་ལ་འདུས་པའི་སྐོར་ཤིན་ཏུ་ཞིབ་པ་ཞུས་ཁུལ་ཡིན་ཀྱང་རིམ་ལྔ་གསལ་སྒྲོན་ལ་དོགས་པ་མང་ཙམ་ཤར་བས་རྗེ་དེ་ཉིད་ཀྱི་གསུང་རྒྱུན་འཁྲུལ་མེད་དུ་འཛིན་པ་དགའ་ལྡན་ཤར་པ་འོལ་དགའ་ལྦ་བ་འཇམ་དབྱངས་བྱམས་པ་རྣམ་རྒྱལ་ཡིན་པ་ངེས་པ་རྙེད་ནས་གདན་དྲངས་པའི་བཤད་ལུང་ཤིན་ཏུ་རྒྱས་པ་ཞུས་ཕར་གསང་འདུས་ཡིག་ཆུང་གི་ལུང་ཕུལ། གསང་བ་འདུས་པར་དུས་ཐོག་དེ་ལ་ཆུ་བོ་གངྒཱ་ཚུན་ཆད་ལ་མཁས་པར་སྣང་ཡང་གྲ་ཇ་དང་རྒྱུད་བཤད་ཚོང་མ་མཛད་པར་བརྟེན་རྒྱུད་རྒན་ཚོས་གུས་པོ་བྱས་མ་སོང་དགེ་བཤེས་རྣམས་ནི་བླ་མ་དེ་འདྲ་ཞེས་བསྔགས་པ་ཁོ་ན་བྱེད། དགའ་ལྡན་ཆོས་འཁོར་ཡང་རྩེ་གསར་བཙུགས་ཀྱི་འཆད་ཉན་དུ་རབ་འབྱམས་པ་ངག་དབང་དགེ་ལེགས་བཏང་བའི་བླ་མས་གཙོས་རབ་བྱུང་བསྙེན་རྫོགས་ཁ་ཤས་བསྒྲུབས། ཧོར་དཔོན་ཀརྨ་བསོད་ནམས་ལ་ཚེ་དབང་བསྐུར་ཞིང་གསར་འགྲུལ་ཡང་ཁ་ཡར་སླེབས། ཡ་མ་འགྲམ་འགྲིག་གི་ནད་ལྕི་ཙམ་ཞིག་བྱུང་བར་ཇའི་སང་སྡེ་པ་དང་དཔོན་ཚང་གཞན་ཕན་གཉིས་ཀྱིས་ནད་གཡོག་དང་བཅོས་ཀའང་དཔོན་ཚང་རང་གིས་མཛད། ཧོར་ཟླ་དགུ་བའི་ནང་དུ་ཆོས་རྗེ་དབོན་རིན་པོ་ཆེས་རིང་འཚོའི་རྟེན་འབྱུང་བསྒྲིགས་ཤིང་མོས་པ་ཤིན་ཏུ་ཆེ་བ་བྱུང་བས་ཚར་ཆེན་གྱིས་མཛད་པའི་སློབ་དཔོན་ཆེན་པོའི་གསོལ་འདེབས་ཀྱི་ལུང་དང་ཧ་ལ་ནག་པོའི་ཐ་ཐུམ་མགོ་ཐོག་ཏུ་བཞག་པའི་བཀའ་བསྒོ་ཞུས། མལ་གྲོ་འཆད་ཀ་སྤྱན་སྔས་གཙོས་པའི་རབ་བྱུང་བསྙེན་རྫོགས་འགའ་ཞིག་བསྒྲུབས། བྱང་ངོས་དཔོན་ཚང་གཞན་ཕན་པས་བསྐུལ་བའི་གཡུ་ཐོག་སྙིང་གི་ཐིག་ལས་བྱང་བརྩམས། ཁལ་ཁ་ནས་ཆོས་རྗེ་ངག་དབང་


GLG005_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་ཅན་འགྲུལ་པ་མང་ཙམ་སླེབས། ཚོགས་ལ་ཉིན་ཁ་ཡར་བོས་པའི་བརྒྱ་འབུལ་སྟོང་འབུལ་བྱུང་བར་བསྔོ་སྨོན་གྱི་རྒྱས་འདེབས་དང་འདོད་ཆོས་བྱས། ཧོར་ཟླ་བཅུ་པ་ནས་ཟུར་རྡོ་རྗེ་འཆང་ཕེབས་པའི་སློབ་བཤད་སྙན་བརྒྱུད། དགེ་ལུགས་གསང་སྔགས་སྔ་འགྱུར་སོགས་ཟབ་ཆོས་མཐའ་ཡས་པ་ཞུས། རྡོ་རྗེ་བྲག་རྫོང་མའི་ཁྲིད་ཀྱི་སྐབས་ལྟས་ཀྱང་བཤད་ཚོད་དང་མཐུན་པའི་ཡ་མཚན་པ་འདྲ་བྱུང་། ཡང་བཟློག་དང་གཤིན་རྗེ་དམར་པོའི་རིམ་གྲོའང་གྲངས་བཅད་ཀྱིས་བསྒྲུབས། དེ་མོ་སྤྲུལ་སྐུ་བསྙེན་རྫོགས་དགོས་ཚུལ་བྱུང་བ་གསང་སྟོན་སུས་མཛད་དྲིས་པར་རྣམ་རྒྱལ་སློབ་དཔོན་ཤར་ཁང་པས་ཡོང་གསུང་བ་ལྟར་བྱས་ཀྱང་རྗེས་སུ་ཁོང་ཞལ་སྔ་ནས་སངས་རྒྱས་རིན་ཆེན་གྱི་སྐུ་སྐྱེ་ཡིན་འདུག་པ་ལྷ་རྩེ་དཔོན་མོའི་ལུང་བསྟན་ན་བདུད་སྤྲུལ་དུ་བཤད་པས་མ་ལོ་ཞེས་འགྱོད་ཐལ་མཛད་བྱང་བྱི་ལ་ཤོར་བའི་སྐར་ཁུང་དུ་སོང་། མཚན་ངག་དབང་དགེ་ལེགས་རྒྱལ་མཚན་དུ་གསོལ། ཧོར་ཟླ་བཅུ་གཅིག་པར་འབྲི་གུང་ཞབས་དྲུང་ཆོས་ཀྱི་གྲགས་པས་གཡར་པོ་དགོས་ཚུལ་ཕེབས་པའི་འདུལ་བའི་རྒྱ་ཆེར་འགྲེལ་འབུལ་བ་དང་ཛ་བྷིར་གྱི་རླུང་ཁྲིད་སྐར་མ་ཕྱིར་ཞུ་བར་ཞུ་མཆིད་རྒྱན་གྱིས་སྤྲས་པར་དེ་ལན་སྙན་ཚིག་གི་ལམ་ནས་དྲངས་པ་ཕྱག་དཔེ་དང་བཅས་བསྩལ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་དུས་ཞལ་གྱི་བཀའ་བརྩེ་ལུགས་སྣང་ནའང་། སོ་སོའི་རང་སྐད་བཞིན་ཚུགས་ན་ཁུངས་བཙུན་པར་འདུག་པས་བདག་བསྐྱེད་བྲག་རྫོང་རྒྱུན་ཁྱེར། མགོན་པོ་ཆེ་ཆུང་མངོན་རྟོགས་རྟོགས་བསྐང་བ་བསྟོད་འབུམ་དང་བཅས་པ་ཁའུ་བྲང་རྫོང་པའི་བཞེད་པ་མ་ནོར་བའི་ཆོག་


GLG005_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིགས་བཀོད། ཟླ་སྨད་དུ་གོང་ནས་ཤེས་རབ་བླ་མ། གཙང་པ་དཀའ་བཅུ། ད་ལའི་ཆོས་རྗེ། མེརྒན་བོའོ། ཚུལ་ཁྲིམས་ཁི་ཡ་རྣམས་རྫོང་བདའ་གནང་བའི་བཀའ་ཤོག་གོས་དར་རིན་པོ་ཆེའི་གནང་སྦྱིན་དང་བཅས་ཕོ་བྲང་དུ་ཡོང་དགོས་ཚུལ་ཕེབས་འདུག །གསེར་ཡིག་པ་རྣམས་ལ་ཚེ་རྟ་སོགས་རྗེས་གནང་དང་བདག་རྐྱེན་གང་ལེགས་བྱས། གཙང་དུས་གཞན་གྱི་རེ་བལྟོས་མེད་པའི་སྐབས་ཡོལ་མོ་སྤྲུལ་སྐུ་རིན་པོ་ཆེས་ཟུར་རྡོ་རྗེ་འཆང་བརྒྱུད་ནས་གཏེར་གུང་དུ། ལས་ཅན་སྙིང་གི་བུ་བདུན་འབྱུང་༔ ཞེས་པའི་ནང་གི་འཇམ་དཔལ་སྤྲུལ་པ་དབུས་སུ་འབྱུང་། གློ་བུར་རྐྱེན་གྱིས་མ་བསྒྲིབས་ན༔ རྒྱ་བོད་ཧོར་གསུམ་དེ་ཡིས་འདུལ༔ ཞེས་པར་ངོས་འཛིན་གནང་བ་སྤྲུལ་པའི་རེ་བ་ག་ལ་ཡོད་ཀྱང་འཇམ་དབྱངས་དང་ལས་འབྲེལ་ཡོད་པ་ཙམ་ལ་དགོངས་སམ་སྙམ། རྒྱ་བོད་ཧོར་གསུམ་གྱི་ལ་ལ་ཡོན་མཆོད་དང་འགའ་ཞིག་འབངས་ཀྱི་ཚུལ་དུ་མ་གྱུར་པའི་མནའ་ནི་ཐོན་པ་མེད། འཕུང་བྱེད་བླ་མ་སྟོབས་ཆེན་བཞིའི་བཞུགས་གྲལ་དུ་ནི་ཆུད་པར་མི་གདའ། རྡོ་རྗེ་བྲག་ནས་རིག་འཛིན་སྤྲུལ་སྐུ་རིན་པོ་ཆེས། བློན་པོ་བཀའ་ཐང་ལས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིད༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་ལྔ༔ འཕྲུལ་ལྔ་བསྒྱུར་བའི་སྟོབས་སུ་འགྱུར༔ འདྲ་མིན་ཞིག་དང་མ་ནོར་ན༔ གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་མཛད༔ བྱང་མིང་འདུལ་སྐྱོང་གནམ་སའི་བདག༔ ཟ་ཧོར་ཆབ་ལས་འབེབས་པ་འབྱུང་༔ ཞེས་པ་ཉང་ཆོས་དབང་པཎ་ཆེན་དབང་པོའི་སྡེ་ཡན་ཡོངས་གྲགས་དང་བར་སྐབས་སུ་གཙང་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོ་ལ་ཡང་སྲིད་ཀྱི་གྲགས་པ་ཆེ་བ་འདྲ་མིན་དང་


GLG005_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་བསྟན་དེ་ངེད་ལ་ངོས་འཛིན་པ་སྣང་ཡང་སྨོན་ལམ་དག་པའི་སྐྱེ་བ་རྣམ་ལྔས་འདོན༔ ཞེས་པའི་ཚིག་གི་ནུས་པས་གཏེར་ཞིག་དགོས་རྒྱུར་ཆུ་སྟག་བསམ་ཡས་སུ་འགྲོ་གདོང་གནས་ཆུང་ཆོས་རྒྱལ་གྱིས་ད་ལམ་ལས་མཁན་གྱིས་གཏེར་ཐོན་ཟེར་བྱུང་ན་རྟེན་འབྲེལ་གྱི་སྒོར་གནོད་པ་ཡོད་པས་མ་འདོན་ཞེས་མཆོད་དཔོན་པར་ནན་གྱིས་གསུངས་འདུག་པ་རྟ་མགྲིན་གླིང་རས་ཁ་བྱང་ཞིག་རྙེད་པའི་འབྱས་བྱུང་ཡང་དོ་གལ་མ་བྱས་པས་དེ་འདྲའི་རེ་བ་གང་ལ་ཡོད། གལ་ཏེ་ལས་འཕྲོ་སད་པ་ཞིག་ཡིན་ཀྱང་སྐྱེ་བ་བརྒྱུད་དགོས་རྒྱུ་ནས་ད་ལམ་དོག་འཚང་མི་ཞུ། མངའ་རིས་གྲུབ་ཆེན་སྙིང་སྟོབས་རྒྱ་མཚོས། གླེགས་བམ་ཕ་ཆོས་ཀྱི་ལུང་བསྟན་དུ། དེའི་དུས་ཀྱི་སྐྱེ་བ་དེ། མེའི་སོན་ལས་རུས་བྱས་པའི་ལུགས་ཡིན་ཆོས་གང་བྱས་ངར་ཆེ་ལྷག་པོར་དྲག་པོའི་བསྙེན་པ་ལ་བསྔགས། བདུད་སྡེ་དང་སྡིག་ཅན་གྱིས་མི་བཟོད་པའི་རིགས་ཡིན་དེས་རྩོད་པ་དང་ཕས་ཚུས་ཟེར་མང་འོ་ནའང་རང་ཕམ་པར་མི་ནུས་ཞེས་པར་ངོས་འཛིན་པ་ལོ་ཁམས་འགྲིག་པ་ཙམ་ལས་གཞན་མའི་ཏིག་བསྟད་ཅི་ཡོད། ཤིང་ཡོས་དུམ་བུ་གནས་པ་རྣམས་ཀྱིས་རིང་འཚོའི་རྟེན་འབྱུང་སྐབས། རབ་འབྱམས་ཆོས་རྗེའི་རིན་ཆེན་རྒྱ་མཚོས། འཇམ་དཔལ་རྩ་རྒྱུད་ལས། སྟོན་པའི་གསུང་རབ་ས་སྟེང་དུ། དུས་མཐར་འཇིག་རྟེན་ཉམས་པ་ན། །སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་ནི། །འབྱུང་བར་འགྱུར་བར་ཐེ་ཚོམ་མེད། །དཔེར་ན་མ་ཁོལ་ཞེས་བྱ་དང་། །མེ་ཏོག་ཅེས་བྱར་རྣམ་པར་གྲགས། །ཡི་གེ་མ་ཞེས་གཞོན་ནུ་ཞེས། །ཞེས་པ་ཡིན་ཚུལ་གྱི་རྒྱུ་མཚན་མཛད་པ་བློའི་སྐད་དོད་མིདྷཱི་དང་སྡེབ་སྦྱོར་གྱི་དབང་གིས་བུདྷཱི་དང་མ་ཏི་སོགས་འཇོག་པ་འདུག་མོད། ཆོས་ཀྱི་རྒྱལ་པོ་འཕགས་པའི་མཚན་
ལ་བློ་གྲོས་རྒྱལ་མཚན་ཞེས་པས་ཐེ་མི་ཚོམ་པར་སྣང་། འོན་ཀྱང་རང་རང་གི་དག་སྣང་མཛད་པར་རྗེས་སུ་ཡི་རང་ངོ་། །

དགུང་ལོ་སོ་གསུམ་པར་རྒྱ་ནག་ཏུ་ཕེབས་རྒྱུའི་ཞལ་བཞེས་གནང་བ་དང་། ལྷོ་བྲག་དགའ་ལྡན་དོན་གཉིས་གླིང་བཏབ་པ་བཅས་ཀྱི་སྐོར།


GLG005_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་མཇུག་གི་དུས་རིམ་དང་ས་གླང་གི་ལོ་གསར་ཐོག་མཆོད་སྤྲིན་སྙན་ཤལ་སྤྲོས་ནས་སྨོན་ལམ་ཆེན་མོར་ཕྱིན་པའི་སྔར་འཁྱུད་བཞིན་བྱས། གཙང་ཁང་བྱང་གི་ལྕོག་འོག་ཀ་བཞི་མར་སྡེ་པས་ཞལ་བཀོད་མཛད་དེ་རྟེན་མཆོད་རྒྱ་མི་ཆུང་ཙམ་གྱི་མཆོད་ཁང་གསར་དུ་བསྒྲིགས་འདུག །ཚེས་གསུམ་ལ་ཕོ་བྲང་ཆེན་པོ་པོ་ཏ་ལར་སླེབས། གོང་གི་གསེར་ཡིག་པ་རྣམས་ལ་ཚེ་རྟ། མགོན་པོ། ལོ་མ་གྱོན་མ། འོད་ཟེར་ཅན་མ་སོགས་རྗེས་གནང་ཁ་ཡར་དང་འདོད་ཆོས་ཀྱི་ལུང་འགའ་ཞིག་བྱས། གོང་གི་བཀའ་མ་བཟློག་པར་ཡོང་བའི་ཁས་ལེན་ཞུས། རྒྱ་ནག་ཡུལ་གྲུ་ཆེས་པས་འབྲུམ་པ་དང་ཚད་པའི་ནད་ཀྱི་དོགས་པ་ཡོང་འདུག་པས་ཡུན་རིང་མི་འཐོགས་པར་དགོས་པའི་ཞིབ་ཆའི་རྒྱུ་མཚན་འབུལ་བར་ཞུ་ཡིག་རྟེན་སྦྲགས་དང་བཅས་དཀའ་བཅུ་ཤེས་རབ་རྒྱལ་མཚན་དང་དེའི་ལོ་ཙཱར་ཧོར་བཀྲ་ཤིས་བཏང་མི་སྣ་རྣམས་དང་ལྷན་དུ་འགྲོ་མི་གསར་འགྲུལ་ཚོར་ལུགས་གཉིས་ཀྱི་སྒོ་ནས་རེ་བ་བསྐང་། དེ་ཡང་གཙང་དུས་ཧོར་ཁྲིམས་མ་ནོན་པའི་སྐྱོན་གྱིས་སྟག་ལུང་དང་ཡངས་པ་ཅན་དུ་བསྡེབས་དྲིལ་གྱི་ཚྭ་ལེན་པར་ཕྱིན་པ་བདེ་བར་འཁོར་བ་དང་དགྲ་ལག་ཏུ་ཤོར་བ་སྣ་ཚོགས་པས་དགུ་གཏོར་སྒར་པ་རི་ཆབ་རྣམས་དཔུང་བསྒྲིལ་པའི་བིར་སྨད་པ་དང་ཐུག་སྐབས་ཆབ་མདོར་ཟླ་བ་ཉེར་གཅིག་གི་བར་འཁར་བའི་དབུས་གཙང་དུ་གསེར་ཞོ་རེར་སྤུ་ཇ་སྤོར་དྲུག་རེ་བྱེད་པའི་ཇ་སོགས་འདོད་ཡོན་ཐང་ལྷོད་མི་མཉམ་པ་དེང་སང་མངའ་རིས་རྒྱ་དར་རྩེ་མདོའི་


GLG005_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱི་རྒྱལ་ཁམས་རྒན་མོ་གསེར་ཁུར་ལྟ་བུའི་ཞོད་འཇགས་ཡ་སྡེ་པ་བསོད་ནམས་རབ་བརྟན་དང་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཟུང་དྲུ་འབྲེལ་བའི་མཛད་པ་བཟང་པོར་སྣང་བ་ཁོང་མཆོད་ཡོན་གཉིས་ལ་རྣམ་ཐར་མི་འདུག་གཤིས་ངེད་ཀྱི་འདིར་བླ་ཆེན་སྤྱི་མཐུན་ལྟར་བྲིས་པ་ཡིན། གནས་རྙིང་ཞབས་དྲུང་ཁྲི་པ་དང་རྡོ་རྗེ་བྲག་སྤྲུལ་པའི་སྐུས་གཙོས་གྲྭ་ཚང་གི་གྲྭ་པ་སོགས་བདུན་ཅུ་སྐོར་ལ་རིག་འཛིན་གདུང་སྒྲུབ། ཐུགས་སྒྲུབ་དྲག་པོ་རྩལ་གྱི་སྒྲུབ་པ་སྡེ་བརྒྱད། ཚེ་བདག་གསུམ་གྱི་དབང་། བསམ་པ་ལྷུན་གྲུབ་མའི་དབང་ལུང་། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་ཚེ་དབང་། ཁོང་རང་དཔོན་སློབ་གཉིས། ཇའི་སང་སྡེ་པ། དཔོན་ཚང་བྱང་ངོས་པ། མཆོད་དཔོན་དབུ་མཛད་རྣམས་ལ་སྒེར་དུ་ལས་འབྲེལ་རྩལ་གྱི་གཏེར་མའི་ཁྱབ་འཇུག་གི་དབང་སྤྲུལ་པའི་སྐུ་དགེ་བསྙེན་དུ་བསྒྲུབས། དགའ་ལྡན་ཕོ་བྲང་ཤར་གྱི་མཁར་ལས་ལོ་སྔོན་མ་ཐོག་ཟོ་གཉིས་གྲུབ་པའི་འཕྲོས་དང་ཞོལ་དུ་ཨར་པོ་ཚུགས་སོང་བར་ཕུར་སྒྲུབ་ཀྱིས་མཚོན་པའི་སྐུ་རིམ་ཁང་ཞིག་བྱུང་ན་ཞུས་པས་རྐྱེན་བྱས་གནས་རྙིང་པ་དང་རྡོ་རྗེ་བྲག་པར་རྙིང་མའི་ཆོས་བཤད་པ་ལ་བསྙད་པའི་སྒྱུར་སྦྱང་མང་དུ་མཛད་བྱུང་བ་ལ་ལན་འབུལ་མ་ནུས་པར་སྤམ་མེ་བསྡད། ཡུན་རིང་ཙམ་རྒྱུ་མཚན་ཆེར་མ་ཞུས་པར་ཐུགས་ཚོམ་ཤར་བའི་དོགས་སེལ་གྱི་མོལ་མཆིད་ཞིབ་ཏུ་མཛད་བྱུང་བའི་འཕྲོས་ཤིག་ལ་དབང་ཆོས་མང་བ་དགོས་པ་ཡོང་ན་སྡེ་དྲུག་མཁན་པོ་ཁ་རབ་པ་ལྟ་བུ་ཡར་ཀླུངས་བཀྲ་ཤིས་རྩེར་བཏང་ན་གསུང་བར་ང་རྗེ་བསོད་ནམས་རྒྱ་མཚོ་ལས་མི་ལྷག །དབོན་པོ་རིན་པོ་ཆེ་བོད་མཁར་བ་ལས་མི་ཞན་དེ་རིགས་བར་དུ་བརྒྱུད་ན་མཚན་ཉིད་དང་ལྡན་པ་


GLG005_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཡོང་བ་དཀའ་ཞུས་པར་འཕྲལ་དུ་གསལ་ཁ་མ་བྱུང་ཡང་སྟོན་མཇུག་ཐུགས་བད་དྭངས་པའི་ཕྱག་ཏུ་བཀལ་སོང་། རྟ་ཚག་རྗེ་དྲུང་དང་གནས་རྙིང་ཞབས་དྲུང་གིས་གཙོས་པའི་མི་ཉི་ཤུ་སྐོར་ལ་ངེད་རང་གི་རྩོམ་པའི་ལུང་ཁ་ཤས་དང་རྟ་ཚག་སྤྲུལ་སྐུར་ཚེ་མགོན་གྱི་རྗེས་གནང་ཕུལ། ཟླ་བ་གསུམ་པའི་ནང་དུ་སྣེའུ་སྡོང་ཞབས་དྲུང་རིན་པོ་ཆེ་མ་ཆེན་དགེ་ཚུལ་གྱི་སྡོམ་པ་བཞེས་པར་ཆེད་གཉེར་ཕེབས་པ་དགོངས་པ་ཡོངས་སུ་བཀང་བའི་མཚན་སྔར་གྱི་རྙིང་པ་ལས་ཅུང་ཟད་བསྒྱུར་ནས་བློ་བཟང་བསོད་ནམས་དབང་ཕྱུག་གྲགས་པ་རྣམ་རྒྱལ་དཔལ་བཟང་དུ་གསོལ། ཞབས་དྲུང་གི་ཕྱག་ཕྱིར་གནས་རྙིང་ཁྲི་པ་དང་རྟ་ནག་སྒྲོལ་མ་བ་སྐུ་མཆེད་གྲ་ཚང་གི་གྲ་པ་བརྒྱད་ཅུ་སྐོར་ལ་ཕུར་པ་ལྕགས་ཁང་མའི་དབང་། སྤྱན་སྔ་ཆོས་དྲུག་གི་ལུང་། རྩེ་ཞབས་དྲུང་དང་གནས་རྙིང་ཁྲི་པ་གཉིས་ལ་སྒེར་དུ་དཔལ་ལྡན་དམག་ཟོར་མའི་རྗེས་གནང་ཕུལ། སྟག་རྩེ་ཐའི་ཇི་སྐུ་མཆེད་ཀྱི་རྫོང་གི་སྒྱེད་བུ་ཁ་དྲོར་ཚོམས་ཆེན་དུ་བཞུགས་གྲལ་བཤམས། མགོན་པོ་ཆེ་ཆུང་ལས་མཁན་དང་བཅས་པའི་གཏོར་ཆོག་བཀང་བ་བསྟོད་འབུམ་གསར་བསྒྲིགས་རྣམས་བཙུགས་ཏེ་ནག་ཟླའི་ཚེས་བརྒྱད་ལ་མཆོད་གཏོར་སྤྱན་གཟིགས་སྙན་དར་འདོད་གསོལ་དང་བཅས་ཤིན་ཏུ་རྒྱས་པ་བྱས། ཤེལ་དཀར་དུ་དགེ་ལུགས་ཀྱི་ཆོས་སྡེ་གསར་འཛུགས་མཛད་ཀྱང་བླ་མ་གཙང་པ་རྒད་བུ་ཞིག་འཁོད་པ་བསམ་པ་མ་དག་པའི་གྲ་པའི་ཕོགས་ཐེབས་ཁོ་རང་གི་སྒེར་ཆས་སུ་བསྒྲིལ་བས་ཕན་ཐོགས་མ་བྱུང་འདུག་རུང་སླར་ཀོང་པོ་ཆབ་ནག་རབ་འབྱམས་པ་སངས་རྒྱས་དཔལ་འབྱོར་བསྐོས་པས་ད་ལྟ་འཕེལ་རྒྱས་ཆེ་བར་གདའ། རྒྱལ་མོ་ཆུང་བ་སྙུན་དམ་པོས་


GLG005_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པར་རྗེས་གནང་ཁ་ཡར་དང་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་འཕོ་བའི་གསལ་འདེབས་བྱས། དགེ་བར་ཇོ་ཤཱཀ་ལ་དཀར་མེ་སྙན་ཤལ། རང་ཕྱོགས་གཙོ་བོར་གྱུར་པའི་བོད་ཀྱི་བླ་ཆེན་རགས་རིམ་ལ་བསྔོ་རྟེན། སེར་འབྲས་དགེ་གསུམ་གྱིས་གཙོས་དགོན་པ་བརྒྱ་སོ་གཉིས་ལ་མང་འགྱེད་རྣམས་ཀྱི་དགོས་ཆར་གོས་ཆེན་གྱི་བླ་བྲེ་ཉི་ཤུ། གོས་དར་གྱི་ཡོལ་བ་བདུན། རྒྱ་གོས་སོ་གཅིག །གོས་ཡུག་བརྒྱད་ཅུ། ཁ་འཁྱར་སུམ་བརྒྱ། དར་སྨན་ཙེ་ཆོར་བཅས་ཡུག་སོ་དགུ །ཁ་འཁྱར་བརྒྱད་ཅུ། མུ་ཏིག་དབུས་ཞོ་བརྒྱ་དང་བདུན་ཅུ། དཀར་ཡོལ་བཅུ་གཅིག །པདྨ་རཱ་ག་དང་ཧོར་ཤེལ་གྱི་ཕྲེང་བ་རེ། བྱུ་རུའི་འཕྲེང་བ་ལྔ། སྤོས་ཤེལ་གྱི་འཕྲེང་བ་བདུན། སུམ་སྒྲོམས་དྲུག །གཡུ་རྡོག་བཅུ་དྲུག །རྒྱ་ཟམ་ལྷོ་རས་བསྡོམས་པ་ཡུག་ཞེ་གཉིས། གསེར་སྒ་སྲབ་རྨེད་ཆ་འགྲིག་བཅུ། དེ་མཚུངས་དངུལ་སྒ་གསུམ། ར་མ་ལུག་བདུན། སྒ་དམར་དངུལ་ཤན་མ་བཅུ་གཅིག །ཁྲོ་སོ་དྲུག །སོག་ལྷམ་བདུན། གྲུམ་ཙེ་བཅུ། རྟ་རེ་བདུན་རྣམས་འབྲུ་ཐོག་ཏུ་བསྡོམས་པར་མཁར་ཁལ་ཁྲི་ཚོ་ཕྱེད་གསུམ་དུ་སླེབས། འབྲུ་འགྱེད་ནས་ཁལ་ལྔ་སྟོང་ཆིག་བརྒྱ་རྣམས་ཀྱི་མཐུན་རྐྱེན་བསྒྲུབས། བྱང་ཆེན་མཆོད་རྟེན་དངུལ་ལས་གྲུབ་པ་གཡུ་མུ་ཏིག་བྱུ་རུ་ཤེལ་སོགས་ཀྱི་ཕྲ་རྒྱན་ཅན་ཐོག་ཚད་མ་ཞིག་བཞེངས། སྔར་ས་སྦྲུལ་རྡོ་རྗེ་འཆང་ཕ་བོང་ཁ་པས་ལུང་བསྟན་གནང་བའི་ཚེ་བྱུང་བ་ལས་ཆུང་ཞིང་ཡུན་ཐུང་བ་ལ་གཞན་མ་འདི་དུས་ཁུག་རྣས་ཉིན་མོའི་གུང་ལའང་ཉི་མ་ཟངས་སྡེར་འདྲ་བ་ཉིན་ལྔ་ཙམ་བསྟུད་པ་བསྟན་འཛིན་ཆོས་རྒྱལ་ལ་སྐུ་དོག་ཆེར་ཡོད་པ་རིམ་གྲོས་བཟློག་པར་སྣང་། ཟླ་བ་བཞི་པའི་ནང་དུ་གནས་རྙིང་ཞབས་དྲུང་དང་སེ་ར་བྱེས་


GLG005_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སློབ་དཔོན་པས་གཙོས་པའི་གྲ་པ་ཁ་ཤས། རྟ་ནག་སྒྲོལ་མ་ནས་སྐུ་མཆེད། གྲ་ཚང་གི་གྲ་པ་རགས་བསྡུས་སོགས་ལ་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དབང་བཞི་རྟ་པད་ཀྱི་ལུང་དང་བཅས་པ། སེ་ར་བྱེས་སྨད་ཀྱི་གྲ་པ་སུམ་བརྒྱ་སྐོར་ལ་རྒྱལ་བ་ཙོང་ཁ་པས་མཛད་པའི་བསྟོད་ཆེན་བཞི་སོགས་ཆོས་སྤྱོད་ཁ་ཤས་དང་གསང་འདུས་རྩ་རྒྱུད་ཀྱི་ལུང་། དེ་རྣམས་ཀྱི་ཐོག་གསོ་རིག་སློབ་གྲ་དང་རྨི་རུ་བ་རྣམས་ལ་སྨན་བླ་སྤྲུལ་སྐུ་དང་ཕྱག་དྲུག་པའི་རྗེས་གནང་བྱས། གནས་རྙིང་ཞབས་དྲུང་དཔོན་སློབ་ཉུང་བསྡུས་ལ་ཕྱག་དྲུག་པའི་རྗེས་གནང་ཐུན་མོང་མ་ཡིན་པ་དང་མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་། ཚེ་དབང་ཉེ་བརྒྱུད་རྣམས་ཕུལ། གྲ་ཚང་གིས་ཡུན་དུ་གནས་པའི་ཚན་གྲངས་དང་བཅས་རྟེན་འབྱུང་བསྒྲིགས། བླ་མ་སྒྲོལ་མ་ནས། སྔགས་འཆང་དོན་གྲུབ་བཀྲ་ཤིས། མཆོད་དཔོན་དབུ་མཛད་བཞི་ལ་རིག་འཛིན་རཏྣ་གླིང་པའི་རྫོགས་ཆེན་ཀློང་གསལ་གྱི་དབང་ལུང་དང་ཀ་དག་གི་ཉམས་འཁྲིད་ཞག་ཉི་ཤུའི་བར་སྨིན་རྒྱས་སུ་ཕབ། ཕྱོགས་འདུས་ཀྱི་རབ་བྱུང་བསྙེན་རྫོགས་ཉི་ཤུ་སྐོར་བསྒྲུབས། ཚེས་བཅོ་ལྔ་ལ་དཔལ་ལྡན་འབྲས་སྤུངས་སུ་ཕྱིན་པའི་འདུས་པའི་ཚོགས་ཀྱིས་རིང་པོར་གནས་པའི་བདེན་ཚིག་གི་སྨོན་ལམ་མཛད་ཅིང་ཆོས་རྒྱལ་ཆེན་པོའང་ཁོག་ཏུ་ཞུགས་ནས་ཕེབས། ཞར་ལ་གསོ་སྦྱོང་བྱས་ཏེ་པོ་ཏཱ་ལར་ཉིན་སྐོར་དུ་སླེབས། ཚེས་བཅུ་དགུ་ལ་སེ་ར་ཐེག་ཆེན་གླིང་ཚོགས་ཆེན་གྱིས་པོ་ཏཱ་ལའི་ཚོམས་ཆེན་དུ་བདོག་པ་དང་བཅས་རིང་འཚོའི་རྟེན་འབྲེལ་བསྒྲིགས། ལྷོ་བྲག་དོ་བོ་རྫོང་དགའ་ལྡན་དོན་གཉིས་གླིང་བཙུགས་པའི་བླ་མར་སྒང་མགོ་རབ་


GLG005_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་པ་ངག་དབང་རྒྱ་མཚོ་བཏང་། སེ་ར་སྟོད་པའི་བླ་མ་བྱེད་མི་འབྲོམ་སྟེང་པ་ཅན་བསྙེན་རྫོགས་ཁ་ཤས་བསྒྲུབས། གསར་རྩོམ་གྱི་ཕར་ཕྱིན་མཛོད་རྒྱལ་རབས་གསུམ་གྱི་པར་སྡེ་པ་ལྷ་རྒྱ་རི་བ་དཔོན་བློན་ནས་ཐུགས་ཁུར་བཞེས་ཏེ་བརྐོས་ཟིན་པའི་སྐྱེལ་མི་སླེབས། ཟླ་བ་ལྔ་པའི་ནང་དུ་སྲིད་གསུམ་བདག་མོ་མདོས་ཀྱིས་མཆོད། ཨེ་པ་སྤྲུལ་སྐུ་ཧོར་དར་དང་བག་དྲོས་གཙོས་བཟོ་བོ་མཁས་པ་ཁ་ཤས་བཀུག །གྲ་ཁང་གསང་སྔགས་དགའ་ཚལ་སྦུག་གི་གཙང་ཁང་དུ་ནག་པོ་སྐོར་གསུམ། ཕུར་པ། དམག་ཟོར་མ། རྣམ་སྲས། གུར་ཞལ། བེག་ཙེ། བསྟན་མ་ཁང་དུ་དུང་སྐྱོང་རྒྱལ་མོ་རྣམས་ཀྱི་སྐུ་བརྙན་བཞེངས་པར་རྒྱུད་སྡེ་ནས་བཤད་པའི་གཟུངས་གཞུགས་མཚན་ཉིད་དང་ལྡན་པ་ཕུལ། རྫོང་དང་སྦྲགས་པའི་རབ་གནས་མཛད་ན་བསམས་རུང་ཐུགས་འགྲོས་ཆེས་པའི་འདི་ལོ་གནང་སྟབས་མི་བདེ་ཚུལ་བྱུང་བས་སྐུ་རྣམས་ལ་རབ་གནས་མདོར་བསྡུས་བྱས། སྤུས་སྲང་སྨྱོན་པས་བསྐུལ་ནས་འཁྲུངས་རབས་བྲིས་ཐང་བྲི་བའི་ཞིང་བཀོད། མ་ཎི་བ་དཀོན་མཆོག་བློ་གྲོས་ཀྱི་ངོར་སྨོན་ལམ་དམ་བཅའི་འགོ་བརྒྱངས། སྟག་རྩེ་ཐའི་ཇི་མཚོ་སྐྱེས་རྡོ་རྗེའི་ཞལ་འདོན་དུ་བདག་བསྟོད། ལྷ་སའི་ཚེས་བཅུ་པ་རྣམས་ཀྱི་འདོད་པ་བཞིན་ལེའུ་བདུན་བརྒྱུད་འདེབས་མཇུག་ཏུ་རིང་འཚོའི་ཚིགས་བཅད་དང་བཅས་པ་རྣམས་བརྩམས། དེ་མོ་སྤྲུལ་སྐུ་ངག་དབང་དགེ་ལེགས་རྒྱལ་མཚན་བར་ཁམས་སུ་འབྱོན་གདོང་ཆོས་ཉན་པ་སུམ་ཅུ་སྐོར་ལ་ཉང་ལུགས་དྲག་པོ་མེའི་སྤུ་གྲིའི་དབང་། རས་ཆུང་ལུགས་ཀྱི་རྟ་མགྲིན། རིགས་གསུམ་མགོན་པོ། སྨེ་བརྩེགས། རྗེ་བསོད་ནམས་རྒྱ་མཚོའི་ཚེ་དབང་ཉེ་བརྒྱུད་དང་ཐང་སྟོང་རྒྱལ་པོའི་འཆི་


GLG005_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དཔལ་སྟེར་སོགས་རྗེས་གནང་ཁ་ཤས་དང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་པོ་ཏི་དང་པོ། ལས་ཆེན་ཀུན་རྒྱལ་བའི་བཀའ་གདམས་ཆོས་འབྱུང་ཕྱེད་ལྷག་ཙམ་གྱི་ལུང་། སྤྲུལ་སྐུའི་ཕྱགས་ཕྱིར་ཞལ་སྔ་ནས་དཔོན་དར་བ། བྲག་སྣ་ཆོས་རྗེ། གྲུབ་ཆེན་བག་དྲོ། མཆོད་དཔོན་དབུ་མཛད་བཅས་པ་རྣམས་ལ་བེག་ཙེའི་རྗེས་གནང་དང་བེའུ་བུམ་གཟའ་གདོང་དམར་ནག་གམ་བཤན་པ་མིག་དམར་གྱི་དབང་ལུང་། གཤིན་རྗེ་ཁྲོ་ཆུའི་དབང་ལུང་། བསྟན་མ་བཅུ་གཉིས་ཀྱི་སྲོག་དབང་། དྲེགས་པ་ཉི་ཤུའི་ལུང་ཕྱག་འཁྲིད་ཀྱིས་མཚོན་པའི་འདོད་ཆོས་མང་དུ་བྱས། གཟུངས་གཞུགས་འབུལ་ཚུལ་གྱི་ཡིག་ཆ་ཞིག་དགོས་གསུངས་པའང་བརྩམས། ཆོས་རྗེ་བྲག་སྣ་བ་ཅན་ཆོས་ཞུ་གཞི་བ་རྣམས་ལ་བཀའ་གདམས་ཆོས་འབྱུང་གི་འཕྲོ་རྫོགས་པར་བྱས། ཆོས་རྗེ་དཔོན་དར་བ། གྲུབ་ཆེན་བག་དྲོ་ངག་དབང་ལྷུན་གྲུབ། བྱང་ངོས་ནས་སྐུ་གཞོན་པ། རྒྱ་ཡགས་དགེ་སློང་། མཆོད་དཔོན། དབུ་མཛད་རྣམས་ལ་ནཱ་རོ་མཁའ་སྤྱོད་ཀྱི་ཉམས་འཁྲིད་སློབ་བཤད་ལུགས་ཀྱི་སྙན་བརྒྱུད་ཚད་མ་བཞི་དང་ལྡན་པ་ཟླ་གཅིག་ལ་ཉེ་བར་ཕབ། གྲུབ་ཆེན་བག་དྲོ་ལ་མནལ་ལྟས་ཀྱང་ལེགས་པ་བྱུང་སྣང་། ཟླ་བ་བདུན་པའི་ནང་དུ་མེའི་སྤུ་གྲི་དང་བཤོར་སང་ཉི་མ་ཁྲོས་ཀྱི་སྒྲུབ་པ་བཙུགས་སྐབས་མཚམས་ཁང་ཐོག་ཏུ་བྱ་རོག་འཛིངས་ནས་ཁ་ཡར་བསད་པའི་འཚུབ་ལྟས་སྣ་ཚོགས་བྱུང་། སེ་ར་རབ་འབྱམས་པ་འཇམ་དབྱངས་གྲགས་པ་དང་གྲ་ཚང་གི་གྲ་པ་ཁ་ཤས་ལ་དྲུག་ཅུ་པའི་ཕྱག་ལེན་ཁྲིད། བྱེས་པ་སློབ་དཔོན་འཕྲིན་ལས་བསམ་གྲུབ་ཀྱིས་གསོལ་འདེབས་དགོས་ཚུལ་བྱུང་བ་བརྩམས་


GLG005_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་པ་འཇམ་དབྱངས་གྲགས་པས་གཟུངས་གཞུགས་འབུལ་ཚུལ་ཞིབ་ཏུ་སྦྱངས་ནས་རྫིང་ཕྱིར་གཙང་གི་ཆོས་སྡེ་ཆེན་པོའི་དངུལ་གདུང་གསར་བསྒྲིགས་མཛད་སོང་བར་གཟུངས་འབུལ་ལ་བརྫངས། ཕ་བོང་ཁར་རྡོ་རྗེ་འཆང་དཔལ་འབྱོརལྷུན་གྲུབ་ཀྱི་འབུར་སྐུ་ཞིག་མི་སྣང་བས་སྤྲུལ་སྐུ་བ་རྣམས་ཀྱིས་སྔགས་སྐུ་དང་ལྷན་དུ་བཞེངས། བསྟན་པ་སྤྱི་དང་སྒྲུབ་སྡེ་འཕེལ་ཞིང་རྒྱས་པ། སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་འདོད་གསོལ་དམིགས་ཕུག་སྟེ་དཔལ་ལྡན་བླ་མའི་དགོངས་པ་རྫོགས་པའི་སྨོན་ལམ་ཆོས་སྲུངས་ལ་གཉེར་གཏད་ཀྱི་ཕྱག་ལེན་གང་ཞིབ་ཀྱི་ལུས་ལག་དར་ནས་ཕུལ། དམ་ཚིག་པ་ལ་ཡེ་ཤེས་པ་བཅུག་ནས་བྱང་ཆུབ་ཤིང་གི་ནགས་ཁྲོད་དུ་ཟླ་བ་བརྒྱད་པར་སྤྱན་དྲངས། དཀར་ཆག་ཞིག་ཀྱང་བརྩམས། ཟུར་འཇམ་དབྱངས་བླ་མ་ལ་སྔགས་གསར་རྙིང་གི་ཟབ་ཆོས་མང་དུ་ཞུས། ཁྱད་པར་པུ་ཏྲའི་རྗེས་གནང་གི་དུས་སེར་ཆོལ་དང་དྲག་པོ་དབུ་དགུ་པའི་དབང་ལ་འཚུབ་ཆེ་བ་བྱུང་། སྔར་འབྲས་སྤུངས་སྤྱི་སོས་རྡོ་རྗེ་འཕྲེང་བའི་དབང་དགོས་གསུངས་བྱུང་བ་མཚན་ཉིད་ཀྱི་གྲ་སར་དབང་གི་བེད་ཀྱང་ཆུང་དེ་ལས་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་གསུང་རབ་ཀྱིས་མཚོན་པའི་རླུང་གི་རིགས་མཁོ་བ་འདྲ་གླེང་རུང་འཕྲེང་བ་དགོས་པའི་བསྐུལ་མ་ཡང་ཡང་བྱུང་བ་ནས། སྔར་དབང་ཇི་ལྟ་བ་ཞིག་མ་ཐོབ་པས་འཕྲེང་བ་དང་ཟུར་བཀའི་དབང་མང་ཙམ་གནང་དགོས་ཚུལ་གྱི་སྙན་གསན་འབུལ་བར་སྡེ་པས་སྨན་གྲོང་སྤེལ་བ་ཚེ་དབང་དར་རྒྱལ་ཡར་ཀླུངས་བཀྲ་ཤིས་རྩེར་རྫོང་བདའ་མཛད། ཟླ་བ་བཅུ་པའི་འགོར་རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོ་ཕེབས། རང་བྱོན་འཕགས་པ་འཇིག་རྟེན་དབང་
ཕྱུག་གི་གཙུག་ལག་ཁང་དུ་སྤྱི་བཀའ་དང་ཟུར་བཀའ་བསྡོམས་པའི་དབང་དྲུག་ཅུ་སྐོར་དང་གསུང་ངག་སློབ་བཤད་ཀྱི་ཉམས་འཁྲིད་ཤིན་ཏུ་རྒྱས་པ་བཅས་ཟླ་བ་གསུམ་གྱི་རྣམ་གཡེང་གཞན་གྱིས་བར་མ་ཆོད་པའི་སྨིན་རྒྱས་སུ་ཞུས། སྣང་གསུམ་སྐབས་སྲིད་པའི་བདེ་བ་ལ་སྐྱུག་ལོག་པའི་ཐར་པ་ཞིག་མ་བསྒྲུབས་ན་གང་གིས་ཀྱང་མི་ཕན་པ་འདུག་སྙམ་པས་ཟས་ཀྱི་དང་ཁའང་འགགས་པ་དང་རྒྱུད་གསུམ་གྱི་ཚེ་སྣང་བ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུའི་བན་བུན་གྱིས་བདག་འཛིན་མངོན་གྱུར་བ་ནོན་པའི་རྒྱུན་དེ་ག་སྐྱོང་རྒྱུ་བྱུང་ན་ཆོས་པ་དགའ་མོ་ཞིག་ཡོང་ཚོད་དུ་སྣང་ཡང་རྗེས་སུ་དགུན་གྱི་ན་བུན་ལྟར་ཡལ་ནས་བྱ་ལམ་རྗེས་མེད་དུ་སོང་། པཎ་ཆེན་སྨོན་འགྲོ་བ་རིག་གནས་རྒྱ་མཚོའི་འཕྲེང་འཛིན་དེ་གཙུག་ལག་བྱེ་བའི་ཡོན་ཏན་གྱི་ཕུང་པོ་དང་བཅས་རྡོ་རྗེ་བཙུན་མོའི་ཞིང་དུ་གཤེགས་པར་སྲས་ཀྱིས་བསྔོ་རྟེན་གནས་ཚུལ་ཞིབ་ཆ་སྐྱེལ་མི་མངགས་པར་སྐབས་དང་སྦྱར་བའི་འཕྲིན་ལན་བདོག་པའི་སྐྱེས་བསྲིངས། གསུང་ཆོས་སྟབས་རྡོ་རྗེ་སློབ་དཔོན་དུ་འགྲོ་མ་ཐུབ་པས་གྲ་ཚང་གིས་དུས་རིམ་འབྲས་སྤུངས་སུ་བཏང་།

དགུང་ལོ་སོ་བཞི་པར་ལམ་རིམ་དང་སྔགས་རིམ་སོགས་ཀྱི་འཁྲིད་ལུང་སྩལ་ཚུལ་དང་། ར་སྒྲེང་གི་གཙུག་ལག་ཁང་ལ་ཉམས་གསོ་གནང་བ་བཅས་ཀྱི་སྐོར།


GLG005_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སྟག་གི་ལོ་གསར་པོ་ཏ་ལར་བྱས་ནས་སྨོན་ལམ་ཆེན་མོར་ཕྱིན། འདི་ལོ་ལྷོ་བྱང་གི་འགྲུལ་པ་ཉུང་བས་ལོངས་སྤྱོད་མི་ཆེའང་ཆོས་གྲ་སྨོན་ལམ་གྲ་སྐོར་རྣམས་འཕེལ་བ་བྱུང་། ཇོ་ཤཱཀ་སོགས་ལ་ཕན་བདེ་སྤེལ་བའི་སྨོན་ཚིག་གི་སྙན་དར་ཕུལ། རབ་བྱུང་བསྙེན་རྫོགས་དྲུག་ཅུ་ཙམ་བསྒྲུབས། བླ་མ་ལྷ་རྩེ་བའི་སྐུ་སྐྱེར་གུ་རུ་ཡོན་ཏན་གཏེར་མཛོད་ཀྱི་དབང་དང་ལས་གཤིན་ཕྱིར་སྒྲུབ་ཀྱི་རྗེས་གནང་བསྐུར། ལོ་སྔ་


GLG005_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྒྱལ་མོ་ཆུང་བའི་ཕྱི་རྟེན་ལ་དངུལ་གདུང་བཞེངས་པ་ཀླུ་རྒྱལ་སྟེང་དུ་བཞུགས་པར་འཇིགས་མཛད་རྡོ་རྗེའི་སྒོ་ནས་རབ་གནས་འབྲིང་པོ་བྱས། སྨོན་ལམ་གྲོལ་བསྟུན་འབྲས་སྤུངས་སུ་སླེབས། ཟླ་བ་གཉིས་པའི་ནང་དུ་རྒྱལ་པོ་མཆོད་ཡོན་གྱི་སྐུ་རིམ་ལ་མཛོད་དབུས་མ་ནས་བྱོན་པའི་འཆི་བདག་བཟློག་པའི་ཆོ་ག་འཁྲུགས་སྡེབས་སུ་བཀོད་དེ་བཏང་བས་རྟེན་འབྲེལ་གྱི་ལྟས་ལེགས་པ་བྱུང་། ཆ་གན་ནོ་མོན་ཁན་གྱིས་གཙོས་གསར་འགྲུལ་ཁ་ཤས་འབྱོར། ནོ་མོན་ཁན་གྱིས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་ཕྱག་སྦུག་ཧོར་ཆོལ་གྱིས་གཙོས་བདོག་པའི་སྐྱེས་མང་དུ་བྱིན། གསར་འགྲུལ་ལ་ཆོས་དང་ཟང་ཟིང་གི་ཕན་པ་བསྒྲུབས། རྡོ་རྗེ་བྲག་སྤྲུལ་པའི་སྐུར་ཉང་ལུགས་དྲག་པོའི་དབང་རྡོ་རྗེ་སྦྱི་བླུགས་དང་བྱང་གཏེར་ནས་ཉེར་མཁོ་ཁ་ཤས་ཀྱི་ལུང་ཕུལ། པདྨ་གླིང་པའི་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་སྐོར་ཆེན་བཤག་པ་དང་སྦྲགས་བྱོན་བྱུང་བའི་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་ཐུན་རུ་རིན་སྤུངས་པའི་ནང་རྟེན་ཆོས་མཛད་རྒྱལ་པོ་དོན་གྲུབ་ནས་བརྒྱུད་པ་དེ་སྟེར་སྦྱིན་མཛད། འདིའི་ཆ་དེ་ལྷ་ལུང་གྲ་ཚང་པས་ཕྱིས་སུ་སྡེ་པ་བློ་བཟང་མཐུ་སྟོབས་ལ་ཕུལ་འདུག་པ་སྐམ་ཐུན་དང་རློན་ཐུན་གྱི་སྣོད་དུ་མངོན། བཀའ་གདམས་ཐིག་ལེ་བཅུ་དྲུག་ཡིག་རྙིང་གི་ལུང་ཕུལ། ཁོང་སྔ་འགྱུར་གྱི་མཁས་གྲུབ་ཆེན་པོ་ལ་མི་དགེ་བའི་བཤེས་ཀྱིས་དབེན་བཅོས་པའི་སྐྱོ་མ་སྔ་བཙན་ཞིག་འདུག་པར་རྗེ་ཟུར་པའི་བདེ་འདུས་ཀྱི་དབང་ལུང་གི་བརྒྱུད་པར་རིག་འཛིན་ཆེན་པོ་དགོས་ངེས་སྣང་རྩེ་བས་སྦས་པ་ད་ལམ་འབྲི་གུང་དུ་འབྱོན་ཚེ་དོགས་པ་ཆོད་ཡོང་ཚུལ་མོལ་བས་ཞབས་དྲུང་དང་མཇལ་བ་ནས་བཟུང་ཐུགས་ངེས་


GLG005_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པའི་གོང་ར་བའི་རྫུན་ཕུགས་རྡིབ་པར་སྣང་། ཐུགས་སྲས་ཟླ་བའི་སྤྲུལ་སྐུ་དགེ་བསྙེན་དུ་བསྒྲུབས་ཤིང་མཚན་བསྟན་འཛིན་འགྱུར་མེད་རྡོ་རྗེར་བཏགས། ཀརྨ་གུ་རུའི་གཏོར་བཟློག་གི་སྒྲུབ་པ་ལ་མཚམས་ཤིན་ཏུ་དམ་པར་བཅད་ཟླ་བ་གསུམ་པའི་བརྒྱད་གཏོར་ཨེ་ཝཾ་ཕོ་བྲང་དུ་གྲགས་པ་གསར་པ་དེར་བྱས། གོང་དཀར་ཆོས་རྗེ་དཀོན་གཉེར་དཔོན་པ་དགེ་སྟེང་བླ་མ་བྱམས་པ་ཀུན་དགའ་འབྱུང་གནས་ཀྱིས་དབང་ཆས་མཆོད་ཆས་གསར་བཟོའི་བཀོད་པ་མང་དུ་མཛད་ཅིང་ལྕགས་ཡོས་དང་ཤིང་ལུག་ཚོར་གར་འཆམ་གྱི་ཆས་ཀྱི་བཟོ་བཀོད་དང་དེ་མཐུན་དེབ་ཐེར་བསྒྲིགས་པ་སོགས་བྱས་པ་དངོས་གཙང་ཞིང་ལས་རྗེས་ཆེ་བ་ཞིག་ཡིན། གོང་དུ་དཀའ་བཅུ་ཤེས་རབ་པ་རྫོང་བདའ་ཞུས་པ་ཡར་ལོག་པ་དང་ལྷན་དུ་ནོམ་ཆི་བླ་མ། ཏ་འོན་ནོར་བུ་དབོན་པོ། དོ་ནོའི་ཁི་ཡ་གསུམ་གྱིས་གཙོས་པའི་གསེར་ཡིག་པ་གཏོས་ཆེ་བ་འགྲུལ་སྡེབས་མང་བ་དང་བཅས་འབྱོར། སླར་ཡང་ཕོ་བྲང་དུ་ཡོང་དགོས་པའི་བཀའ་ཤོག་དངོས་པོ་གནངས་ཆེ་བའི་གནང་སྦྱིན་རྣམས་སྤྲད། འགྲུལ་པ་རྣམས་ཀྱི་མང་འགྱེད་ཞག་བཅུ་སྦྲེལ་དང་དེ་བར་སྟེར་ཆ་ཁོར་ཡུག་ཏུ་བླངས། འབྲས་སྤུངས་བདེ་ཡངས་གྲ་ཚང་ལ་ཚད་མའི་འཆད་ཉན་ར་བ་སྟོད་པའི་ལུགས་ལྟར་བཙུགས་པའི་སློབ་དཔོན་དུ་རྨི་རུ་དཀའ་བཅུ་པ་ཕུན་ཚོགས་ཆོས་ལྡན་བསྐོས། འདོད་ཁམས་དབང་ཕྱུག་མའི་མདོས་བསྐང་སྔར་རྒྱུན་བཞིན་བཏང་། བྱང་རྭ་སྒྲེང་གི་གཙུག་ལག་ཁང་ཁྱམས་ཆེན་དང་བཅས་པ་གོག་ཉམས་ཆེ་བར་ཞིག་གསོས་སྔར་ལས་རྒྱས་པ་སྡེ་པས་ཐུགས་ཁུར་བཞེས་ནས་བསྒྲུབས། ཟླ་བ་དྲུག་པའི་ནང་དུ་གོང་གི་མི་སྣ་ཚོ་དང་ལྷན་དུ་སེ་ཆེན་དབོན་པོ་བློ་བཟང་ཆོས་འཕེལ་རྫོང་བདའ་བྱས་པའི་ཞུ་ཡིག་རྟེན་སྦྲགས་ཕུལ། ཆ་གན་ནོ་མོན་ཁན་ལ་


GLG005_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གནང་དང་དངོས་པོའི་རྫོང་བའི་འབྲེལ་བ་སོགས་ལ་ཉིན་གསུམ་བཞི་ཙམ་མ་གཏོགས་ཟླ་བ་བཞི་པའི་ཚེས་གཅིག་ནས་བརྒྱད་པ་སྔ་མའི་ཆུ་ཞུགས་ཀྱི་བར་དཔེ་མཚམས་ཀྱི་ངོས་པཎ་ཆེན་ཐར་པ་རྩེ་པས་མཛད་པའི་འཕྲེང་བའི་མངོན་དཀྱིལ་བློར་ཆུད་པར་བྱས། འབྲི་གུང་ཞབས་དྲུང་ཆོས་ཀྱི་གྲགས་པ་འདུལ་བའི་བསྟན་བཅོས་ཤིག་ཐུགས་རྩོམ་གནང་བཞེད་པས་མདོ་རྩའི་དཔེ་དག་པ་གཡར་པོ་དགོས་ཚུལ་ཕེབས་ལན་དུ་སྙན་ཚིག་ནས་དྲངས་པའི་ཞུ་འཕྲིན་གླེགས་བམ་དང་བཅས་ཏེ་ཕུལ། སློབ་དཔོན་མཁས་པའི་དབང་པོ་སྨོན་འགྲོ་པཎ་ཆེན་ཕེབས་པའི་ཟླ་གཅིག་སྐོར་བཞུགས། ལི་མ། ཡ་རྩེ། རྒྱ་ནག་གསར་རྙིང་གི་རྟེན་གྱི་དཔྱད་དོན་གྱི་ངོ་སྤྲོད་ཞིབ་ཏུ་ཞུས། ཨེ་རི་སྒོར་ཞལ་ངོ་བཀྲ་ཤིས་པ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་བསྔོ་རྟེན་སྐྱེལ་མི་བྱུང་བར་དགེ་བ་རྫོགས་བྱང་དུ་བསྔོས། དུ་རི་ཡལ་ཁོན་ཇིན་འབྱོར་བའི་གོས་དར་གསེར་དངུལ་ཇ་རས་ས་གདན་རྟ་སྔ་མོའི་སྟོང་འབུལ་བཏེག །གཞན་གྱི་བྱད་ཁའི་རྣམ་པས་ཁམས་ནན་ཏར་མ་བདེ་འདུག་པས་རྗེས་གནང་གདོན་འགྲོལ་བྱབ་ཁྲུས་བྱས་པས་ཕན་ངོ་ཅུང་ཟད་བྱུང་། དཔལ་རི་སྤྲུལ་སྐུ་ངག་དབང་པདྨ་འཕྲིན་ལས་ཅན་རབ་བྱུང་བསྙེན་རྫོགས་ཁ་ཤས་བསྒྲུབས། གནས་རྙིང་ཞབས་དྲུང་གངས་ཅན་མཁན་པོ་ལ་རྗེ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ནང་གི་ནི་གུ་ཆོས་དྲུག་གིས་འཁྲིད་ཀྱི་ལུང་ཐུགས་དང་སྦྱར། ཧོར་ཟླ་བརྒྱད་པ་རྗེས་མའི་ནང་དུ་ཡ་མ་འགྲམ་འགྲིག་གི་རྣམ་པས་བྲོ་འཚལ་བ་རིམ་བདེའི་སྐབས་ཁྱབ་བདག་བླ་མ་བཀའ་འགྱུར་བ་ཆེན་པོ་བཀའ་ཆོས་རྣམས་གྲུབ་པའི་གུང་ཐང་ནས་ཕེབས། རྗེ་བཙུན་རྡོ་རིངས་པས་མཛད་པའི་མགོན་པོའི་གསང་འཁྲིད་དང་། ཚར་ཆེན་གྱིས་མཛད་པའི་ཕྱི་འཁྲིད་ནང་འཁྲིད་ཀྱི་རྒྱུན་འཁྱེར་སོགས་བཀའ་ཆོས་ཐོར་


GLG005_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དང་། དཀྱིལ་ཆོག་དུ་མའི་ཕྱག་ལེན་དང་ཕྱག་རྒྱ་འཆིང་ཚུལ་གྱི་ཕྱག་འཁྲིད་དོགས་གཅོད་ཞུས། རིང་པོར་འཚོ་བའི་ཚེ་ཆོག་གི་རྟེན་འབྲེལ་ཞིག་ཀྱང་གནང་ནས་ཡར་ཀླུངས་སུ་ཕེབས། ཟླ་བ་དགུ་པའི་ནང་དུ་ཚོགས་ཆེན་ལ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཁྲོད་ནས་རྗེ་འཇམ་དཔལ་རྒྱ་མཚོས་མཛད་པའི་རྗེ་ཉིད་ཀྱི་རྣམ་ཐར། མཁན་ཆེན་ནམ་མཁའ་རྒྱལ་མཚན་གྱིས་གསང་བདག་ལ་ཞུས་པའི་གསང་ཚིག །གསན་ཡིག་སྟོད་ཆ། ལམ་རིམ་ཆེ་ཆུང་། སྔགས་རིམ་ཆེན་མོ། གསུང་འབུམ་ཐོར་བུ་ནཱ་རོ་ཆོས་དྲུག་གི་འཁྲིད་ཡིག །བསྲེ་འཕོའི་གདམས་ངག་རིམ་ལྔ་བསྡུས་པ། བཤད་རྒྱུད་རྡོ་རྗེ་འཕྲེང་བ། རྡོར་བཟླས། མངོན་པར་བྱང་ཆུབ་པ། བདག་བྱིན་རླབས། དགོངས་པ་བླ་ན་མེད་པ་རྣམས་ཀྱི་ཟིན་བྲིས། སྤྲིན་བྲལ་བའི་མན་ངག །ཀྱེ་རྡོར་སྒྲུབ་ཐབས། བདག་མེད་མའི་དཀྱིལ་འཁོར། བརྟག་གཉིས་གསུམ་གྱི་ཟིན་བྲིས། མཁའ་སྤྱོད་མ་དམར་མོའི་སྒྲུབ་ཐབས། ལྷག་པའི་ལྷ་ནི་གཅིག་པུ་ཉིད་ཀྱི་དོན་བཤད་པ། འཕོ་ཊཱིཀ །སྦྱོར་དྲུག་ཚིགས་བཅད་དང་དེའི་དོན་བཤད་པ། འདིར་གཉིས་སུ་མེད་པ་ཞེས་སོགས་ཀྱི་དུས་འཁོར་གྱི་ཟིན་བྲིས་ཉུང་ངུ་དང་མངོན་རྟོགས། དབང་། སྦྱོར་དྲུག །བསྡུས་རྒྱུད། ནང་ལེ་རྣམས་ཀྱི་ཟིན་བྲིས། བསམ་གཏན་ཕྱི་མ་ལས་བཟླས་བརྗོད་རྣལ་འབྱོར་གྱི་ཆེ་བ། འཆི་ཞག་དང་ཚེ་ལྷག་བཤད་པ། གྲུབ་ཆེན་བརྒྱད་ཀྱི་བཞུགས་ཚུལ་རྣམས་ཀྱི་ལུང་ཕུལ། གདན་ས་གོང་ནས་ལོ་རྟིང་མར་གདུང་བརྒྱུད་རིན་པོ་ཆེ་ཁྲི་འདོན་གནང་བཞེད་ཀྱི་བཀའ་ཤོག་ཕེབས་ལན་རྒྱན་གྱིས་སྤྲས་པ་ཕུལ། སྨོན་འགྲོ་པཎ་ཆེན་དབང་རྒྱལ་རྡོ་རྗེ་འཁོར་བའི་ཚུལ་ལ་ངེས་པར་འབྱུང་བའི་གསུང་འཕྲིན་སྙན་ཚིག་བསྩལ་བར་ཡབ་ཀྱི་རྣམ་ཐར་འཁྱོངས་པའི་རིགས་ཆོས་གཉིས་ཀ་འཛིན་


GLG005_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལེགས་ཕྱོགས་དོན་རྒྱན་གྱི་རྒྱུད་ལས་དྲངས་པ་གསོལ། ཁལ་ཁ་གཡས་རུའི་སྟོང་འཁོར་སྤྲུལ་སྐུའི་འཕྲིན་ལན་ཚིགས་སུ་བཅད་པ་ཞིག་བསྲིངས། བོད་འབངས་བདེ་ཐབས་སུ་རྫོང་མགོ་སོ་སོར་ཚེས་བཅུའི་མཆོད་པ་མཛད་བཞེས་ཀྱི་ཆོག་བསྒྲིགས་དགོས་ཚུལ་ལྟར་རིག་འཛིན་གདུང་སྒྲུབ་ཀྱི་ལས་བྱང་བཀླགས་ཆོག་མ་བཀོད། འོན་ཀྱང་རཏྣའི་གཙང་ལ་ཕན་པའི་ཞལ་ཆེམས་ལས། དགེ་བཤེས་ཐམས་ཅད་ཕྱོགས་ཆའི་བདུད་ཀྱིས་ཟིན༔ ཆོས་དང་ཆོས་པ་གཞན་ལ་སྨོད་པ་དང་༔ ཁྱད་པར་བདུད་ཀྱིས་བྱིན་རླབས་དགེ་བཤེས་འགས༔ པདྨ་ང་ཡི་ཆོས་ལ་ཆོས་ལོག་ཟེར༔ སྦས་ཡུལ་གཏེར་ཆོས་སྨོད་དང་ཡ་ག་སྒྲོག༔ ཅེས་པའི་དོན་ཐོག་ཏུ་བབས་ལྟ་བུས་བསྒྱུར་ཁ་ཞིག་བྱུང་བའི་ཕྱག་ཏུ་ཁེལ་མ་སོང་། ཟླ་བ་བཅུ་པར་དམ་སེལ་གྱི་རྣམ་པས་སྲུང་མའི་འཁུ་ལྡོག་གིས་ཉེ་འཁོར་བ་ཁ་ཤས་གཉན་ཚད་ཀྱིས་ན་ཞིང་། ངེད་ཀྱང་གག་རིམས་ཀྱིས་བཏབ་པར་ལྷ་རྗེ་བྱང་ངོས་པ་སྐུ་མཆེད་གཉིས་ཀྱིས་བསད་དབྱུང་གི་འཕྲོད་བསྟེན་དང་ནད་གཡོག་ཇའི་སང་སྡེ་པ་དང་བྱང་ངོས་ནས་སྐུ་གཞོན་པ་གཉིས་ཡིན་ཞིང་སྡེ་པ་ཐུགས་ཁུར་བཞེས་ནས་རིམ་གྲོ་རྒྱས་པར་བྱས་པས་ཞག་བཅུ་སྐོར་ནས་བདེ་བར་བྱུང་། རྡོ་རྗེ་འཆང་ཕ་བོང་ཁ་བའི་བཀའ་འབུམ་རྣམས་དཔོན་ཨྱོན་ཅན་ཨེ་པའི་དཔོན་ཡིག་གསུམ་གྱིས་བྲིས་པའི་ཚེ་འཁྲུངས་རབས་བརྒྱུད་འདེབས་སྨོན་ལམ་བཅས་པ་དང་རྡོ་རྗེ་འཆང་སྔགས་རམས་པ་དགེ་འདུན་བཀྲ་ཤིས་ཀྱི་གསོལ་འདེབས་བརྩམས། ཧོར་ཟླ་བཅུ་གཅིག་པའི་ནང་དུ་ཟུར་རྡོ་རྗེ་འཆང་ལ་དབང་ཆོས་མང་དུ་ཞུས། ཚེས་བཅུ་བཞི་ལ་བློ་ལ་ཐོལ་བྱུང་དུ་ཤར་བ་བཞིན་རིག་འཛིན་ཆེན་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེར་བསྟོད་པ་གསོལ་འདེབས་བརྩམས། གདན་ས་གོང་དུ་ཁྲི་འདོན་ཞལ་དཀར་གྱི་ཚན་གྲངས་ལེགས་སོ་བརྗོད་པའི་ཡབ་སྲས་གཉིས་ཀར་སྙན་
ཚིག་རྒྱན་གྱིས་སྤུད་པའི་ཞུ་འཕྲིན་འབུལ་བར་འོལ་དགའ་འབྲི་ལུང་པ་བཏང་། ཟླ་བ་བཅུ་གཉིས་པར་ཁལ་ཁ་ཐུ་ཤི་ཡེ་ཐུ་རྒྱལ་པོའི་སྲས་འཇམ་དབྱངས་སྤྲུལ་སྐུ་དང་ཨོ་རོད་ནས་དོ་གོ་ལོང་ཚེ་རིང་སོགས་འགྲུལ་པ་མང་བ་འབྱོར། ཁོང་པ་འཇམ་དབྱངས་ཆོས་རྗེའི་སྐུ་སྐྱེའི་དབང་དུ་བཏང་བའི་ཚོགས་ཆེན་གྱི་སེར་སྦྲེང་དང་རྟ་བསུའི་བདག་རྐྱེན་ཆེར་མཛད། ཞག་བཅུ་སྐོར་གྱི་བར་མང་འགྱེད་ཀྱིས་འབྲེལ་ཞིང་དེ་མཚུངས་བསྔོ་རྟེན་གྱི་སྟེར་ཆའང་མང་དུ་བྱུང་། སྡེ་པས་ལྷོ་འབྲུག་ལ་ལས་སྦྱོར་ཞིག་བྱེད་དགོས་གསུང་ཡང་བྱས་ཟིན་རྗེས་ཉེས་ཆེ་བ་འདྲ་མོ་རེ་ཡོང་གིན་ཡོད་པས་ལྐུགས་པའི་སྔོ་ཚོད་ཀྱི་དཔེར་བསམ་པའི་ད་ལྟ་རྡོ་རྗེ་འཕྲེང་བའི་བསླབ་སྦྱང་རང་བཅས་ལོང་མེད་ཚུལ་ཞུས་པས་གུང་ཐང་དུ་ཕེབས་སྒོ་གནང་བའི་ཟུར་ཁྱབ་བདག་ཆེན་པོས་འཁྲུག་བྱེད་ཀྱི་རླུང་འཁོར་ཕག་རིར་འཛུགས་པ་གནང་སོང་བ་དེ་ནས་ཟླ་བ་བཞི་ཙམ་ན་ཞབས་དྲུང་ངག་དབང་རྣམ་རྒྱལ་ཆུ་ཚན་ཁར་གཟའ་ནད་དམ་རྩི་དུག་གང་ཡིན་ཁ་མི་མཐུན་པའི་སྙུན་གྱིས་བཏབ་ཞལ་དབུགས་མ་ཆད་ཙམ་ཞིག་འདོ་ལེ་ལ་བཏེག་ནས་སྤུ་ནག་ཏུ་ཁྱེར་འཕྲལ་གཤེགས་པའི་རྟགས་མྱུར་དུ་ཐོན་སོང་བར་རྗེ་བླ་མ་དང་འཁོར་ལོའི་དོ་དམ་ལ་འགྲོ་མི་ངག་དབང་འཕྲིན་ལས་གཉིས་ལ་ལེགས་སོ་བརྡ་མཚོན་ཙམ་མཛད་སྐད། འདི་ལོ་དུས་རིམ་སྔར་འཁྱུད་བཞིན་ཐུགས་ལ་མ་བཞེད་པའི་ཕྱག་དྲུག་པའི་གཏོར་རྒྱག་གྱིས་གསུང་བ་གཏོར་ཆེན་ཚད་ལྡན་འཕྲལ་དུ་ག་ལ་ཚུགས་ཀྱང་དཀྱུས་འགྲེ་ཞིག་བྱས།

དགུང་ལོ་སོ་ལྔ་པར། དགའ་ལྡན་ཕུན་ཚོགས་གླིང་དུ་གསུང་རབ་པར་དུ་བརྐོས་པ་དང་། ཆུ་ཤུལ་གསང་སྔགས་བྱང་ཆུབ་གླིང་བཏབ་པ། ལྷོ་གནས་སུ་ཕེབས་པ་བཅས་ཀྱི་སྐོར།


GLG005_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཡོས་ལོ་གསར་གྲུབ་ནས་སྨོན་ལམ་ཆེན་མོར་ཕྱིན། འཇམ་དབྱངས་སྤྲུལ་སྐུ། གཉལ་གུང་


GLG005_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མཛེས་པ་ཆོས་རྗེ། དཀའ་བཅུ་ཆོས་འབྱོར། དོ་གོ་ལོང་རྣམས་ཀྱིས་གོས་དར་གསེར་དངུལ་ཇ་རས་ཀྱི་སྟོང་འབུལ་བསྟར། སྨོན་ལམ་གྲོལ་ནས་ཆོས་རྗེ་དཀའ་བཅུ་འཕྲིན་ལས་ཕུན་ཚོགས་ཀྱིས་ཕ་བོང་ཁར་མགྲོན་ལ་བོས། ཁོང་པ་དགེ་བཤེས་མི་ཆེའང་བླ་མ་ལ་གུས་ཤིང་རྗེས་སུ་གདན་ས་བཟུང་སྟེ་རི་ཁྲོད་ཀྱི་འཛིན་སྐྱོང་མ་བོར་བའི་ཆོས་དང་མཐུན་པས་ཉེ་གནས་ཀྱི་དཔེར་འོས། མར་ལམ་གྲོང་སྨད་དང་ཆེ་གསུམ་པ་གཉིས་ཀྱིས་སྟེར་སྦྱིན་དང་དཀར་སྤྲོ་བཤམས། ལྷ་སར་ཞག་ཤས་བསྡད་ནས་དཀའ་བཅུ་ཆོས་འབྱོར་དང་དོ་གོ་ལོང་སོགས་ལ་རྗེས་གནང་ཅི་རིགས་བྱས། ཟླ་བ་གཉིས་པའི་འགོར་འབྲས་སྤུངས་སུ་སླེབས་པའི་གསང་འདུས་འཇམ་དཔལ་རྡོ་རྗེའི་གཞི་བསྙེན་བཅུ་ཆའི་སྦྱིན་སྲེག་དང་བཅས་པ་རྒྱུད་སྡེའི་དགོངས་པ་བཞིན་སླ་ཆོས་སུ་སུ་མ་སོང་བར་ཉམས་སུ་བསྟར། པདྨ་སྐུ་སྐྱེའི་འདོད་སྐོང་ཙམ་དུ་བྱང་ཆུབ་བར་རྗེས་འཛིན་གྱི་སྨོན་ལམ་དང་། ཏྲེ་བོ་ཧོར་ཚང་ཆོས་རྗེས་བསྐུལ་བའི་དམག་ཟོར་མའི་བརྒྱུད་འདེབས་བྲིས། སྤྲུལ་སྐུ་ཧོར་དར་ཅན་མི་གྲངས་བཅུ་དྲུག་གི་དོ་དམ་རྒྱལ་རྩེ་དགའ་བས་བྱས་པའི་ལྷོ་བྲག་དགའ་ལྡན་དོན་གཉིས་གླིང་གི་གཙང་ཁང་དུ་ཐུབ་ཆེན། མཆོག་ཟུང་། ཉེ་སྲས་བརྒྱད། སྒོ་སྲུང་། བླ་མ་ལྷ་ཁང་དུ་ཇོ་འབྲོམ་ཡབ་སྲས་དང་རྗེ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས། མགོན་ཁང་དུ་ནག་པོ་སྐོར་གསུམ་དམག་ཟོར་མ་རྣམས་བཞེངས་པའི་གཟུངས་འབུལ་ལ་རབ་འབྱམས་པ་འཇམ་དབྱངས་གྲགས་པ་བཏང་། ནག་ཟླའི་ཚེས་གསུམ་ལ་གནས་ཆུང་ཆོས་སྐྱོང་ཆེན་པོས་རང་ཉིད་ཀྱི་སྐུ་ཞལ་བཀོད་མཛད་པ་ཞིག་བསྐུར་ཏེ་འདི་དང་འབྲེལ་བའི་གསོལ་མཆོད་བྲིས་


GLG005_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པར་ཐང་ཁའི་ལྷ་མགྲོན་གྱི་བླ་མ་བསྒྱུར་བའི་གསར་དུ་བྲིས་པ་དང་བསྟུན་ནས་བརྩམས་ངོས་སྐུ་བརྙན་དང་གསོལ་མཆོད་གཉིས་ཀ་ལྕོག་ཏུ་ཕུལ། བྲེལ་བའི་སྟབས་ཀྱིས་ཉེར་གསུམ་ལ་བརྒྱད་གཏོར་བཏང་། ཟླ་བ་བཞི་པའི་ནང་དུ་དཔེ་ཆའི་བརྗེད་གསོས་ངོས་ཕྱག་ལེན་གྱི་མཐའ་གཅོད་བྱས་པའི་འཕྲེང་བ་དང་དཪྤཎ་ཨཱ་ཙཱཪྻའི་ཀྲྀ་ཡ་ས་མུཉྩ་ཟུང་དུ་འཇུག་པ་ལ་དལ་པོར་བྱེད་ན་ཟླ་བ་གཅིག །འབྲིང་ལ་ཞག་བཅོ་བརྒྱད། རྩོལ་ཁྱད་ཆེ་ན་ཞག་བཅུ་བཞིར་གྲུབ་པ་ཚད་ལྡན་མཁས་པའི་ཕྱག་ལེན་དུ་སྣང་བའི་འབྲིང་པོའི་དབང་དུ་བྱས། གནས་རྙིང་ཞབས་དྲུང་ཁྲི་པ། གཟིམས་ཁང་གོང་སྤྲུལ་སྐུ། འཇམ་དབྱངས་སྤྲུལ་སྐུ། གླིང་སྟོད་ཞབས་དྲུང་། རྭ་སྒྲེང་མཁན་པོ། སེ་འབྲས་ཀྱི་སློབ་དཔོན་རྣམས་ཀྱིས་ཐོག་དྲངས་དགེ་འདུན་རགས་བསྡུས་སྟོང་དུ་ཉེ་བ། ཁལ་ཁ་བཱ་ཐུར་ཧུང་ཐའི་ཇི་སོགས་དཔོན་པོ་རྣམས་ཀྱིས་གཙོས་པའི་བརྒྱ་སྐོར་ཙམ་དབང་གྲལ་བྱས་པའི་འདུ་ཁང་ཁེངས་པ་ལ་ཧོར་ཟླ་ལྔ་པའི་ཚེས་བདུན་ལ་སྟ་གོན་དང་བརྒྱད་ལ་གསང་འདུས་འཇམ་རྡོར་ནས་བཙུགས་པའི་ཉེར་ལྔ་ལ་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་གྱི་བར་ཕྱག་ལེན་ཕྲ་མོ་ཚུན་ཡང་སླ་ཆོས་སུ་མ་སོང་བའི་བསྟན་རྒྱུན་ལ་ཕན་པ་ཕུལ། དགེ་འཕེལ་རི་ཁྲོད་པ་དཀའ་བཅུ་བ་དོམ་རས་འཕྲེང་བའི་རྒྱ་གཞུང་ཀློག་སྟེ་དབང་དག་མི་དག་རྟོག་འཇུག་བྱེད་ཅེས་སྨྲས་འདུག་པ་ཁོ་བོ་རྡོ་རྗེ་འཆང་ནས་བརྒྱུད་པ་ཟམ་མ་ཆད་པའི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པའི་ཞབས་པད་ཡུན་དུ་བསྙེན་ཏེ་ཕྱག་བཞེས་མན་ངག་ཕྲ་རགས་ཐམས་ཅད་ལ་ཞིབ་མྱོར་དཔྱད་པའི་སྐྱོན་


GLG005_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་ཤིག་བསྒྲུགས་པའི་ཟག་ཟོག་མཁན་པོ་རྣམས་ཀྱིས་མཁྱེན་པར་དཀའ་བས་དེ་ལས་འཕྱི་བ་སྒོམ་ཆེན་གྱི་རྣམ་ཐར་འཛིན་པ་རང་མི་ངལ་བར་མཆིས། དཀའ་བཅུ་ཤེས་རབ་སོགས་ཀྱིས་དབང་གྲལ་ལ་ཡང་ཡང་ཕེབས་པ་འདི་སྐུ་ངལ་བས་དབང་རྫས་སོགས་སྤྱན་དམིགས་ཀྱིས་གནང་ན་ཡོང་རྒྱུ་ཡིན་འདུག་ཚུལ་གླེང་བ་དད་མོས་བརྟན་པོ་ནི་ཡོད་ཚོད་དུ་སྣང་། སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་གཏོང་ཞེས་པ་ལྟར་དེ་རིགས་ལ་བརྟེན་ནས་དབང་རྫས་རྣམས་མིག་ལ་སྟོན་པ་བཞིན་ཡུལ་ཡུལ་བྱེད་པ་སོགས་ཕྱག་ལེན་མཐའ་དག་ནུབ་པའི་རྩ་བ་ཞིག་ཏུ་འགྲོ་བར་གདའ། ཚ་བ་དཀའ་བཅུ་བས་གླིང་སྨད་ཞབས་དྲུང་རིན་པོ་ཆེར་ཁྱེད་བླ་མ་རྣམས་ལ་གྲ་པ་ཚོས་མཎྜལ་འབུལ་དུས་རྒྱལ་བ་རྡོ་རྗེ་འཆང་དང་དབྱེར་མེད་པ་ཟེར་བར་བརྟེན་ང་རྡོ་རྗེ་འཆང་རང་ཡིན་འདུག་སྙམ་པ་མཛད་ཚེ་ཟོག་སྟོང་ལ་རྒྱག་པས་ཐུགས་སེམས་ལ་ཡུར་མ་ཡུར་མཛོད་ཞུ་གིན་ཡོད་པ་དེ་ཤིན་ཏུ་བདེན་པར་སྣང་། འབྲུག་པའི་དུང་དཀར་མི་ཕམ་བློ་གྲོས་ཀྱིས་སྟག་ལུང་དུ་ཆོས་ཞུ་བར་བྱོན་སྐབས་ཁོང་རང་གིས་བཀོད་པ་བྱས་ནས་དབང་ཞུ་ཤེས་ན་འདི་གས་ཆོག་ཅེས་དཀྱིལ་ཐང་ཀ་བའི་ལེགས་ལ་བཀྲམ་བུམ་པ་ཞིག་བཤམས། ཞབས་དྲུང་རིན་པོ་ཆེས་དབང་ཆོག་གི་ལྗགས་ལུང་གནང་བའི་བུམ་དབང་བསྐུར་ཚིག་བྱུང་དུས་བུམ་ཆུ་རེ་གནང་བ་དེ་གས་དབང་ལུང་གཉི་གའི་གོ་བཅད་འདུག །ཀརྨ་པ་མི་བསྐྱོད་རྡོ་རྗེ་དང་བོ་དོང་བའི་བླ་མ་མང་པོས་དཀྱིལ་འཁོར་བཤམས་མ་ཐག་ཏུ་སྒྲུབ་མཆོད་གང་ཡང་མེད་པར་དབང་བསྐུར་བ། རྟག་བརྟན་སྤྲུལ་སྐུས་མངོན་རྟོགས་ཐུགས་ལ་མེད་པ་ཐང་ཀར་གཟིགས་ཤིང་ལྷ་ངོ་


GLG005_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོད་ཞྭ་དམར་བ་དྲུག་པ་དང་གོང་ར་ལོ་ཙཱ་བས་ཐིག་ཚོན་སྟ་གོན་ཅིའང་མ་བྱས་པར་དཀྱིལ་འཁོར་བྲིས་ནས་དབང་གི་བྱ་བ་འཇུག་གིན་ཡོད་སྣང་བ་དེ་འདྲའི་རིགས་ཚོ་རྡོ་རྗེ་འཆང་དང་དགོངས་པ་མཉམ་པའི་ཁྱད་ཅན་ཞིག་ལས་འོས་ཅི་ཡོད། འཇམ་དབྱངས་ས་པཎ་གྱིས། དེས་ན་ཉན་ཐོས་ཐེག་པ་ནི། །ནུབ་ཀྱང་གཟུགས་བརྙན་ཙམ་ཞིག་སྣང་། །རྡོ་རྗེ་ཐེག་པའི་བསྟན་པ་ལ། །གཟུགས་བརྙན་ཙམ་ཡང་མི་སྣང་ངོ་། །ཞེས་པའི་དགོངས་དོན་ཐོག་ཏུ་བབ་པ་ནི་མིན་ལས་ཆེ། བློ་དམན་བདག་གིས་སོ་སོ་སྐྱེ་བོའི་རྡོ་རྗེ་སློབ་དཔོན་ཞིག་གིས་སོ་སོ་སྐྱེ་བོའི་རྡོ་རྗེ་སློབ་མ་ལ་དབང་བསྐུར་བའི་རྗེས་སུ་འབྲངས་ཏེ་སློབ་དཔོན་འཇིགས་མེད་འབྱུང་གནས་དང་དཪྤཎ་གཉིས་ཀྱི་གསུང་རབ་ལ་ཆུ་བུན་མ་བྱུགས་པའི་ལུགས་ཙམ་མོ། འཕྲང་འགོ་གཏེར་སྟོན་པའི་རིགས་བསྡུས་བརྡ་དབང་ལྔ་པའི་གཏེར་སྐུ་འཕྱོང་རྒྱས་ཀྱི་ནང་རྟེན་དཔལ་རིར་ཡོད་པ་དེ་དཔོན་པོ་རྡོར་བརྟན་གྱིས་བླངས་པའི་ལག་ཏུ་བྱུང་། འདི་ལོ་ནས་བཟུང་ལོ་ཚིགས་མ་འཚལ་བའི་བར་ཁྱོན་བསྡོམས་ལོ་བཅུ་གཉིས་ཙམ་གྱི་བར་དུ་རིམ་པར་གཟུངས་གྲ་ལྔ། འཇམ་དབྱངས་ཆོས་སྐོར། བྱང་ཆུབ་ལམ་རིམ་ཆེ་ཆུང་། འདུལ་བའི་བསླབ་བྱ་གནམ་རྩིབས་སྟེང་མ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་མཛད་པའི་འདུལ་བའི་གླེང་འབུམ་ཆེན་མོ། མཁས་གྲུབ་ནོར་བཟང་རྒྱ་མཚོས་མཛད་པའི་དུས་འཁོར་གྱི་འགྲེལ་ཆེན་དྲི་མེད་འོད་རྒྱན། ལས་ཆེན་ཀུན་རྒྱལ་བས་མཛད་པའི་བཀའ་གདམས་ཆོས་འབྱུང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་པོ་ཏི་


GLG005_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ། པཎ་ཆེན་ཡེ་ཤེས་རྩེ་མོས་མཛད་པའི་རྗེ་དགེ་འདུན་གྲུབ་དང་གཡང་པས་མཛད་པའི་རྗེ་དགེ་འདུན་རྒྱ་མཚོའི་རྣམ་ཐར། རྗེ་བསོད་ནམས་རྒྱ་མཚོས་མཛད་པའི་ལམ་རིམ་གྱི་ཁྲིད། རྡོ་རྗེ་འཆང་ཕ་བོང་ཁ་པས་མཛད་པའི་སྙན་བརྒྱུད་ལྟ་བ་སྤྱི་ཁྱབ། སྐྱབས་འགྲོའི་རྣམ་བཤད། བདེ་བ་ཅན་གྱི་སྨོན་ལམ་གྱི་ཊཱིཀྐ། ཀ་ཏ་རའི་བརྡ་འགྲོལ་དང་བཞི། ཀ་ལཱ་པའི་མདོ། དཔང་ལོས་མཛད་པའི་ཚོགས་གསུམ་གསལ་བ། ཞ་ལུ་ལོ་ཆེན་གྱིས་མཛད་པའི་སུམ་རྟགས་ཀྱི་འགྲེལ་བ། གསར་རྩོམ་དབུ་ཕར། མངོན་པ། རྒྱལ་རབས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། ཡོན་ཏན་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ། བྱང་པ་རིག་འཛིན་ཆེན་པོ། གླིང་སྨད་ཞབས་དྲུང་གི་རྣམ་ཐར་སོགས་བརྐོས་ཤིང་སླད་ནས་ཀྱང་ཇི་སྲིད་བསྟན་པ་རིན་པོ་ཆེ་ནམ་གནས་ཀྱི་བར་བཀའ་བསྟན་བཅོས་ཆོས་སྦྱིན་མི་ཟད་པ་རྒྱ་ཆེར་སྤེལ་པའི་འདུན་པས་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བརྐོ་བའི་བཀོད་པ་བྱས། གསར་རྩོམ་མིན་པའི་པར་བརྐོས་པ་རྣམས་ལ་གོ་རིམ་བསྒྲིག་དགོས་དང་རིང་ཐུང་ཚད་སོགས་ཀྱི་བསླབ་བྱ་ལས་སྤྲོས་པའི་ཞུས་དག་མ་ཐུབ་ཅིང་རྩོམ་པ་རྣམས་ལའང་དོན་ཞུས་ཞིབ་པ་དང་སྡེབ་ཞུས་ཆད་མེད་བྱས་ཁུལ་ཡིན་རུང་སྣང་ལ་མ་ངེས་ཀྱིས་སྐྱོན་རྟོགས་དཀའ་བ་དང་ཕུན་ཚོགས་གླིང་གི་པར་ཞུས་པ་རྣམས་ཀྱིས་ཀྱང་། བྱམས་སྨོན་གྱི་སྡུག་བསྔལ་ཞེས་སེམས་ཅན་ཐར་བྱེད་ཤོག་ལ་སེམས་ཅན་སྡུག་བསྔལ་བསྒྱུར་བ། བཟང་པོ་སྤྱོད་པར་དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི་ལ་ཁ་འཁྲུལ་བརྒྱབ་པ་སོགས་གོ་བ་ཕྱིན་ཅི་ལོག་ཏུ་གྱུར་པའང་འགའ་རེ་སྣང་བས་


GLG005_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཞིབ་ཏུ་མ་དཔྱད་པར་ཚད་ཐུབ་ཀྱི་དབང་པོ་རང་ནི་དཀའ་བར་འདུག །ཟླ་བ་ལྔ་པའི་མཇུག་དང་དྲུག་པའི་སྟོད་ཀྱི་བར་འཇམ་དབྱངས་སྤྲུལ་སྐུ་དང་གཉལ་གུང་སྣང་ཆོས་རྗེ་ལྷོ་མཛེས་པས་ཐོག་དྲངས་མང་ཙམ་ལ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་པོ་ཏི་དང་པོ་དང་སྣར་ཐང་བརྒྱ་རྩའི་ལུང་ཕུལ། ཁོང་དཔོན་སློབ་ལ་སྟེར་ཆ་དང་བླ་མར་ཤར་ཁང་ནོ་མོན་ཁན་ཕྱག་མཛོད་མགྲོན་གཉེར་ལྷ་རྗེས་གཙོས་པའི་གྲ་རིགས་ཀྱིས་མཚོན་བཞེད་པ་དང་བསྟུན་པའི་རྫོང་བ་གང་ལེགས་སྡེ་པས་ཐུགས་ཁུར་བཞེས་ནས་མཛད། གཉལ་པ་ཆོས་རྗེ་བྱ་ཡུལ་མང་རའི་བླ་མར་བསྐོས། བཤེས་གཉེན་བྱ་ཡུལ་བའི་སྐུ་དེ་ཀླུ་བདུད་ཀྱི་སྟེང་དུ་ཡོད་པས་སུས་ཀྱང་རེག་མི་ནུས་པར་ཁོང་གིས་གྲང་གསེར་སྤྱིབ་བྱུགས་དང་དགོན་པ་སེར་ཁྱིམ་གཙང་དགོན་དུ་བསྒྱུར་བའི་ཉམས་གསོས་ཀྱིས་བསྟན་པ་རིན་པོ་ཆེ་ལ་ཤིན་ཏུ་ཕན་པ་བྱུང་བ་ནི་གླེགས་བམ་རིན་པོ་ཆེའི་ཕ་ཆོས་ལུང་བསྟན་ལས། ནམ་མཁའ་རྣམ་དག་དྲི་མ་མེད། །གསེར་སྡོང་ཤེས་རབ་མཚུངས་པ་མེད། །ཐ་མ་བསྟན་པའི་མེ་རོ་ནི། །གྲགས་པའི་དབང་གིས་གསོ་བར་བྱེད། །ཅེས་ལུང་བསྟན་གྱིས་ཟིན་ཅིང་། དཔེ་ལ་ལར་གསར་སྡོང་བསོད་ནམས་མཚུངས་པ་མེད་ཅེས་སྣང་ལ་གང་ལྟར་ཆོས་རྗེ་ལ་ནམ་མཁའ་བསོད་ནམས་གྲགས་པ་ཟེར་བས་མཚན་ཡོངས་རྫོགས་སམ་ཕལ་ཆེར་ཚང་ཞིང་གྲ་པའི་དུས་ནས་མཁས་བཙུན་བཟང་གསུམ་འཛོམ་པ་རྡོ་རྗེ་ཐེག་པའི་ལམ་གྱིས་ཐུགས་རྒྱུད་གྲོལ་པ་ཞིག་གོ །ལོ་སྔོན་མ་ཟུར་ཐམས་ཅད་མཁྱེན་པས་འབྲུག་པར་ལས་སྦྱོར་གནང་སྐབས་རྒྱབ་ཆོས་སུ་གཤིན་རྗེའི་རང་གཤེད་ཅིག་


GLG005_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཕོབ་གསུང་བ་ལྟར་ཏུ་ལོངས་པས་ལས་གཤིན་བྷེ་བ་སཏྭ་སྡེ་བརྒྱད་དྲེགས་པའི་དམག་ཚོགས་ལ་གཏོར་མའི་རི་བོ་དང་ཁྲག་ཆང་གི་རྒྱ་མཚོ་ཕུལ་བའི་ཚེ་སྙན་དར་ལ་ལེགས་སོའི་ཁ་བྱང་བྲིས། གྲ་ཚང་གི་སྒྲུབ་མཆོད། ཆས་ཞུགས་ཁང་། བསྐང་གསོ། གཏོར་བཟློག །དུས་རིམ་ཆེ་ཆུང་ལ་མཁོ་བའི་ཉེར་སྤྱད། ཕོད་གཉེར་དཀོན་གཉེར་སོགས་རྩིས་འཁྲི། གྲ་ཚང་སྒེར་གྱི་རྟེན་གསུམ། སྔགས་ཆས་སྙན་དར་རོལ་མོ་འཕན་གདུགས་བླ་བྲེ་ཡོལ་བ་གོ་ཁྲབ་དཀར་སྤྱད་སྡེར་སྤྱད་ཚོགས་གུར་གྱིས་གཙོས་པའི་སྤྱི་རྫས། སྤྱི་བཀའ་ཟུར་བཀའི་དབང་རྗེས་གནང་གི་ཆས། གྲ་ཚང་དུ་གཏོང་བའི་ཕུར་སྒྲུབ། མདོས་ཟོར། བསྐང་བཤགས། མནན་སྲེག་གི་དགོས་ཆ་མཆོད་དཔོན་པའི་རྩིས་འཁྲི་རྣམས་ཆོས་རྗེ་དཀོན་གཉེར་དཔོན་པས་གྲ་བསྒྲིགས་པའི་དེབ་ཀྱི་འགོ་བརྗོད། ལྷ་རྩེ་དགའ་ལྡན་འོག་མིན་གླིང་དུ་ལྕགས་སྟག་གཙང་ཁང་ལ་སངས་རྒྱས་སྟོང་སྐུ། འདུ་ཁང་དུ་ཆོ་འཕྲུལ་གྱི་ཞིང་བཀོད། ལྷ་ཁང་གཞན་བཞི་ལ་བདེ་གཤེགས་བརྒྱད། ལམ་རིམ་བརྒྱུད་པ། བྲིས་སྐུ་མཐོང་བ་དོན་ལྡན། གནས་བཅུ་རྣམས་ཟིན་ཀྱང་འདི་ལོ་སྤྲུལ་སྐུ་ཧོར་དར་ཅན་བཅུ་དྲུག་གིས་ལྷོ་བྲག་གི་བྲེལ་བ་ཆོད་ནས་ལམ་བརྐྱངས་ཏེ་ཕྱིན་པའི་གཙང་ཁང་དང་ཇ་མ་ལྷ་ཁང་དོན་གཉིས་གླིང་དང་འདྲ་བ། མགོན་ཁང་དུ་ནག་པོ་སྐོར་གསུམ། གུར་ཞལ་དམག་ཟོར་མ། སྨན་བླ་ཁང་དུ་དུས་གསུམ་སངས་རྒྱས་དང་བདེ་གཤེགས་བརྒྱད་རྣམས་བཞེངས་པའི་གཟུངས་བཞུགས་འབུལ་བར་སྤྱན་གཡས་དཀའ་བཅུ་བློ་བཟང་རྣམ་རྒྱལ་བཏང་། གནས་རྙིང་ཞབས་དྲུང་ཁྲི་པ། ལྕགས་ཟམ་སྤྲུལ་པའི་སྐུ་


GLG005_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་གཟུགས་སྐུ་སྐྱེ་གསུམ་ལ་འཁྲུལ་མེད་ཀྱི་གཏེར་སྟོན་ཞིག་པོ་གླིང་པས་ལྷོ་བྲག་མཁར་ཆུ་ནས་གདན་དྲངས་པའི་དྲག་དམར་ལ་དབང་གསུམ་ཡོད་པའི་ཆེ་བ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ་རྒྱས་པ་དང་སྒྲུབ་སྐོར་ལས་ཚོགས་ཡོངས་རྫོགས་ཀྱི་ལུང་ཕུལ། ཐང་སག་དགའ་ལྡན་ཆོས་འཁོར་དུ་གྲ་ཚང་གསར་དུ་བཙུགས་པའི་སློབ་དཔོན་འོས་པ་ཞིག་དགོས་རྒྱུར་འདུག་རུང་སྡེ་པར་ཐུགས་རྒྱུས་མེད་པས་རྒྱལ་མཚན་ལེགས་པ་རྟབ་འགྲོས་སུ་གནང་། མངའ་རིས་ཁྱུང་རྫོང་དཀར་པོར་དགའ་ལྡན་འཕེལ་རྒྱས་གླིང་བཙུགས་པའི་སློབ་དཔོན་དུ་བ་དེ་དཀའ་བཅུ་བ་ཤེས་རབ་བཟང་པོ་བཏང་། ཀོང་པོ་རྫོགས་ཆེན་པ་ཀུན་བཟང་རྣམ་རྒྱལ་གྱིས་འབྲས་གཤོངས་གནས་སྒོ་ཕྱེ་ནས་ལྷ་རི་རིན་ཆེན་སྤུངས་པར་དག་སྣང་གི་ཟབ་ཆོས་མང་དུ་བྱུང་བ་བོད་འབངས་བདེ་ཐབས་ཀྱི་རིམ་གྲོ་མཛད་པར་བྱོན་ཏེ་གུང་ཐང་དུ་རྗེ་བླ་མར་ཆོས་བཀའ་རྣམས་རྫོགས་པར་ཕུལ། དཔོན་སློབ་ལྷན་དུ་རིག་འཛིན་སྲོག་སྒྲུབ་ཀྱི་སྒྲུབ་པ་ཞིག་ཀྱང་མཛད། འབྲས་སྤུངས་སུ་ངོས་བྱོན་གྱིས་ཡུན་དུ་གནས་པའི་རྟེན་འབྲེལ་བསྒྲིགས་ཤིང་འཇའ་ཤིང་འཇའ་ཤེལ་ཡ་མཚན་ཅན་སོགས་འབྲས་གཤོངས་ཀྱི་ས་སྣ་རྡོ་ཤིང་དུ་མ་བྱིན།ཕར་རིགས་འཛིན་ཆེན་པོའི་གཏེར་གསར་གྱི་ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་གསང་ཡིག་གི་ལུང་ཕུལ། མཁའ་འགྲོ་སྡེ་ལྔ་ལ་བརྟེན་པའི་བརྟན་བཞུགས་ཤིག་འདུག་པ་དེ་མཁའ་འགྲོས་དག་སྣང་དུ་གསུངས་ཚུལ་བྱུང་ཡང་གཏེར་མ་མིན་པའི་ངེས་པ་མི་སྣང་གང་ལྟར་གྲ་ཚང་དུ་བཙུགས། རིག་འཛིན་ཡོལ་མོ་བའི་གཅུང་སྒམ་སྨྱོན་སྤྲུལ་སྐུར་རྒྱལ་བ་ཙོང་ཁ་པ་ཆེན་པོས་མཛད་པའི་གསང་


GLG005_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་དམར་འཁྲིད་ཀྱི་ལུང་ཕུལ། བརྒྱུད་འདེབས་དགོས་ཚུལ་ལྟར་བརྩམས་པ་ལུང་ལས་ཉམས་ཁྲིད་ཀྱི་བརྒྱུད་པ་ནི་མིན། ཟླ་བ་བདུན་པ་ནས་བཟུང་ཟླ་བ་ཕྱེད་གཉིས་ཙམ་གྱི་བར་ཟུར་རྡོ་རྗེ་འཆང་གི་དྲུང་དུ་མདོ་སྔགས་ཀྱི་ཆོས་མང་དུ་ནོས་ཤིང་ཁྱད་པར་ལྷ་བྲག་གཏེར་བྱོན་གྱི་རྫོགས་པ་ཆེན་པོ་རང་བྱུང་རང་ཤར་དང་དགོངས་པ་ཟངས་ཐལ་གྱི་ཉམས་འཁྲིད་ནན་ཏན་དུ་ཞུས་པས་འདི་གའི་མུས་བསྐྱངས་ན་འཇའ་ལུས་འགྲུབ་པར་ཚེགས་མི་འདུག་སྙམ་པའི་བྲོད་ཁ་ཙམ་བྱུང་རུང་ལོ་མི་དགོས་ཟླ་བ་གཉིས་གསུམ་ཡང་སྦྲེལ་ནས་དགེ་སྦྱོར་སྐྱོང་རྒྱུ་མེད་པའི་སྔོན་ལས་ཀྱིས་ཆོས་དང་རང་སེམས་ལྷན་ཅིག་ཏུ་བཞུགས་པར་མི་སྣང་། སྲིད་གསུམ་བདག་མོའི་མདོས་ཀྱི་མཆོད་པ་སྔར་རྒྱུན་བཞིན་བྱས། སྒམ་པོ་ཞབས་དྲུང་ནོར་བུ་རྒྱན་པའི་སྤྲུལ་པའི་སྐུ་དགེ་ཚུལ་དུ་བསྒྲུབས་ཤིང་མཚན་བློ་བཟང་འཕྲིན་ལས་རྣམ་རྒྱལ་ངེས་དོན་གྲུབ་པའི་ཤིང་རྟ་མཆོག་གི་སྡེར་གསོལ། ཁོང་དཔོན་སློབ་ཀྱི་ཕྱག་གཡོག་འདྲ་དང་ཤངས་པ་བསོད་རྒྱལ་གྱིས་ཀར་སྲིད་དང་འབྲེལ་བྱས་པ་སོགས་བྱ་བྱེད་མ་མཁས་པས་སྡེ་པའི་ཐུགས་ལ་ཕོག་ནས་བདག་རྐྱེན་ཆེ་བ་མཛད་རྩིས་མི་འདུག་རུང་རྒྱུ་མཚན་མོལ་བའི་བཞུགས་གདན་བཀུར་གཟོས་འབྲུག་པ་སྤྲུལ་སྐུ་དང་ཁྱད་མེད་ཞུས། གནས་ཆུང་ལྕོག་ཏུ་རྟེན་མདོས་ཤིག་འཛུགས་པར་མཆོད་དཔོན་པ་བཏང་སྐབས་ཕན་བདེ་ལེགས་བཤད་གླིང་པར་གསོལ་མཆོད་རྒྱས་པ་ཞིག་འཛུགས་དགོས་པའི་ལུང་བསྟན་བྱུང་བ་ལྟར་ཡི་གེར་བཀོད་དེ་སྐབས་སྦྱར་ལ་བཙུགས།གོང་ནས་རྒྱ་ནག་ལ་མྱུར་དུ་ཐོན་དགོས་པའི་བཀའ་ཤོག་དང་བཀའ་ངག་སྐྱེལ་བར་སེ་ཆེན་དབོན་པོ་དང་


GLG005_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རོ་ཚེ་རིང་གཉིས་སྔ་མགྱོགས་སུ་འབྱོར། སྔར་གྲགས་ཡུལ་ལམ་ཙམ་ཡོད་ཀྱང་འདི་ནས་བཟུང་སྡེ་པས་སྟོད་སྨད་ཀུན་ཏུ་བདའ་རྒྱག་དང་བཟོ་གྲ་འཛུགས་པ་སོགས་སོ་སོར་ཆུ་རང་ཁོལ་དུ་སོང་། རྒྱ་ནག་ཏུ་འདེགས་རྒྱུའི་སྐོར་ལ་དགའ་ལྡན་རྩེ་ཤར་གཉིས་ཀྱིས་ཐོག་དྲངས་སེ་འབྲས་དགེ་གསུམ་གྱི་བླ་མ་ལས་ཚན་རྣམས་ཚོགས་པའི་རབ་ཏུ་བཤོལ་ཐེབས་པ་ཞིག་དང་དེ་མིན་ལོ་གསུམ་ལས་མ་འགྱངས་པར་ཡར་ལོག་པའི་དན་ཁ་དགོས་པའི་བཀའ་གྲོས་ཞིབ་མོལ་བྱུང་བར་བཤོལ་ཐེབས་མི་འདུག་པས་མྱུར་དུ་ལྡོག་པའི་དན་ཁའི་ཐེའུ་བྱས། ཟླ་བ་བརྒྱད་པའི་ནང་དུ་མཚུར་ཕུ་ནས་རྒྱལ་ཚབ་སྤྲུལ་པའི་སྐུ་ཕེབས། སྟག་ལུང་ཕྱག་མཛོད་བརྒྱུད་པའི་ལྡང་བ་ཞིག་ཡོང་རེའི་མདངས་བྱུང་རུང་གདན་ས་གོང་འོག །སྣེའུ་སྡོང་རྩེ་འབྲི་སྟག་ལྔ་པོ་མ་གཏོགས་པར་བྱེད་ཀྱིན་མེད་པས་སྒམ་འབྲུག་གཉིས་དང་འདྲ་བའི་བཀུར་གཟོས་གང་ལེགས་ཞུས། རྒྱལ་སྲས་རིན་པོ་ཆེས་མཛད་པའི་བློ་སྦྱོང་གི་བཀླགས་ལུང་ཞིག་ཕུལ། ཉི་ལྡིང་སེམས་དཔའ་ཆེན་པོ་དང་ལྷ་རྩེ་སྤྲུལ་སྐུ་ལྟ་བུའི་མེས་པོ་ཚངས་པའི་བརྟུལ་ཞུགས་འཛིན་པ་དེ་མིན་འདུག་རུང་གྲུབ་དབང་སྤྲུལ་སྐུ་ལྟ་བུའི་སྡེ་ཚན་སྦུབས་འཐུམ་ཡང་མ་ཡིན་ལ་གར་སླ་རན་ཞིང་ཆོས་རྗེས་སྒར་པ་བླ་རབས་མང་པོར་ཆེན་པོའི་གོ་ས་བཟུང་བའི་སྤྱན་ལྟོས་ཀྱིས་བབས་ཆགས་པོ་སྣང་། འདི་ལོ་ཕྱོགས་འགྲོའི་རྩིས་བཞིན་མེད་རུང་གོང་གི་ལུང་ལྕི་བར་བརྟེན་འབྲུག་ལོར་འདེགས་དགོས་ཤར་བས་བསམ་ཡས་ཁྲ་འབྲུག་མཇལ་བ་དང་རྒྱལ་དུ་འགྲོ་བའི་ཁྱད་ཀྱིས་གློ་བུར་དུ་ཉེར་དགུ་ལ་འབྲས་སྤུངས་ནས་བཏེག །ཞག་ལྔའི་བར་ལྷ་སར་


GLG005_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བསྡད། གོང་གིས་འབོད་པར་གནང་བའི་མི་སྣ་ངོ་བོ་ཤེས་རབ་བླ་མ། དཀའ་བཅུ་བླ་མ། ཆ་གན་དར་ཁན་ཆོས་རྗེ། དོན་བཟང་གུ་ཤྲི། རྡོ་རྗེ་དར་ཁན་ནོ་ཡོན་ལྔས་གཙོས་པའི་མི་ཉིས་བརྒྱ་སྐོར་འབྱོར། བཀའ་ཤོག་རྟེན་རིན་པོ་ཆེའི་རིགས་གསེར་དངུལ་གོས་དར་གྱིས་གཙོས་པའི་གནང་སྦྱིན་སྤམས་མཐོ་བར་བསྩལ། ཤེས་བྱ་ནོ་མོན་ཁན་གྱིས་ཞུ་བའི་གོང་གི་སྐུ་རིམ་གྱི་བཀའ་འགྱུར་ཐབས་སུ་དངུལ་སྲང་ཁྲི་ཚོ་འབྱོར་བ་སྡེ་པས་རྫོང་མགོ་མང་པོར་ལོ་ཁ་ཤས་སྦྲེལ་ནས་བཀའ་འགྱུར་ཟུར་པ་བཙུགས་པའི་ཆད་ལྷག་མེད་ཀྱང་བྱམས་གླིང་ཨེམ་ཆིས་སྐུ་རིམ་མ་བྱས་པར་དངུལ་བཟས་ཞེས་གླེང་སྣང་། འགྲུལ་ཟླ་མང་ཙམ་འདུག་པ་རྣམས་ཀྱིས་རྙེད་པ་རྒྱས་པར་བསྟར་ཞིང་མི་སྣ་དང་གསར་འགྲུལ་རྣམས་ལ་དབང་ཆོས་ཁ་ཡར་བྱས། ཧོར་ཟླ་དགུ་པའི་ཚེས་བཞིའི་ཉིན་རྒྱལ་པོ་མཆོད་ཡོན་ལྷན་རྒྱས་སུ་ལྷ་ས་ནས་ཐོན་པའི་ས་སྐྱོང་དགའ་ལྡན་པ་ཐོག་རྒོད་རྣམ་རྒྱལ་ཐབ་བསུའི་གྲ་སྒྲིག་སྔ་དུས་ཀྱི་སྤྱན་ལྟོས་བབས་ཆགས་པ་དང་བཅས་ལྷ་གདོང་ཤན་ཁར་ཚལ་གུང་གི་བླ་མ་རྣམས་དང་ཆབས་གཅིག་པར་བྱོན། བདེ་ཆེན་རྩེར་ཞག་གསུམ་བསྡད་ཅིང་རྙེད་བཀུར་བཟབས། ཞལ་ངོ་རྣམས་ལ་ཚེ་རྟ། སྒྲོལ་དཀར། ལོ་མ་གྱོན་མ་རྣམས་ཀྱི་རྗེས་གནང་། དེ་བཞིན་གཤེགས་པའི་འཕེལ་གདུང་གི་རྟེན་མཇལ། ཞབས་དྲུང་མ་ཆེན་སྒེར་དུ་སྙིང་པོ་དོན་གསུམ་གྱི་འཁྲིད་ཡིག་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་ལུང་དང་དམིགས་རིམ་གལ་ཆེ་སར་བཤད་པ་དང་བཅས་པ། ཚེས་བརྒྱད་ལ་བསྙེན་གནས་ཀྱི་སྡོམ་པ་ཕབ། ལམ་ཞོར་ལ་རྒྱལ་ཁང་གཉན་པོ་ཞིག་འདུག་པ་དེར་ཕྱིན་


GLG005_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་དར་དམོད་ནས་དང་བཅས་དམ་བསྒྲགས། བཀྲ་ཤིས་ལྗོངས་ཀྱི་མདར་སྤྱི་སོས་སྟེར་ཆ་ཞབས་ཏོག་བཟབས། ཚོགས་པར་བླ་མའི་རྣམ་འབྱོར་གྱི་ཆོས་འབྲེལ་དང་མང་འགྱེད་བྱས། ཆུ་འབྲུག་ཧོར་ཟླ་བདུན་པའི་ནང་དུ་རྒྱལ་པོའི་སྐུ་ཞབས་སུ་འབྱོར་གང་ཐུབ་ཞུ་བའི་ཞུ་ཡིག་ངག་མ་འབུལ་བར་བོ་རོ་ཚེ་རིང་གི་ཟླར་སེ་ཆེན་དར་རྒྱས་བརྫངས། བོ་རོ་ཚེ་རིང་གི་ཁ་ཏོན་དུ་བདག་བསྟོད་དགོས་ཚུལ་བྱུང་བ་བྲིས། རྩེ་ཤར་གཉིས་ཀྱིས་གཙོས་བསུ་བ་སེར་སྦྲེང་དང་བཅས་རྒྱལ་བ་གཉིས་པའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕྱིན་ཞག་གསུམ་བསྡད། སྔར་གནས་མཇལ་ཞིབ་རྒྱས་བྱེད་ཁུལ་ཡིན་རུང་ལོ་གཞོན་པས་ཡམ་མེ་བ་ཞིག་ལས་མ་བྱུང་བས་ད་ལམ་ཕྱི་ནང་ཚང་མ་ཞིབ་པར་མཇལ། ཁྱད་པར་རྗེ་བཙུན་ཙོང་ཁ་པ་ཆེན་པོ་འཇམ་དབྱངས་དང་ཐ་མི་དད་པར་ཆོས་རྗེས་འབྲང་བའི་དད་པས་གསོལ་བ་ཕུར་ཚུགས་སུ་བཏབ། དངུལ་གདུང་རིན་པོ་ཆེ། ཐུབ་པ་ཚུལ་ཁྲིམས་མ། མགོན་ཁང་རྣམས་ལ་འདོད་དོན་གསོལ་བའི་སྙན་དར་སྒྲོན། གསེར་ཁྲིའི་སྟེང་ནས་ཚོགས་ཆེན་དུ་བྱང་ཆུབ་ལམ་གྱི་རིམ་པའི་ཆོས་ཐུན་གཅིག་བཟབས་བཤད་དུ་ཕུལ། ཁྲི་ཐོག་ཏུ་ཆུ་བཟང་ཞལ་སྔ་ནས་དཀོན་མཆོག་ཆོས་བཟང་བཞུགས་པས་གཙོ་མཛད། སྤྱི་སོ། རྩེ་ཤར། བྱང་རྩེ་ཐོས་བསམ་གླིང་དང་ཉ་རོང་གྲ་ཚང་གཉིས། ཚ་བ། བསམ་བློ། ཧ་སྡོང་རྣམས་ཀྱིས་གཞིས་ལེན་དང་སྟེར་ཆ་བཟབས་པ་བྱུང་ཞིང་འདུས་སྡེར་མང་འགྱེད་ཀྱིས་ཚོགས་བསགས། ཞལ་སྔ་ནས་ཤར་པ་དང་སྒེར་དུ་གསུང་གླེང་ཞིབ་རྒྱས་ཞུས། སྨོན་འགྲོ་པཎ་ཆེན་འཇམ་དབྱངས་


GLG005_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྒྱལ་རྡོ་རྗེ་ཕེབས། དྲུང་འཁོར་དང་གྲྭ་ཚང་ལ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ན་བཟའ་སོགས་ནང་རྟེན་གྱི་མཇལ་ཁ་བཏང་། ཆར་གུང་ཚིགས་བྱས་ནས་བྱེན་དུ་སླེབས། བཅུ་གཉིས་ཀྱི་ཉི་ཤར་ལ་ལྷ་ཆེན་ཚངས་པ་དུང་གི་ཐོར་ཚུགས་ཅན་སྐུ་ཕེབས་ཞུས་པའི་སྤྱན་གཟིགས་མཆོད་སྤྲིན་བསྟར། དབུ་ཐོག་ཏུ་རྡོ་རྗེ་བཞག་སྟེ་དཔལ་ཨྱོན་ཆེན་པོས་ཐོག་དྲངས་རིགས་འཛིན་བརྒྱུད་པའི་དམ་བསྒྲགས་ཤིང་འབྱུང་འགྱུར་གྱི་ལུང་བསྟན་ཤིན་ཏུ་ཡིད་ཆེས་པ་གསུངས། སྲུང་མ་འདི་འཕྲལ་དུ་འཇམ་དྲགས་པས་ཚང་མས་འཇིགས་སྣང་མི་བྱེད་འདུག་རུང་ཞིབ་ཏུ་བརྟགས་ན་དྲེགས་པའི་སྡེ་དཔོན་ཆེན་པོའི་ཉམས་ཀྱིས་བརྙས་ན་ཕུབ་མའི་ཆུ་དོང་འོང་བར་གདའ། མལ་གྲོ་གུང་དཀར་དུ་དར་ཁོ་ཤོའི་ཆིས་གུང་གི་དྲོ་བཏེག་ཞབས་ཏོག་དང་སྟེར་ཆ་དང་དོད་བྱས། འབྲི་གུང་ཞབས་དྲུང་རིན་པོ་ཆེ་ཁྲི་ཐོག་པ་དཀོན་མཆོག་ཕུན་ཚོགས་ཕེབས། འབྲི་གུང་པའི་བླ་རྡོར་གྲགས་པའི་ཧོར་སྦུག་བྱ་རོག་རྫོང་གིས་གཙོས་གནང་ཆ་གྱ་ནོམ་པ་མཛད་ཅིང་ཕར་ལེགས་སྐྱེས་ཀྱང་བཟབས་ནས་ཕུལ། གསོལ་ཇ་གསུམ་ཙམ་གྱི་བར་གསུང་གླེང་ཞིབ་པར་བྱུང་བར་བཀའ་བརྒྱུད་པའི་བླ་མ་ཕྱག་རྒྱ་བའི་བཟང་རྫུའི་སྒྲིབ་ཤིང་གི་སྦག་སྦུག་ཅན་དང་མི་འདྲ་བའི་རིག་པའི་གནས་མཐའ་དག་གསན་གཟིགས་རྒྱ་ཆེ། ཁྱད་པར་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱིས་མངའ་རིས་པཎ་ཆེན་དང་རིགས་འཛིན་ཆེན་པོ་སྐུ་མཆེད་ལ་ཐུག་པ་ནས་བཟུང་སྔགས་རྙིང་མ་ལ་མཁས་ཤིང་གྲུབ་པ་བརྙེས་པའི་རྒྱུན་གྱིས་བཀའ་གཏེར་གང་ལ་དྲི་བ་ཞུས་ཀྱང་ཐོགས་པ་མེད་པ་ཞིག་འདུག །འབྲུག་པ་པདྨ་དཀར་པོ་རྙིང་མ་ལ་མཁས་པར་རྣམ་ཐར་དུ་ཞལ་གྱིས་


GLG005_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

འཆེས་རུང་བཀའ་བྱེ་བྲག་པ་ཕྱག་རྒྱ་ཟིལ་གནོན་ལ་མེད་པའི་བཀའ་བརྒྱད་ཀའི་ཟོར་སོགས་མང་དུ་བསྣན་ཏེ་མུན་པའི་མདའ་འཕེན་མཁན་པོ་རྫ་ཚིག་ལུང་མ་དྲོས་ཚོ་དང་མི་འདྲ་བར་སྣང་། དེ་ནུབ་རྒྱལ་བཟང་དུ་བསྡད་པའི་ཚེས་བཅུ་གསུམ་ལ་སྤུན་དྲུག་རྫོང་པ་དང་མཁར་སྐྱ་སྡེ་དགོན་གཉིས་བཅུ་བཞི་ལ་རིན་ཆེན་གླིང་པ་རྣམས་ཀྱིས་རྙེད་བཀུར་རིམ་བཞིན་བསྟབ། བཅོ་ལྔ་ལ་རུ་ཐོག་བརྒྱུད་བཀྲ་ཤིས་སུམ་མདོར་སླེབས་ཐོག་ཕན་བདེ་ཆོས་རྗེ་ཤཱཀྱ་ལྷ་དབང་འབྱོར་བའི་སྣམ་ཕྲུག་སྦྲང་མར་བཙོད་ཀྱིས་མཚོན་པའི་ཡུལ་ལུགས་ཀྱི་དངོས་པོ་རྒྱ་ཆེར་བསྟར། ཆོས་རྗེ་འདི་བསྟན་པ་ལ་ཞེན་རུས་ཆེ་ཞིང་ལུགས་གཉིས་ཀ་ནས་ལྷུས་ཐིངས་པས་ཁོང་རང་ཡོད་རིང་ཕན་བདེ་བ་ཡར་རྒྱས་སུ་སོང་། རྫིང་ཕྱིར་ཞག་གཉིས་བསྡད་པའི་གཞིས་ལེན་དང་རྙེད་པ་གཟབ་ཅིང་སྐྱ་སེར་གྱི་ཁྲོམ་ལ་བཀའ་གདམས་གླེགས་བམ་གྱི་ཆོས་ཐུན་ཞིག་བཤད། མ་ཕམ་པའི་སྐུ་འདི་འགངས་ཆེ་བར་གྲགས་པ་ཙམ་དུ་མ་ཟད་གཙུག་ལག་ཁང་མེས་བཞེས་པའི་དུས་སྐྱོན་མ་བྱུང་བའི་མེ་ཐུབ་མ་དང་དངུལ་གདུང་གཉིས་ལ་ལྷ་རྫས་དར་གྱི་མཆོད་སྤྲིན་ཁ་ཡིག་ཅན་སྤྲོས། རྣམ་སྲས་གླིང་པ་ཕུན་ཚོགས་དབང་པོས་བསྐུལ་བའི་སྨོན་ལམ་བྲིས། རྒྱལ་ཁང་ལོ་རེ་ལ་ལན་ཅིག་ལས་སྒོ་མི་འབྱེད་འདུག་རུང་ནང་དུ་ཕྱིན་སྤྱན་གཟིགས་སྙན་དར་ཕུལ་ཞིང་དམ་བསྒྲགས། སྐུ་གསོབ་དེ་སྲུང་མ་ཆགས་པའི་ཉམས་ཀྱིས་ཟིལ་ཅན་དུ་གདའ། ངེད་དང་མཆོད་དཔོན་དབུ་མཛད་ལ་མཐོང་སྣང་མི་འདྲ་བ་རེ་བྱུང་། ཀོང་པོས་གཙུག་ལག་ཁང་མེས་བསྲེགས་སྐབས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རག་


GLG005_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མེ་ཐུབ་མ་ཁྱད་མཚར་ཞིག་ཀྱང་ལག་ཏུ་སོན། ཚེས་བཅོ་བརྒྱད་ལ་ཟམ་སྣེར་བསམ་གླིང་སློབ་དཔོན་བློ་གྲོས་རིན་ཆེན་དཔོན་སློབ་ཀྱིས་གུང་གི་དྲོ་བཏེག །རི་ལོགས་ཀྱི་ཕན་བདེ་དགོན་སྔར་དྭགས་དམག་གིས་བཤིག་པའི་ཞིག་གསོས་མཐིལ་དུ་བྱས་འདུག་པའི་འདབས་སུ་དེ་ནུབ་བསྡད། སྡེ་པས་ཚང་མར་ཡང་ཆས་ཀྱི་བདའ་འགྲེམས་མཛད་པར་བརྟེན་མལ་ཆས་སྲབ་པ་དང་ནམ་དུས་ཀྱི་གྲང་ངད་འདོམས་པའི་དཀའ་ཐུབ་ལ་སྐད་ངན་ཆེར་འོང་ཚོད་ལ་ཁ་ཁུ་མི་སྣང་བ་བདེན་གྲུབ་ཀྱི་ཆོས་མེད་པའི་རང་མཚང་གིས་ཚབ་ཏུ་སོང་བར་གདའ། ཚེས་བཅུ་དགུ་ལ་བསུ་བ་སེར་སྦྲེང་དང་བཅས་ཆོས་འཁོར་རྒྱལ་དུ་སླེབས། དྭགས་པོ་གྲ་ཚང་དཔོན་སློབ་ཀྱང་བྱོན་འདུག་པའི་གཞི་བྱེས་ཀྱི་ཚོགས་ཆེན་དུ་ཕྱག་དྲུག་པའི་རྗེས་གནང་དང་མངོན་རྟོགས་རྒྱན་སོགས་ལུང་ཁ་ཤས་ཕུལ། ཉེར་བདུན་ལ་དཔལ་ལྡན་དམག་ཟོར་མའི་བླ་མཚོ་མཇལ་བར་ཕྱིན་པས་མཚོ་མཇལ་རྣམ་གྲངས་མང་ཞིང་སྔར་མཐོང་མ་མྱོང་བའི་ཡུལ་གྲུ་དུ་མ་བྱུང་བ་རྒྱ་ནག་ཏུ་བགྲོད་པའི་དུས་ངོ་འཕྲོད་པ་ཁ་ཡར་སྣང་ལྷུན་གྲུབ་དགའ་ཚལ་གྱི་ཆོས་འབྱུང་སྟེང་དུ་བདུན་ཕྲག་གཅིག་བསྙེན་མཚམས་དང་རི་མཐིལ་གྱི་མགོན་ཁང་ཚོར་གཏོར་གསོས་སྤྱན་གཟིགས་སྙན་དར་དེ་ཝཱི་ཀོ་ཊིར་ཞལ་བྱང་བྲིས་པ་དང་བཅས་རྒྱས་པ་ཕུལ་ཞིང་གྲ་ཚང་ནས་ཉིན་གསུམ་གྱི་བར་བསྐང་གསོ་གཟབ་རྒྱས་སུ་བཏང་། གཙང་གི་སྡེ་གཟར་དུས་བསྐོར་བའི་འཁྲུག་བྱེད་ཀྱི་འཁོར་ལོ་རྣམས་གནས་ཆུང་ལྕོག་ཏུ་སྦས་ཡོད་པ་སྤྲུལ་པའི་ཆོས་རྒྱལ་ཆེན་པོས་རལ་གྲི་ཞིག་དང་ལྷན་དུ་བསྐུར་ནས་དགའ་ཚལ་གྱི་ཚེར་ཕུང་རྩ་བར་སྐྱོལ་ལྟས་ཤིག་ཡོང་བ་


GLG005_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་གསུང་བ་ཇི་བཞིན་མ་ངེས་ཀྱང་དྲག་པོའི་ལས་སྦྱོར་ཞིག་འགྲུབ་པའི་བརྡ་ཡིན་ནམ་སྙམ། གཏང་རག་ཚིགས་བཅད་ཀྱི་སྙན་ཤལ་སྤེལ། ཧོར་ཟླ་བཅུ་པའི་ཚེས་ལྔ་ལ་རྒྱལ་མཐིལ་དུ་ཡོངས་བྱམས་ཆེན་ལ་སྙན་དར་ཚིགས་བཅད་ཕུལ་ཞིང་བསྟན་པ་རྒྱས་པའི་སྨོན་ལམ་བཏབ། སྒམ་པོ་སྤྲུལ་སྐུར་སྒྲོལ་དཀར་གྱི་རྗེས་གནང་ཕུལ། བང་རིམ། ལྕང་ར། བྷྲུམ་པ། སྒྲོམ་མདའ་བ་སོགས་ཕྲད་མི་མང་ཙམ་བྱུང་བར་སྤྱན་རས་གཟིགས་ཕྱག་བཞི་པའི་རྗེས་གནང་དང་སྒྲོམ་མདའ་མཁན་ཆེན་མཐུ་སྟོབས་དཔལ་འབྱོར་ལ་སྒེར་དུ་གཏོར་མ་བརྒྱ་རྩ་གསར་རྩོམ་གྱི་ལུང་། མེ་ཏོག་ཐང་དུ་གཉུག་མར་གནས་པའི་ཐོག་རི་ཁ་སང་སིང་གི་བླ་མ་གྲ་རིགས་དྭགས་ཉང་གི་སྐྱ་སེར་གྱི་ཁྲོམ་སྟོང་ཕྲག་གཉིས་ཙམ་ལ་བླ་མའི་རྣལ་འབྱོར། བྱིན་རླབས། ནས་འཐོར་བ་སོགས་སོ་སོའི་བློའི་རེ་བ་བཀང་། གཞི་བྱེས་ཐམས་ཅད་ཀྱིས་རྙེད་བཀུར་བཟབས་རྒྱས་བསྟར་ཞིང་རྒྱལ་འོལ་མས་དྲོའི་ཆོས་སྡེ་མཐའ་དག་ལ་ཟང་ཟིང་གི་བདོག་པ་ལེགས་པར་བསྐྲུན་པ་ཤས་ཆེ་ཞིང་གོང་འོག་ཚོར་གསལ་མི་གསལ་སྣ་ཚོགས་བྱུང་སོང་ཡང་འདུས་སྡེ་ཚོར་མང་འགྱེད་དང་སྐྱ་སེར་གྱི་སྟེར་ལན་སོགས་འཚེམས་མེད་དུ་བྱས། སྤྱན་གཡས་དཀའ་བཅུ་བློ་བཟང་རྣམ་རྒྱལ་ལྷ་རྩེ་ནས་འབྱོར་གཟེར་ཆེན་པ་རྣམ་རྒྱལ་ཚེ་རིང་གིས་སེ་སྟོན་རིན་ཆེན་རྒྱལ་མཚན་གྱི་དབུ་རལ། སྐུ་ཤམ། ནུབ་དགོན་པ་བྱམས་པ་ཆོས་རྒྱན་གྱི་མགུལ་ཕུར། སྤུ་ཕོད་རྣམས་བཀུར་བ་སྤྲད་བྱུང་། ཚེས་བརྒྱད་ལ་བཏེག་པའི་དགུའི་ཉིན་རྒྱལ་བ་ཙོང་ཁ་པ་ཆེན་པོར་བྱམས་འཇམ་དབྱངས་གཉིས་ཆོས་ཀྱི་བགྲོ་བ་མཛད་པ་སོགས་གཟིགས་སྣང་ཁྱད་པར་


GLG005_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་བྱུང་བའི་འོལ་དགའ་བསམ་གཏན་གླིང་གི་གཟིམས་ཕུག་མཇལ་ཞིང་གསོལ་འདེབས་སྨོན་ལམ་བྱས། རྗེ་བདག་ཉིད་ཆེན་པོར་གཟིགས་སྣང་བྱུང་བ་བརྡས་བཅིངས་པ་གསང་བའི་རྣམ་ཐར་དུ་བཀྲོལ་བར་བྱཱ་གྷྲའི་གོང་གི་ཙཎྜ་ལཱི། མིག་དང་ཟླ་བའི་གྲངས་གསུམ་ལ་ཞེས་པར་ཡིག་ནོར་རྒྱུན་ཤོར་བའི་ཙཎྜ་ནི་ཟེར་བ་དག་པར་ངོས་བཟུང་སྟེ་ཙནྡྲ་ཟླ་བར་བཤད་པ་འདིའི་སྐབས་ཀྱི་ཟླ་བ་ནི་ལོ་ཟླའི་ཟླ་བ་ཡིན་པས་མཱ་ས་ལྟ་བུ་འཇུག་ལ་ཙནྡྲ་ནི་ཉི་མ་དང་ཟླ་བའི་ཟླས་ཕྱེ་བའི་ཟླ་བ་ཡིན་པས་འཆི་མེད་མཛོད་སོགས་མ་གཟིགས་པའི་ལོག་བཤད་དུ་སོང་བར་སྣང་། མ་རྒྱུད་ཀྱི་དགོངས་པ་མཁས་གྲུབ་ཚོའི་ཕྱག་ལེན་ལ་གཏུམ་མོ་སྒོམ་པའི་ཚེ་མེ་དང་ཉི་མ་སྤང་ཞིང་དུས་ཀྱང་རབ་དགུན་དང་རླུང་འབྱོངས་ཚད་ཀྱང་གྲང་བའི་དུས་སུ་མཛད་ལ། བོད་འདིར་ཉི་མ་ཟླ་བ་བཅུ་གཅིག་པ་དང་རི་རབ་ཀྱི་ཚངས་ཐིག་ནས་བརྩིས་པའི་ཉི་ལྡོག་བཅུ་གཉིས་པར་འབྱུང་བས་དེ་གཉིས་གཏུམ་མོ་སྒོམ་པའི་ཟླ་བར་ངོས་བཟུང་བའི་ནང་གསེས་གང་ཡིན་ལ་མིག་དང་ཟླ་བ་ཞེས་ས་རིས་ཀྱིས་སྐབས་ལྟར་ཨངྐི་བྲིས་པས་བཅུ་གཉིས་པར་ཡོང་བ་རྗེ་བླ་མའི་དགོངས་པ་ཡིན་པས་ཙནྡན་གྱི་སྡོང་པོ་ལ་ཆུ་ཤིང་གི་ཡལ་ག་མ་སྐྱེས་པ་ཞིག་གལ་ཆེ་བར་གདའ། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བཞུགས་ཁྲིའི་སྟེང་ནས་སྐྱ་སེར་གྱི་ཁྲོམ་ལ་བླ་མའི་རྣལ་འབྱོར་བྱས། སློབ་དཔོན་རིན་ཆེན་བློ་གྲོས་བདོག་པ་སྤེལ་བ་དང་ཤིས་བརྗོད་བསྐུལ་བ་ལྷན་ཅིག་ཏུ་སྦྲགས་པས་ཚང་མ་བཞད་གད་ཀྱི་གནས་སུ་གྱུར་ཅིང་ཁོང་པ་སྣུབས་ཆེན་དེ་མིན་པའི་ཉམས་འཆར་བའི་ཚད་ཅིག་ཡོད། ཚྭ་ཐང་དུ་ཞག་བདུན་བསྡད་ཉིན་མོ་སླེ་རི་བ་སོགས་འོལ་དགའ་སྟོད་


GLG005_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སྨད་ཀྱི་དགོན་པ་དང་སྐྱེ་བོའི་འདུ་ཚོགས་ཆེ་བར་ཆོས་འབྲེལ་བྱིན་རླབས་སོ་སོའི་འདོད་སྦྱར་དང་མར་ཕྱུར་གཙོ་བོར་གྱུར་པའི་ཟང་ཟིང་གི་སྟེར་སྦྱིན་ཀྱང་མང་དུ་བྱུང་། འབྲི་ལུང་གཞོན་ཚང་སྡེ་པ་དཀའ་བཅུ་བས་ཁོ་རང་གི་ཞྭ་ཕོད་རུས་རྒྱན་སོགས་སྔགས་ཆས་ཆ་ཚང་བ་ཞིག་བྱིན་ནས་དྲུང་འཁོར་གཞན་གྱི་མི་རྟའི་གོ་ཆ་ཕུལ་བའི་དོད་ཡིན་ཟེར། མཚན་མོ་སྨན་ཆུ། ཕག་པ། གྲམ་སླེ་གསུམ་དུ་གང་འཕྲོད་ཀྱི་ཆུ་ཚན་བརྒྱབ། རྫོང་དུ་ཕྱིན་པའི་བཀའ་འགྱུར་གསར་བཞེངས་ལ་རྟོག་འཇུག་དང་མེ་ཏོག་གཏོར། རྫོང་སྡོད་སྟག་རུ་བ་ནོར་བུས་རྫོང་གི་ལྷོ་རྒྱུད་རྣམས་ལ་ཞིག་གསོས་བྱས་འདུག་པ་དག་ཐོན་པར་སྣང་། ལམ་དུ་མཁར་ལྟག་ནས་ཞབས་དྲུང་རྒྱལ་བུས་གཞིས་ལེན་མཛད། གྲུབ་ཐོབ་བརྒྱད་ཅུ་སོགས་སྨན་སྐུའི་རྟེན་བཞེངས་མང་དུ་གནང་འདུག་པར་མེ་ཏོག་གཏོར། ཟངས་རི་རྫོང་དུ་ཞག་གསུམ་བསྡད། དཔོན་ས་ཨ་ནེ་དྲུང་ཡུམ་སྲས་ལ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་ཚར་ཉི་ཤུ་ཙམ་ཕུལ། གཞིས་ལེན་དང་སྟེར་ཆ་རྒྱས་པར་མཛད་ཅིང་དེ་ལན་ཀྱང་གྱ་ནོམ་པ་བསྟར། མཁྱེན་རབ་དཔལ་བཟང་དང་ཕྱོགས་མཐུན་པའི་ལྕམ་རྗེ་མི་ལའི་ཨ་ནེ་འདྲ་བ་དེའང་ཕེབས་འདུག་པ་དངོས་པོའི་སྐྱེས་ཀྱིས་མཛེས་མཚོན་བྱས། བ་སོ་སྤྲུལ་སྐུ་ངེད་རང་གི་རྟོགས་བརྗོད་ལ་སྐྱར་བསྐུལ་དང་རྒྱ་ནག་ནས་མྱུར་དུ་ལྡོག་དགོས་པའི་ཕྱག་བྲིས་ཚིགས་བཅད་མ་བྱུང་བའི་ལན་དེ་མཚུངས་ཕུལ། ཚེས་ཉི་ཤུ་ལ་ཆད་དཀར་དུ་ཕྱིན་རྒྱ་རི་ཞབས་དྲུང་ཁྲི་པ་ངག་དབང་དགའ་ལྡན་རབ་བརྟན་དཔོན་བློན་གྲུ་ཁར་བསུ་བ་ལ་བྱོན། སྐུ་སྟོབས་སྔར་དང་མི་འདྲ་བའི་ལྷབས་ཆེན་པོ་ལ་གནང་སྒོ་རྒྱ་མ་བོད་


GLG005_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་ཁྲི་གོང་མའི་དུས་ཀྱི་བབས་ཆགས་པ་དེ་མི་འདུག །གཟིམས་ཆུང་ཉིན་མོ་ལས་མཚན་མོ་ཐངས་ཅུང་ཟད་དཀར་བ་དེར་ཞག་བཞི་བསྡད་པའི་བཞུགས་གྲལ་ཆེན་མོའི་ཉིན་མཆོད་ཡོན་ལྷན་རྒྱས་ཀྱི་མི་ཚོགས་ཆེ་དྲགས་པས་བཞུགས་གྲལ་དངོས་གཞི་དུས་ཐོག་ཏུ་བསྒྲིགས་པའི་འཕྲོས་རྣམས་མར་མེ་སྤར་ནས་ཀྱང་གཏོང་དགོས་པའི་སྔར་མ་གྲགས་པ་ལྟ་བུ་བྱུང་། བཞུགས་གྲལ་ལ་འཇམ་དབྱངས་སྨོན་འགྲོ་ལོ་ཙཱ་བ་དང་རྩེད་ཐང་ལས་ཆེན་མཚན་སྒྲོག་པ་གཉིས་ཀྱིས་མདོ་སྔགས་ལས་བརྩམས་པའི་འབེལ་གཏམ་རྒྱ་ཆེར་མཛད། རྒྱུན་གྱི་ཆ་གུང་ལའང་གཞན་མའི་གཞིས་ལེན་ལ་འགྲན་བཟོད་པའི་སྤམས་ཐོ། དཔོན་བློན་ཆོས་སྡེ་ཁག །ཨེ་གཉལ་གྱི་སྐྱ་སེར་འཕྲད་མི་མང་ཞིང་དངོས་པོའི་གཏོང་ལེན་རྒྱ་ཆེར་བྱས། འཕྱོང་རྒྱས་པཎྜི་ཏ་ཁལ་ཁ་ནས་འབྱོར་པའི་གསེར་ལྕུགས་རིང་ཐུང་མཐོ་གང་ལྷག་པ་ཞེང་རྩེ་སོར་གསུམ། དཔངས་རྩེ་སོར་ཕྱེད་ཡོད་པ་ཞིག་མཇལ་དར་ལ་བཏང་བྱུང་བར་ཨེ་པ་འགའ་རེས་མཐོང་ནས་སོག་པོ་དེས་གསེར་གྱི་སྤང་ལེབ་ཁྱེར་ཡོང་གིན་འདུག་པས་ངེད་རང་ཚོའི་འབུལ་བས་གར་ཡང་མི་ཕྱིན་ཞེས་གླེང་སྐད། དཔོན་བློན་ལ་ཚེ་རྟ་ཟུང་འབྲེལ་དང་དྲུང་འཁོར་ནང་ཟན་དམངས་བཅས་ལ་ཚེ་དབང་ཞིག་བསྐུར། ཞབས་དྲུང་གསུང་འཕྲོས་འབྱོན་པ་ཤིན་ཏུ་རྒྱས་པའི་རྣམ་དཔྱོད་ཀྱིས་ཀུན་གྱི་ཡིད་དབང་ཕྲོགས་པར་སྣང་། དྲུང་ཚོ་བ་དབོན་པོས་རྒྱ་ནག་ལ་ཕེབས་པ་འདི་བསྟན་པའི་ལ་རྒྱ་ལ་ཤིན་ཏུ་ཕན་པས། རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་། ཞེས་པའི་སྨོན་ལམ་ཐེབས་ངེས་སུ་འདུག་རུང་ཧ་ཅང་ཐེབས་དྲགས་ལ་ཁད་ཀྱི་སྐྱོན་བྱུང་ཞེས་


GLG005_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་། ཉེར་བཞི་ལ་མཆོད་ཡོན་གཉིས་རྩེད་ཐང་དུ་བྱོན་ཞིང་ངེད་ཚོས་ཀླུ་ཁང་གྲུ་དོན་པའི་རྒྱ་གར་ཤར་གླིང་དུ་སྐྱིད་ཤོད་ཐའི་ཇི་མཚོ་སྐྱེས་པ་དང་ཁལ་ཁ་ནོ་མོན་ཨེ་ཇེན་བྱང་ནས་འབྱོར་འཕྲལ་གྱི་སྒྲགས་ལ་བརྒྱུད་བྱོན་པ་དུས་འཛོམ་པའི་སོག་བོད་ཀྱིས་རྟ་བསུ། མངའ་རིས་གྲ་ཚང་གིས་སེར་སྦྲེང་དང་འོན་སྐོར་གྱི་བྲོ་གཞས་རྒྱས་པ་བསྟར། དེ་ནུབ་འོན་མདའ་སྲས་ཁང་རྩེར་བསྡད། གྲ་ཚང་གིས་དཀར་སྤྲོ་དམར་སྤྲོ་དང་སྟེར་ཆ་བཟབས་ཅིང་ཚོགས་སུ་མང་འགྱེད་བཏང་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་དང་གཙང་ཁང་འདུ་ཁང་རྣམས་ཀྱིས་གཙོས་གསར་རྒྱག་རྣམས་ལ་མེ་ཏོག་གཏོར། མར་ལམ་བྲག་ཁ་རྫོང་དུ་ས་སྐྱོང་མཚོ་སྐྱེས་པས་ཚ་བཞེས་གཉིས་པ་བཤམས། རྩེད་ཐང་ས་དགེ་གཉིས་ཀྱིས་སེར་སྦྲེང་དང་ཡུལ་པའི་བྲོ་གཞས་སོགས་ཁྲོམ་ཤིན་ཏུ་ཆེ་བ་བརྒྱུད་གུང་ཚིགས་ལ་སླ་གཡེར་སླེབས། ལྔ་མཆོད་པས་བསྙེན་བཀུར་ཡང་དག་བཟབས་ཤིང་འབྲས་བུ་གླིང་པས་སྤོམས་འབུལ་བྱས། དཀའ་བཅུ་བྱམས་ཆོས་པས་བཟང་ཇས་གཙོས་པའི་སྟེར་ཆ་དཔངས་བསྟོད་དུ་བསྟར། མཉམ་མེད་གསེར་གླིང་པ་ཆོས་ཀྱི་གྲགས་པའི་ཐུགས་དམ་རྟེན་ཐུབ་པ་གསེར་གླིང་མས་གཙོས་པའི་རྟེན་རྣམས་མཇལ། ཐང་པོ་ཆེ་ཁྲི་སྐོར་གྱི་དུས་ཁུ་པ་ཚོས་ཐུབ་པ་གསེར་གླིང་མའི་འདྲ་ཅོག་ཅིག་བཟོས་པ་དེ་ཕྱི་ལ་བཏོན་ངོ་བོ་སྦས་སེ་བ་བྱས་པར་བརྟེན་དྲུང་ཆེན་རིན་པོ་ཆེར་བབ་རྟེན་ལ་འདྲ་ཅོག་ཕུལ་བས་ཐོག་མ་ནས་འཁྲུལ་གཞི་ཡོད་ཟེར་བ་དང་དེ་ག་ཡང་ཕྱིས་སྒར་པས་བརྗེས་པར་གླེང་བ་ཇི་ལྟར་ནའང་མཇལ་ཉམས་སྤྲོ་བ་ཞིག་སྣང་། བསམ་གཏན་གླིང་འདི་དཔལ་ལྡན་བླ་མ་དམ་པ་བསོད་


GLG005_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་རྒྱལ་མཚན་དང་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་ཁུ་དབོན་གྱིས་བྱིན་གྱིས་བརླབས་པའི་སྲུང་མ་རང་བཞིན་གྱིས་འདུ་བའི་གནས་ཡིན་པས་དཔལ་ཀུན་བཟང་རྩེ་པ་ཡབ་སྲས་རྣམས་ཐུགས་གཙིག་ནན་ཏར་ཆེ་བས་ཆེད་གཉེར་དུ་མཇལ་བར་ཕྱིན། ཡར་ཀླུངས་པར་བླ་མ་དམ་པ་ཞལ་གཟིགས་བྱུང་བའི་གཟིམས་ཁང་དེ་བྱིན་ཤིན་ཏུ་ཆགས། ཆོས་རྗེ་བླ་མའི་སྐུ་འདྲ་ཚུལ་ཁྲིམས་མ་དང་ན་བཟའ་སོགས་ནང་རྟེན་རྣམས་མཇལ་ནས་སྨོན་ལམ་བཏབ། སྲུང་མ་རྣམས་ལ་སྙན་དར་ཕུལ་ཞིང་འཕྲིན་ལས་བཅོལ། སྣ་མོ་ཤག་གྲུབ་ཆེན་པས་ཆོས་རྒྱལ་ཕོ་བྲང་པའི་སྤྱིལ་པོར་བོས། ལས་འཕྲོ་གླིང་གུ་རུ་རཏྣ་འགྲོ་འདུལ་དང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་ཞིག་འདུག་པ་འདམ་བཏང་བྱུང་བས་རཏྣ་འགྲོ་འདུལ་ཁྱེར། ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་དབུ་གནང་ཚོགས་མཁན་ཆེན་གྱིས་ཐོག་དྲངས་སྐྱ་སེར་གྱི་རྟ་བསུ་དང་རྩེ་ཚོགས། རི་བོ་ཆོས་གླིང་། བཀྲ་ཤིས་ཆོས་སྡེ། བན་ཚང་པ། རས་ཆུང་ཕུག་པ་སོགས་སེར་སྦྲེང་ཤིན་ཏུ་རྒྱས་པ་དང་བཅས་ཕོ་བྲང་འཛམ་གླིང་རྒྱན་གཅིག་སྣེའུ་སྡོང་རྩེར་འབྱོར། དེ་ནུབ་ལྔ་མཆོད་ཆེན་མོ་དང་འགྲིག་ཡས་མས་ཐམས་ཅད་གླིང་མེ་སྐར་ཚོགས་ལྟར་བཀྲ་བས་རྟེན་འབྲེལ་ལེགས་པ་བྱུང་། ཚོམས་ཆེན་བཞུགས་གྲལ་དུ་ནོ་མོན་ཨེ་ཇེན་དང་བསྟན་འཛིན་ཆོས་རྒྱལ་གཉིས་ལ་ཁྲི་ཞལ་སྤྲོད་དང་བཅས་བོད་སོག་གི་ཚོགས་ཆེ་བར་རིན་པོ་ཆེ་སྨན་ལུང་པ་དང་པཎ་ཆེན་སྨོན་འགྲོ་ལོ་ཙཱ་བ་གཉིས་ཀྱིས་འབེལ་གཏམ་ཤིན་ཏུ་རྒྱས་པ་མཁས་པ་མཁས་པའི་དྲུང་དུ་མཛེས་པའི་དཔེར་སོང་གཞིས་ལེན་དང་གནང་ཆའང་རྒྱས་པར་བསྩལ། ཞབས་དྲུང་རིན་པོ་ཆེ་


GLG005_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་སྲས་ལ་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་རྗེས་གནང་ཕུལ། དཀོན་གཉེར་ཕྱི་ནང་རྣམས་ཀྱིས་ཚེས་བཅུ་ཆེན་མོ་དང་འཆམ་གསར་གྱི་ལྟད་མོ་ཆེ་བར་བྱུང་། འཆམ་གསར་གྱི་འཆམ་དཔོན་དུ་ཞབས་དྲུང་རིན་པོ་ཆེ་གདུང་བརྒྱུད་ཕེབས་པ་སྐུའི་རྣམ་འགྱུར་གཞན་དང་མི་འདྲ་བའི་བདེ་ལ་བྱིན་ཆགས་པ་སྣང་ཞིང་ལེགས་སོའི་འབུལ་བ་ཕུལ། སྤྱན་སྔ་ལྷ་གཟིགས་རས་པའི་གདུང་རྟེན་པཎ་ཆེན་ནགས་ཀྱི་རིན་ཆེན་གྱི་ཕྱག་ནས་མའི་གུར་མགོན། གོང་མ་ཀུན་དགའ་ལེགས་པའི་ཕྱག་བཟོ་མར་མཁན་ཆེན་གཞོན་ནུ་བློ་གྲོས་ཀྱིས་ཚོན་རྩི་མཛད་པའི་ཞལ་བཞི་པ་བཞུགས་པའི་མགོན་ཁང་པོ་ཏ་ལས་ཐོག་དྲངས་མགོན་ཁང་རྣམས་དང་ཚོམས་ཆེན་དུ་ཕུར་པའི་འཛབ་ཀྱི་དུས་ཞལ་བར་གོང་སྨྱོན་གྱི་ཞབས་རྗེས་བྱུང་བས་གཙོས་ཐམས་ཅད་ཞིབ་པར་མཇལ། ཕོ་བྲང་མདུན་ངོས་སྡེ་དཔོན་གྱི་ཤག་ཕལ་ཆེར་འགྱེལ་ཞིང་རྫོང་གི་འཛིན་སྤྲས་དང་མཆོད་ཁང་མགོན་ཁང་རྣམས་ཞབས་ཏོག་ཧ་ཅང་མི་ཁྱོགས་པའི་སྟེང་སྤྱན་སྔ་རིན་པོ་ཆེའི་དངུལ་གདུང་ཁང་གི་ལྕགས་ཁྲ་བདེ་ཆེན་ཆོས་འཁོར་བས་དྲངས་པ་དམག་ཕོག་བཤུལ་ལྟ་བུའི་མི་མཛེས་པ་ཞིག་སྣང་། ཞབས་དྲུང་མ་ཆེན་སྐུ་རླུང་གི་མཉེལ་གཞིའི་ཁར་ཞབས་དྲུང་གདུང་བརྒྱུད་དང་ཡོལ་གདོང་གི་ལྕམ་ཐུགས་མ་མཐུན་པར་བརྟེན་ཐུགས་ཟོས་མི་བདེ་བ་བྱུང་དོགས་ཀྱིས་དགོངས་བློ་འཁྱོག་ཆེ་ཙམ་འདུག་པར་ཞབས་དྲུང་གདུང་བརྒྱུད་ཀྱི་དགོངས་པར་གང་ཡོད་གནང་ཆོག་ཚུལ་ཞུས་པས་ཤིན་ཏུ་བཀའ་དྲིན་ཆེ་ངེད་རང་ཕག་མོ་གྲུ་པ་དང་གཉེན་སྙོམས་པ་ཞིག་བྱེད་ན་རྒྱ་དཀར་ནག་དང་བལ་ཡུལ་ལྟ་བུ་ནས་ལེན་དགོས་འདུག །བོད་


GLG005_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གཡོག་རིས་སུ་མ་གྱུར་པ་མེད་པས་ས་པ་གྲུ་པ་དེང་སང་དྲུང་འཁོར་ཆེ་གྲ་ཡིན་ཚུལ་སོགས་དགྱེས་པའི་རྩེར་སོན། རིན་པོ་ཆེ་སྨན་ལུང་པས་ཆོས་དབང་རིན་པོ་ཆེའི་ལུང་བསྟན་ཁུངས་བཙུན་འདྲ་བསྣམས་ཏེ་གསུང་བཤད་མཛད་པ་རྣམས་ཡིད་ཆེས་པར་འདུག །སྣེའུ་སྡོང་དུ་ཞག་གཉིས་བསྡད་ནས་ཕྱིར་ཐོན་པའི་ལམ་ཞོར་དུ་ཚོགས་པས་ཀ་བཞིར་ཚ་བཞེས་དྲངས་སྤྱི་སྒེར་གྱི་བདོག་པ་བསྟར་ཞིང་ཚོགས་སུ་ཆོས་འབྲེལ་དགོས་ཚུལ་ལྟར་བླ་མའི་རྣལ་འབྱོར་ཞིག་ཕུལ་བར་མཁན་པོས་ཐམས་ཅད་སྟོད་གོས་སོགས་ཕུད་ནས་ཤོག་ཅེས་བདའ་འགྲེམས་མཛད་པར་གྲ་རྒན་ཞིག་གིས་དེ་འདྲ་ཡོད་དོགས་མེད་གླེངས་པར་ཙ་ན་མ་གོན་པ་ཡོད་པ་སོགས་སྒྱུར་སྦྱང་གསུངས་སྐད། མ་བྱོན་སངས་རྒྱས་གསུམ་པ་ཁ་ཆེ་པཎ་ཆེན་གྱི་ཐུགས་དམ་རྟེན་རྗེ་བཙུན་མའི་བྲིས་སྐུ། པཎ་ཆེན་རྫ་སྐུ། བཀྲ་ཤིས་རྡོ་ཁ་མ་རྣམས་ལ་བྱིན་རླབས་ཞུས་པའི་གཡུ་རུ་ཁྲ་འབྲུག་ཏུ་ཕྱིན་སྐབས་ཆོས་སྐྱོང་ལས་མཁན་གཉིས་ཀ་ཁོག་ཏུ་ཞུགས་ནས་བསུ་བ་ལ་བྱུང་། རྟེན་རྣམས་ཞིབ་པར་མཇལ་ཞིང་བསྟན་འགྲོའི་ཕན་བདེ་སྤེལ་བའི་སྨོན་ལམ་རྒྱ་ཆེར་བཏབ། དཔལ་ཨྱོན་ཆེན་པོས་རྒྱལ་སྲས་ལྷ་རྗེ་ལ་བཀའ་དུས་ཆོས་ཀྱི་རྒྱ་མཚོའི་དབང་གནང་བའི་ས་སྟེགས་ཀྱི་མདུན་དུ་བསམ་པ་ལྷུན་གྲུབ་མའི་གསོལ་འདེབས་ཤིག་བྱས། ཁྱམས་དེར་ཆོས་སྐྱོང་ཚངས་པ་དཔོན་བློན་སྐུ་ཕེབས་པར་སྙན་དར་ཕུལ་ཞིང་འཕྲིན་ལས་བཅོལ། རྒྱལ་ཁང་དུ་ཕྱིན་ཏེ་དམ་བསྒྲག་པའི་སྒང་ལ་སྣ་མོ་ཤག་གྲུབ་ཆེན་པས་སྐུ་གསོབ་ཀྱི་དབུ་དབྲལ་ནས་སྣུམ་འདྲ་མོ་ཞིག་དོན་བྱུང་ཞེས་མཆོད་དཔོན་པར་ཟེར་ཞིང་ཡར་ཀླུངས་སྟོད་སྨད་དུ་ཆོས་སྐྱོང་རྔུལ་བའི་


GLG005_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་བྱུང་སྐད། ཤེལ་བྲག་ནས་ཀོང་པོ་རྫོགས་ཆེན་པ་བྱོན་པའི་སྟོད་སྨད་བར་གསུམ་གྱི་ལུང་བསྟན་རྣམས་ཞིབ་མོལ་དང་ཁྱབ་འཇུག་ཆེན་པོའི་བླ་རྡོ་ངོ་མཚར་ཅན་དེ་སྟེར་སྦྱིན་མཛད། ཁྲ་འབྲུག་ཏུ་གཙང་དུས་སུ་མཆོད་པའི་རྒྱུན་བཙུགས་པ་བར་སྐབས་སུ་ཆག་སྣང་བ་སྔར་ལས་རྒྱས་པ་ཞིག་འཛུགས་དགོས་ཚུལ་སྡེ་པར་ཞུས་པ་ཕྱག་ཐོག་ཏུ་བཀལ་བའི་ཚོགས་པའི་བཞི་སྡེས་མཆོད་པ་སྣ་ལྔ་ཚར་སུམ་ཅུ་རེ་ཆུ་འབྲུག་ནས་ཚུགས་པ་ཆད་མེད་དུ་ཡོད། ཆོས་རྒྱལ་མེས་དབོན་གྱི་གནས་འདི་རྣམས་བོད་ཁམས་ཀྱི་ཕན་བདེའི་རྩ་ལག་ཏུ་འདུག་ཀྱང་སྤྱི་རྟ་སྒལ་རལ་དུ་སོང་བའི་ཉམས་ཀྱིས་དོ་དམ་བྱེད་པ་དཀོན་ཞིང་གེགས་མང་བར་སྣང་། བཀྲ་ཤིས་ཆོས་སྡེ། རས་ཆུང་ཕུག་པ་སོགས་དགོན་ཡས་མས་རྣམས་ཀྱིས་སོ་སོའི་འབྱོར་པ་དང་བསྟུན་པའི་བདོག་པ་བསྟབས། རི་བོ་ཆོས་གླིང་པར་སོག་ཡུལ་ནས་འགྲུལ་པ་ཞིག་འཁོར་བའི་སྤྱི་ཐེབས་ཀྱི་སྟེང་གི་ར་མ་ལུག་གི་སྒ་དང་གོས་ཡུག་བཅོ་ལྔ་ལྷག་ཙམ་གྱི་སྟེར་ཆ་གཟེངས་བསྟོད། ཡར་ཀླུངས་ཀྱི་དགོན་ཁག་རྣམས་ལ་སེར་སྦྲེང་གི་མང་འགྱེད་རྒྱས་པར་བཏང་། སང་སྔ་པར་བཏེག་ནས་ཚེ་ཆུ་འབུམ་པ་མཇལ། དེར་ལྟས་ལེགས་ཉེས་སྣ་ཚོགས་ཡོང་གི་ཡོད་འདུག་རུང་ཆུ་མངོན་སུམ་དུ་བབས་པའི་རྟེན་འབྲེལ་ལེགས་ཤིང་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་ཀྱང་བཞེས་ནས་དགྱེས་པ་ཆེན་པོ་མཛད། ལམ་དུ་ཤེལ་བྲག་གི་གསང་ཕུག་མཐོང་བར་གསོལ་འདེབས་སྨོན་ལམ་ནན་ཏན་དུ་བྱས། དགོན་ཐང་འབུམ་མོ་ཆེ་མཇལ་ཞིང་སྐོར་བ་ལོ་གྲངས་བསྐོར། ཆོས་སྐྱོང་ཆེན་པོ་ཤིང་བྱ་ཅན་གྱི་བློན་པོ་བཤན་པ་ལག་དམར་ཡང་སྐུ་ཁོག་


GLG005_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཞུགས་པ་དང་བཅས་པའི་སྐྱ་སེར་རྣམས་ཀྱིས་མདུན་བསུས་ཏེ་ཐང་པོ་ཆེར་སླེབས། མཆོད་ཁང་མཇལ་ཞིང་ཕ་མེས་ཀྱི་དགྲ་ལྷ་བཤན་པ་ལག་དམར་སྐུ་ཕེབས་ཞུས་ནས་སྤྱན་གཟིགས་བཟབས་རྒྱས་ཕུལ་ཞིང་དམ་ཚིག་བསྒྲགས་ཏེ་ལུང་བསྟན་ཞུས། ཉེར་དགུ་ལ་རི་བོ་བདེ་ཆེན། སྤྱན་གཡས། དཔལ་རི། བཀྲ་ཤིས་བདེ་ཆེན། ལམ་རིམ་པས་ཐོག་དྲངས་རྫོང་འོག་ཆོས་སྡེ་ཁག་རྣམས་ཀྱིས་སེར་སྦྲེང་སྐྱ་སེར་གྱི་རྟ་བསུ་དང་བཅས་འཕྱོང་རྒྱས་རྩེར་སླེབས། སྡེ་པ་ལུང་པའི་གཟིགས་འཇུག་ལ་ཕོ་བྲང་དང་ཡར་སྟོད་ནས་གླང་ལ་བརྒྱུད་མུན་མཚམས་ལ་ཕེབས། ཟླ་བ་བཅུ་གཅིག་པ་ཚེས་བསྟུན་རི་བོ་བདེ་ཆེན་སྤྱི་སོས་དགོན་པར་ལན་གཉིས་བོས་པའི་གཞིས་ལེན་དང་བྱིངས་ལ་བཅུ་ཕོགས་དོད་ཀྱི་འབྲུ་བརྒྱབ། ཚོགས་པར་དབུ་མའི་ལྟ་ཁྲིད་སོགས་ཀྱི་ཆོས་འབྲེལ་ཁ་ཤས་བྱས། འཕགས་སྡེ་པའི་བླ་མ་བརྒྱུད་པའི་ཐང་ཁའི་དབུ་ཞྭ་རྣམས་བསྒྱུར་ནས་བཀྲམ་འདུག་པས་སྡེ་པ་སྐུ་རབ་པས་ཀྱང་རྒྱལ་བ་ཙོང་ཁ་པའི་བྲིས་སྐུའི་པཎ་ཞྭ་ལ་མཚལ་བྱུགས་པའི་མཆེད་ཟླ་དོན་ལ་ཕན་གནོད་མེད་པའི་ཆོས་ལ་བརྟེན་པའི་སྡིག་པ་གསོག་མཁས་སྙམ་པ་ཤར། བཀྲ་ཤིས་བདེ་ཆེན་པ་རྣམས་ལ་རྫོང་དུ་བླ་མའི་རྣལ་འབྱོར་དང་གཞན་ཡང་སྐྱ་སེར་སོ་སོར་འདོད་ཆོས་བློ་དང་བསྟུན། དཔལ་རི་སྒྲུབ་སྡེ་བས་ཚེས་བཅུའི་འཆམ་བརྒྱབ་ཅིང་བླ་མ་གྲ་བཅས་ལ་ཚེ་བདག་གི་ལས་བྱང་སེ་སྟོན་རིན་རྒྱན་པས་མཛད་པ་ལ་བྱང་པ་རིག་འཛིན་ཆེན་པོས་ཟུར་བརྒྱན་པའི་ལུང་བཀླགས། ཁྲོམ་ལ་ཚེ་དབང་ཞིག་བྱེད་རྩིས་ཡིན་ནའང་རི་བོ་བདེ་ཆེན་གྱི་མཁན་པོ་བློ་བཟང་བསྟན་འཕེལ་གྱིས་མི་འགབ་ཚུལ་ཞུས་པར་བརྟེན་བླ་མའི་རྣལ་འབྱོར་བྱས། སྐྱ་སེར་


GLG005_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཡུལ་ལུགས་དང་བསྟུན་པའི་སྐྱེས་གཟབ་ཅིང་ཕྱར་མ་ཆོས་མཛད་ཀྱིས་གཡུ་མུ་ཏིག་ཁྲོ་ཟངས་སྙིང་ཁམས་བསྐྱེད་དེ་བསྟར། སྤྱན་གཡས་པ་རྣམས་ཀྱིས་ཡོང་དགོས་ཚུལ་ལྟར་དེ་ནས་ཟར་པོའི་ལ་ལ་བྱས་བྱམས་པ་གླིང་བར་ཕྱིན་ལམ་ཅུང་ཟད་འཁྱོག་ཀྱང་ངེད་ཀྱིས་བསམ་ཡས་སུ་འགྲོ་བའི་ས་བཅད་བྱས་རུང་རི་བོ་བདེ་ཆེན་མཁན་པོས་དགུ་འདྲེན་པའི་ཟླ་བར་རྣ་བ་འཐག་ལ་ཤོར་བ་མང་ཞུས་པས་ཐུགས་འགྱུར་བས་སྤྱན་གཡས་སྡེ་དགོན་གྱིས་གཞིས་ལེན་རྫོང་དུ་བཏེག་སྟེ་སྣམ་ཕྲུག་སོགས་དངོས་པོ་རྒྱས་པར་བྱུང་། བསམ་ཡས་མཆིམས་ཕུ་བར་དགོངས་ཕོག་གིས་འཕོ་འགྱུར་ཤར་བར་འདི་ཚོ་སྔར་ཡང་རྙིང་ལུགས་ཡིན་རུང་རིན་སྤུངས་དོན་ཡོད་རྡོ་རྗེས་ཀརྨ་པ་ཆོས་གྲགས་རྒྱ་མཚོར་ཕུལ་ནས་གྲུབ་མཐའ་འགྱུར་དེ་སྐབས་ཀྱང་སྒར་པར་མི་ཤིས་པ་བྱུང་སྐད་དུ་འདུགད་ལམ་རང་ཕྱོགས་པ་ཞིག་བཙུགས་རུང་གནས་སྲུང་དང་རུ་མཐུན་པ་ཨེ་ཡོད་མི་ཤེས་པས་དཔལ་རི་བར་གནང་ན་འགབ་ཚུལ་ཞུས་པ་བཞིན་ལྷ་འདྲེའི་དོགས་གཞི་དང་བཅས་འཕྲལ་དུ་རྩིས་སྤྲོད་མཛད། ཡར་སྟོད་བསམ་སྡེར་ཐོས་བསམ་དར་རྒྱས་གླིང་བཙུགས་པའི་ཐོ་བཙུན་རྣམས་ཀྱིས་རབ་བྱུང་བསྒྲུབས། དེ་ཐོག་ནས་གྲ་ཚང་ལ་ཁ་ཤས་བཅུག་ཅིང་ཡར་འབྲོག་གི་ཐོ་བཙུན་རྣམས་ཀྱང་འབྱོར། ར་བ་སྟོད་པ་ལུགས་ཀྱི་འཆད་ཉན་ཁྱད་ཀྱིས་ལྷོ་བྲག་ནོར་བུ་གླིང་ཟུར་བ་ལྕང་ལོ་ཅན་པ་སློབ་དཔོན་དུ་བསྐོས། རྒྱ་ནག་ཡར་མ་ལྷོགས་པར་བྱེས་པའི་ཉམས་ཀྱིས་གྲ་ཚང་གི་ཞལ་འདོན་རྣམས་ཀྱང་གནད་དུ་འགྲོ་བ་དཀའ་འདུག་པས་དེའི་ཆག་གསོས་ལྟ་བུར་གོང་དཀར་ཐོད་པ་རིར་དགའ་


GLG005_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གསང་སྔགས་གླིང་པ་བཙུགས་པའི་སློབ་དཔོན་དུ་ཆོས་རྗེ་བྲག་སྣ་བ་བསྐོས། རྫོང་སྡོད་གཟེར་ཆེན་ནས་ལ་གཉེར་གདམས་བྱས་པ་བཞིན་སྔགས་ཆས་སྤྱི་རྫས་གྲ་འགྲིག་པ་འདུག་རུང་བླ་མ་དང་རྫོང་དཔོན་རྗེས་སུ་ལུགས་མ་ལེགས་པའི་སྐྱོན་ཅུང་ཟད་བྱུང་བར་གདའ། རས་ཆུང་ཕུག་སྤྲུལ་སྐུ་དང་རིན་པོ་ཆེ་སྨན་ལུང་པས་གཙོས་པའི་རབ་བྱུང་བསྙེན་རྫོགས་ཁ་ཤས་བསྒྲུབས། སྤྲུལ་པའི་སྐུར་མཚན་བློ་བཟང་ཆོས་རྒྱལ་དབང་པོར་གསོལ། ཡས་མས་ཀྱི་སྔགས་པ་རྣམས་ལ་ཨྱཱཻ་རིང་གི་བཟླས་ལུང་དགོས་ཚུལ་བྱུང་བ་དམིགས་སྐོར་རྣམས་ཞིབ་མོར་བྱས་པས་སྡེ་པ་སྨོན་འགྲོ་ནས་ཀྱིས་འབྲོག་པ་དེ་ཚོས་ག་ལ་གོ་གསུང་བར་སྔགས་པ་ཡིན་ཞུས་པར་སྔགས་པ་ཟེར་ཙ་ན་ཤམ་ཐབས་དཀར་པོ་སོགས་ཆས་ཚད་ལྡན་དགོས་པར་དེ་འདྲ་ཡོང་བ་ཞེས་ཁྲེལ་ཁྲེལ་མཛད་པ་རང་བཟོ་རང་གིས་བཤིགས་པས་ཐུགས་མེད། ཚེས་བཅུ་ལ་སྲོང་བཙན་བང་སོར་ཕྱིན་པའི་སྔ་དྲོའི་རིང་ནམ་མཁའ་ལ་སྤྲིན་ཁ་དོག་སྣ་ལྔ་པ་བཀྲ་ཤིས་རྟགས་བརྒྱད་ཀྱི་གཟུགས་བརྙན་རི་མོ་བས་ཐང་ཀར་བྲིས་པ་ལྟ་བུས་ཁྱབ་འདུག་པར་ཀུན་ཡ་མཚན་དུ་བྱེད། མེ་ཏོག་གི་ཆར་ཡང་མཐུན་གྲུབ་ཏུ་བབས། མཆོད་ཁང་མཇལ། སྨན་ལུང་ཤཱཀྱ་གཞོན་ནུའི་ཤངས་མཚལ་གྱི་མགོན་པོ་མ་ནིང་གི་སྐུ་དང་ཕྱིའི་རྟ་མགྲིན་ལ་སྙན་དར་ཕུལ་ཞིག་སྨོན་ལམ་དང་འཕྲིན་ལས་བཅོལ། གྲ་ཚང་དང་ལྷན་ཅིག་པར་ཡན་ལག་བདུན་པ་བསམ་པ་ལྷུན་གྲུབ་མ་བཅས་བྱས་གཉལ་སྡེ་དྲུག་མཁན་པོ་ཁ་རབ་པས་གཙོས་པའི་ཕྱོགས་ཀྱི་བླ་མ་གྲ་རིགས་ཀྱང་མང་ཙམ་འདུས། རཏྣ་གླིང་པའི་གདུང་བརྒྱུད་ཆུ་མིག་དགོན་གསར་པའི་ལག་ནས་མཚོ་རྒྱལ་


GLG005_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐུ་གཏེར་བྱོན་དེའི་བླུ་ཡོན་དུ་ཇ་གོས་དར་འབྲུ་སྤམས་བསྟོད་པ་བྱིན། དྭགས་པོ་གསལ་བ་སྒང་པའི་བླ་མ་ཀརྨ་ཆོས་རྒྱལ་སྡེ་པ་ལྕང་ར་བས་དགེ་རྒན་བྱས་པའི་གཏེར་རྫས་སྤྲོད་རྒྱུ་ཡོད་ཚུལ་ཟེར་བ་ལུང་བསྟན་ཀ་སྟ་བསྒྲིགས་པ་ཞིག་འདུག་པ་ནི་མི་མ་ཡིན་འདྲས་བྱས་པར་སྣང་། སྒྲུབ་སྐོར་དེ་ཚོ་ཡིག་རྙིང་ནས་བསྡུས་པའི་རྫུས་མ་ལས་གཏེར་གསར་ནི་མིན་པར་མངོན། འོན་ཀྱང་ད་ལྟའི་བུ་སྨྱོན་པ་འདིའི་ཚོད་ན་ཡོན་ཏན་དང་ཚུགས་ཁ་ནད་ཁྱག་ཅིག་གདའ། ཉེར་གཅིག་ལ་ཐང་པོ་ཆེར་གུང་གི་དྲོ་བསྟབ་ནས་བཙན་ཐང་གཡུའི་ལྷ་ཁང་དུ་བསྡད་ཅིང་གནས་མཇལ་བྱས། དེར་ཡས་མས་ཀྱི་དགོན་མང་པོའི་གྲ་པའང་འདུས། བྱ་ས་ལྷ་ཁང་དུ་གནས་མཇལ་དང་སྦྲགས་གུང་ཚིགས་ཀྱི་སར་ཞབས་དྲུང་གདུང་བརྒྱུད་ཀྱང་ཕེབས། སྡེ་པ་ཐུགས་ཚ་བ་དང་བཅས་ལུགས་གཉིས་ཀྱི་གནང་སྒོ་ཐུགས་ལྷུས་གང་ཐིངས་དགོས་ཚུལ་གྱི་སྙན་སྒྲོན་མང་དུ་ཞུས་པ་གུར་གྱི་ཕྱི་ནས་ཕྱག་གཡོག་རྣམས་ཀྱིས་ཐོས་པས་བསླབ་སྟོན་དེ་ལས་གནང་རྒྱུ་མེད་ཀྱང་བདེ་ཆེན་ཆོས་འཁོར་བས་ཞུས་ན་མ་གཏོགས་གཞན་གྱི་ཚོ་ཐུགས་ལ་བབ་མི་ཡོང་ལབས་པ་བཙན་ཐང་པ་ཞིག་གིས་ཚོར་བ་གཅིག་ནས་གཉིས་སུ་མཆེད་པའི་འཕྲོས་པ་གྲྭ་བྱམས་པ་གླིང་གི་མཁན་པོ་མཁས་བཙུན་རིན་ཆེན་ལས་ཐོས་པས་ལྕགས་དང་རྫའི་དཔེ་ལྟར་བག་ཡོད་བསྟེན་དགོས་པའི་བརྡར་གོ །གཙང་ཆུང་གླིང་ཁར་བྱིང་བསམ་གཏན་རྩེ་པ་རྣམས་ཀྱང་སེར་སྦྲེང་དུ་འབྱོར། སྟག་ལུང་ཞབས་དྲུང་ངག་གི་དབང་ཕྱུག་ཁམས་ནས་ཕེབས་པ་དང་མཇལ། སྔར་གྱི་ན་བཟའ་ངུར་སྨྲིག་གི་རྒྱལ་མཚན་དོར་རྩག་པའི་སྟེང་དུ་


GLG005_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུ་པ་བཞེས་ཏེ་སྟག་ལུང་བཙུན་པོས་འཛིན་པའི་རྣམ་ཐར་ལ་སེར་ཅུང་ཟད་བྱུང་བར་མཆིས། མཆོད་ཡོན་རྣམས་ཆུ་ལྷོ་ཁ་ཕྱོགས་ལ་ཕེབས། བདག་གིས་འབྲས་པ་གྲུ་བརྒྱུད་བསམ་ཡས་སུ་བཏེག་བྲག་སྣ་ཆོས་རྗེ་གོང་དཀར་དུ་གྲ་ཚང་གི་འགོ་སྡུད་ལ་ཤར་མར་འབྱོན་རྩིས་ཡིན་ཀྱང་རྒྱལ་རྩེར་གྲོང་སྨད་ཀྱི་ནང་སོ་ཚེ་དཔལ་ཟས་ངན་གྱིས་གློ་བུར་དུ་འདས་པའི་དགེ་སྒྲུབ་ཀྱི་རོགས་རམ་ལ་ཁོར་ཙམ་གཏོང་དགོས་ཚུལ་ཇའི་སང་སྡེ་པའི་འདོད་པ་བཞིན་གྲུ་ཁ་ནས་རྫོང་བདའ་བྱས། གློ་མདར་གྲ་ཚང་གིས་གུང་གི་དྲོ་བསྟབས་གཞས་ཤོན་བྲོ་པ་སོགས་རྩེད་སྣ་མཐའ་ཀླས་པ་དང་བཅས་ས་སྐྱོང་མཚོ་སྐྱེས་རྡོ་རྗེ་དཔོན་གཡོག་གིས་མདུན་བསུས་ཏེ་བསམ་ཡས་ཕོ་བྲང་འོག་ཏུ་འབྱོར། སང་ཉིན་སྤྱན་གཟིགས་མཆོད་པའི་བྱེ་བྲག་རྒྱས་པ་བསྟར་ནས་དབུ་རྩེ་རིགས་གསུམ། མཁན་པོ་རིན་པོ་ཆེའི་དབུ་ཐོད། གཡུའི་ཐུབ་པས་མཚོན་པའི་ནང་རྟེན་རྣམས་མཇལ་ཞིང་ཡན་ལག་བདུན་པ་དང་སྨོན་ལམ་རྒྱས་པར་བྱས། བསྟན་སྲུང་གནོད་སྦྱིན་ཆེན་པོ་སྐུ་ཁོག་ཏུ་ཞུགས་པའི་ཡོང་དགོས་གསུང་བ་ལྟར་ཕྱིན། ཞབས་དྲུང་ཐའི་ཇིས་གདན་ཅི་འདྲ་དགོས་གསུང་བར་ཆོས་སྐྱོང་རང་གིས་གང་མཛད་ཀྱིས་འཐུས་ཚུལ་མོལ། དེའི་རྒྱུ་མཚན་ཡང་ཀརྨ་པ་མི་བསྐྱོད་རྡོ་རྗེ་ཁྱེད་ཀྱིས་ས་སྐྱ་བདག་ཆེན་ལ་ཕྱག་འཐེན་བྱེད་ཀྱིན་ཡོང་འདུག་པ་ད་ལམ་ཡང་དགོས་གསུངས་པར་ཆོས་སྐྱོང་གིས་སྡུག་འདྲེས་ཕྱག་འཐེན་བྱས་པ་དགའ་ན་བྱས་ཆོག་ཅེས་ཁ་བཏགས་ཁྲག་གིས་སྦགས་པ་བསྣམས་ཏེ་ཕྱག་ལ་འཇུས་པས་ཐུགས་རྟོག་ཟོས། སྟན་ལ་བཞུགས་ནས་ངས་ཁྱོད་ལ་དགེ་བསྙེན་གྱི་སྡོམ་པ་འབོགས་གསུངས་པར། ང་སློབ་དཔོན་པདྨའི་དགེ་བསྙེན་ཡིན་ཞེས་མ་དགྱེས་


GLG005_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་འགྱུར་ཆེར་བསྟན་པའི་འཚུབ་ཀྱིས་ཀརྨ་རིང་པོར་མ་ལོན་པར་ཞིང་བརྗེས། རྙིང་མའི་སྔགས་རྒན་རྣམས་ནི་ཕག་ཀོགས་ཀྱི་སྡེར་ལྷག་ཏུ་འདུག །གཞན་རྗེ་བཙུན་གོང་མའི་གསང་ཁྲིད་ཀྱི་ཟབ་བཞེས་དང་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་དམ་ལ་བཏགས་པར་བརྟེན་ས་སྐྱའི་གདུང་བརྒྱུད་རྣམས་དང་རྗེ་རིན་ཆེན་ཕུན་ཚོགས་མན་གྱི་འབྲི་གུང་པའི་ཞལ་ངོ་གཉིས་གསུམ་ཙམ་མ་གཏོགས་བླ་ཆེན་ཕལ་ཆེར་ལ་དངོས་སུ་སྨ་དབབ་པ་དང་བརྒྱུད་ནས་བར་ཆད་བཏང་བ་མང་། བསུ་བ་ལ་རྡོ་སྐྱགས་འགོ་ལས་བྱོན་མི་ཡོང་བསམ་པའི་མུས་ལ་མཐིལ་གྱི་རྡོ་གཅལ་དུ་ཕེབས་པའི་དགུ་སྐོར་མཛད་པས་ཟླ་བོ་ཕལ་ཆེར་གཡས་བྲོས་གཡོན་བྲོས་ཀྱི་འུར་ཞོགས་ཤིན་ཏུ་ཆེ། ཆོས་སྐྱོང་ཁྲིའུ་ཤིང་གི་ཁར་བཞུགས་པའི་གདོང་ཐད་དུ་སྒམ་ལ་སྟག་གདན་གཏིངས་འདུག་པར་ཧོར་སྟེགས་ཀྱི་བསྡད། ཆོས་དབང་རིན་པོ་ཆེའི་གཏེར་ཁ་བཅོ་ལྔ་པ་མོན་བུམ་ཐང་ལྷ་ཁང་ནས་གདན་དྲངས་པའི་ལོག་འདྲེན་གདོན་བགེགས་འབྱུང་པོ་ཐམས་ཅད་ཟིལ་གྱིས་གནོན་པའི་རྡོ་རྗེ་རྩེ་ལྔ་པ་དེ་དབུ་ཐོག་ཏུ་བཞག་སྟེ་རིགས་འཛིན་བརྒྱུད་པའི་བཀའ་བསྒོ་དམ་བསྒྲགས་སྨན་མཆོག་བདུད་རྩི་ཞལ་དུ་ཕུལ་བས་དང་དུ་བླངས་སོང་། གསེར་སྐྱེམས་སྤྱན་གཟིགས་ཀྱང་རྒྱས་པ་བསྟར། གསོལ་མཆོད་ཅིག་དགོས་ཕེབས་པའང་འགྱངས་མེད་དུ་བརྩམས། སྡེ་པས་ཚུར་གསུངས་ན་མ་གཏོགས་ཕར་བཀའ་གྲོས་དང་དྲི་བའི་རིགས་མི་འགབ་ཚུལ་ལ་བརྟེན་ལུང་བསྟན་མ་ཞུས་པས་སྡུག་འདྲེ་ལ་འདས་མ་འོངས་འཆད་རྒྱུ་ལོས་ཡོད་ཀྱང་དགེ་བཤེས་ལ་གཞན་གྱིས་ཁ་བསྒྱུར་ནས་དྲིས་མ་བྱུང་


GLG005_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སྐད། ཕྱི་དྲོ་དང་སང་གི་རིང་གླིང་བཞི་གླིང་ཕྲན་ཇོ་མོ་གླིང་སོགས་གནས་ཐམས་ཅད་ཞིབ་པར་མཇལ། ལྷ་ཁང་ཚོར་རྙེད་བཀུར་དང་ཞིག་གསོས་ཤིན་ཏུ་བཟང་བས་སྔ་དུས་མཇལ་བ་དང་ཡེ་མི་འདྲ་བའི་མཇལ་ཉམས་སྤྲོ་བ་ཞིག་འདུག །སྣ་མོ་ཤག་གྲུབ་ཆེན་པས་སྐྱེས་བུ་ཡེ་ཤེས་རྡོ་རྗེའི་དབུ་ཐོད་བྱིན། སློབ་དཔོན་ཆེན་པོས་གུང་ཐང་ལ་ཐོག་ཏུ་བཞག་པའི་ཞབས་རྗེས་ཁྱད་འཕགས། རྟ་མགྲིན་གྱི་སྐུ། དཀར་པོ་བའི་གུ་རུ་མཚོ་སྐྱེས་རྡོ་རྗེ་ཁྱད་མཚར་རྣམས་ལ་བྱིན་རླབས་ཞུས། དབུས་རི་ནག་པོར་སྡེ་བརྒྱད་དམ་བརྡར་བྱེད། ཅེས་པའི་ལུང་བསྟན་ལྟར་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ཡབ་སྲས་གཉིས་ཀྱིས་ཧས་པོ་རི་དང་ཀོང་པོ་ཚོར་བྱང་ཆུབ་གླིང་པའི་གཏེར་བྱོན་གྱི་བཀའ་ནན་རབ་བརྗིད་ཀྱི་སྒོ་ནས་ལྷ་འདྲེ་དམ་ལ་འདོགས་པ་གནང་ཡང་ཕྱི་སྐོར་རྙིང་མ་བ་རྣམས་སྐུ་བཙུན་ཞིང་ཐུགས་རྒྱུད་དུལ་དུ་སོང་བས་དེ་འདྲའི་རིགས་ཀྱིས་འབུག་འབུག་མི་གདའ་བས་བོད་འབངས་བདེ་ཐབས་ལ་དམིགས་ཉེར་དྲུག་གི་ཞོགས་ཧས་པོ་རིའི་རྩེར་བཀའ་ནན་རབ་བརྗིད་རྒྱས་པར་བྱས། ཐོག་མར་ལྷ་འདྲེའི་ལྷོངས་ཀྱི་རྣམ་པའི་གྲང་ངད་དང་ཁ་ཐུལ་རླུང་འཚུབ་ཆེ་བ་བྱུང་ཡང་སྐྱེད་པ་ཙམ་ནས་འཇམ་དུ་སོང་ཞིང་ནག་པོའི་རིགས་ལ་གདབ་ལས་བྱས་མཚམས་སུ་ནམ་མཁའ་གཡའ་དག་ཅིང་ཉི་མ་དྲོ་བས་མཚོན་པའི་ལྟས་ལེགས་པ་བྱུང་། གུང་ཚིག་གྲོལ་ནས་རྐ་ཆུའི་ལྷ་ཁང་མཇལ་ཏེ་བསམ་ཡས་མཆིམས་ཕུར་ཕྱིན། གསང་ཕུག་གི་ཁྱམས་དེར་གྲ་ཚང་དང་ལྷན་དུ་གསོལ་འདེབས་ལེའུ་བདུན་པ་བསམ་པ་ལྷུན་གྲུབ་མ་དང་བཅས་པ། རྗེ་འབངས་ཉེར་ལྔའི་བསྟོད་པ་སྨོན་ལམ་གྱི་རིགས་རྒྱས་པར་བཏབ། ཞག་གཉིས་


GLG005_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རིང་གསང་ཕུག་ཏུ་མཚམས་བསྡམས་པའི་དགེ་སྦྱོར་ལ་ནན་ཏན་བསྐྱེད། སློབ་དཔོན་བཻ་རོའི་ཕྱག་བཟོའི་ཨྱོན་ཆེན་པོའི་སྐུ་བརྙན་ལ་སྨོན་ལམ་བྲིས་པའི་སྙན་ཤལ་ཕུལ་ཞིང་། གྲོང་སྨད་ནས་ཀྱིས་ཚེ་དཔལ་བའི་དོན་དུ་ཕུལ་བར་ཡང་ཁ་བྱང་བཀོད། མཆོད་དཔོན་དབུ་མཛད་གཉིས་ཀྱིས་བསྐུལ་བའི་འདོད་མོས་ཀྱི་བླ་མའི་གསོལ་འདེབས་དང་དམག་ཟོར་མའི་གཏོར་བསྔོ་བྲིས། ཕྱིའི་གནས་རགས་རིམ་དང་ནང་རྟེན་རྣམས་མཇལ། ཕྱིར་ལམ་དུར་ཁྲོད་དང་མཆིམས་ཕུ་རྣ་རལ་གྱི་ལྷ་ཁང་ཚོར་ཕྱིན། དེར་རྟ་ར་ཀླུ་གོང་ཁོག་ཏུ་ཞུགས་འདུག་པར་སྙན་ཤལ་བཏགས་ཤིང་སྤྱན་གཟིགས་བསྟར། དབུ་རྒྱན་རིན་པོ་ཆེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཞིག་དགོས་ཟེར་བ་ལྟར་བྱས། དེ་ནུབ་བསམ་ཡས་མཐིལ་དུ་བསྡད། ཞབས་དྲུང་དཔོན་གཡོག་ལ་ཚེ་དབང་ཕུལ། དཔལ་རི་གྲ་ཚང་དང་རབ་བྱུང་བ་གཉིས་ལ་མང་འགྱེད་རྒྱས་པ་བཏང་། མཐོང་ཁ་རུ་བས་ཟུང་མཁར་དུ་གུང་གི་དྲོ་བཏེག །རྒྱལ་གླིང་ཚོགས་པ། བྱེ་རྫིང་ཚོགས་པ།བྱམས་པ་གླིང་། གྲ་ཐང་། ལྕོག་གྲ་སོགས་གྲ་ཕྱི་ནང་གི་ཆོས་སྡེ་རྣམས་ཀྱིས་སེར་སྦྲེང་དང་བཅས་སྒྲགས་མདར་སླེབས། མཁན་སློབ་གྲ་རིགས་རྣམས་ཀྱིས་སྟེར་ཆ་རྒྱས་པ་བསྟར་ཞིང་ཆོས་འབྲེལ་ཤངས་ལེན་གྱིས་སོ་སོའི་རེ་བ་བཀང་། རིགས་འཛིན་སྤྲུལ་པའི་སྐུ་དཔོན་སློབ་ཀྱིས་མདུན་བསུས་ཏེ་རྡོ་རྗེ་བྲག་ཏུ་ཕྱིན་གུང་གི་བསྙེན་བཀུར་ཞིང་གཏེར་རྫས་རྣམས་མཇལ་ལན་ཀྱང་རྒྱས་པར་བསྟར། འཕྲང་འགོ་གཞིས་ཀར་སླེབས་ཚེ་མཆོད་ཡོན་རྣམས་ཀྱང་བྱོན་གྲུབ་འདུག་ཕན་བདེ་ལེགས་བཤད་གླིང་དུ་འཇུག་རྒྱུའི་གོང་དཀར་ཁུལ་གྱི་ཐོ་བཙུན་རྣམས་ཀྱིས་སྐྲ་ཕུད་


GLG005_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བླངས། སྤྲུལ་པའི་སྐུ་སྐུ་ན་ཕྲ་མོ་དེས་ཐུགས་གདུངས་ཤུགས་དྲག་པོས་དམོད་བོར་བའི་བྱང་ཆུབ་གླིང་པའི་ཤོག་སེར་ཁྲོད་ནས་གཅིག་འཐེན་པ་ཚེ་དཔག་མེད་ཀྱི་སྐོར་བྱུང་བ་སྔགས་འཆང་ངག་དབང་ཕུན་ཚོགས་སྐྱེལ་བར་གཏོང་བ་མཛད་པའི་རྒྱ་ནག་ཕྱོགས་སུ་བར་ཆད་མི་བྱུང་བའི་སྐུ་ཚེའི་རྟེན་འབྲེལ་འགྲིགས་གསུང་བ་ལུང་བསྟན་དུ་འདུག །ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་བྲག་དམར་ལ་བརྒྱབ་གསང་ནེའུ་ཐོག་ཏུ་འབྱོར། རྟེན་རྣམས་མཇལ་ཞིང་གཉུགས་མར་གནས་པ་རྣམས་ལོངས་སྤྱོད་ཀྱིས་ཚིམ་པར་བྱས། སང་འབྲུག་པ་སྤྲུལ་པའི་སྐུ་དང་ལྷ་རྩེ་སྐུ་སྐྱེ་དཔོན་སློབ་རྣམས་རྟ་བསུ་ལ་ཕེབས། སྣེའུ་ལྕང་གསེབ་ཏུ་སྒར་བྱས་ཞག་གཉིས་བསྡད། འབྲུག་པ་སྤྲུལ་པའི་སྐུས་རབ་བྱུང་སྒྲུབ་དགོས་ཚུལ་བྱུང་བ་མཁན་སློབ་སྒྲགས་རྒྱུའི་རྩིས་འདྲ་ཞིག་འདུག་རུང་སློབ་དཔོན་ལྷ་རྩེ་སྤྲུལ་སྐུ་རང་གིས་མཛད་པ་འགབ་ཅེས་མོལ། སློབ་དཔོན་མཛད་སྐབས་མཆིལ་ལྷམ་འབུལ་རྩིས་མི་འདུག་པ་འབུད་དགོས་ཞེས་བསྐུལ་བ་རྩོད་པ་བཏང་བ་འདྲ་ཞིག་ལ་སོང་བས་རྗེས་སུ་བདེ་ཆེན་ཆོས་འཁོར་བ་དང་ལྕོག་གྲ་བ་སོགས་བྱ་གྲལ་ལའང་ཆབ་ལེན་ལྷམ་འབུད་དགེ་ལུགས་པའི་ལད་མོ་གཤོད་པར་སྣང་། ཆོས་སྡེ་ཆེན་པོའི་བསུ་བ་སེར་སྦྲེང་དང་བཅས་ཚེས་བཞི་ལ་དཔལ་ལྡན་འབྲས་སྤུངས་སུ་སླེབས། བདུན་ཕྱེད་གཉིས་ཀྱི་བར་དགེ་སྦྱོར་གྱི་བཅད་རྒྱ་ཤིན་ཏུ་དམ་པས་མཚམས་བཅད། འདི་ལོ་གཡེང་བས་སྒྲུབ་ཁག་རྣམས་འཛུགས་མ་ཐུབ་ཀྱང་དུས་རིམ་གྱིས་རྡོ་རྗེ་སློབ་དཔོན་ལ་སྔར་རྒྱུན་ལྟར་ཕྱིན་པ་ཟོར་བཀྲ་ལེགས། སྔར་བྲག་སྣ་ཆོས་རྗེ་གོང་ར་ལོ་ཙཱ་བར་ཆོས་ཞུར་འདེངས་སོང་སྐབས་ཁ་དལ་དུ་སྣང་རྩེ་ནས་
དམག་བཟློག་ཉེར་ལྔ་དེ་ཞུས་ན་ཡོང་གླེངས་པ་བདག་ལ་དགོས་རྒྱུར་གོ་བས་དཔེ་ཆ་དང་བཅས་དོ་གལ་ཆེན་པོ་དང་ལོ་ཙཱ་བ་ལ་མཇལ་ན་བདག་རྐྱེན་ཡོང་སོགས་འཆར་ཀྱང་བསྟན་ཚོད་དུ་གདའ། ཟུར་འཇམ་དབྱངས་བླ་མ་དེ་ཕྱོགས་ལའང་དག་སྣང་མཛད་གཤིས་དཔེ་དེ་གུང་ཐང་དུ་ཕུལ་བ་དར་སྡིངས་རིག་འཛིན་བྱོན་པ་དང་འགྲིག་གསན་པས་ངེད་ཀྱིས་དེ་ཕྱོགས་བརྒྱུད་ཞུས་པར་གོ་བའི་ཞལ་སྔ་ནས་དར་རྒྱས་ཆོས་སྡིངས་པར་ཤིན་ཏུ་གནག་པ་ཞིག་བྱུང་སོང་། སླར་མོལ་མཆིས་ཀྱི་སྐབས་སྣང་རྩེ་བའི་གཏེར་ཆོས་མི་དགོས་དེ་ནས་བརྒྱུད་པའང་ཞུ་ཡིན་མེད་པའི་གནས་ཚུལ་ལ་བརྟེན་སྡང་སེམས་ཀྱི་ཚ་ངད་དེ་ཞི་བར་སྣང་། གོང་ར་ལོ་ཙཱ་བ་སྣང་རྩེ་སྡེ་པའི་རྒྱུན་གྱི་དགེ་ལུགས་འདི་བདུད་ལྟ་བུར་མངོན་པ་ཞིག་ཡོད་ཚོད་ནས་འདི་ཕྱོགས་སུ་ཡོང་བར་སྤྲོ་བ་མེད་འདྲ་རུང་མཛེས་ལམ་གྱི་མཇལ་འདོད་ཡོད་ཚུལ་བརྗོད་པ་ཆོས་རྗེ་བྲག་སྣ་བས་བདེན་པར་བཟུང་སྟེ་ཡང་ཡང་བསྐུལ་བའི་དབང་གིས་གནམ་གང་གི་དགོང་ཇའི་ལོ་གསར་གྱི་གཏོར་མ་བྱིན་རླབས་བྱེད་ཁར་སླེབས་བྱུང་ཇ་སྦྱོར་སྦྲེལ་གྱི་རིང་གླེང་མོ་འོས་འཚམ་བྱས་པས་ཁེངས་པ་ཆེ་མདོག་ཁ་པོ་ཞིག་གདའ། བྲེལ་བ་ཆེ་སྐབས་ཡོད་པ་བརླིང་ཆ་བྱེད་མ་འདོད་པའི་སྲིན་ཡུལ་དུ་ཚེས་བཅོ་ལྔ་ལ་བསྟད་དེ་ཕྱིན་ན་སྲིན་པོ་རྣམས་བསྙེན་གནས་དང་འདོམས་ནས་ངན་མི་བྱེད་ཟེར་བའི་ལོ་རྒྱུས་བཀའ་གདམས་གླེགས་བམ་ན་འདུག་པའི་ཟླ་བོར་མཆིས།

དགུང་ལོ་སོ་དྲུག་པར་རྒྱ་ནག་ཏུ་ཕེབས་ལམ་བོད་སོག་གི་གདུལ་བྱར་ཟབ་ཆོས་དང་། རབ་བྱུང་བསྙེན་རྫོགས་མང་དུ་གནང་ཞིང་གོང་མ་དང་མཇལ་འཛོམས་སོགས་ཀྱི་སྐོར།


GLG005_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་འབྲུག་གནམ་ལོ་ཚེས་པའི་ཆོས་སྐྱོང་མཆོད་པ་དང་ལོ་གསར་གྱི་དགའ་སྟོན་དཀྱུས་ལྟར་བཏང་། འདི་ལོ་ནས་བཟུང་ལོ་དྲུག་གི་ལི་ཐོ་ནང་


GLG005_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཆོས་མཛད་ཀྱིས་བཟོས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ལ་གུང་རུ་ཆོས་འབྱུང་སོགས་མི་གུས་པའི་ཐུགས་ཞེ་གསོག་མཁན་མང་བར་བརྟེན་དབུས་སུ་ལོག་ཕེབས་འདོད་མེད་འདུག་པས་གླང་ལོ་ཟླ་བ་དྲུག་པའི་ནང་དུ་སྟག་ལོའི་དུས་ཀྱི་སྨོན་ལམ་འཕར་མ་འཛུགས་པ་གནང་བ་ཡར་ཕེབས་རྒྱུ་མི་ཡོང་བའི་རྟེན་འབྲེལ་སློག་པ་ལྟ་བུར་གོ་བའི་ངེད་ཀྱིས་ཞག་བརྒྱད་ཙམ་གྱི་རིང་སྨོན་ལམ་གྱི་ཚོགས་དབུ་བྱས། འདི་ལོ་འགྲུལ་པ་གཏོས་ཆེ་བ་འབྱོར་བས་ཁལ་ཁ་ནོ་མོན་ཨེ་ཇེན་སྐྱིད་ཤོད་ཀྱིས་སྡེ་པ་ཆོས་རྗེའི་སྐུ་སྐྱེས་ཐོག་དྲངས་ཆོ་ཁུར་ཨོ་པ་ཤི་འཁོར་བཅས་སོགས་མང་དག་གིས་སྟོང་འབུལ་བརྒྱ་འབུལ་སྔགས་པ་སེ་ཆེན་ཆོས་རྗེ་ནོ་མོན་ཁན་གྱིས་དངུལ་སྲང་ཁྲི་ཙམ། གོས་དར་སྟོང་ཕྲག་ལྷག་བཅས། འཕྱོང་རྒྱས་པཎྜི་ཏས་གསེར་ཞོ་ཁྲིར་ཉེ་བས་གཙོས་རྒྱ་སོག་གི་དངོས་པོ་དངོམ་ཆེ་བ་བསྟར་ཞིང་དགེ་བ་རྣམས་རྫོགས་བྱང་དུ་བསྔོས། མཆོད་མཇལ་སྐབས་སྨོན་ལམ་ནན་ཏན་བཏབ་ཅིང་དུང་སྐྱོང་དབང་མོར་གསོལ་མཆོད་སྤྱན་གཟིགས་ཕུལ་བས་འཕྲིན་ལས་རྒྱས་པར་བཅོལ། སྨོན་ལམ་འཕྲོ་ཆེན་དུ་བཞག་སྟེ་མཇུག་སྐྱོང་དགའ་ལྡན་ཁྲི་རིན་པོ་ཆེ་ཆུ་བཟང་པས་གནང་། བདག་གིས་པོ་ཏ་ལར་གུང་ཚིགས་བྱས་ནས་འབྲས་སྤུངས་སུ་ལོག །ས་རྟའི་བདེ་གཟར་སྐབས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་དངུལ་གདུང་གི་སྒོ་རྒྱན་ཐོན་པའི་གྲ་ལྔ་ཅན་གྱིས་ཁྱེར་བའི་ཞིག་གསོས་ལ་འཕྱོང་རྒྱས་པཎྜི་ཏས་གསེར་གཡུ་ལས་གྲུབ་པའི་གསེར་ག་ཕྲ་མངས་བཀོངས་ནས་ཕུལ། སྔགས་པ་ནོ་མོན་ཁན་གྱིས་འབྲས་སྤུངས་སྤྱི་སྒེར་ཚང་མར་མཐུན་རྐྱེན་གྱི་དངུལ་བཞག


GLG005_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་དཀོར་ལན་མཇལ་ཐུབ་པའི་ངོ་ཚ་བག་ཡོད་དང་ལྡན་པ་བྱས་སོང་། འདོད་ཁམས་དབང་མོའི་དུས་ཀྱི་མདོས་མཆོད་དང་བརྒྱད་གཏོར་སྔ་བསྣུར་དུ་བཏང་། འདི་ནས་ད་ལྟའི་བར་ཨེ་པ་དཔོན་ཡིག་ངག་དབང་ཚེ་རིང་གིས་ཡི་གེ་འདྲི་བར་རྐང་ཚུགས་སུ་བསྡད། ཟླ་བ་གཉིས་པ་ནས་བཟུང་མ་ཐོན་བར་ལ་རྫོང་བ་དང་ཕྲད་པར་དབུས་གཙང་སྟོད་སྨད་ཀྱི་དྲག་ཞན་འབྲིང་གསུམ་ཤིན་ཏུ་མང་བ་ཆད་མེད་ལྟ་བུ་བྱུང་། འབྲུག་པ་སྤྲུལ་སྐུ་བདེ་ཆེན་ཆོས་འཁོར་བ་དང་བཅས་པ་བྱོན། བདེ་ཆེན་ཆོས་འཁོར་བས་སྤྲུལ་པའི་སྐུ་མདོ་ཕྱོགས་ཀྱི་གསན་སྦྱོང་གནང་དགོས་འདུག་པར་སྔར་ཡང་སློབ་དཔོན་ས་ལུགས་པ་བོས་པ་ལས་འབྲུག་ནང་གི་དགེ་བཤེས་ཀྱིས་རང་རྐྱ་ཕེར་བ་ཞིག་མ་བྱུང་། ད་ལམ་དགེ་ལུགས་ཕྱོགས་ནས་ཞུ་དགོས་འདུག་ཚུལ་བྱུང་བ་ལྟར་ཆོས་འཁོར་གླིང་པའི་གྲ་རིགས་གཉལ་པ་རབ་འབྱམས་པ་སྐུ་ཡོན་འབུལ་བར་བརྫངས། རྩེ་གདོང་ཞབས་དྲུང་རིན་པོ་ཆེ་ཁྲི་ཐོག་པ་ཕེབས་པར་ལྡང་བསུ་མཇལ་དར་སོགས་བཀུར་གཟོས་གང་ཆེ་ཕུལ། ལུགས་གཉིས་ཀའི་གསུང་འཕྲོས་ཧ་ཅང་མི་སྨར་བའི་སྤམ་མེ་བ་ཞིག་སྣང་། དངོས་པོ་ཚུར་ལེན་དང་ཕར་འབུལ་གང་ལེགས་བྱས། ཕ་བོང་ཁའི་བླ་མ་དཀའ་བཅུ་འཕྲིན་ལས་ཕུན་ཚོགས་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་གདན་སར་མྱུར་མཛད་ཡེ་ཤེས་མགོན་པོ་ལ་མཁས་ཤིང་གྲུབ་པ་བརྙེས་པའི་དྲུང་རམས་པ་དཔལ་འབྱོར་དར་རྒྱས་བསྐོས། གནས་དེར་རིགས་གསུམ་མགོན་པོའི་སྒྲུབ་པ་ཚུགས་ན་བོད་ཁམས་ཀྱི་བདེ་སྐྱིད་ལ་ཕན་པ་འདུག་པས་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་འཛུགས་རྩིས་ལ་ལས་བྱང་


GLG005_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གཞུང་དེ་འདོན་མི་བདེ་ཞིང་མངའ་རིས་པཎ་ཆེན་དང་གངས་རི་བ་ཕྱོགས་ཀྱི་ཡིག་ཆ་བྱུང་ན་དེ་གས་འཐུས་རྒྱུར་སྣང་ཡང་མ་རྙེད། སྡེ་པ་སྣང་རྩེ་བའི་དེ་ཁུངས་བཙུན་རྒྱུ་མི་འདུག་པས་གཏེར་གཞུང་གི་དགོངས་དོན་བཞིན་ཆོག་བསྒྲིགས་ཉུང་ངུ་ཞིག་བརྩམས་ནས་ལུང་དང་བཅས་ཏེ་ཚོགས་ལ་བཙུགས། དབང་བྲེལ་བས་བསྐུར་མ་ཐུབ་པས་གུང་ཐང་དུ་ཟུར་ཀུན་མཁྱེན་ཆེན་པོར་ཞུ་བའི་ས་བཅད་བྱས། སྣ་དཀར་རྩེ་པ་སྐུ་མཆེད་ལྷ་བྱ་སོགས་སྡེ་དཔོན་དང་ངམ་རིང་མཁན་པོ་སྤོས་ཁང་མཁན་པོས་མཚོན་པའི་བླ་མ་གྲ་རིགས་སྐྱ་སེར་མང་པོར་ཐུགས་དང་བསྟུན་པའི་ཆོས་འབྲེལ་བྱས། ལྕགས་ཟམ་སྤྲུལ་སྐུས་རིག་འཛིན་ཆེན་པོའི་ཕྱག་བྲིས་མའི་ཚེ་སྒྲུབ་བདུད་རྩི་འཁྱིལ་པའི་གླེགས་བམ་སྟེར་སྦྱིན་མཛད་པ་ཆོས་སྒོ་སྐྱེལ་ལྟ་བུའི་རྟེན་འབྲེལ་འགྲིག་པས་ཟུར་རྩ་བའི་བླ་མ་བརྒྱུད་དེ་ལྗགས་ལུང་རྫོགས་པར་ཞུས། ཁྱབ་བདག་བཀའ་འགྱུར་བ་ཆེན་པོས་རིང་འཚོའི་རྟེན་འབྱུང་བསྒྲིག་པ་གནང་ཞིང་ཚེ་དབང་ཁ་ཤས་དང་ཟུར་འཇམ་དབྱངས་བླ་མར་རྐྱེན་སེལ་གྱི་རྗེས་གནང་འགའ་ཞིག་ཞུས། རྗེ་བླ་མ་གཉིས་ལ་བརྟན་བཞུགས་ཀྱི་ཚིགས་བཅད་རེ་བརྩམས་ནས་རྣམ་དག་སྨོན་ལམ་དང་བཅས་ཕུལ། དཔོན་སློབ་གཉིས་དང་འཕྲལ་ཡུན་གྱི་གསུང་གླེང་ཞིབ་ཏུ་མོལ། ལྕགས་ཟམ་སྤྲུལ་སྐུ། རྡོ་རྗེ་བྲག་སྤྲུལ་སྐུ་སོགས་ཕྱོགས་འདུས་ཀྱི་སྐྱ་སེར་ཕལ་ཆེར་རིམ་གྱིས་རྫོང་བ་དང་བཅས་ཐོན། དེ་མོ་སྤྲུལ་སྐུ་ད་ལམ་འབྱོན་དགོས་པའི་ལོ་མ་གསར་གོང་དུ་བང་ཆེན་སོང་བ་བཞིན་ཉུང་བསྡུས་བྱེད་ལུགས་ཀྱི་དྲི་བ་མཛད་པར་བྱོན། ཁོང་དཔོན་སློབ་ལྡན་ཆོས་འཁོར་གླིང་བརྒྱུད་སྒར་ཟླ་དྲིལ་ཆོག་པའི་ཐུགས་གྲབས་ལ་འཕྲལ་དུ་འབྱོན་


GLG005_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག །འབྲས་སྤུངས་སྤྱི་སོས་དཀར་ཕིབས་སྟེང་དུ་རྫོང་བའི་གཞིས་ལེན་བཟབས། སྲད་རིན་ཆེན་རྩེ་བས་གསོལ་འདེབས་སྨོན་ལམ་རྒྱ་ཆེ་བ་ཡོད་པ་ཞིག་དགོས་ཚུལ་བྱུང་བ་ལྟར་དེ་འཕྲལ་དུ་བརྩམས། དགའ་ལྡན་ཁྲི་རིན་པོ་ཆེ། རྩེ་ཤར་རྣམས་སྟོད་ལུང་ནང་དུ་སྐྱེལ་བར་ཕེབས་པའི་གསུང་འཕྲོས་མཛད་ཀྱང་བླ་མ་རྣམས་སྐུ་ན་དང་བཅས་འབྲས་སྤུངས་ནས་གདན་སར་ཕེབས་རྫོངས་ཞུས། ཕུར་པའི་འཆམ་ཡིག་ལུས་འགྱུར་སྣང་བ་ཁ་དམ་པས་དེ་ལས་གསལ་བ་ཞིག་འདྲི་བའི་འགོ་མེ་ཕག་ནས་བཙུགས་པའི་མཇུག་ཅུང་ཟད་ལུས་པ་འདི་སྐབས་ཆོས་རྗེ་དཀོན་གཉེར་དཔོན་པས་འདྲི་རོགས་བྱས་ངོས་མཇུག་བསྡོམས་དང་བཅས་ཚང་བར་བཀོད། སྤེལ་དམར་བ་དང་གཞན་ཡང་མཚུར་ཕུ་ཕྱོགས་ཀྱི་རྒྱུ་མཚན་འབུལ་མཁན་བྱུང་བ་ལྟར། འཕགས་པ་རིན་པོ་ཆེའི་དབུ་ཐོད་ཀྱིས་གཙོས་པའི་ནང་རྟེན་རགས་རིམ་མཆོད་ཡོན་གཉིས་ནས་འདྲེན་པ་གནང་འདུག་པ། རྒྱ་ནག་ཏུ་ཁྱེར་འོས་པ་རྣམས་དབྱེ་འབྱེད་བྱས། བྱང་གཏེར་གྱི་ཕུར་པ་སྲས་མཆོག་ཉི་མ་དང་སྲིད་གསུམ་བདུད་འདུལ་གཉིས་རྡོ་རྗེ་བྲག་ཏུ་ཡོད་པའི་སྡེབས་ཀྱི་འབར་བ་མཆོག་ངམ་རིང་ནས་རྒྱལ་རྩེ་ཞབས་དྲུང་བཟང་ལྡན་མཁན་པོར་བྱུང་བ་བདེ་སྐྱིད་རྗེ་དྲུང་གིས་བླུས་པའི་སྟེར་སྦྱིན་བྱས། སྡེ་པ་དང་ཕན་བདེ་ཆོས་རྗེ་ཤཱཀྱ་ལྷ་དབང་དཔོན་སློབ་ལྔ་ལ་འཇིགས་བྱེད་བཅུ་གསུམ་མའི་དབང་ཕུལ། ཆོས་རྗེས་བསྐུལ་བ་ལྟར་བརྒྱུད་འདེབས། རྡོ་རྗེ་བྲག་སྔགས་རམས་པ་དང་དགེ་སློང་དོན་གྲུབ་རྒྱལ་མཚན་གྱི་བསྐུལ་བའི་བསྟོད་པ་རྣམས་བརྩམས། དེའང་བོད་འདིར་འབྱོར་པ་ཡོད་པ་


GLG005_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་དུ་བྱས་ཏེ་ཁུངས་དང་འབྲེལ་བའི་སྒྲིགས་བཅད་བདར་མེད་པའི་གང་དྲན་ལག་འགེལ་གྱི་ཆེ་ཚུགས་ཡིན་ཁུལ་ལ་ཡིད་བརྟན་ག་ལ་ཡོད། སྲིད་དང་འབྲེལ་བའི་ཆེན་པོའི་ལས་ཚན་ཁུངས་བཙུན་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་དུས་སུ་བྱུང་བ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ས་སྐྱའི་གདུང་རབས་ཁ་རྒྱན་ལས། ཞར་ལས་བྱུང་བ་ཕྱི་ནང་ལས་ཚན་ནི། །གསོལ་གཟིམས་མཆོད་གསུམ་མཇལ་ཡིག་མཛོད་པ་གསུམ། །ཐབ་འདྲེན་གདན་གསུམ་སྐྱ་རྟ་མཛོ་ཁྱི་བཞི། །ཆེན་པོ་ལ་འོས་ལས་ཚན་བཅུ་གསུམ་སྟེ། །འདི་རྣམས་ཆོས་ཀྱི་རྒྱལ་པོ་ས་སྐྱ་པ། །དཔལ་ལྡན་འཕགས་པའི་རིང་ལ་དར་བ་ཡིན། ཞེས་པའི་རྗེས་སུ་འབྲངས་ཏེ་ལས་ཚན་བསྒྲིགས་བཀོད་སྐྱ་རགས་གྲ་སྒྲིག་འཆོར་ཆས་ལུགས་ཀྱིས་ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉི་མ་མེ་བཞིའི་འགྲུབ་སྦྱོར་ཐོག་ཕྱོགས་གཙང་ཁྱད་ཀྱིས་ལྕི་བདེ་རི་ཟུར་བུད་མཚམས་བར་ཕྱིན་ནས་དན་འབག་གླིང་ཁར་སྒར་གྲལ་བསྒྲིགས་སར་སླེབས། དེར་སེ་ར་ཐེག་ཆེན་གླིང་པ། རྒྱུད་སྟོད་སྨད། ལྷ་ས་དང་གྲོང་གསེབ་པའི་ཁྲོམ་ཤིན་ཏུ་ཆེ་བར་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་དང་བྱིན་རླབས་བྱས། དགོན་པ་ནས་ལྟ་མཁན་རྣམས་ཀྱིས་ལྕི་བདེ་བུད་མཚམས་རྟ་རགས་མ་མཐོང་བ་རིང་པོར་མ་ཐོགས་པར་ཚུར་ལོག་པ་འདྲ་བའི་རྟེན་འབྲེལ་ལེགས་པོ་བྱུང་ཞེས་གླེང་། ཡར་ལམ་གནས་ཆུང་ལྕོག་ཏུ་ཆོས་སྐྱོང་ཆེན་པོ་སྐུ་ཕེབས་ཞུས་ནས་ལྐོག་གྱུར་གྱི་ལུང་བསྟན་ཞིབ་པར་གསུངས། སྣེའུ་སྡོང་ཞབས་དྲུང་རིན་པོ་ཆེས་སྔར་ཆོས་ཀྱི་རྒྱལ་པོ་འཕགས་པའང་རྒྱལ་བ་ཐོག་རྡུགས་པས་འདམ་བར་སྐྱེལ་མ་ཞུས་པ་དང་


GLG005_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་འདྲ་བའི་རྟེན་འབྲེལ་དུ་དེ་བར་ཅིས་ཀྱང་འགྲོ་ཞེས་ཆིབས་ཁ་སྒྱུར་འདུག །ཚེས་བཅུ་བདུན་གྱི་ཉིན་གླིང་སྟོད་སྨད་ཀྱི་ཆོས་རྗེ་གཉིས་ཀྱིས་ཐོག་དྲངས་པའི་སེ་འབྲས་གསང་གསུམ་གྱི་སློབ་དཔོན་ཆོས་འཆད། གྲ་རིགས་སྡེ་དཔོན་ཁག་སོགས་ཀྱི་སྐྱེལ་མ་དང་བཅས་ཆོས་སྡེ་ཆེན་པོ་ནས་བཏེག །ཡས་མས་ཀྱི་ཁྲོམ་ཤིན་ཏུ་ཆེ་བ་འདུས་པ་རྣམས་ཀྱིས་རྗེས་སུ་འབྲང་བའི་མུར་ལྷུན་གྲུབ་རབ་བརྟན་དུ་འབྱོར། འདི་ནས་ཡར་མ་འཁོར་བར་བག་གྲོས་གསོས་པའི་བཞོན་རྟ་རྣམས་ཀྱི་ཁྲོད་ནས་ཕན་བདེ་ངང་པ་དང་ཁྱུང་སྨུག་གཉིས་བདེ་སྟེར་བ་བྱུང་། སེ་འབྲས་གསང་གསུམ་གྱི་སྐྱེལ་མི་ཕལ་ཆེར་རང་གནས་སུ་ལོག །སེ་འབྲས་ཀྱི་སློབ་དཔོན་སོགས་ཁ་ཤས་འདམ་བར་དུ་ཡོད། ས་སྐྱོང་རྒྱ་རི་བས་བོད་ལ་མྱུར་དུ་ཡོང་བའི་གསོལ་འདེབས་སྨོན་ལམ་ཞིག་དགོས་གསུང་བ་དེ་འཕྲལ་དུ་ཕུལ། སང་སྐྱོར་མོ་ལུང་དུ་གཟིམས་ཁང་གོང་སྤྲུལ་པའི་སྐུས་གུང་གི་དྲོ་བསྟབས། སྐྱོར་ལུང་སྤྱི་སོས་བདོག་པ་བསྟར། ཚལ་པོར་སླེབས་རྒྱལ་ཚབ་སྤྲུལ་པའི་སྐུས་སྐུ་གསུང་ཐུགས་རྟེན་དང་པདྨ་རཱ་གའི་རྟ་ཆས་ཀྱིས་གཙོས་པའི་སྟེར་སྦྱིན་གྱ་ནོམ་པ་མཛད། ཆུ་ལམ་སྡིངས་གསུམ་ཡང་ཟུར་གྱིས་མཚོན་པའི་ཀར་དགེའི་ཆོས་སྡེ་སོ་སོ་ནས་བསྙེན་བཀུར། ཞང་སྟོན་སྒར་པ་སྐུ་མདུན་ལྷུན་གྲུབ་བི་རིའི་བླ་མ་དང་མག་པར་སོང་བས་རྒྱལ་པོ་ཡབ་སྲས་རྣམས་མི་དགྱེས་པའི་གཟིགས་ཕྱོགས་ལོག་པ་འདུག་པར་འཇིགས་པ་ལས་བསྐྱབས་ཤིང་བསྙེན་རྫོགས་སུ་བསྒྲུབས་མཚན་ངག་དབང་ཚུལ་ཁྲིམས་གྲགས་པར་བཏགས། ངོར་མཁན་ཆེན་ཤེས་རབ་འབྱུང་གནས་དང་གླེང་མོ་ཞིབ་ཏུ་བྱུང་བ་གསན་


GLG005_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་སོགས་སྐུ་ཡོན་ཆེ་གྲས་སུ་འདུག །རབ་གདོང་དུ་རྒྱ་རི་དཔོན་བློན་ལ་སྒྲོལ་དཀར་དང་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་ཕུལ། བདེ་ཆེན་ཡངས་པ་ཅན་པ་རྣམས་ཀྱིས་སེར་སྦྲེང་གིས་མདུན་བསུས། སྤྱན་སྔས་འཇིགས་བྱེད་བཅུ་གསུམ་མའི་སྤུངས་སྐུ་རྒྱ་ནག་མ་ཞིག་བྱིན་ནས་འདི་ཡངས་པ་ཅན་གྱི་རྟེན་གྱི་གཙོ་བོ་ལྟ་བུ་ཡིན་པས་ཕྱི་འཁྱར་མེད་པ་དགོས་ཚུལ་གསུངས། ཉེར་གསུམ་གྱི་ཉིན་ན་དཀར་མོར་སྒར་ཕབ། བཀྲ་ཤིས་ལྷུན་པོ་ནས་པཎ་ཆེན་ཆོས་ཀྱི་རྒྱལ་པོ་མཁན་སློབ་རྣམས་ཕེབས་པའི་གནང་སྐྱེས་ཕར་འབུལ་སོགས་རྒྱས་པ་དང་ཞག་དྲུག་གི་རིང་གང་ཅིའི་གསུང་གླེང་བསླབ་སྟོན་ཞིབ་མོལ་དུ་ཕེབས། བློ་སྦྱོང་སྙན་བརྒྱུད་ཆེན་མོའི་ལྗགས་ལུང་ཞིག་ཞུས་པ་ཕྱེད་ཙམ་བསྩལ་བའི་ལྷག་མ་རྒྱ་ནག་ནས་ཡར་ཕེབས་དུས་འབུལ་བའི་རྟེན་འབྲེལ་བྱེད་ཅེས་འཕྲོ་འཇོག་པ་གནང་བ་ཡུན་རིང་མི་འགོར་བ་ཡེ་ཤེས་ཀྱི་གཟིགས་པའི་མངོན་པར་མཁྱེན་པར་གོ །འོན་ཀྱང་ལྗགས་ལུང་གི་འཕྲོས་ཞུ་མ་ཐུབ་པས་ཁྱབ་བདག་ཞ་ལུ་པ་ཆེན་པོར་རྟིང་སོར་ཚང་བ་ཞིག་ཉན། བསྟན་འཛིན་ཆོས་ཀྱི་རྒྱལ་པོར་ཚེ་སྒྲུབ་ལྕགས་སྡོང་མའི་དབང་བརྒྱ་རྩ་ཞིག་ཕུལ། བཀྲ་ཤིས་ལྷུན་པོའི་སློབ་དཔོན་རྣམས་ལ་སྤྱན་རས་གཟིགས་ཕྱག་བཞི་པའི་རྗེས་གནང་དང་དུ་རི་ཡལ་གྱི་ནོ་བོ་མཁའ་འགྲོ་ཐོ་ཡོན་ལ་དབུ་མའི་ལྟ་འཁྲིད་ཀྱི་ལུང་། ངོ་སྤྲོད་ལ་ཞིབ་ཆ་བཅས་དགོས་ཚུལ་བཞིན་བཤད། དཀའ་ཆེན་ཚོགས་གསོག་པས་གཞོན་རྟ་ཕེར་པོའི་རྟ་སྔོན་པོ་ལེགས་པ་ཞིག་བྱིན། རིག་སྔགས་འཆང་བའི་དབང་པོ་ཆོས་རྗེ་འུག་པ་ལུང་པ་མ་ཆེན་གྱིས་རྒྱ་ནག་ནས་མྱུར་དུ་ལྡོག་དགོས་ཚུལ་གྱི་སྙན་ངག་གི་ལམ་དུ་དྲངས་པའི་


GLG005_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ཡིག་བྱུང་བ་དེ་ལན་བི་ཝརྟ། རྩིས་རིག་སྨྲ་བའི་དབང་ཕྱུག་གཉགས་བན་ནང་ར་བ་དང་བདེ་ཆེན་ཡངས་པ་ཅན་སྤྱན་སྔ་ཀརྨ་ཉི་མ་སོགས་སྤྱི་ཚོགས་ཀྱིས་བསྐུལ་བའི་རིང་འཚོའི་ཚིགས་བཅད་རྣམས་བྲིས། ཉེར་དགུ་ལ་བཏེག་པའི་མཐོང་སྨོན་དུ་བསྡད། སང་བཤེས་གཉེན་ཕུ་ཆུང་པར་འབྲོམ་སྟོན་པས་ཟླ་བའི་དཀྱིལ་འཁོར་གྱི་ནང་ཞལ་དངོས་སུ་བསྟན་ཞིང་མངའ་རིས་པ་ཤེས་རབ་རྒྱལ་མཚན་གྱིས་ཕུ་ཆུང་པར་ཐིག་ལེ་བཅུ་དྲུག་གནང་བའི་ཙྭ་སྒྱེ་མོར་གུང་ཚིགས་བྱས། མཆོད་རྟེན་བྱིན་རླབས་ཅན་དེར་བསྐོར་བ་གསོལ་འདེབས་སྨོན་ལམ་བཏབ། གན་ཏ་ལའི་ནང་ཁོངས་དྲི་ཟའི་རྒྱལ་པོའི་ཕོ་བྲང་གངས་ཀྱི་རི་བོའི་མདུན་དུ་གཉན་ཆེན་པོའི་གསོལ་མཆོད་གཏེར་གཞུང་ལྷད་མེད་གྲ་ཚང་གི་ཚོགས་སུ་བཙུགས་པའི་དེ་ནུབ་གངས་ཆེན་པོ་བབས་པ་ལྷ་ཆེན་དགྱེས་པའི་མཚན་མར་གོ །ཟླ་བ་བཞི་པའི་ཚེས་གཉིས་ལ་བསམ་གྲུབ་བདེ་ཆེན་དུ་སླེབས་དཔོན་མོ་ཤེས་རབ་སྒྲོལ་མས་བསྐུལ་བའི་སྨོན་ལམ་བྲིས། སྣེའུ་སྡོང་ཞབས་དྲུང་རིན་པོ་ཆེས་དབུ་གནང་། གཟིམས་ཁང་གོང་སྤྲུལ་སྐུ། ལྷ་རིན་པོ་ཆེ། རྒྱ་རི། སྐྱིད་ཤོད་པ། སེར་འབྲས་ཀྱིས་སློབ་དཔོན་དང་བཅས་པའི་སྐྱེལ་ཐུང་མཛད་མི་ཕལ་ཆེར་ཕྱིར་ཐེགས། འབྲི་གུང་ཞབས་དྲུང་རིན་པོ་ཆེ་ཁྲི་པ་ཕེབས་པའི་སྔར་མལ་གྲོར་མཇལ་དུས་ཀྱི་འཕྲོ་མུས་ལས་བརྩམས་པའི་གསུང་གླེང་ཤིན་ཏུ་འཕེལ། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་ལེགས་གྲུབ་དགུང་ལོ་བཅུ་བཞི་པ་ཞིག་ཕེབས་བྱུང་བ་ཁྲི་འདོན་མ་གྲུབ་འདུག་པའི་སྟབས་བཀུར་གཟོས་སྒམ་འབྲུག་རྣམས་དང་ཆ་འདྲ་ཞུས། བསྟན་འཛིན་ཆོས་ཀྱི་


GLG005_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཆབ་མ་འཕྲོད་པས་ཅུང་ཟད་བསྙུན་པར་བརྟེན་མཆོད་ཡོན་གཉིས་ལྷ་སར་ཕེབས། རྭ་སྒྲེང་གི་མཁན་སློབ་རྣམས་ལ་ཡི་གེ་དྲུག་པའི་བཟླས་ལུང་། སྐྱིད་ཤོད་སྐུ་སྐྱེར་ཚེ་མགོན། ད་ལའི་བཱ་ཐུར་གྱི་དཔོན་མོར་ཚེ་དབང་རྣམས་བྱས། གྲ་ཚང་ལ་སྟག་ཞོན། ཞིང་སྐྱོང་། ཁྱབ་འཇུག །ཙི་དམར་བ་སོགས་ཀྱི་གསོལ་གའི་ལུང་ཕུལ། གཞན་མའི་བྲེལ་བ་ཆེར་མ་བྱུང་བས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་སྔར་མེ་ཁྱིར་བརྩམས་པར་བཟོ་སྐྱོར་དང་ཞུས་དག་བཏང་། ཐང་ལྷ་ལ་རྟེན་འཛུགས་གསོལ་མཆོད་རྒྱས་པར་ཕུལ་བ་དང་དུས་མཚུངས་པར་ཐང་ལྷའི་གངས་ཀྱི་སྐེད་པར་འཇའ་ཚོན་གྱིས་འཁྱུད་པ་དང་ཉི་མ་ཤར་པའི་བཀྲ་རྟགས་ལེགས། གསོལ་མཆོད་ཉུང་ངུ་ཞིག་བརྩམས་ཤིང་ཞལ་བྱང་བཏབ་པའི་དར་ཚོན་སྣ་ལྔ་བསྟར། མཆོད་དཔོན་དང་བཅར་སྡོད་ཀྱི་ཟླ་བོ་ཉིས་སྦྲགས་ཁྱད་ནས་བློ་བཟང་ལུང་རིགས་ཀྱིས་བསྙེན་རྫོགས་བསྒྲུབས་པའི་ལས་ཚན་གྱི་བབས་དང་བཅས་བློ་བཟང་མཐུ་སྟོབས་བཏགས་པ་མིང་དོན་མཐུན་པའི་རྟེན་འབྲེལ་དུ་སོང་། རྒྱལ་པོ་སྐུ་ཁམས་གཞི་མེད་དུ་གདངས་པའི་གཏམ་སྙན་འབྱོར། ཉེ་སྐོར་དུ་ཧོར་སོག་འབྲོག་པའི་རིགས་མང་བའི་ཕྲད་མི་རྣམས་ལ་སོ་སོའི་འདོད་སྦྱར་བྱས། གྲོང་སྨད་ཨ་སུག་ལ་འབྱུང་པོའི་གདོན་གྱིས་སེམས་མི་བདེ་བ་ཆེ་བ་ཞིག་གློ་བུར་དུ་བྱུང་འདུག་པར་སྔགས་དང་བསྲུང་བཅོས་ཁ་ཡར་བྱས་པས་ཟླ་ཕྱེད་ཙམ་ལ་གཞི་མེད་དུ་སོང་། ཉེར་གཅིག་ལ་བསམ་གྲུབ་བདེ་ཆེན་ནས་བཏེག །སེམས་དཔའ་ཆེན་པོའི་སྤྲུལ་སྐུ་གྲོ་མ་ལུང་གི་ཆུ་ཚན་གྱི་ནུས་པ་གཏར་ཁ་བྱས་པ་དང་མཉམ་ཚུལ་བྱུང་བར་བརྟེན་དེར་ཕྱིན་ཏེ་ཞག་


GLG005_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བསྡད་ཀྱང་ཁ་བ་ཆེས་པས་འཕྲལ་སྡོད་ཉམས་མ་སྤྲོ་ཡང་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དགྱེས་པའི་མཚན་མར་བྱེད་འདུག་ཤིས་ལེགས་པར་མངོན། དུད་འགྲོ་སོགས་ལ་གནོད་ཚབས་ཆེ་བ་དེར་དམིགས་ཏེ་བསངས་མཆོད་ཅིག་ཕུལ་བས་ནམ་མཁའ་དྭངས་པར་བྱུང་། ཆུ་ཚན་དེ་ཧ་ཅང་བསིལ་དྲགས་བར་བརྟེན་ནན་ཆེ་ཙམ་བྱེད་མཁན་ཚང་མ་བདེ་བའི་རྒྱུ་བསྒྲུབས་པའི་འབྲས་བུ་གྲང་རླུང་ལ་ཕོག་པས་ཟླ་གཅིག་ཙམ་གྱི་བར་སྦོ་འཁྲོག་གི་སྡུག་བསྔལ་མྱོང་བ་རྨོངས་པའི་རང་མཚང་གསལ་བར་བསྟན། ཨྱོན་རིན་པོ་ཆེའི་སྒྲུབ་གནས་སུ་གྲགས་པའི་ས་ཕུག་ཅིག་མཆིས་པ་ཐེའུ་རང་སྒྲུབ་ས་འདྲ་བ་ཞིག་ལས་བྱིན་ཆགས་པ་མི་སྣང་བས་མིན་པར་མངོན། དེར་སླེབས་ཉིན་ནམ་མཁའ་ལ་འཇའ་སྤྲིན་འདུག་ཀྱང་ཡིད་བརྟན་དཀའ། མཆོད་རྟེན་དམའ་འབལ་དེ་ཨྱོན་ཆེན་པོས་མཐའ་དམག་གི་ཁ་གནོན་དུ་བཞེངས་པ་ཕྱིས་སུ་ལུང་སྟོང་བདག་མེད་ཀྱི་ཉམས་ནས་ཕལ་ཆེར་ཞིག་འདུག་རུང་བོད་འབངས་བདེ་བའི་ཚིགས་བཅད་དང་བཅས་དར་ལྕོག་ཅིག་བཙུགས། རྒྱ་རྒན་དུ་འབྱོར་ཐོག་སྐྱིད་ཤོད་ཐའི་ཇི་མཚོ་སྐྱེས་རྡོ་རྗེ་ལ་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ཕུལ། གཡང་རར་སྡེ་པ་དཔོན་གཡོག་ཀྱང་ཕེབས། དབང་རྟུལ་དད་པའི་རྗེས་སུ་འབྲངས་པ་དབོན་པོ་ནང་སོར་གྲགས་པའི་སོག་བན་རྭ་སྒྲེང་གི་རི་ཁྲོད་པ་འཁོར་བ་ལ་ཞེ་ཆད་ཀྱི་སྙིང་རུས་ཅན་དེས་ངེད་ལ་སྦྱར་བའི་བླ་མ་རྒྱང་འབོད་ཅིག་དགོས་ཟེར་ཡང་རང་ལ་ཡོན་ཏན་མེད་པར་ཧམ་པ་བྱེད་པ་རྩེད་ཐང་སྒོམ་ཆེན་གྱི་ཉམས་འུར་བའི་དཔེར་འདུག་པས་རྒྱལ་བ་ཙོང་ཁ་པ་ཆེན་


GLG005_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པོར་སྦྱར་བའི་ཚིགས་བཅད་ཤློ་ཀ་ཉི་ཤུ་ཙམ་ཡོད་པ་ཞིག་བྱས། ན་ལུང་དཀར་མོར་ནས་སྟག་རྩེ་ཐའི་ཇི་རྡོ་རྗེ་རྣམ་རྒྱལ་ཕྱིར་འབྱོན་གདོང་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ཕུལ། འབབ་རོང་དུ་སླེབས་ཐོག་བར་ཁམས་ནས་རྟ་ཚག་རྗེ་དྲུང་ངག་དབང་ཆོས་ཀྱི་དབང་ཕྱུག་ཞིང་ཁམས་འཕོས་པའི་ཐུགས་དམ་གསལ་འདེབས་ཀྱི་རྟེན་སྐྱེལ་མི་འབྱོར་པ་ལྟར་དགོངས་པ་རྫོགས་བྱེད་ཀྱི་སྨོན་ལམ་བྱས། སེམས་དཔའ་སྤྲུལ་སྐུ་ངག་དབང་ཕུན་ཚོགས་སྐུ་གཟུགས་གཅོང་གིས་ནན་ཏར་ཟིན་ཀྱང་ཐུགས་སྣ་ཤིན་ཏུ་རིང་བས་རྒྱ་ནག་ལ་འབྱོན་ན་ཞེས་འགྲོ་ལྡིང་བའི་འབབ་རོང་བར་བཏེག་རུང་དེ་ནས་འདེགས་པའི་རེ་བ་དང་བྲལ་ཏེ་རང་གི་བསྟི་གནས་སུ་ཕྱིར་ལོག །ན་གྲང་མོར་སླེབས་སྐབས་གསང་ལུང་གི་ཕུའི་རི་སྐམ་པོ་ལས་ཆུ་གློ་བུར་དུ་རྡོལ་བ་སྦྱར་ར་ཨ་བོ་ངག་དབང་སོགས་མང་པོས་མཐོང་འདུག་པ་ལེགས་པའི་མཚན་མ་ཞིག་ཡིན་འདྲ་སྙམ་དེར་མདའ་དར་ལྗང་གུ་འཕྲིན་བཅོལ་གྱི་ཚིགས་བཅད་དང་བཅས་པ་བཙུགས། གནམ་གང་གི་ཉིན་གླང་ལིང་ལ་ཁར་གྲ་ཚང་ལ་རྒྱལ་གསོལ་རིང་བ་ཙ་རི་ཞིང་སྐྱོང་ཙེའུ་དམར་པོའི་གསོལ་མཆོད་རྣམས་བཙུགས་སྐབས་སྙན་དར་ཞལ་ཡིག་ཅན་ཕུལ། ཧོར་ཟླ་ལྔ་པའི་ཚེས་གཅིག་གི་ཉིན་ཤོ་མོང་འཛོམ་རར་འབྱོར། ད་ལའི་བཱ་དུར་ཅུང་ཞིག་བྲོ་འཚལ་བར་ཚེ་དབང་དང་མགོན་པོའི་གཏོར་དབང་བར་ཆད་ཀུན་སེལ་ཕུལ་བས་སང་ཉིན་ནས་བདེ་བ་བྱུང་ཟེར། ཁྲོམ་ས་སྟེང་དུ་ཧོར་ཚ་བར་ཏའི་དཔོན་ཀརྨ་བསོད་ནམས་ཀྱིས་གཞིས་ལེན་རྒྱས་པ་དང་རྟ་བརྒྱ་ཙམ་གྱིས་གཙོས་པའི་སྟེར་སྦྱིན་བྱུང་།ཚེ་དཔག་མེད་གྲུབ་རྒྱལ་ལྷ་གཅིག་བུམ་གཅིག་ལ་བརྟེན་པའི་དབང་ཞིག་བསྐུར། འབབ་


GLG005_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རོང་དུ་སྡོད་མིའི་རི་ཁྲོད་པ་འགའ་འདུག་པར་མ་ཎིའི་བཟླས་ལུང་བྱས། ཆུ་ནག་ཁར་ཨོ་རོད་གཡོན་རུ་ཨ་ཁའི་ཆོ་ཁུར་རང་ཡུལ་ལ་འདེགས་པར་མངོན་དུ་ཕྱོགས་པ་དང་འཛོམ་པའི་དེར་སོག་ལུགས་ཀྱི་བསྙེན་བཀུར་གྱ་ནོམ་པ་བསྟབས། དཔལ་འཁོར་ཆོས་སྡེའི་མཁན་པོ་ཨེར་ཏེ་ནིའི་གཞི་མ་རྣམས་འདུག་པའི་འཕྲད་མི་མང་བ་བྱུང་། དཔོན་མོ་ཤེས་རབ་སྒྲོལ་མར་དགེ་བསྙེན་གྱི་སྡོམ་པ་ཕབ། གྲ་ཚང་གཉིས་ཀྱིས་བྱེས་ལམ་དུ་མཁོ་བའི་བཅའ་ཡིག་མདོར་བསྡུས་དགོས་ཚུལ་བྱུང་བ་ལྟར་སྤྲད། ཆོས་འཁོར་གླིང་པ་རྣམས་ཀྱིས་གནས་ཆུང་ཆོས་རྒྱལ་གྱི་མཆོད་འཕྲིན་ཇ་མཆོད་ལྟ་བུ་ཞིག་དགོས་ཚུལ་བྱུང་བའང་བྲིས། ཧོར་ཨ་མདོ་བ་རྣམས་ཁ་ཞུ་གཏིང་འཁྱགས་སུ་མ་སོང་བའི་སྔར་གྱི་སྦྱིན་བདག་རྔ་མ་ནག་པོའི་ཚོས་ཅན་གྱི་སྟབས་མཚོ་མོ་ར་བ་བཀྲ་ཤིས་སུམ་མདོར་སྡེ་ཚང་མ་དྲིལ་འདུག །དེར་བུ་དམར། ཨི་བིག །སྐྱ་བ་རི། བཙན་རྒོད་དར། དབང་རྒྱལ། མགོན་ཚེ་རྣམས་ཀྱིས་གཙོས་པས་རྟ་དངོས་གཙང་ཉིས་བརྒྱ་དྲུག་ཅུ་ཙམ་བདོག་པ་བསྟར། ཚེས་དགུའི་ཉིན་ལྷ་ངར་སྒང་དུ་ས་ཁྲི་བརྩིགས་པའི་སྟེང་ནས་ཧོར་ཨ་མདོ་བའི་ཁྲོམ་སྟོང་ཕྲག་གསུམ་ལྷག་པར་ལྷ་གཅིག་བུམ་གཅིག་ལ་བརྟེན་པའི་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་རྒྱས་པར་བསྐུར། དེ་སྐབས་ནམ་མཁའ་དྭངས་ཤིང་རླུང་བསེར་བུ་ཙམ་ཡང་མེད་པ་ལ་འཇའ་སྤྲིན་བྱུང་བ་ཁོ་པ་རྣམས་དམ་ཚིག་གཙང་བའི་རྟེན་འབྲེལ་དུ་མངོན། ཧོར་སྨད་པ་ལྷ་རྒྱལ་དར་གྱིས་མཛོ་མོ་བེའུ་དང་བཅས་པ་བརྒྱ། མཛོ་ཕོ་ཉི་ཤུ་རྣམས་བྱིན། སྡེ་པས་ཐོ་ནང་ལྟར་སྒར་གྲལ་བསྒྲིགས་པའི་བྱུང་མ་བྱུང་གི་གཟིགས་རྟོག་དང་བསླབ་སྟོན་མཛད། འདི་སྐབས་


GLG005_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཁོར་གླིང་པ་རྣམས་ཀྱིས་གཡས་སྒར་ལ་རྩོད་རྩིས་ཀྱིས་ཟུར་དུ་དོན་པའི་ངན་གྲ་བསྒྲིགས་པར་སྡེ་པ་ཐུགས་རྒྱལ་བཞེངས་ཏེ་དར་ཁན་ནང་སོ་བཏང་ནས་གུར་ཐབ་ཆས་ཚུར་ཕྲོད་ལ་ཕྱིར་ལོག་སོང་སོགས་རྒྱུར་སྦྱང་གིས་ཚར་བཅད་སོང་བས་རེ་ཞིག་བརླང་སྤྱོད་རྣམས་ཞི། སྡེ་པས་སེ་ཆེན་དབོན་པོ་ཅན་བཏང་བའི་འཇམ་པོའི་བསླབ་སྟོན་ཞུ་འབུལ་ལྟ་བུར་བྱུང་ཚུལ་གྲ་ཚང་རང་གི་གྲ་རིགས་འགས་གླེང་བ་ལྟར་ན་ཡོངས་གྲགས་དང་གསང་བའི་རྣམ་ཐར་གཉིས་བྱུང་ངམ་སྙམ། ཚེས་བཅུ་གཉིས་འབྲོང་རྩར་སླེབས། རྒྱུད་སྟོད་སྨད། ར་བ་སྟོད་པ། མངའ་དྭགས་རྣམས་ཀྱི་གྲ་པ་སུམ་ཅུ་སྐོར་རེ་ཡོད་པ་སོ་སོར་བཅའ་ཡིག་དགོས་ཚུལ་བྱུང་བ་བཞིན་བྲིས་ཤིང་རབ་འབྱམས་སྨྲ་བ་འཇམ་དབྱངས་གྲགས་པས་བསྐུལ་ནས་རྡོར་ལེགས་ཀྱི་གཏོར་བསྔོ་བརྩམས་འཕྱོང་རྒྱས་ནང་སོ་དངོས་གྲུབ་ཀྱི་འདོད་པ་ལྟར་གསོལ་འདེབས་ཚིགས་བཅད་ཅིག་ཀྱང་བཀོད། ཚེས་བཅུ་བཞི་ལ་ཤག་ཏུ་སླེབས་པའི་སང་ཉིན་སྡེ་པས་སྒར་དམངས་ལ་བླང་དོར་འདི་ལྟར་གྱིས་ཞེས་པའི་བསླབ་སྟོན་དང་བཅའ་ཡིག་ལས་མི་འགལ་བའི་གན་རྒྱ་བླངས་ཤིང་མང་ཇ་ལ་སྐྱ་སེར་ཚོགས་སར་བཅའ་ཡིག་བསྒྲགས། ཐོག་མར་སྐུ་ཚབ་ཏུ་ཇའི་སང་སྡེ་པ་དང་ཕྱག་མཛོད་ནོར་བུ་གཉིས་མཛད་རྩིས་འདུག་ཀྱང་ཀ་བརྒྱད་སྦུག་པའི་བབ་ཡུལ་བལ་པོས་སེའུ་དང་ཁ་དོག་བྲོ་བའི་དཔེར་མངོན་པས་ཇའི་སང་སྡེ་པ་ཕྱག་མཛོད་དུ་རྒྱུན་སྡོད་མི་ཐུབ་གཤིས་སྨན་གྲོང་ཚེ་དབང་དར་རྒྱས་སྦྲེལ་ཟླར་ཡོང་པ་འགབ་ཞུས་པ་བཞིན་སྐུ་ཚབ་གསུམ་མཛད་སོང་བ་རྒྱ་ཆེ་མཐིལ་རྡོལ་དུ་མི་འགྲོ་བར་ཕན་པ་བྱུང་སོང་། སྤེལ་ནག་ནང་སོ་དངོས་གྲུབ་དང་མངའ་རིས་དྲུང་པ་གཉིས་ཀྱིས་སྐུ་


GLG005_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ནས་གནང་བ་ཡིན་ཟེར་བའི་ས་རིས་ཆེ་ཆུང་ཅི་བྱུང་ཡང་དགོས་གླེང་བར་དེ་སྐོར་ལ་ངེད་ཐེ་རག་མེད་པ་ཡོངས་སུ་གྲགས་བཞིན་དུ་དེ་འདྲའི་གཏམ་ལ་མི་རྣམས་བདེན་འཛིན་དཀའ་ཡང་ངོ་མ་བཟློག་པར་སྡེ་པར་མོལ་བས་ཕྲན་བུ་ཙམ་གནང་བྱུང་ཞེས་དགའ་བའི་ལུགས་བྱེད་འདུག །ཚེས་བཅུ་དགུ་ལ་གད་སྐྱ་སྔོན་དུ་འབྱོར། སྡེ་པ་དཔོན་གཡོག་ལ་ཚེ་དབང་ལྕགས་སྡོང་མ་དང་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བྱིན་རླབས་ཕུལ། དེ་སྐབས་ས་ཀར་རྙིང་གསུམ་སོ་སོའི་ལུགས་ཀྱི་ཞྭ་གྱོན་ས་མེད་པ་དང་གྲུབ་མཐའ་ཡང་རིམ་གྱིས་བསྒྱུར་བའི་ཐུགས་རྩེ་བསྟད་ཅིང་དེ་ལ་ལེགས་སོ་དང་བསྐུལ་མའང་རང་ཕྱོགས་ཆེ་ཕྲ་མང་པོ་ནས་མཛད་འདུག་པ་རང་བསྟན་ལ་ཕན་ན་ལུགས་གཅིག་ཡིན་ཤས་ཆེའང་གཞན་ལ་གནོད་ཅིང་རང་ལ་མི་ཕན་པར་མ་ཟད་ཕུགས། གང་གང་འདྲ་བའི་ལས་བྱས་པ། །འབྲས་བུ་དེ་ལྟ་ཉིད་དུ་སྨིན། །ཞེས་པའི་དོན་ལྟར་དགག་བྱ་ཆེ་ཞིང་དགོས་པ་ཆུང་བས་སོ་སོའི་ཆོས་ལུགས་དང་ཞྭ་སྟབས་མི་བསྒྱུར་བ། ཤུགས་ཆེ་བ་རྣམས་ཀྱིས་ཆུང་བའི་དཀོར་ས་གྲ་རྒྱུན་བཀག་པའི་མིག་ལྟོས་ངན་པ་མི་ཡོང་བ། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་རྣམས་ལ་ཉམས་གསོས། བོད་འབངས་བདེ་ཐབས་སུ་སྤྱི་སྒོས་ཀྱི་རིམ་གྲོ། སེར་འབྲས་གཉིས་ཀྱི་གསེར་ཏོག་དང་རྟེན་བཞེང་འདུ་ཁང་གསར་བསྐྱེད་རྭ་སྒྲེང་གི་ལྡེབས་བྲིས་སོགས་གང་ཅིའི་བསྙེལ་ཐོའི་ཤོག་དྲིལ་བཤད་པ་དང་བཅས་ཕུལ། ཉེར་གསུམ་ལ་སྙུག་ལའི་ལ་སྙིང་གི་རྩ་བ་ཐག་ཉེར་མཚོ་འོ་མའི་མདོག་ལྟར་དཀར་བ་གཡས་སུ་འཁྱིལ་བ་གཉིས་དང་མི་རིང་བའི་ཆར་གུང་གི་དྲོ་ཕབ། ཉིན་སྔ་མ་ཁ་


GLG005_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཤས་སུ་འཕྲལ་ཕུགས་རྒྱང་གསུམ་གྱི་གསུང་འཕྲོས་མོལ་མཆིད་ཞིབ་པར་བྱུང་བས་འདི་ཉིད་རང་བཞིན་གྱི་རྒྱུ་མཚན་ལས་པར་བཀབ་ཀྱི་འཕྲོས་གླེང་མཛད་དགོས་ཀྱང་མེད་ཅིང་གཞི་བྱེས་རྣམས་ཕན་ཚུན་གཅིག་ལ་གཅིག་འཕྲེང་གི་རྣམ་པས་ཚང་མ་བཞིན་བསྡུས་ཤིང་གསུང་འཕྲོས་ཀྱང་སྨར་རྒྱུ་མ་བྱུང་། ལྷག་ཏུ་མགྲོན་གཉེར་དྲུང་པ་དང་དར་ཁན་ནང་སོ་སོགས་སེམས་ལྤགས་སྲབ་པ་ཁ་ཤས་གདོང་མཆི་མས་བརྣངས་ཏེ་གཟན་གྱིས་མགོ་བོ་གཏུམས་ནས་འདུག །སྡེ་པ་ནོར་བུ་ནི་སྔར་དང་མི་འདྲ་བའི་འཛུམ་བག་ཤིན་ཏུ་ཆེ་བ་ཞིག་སྣང་བ་རྒྱ་ནག་ཕྱོགས་ཚད་པ་སོགས་ནད་རིགས་ཀྱི་གྲགས་པ་ཆེས་པས་དེར་བགྲོད་མི་རྣམས་ཡར་མི་ལྡོག་པའི་གདེང་རྙེད་པ་ལྟ་བུའི་ནང་དུ་དགའ་བའི་ཉམས་ཕྱི་རོལ་ཏུ་ཤར་བ་བརྟག་གཉིས་སུ། བསམ་པ་ནང་ན་གནས་པ་ཡིན། །རྣམ་པ་སྦ་བར་ཡོངས་མི་ནུས། །ཞེས་པའི་དོན་དུ་སྣང་ཡང་གཙང་པ་རྣམས་ཀྱི་ཁ་གཏམ་དུ་ཨང་ཡིག་པ་སངས་མ་རྒྱས་པར་ཉེ་གནས་སངས་རྒྱས་པའི་དཔེར་སོང་། ངེད་རྣམས་རྟ་ཐོག་ཏུ་འཁྱོལ་གདོང་ནམ་མཁའ་འཇའ་སྤྲིན་གྱིས་གང་བའི་དབུས་ནས་ཆར་ཟིམ་བུར་འབབ་བཞིན་པར་ལ་སྐེད་ཙམ་དུ་འབྱོར་སྐབས་སྡེ་པའི་བསླབ་སྟོན་བཞིན་མགྲོན་གཉེར་དྲུང་པས་གཙོས་པ་འགའ་རེས་བཀྲ་ཤིས་ཁ་བཏགས་ཀྱི་གཡབ་མོ་བརྒྱབ། བྱེས་པ་རྣམས་ཀྱིས་ཀྱང་རྟ་ཁ་ཕྱིར་སློག་པའི་རྟེན་འབྲེལ་གང་ལེགས་བསྒྲིགས། དེ་མུས་ནས་ལ་རྩེ་ཐོན་ཐོན་གྱི་བར་ཆར་ཆད་དེ་གངས་ཀྱི་འབབ་ཆོལ་གྱི་རྡོག་པོ་ས་ལ་ཕན་ཚུན་འབྲེལ་བ་བཀྲ་ཤིས་རྟགས་བརྒྱད་ཀྱི་རྣམ་པ་བྱུང་ཞེས་ཕལ་ཆེར་ཁ་འཆམ་ཞིང་གྲོང་སྨད་ཨ་སུག་གི་བརྗེད་ཐོའི་ཤོག་དྲིལ་


GLG005_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཀྱང་བྲིས་སྣང་བ་མཐུན་པས་ལེགས་པའི་མཚན་མར་མངོན། དེ་ནུབ་སྙུག་མདའ་ཆུ་ཚན་ཁར་སླེབས། གདང་ལ་སྐོར་གཞི་བདག་གཉན་པས་འགྲུལ་པའི་རིགས་ཀྱི་རྟ་དྲེལ་ལ་གོད་ཁ་ཆེ་བ་ཞིག་ཡོད་འདུག་རུང་། ལྷ་འདྲེ་རྣམས་ལ་བསངས་རྔན་མཐུན་རྫས་ཀྱི་ལམ་ཁྲལ་ལྟ་བུ་སྤྲད་པའི་ཕན་ཡོན་ཡིན་ནམ་དེ་རིགས་ཀྱི་གནོད་འཚེ་ཡེ་མ་བྱུང་། སོག་པོ་རྣམས་ཆ་གན་ཨེར་ཁི་ཟེར་བ་བོད་སྐད་གད་པ་དཀར་པོར་འབོད་པ་བརྒྱུད་སྙུག་ཆུ་དང་ཨག་འདམ་གྱི་ཆུ་རྣམས་རིམ་གྱིས་བརྒལ་ཆུ་འགོ་བཀྲ་ཤིས་འཁྱིལ་བའི་ནེ་འདབས་གར་བ་ལྷ་རྩེ་གཞུང་དུ་སླེབས། བི་རི་སྟོད་ཏ་གཡུལ་རྒྱལ་དང་ཆོས་སྒྲོན་མིང་སྲིང་སོགས་ཀྱིས་རྟ་བདུན་ཅུ། ཁྲབ་དགུ། སྤུ་གནག་ཕྱེད་ཉིས་བརྒྱ་བསྟར། སྒར་སྟོན་ཡོང་གྲགས་དང་མཐུན་པའི་ཐུགས་དམ་བསྐང་བ་མ་བྱུང་རུང་མར་ཐུད་ཀྱི་བསྙེན་བཀུར་ས་སྟོང་མ་ལུས་ཙམ་སྣང་། མི་ངོ་རྣམས་དང་སེར་མོ་བ་དྲག་རིམ་ཚོར་སྤྱན་རས་གཟིགས་ཕྱག་བཞི་པའི་རྗེས་གནང་བྱས། རྗེས་གནང་མཐའ་དག་ལ་གཏོར་དབང་བྱེད་པའི་མ་དག་པའི་རྒྱུན་མངས་པའི་གཤིས་འབུལ་གཏོར་དེ་དབང་གཏོར་ལས་འོས་མེད་སྙམ་སྟེ་ཆོས་སྒྲོན་གྱིས་ངེད་མི་ངོ་རྣམས་ཀྱི་མགོ་ལ་གཏོར་མ་དེ་ཅབ་ཙམ་རེ་ཞུས་ན་ཇི་ལྟར་ཡོང་ཟེར་བའི་རྩོད་པའང་བྱུང་། མི་ངོ་རྣམས་ལ་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བྱིན་རླབས་དང་དམངས་མ་ཉིས་བརྒྱ་སྐོར་ལ་ཡིག་དྲུག་གི་བཟླས་ལུང་དང་མེ་ཏོག་གཏོར། ཆོས་སྒྲོན་གྱིས་རྒྱ་ནག་ནས་རིང་པོར་མ་ཐོགས་པ་ཡར་འོང་བའི་སྨོན་ལམ་ཡོད་པའི་གསོལ་འདེབས་ཤིག་དགོས་ཚུལ་བྱུང་བ་དང་དེའི་ནུབ་མོ་བསོད་ནམས་དཔལ་བཟང་


GLG005_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཀྱང་བསྐུལ་བ་ལྟར་སོ་སོའི་འདོད་སྦྱར་བྲིས། མཆོད་དཔོན་དབུ་མཛད་གཉིས་ཀྱི་ངོར་ཇ་མཆོད་ངོ་མཚར་དཀོད་པ་དང་མགྲོན་གཉེར་མ་ཎི་བས་བསྐུལ་བའི་འཇིགས་བྱེད་ཀྱི་དབང་བརྒྱུད། མེརྒན་དཀའ་བཅུ་དང་སེ་ཆེན་དབོན་པོའི་ངོར་བསངས་དཔེ་བཀྲ་ཤིས་འཁྱིལ་པ་རྣམས་བརྩམས། ཟླ་བ་དྲུག་པའི་ཚེས་གཉིས་ལ་ཡགས་གཞུང་དུ་འབྱོར། ཞང་ཚ་དཀོན་མཆོག་རྣམ་རྒྱལ་གྱི་ཁ་ཏོན་དུ་མཚན་བརྒྱད་ཀྱི་བསྟོད་པ་ཞིག་བྲིས། བྲག་སྙིང་དཀར་པོ་ཟེར་བར་སླེབས་ཐོག་འབྲི་ཆུ་ཁ་ནས་མཁའ་འགྲོའི་མི་སྣ་ཨེར་ཏེ་ནི་ཁོ་ཤོའི་ཆི་ཅན་ཉེ་ལེན་དུ་འབྱོར་པའི་ཁམས་ཕྱོགས་ཀྱི་སྐྱ་སེར་གཏོས་ཆེ་བ་ཡོད་ཅིང་ཀོ་བ་རྒྱོང་རྒྱུ་མང་བ་ཁྱེར་བའི་གནས་ཚུལ་ལ་བརྟེན་སྐུ་ཚབ་གསུམ་གྱིས་བླ་མ་ཁྲོ་ཕུ་བ་དང་མཚལ་མིག་པ་གཉིས་ཀོ་བ་རྒྱོང་བར་བཏང་། ནང་སོ་དངོས་གྲུབ་དང་མདའ་དཔོན་འོར་པ་གཉིས་ཀྱང་རབས་བདུན་མ་ཕྱོགས་སུ་བཀོད་པ་བྱེད་པར་སོང་། རིམ་གྱིས་ཐོ་ཁོལ་འུ་སུ་ཟེར་བའི་ཆུ་བརྒལ། ཨག་འདམ་ནས་འདིའི་བར་ལ་ཆུ་ཆེ་བ་མང་ཟེར་ཡང་གྲམ་པ་སྐམ་ཤར་རེ་བ་ལས་བརྒལ་དཀའ་བ་ནི་མི་འདུག་ཚེས་དྲུག་ལ་ཐོ་ཁོལ་ཐོ་ལོ་མགོ་རྒེ་དེར་གུར་སླེབས། དཔོན་མཁའ་འགྲོ་མགྲོན་གཉེར་མ་ཎི་བ་དང་དར་དར་གཉིས་ལ་ཆུ་འདི་ཧ་ཅང་ཆེས་པས་རྟས་ནི་མི་ཚུགས་ཀོ་བ་དང་རྐྱལ་པ་སོགས་བཟོས་པའི་ཐབས་བྱེད་ཅེས་སོག་པོ་ལྔ་བཅུ་སྐོར་མགྲོན་གཉེར་གཉིས་ཀྱི་གདོང་ཆུག་ལ་བཏང་། ཁོང་རང་དཔོན་གཡོག་ཉིས་བརྒྱ་ཙམ་བསུ་བར་བཏེག་འདུག་ཀྱང་ཕོ་བྲང་གི་གསེར་ཡིག་པ་ཁ་ཤས་ཀྱིས་རབས་རྙེད་པའི་རབས་བདུན་མ་ཉིན་ལམ་ཕྱེད་ལྷག་མར་བཞག་པའི་གདོང་ཐད་དེར་འབྲི་ཆུའི་རབས་བརྒལ་ནས་ཕ་རིར་བསྡད།


GLG005_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ཆོས་སྡེ་མཁན་པོས་རབས་འདི་ལ་མིང་ཞིག་ཀྱང་གསར་དུ་འདོགས་དགོས་ཞེས་གྲུབ་རྟགས་ལྟ་བུའི་ཡ་མཚན་དུ་བརྩིའང་དེ་འདྲ་ལ་ངོ་མཚར་དུ་བྱེད་ན་སོག་འགྲུལ་མང་པོས་ལོ་ལོ་བཞིན་གྲུབ་རྟགས་བསྟན་པར་སྣང་། ཆར་དགོངས་རེ་ཙམ་བབས་ཀྱང་གློ་བུར་དུ་མི་ཐར་པའི་དམར་ཆུ་ཟེར་བ་ཞིག་ཡོད་ཚུལ་ཐོས་པས་སང་ཉིན་ཚུགས་ཐག་རིང་བར་བྱས་ནས་དམར་ཆུའི་ཕ་རིར་སླེབས། དེ་ནུབ་ཆར་ལྷག་པར་ཆེ་བས་དེ་ཉིན་ཆུ་དམར་མ་ཐོན་ཚེ་མི་ལའི་སྐུ་མཚམས་ཁ་བས་བསྡམ་རྒྱུར་འདུག །སྡེ་པ་དཔོན་གཡོག་ལྷ་སར་བྱོན་ནས་འགྱངས་མེད་དུ་རྭ་སྒྲེང་གཙུག་ལག་ཁང་གི་ལྡེབས་བྲིས་ལ་ཐུབ་དབང་། ཇོ་བོའི་ལམ་ཡིག །བཀའ་གདམས་གླེགས་བམ་ནང་གི་འཁྲུངས་རབས། གྲུབ་ཐོབ་བརྒྱད་ཅུ། གནས་བཅུ་ལམ་རིམ་བརྒྱུད་པ། བདེ་གཤེགས་བརྒྱད། གསང་བདེ། བཀའ་གདམས་ལྷ་བཞི། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ། ནག་པོ་སྐོར་གསུམ། མགོན་པོ་ལྷོ་ནུབ་པ། རྣམ་སྲས། ཇོ་བོ་ཕྱིང་དཀར་བ་རྣམས་འབྲོང་རྩེ་བློ་བཟང་དང་འབྲས་སྤུངས་དགོས་ནོར་གཉིས་ཀྱིས་གཙོས་པའི་རི་མོ་བ་ལྔ་བཅུ་སྐོར་གྱིས་བྲིས། སེ་ར་ཐེག་ཆེན་གླིང་གི་མཆོད་ཁང་ཀ་དྲུག་མར་བཞུགས་རྒྱུའི་བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་ས་འཛིན། བུམ་འདེབས་པདྨ། བུམ་པའི་སྐེད་སྡེམ། སྒོ་ཁྱི་པ་ཏྲ། ཉི་ཟླའི་གདན། ཕྲ་ཁུང་ཕལ་ཆེར་གྱི་མཐའ་སྐྱོར་ཚ་གསེར། དེ་ཕྱིན་དངུལ་ལས་གྲུབ་པའི་སྐུ་རྒྱུར་དངུལ་སྲང་སུམ་སྟོང་སུམ་བརྒྱ། གསེར་བཙོ་མ་ཞོ་ཉིས་བརྒྱ། ཟངས་མཁར་རྒྱའི་ཁལ་སུམ་ཅུ། ཕུབ་སྒོར་བརྒྱད། གཡུ་སྦྱང་ཆེ་བ་བཅུ་དྲུག །གཡུའི་རྡོ་རྗེ་བཞི། མུ་ཏིག་རིལ་མ་ཙམ་


GLG005_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཆིག་བརྒྱ་དོན་གསུམ། གཡང་ཊི། པ་རུད་རག །སུ་གནྟི། བྱུ། མུ་མེན། མཆོང་། ཤེལ་རིགས་ཀྱི་ཕྲ་རྒྱན་ཕྱུག་པ། མཆོད་ཁང་རྩེར་གསེར་ཐོག་ཟངས་ཁལ་བརྒྱད་བརྒྱ། གསེར་ཞོ་ཉིས་སྟོང་སུམ་བརྒྱ། དངུལ་ཆུ་མཁར་རྒྱའི་ཁལ་ཕྱེད་བཅོ་ལྔ་ལས་གྲུབ་པའི་དོ་དམ་རྩེ་ཆེན་གྲོང་གསར་བ། བལ་པོ་མ་ཎི་ཤིང་། ཨ་མ་ར་སིདྷ། ཟངས་མགར་དབུ་མཛད་རིག་འཛིན་དང་ཤེལ་དཀར་རབ་བརྟན་ཅན་ཁ་ཤས་ཀྱིས་བསྒྲུབས་འདུག །ཆུ་དམར་བརྒྱུད་ཀྱི་ཕུར་མཁའ་འགྲོས་གཙོས་བར་ཁམས་ཀྱི་སྐྱ་སེར་བོད་འབྲོག་གཏོས་ཆེ་བས་སོ་སོའི་ཡུལ་ལུགས་དང་བསྟུན་པའི་རྟ་ཁྲབ། ཇ་པགས་རིགས་སོགས་བདོག་པ་རྣམ་གྲངས་མང་བ་བསྟར། ཁྲོམ་ལ་ཡི་གེ་དྲུག་པའི་རྗེས་གནང་དང་དབོན་རང་ལ་སྒེར་དུ་རིགས་གསུམ་མགོན་པོ། བ་རི་ལུགས་ཀྱི་རྣམ་འཇོམས་རྣམས་ཀྱི་རྗེས་གནང་བྱས། རི་བོ་ཆེ་ནས་སྟག་ལུང་ཞབས་དྲུང་རིན་པོ་ཆེས་བོད་དུ་མྱུར་འོང་དགོས་ཚུལ་གྱི་བཀའ་ཤོག་དང་སྦྲགས་ཕྱག་མཛོད་དབུ་མ་བ་ངག་དབང་བཟང་སྦྱིན་འབྱོར་བའི་འདས་མ་འོངས་ད་ལྟ་དུས་གསུམ་གྱི་བསླབ་བྱ་གླེང་མོ་ཤིན་ཏུ་འཇེབས་པ་བྱུང་། ཞབས་དྲུང་རིན་པོ་ཆེའི་ཕེབས་ལན་དང་སྟག་ལུང་དབུ་མ་ལོ་ཙཱ་བས་སྙན་དངགས་ཀྱི་ལམ་ནས་དྲངས་པའི་ཡི་གེའི་ལན་སྡེབ་སྦྱོར་གྱིས་སྤྲས་པ་ཞིག་ཀྱང་བསྐུར། སྔར་ནས་མེརྒན་དཀའ་བཅུ་ཤེས་རབ་རྒྱ་མཚོས་བསྐུལ་བ་དང་ཉེ་ཆར་སྨོན་འགྲོ་པཎ་ཆེན་གྱི་གསུང་གིས་མཚམས་སྦྱར་བའི་རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་བརྟེན་པའི་བླ་མ་མཆོད་པ་བརྩམས། ཨངྐི་གཉིས་པ་ཡན་ལ་ཞོན་རྟ་རེ་བཀྱེད། དེ་ཕྱིན་གྱི་རྟ་ལྔ་བརྒྱ་སྐོར་གསེར་ཞོ་ཉིས་སྟོང་ཙམ་སྡེ་པར་འབུལ་བ་དང་བཅས་ནང་སོ་དངོས་


GLG005_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་དང་མདའ་དཔོན་འོར་པ་གཉིས་ཕྱིར་བརྫངས། ཁ་ར་འུ་སུ་ཟེར་བ་བརྒལ་བའི་ཆུ་ནག་ཕྲ་མོའི་གཡས་ཕྱོགས་ཀྱི་ལུང་པ་ཞིག་ཏུ་འབྱོར་ཐོག་ཨ་ག་དགེ་ཚུལ་གྱིས་རྔ་མོང་བརྒྱད་ཅུ་ཙམ་དང་རྟ་སྒ་བཅས་གཉིས་རྣམས་བསུ་བའི་ཚུལ་དུ་བསྟར་བར་གུ་ཡན་ཐ་སུ་ཁའི་ཅན་སུམ་བརྒྱ་སྐོར་འབྱོར། མཁའ་འགྲོ་བར་ཁམས་སུ་ཕྱིར་བཏེག །ཚེས་བཅུ་བཞི་ལ་ན་རིངས་ཁ་ར་འུ་སུ་ནས་མགྲོན་གཉེར་མ་ཎི་བ་གོང་དུ་ཞུ་ཡིག་དང་རྒྱུ་མཚན་འབུལ་བར་བཏང་། ད་ལའི་བཱ་ཐུར་གྱི་གཞི་མ། མགོན་པོ་ཚེ་དབང་། བཀྲ་ཤིས། དའི་ཆིན་ཁོ་ལོ་ཆེ་རྣམས་ཀྱིས་ཁྱོན་བསྡོམས་རྔ་མོང་བརྒྱ་སྐོར། མེརྒན་ཇི་ནོང་གིས་རྟ་དང་རྔ་མོང་བསྡོམས་པ་བརྒྱ་ལྷག་རྣམས་བསུ་བའི་ཚུལ་དུ་སྐྱེལ་མི་ཆེད་བསྟད་ཀྱིས་འབྱོར། འབྲི་ཕུ་ན་མ་མདོར་སླེབས་ཐོག་ཏྲེ་བོ་ཧོར་ཚང་གི་རྟ་དྲེལ་མཛོ་ཇ་རྣམས་སོ་སོར་བརྒྱ་ཕྲག་རེ། དགེ་རྩེ་སྐུ་སྐྱེས་ཀྱང་ཟང་ཟིང་གི་སྟེར་ཆ་མང་དུ་བསྐྲུན། དཔོན་གཡོག་སུམ་བརྒྱ་ཙམ་ལ་ཡིག་དྲུག་གི་བཟླས་ལུང་བྱས། བླ་མ་ཁག་གཉིས་ཉུང་བསྡུས་ཀྱིས་འབྲི་ཕུ་རོང་ནས་མདོ་བ་སེ་ལེབ་བར་ཉི་མ་བཞི་ཙམ་གྱི་རིང་ཕྱོགས་མཐུན་དུ་བགྲོད་པར་ཚེ་དབང་ལྕགས་སྡེང་མ། རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ། ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ། ལྟུང་བཤགས། རྟེན་འབྲེལ་བསྟོད་པ། ས་ལམ། གསར་རྩོམ་ཁ་ཤས་དང་མཁའ་སྤྱོད་དཀར་མོའི་འཕོ་ལུང་། ལས་གཤིན་དང་དམག་ཟོར་མའི་གཏོར་ཆོག་དང་བསྐང་གསོའི་ལུང་རྣམས་བཞེད་པ་དང་སྦྱར། བསྙེན་རྫོགས་བཅུ་གསུམ་དང་དཔོན་ཚང་ཆོས་རྗེའི་གཅུང་བསྟན་འཛིན་འབྲས་སྤུངས་སུ་སློབ་གཉེར་ལ་


GLG005_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་རྒྱུ་ཡིན་འདུག་པས་གཙོས་དགེ་ཚུལ་སུམ་ཅུ་ལྷག་པ་བསྒྲུབས། དཔོན་ཚང་ཆོས་རྗེས་བསྐུལ་བ་ལྟར་སྤྱན་རས་གཟིགས་སེམས་ཉིད་ངལ་གསོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བརྩམས། བ་ཡན་ཀ་རར་སོག་པོ་ཞིག་བཙན་དུ་སྐྱེས་པའི་རྟ་དྲེལ་ལ་གནོད་འཚེ་ཆེ་བ་ཡོད་ཟེར་ཡང་དེ་རེས་སྐྱོན་ཆེན་མ་བྱུང་། ཉིན་ཆར་ཆེ་བར་ཆར་གཅོད་ཀྱི་འཁོར་ལོ་བསྐོར་བས་འགྲུལ་ལ་མ་གནོད། ཤ་ལ་ཐུར་སླེབས་ཐོག་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་གསར་རྩོམ་གྱི་འགོ་བཙུགས། ཉེ་སྐོར་དུ་པདྨ་སྐུ་སྐྱེ་འབྱོར་བའི་རྟ་རྔ་མོང་སུམ་ཅུ་ཙམ་བྱིན་། མཚོ་སྐྱ་རེངས་ཀྱི་འགྲམ་དུ་མཛོ་དགེ་བ་བོ་སྐུ་སྐྱེ་ཟེར་བའི་ས་ལུགས་པ་ཞིག་སོག་ཁྲོད་དུ་ཞྭ་སེར་པོ་གྱོན་ནས་དགེ་ལུགས་པར་བརྫུས་ཏེ་འོངས་པར་ཞིབ་ཏུ་དྲིས་པས་ས་ལུགས་ལས་དགེ་ལུགས་ཀྱི་སྐད་ཆ་བཤད་རྒྱུ་མི་སྣང་བས་བརྫུ་ཞིག་སྟེ་གདན་ས་གོང་བར་གྱི་ལམ་ཡིག་དང་འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་བློ་དང་བསྟུན་པ་བྱས། སེ་ཆེན་ཧུང་ཐའི་ཇིས་རྔ་མོང་ལྔ་བཅུ་སྐོར་སྐྱེལ་བར་ཨུས་ཇིང་དགེ་སློང་ཅན་འབྱོར། རིམ་གྱིས་བྷོ་རོ་རྗོར་སླེབས་ཨོ་རོད་བཱ་ཐུར་ཧུང་ཐའི་ཇི་ཚང་གི་སྐུ་སྐྱེའི་བླ་མ་གངས་ཅན་རབ་འབྱམས་པ་བློ་བཟང་བསྟན་པ་དང་ཧ་སྡོང་མེརྒན་རབ་འབྱམས་པའི་དབོན་པོས་གཙོས་པ་རྣམས་ཀྱིས་དངུལ་མདོང་། དངུལ་བྲེ། གོས་དར་སོགས་ཀྱི་བརྒྱ་འབུལ་བསྟར། དབེན་ས་སྐུ་སྐྱེ་དང་བཱ་ཐུར་ཧུང་ཐའི་ཇིའི་ཡི་གེ་དང་བཅས་མི་སྣར་ཇའི་སང་ནང་སོ་འབྱོར། གེ་སར་གྱི་དུས་ཧོར་དམག་གི་རི་ཀླུངས་གང་ཟེར་བའི་ཨབ་ཕྱི་དུག་ཐང་བརྒྱུད་ཨ་ལག་ཤ་མི་ཆ་གན་ཁུ་ཐུལ་དུ་དཔོན་པོ་ཁག་གི་རྔ་མོང་སྐྱེལ་མི་བརྒྱ་སྐོར་ལ་ཐུགས་རྗེ་ཆེན་པོའི་རྗེས་གནང་བསྐུར། གེ་


GLG005_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སར་གྱི་མཛོ་འདོགས་ས་ཡིན་ཟེར་བའི་རི་དེའུ་ཞིག་གི་ཉེ་འགྲམ་སྤང་སྔོན་པོ་ལ་བྲག་དཀར་པོ་སྲོག་ཆགས་ཀྱི་རྣམ་པ་འབུར་དུ་དོད་པའི་ས་འཛིན་མཛོ་ཁྲ་སྡིངས་སུ་སླེབས། དེ་མོ་སྤྲུལ་སྐུ་བྱོན་པ་འདི་ནས་སྒར་རྗེས་ཟིན། དེར་མར་ཁ་རབ་འབྱམས་པ་དང་ཨ་རིག་དཔལ་བཟང་གིས་གཙོས་བསུ་མི་སུམ་ཅུ་ལྷག་སླེབས། ཕྱག་རྟེན་དུ་རྟ་སུམ་ཅུ་དང་གསེར་ཞོ་དྲུག་ཅུ་བསྟར། ཨ་རིག་དཀར་པོ་ཐང་དུ་ཡོང་དགོས་ཟེར་བ་ལྟར་ཁས་བླངས། མཚོ་སྨན་ཕྱུག་མོ་སྤུན་ལྔའི་ནང་ཚན་ལྡོང་ར་མཚོ་ནག་དང་བེའུ་དུག་མཚོ་གཉིས་ཀྱི་འགྲམ་བརྒྱུད། རི་ཟུར་ཞིག་ནས་རྨ་ཆེན་སྤོམ་ར་ལ་གསོལ་མཆོད་ཕུལ་ཞིང་འཕྲིན་ལས་བཅོལ། ཉེར་དྲུག་ལ་དུག་མཚོ་ཁར་ཨ་རིག་ཚེ་དར་དང་སོག་པོ་བརྒྱ་ཙམ་ལ་བྱིན་རླབས་བྱས། སང་ཉིན་གུང་གི་དྲོའི་ཐོག་མེརྒན་དཀའ་བཅུ་ཤེས་རབ་རྒྱ་མཚོ་འབྱོར་ཏེ་རྟ་དམར་པོ་ལེགས་པ་ཞིག་བྱིན་བྱུང་བར་ནོར་བུ་རླུང་གཤོག་ཏུ་བཏགས་བོད་དུ་སླེབས་སླེབས་བར་ཤིན་ཏུ་བེད་ཆོད་པ་བྱུང་། ཤིང་ནགས་ཡོད་པའི་རོང་བརྒྱུད་པའི་ཐང་ཡངས་སར་སླེབས་པ་དང་ཨ་རིག་གི་སྐྱ་སེར་འདྲེས་པ་རྟ་པ་སུམ་བརྒྱ་སྐོར་ཞིག་བསུ་བ་ལ་བྱུང་། དཀར་པོ་ཐང་དུ་སླེབས་པ་དང་སྒར་ལ་སྐོར་བ་བྱེད་མིའི་ཁྲོམ་ཆེས་པས་ས་འཚུབ་དཔྱིད་ཀྱི་རླུང་ཆེན་ལྟ་བུར་ལྡང་། དེར་ཞག་གསུམ་བསྡད་པའི་བསྙེན་རྫོགས་དགུ་བཅུ་ལྷག་དང་དགེ་ཚུལ་སུམ་ཅུ་བསྒྲུབས། མེརྒན་ཇི་ནོང་། ཨེར་ཏེ་ནི་དའི་ཆི། མགོན་པོ་ཚེ་དབང་། ཕག་ཐར་ཁོ་ལོ་ཆི་བཞིས་གཙོས་པའི་རྟ་པ་བཞི་བརྒྱ་ཙམ་འབྱོར། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་བཞུགས་ཁྲི་རྙིང་པ་ཞིག་འདུག་པའི་སྟེང་ནས་སོག་བོད་ཀྱི་ཁྲོམ་


GLG005_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བར་ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་རྗེས་གནང་བྱས། ཨ་རིག་རྣམས་ཀྱིས་རྟ་བརྒྱད་བརྒྱ། གསེར་ཞོ་ལྔ་བཅུ། གནག་ལུག་མང་བ་བྱུང་ཞིང་། ཡོལ་སྒོར་གྱི་སྒབ་བཏེག་ནས་བྱིན་རླབས་ཞུ་བར་འཚངས་པའི་བསྲུང་ཤིན་ཏུ་དཀའ་བས་ཕྱི་རོལ་ཏུ་ཁྲིའུ་ཤིང་གི་ཁར་བསྡད་དེ་ཁྲོམ་པ་རྣམས་བཤར་ནས་མགོ་བོར་ལག་པའི་འདེགས་འཇོག་ལ་གཞན་ཕན་དུ་རེ་བའི་བླ་ཆེན་གྱི་རྣམ་ཐར་ཟིན་ངེས་ཤེས་པ་དང་ཀླུ་རྩི་སྐོར་མི་བརྒྱ་ཙམ་ལ་ཡིག་དྲུག་གི་བཟླས་ལུང་དང་འཕོ་བའི་ལུང་བྱས། འདི་ནས་བཟུང་སྟེ་རིམ་གྱིས་བགྲོད་པའི་སྐྱེ་རྒུ་ཕལ་ཆེར་རབ་བྱུང་གི་རྟགས་ཙམ་འཛིན་པ་ལའང་མོས་པ་ཆེར་བྱེད་འདུག་པ་ཆོས་རྒྱལ་མེས་དབོན་གྱི་མཛད་པ་གནས་འཕོས་པར་སྣང་། སྒར་པ་བྱིངས་ལ་མར་ཐུད་ཞོ་སོགས་ཡུལ་ལུགས་དང་བསྟུན་པའི་བསྙེན་བཀུར་བསྒྲུབས་དེ་ནས་བཏེག་པའི་སང་ཉིན་གུང་གི་དྲོའི་ཐོག་ཏུ་གོང་དུ་ཞུ་ཡིག་འབུལ་བར་བཏང་པའི་སེ་ཆེན་དར་རྒྱས་འབྱོར། ཁོ་པ་མི་སྣ་གཞན་ཚོ་ལྟར་ན་བོད་དུ་སླེབས་ཚོད་ཡིན་འདུག་རུང་མཚོ་ཁར་ཟླ་བ་གཉིས་ཙམ་བསྡད་པའི་རྡོ་ཉི་མའི་བང་ཆེན་དུ་གདའ། སེ་ཆེན་ཐོ་ཡོན་གྱི་མི་བཟང་རྟ་པ་བརྒྱ་སྐོར་གྱིས་མདུན་བསུས་ཏེ་གནམ་གང་ལ་སྡིང་ནེལ་ཐུ་ཞེས་པར་སླེབས། འབྲས་སྤུངས་ཀྱི་དབུ་མཛད་རབ་འབྱམས་པ་བཟོད་པས་གསེར་ལུག་རྨིག་མ་གཅིག །རྟ་འདི་ལས་བཟང་བ་སྒར་ཁྲོད་ན་མེད་ཟེར་བ་གཅིག །བྱ་ཁྱུང་ཆོས་རྗེ་ཡེ་ཤེས་རྒྱ་མཚོ་དང་ཨི་ཆི་ཁ་ཆོས་རྗེས་རྟ་དངུལ་གྱི་སྟེར་སྦྱིན་བྱུང་། ཁྲི་ཞིག་གསར་དུ་བརྩིགས་འདུག་པའི་ཐོག་ནས་ཐུགས་རྗེ་ཆེན་པོའི་རྗེས་གནང་བྱས། ལྷ་བཙུན་སེ་ཆེན་ཁུ་ཚན་གྱིས་རྟ་ཕྱེད་ཉིས་བརྒྱ་ཙམ་བྱིན། ཧོར་ཟླ་བདུན་པའི་ཚེས་


GLG005_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་ར་རྒོད་གཞུང་དུ་སླེབས། ཇའི་སེང་གུ་ཤྲི་རྟ་པ་ལྔ་བཅུ་སྐོར་ཐུ་མེད་ཀྱི་ཆས་གོས་དང་བཅས་བསུ་བ་ལ་འབྱོར། མཆོད་གནས་སེར་མོ་བ་བརྒྱ་ལྷག་འདུག་པས་སེར་སྦྲེང་གི་ཚུལ་བྱེད་པར་སྣང་། ཁྲི་གསར་དུ་བརྩིགས་པའི་སྟེང་ནས་ཁྲོམ་ལྔ་བརྒྱ་ཙམ་ལ་ཡིག་དྲུག་གི་བཟླས་ལུང་བྱས། རྟ་ཕྱེད་ཉིས་བརྒྱ་རྔ་མོང་ལུག་སོགས་མང་བ་བྱུང་། དགུན་ཨེར་སྒི་ཟེར་བའི་གཅོང་རོང་གཟར་གཟུག་ཤིན་ཏུ་ཆེ་བར་ཁལ་མ་དང་རྟ་རགས་འདོམ་པའི་རྦབ་རྡོ་འགྲིལ་བ་ཐག་ཞགས་དོ་ཙམ་ནས་རི་ངོས་གཟར་དེ་ག་ལ་བརྟེན་མཁན་ཡོད་པ་ལྟ་བུར་ཆགས་ཏེ་མི་ཁལ་ལ་གནོད་པ་མེད་པ་སོ་སོའི་འགོ་བའི་ལྷས་བསྐྱབས་པར་མངོན། ཧང་ངེ་གཞུང་ལས་ཁྱུང་ཐོད་དང་ཉེ་བར་ཨ་རིག་སྟོད་པ་བརྒྱ་སྐོར་གྱིས་རྟ་སུམ་ཅུ་ཙམ་བསྟར། གདུགས་དཀར་གྱི་རྗེས་གནང་བྱས། འོབས་ཆེན་གཞུང་དུ་སླེབས་ཐོག་ཆོག་ཐུ་ཇའི་སེང་། ཨེར་ཏེ་ནི་ཁོ་ཤོ་ཆི། མེརྒན་པ་ཤི་གསུམ་གྱི་རྟ་སྤུ་གནག་ལུག་གསུམ་མང་བའི་སྟེར་སྦྱིན་བྱུང་། ཁལ་ཁ་ནས་ལྔ་པ་ནོ་མོན་ཁན་དགེ་ལེགས་དཔལ་ལྡན་གྱི་མི་སྣ་འབྱོར་བའི་དངུལ་སྲང་ཉིས་བརྒྱས་གཙོས་པའི་གོས་དར་ཇ་སོགས་སུམ་བརྒྱར་ལོངས་པ་བྱིན། སང་ཉིན་སྟག་རིག་ཤོག་གི་རྒྱ་རབ་འབྱམས་པ་ཅན་དང་དགོན་ལུང་སྤྱི་པ་བསྡོམས་པས་རྟ་བརྒྱ་ཕྲག་བྱུང་། གསེར་ཏོག་ཆོས་རྗེ་ཨོ་རོད་ནས་འཁོར་བའི་དཔོན་ཁག་རྣམས་ཀྱི་ཡིག་ལན་སྤྲད། ཆའི་ཇར་སླེབས་ཐོག་ས་སྐྱོང་གི་མི་བཟང་ཁོན་ཇིན་ཅན་དང་མཁའ་འགྲོའི་བླ་མ་མེརྒན་དཀའ་བཅུས་རྟ་ལུག་གི་བདོག་པ་སྤེལ། ཨ་མདོ་ཚོ་ལྔ་ནས་རྟ་པ་བརྒྱ་རེ་བསུ་བ་ལ་འབྱོར། ཨོ་རོད་དཔོན་ཁག་རྣམས་ཀྱི་རྟ་


GLG005_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུགས་བྱས་པའི་ཨེར་ཏེ་ནི་དའི་ཆིན་གྱི་རྟ་ཞིག་རྩེར་ཐོན་པ་དངུལ་གྱི་སྒ་ཆས་གཏད་དེ་བྱིན། ཁལ་ཁ་ནས་རྒྱལ་ཁང་རྩེ་སྤྲུལ་སྐུ་བྱོན་པའི་ཁ་བཏགས། གོས་ཕྱི་ནང་། དངུལ་རྟ་སྤུ་ལ་ག་ཇས་གཙོས་ཉིས་སྟོང་དུ་ཉེ་བ་བསྟབ། སེ་ཆེན་ཧུང་ཐའི་ཇི་དང་བསྟན་འཛིན་ཁྱོན་བསྡོམས་རྟ་པ་ལྔ་བརྒྱ་ལྷག་བསུ་བར་འབྱོར་པའི་ཕྱག་རྟེན་དུ་རྟ་ཉིས་བརྒྱ་ཙམ། བསོད་ནམས་ཤི་པ་གན་ཆས་རྟ་བཅུ་ལྷག །གུར་གདན་བཅས། ཨ་མདོ་ཚོ་ལྔ། ཟག་ཏི་རྟ་འབུལ་བ། ཞིང་སྐྱོང་ནང་སོ། སྐུ་འབུམ་ཆོས་རྗེ་སོགས་ཀྱི་ཁྱོན་བསྡོམས་རྟ་བརྒྱ་ལྷག །གོས་དར། ཤིང་འབྲས་དང་ཟས་སྣའི་རིགས་ཀྱིས་མཚོན་པའི་ཟང་ཟིང་གི་དངོས་པོ་གཏོས་ཆེ་བ་བྱུང་། དགེ་བ་རྣམས་རྫོགས་བྱང་དུ་བསྔོས་ཤིང་སྐྱེ་བོ་སྟོང་ཕྲག་གཉིས་ལྷག་ལ་བྱིན་རླབས་བྱས། ཚེས་བཅུ་གཅིག་གི་ཉིན་གོང་མའི་ལུང་གིས་བསུ་བར་མངགས་པའི་ཨས་ཁན་ཨ་མའི་ལས་ཚན་འཛིན་པ་ཤ་ཇི་དྷ་ར་ཁོན་ཇིན་དཔོན་གཡོག་འབྱོར། བཀའ་ཤོག་མུ་ཏིག་གི་འཕྲེང་བ། དེས་སྤྲས་པའི་ཞྭ། ཟ་འོག་གི་བེར་གྱིས་གཙོས་གོས་སྣ་ཆ་ཚང་། རྟ་དཀར་པོ་གསེར་གྱི་སྒ་ཆས་ཅན་གྱིས་ཐོག་དྲངས་རྟ་བརྒྱ་རྣམས་ཀྱི་གནང་སྦྱིན་སྤྲད། ཆིན་ད་མུ་ནི་སོགས་སོག་པོ་འགས་རྟ་ལུག་ཁ་ཡར་བྱིན། ཁ་ཐའུར་རྒྱལ་ཁང་རྩེ་སྤྲུལ་སྐུ་ཡུམ་སྲས་ལ་སྤྱན་རས་གཟིགས་ཕྱག་བཞི་པའི་རྗེས་གནང་ཕུལ། སང་ཉིན་ཟི་ན་མི་ཉག །ཞིང་སྐྱོང་ཅན་གོང་གི་ལས་ཀས་མངོན་པར་མཐོ་བའི་རྒྱ་བན་རྟ་པ་བརྒྱ་སྐོར་དང་ཨོ་རོད་ཀྱི་དཔོན་ཁག་རྣམས་བསྡོམས་པར་རྟ་པ་སྟོང་དུ་ཉེ་བ་དང་ལྷན་ཅིག་པར་ཧོར་སོག་གི་ཁྲོམ་ཤིན་ཏུ་ཆེ་བའི་མདུན་གཤགས་ཏེ་ཚེས་བཅུ་གཅིག་ལ་མཚོ་ཁྲི་ཤོག་རྒྱལ་


GLG005_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་འགྲམ་རྒྱལ་པོ་དང་ཇི་ནོང་གི་སྡེ་ཐོག་ཏུ་འབྱོར། ཨེར་ཏེ་ནི་དའི་ཆིན་གྱི་སྲས་བློ་བཟང་བསྟན་འཛིན་དང་ཇི་ནོང་གི་སྲས་མོ་ཨོར་ཆོག་གི་གཙོས་ཧོར་སོག་སྟོང་ཕྲག་གསུམ་དུ་ཉེ་བར་བྱིན་རླབས་བྱས། ཇི་ནོང་གི་བུ་མོས་གསེར་ཐིག་བུ་སྦལ་པ་འབྲིང་གི་ཚད་ཙམ་པ་ཞིག་བྱུང་། ཧ་སྡོང་དོར་ཤེ་རབ་འབྱམས་པས་ཀྲས་ཁུལ་དུ་དགོན་པ་འདེབས་རྩིས་འདུག་པར་ཡི་དམ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་ཆོས་སྐྱོང་དམག་ཟོར་མ་འགབ་ཚུལ་མོལ་ཞིང་མིང་དགའ་ལྡན་ཆོས་འཁོར་གླིང་དུ་བཏགས། རྡོ་ཁྲི་གསར་དུ་བརྩིགས་པའི་སྟེང་དུ་རབ་འབྱམས་པ་ཞབས་དྲུང་གིས་གོས་དར་སུམ་ཅུ་ལྷག་དང་ཨོ་ཆིར་ཐུ་ཐའི་ཇིའི་མི་བཟང་སྦལ་པ་ཆིའི་བསྔོ་རྟེན་རྟ་རྔ་མོང་བརྒྱད་ཅུ་སྐོར། མེརྒན་ཇི་ནོང་། ཨ་ག་དགེ་ཚུལ་གཉིས་ཀྱིས་ཁྱོན་བསྡོམས་རྟ་ཉིས་བརྒྱ་དང་ཕྱིང་གུར་བརྒྱ་ལྷག །དགོན་ལུང་སྤྱི་སོས་རྟ་བཞི་བཅུ་ཙམ་བསྟར། ཁྲོམ་ལ་ཐུགས་རྗེ་ཆེན་པོའི་བཟླས་ལུང་བྱས། མགོན་པོ་ཚེ་དབང་། ཇི་ནོང་། དགའ་ལྡན་དར་རྒྱས་རྣམས་ཀྱིས་སྒར་ལ་སྟོན་མོ་རྒྱས་པར་བཏང་། ཟི་ལིང་མཁར་གྱི་མི་དཔོན་གཉིས་ཀྱིས་ཇ་འབྲས་དཀར་ཤིང་ཏོག་གི་རིགས་སྐྱེལ་མི་ཆེད་དུ་མངགས། རྒྱལ་ཁང་རྩེ་སྤྲུལ་སྐུ་དང་རབ་འབྱམས་པ་ཞབས་དྲུང་ལ་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། ཇི་ནོང་གི་མ་སོགས་སྐྱེ་བོ་སུམ་སྟོང་ཙམ་ལ་སྤྱན་རས་གཟིགས་ཀྱི་རྗེས་གནང་བྱས། ཁལ་ཁ་ཇའི་སང་ཨོ་པ་ཤིས་རྟ་བརྒྱ་དང་རྔ་མོང་གཉིས། གོས་ཡུག་གསུམ་རྣམས་བྱིན། མགོན་པོ་ཚེ་དབང་དང་དགའ་ལྡན་དར་རྒྱས་གཉིས་ཀྱིས་དྲུང་འཁོར་རྣམས་ལ་རྟ་འགྱེད་བཏང་། ཚེས་བཅོ་བརྒྱད་ལ་བྱ་ཁ་བུ་


GLG005_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཏུ་འབྱོར། ཟི་ལིང་མཁར་ནས་མགོ་དཀར་ངན་ཅོ་དཔོན་གཡོག་ལྔ་བཅུ་ཙམ་འོངས་པའི་ཁ་བཏགས་བརྒྱ་བམ་གསུམ། གོས་ཡུག་བདུན། རྟ་སྒ་མ་གཉིས། སྦག་ཇ་བརྒྱད། ཤིང་འབྲས་རོ་ཕུན་སུམ་ཚོགས་པ་ཁལ་གསུམ་གྱི་ཕྱག་རྟེན་དང་བཅས་རྒྱ་ལུགས་ཀྱི་ཕྱག་དང་ཞེ་ས་གཟེངས་བསྟོད་བྱེད། ལྷ་གང་ཡིན་དྲིས་པར་གནམ་ཡིན་ཟེར་བ་དབང་ཕྱུག་དང་ཁྱབ་འཇུག་ལྟ་བུར་སྐྱབས་སུ་སོང་བར་བརྟེན་ཉི་ཟླས་མཚོན་པར་ཕྱག་བྱེད་པ་ཞིག་ཡོད་ཚོད་དུ་འདུག་པས། ཟླ་བ་ཉི་མ་རླུང་ལ་མཁའ། །ཞེས་སྙན་དངགས་མེ་ལོང་ནས་བཤད་པ་དང་མཐུན་པར་སྣང་། སྐུ་འབུམ་ཁྲི་གདན་ཟུར། དགོན་ལུང་བླ་མ་ད་ལའི་ཆོས་རྗེ། ཁོ་ལོ་ཆི་སྐུ་སྐྱེ་ཅན་མི་ལྔ་བཅུ་ལྷག་ལ་ཡིག་དྲུག་གི་བཟླས་ལུང་བྱས། གོང་ནས་ཞག་བཅོ་ལྔ་ལ་སླེབས་པའི་བང་ཆེན་ཨུ་གེ་དེ་ཁེའི་འབྱོར། བྱ་ཁྱུང་དགོན་གྱི་ཁྲི་གདན་ཟུར་དང་ཨར་རྒྱལ་ནང་སོས་གཙོས་རྟ་པ་བརྒྱ་སྐོར་བསུ་བར་བྱུང་། རིང་མོ་ཞེས་པའི་མཚོ་མཇུག་གི་ལྗོངས་སུ་སླེབས། སྟོང་འཁོར་སྤྲུལ་སྐུ་མདོ་རྒྱུད་རྒྱ་མཚོ། རོང་པོ་བླ་མ་རྒན་གཞོན། ཨར་རྒྱལ་ནང་སོ་སོགས་ཀྱིས་རྟ་ཉིས་བརྒྱ་ལྷག་དང་སྤུ་གནག་བརྒྱ་སྐོར་བསྟར། ཚེས་ཉི་ཤུ་ལ་སོག་པོ་རྣམས་བོ་རོ་ཆུ་འགག་ཏུ་འབོད་པ་དཀར་ཐང་མར་ཁུའི་མཚོ་མོར་སྒར་གྲལ་བསྒྲིག་མི་སྔོན་དུ་བཏང་ཁལ་ཁ་ཨེར་ཏེ་ནི་ཧུང་ཐའི་ཇིའི་གཅུང་པོ་ཡེལ་དེང་ནོ་ཡོན་གྱིས་དེང་ཇུས་ཁྱད་འཕགས་ཀྱིས་ཐོག་དྲངས་གོས་ཆེན། དངུལ། རྟ་བཅུ་སོགས་བྱུང་། ལྷ་བཙུན་ཆུང་བའི་སྐུ་ཚ་ཨེར་ཁེ་ཐའི་ཇིས་གཙོས་བསྟན་འཛིན་གྱི་མ་དང་ཨེར་ཁེ་ཆོས་རྗེ་ཅན་སྟོང་ཕྲག་བརྒལ་བ་དང་ཕྲད་ད་ལའི་བཱ་ཐུར་གྱི་དཔོན་མོ་ཨལ་དར་གྱི་ཕྲུག་གུ་ཤིན་ཏུ་གཅེས་པ་སྔོན་ཆད་


GLG005_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་མཐོང་མ་མྱོང་བ་དེའི་རྗེས་སུ་སྒོ་མེ་སྟོང་དུ་ཉེ་བ་འབྱོར་བའི་དཔོན་གཡོག་བསྡོམས་པས་གསེར་ཞོ་ལྔ་བཅུ་དང་རྟ་ཕྱེད་སུམ་བརྒྱ་བྱིན། ཁོང་ཚོའི་འགོ་པ་དྲག་པ་ཞིག་གིས་དེ་ནས་བཟུང་རྐུན་མ་མི་བྱེད་པའི་བསྡམ་ར་དང་མནའ་གཤེར་བྱས་འདུག་ཀྱང་རྗེས་སུ་དེ་ལ་གནས་པ་བྱུང་རིགས་མིན་པ་འདྲ། ཉེར་གཅིག་ལ་ཨུལ་ཁེན་ཤི་པར་ཐའི་ཞེས་པར་སླེབས། འཕྲིན་ལས་བཞིའི་ཁ་དོག་མཚོན་པའི་དར་ལྕོག་ལ་གཞི་བདག་རྣམས་སློབ་དཔོན་པདྨ་ཐོད་འཕྲེང་གི་བཀའ་དང་དམ་ཚིག་ལ་གནས་དགོས་ཚུལ་ལེགས་སྤྱར་གྱི་སྐད་དུ་བསྒྱུར་ནས་འཛུགས་པ་དང་ཁྲབ་རྨོག་གསེར་དངུལ་ཇ་སྨན་སྣའི་རྫས་མཚོ་ཁྲི་ཤོག་རྒྱལ་མོར་སྐྱེལ་མི་ཆེད་དུ་མངགས། ཆ་གན་ནོ་མོན་ཁན་གྱིས་རྟ་སུམ་བརྒྱ་དང་བ་ཡན་བླ་མས་བཅུ་སྐོར། སྒོ་མེ་འོག་མ་རྣམས་ཀྱིས་གསེར་སྲང་ཉི་ཤུ་དང་རྟ་ལྔའི་སྟེར་སྦྱིན་བྱུང་། རབ་འབྱམས་པ་ཞབས་དྲུང་ལ་ཟང་ཟིང་གི་བདོག་པ་གྱ་ནོམ་པ་དང་བཅས་ཨོ་རོད་ཕྱོགས་སུ་རྫོང་བདའ་བྱས། ཨེར་ཏེ་ནི་དའི་ཆིན་གྱིས་དངུལ་སྲང་ལྔ་བརྒྱ་གོས་ཡུག་ལྔ་བཅུས་གཙོས་པའི་རྟ་རྔ་མོང་ལུག་གིས་མཐའ་བརྟེན་པའི་བརྒྱ་ཕྲག་ལྔར་ལོངས་པ། གཡོན་རུའི་ཤོག་ཧོར་ཨ་ཆི་ཐུ་ནོ་ཡོན་གྱིས་གོས་དར་རྟ་སོགས་ཀྱི་བརྒྱ་འབུལ་བྱས། གོང་གི་གསེར་ཡིག་ལ་ཤ་ཇི་དྷ་ར། བསོད་ནམས་ཤི་པ་གན་ཆ། ཐོངས་མོག་རབ་འབྱམས་པ་མགོ་ཁྲ། དགའ་ལྡན་དར་རྒྱས་ཀྱི་དཔོན་མོ། ཨ་ག་དགེ་ཚུལ། ཆོས་སྐྱིད། ཁལ་ཁ་ཚེ་རིང་རྣམས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་བྱས། ཨ་མདོ་ནས་དོ་ཏི་ནང་སོ་དཔོན་གཡོག་བཞི་བཅུ་སྐོར་འཕྲད་པར་འོངས་པ་བཞིན་རེ་བ་བཀང་། འོར་དུས་སུ་མཉྫུ་ཤྲཱི། གཡོན་


GLG005_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

རུ་མཁན་པོ་སྐུ་སྐྱེ། སྐྱིད་ཤོད་ཀྱི་དཔོན་ས་ཨ་སྙིང་། ཨེར་ཏེ་ནི་དའི་ཆིན། ཨས་ཁན་ཨ་མ་ཅན་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར། སེ་ཆེན་དར་རྒྱས་ཀྱིས་གོས་དར་གསེར་དངུལ་གྱི་མཎྜལ་ཇ་ཀོ་དྲས་སྣ་དྲངས་པའི་ཕྱག་རྟེན་དང་བྱ་ཁྱུང་མཁན་པོ་ཡེ་ཤེས་རྒྱ་མཚོས་ཀྱང་བདོག་པའི་དངོས་པོ་བསྟར། བསྙེན་རྫོགས་བཞི་བཅུ་སྐོར་དང་དགེ་ཚུལ་ཉི་ཤུ་ལྷག་བསྒྲུབས། མཁན་པོ་སྐུ་སྐྱེ་ཅན་མི་གཉིས་ལ་བེག་ཙེའི་རྗེས་གནང་དང་དམངས་མ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་སོགས་འདོད་ཆོས་ཁ་ཡར་བྱས། བསྟན་འཛིན་ཆོས་རྒྱལ་ཐུགས་འགྱུར་བའི་སྲས་ཆེ་བ་བཱ་ཐུར་ཐའི་ཇི་ཨོ་རོད་དུ་བསྡད་པ་འགབ་ཚུལ་གསུངས་པ་སྡེ་པས་ཆེད་དུ་ཡི་གེ་བྱུང་དོན་ལྟར་བསོད་ནམས་དབང་རྒྱལ་ཞག་བདུན་གྱི་བར་ཉིན་བཤད་མཚན་བཤད་ཀྱིས་རབ་འབྱམས་པ་ཞབས་དྲུང་གི་རྗེས་སུ་བཏང་ཡང་ཁོང་གིས་ཕྱིར་སློག་མ་ཐུབ་པར་སྣང་། ཧོར་ཟླ་བརྒྱད་པའི་ཚེས་གཅིག་གི་ཉིན་དཀྱིལ་སྒར་དུ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱིས་དམག་ཟོར་མའི་མདོས་བསྐང་བཙུགས་པའི་རྡོ་རྗེ་སློབ་དཔོན་དུ་ཕྱིན། ཚེས་ལྔ་ལ་གདབ་ལས་ཀྱི་འཆམ་རྒྱས་པར་བྱས། ཚེས་དྲུག་ལ་གྲ་ཚང་གི་གྲ་པ་ཁ་ཤས་ཀྱིས་བདུན་གཅིག་གི་བར་འབྱུང་པོ་མི་བསྲུན་པ་ཨར་ལ་གཏད་པའི་སྒྲུབ་པ་བཙུགས་པས་ལྷ་འདྲེ་མ་རུངས་པའི་ཚ་ངར་ཆག་པའི་མཚན་མ་ལེགས་པ་བྱུང་། ཚེས་བདུན་ནས་བཟུང་ཨར་རྒྱ་སྐུ་སྐྱེ། ས་ཞུ་མདོ་པ་ཕུན་ཚོགས། གྲུབ་རྒྱ་རབ་འབྱམས་པ། ཞིང་སྐྱོང་། སྐུ་འབུམ་ཁྲི་པ་དང་རྒྱུད་པ་བླ་མ། ཡང་དགོན་ནང་སོ། ད་ལའི་ཆོས་རྗེ། བྲག་ཏི་རྟ་འབུལ་བ། བེང་མདོ་དཀའ་བཅུ། གཡིག་རྒྱ་དཀའ་བཅུ། ཀ་མགོ་རབ་འབྱམས་པ། ཨེར་ཁེ་ཐ་


GLG005_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སོར་ཁའི་ཅན་སྐྱ་སེར་མང་པོས་རྟ་དང་གོས་དར་གཙོ་བོར་གྱུར་པའི་སྟེར་ཆ་བྱུང་། མ་ཏི་དགོན་གསར་བཀྲ་ཤིས་ཆོས་འཕེལ་ནས་ར་རྩ་དབོན་པོ་ཤེས་རབ་ཡོན་ཏན་གྱིས་གཙོས་ར་ཁྱུང་གཉིས་ཀྱིས་རྟ་བཅུ་དྲུག་སོགས་བརྒྱ་འབུལ་ཕྲག་གཉིས། ཧན་སྟག་ལུང་བླ་དཔོན་གྱིས་སྨན་བླའི་སྐུ་རྒྱ་ནག་མ། དྲིལ་བུ་སྦུག་སིལ་གྱིས་གཙོས་པའི་བརྒྱ་ཕྲག་ཏུ་ལོངས་པ་བསྟར། ཚེས་བདུན་ཕྱི་མ་ལ་སོག་པོ་ས་ག་སྡེ་པའི་སར་ཕྱིར་སློག་པའི་འབྲས་མོ་ལྗོངས་དང་བོད་ཀྱི་གནས་ཆེན་ཚོར་བསྟན་འགྲོའི་བདེ་ཐབས་སུ་བུམ་གཏེར་སྦ་བའི་བསྐུལ་མའི་ཡི་གེ་ཞིབ་རྒྱས་ཕུལ། རོང་པོ་རབ་འབྱམས་པ་བསོད་ནམས་བཀྲ་ཤིས། ཟི་ན་ནང་སོ། མཛོ་མོ་མཁར་པ། སྐུ་འབུམ་བླ་མ་གྲ་བཅས། སྐུ་འབུམ་ར་སྒོ་རབ་འབྱམས་པ་སོགས་འོངས་ཏེ་རྟ་ལྔ་བརྒྱ་ལྷག །སྤུ་གནག་བཞི་བཅུ་སྐོར། ཇ་གོས་དར་གྱི་དངོས་པོ་བསྟར། བྲག་ཏི་རྟ་འབུལ་བས་བཞེངས་པའི་རྒྱལ་པོ་བཀའ་འབུམ་དང་རྟེན་ཁ་ཤས་ལ་མེ་ཏོག་གཏོར། འབུལ་དཔོན་ཆོས་རྗེ་དང་ཆོག་ཐུ་ཇའི་སང་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་སྤྱན་རས་གཟིགས་ཕྱག་བཞི་པའི་རྗེས་གནང་བྱས། མདོ་པ་དབོན་པོ་ཆེ་ཆུང་གིས་གཙོས་པའི་བསྙེན་རྫོགས་བདུན་ཅུ་ལྷག་བསྒྲུབས། སེ་ཆེན་ཧུང་ཐའི་ཇིས་ཁྲི་གསར་དུ་བརྩིགས་པའི་སྟེང་དུ་བོས་། རྟ་སྟོང་ཕྲག་གཉིས་ཀྱིས་ཐོག་དྲངས་པའི་ཁྲི་འབུལ། བླ་མ་བཙན་པོས་རྟ་ལྔ་བརྒྱས་གཙོས་པའི་སྟོང་འབུལ། ཐོ་ཡོན་བླ་མས་དངུལ་མདོང་ལྔས་སྣ་དྲངས་པའི་བརྒྱ་འབུལ་རྒྱས་པར་བསྟར། དགོན་ལུང་སྐུ་འབུམ་གྱི་གྲ་པ་སོགས་སྐྱ་སེར་ཁྲིར་ཉེ་བ་ལ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་ཉེ་བརྒྱུད་ཀྱི་སྤྱན་རས་གཟིགས་


GLG005_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྗེས་གནང་བྱས། འདི་ཁྲོད་ནས་འགའ་རེས་གསང་འདུས་དང་འཇིགས་བྱེད་ཀྱི་རྗེས་གནང་དགོས་ཚུལ་ནན་ཆེ་ཙམ་ཟེར་བ་དེ་འདྲའི་སྲོལ་མེད་ལབས་རུང་སྟོང་སྐོར་སྤྲུལ་སྐུ་རྒྱལ་བ་རྒྱ་མཚོ་སོགས་མཛད་མཁན་ཁ་ཤས་བྱུང་ཚོད་ནས་བདེན་པར་མི་བརྩི་ཡང་བདག་བསླུས་ནི་བྱེད་མ་ནུས། སྒྲུབ་ཐབས་བརྒྱ་རྒྱམ་དུ་ཧེ་རུ་ཀ །གཤིན་རྗེའི་གཤེད་དམར་ནག་སོགས་དང་སྣར་ཐང་བརྒྱ་རྩར་མི་འཁྲུགས་པའི་རྗེས་གནང་འདུག་པ་ནི་པཎ་གྲུབ་ཁྱད་པར་ཅན་ལ་ཡི་དམ་ལྷས་གནང་བའི་དམིགས་བསལ་ཡིན་གྱི་དེ་དག་གིས་དཔལ་འཛིན་དང་བིཪྺ་པའི་གཤེད་དམར། རྭ་བའི་དགྲ་ནག །བྱ་རྒྱུད་དང་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་མི་འཁྲུགས་པའི་གོ་ག་ལ་ཆོད། པཎ་ཆེན་བཟང་བཀྲས་དང་ཀར་འབྲུག་འདྲས་རྡོ་རྗེ་འཕྲེང་བའི་དབང་ཚོས་སོ་སོའི་ཟུར་བཀའི་གོ་གཅོད་པའང་ཆོ་གའི་ཆིངས་དང་བརྒྱུད་པ་མི་འདྲ་བས་རྣམ་དབྱེ་མ་དོད་པའི་ནག་རྟགས་ཕྱིར་ཤར། སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ། སྣར་ཐང་བརྒྱ་རྩ་སོགས་གཅིག་གོ་གཅིག་གིས་ཆོད་པར་གྲགས་པའང་དེ་དག་ལ་རྗེས་གནང་མང་ཉུང་གི་ཁྱད་པར་ཡང་ཆེ་ཞིང་བརྒྱུད་པ་དང་བསྐུར་ཚུལ་གྱི་ཆིངས་གཏན་ནས་མི་འདྲ་བས་ཉ་དང་ཉུང་མ་བསྲེས་ན་དེ་ལས་གཞན་པ་སྐྱིད་ཤོད་པའི་སྐད་བཅོས་ལྟར་ན་འབྱོར་དང་སྦྱར་མས་བསྟན་པ་འཇིག་མི་དགོས་པ་སྣང་ངོ་། །ད་ལའི་ཀུན་ཅི་རྒྱལ་མོས་གུར་སྔར་མ་གྲགས་ཐོག་གསུམ་བརྩེགས་གཞལ་ཡས་ཁང་གི་དབྱིབས་འདྲ་བ་ཁྲི་ཅོག་དང་བཅས་བཟོས་པའི་ནང་དུ་ཇའི་སང་བི་ཆི་ཡེ་ཆིས་ཡོང་དགོས་ཚུལ་ལྟར་ཕྱིན། ཨ་ག་དགེ་ཚུལ་གྱིས་གསུང་རབ་གསར་བཞེངས་ལ་མེ་ཏོག་གཏོར། སྒར་ས་འདི་ཐོག་དགོན་ལུང་པ་དང་བླ་མ་བཙན་པོའི་གྲ་པ་གཞན་མའི་


GLG005_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་འདུས་ཀྱི་རིགས་བསྡོམས་པ་བསྙེན་རྫོགས་ཕྱེད་སུམ་བརྒྱ་དང་དགེ་ཚུལ་ཕྱེད་ཉིས་བརྒྱ་བསྒྲུབས། ཤེས་རབ་བླ་མ། ཨ་ག་ཤི་པ་གན་ཆ། ཇའི་སང་བི་ཆི་ཡེ་ཆི་ཅན་གྱིས་གོས་དར་རྟས་གཙོས་པའི་བདོག་པ་བསྟར་ཁོང་རྣམས་དང་ལྷན་དུ་ཆུ་ལུམ་ཐའི་ཇི། ཇའི་སང་གུ་ཤྲི། ཐ་སོར་ཁའི་ཅན་ལ་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། ཞིང་སྐྱོང་ནང་སོས་བཞེངས་པའི་ཞལ་ཐང་གསར་རྙིང་དང་བྱ་ཁྱུང་ཆོས་རྗེས་དངུལ་ལས་གྲུབ་པའི་བཀའ་འགྱུར་གསར་བསྐྲུན་ལ་མེ་ཏོག་གཏོར། བླ་མ་བཙན་པོའི་ངོར་རིང་འཚོ་དང་བོད་དུ་མྱུར་བར་ལྡོག་པའི་ཚིགས་བཅད། གྲགས་རྒྱལ་མ་དང་གནས་ཆུང་ཆོས་རྒྱལ་གྱི་གསོལ་མཆོད་རྣམས་བརྩམས། ཁོང་གིས་དགོན་གསར་གཉིས་ལ་དགའ་ལྡན་ཆོས་འཁོར་གླིང་དང་དམ་ཆོས་གླིང་ཞེས་མིང་བཏགས། བླ་མ་དང་ཨེར་ཏེ་ནི་དའི་ཆིན་གཉིས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་ཕྱག་དྲུག་པ་རྗེས་གནང་བར་ཆད་ཀུན་སེལ། སྟོང་འཁོར་སྤྲུལ་སྐུ་མདོ་རྒྱུད་རྒྱ་མཚོ། སྐུ་འབུམ་ཆོས་རྗེ། མེརྒན་ཇི་ནོང་། ཨེར་ཏེ་ནི་དའི་ཆིན། ཨ་ག་དགེ་ཚུལ། ཞིང་སྐྱོང་ནང་སོ་སོགས་ཉིས་བརྒྱ་སྐོར་ལ་སྨེ་བརྩེགས་དང་ཛམ་བྷ་ལ་སེར་པོའི་རྗེས་གནང་བྱས། ཐང་སྔགས་རིངས་ཀྱི་སྐུ་སྐྱེ་གྲ་བཅས་སུམ་བརྒྱ་བརྒལ་བ་འབྱོར་གསེར་སྲང་བཅུ་གསུམ། རྟ་བརྒྱ་ཙམ་དང་ཤེར་དཔལ་ཐས་ཀྱི་ཚ་བོས་དངུལ་སྲང་ལྔ་བརྒྱས་ཐོག་དྲངས་པར་བྱིན། པདྨ་སྐུ་སྐྱེ་དང་དཔོན་ཁག་རྣམས་ལ་སྤྱན་རས་གཟིགས་དང་ཕྱག་དྲུག་པ། ཨེར་ཏེ་ནི་དའི་ཆིན་ལ་སྒེར་དུ་ཁྱུང་ཁྲའི་རྗེས་གནང་བྱས། བྱ་ཁྱུང་སྐུ་འབུམ་དགོན་ལུང་སོགས་ནང་ཕྱོགས་ཀྱི་


GLG005_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་པ་རགས་རིམ་ལ་རྟ་དང་དངུལ་འགྱེད། སྒར་ནང་གི་གྲ་ཚང་ཁག་བདུན་གྱི་གྲ་པ་རེར་རྟ་རེ་དང་ལག་དོ་སྒེར་གཡོག་བཅས་པ་གཉིས་དབར་ལ་རྟ་རེའི་འགྱེད་བཏང་། གསེར་ཞོ་སྟོང་ཕྲག་ལྷག་དང་རྟ་བརྒྱད་བརྒྱ་ཙམ་སྡེ་པའི་སར་སྐྱེལ་བར་ལྷ་བཙུན་ཆུང་བའི་མི་བཟང་དྷརྨ་ཁི་ཡ་ཐའི་ཇི་བཏང་བའི་ཞར་བྱུང་དུ་བསྟན་འཛིན་ཆོས་ཀྱི་རྒྱལ་པོར་མཚམས་འདྲིའི་ཡི་གེ་ན་བཟའ། སེར་འབྲས་རྒྱལ་གསུམ་གྱི་སྤྱི་སོ་སོ་སོར་དངུལ་སྲང་བརྒྱ་རེ། ཁྱབ་བདག་བླ་མ་ཟུར་ཆེན་ཆོས་དབྱིངས་རང་གྲོལ་དང་རྡོ་རྗེ་འཆང་བཀའ་འགྱུར་བ་གཉིས་ལ་ཞུ་འཕྲིན་དངུལ་གྱི་རྟེན་སྦྲགས་རྣམས་ཕུལ། འདི་ནས་བཟུང་གོང་ནས་ལུང་གནང་བའི་ཕོགས་ཁལ་རྟས་སོ་སོའི་འབད་རྩོལ་ལ་བལྟོས་པའི་གཡེང་བ་རང་སར་གྲོལ། ཚེས་བཅུ་བདུན་གྱི་ཉིན་ཨོ་རོད་ཀྱི་དཔོན་ཁག་རྣམས་ཀྱི་སྐྱེལ་མ་དང་བཅས་བོ་རོ་ཆུ་འགག་ནས་བཏེག་ཡོ་ལེ་ཐུར་བསྡད། ནང་པར་སེ་ཆེན་ཧུང་ཐའི་ཇིའི་དཔོན་མོས་མུ་ཏིག་གིས་བརྒྱན་པའི་འཕན་ལྔ་དང་རྒྱ་གླིང་ཤུབས་བཅས་ཤིག་བྱུང་། དཔོན་མོ་དང་མགོན་པོ་ཚེ་དབང་གཉིས་ཕྱིར་ལོག །ལྗོན་ཤིང་གནམ་ལ་སྙེག་པ་འདྲ་བའི་ནགས་རོང་བརྒྱུད་ཆ་གན་ཐོ་ཁོའི་ཞེས་པའི་ནགས་སྦུག་ཤིག་ཏུ་བསྡད། སང་རི་ཀླུང་ཀུན་ལྕགས་རིས་སྦྲེལ་བ་ཚ་རྔམས་སྲིན་པོའི་རྒྱལ་པོའི་ལངྐ་མགྲིན་བཅུའི་གྲོང་ཁྱེར་འདྲ་བའི་རྒྱའི་ལྕགས་རི་ཕྱི་མའི་ནང་བརྒྱུད་ལམ་དུ་གོ་སྐྱ་མཁར་གྱི་མི་དཔོན་འོངས་ཏེ་ཤིང་འབྲས་གྲོ་ཕྱེའི་ཟས་སྣ་ཕག་ལུག་གི་ཤ་ཤིང་རྟ་འཁོར་ལོར་དྲངས་པའི་གུང་གི་དྲོ་ལ་བསྙེན་བཀུར། འདི་ནས་བཟུང་ཟན་ཉེན་ཇིང་ཟེར་བའི་མཁར་གྱི་བར་གྱི་ཡུལ་གྲུ་ཕལ་ཆེར་རི་ཀླུང་ཀུན་སྤང་ལྗོངས་དང་ནེའུ་གསིང་མར་གད་


GLG005_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བྱུགས་པ་ལྟ་བུར་ཡིད་དུ་འོང་ཞིང་ལྗོན་ཤིང་དང་ཟ་ཤིང་མེ་ཏོག་སྣ་ཚོགས་འཁྲིགས་པའི་སྐྱེད་ཚལ། གྲོང་དག་གྲོང་ཁྱེར་བཀོད་པ་འཆི་མེད་ཀྱི་ཡུལ་གྲུར་ཅོ་འདྲི་བ་ཤ་སྟག་སྣང་། རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོ་སྐུ་བལྟམས་པའི་གནས་ལུམྦའི་ཚལ་གྱི་རྗེས་སུ་འགྲོ་བ་སྐུ་འབུམ་བྱམས་པ་གླིང་དུ་འདུས་ཚོགས་རྣམས་ཀྱིས་མདུན་བསུས་ཏེ་འབྱོར། ཨོ་རོད་ཀྱི་དབོན་པོ་ཚེ་དབང་བསྟན་འཛིན་གྱིས་རྒྱ་ཁང་གསར་བརྒྱབ་ཅིག་འདུག་པ་བྱིན་བྱུང་བར་སྡོད་ས་བྱས། ཕྱི་ནང་གི་རྟེན་རྣམས་ཞིབ་པར་མཇལ། ཚོགས་ཆེན་གྱིས་རིང་པོར་འཚོ་བའི་བདེན་པ་བརྗོད་དེ་རྟེན་འབྲེལ་བསྒྲིགས། དགོན་པའི་མདུན་དུ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་བཞུགས་ཁྲི་ཞིག་འདུག་པ་དེར་བོས། སྤྱི་སྒེར་གྱིས་རྟ་བཅུ་གཉིས་ཀྱིས་གཙོས་པའི་གོས་དར་གསེར་དངུལ་ཇ་སོགས་ཀྱི་སྟོང་འབུལ་བྱས། རྒྱ་བོད་ཧོར་སོག་གི་ཁྲོམ་སྟོང་ཕྲག་ལྔ་ཙམ་ལ་བྱང་ཆུབ་ལམ་རིམ་ཆེན་མོ་ནས་ཆོས་ཐུན་གཅིག་ཞིབ་ཏུ་བཤད། ཁྲོམ་པ་རྣམས་ཀྱི་བློ་དང་བསྟུན་ཏེ་མེ་ཏོག་གཏོར། བསྟན་འཛིན་དང་དའི་ཆིན་གཉིས་ཀྱིས་བཞེངས་པའི་བཀའ་འགྱུར་ལ་ཤིས་པ་བརྗོད། ཚོགས་པ་ལ་མང་ཇ་དང་ཇ་དངུལ་གྱི་འགྱེད་བཏང་། ཞག་གཉིས་བསྡད་ནས་བཏེག་པའི་ཉིན་ཟི་ལིང་མཁར་གྱི་མི་དཔོན་བིའི་ཕུའུ་ཙང་། ཧོ་ཚན་ཙང་། ཐུང་ཡེ། བང་ཡེ་བཞི་རྟ་པ་བརྒྱ་ཕྲག་གིས་བསྐོར་ཏེ་བསུ་བར་འོངས། ཟི་ལིང་གི་ལྕགས་རིའི་འདབས་སུ་འབྱོར། དེར་ཁྲོམ་གྲངས་ལས་འདས་པ་ཚོགས་འདུག་ཀྱང་རྒྱལ་པོའི་ཐམ་ཀ་འབྱར་བའི་ཤིང་དང་ལྕགས་ཐག་གཉིས་ལག་པ་རེ་མོས་ཀྱིས་འཛིན་མཁན་ཞིག་


GLG005_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཡིན་འདུག་པར་བརྟེན་སྐྱེ་བོ་དེ་དག་རྒྱང་མིག་ལྟ་བ་ལས་འཁྲིས་སུ་བཅར་མི་ནུས་པར་སྣང་། འདི་ནས་བཟུང་ཤིང་རྟ་ལ་རྩྭ་ཤིང་རྣམས་དྲངས་ཏེ་རྒྱུགས་གཏོང་བའི་འགོ་བརྩམས། མི་དཔོན་གཉིས་ཀྱིས་རྒྱ་ལུགས་ཀྱི་བསྙེན་བཀུར་བྱས། ནང་པར་སུན་དོ་ལོ་སྟིའི་སུ་ཆང་། ཡེ་ཕུ་ཆང་། མན་ཙུན་མིན་གྱི་མི་གཉིས་རྣམས་ཕྲད་པར་བྱུང་། རྒྱ་མི་ཞིག་གིས་རྒྱལ་པོའི་གན་མཛོད་ཀྱི་དངུལ་སྲང་བཞི་བརྒྱ་སྐོར་ཞིག་བརྐུས་པའི་ཉེས་པར་བཙོན་རར་ལྕགས་ཀྱི་བཅིངས་པ་དངུལ་སྲང་སུམ་བརྒྱ་དང་རྟ་སོགས་སྤྲད་ནས་བླུས། རྒྱ་རྣམས་དངུལ་ལ་སྲེད་ཅིང་ཕན་སེམས་ཆུང་བས་བློས་མི་འཁྱུད་པ་ཙམ་གྱི་མཚར་དུ་བརྩི། དགའ་ལྡན་དར་རྒྱས་ཀྱི་ཁ་ཏོན་བྱེད་རྒྱུའི་ཚིགས་བཅད་ཅིག་བརྩམས། པཱ་རས་འབྲི་གུང་སྐུ་སྐྱེས་རྟ་ཉི་ཤུ་ཙམ་བྱིན། ཨོ་རོད་གྱི་དཔོན་པོ་ཚོ་དང་སྐུ་འབུམ་ཆོས་རྗེ་ཞིང་སྐྱོང་ནང་སོ་ཅན་ཕྱིར་ལོག །དེ་སྐབས་དཔོན་ཁག་རྣམས་ཀྱིས་ཁ་བཏགས་ཀྱི་གཡབ་མོ་དང་ཀུ་བརྒྱབ་ནས་རྟེན་འབྲེལ་བསྒྲིགས་པར་རྟ་ཁ་ཕྱིར་སློག་བྱས། བླ་ཆེན་དགོངས་བ་རབ་གསལ་གྱི་གདུང་བཞུགས་པའི་གཙུག་ལག་ཁང་དང་མི་རིང་བའི་ཆ་ཕེང་ཀྲུང་ཡི་རུར་བསྡད། མར་ཚ་དང་མི་སྐྱས་མཚོན་པའི་ཕྲད་མི་མང་དུ་བྱུང་། རྒྱ་མི་འཕན་གདུགས། རྒྱལ་མཚན། ཕེག་རྡོབ། གླིང་བུ་སོགས་རོལ་མོ་མི་འདྲ་བ་མང་དུ་འཛིན་པ་དང་བཅས་རྡོ་རྗེ་འཆང་གི་ལས་ཀ་ཡོད་པ་ཡིན་ཟེར་པའི་སྒྲོ་ཚང་ནང་སོའི་དགེ་འདུན་རྣམས་ཀྱིས་མདུན་བསུས་ཏེ་མི་པས་སུ་སླེབས།དེའི་མི་དཔོན་གྱིས་ཇ། ཤེལ་ཀར་ཤིང་ཏོག་ཤ་མར་གྱི་གཞིས་ལན་བཟབས། སྒྲོ་ཚང་ནང་སོ་དང་གྲ་རིགས་ཀྱིས་ཇ་གོས་དར་གྱིས་གཙོས་པའི་དངོས་པོ་སྟོང་དུ་ལོངས་པ་


GLG005_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དང་དགོན་ལུང་གྲ་ཡོན་རྣམས་ཀྱིས་རྟ་ཉི་ཤུ་སྐོར་བྱུང་། ཕྱོགས་དེའི་སྐྱེ་རྒུ་ཚོ་དད་པ་དང་ཨུ་ཚུགས་གཉིས་ཀ་འགྲན་པ་ལྟར་གྱུར་པས་ཡིག་དྲུག་གི་བཟླས་ལུང་དང་བྱིན་རླབས་བྱས། ཟམ་པ་རིང་པོ་དང་བཅས་པའི་མེན་པས་མཁར་གྱི་ཕྱི་རོལ་ཚོང་འདུས་ཀྱི་ལམ་སྲང་ཆེན་པོ་བརྒྱུད། ལོའི་ཀྭའོ་ཆང་གི་མི་དཔོན་ཙན་ཚེའུ་ཤུའུས་བསྙེན་བཀུར་ཞིང་སང་ཉེར་དྲུག་ལ་ཟབ་ཅིང་རིང་བའི་དཔྱ་འཕྲང་ཆེན་པོ་བརྒྱུད་དེ་བིང་ཀུར་གུང་གི་དྲོ་བསྟབས་པའི་ཐོག་པཱ་རས་སྟོང་ཤབ་སྐྱ་སེར་ཕྱེད་ཉིས་བརྒྱ་ལྷག་འོངས་ཏེ་རྟ་བཞི་བཅུ་ཙམ་བསྟར། གྲོང་ལང་མཁར་གྱི་མི་དཔོན་ཏེའི་དུང་། སེར་ལུང་སོགས་ཀྱི་རྟ་པ་སུམ་ཅུ་སྐོར་བསུ་བར་འབྱོར། ཏེའི་དུང་སེ་ར་ལུང་གི་གྲ་པ་ལྔ་བརྒྱ་བརྒལ་བའི་སེར་སྦྲེང་དང་བཅས་སི་རི་ཏེའི་དུང་དུ་སླེབས་ཐོག་མི་དཔོན་ལི་ཕང་ཤུའུས་རྒྱ་ལུགས་ཀྱི་བསྙེན་བཀུར་བསྟབས། ཏེའི་དུང་ནང་སོ་བཟོད་པ་རིན་ཆེན་དང་དབོན་པོ་ཤེས་རབ་གྲགས་ཀྱིས་གོས་ཡུག་བརྒྱ། ལ་བྲེ། རྟ་སྒ་བཅས། སེ་ལུང་དགོན་པ་བ་དང་ཏེའི་དུང་དགོན་པ་ཆོས་རྗེ་ཀླུ་སྐྱབས་ཡོན་མཆོད་བསྡོམས་པས་རྟ་དྲུག་ཅུ་ཙམ། ཐང་རིང་གྲ་ཚང་སྤྱི་སོ་སྐུ་སྐྱེ་གཉིས་དང་བཅས་པས་གསེར་ཞོ་ཕྱེད་ཉིས་བརྒྱས་ཐོག་དྲངས་པའི་གོས་དར་རྟས་གཙོས་པའི་བདུན་བརྒྱར་ལོངས་པ་བཏེག །སང་ཉིན་སུག་ཆུ་སོགས་ཐག་རིང་གི་སྐྱེ་བོ་མང་དུ་འདུས་ཤིང་མདོ་པ་གུ་ཤྲིས་གཙོས་པ་རྣམས་ལ་བྱིན་རླབས་བྱས། ཆུ་ཆེན་པོའི་ཟམ་པ་བགྲོད་པའི་ཉེ་འདབས་རྟ་འཇམ་དུ་གྲོ་ལང་མཁར་གྱི་བིང་ཡེ། ཐུང་ཡེ། ལུའུ་ཚན་ཙང་གསུམ་གྱིས་རྒྱ་ལུགས་ཀྱི་བཞེས་སྤྲོའི་རིམ་པ་བསྟར། ཡས་ཕྱིན་གྱི་དགོན་


GLG005_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཁག་ནས་བསྙེན་རྫོགས་ཞེ་གསུམ། དགེ་ཚུལ་གྱ་དྲུག །རབ་བྱུང་བརྒྱད་ཅུ་རྣམས་བསྒྲུབས། དེ་ཉིན་གུང་གི་དྲོ་ལ་ཆུ་མེད་པར་རྟ་འཇམ་དང་ཞིང་འདྲེན་གྱི་ཤིང་རྟས་ཆུ་དྲངས། གྲོང་ལང་མི་དཔོན་གྱིས་ཕྱི་པ་ཁ་རློན་པ་དང་གོ་བ་ཞེས་པའི་ཤིང་འབྲས་བྲེ་གང་ཤོང་བའི་བུམ་པའི་བོངས་ཚོད་ཙམ་གྱིས་མཚོན་པའི་ཟས་སྣ་དྲངས། གྲོང་ལང་མཁར་གྱི་མི་དཔོན་གྱིས་དཀར་གུར་ཆེན་པོ་ཞིག་ཕུབ་ནས་ཐབ་བསུ་བྱས། ས་མདོག་དམར་པོ་ཡོད་པའི་ལམ་གྲོང་སྦུབས་རིང་བརྒྱུད། གཡས་གཡོན་དུ་ཕྱར་དར་འཛིན་མི་དང་དབུས་སུ་རོལ་མོ་སྣ་ཚོགས་ཐོགས་པའི་རྒྱ་མི་རྟ་ཞོན་གྱི་མདུན་བདར་ཏེ་གྲོང་ལང་མཁར་གྱི་ཉེ་འདབས་སུ་སྒར་ཕབ། མི་དཔོན་གསུམ་གྱིས་གྲོ་ཕྱེའི་ཟས་སྣ་ཚོགས་དང་བྱ་ཕག་སོགས་བྱུང་བར་སྲོག་ཆགས་རྣམས་ཚེ་ཐར་ལ་བཏང་། མི་དཔོན་རྒན་པར་བེར་གོས་ཡུག །གཞོན་པ་ལུའུ་ཚན་ཙང་གིས་ཁ་བཏགས། དཀར་ཡོལ་སྟེགས་བཅས། ཐུར་མ། བཤའ་ཚེའི་སྡེར་མ་བརྒྱད། གོས་ཡུག །རྟ་སྒ་བཅས་སོགས་བྱིན་ཅིང་རྟ་མགྲིན་གྱི་རྗེས་གནང་བསྐུར་དེར་བཅག་མལ་ཞིག་བྱས་ནས་ཉེར་བརྒྱད་ལ་ཕིང་ཏིང་ཆང་དུ་སླེབས། མི་དཔོན་ཡུའུ་སྐྱི་ཡི་བསྙེན་བཀུར་བྱས། རྒྱ་དོར་རྟ་དཔོན་གཡོག་དྲུག་ཅུ་སྐོར་འབྱོར་བའི་དངུལ་གྱི་ལྟེ་རི་ཇ་ཚགས་ཆབ་རིལ་མཎྜལ་གོས་དར་རྟ་སྒ་བཅས་ཀྱིས་གཙོས་པའི་རྒྱ་འབུལ་བཏེག །ཉི་མ་སྔ་རྟིང་ཚོར་པཱ་རས་མང་བ་རིམ་པར་བྱུང་བས་རྟ་བརྒྱ་ལྷག་ཙམ་བསྟར། ཡིག་དྲུག་གི་བཟླས་ལུང་དང་བྱིན་རླབས་ཀྱིས་བློའི་རེ་བ་བཀང་། བླ་མ་བཙན་པོའི་གྲ་པ་རྣམས་ཀྱིས་བསྐུལ་བར་བརྟེན་ཆོས་རྗེའི་གསོལ་འདེབས་ཤིག་བརྩམས། གྲོང་ཁྱེར་ཆེན་པོ་ལྕགས་རིས་


GLG005_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བའི་ཉེ་འགྲམ་ཟན་ཡོན་ཙང་དུ་འོར་དུས་སུའི་བ་ཐུལ་རྡོ་རྗེ་འབུམ་སོགས་ཀྱིས་རྟ་བརྒྱ་ཕྲག་གིས་གཙོས་པའི་སྟེར་ཆ་དང་གྲོང་ལང་གི་ཨུ་པ་ལ། ཟུང་ཟན་ཤུབྷི། བྷི་རྒྱ་ཡིང་ཤུ་བྷི་གསུམ་གྱི་གོས་ཡུག་གསུམ་དང་ཤིང་འབྲས་བཏེག །རྡོ་ཁྲི་ཞིག་འདུག་པའི་སྟེང་ནས་པཱ་རས་དང་རྒྱ་མི་མང་པོར་སྤྱན་རས་གཟིགས་ཀྱི་རྗེས་གནང་བྱས། ལམ་དུ་པཱ་རས་བཟང་པོ་རྒྱལ་མཚན་གྱིས་རྟ་སུམ་ཅུ་ཙམ་བྱུང་། ཧོར་ཟླ་དགུ་པའི་ཚེས་གསུམ་ལ་ལམ་བར་དུ་ཤིང་གི་སྒོ་དང་རི་ངོས་ལ་འོབས་ཆེན་པོ་བཤར་ཅིང་གཡས་གཡོན་གྱི་རི་རྩེར་ལྗོན་ཤིང་བྱ་ར་ལྟ་བ་ལྟ་བུ། རི་སུལ་གྱི་སྐབས་འགར་ནགས་ཚལ་ཡོད་པའི་རྩྭ་བཟང་ཞིང་ཆུ་མེད་པའི་སྦུབས་བརྒྱུད། ལ་ལར་རི་སྐེད་ཀྱི་སྲུབས་ལ་ནགས་ཚལ་དང་གྲོང་ཁྱེར་སྐམ་ཙེག་གེ་བ་འདྲའི་ཉེ་འགྲམ་ས་ཁད་ཡངས་པ་མན་ཇུའི་སའི་ཆར་གཏོགས་པ་ཡང་ཐའི་ཆིང་དུ་འབྱོར། པཱ་རས་ཀྱི་བསྙེན་རྫོགས་ཞེ་ལྔ། དགེ་ཚུལ་ལྔ་བཅུ་སྐོར་བསྒྲུབས། དེའི་སང་ཉིན་གོང་ནས་ནོམ་ཆི་བླ་མ། ཁི་ཡ་གཅིག །ཇང་གི་དང་བཅས་འབྱོར་བའི་བཀའ་ཤོག་མུ་ཏིག་གི་འཕྲེང་བའི་གནང་སྐྱེས་སྤྲད། དེའི་སང་སོག་པོ་རྣམས་སྒོ་བོར་འབོད་པ་རྩ་ཆུ་མེད་པའི་ཐང་ཆེན་པོ་བརྒྱུད་ལྕགས་རིའི་ཕྱིར་ཐོན། ལུ་ཐང་གི་སའི་ཆ་ཡིད་ཕན་སྲུ་ཟེར་བ་རྒྱལ་ཏ་དང་ཙི་ཏོའི་ཤིང་ཕྲན་གྱི་ནགས་ཡོད་སར་སླེབས། ཚེས་དྲུག་ལ་ཆུ་མེད་པའི་སྟབས་ལེ་དབར་བརྒྱ་བཞི་བཅུ་བཅད་དེ་ཉིང་ཞའི་ཆ་ཆང་ལུའི་སྲིར་འབོད་པའི་གྲོག་གཞུང་འདམ་གྱི་གང་བའི་གསེབ་ལ་བྱ་དང་སྦྲུལ་དཀར་ཁྲ་མང་དུ་ཡོད་པ་ཞིག་ཏུ་བསྡད། ནོམ་ཆི་བླ་མ་དང་ཁོ་ལོ་སྐུ་སྐྱེ་ལ་ཕྱག་དྲུག་པའི་དབང་


GLG005_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། ཞག་བཞི་བཅག་མལ་བྱས་ནས་གོང་དུ་འབུལ་རྒྱུའི་ཞུ་ཡིག་རྟེན་བཅས་གྲ་བསྒྲིགས་པའི་གསེར་ཡིག་པ་རྣམས་རྫོང་བདའ་བྱས། ཚེས་བཅུའི་གུང་ཚིགས་སར་ཆ་ཁར་ཐ་ཡན་ཆི། ཆ་གན་ཐ་ཡན་ཆི། བནྡེ་ཐ་ཡན་ཆི་གསུམ་གྱིས་རྟ་རྔ་མོང་བཞི་བཅུ་ལྷག་བསུ་བའི་ཚུལ་དུ་སྐྱེལ་མི་བཏང་། ཉིང་ཞ་མཁར་གྱི་སྐྱའོ་ཟེར་བས་གཉའ་བ་ནས་བཏེག་པའི་ཁྲི་དང་སྡོད་ཁང་རྒྱ་ཕིབས་ཅན་ཆུ་སྲིན་གྱི་མགོ་འཕྱང་བ། ལས་ཞྭ་དམར་པོ་གྱོན་པའི་ཕྱར་དར་དང་རོལ་མོ་ཐོགས་པས་མདུན་བསུས་ཏེ་དྲུང་ཝིར་སླེབས། དེའི་མི་དཔོན་གཉིས་དང་ཉིང་ཞའི་ཏུའུ་ཡེ་ཙོང་ཡེ་ཞྭ་ལ་རིན་པོ་ཆེའི་ཏོག་དང་ལས་གོས་གྱོན་པ་གཉིས་ཀྱིས་གཙོས་དཔོན་གཡོག་བརྒྱ་སྐོར་འོངས་པའི་རྒྱ་ལུགས་ཀྱི་སྟོན་མོ་བཟབས་པར་བཏང་། གོང་ནས་མགྲོན་གཉེར་མ་ཎི་བའང་འཁོར། ཞག་གསུམ་བསྡད་དེ་ཚེས་བཅུ་གསུམ་ལ་དྷི་རི་སུ་ཁུ་ངོ་མཁར་སོ་ཕག་གི་ལྕགས་རི་དང་ལྗོན་ཤིང་གིས་བརྒྱན་པའི་འགྲམ་བརྒྱུད། ཇིན་ལུ་ཕུའུར་སླེབས་ཐོག་ཆ་གན་དར་ཁན་ཆོས་རྗེས་གཙོས་གོང་གི་མི་སྣ་རྣམས་ཀྱིས་རྟ་རྔ་མོང་བསྡོམས་པ་བཞི་བཅུར་ཉེ་བ་བསྟར། སྨན་སྒོམ་འབྲང་རྒྱས་པའི་ངོར་སྙིང་པོ་དོན་གསུམ་གྱི་བརྒྱུད་འདེབས་བྲིས་ཏེ་ལུང་བྱས། ལྗང་དབོན་པོས་བསྐུལ་ནས་གསོལ་འདེབས་ཤིག་བརྩམས། རིམ་གྱིས་ཕྱིན་པའི་ཤི་གོང་ཟི་ཟེར་བའི་མཁར་གྱི་ཉེ་འདབས་སུ་བསྡད། མི་དཔོན་ཕང་ཤུའུས་རྒྱ་ལུགས་ཀྱི་ཟས་སྣ་དྲངས། དེའི་ཁད་ཉི་ཤི་གོང་ཟིའི་གཙུག་ལག་ཁང་མི་གཅིག་གིས་ཉི་མ་བཅུ་གཅིག་ལ་གྲུབ་པར་གྲགས་པ་རྒྱ་ཕིབས་དང་བཅས་པ་ན་ཐུབ་པའི་སྐུ་རང་བྱོན་གཞུ་འདོམ་དོ་ཚད་


GLG005_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དང་གད་ལོགས་ཀྱི་ཕུག་པར་དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་སོགས་ཁ་ཡར་འདུག་པ་རྒྱང་ལྟས་ལས་ནང་དུ་ཕྱིན་པའི་མཇལ་མ་ཐུབ། ཡུལ་ལྗོངས་ཁ་ཡར་བརྒྱུད་ནས་ཇང་ཡེ་ཕུ་ཟེར་བའི་གྲོང་ཁྱེར་གྱི་འཁྲིས་ན་ལྷ་ཁང་ཞིག་སྣང་བའི་ཉེ་འགྲམ་དུ་སླེབས། རྒྱ་མི་བདུན་གྱིས་ཤིང་འབྲས་རིགས་མི་གཅིག་པ་དུ་མ་ཁྱེར་ནས་འོངས། ཙོ་ཡོན་ཕུ་ཟེར་བའི་མཁར་ཆུང་ཞིག་གི་མི་དཔོན་ཚའོ་ཤུས་བསྙེན་བཀུར། ཚེས་བཅོ་བརྒྱད་ལ་སྔོན་སངས་རྒྱས་ཀྱིས་ལུང་བསྟན་པའི་གླང་རུ་ལུང་བསྟན་གྱི་གཙུག་ལག་ཁང་མཆོད་རྟེན་གོ་མ་ས་ལ་གནྡྷ་ར་རྒྱ་རྣམས་ཀྱིས་ངོས་འཛིན་པ་དེ་ཆུ་ཕ་རིའི་སར་མིག་རྒྱང་གང་གི་ཚོད་ན་ཡོད་པ་ཀོང་ཝུའ་ཞེས་པའི་མཁར་དང་མི་རིང་བར་བསྡད། དེའི་མི་དཔོན་ཞྭའི་ཏོག་ཤེལ་ལས་གྲུབ་པ་ཡུའུ་སྐྱི་ཟེར་བས་སྟོན་མོ་དང་གོས་ཡུག་མཐིང་ཁ་སོགས་ཀྱི་སྟེར་ཆ་བྱས། ཡུའི་ཚེན་ཡང་མཁར་གྱི་མི་དཔོན་ལས་ཞྭ་དང་ལས་གོས་གྱོན་པའི་ཚན་ཙང་ཡེས་སྟོན་མོ་བཏང་། གྲོང་དང་གྲོང་ཁྱེར་མང་དུ་བརྒྱུད་ནས་སྤྱན་རས་གཟིགས་ཀྱི་གཙུག་ལག་ཁང་གཡུ་ཐོག་ཅན་གྱི་ཉེ་འདབས་སུ་དྲོ་བསྟབ་པའི་སར་རྒྱ་བན་གཉིས་འོངས་པའི་ཡིག་དྲུག་འདྲེན་ཅིང་རྒྱུན་དུ་ན་མོ་ཨ་མི་ཏ་བྷཱ་ཡ་འདོན་གྱིན་ཡོད་འདུག་ཅིང་རྒྱ་བན་རྒྱ་གོས་ནག་པོའི་སྟེང་དུ་སྣམ་སྦྱར་ནག་པོ་གྱོན་ནས་སངས་རྒྱས་པར་ཁས་འཆེ་བའང་ཁ་ཤས་བྱུང་། ཉིང་ཞའ་མཁར་ལྕགས་རི་ཤིན་ཏུ་རྒྱ་ཆེ་བའི་གྲོང་ཁྱེར་ནང་དུ་མཆོད་རྟེན་དཀར་པོ་ཞིག་དང་དྲིན་གཟོའི་ལྷ་ཁང་དུ་གྲགས་པའི་གཙུག་ལག་ཁང་གཡུ་ཐོག་ཅན། ལྕགས་རིའི་ཕྱིར་སངས་རྒྱས་མར་མེ་མཛད་ཀྱི་སྐུ་ཆོས་དང་ལྷུང་


GLG005_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བཟེད་ཡོད་པའི་མཆོད་རྟེན་གཙུག་ལག་ཁང་དང་བཅས་པ་སོགས་ཀྱི་འགྲམ་བརྒྱུད། ནགས་ཚལ་འཐུག་པོའི་བར་དུ་ལམ་སྣམ་བུ་བརྐྱང་བ་འདྲ་བ་ལ་འོངས་ཏེ་ཇིང་ཆུ་ཕུ་ཟེར་བའི་མཁར་ཆུང་ཞིག་གི་འགྲམ་དུ་སླེབས། ཉིང་ཞའ་མི་དཔོན་གཉིས་ཀྱིས་གསེར་གྱི་སྤོས་ཕོར། དངུལ་གྱི་སྡེར་མ་བཞི། གོས་ཡུག་བཞི། གོས་གདན་གྱིས་གཙོས་པའི་སྟེར་ཆ་རྒྱས་པར་བསྟར། རྒྱའི་གྲོང་ཁྱེར་རྣམས་སོ་ཕག་གི་ལྕགས་རི་ལ་ཟུར་ལྕོག་དང་སྒོ་སྤེ་ཤིང་བརྩེགས་མཐོན་པོའི་འཕྲུལ་གྱིས་བཏེག་པའི་རྒྱ་ཕིབས་ངོ་མཚར་བ་ཡོད་ཅིང་མཁར་གྱི་སྲང་མདོ་བརྒྱུད་པ་ཕལ་ཆེར་ལ་ཁྲོམ་མང་པོ་ཚོགས་པའི་ལ་ལ་སྤོས་ཆག་བཟུང་ནས་དུད་པ་སྦྲེང་བ་དང་འགའ་ཞིག་ལྟད་མོ་དང་ཕྱག་འཚལ་བ། ཅོག་ཙེའི་སྟེང་དུ་མེ་ཏོག་དང་བཟའ་བཅའི་རིགས་སོགས་བཟུང་སྟེ་སྡོད་པའི་རྣམ་འགྱུར་སྣ་ཚོགས་མཐོང་། ཧོར་ཟླ་དགུ་པའི་ཉེར་གཅིག་གི་ཉིན་རྨ་ཆུར་གྲགས་པ་ཡར་རྒྱབ་གཙང་པོ་ལས་སུམ་འགྱུར་གྱིས་ཆེ་བ་གནམ་སྔོན་ཞུན་མ་ལྟ་བུར་དམར་བའི་མདངས་ཆགས་པ་དེར་རྒྱའི་གྲུ་རྫིངས་ཐོག་གཉིས་མ་ཤིན་ཏུ་ཆེ་བ་རྣམས་བཏང་ཏེ་ཆུ་ཕ་རིར་བརྒལ། ཉིང་ཞའ་མི་དཔོན་གཉིས་སྐྱེལ་མར་འོངས་པ་འདི་ནས་ཕྱིར་ལོག་གདོང་རྒྱ་ལུགས་ཀྱིས་བསྙེན་བཀུར། འོར་དུས་སུའི་ས་ཁུལ་ཞྭ་ལྡན་དུ་ཨ་ཁའི་བླ་མ་ཅན་སེར་མོ་བ་བརྒྱ་ཕྲག་དང་ཤན་ཏ་པའི་ལིས་གཙོས་པའི་འོང་དུས་ཀྱི་བསུ་མི་ལྔ་བརྒྱ་ཙམ་འབྱོར། ཤན་ཏ་པའི་ལིས་གསེར་གྱི་མཎྜལ། རྟ་རྔ་མོང་བརྒྱ་ཕྲག་ལྷག་པ། རིན་ཆེན་དཔལ་བཟང་གི་བླ་མས་གོས་དར་དངུལ་སོགས་ཀྱི་བརྒྱ་འབུལ། ཨ་ཁའི་བླ་མ་ཅན་དང་ཐ་ཡན་ཆི་རྣམས་ཀྱིས་རྟ་རྔ་མོང་ཕྱེད་ཉིས་བརྒྱ་སྐོར། གསེར་དངུལ་


GLG005_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཇ། བཟའ་བཅའི་རིགས། ཉིང་ཞའ་དཔོན་ཆུང་དྲུག་གིས་གོས་དར། དཀར་ཡོལ། ལང་ཇུའི་མི་དཔོན་གྱིས་ཤིང་འབྲས་ཀྱི་དོ་བོས་སྣ་དྲངས་པའི་བདོག་པ་ཇི་སྙེད་ཅིག་སྤུངས། དར་ཁན་ནོ་ཡོན། ཤ་ཇི་དྷ་ར། ཤེས་རབ་བླ་མ། ཨ་ཁའི་བླ་མ་ཅན་ལ་འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་བྱས་ཤིང་གཟུངས་སྔགས་བརྒྱ་རྩ་འདྲེན་པའི་དམ་བཅའ་བླངས། ཨར་ཁའི་བླ་མའི་སྡེ་ཚན་སེར་མོ་བ་རྣམས་ཀྱིས་སྒར་དམངས་ལ་ཇ་སྐོལ་ཞིང་དར་འགྱེད་བཏང་། ཉེར་གསུམ་ལ་གོང་དུ་ཞུ་ཡིག་རྟེན་དང་བཅས་ཤ་ཇི་དྷ་ར་ཕྱིར་སློག །འོར་དུས་སུའི་ཆུ་ཁར་ནོ་ཡོན། ཀླུ་སྐྱབས་ཐའི་ཇི་ཅན་བརྒྱ་ལྷག་ལ་སྤྱན་རས་གཟིགས་ཕྱག་བཞི་པ་དང་ཤན་ཏ་པའི་ལིར་རིགས་གསུམ་མགོན་པོའི་རྗེས་གནང་བྱས། ཤན་ཏ་པའི་ལིའི་ནུ་བོ་སྦྱིན་པ་རིན་ཆེན་གྱིས་བསྙེན་རྫོགས་བསྒྲུབས། གོང་ནས་ཁི་ཡ་བླ་མ། མགོན་པོ་ཁི་ཡ། བྷ་ཐའི་ཇང་གི་འབྱོར་བའི་རྒྱལ་པོའི་བཀའ་ཤོག་གནང་རྟེན་སྤྲད། ཟླ་བ་བཅུ་པའི་ཚེས་གཅིག་ལ་བྷུར་སིག་ཏུ་འབྱོར། སང་ཉིན་ཁར་འུ་སུ་ཟེར་བའི་ནགས་ཚལ་ཞིག་ཏུ་སླེབས་ཐོག་བོད་རྒྱལ་པོ་མཆོད་ཡོན་གྱི་ཕྱག་ཐམ་དང་ཉེར་སྤྱད་སྐྱེལ་བར་འོལ་དགའ་གླ་བ་སྒང་པ་འབྱོར། འདི་ནས་རྨ་ཆུའི་གྲུ་སོར་ཐུག་གི་བྱེ་ཐང་དང་འདམ་རྩྭ་སྣ་ཚོགས་འདྲེས་ཤིང་ཆུ་ཕལ་ཆེར་ཡང་བ་ཚྭ་ཅན་མང་བ་འདུག་པའི་ཐོ་སུ་ཐུར་འབྱོར་ཐོག་པཎྜི་ཏ་ཀླུའི་རྒྱལ་མཚན་གྱིས་གཙོས་པའི་སེར་མོ་བ་ལྔ་བརྒྱ་སྐོར་གྱིས་གསེར་གྱི་མཎྜལ་གྱིས་སྣ་དྲངས་དངུལ་སྲང་བཞི་བརྒྱ་དང་རྟ་བརྒྱ་ལྷག་གོས་དར་རས་ཇ་བསྡོམས་པའི་སྟོང་འབུལ་བྱས། ཁི་ཡ་བླ་མ་ལ་སྤྱན་རས་གཟིགས་ཀྱི་རྗེས་


GLG005_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གནང་འདོད་པ་དང་སྦྱར་ཞིང་གོང་ནས་གནང་བའི་བཀའ་ཤོག་གི་ལན་དང་བཅས་ཐོན། སང་ཉིན་ཤན་ཏ་པའི་ལི་དང་རིན་ཆེན་བེའི་སེ་གཉིས་ཀྱི་སྡེ་ཁྲོད་ཀྱི་སེར་མོ་བ་བཞི་བརྒྱ་ཙམ་འབྱོར་བའི་དངུལ་དང་རྟའི་ཕྱག་རྟེན་བཟབས། ཨོ་ལོན་བུ་ལག་ཏུ་སླེབས་ཐོག་གནམ་ཆིང་གིས་ཀྱི་རྒྱལ་བརྒྱུད་གུར་དཀར་པོའི་བདག་པོ། རིན་ཆེན་དབང་། རིན་ཆེན་བེའི་སེ། ཚེ་རིང་བེའི་སེ། ཤཱཀྱ་བེའི་སེ། ཆོ་གུར། རྒྱ་མཚོ་གུན་གུ་ཤྲི་ནོ་ཡོན། ཨེར་ཁེ་སེ་ཆེན། སཀྱ་བུམ། ཤ་རི་བོ། ར་ཎ་བོ་རྣམས་རྟ་པ་སྟོང་ཕྲག་གིས་བསྐོར་ཏེ་འབྱོར་བའི་དངུལ་སྲང་བརྒྱ་དང་རྟ་སུམ་བརྒྱ་ཙམ་གྱི་ཕྱག་རྟེན་འབྱོར། སྐུ་འབུམ་དར་ཁན་ཆོས་རྗེ། པཎྜི་ཏ་ལྷའི་རྒྱལ་མཚན། ཁོན་ཇིན་བླ་མ་སོགས་ཀྱིས་ཆོས་ཡོན་དུ་དངུལ་སྲང་ཉིས་བརྒྱ་དང་རྟ་བརྒྱ་སྐོར་བྱིན་ཅིང་སྤྱན་རས་གཟིགས་ཕྱག་བཞི་པའི་རྗེས་གནང་བྱས། སོག་པོ་སྟོང་ཕྲག་ལྔ་ཙམ་ལ་བྱིན་རླབས་དང་མེ་ཏོག་གཏོར། བ་ཡེན་ཐོ་ལོ་གེར་ཤ་རི་ཨུལ་དུ་ཆེ། ཨོ་ཆིར་ཐལ། རྒྱ་མཚོ་ཡི་དམ། བི་ར་སངས་རྒྱས་ཀྱིས་གཙོས་པའི་སུམ་བརྒྱ་ལྷག་གིས་དང་ཚོན་སྣ་ལྔ་བཏགས་པའི་གསེར་དངུལ་གྱི་མཎྜལ་རྟའི་ཕྱག་རྟེན་དང་བཅས་ཏེ་ཕྲད། ནོ་ཡོན་དབོན་པོའི་གཞི་མ་བརྒྱ་སྐོར་ལ་ཡིག་དྲུག་གི་བཟླས་ལུང་བྱས། རིན་ཆེན་དབང་ལ་ཐུགས་རྗེ་ཆེན་པོའི་བཟླས་ལུང་ཕུལ། ར་ས་སུ་ནོའོ་ཞེས་པར་ཚྭ་མཚོའི་འགྲམ་དུ་མཁར་སྔོན་པོ་ནས་གོ་ལུ་གུ་ཆོ་གུར་གྱིས་དཀྱིལ་སྒར་གྱི་གུར་ཤིང་རྣམས་གྲ་འགྲིག་པའི་གནས་ཚུལ་སྐྱེལ་བར་བཏང་བའི་འབྲི་ར་ཤིས་གསེར་སྒས་མནན་པའི་རྟ་དང་རྔ་མོང་དཀར་པོའི་སྟེར་ཆ་བྱས། རིན་ཆེན་དབང་དཔོན་མོ་དང་བཅས་པས་གསེར་དངུལ་གྱི་སྣོད་སྤྱད་


GLG005_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སྦུ་ལ་གའི་བེར། རྟ་ལུག་གིས་གཙོས་པའི་བརྒྱ་འབུལ་བྱས། ཤན་ཏ་པའི་ལི་དཔོན་མོ་ཅན་གྱིས་དངུལ་སྲང་སྟོང་། རྟ་སྟོང་། རྔ་མོང་བརྒྱ། ལུག་ཁྲི། ཇ་གོས་དར་གྱིས་མཚོན་པའི་ཁྲི་འབུལ་གཉིས་སུ་ཉེ་བ། རིན་ཆེན་དབང་གི་ནུའོ་ཆོས་ཚོ་ཆོ་གུར་གྱིས་སྤུ་ལ་གའི་ད་ཁོ་དང་དངུལ་སྲང་སུམ་བརྒྱ་ལྷག་བསྟར་ཞིང་དེ་དག་རྗེ་འབངས་རྣམས་ལ་གྲུབ་རྒྱལ་ལུགས་ཀྱི་ལྷ་གཅིག་བུམ་གཅིག་ལ་བརྟེན་པའི་ཚེ་དབང་བསྐུར། ཤན་ཏ་པའི་ལིས་སྒར་དམངས་ལ་བཟའ་བཅའ་སྣ་ཚོགས་ཀྱིས་སྟོན་མོ་བཏང་། དེར་བཅག་མལ་ཞིག་བྱས། སང་དྲོ་ཕབ་སར་ཆོ་གུར་གྱིས་རྟ་རྔ་མོང་ཇ་སོགས་སྐྱེལ་མི་མངགས། ཤི་ཏ་བུ་རི་དུར་སླེབས་ཐོག་བུ་ཡན་དུ་གུ་ཤྲི་དག་ཡེལ་དེང་བེའི་སེ་ཕ་བུ་རྣམས་ཀྱིས་གཙོས་སྐྱེ་བོ་སྟོང་ཕྲག་གསུམ་ཙམ་འདུས། གསེར་དངུལ་གྱི་མཎྜལ་དང་གོས་དར་གྱིས་སྣ་དྲངས་པའི་བདོག་པ་བརྒྱ་ཕྲག་ཏུ་ལོངས་པ་བསྟར། དྲག་རིམ་སུམ་ཅུ་སྐོར་ལ་སྣར་ཐང་བརྒྱ་རྩ་ནས་བཤད་པའི་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་བྱས། གཙང་པ་དཀའ་བཅུས་གསེར་གྱི་མདོང་མོ་དང་རྟ་སྒ་བཅས་བསྟར། རིན་ཆེན་བེའི་སེས་སྒར་ཆེན་ལ་ཤ་དང་མར་ཐུད་ཀྱིས་བསྙེན་བཀུར། ཨུལ་ཆུར་དུར་བསྙེན་རྫོགས་དགུ །རབ་བྱུང་བཞི། དགེ་བསྙེན་བཅོ་བརྒྱད་བསྒྲུབས། སེ་ཆེན་དའི་ཆིན་གྱི་བུ་མོ་སོགས་ལྔ་བརྒྱ་ཙམ་ལ་སྤྱན་རས་གཟིགས་ཕྱག་བཞི་པའི་རྗེས་གནང་བྱས། པཎྜི་ཏ་ཀླུའི་རྒྱལ་མཚན། ཤན་ཏ་པའི་ལི། རིན་ཆེན་བེའི་སེ་རྣམས་སོ་སོས་སྒར་དམངས་ལ་དར་འགྱེད་བཏང་། ཁ་ར་བུ་ལག་ཏུ་འབྱོར་ཐོག་ཚེ་རིང་བེའི་སེ། རཏྣ་


GLG005_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཐའི་ཇི། དབོན་ཆུང་ཏའི་ཇི་ཅན་སྐྱ་སེར་སྟོང་ཕྲག་ཙམ་ཕྲད་པར་འོངས། གུར་བླ་བྲེ་གདན་བཅས། དངུལ་སྲང་སྟོང་ཕྲག །སྦུ་ལ་ག །རྟ་རྔ་མོང་སོགས་ཀྱི་བདོག་པ་བཏེག །ཚེ་རིང་བེའི་སེ་དང་ཤཱཀྱ་བེའི་སེས་གཙོས་པ་ལ་སྤྱན་རས་གཟིགས་ཕྱག་བཞི་པའི་རྗེས་གནང་དང་། ཨ་དོ་ཁར། ཤ་རེ་ཨུལ་དུ་ཆེ། རཏྣ་ཐའི་ཇི། དབོན་ཆུང་ཐའི་ཇི་ཅན་སྟོང་དུ་ཉེ་བར་སྒྲུབ་ཐབས་རྒྱ་མཚོ་ནས་གསུངས་པའི་ཡི་གེ་དྲུག་པ་གཙོ་འཁོར་གསུམ་པའི་རྗེས་གནང་བྱས། གནོད་སྦྱིན་ཆེན་པོ་བེག་ཙེའི་ཕྱི་རྟེན་རུ་མཚོན་བཙུགས་ཤིང་འཕྲིན་ལས་གཉེར་དུ་གཏད། རིན་ཆེན་དབང་། གུ་ཤྲི་དབོན་པོ། ཨུ་པ་ཤི་དུ་རག །གདུགས་དཀར་ཐའི་ཇི། དཔལ་འབྱོར་ཐའི་ཇི། བྱམས་པ་དཔོན་པོ་རྣམས་ཀྱིས་གསེར་དངུལ་གྱི་མདོང་མོ་ཟོ་ལག་ཀ་ཏོ་ར་སོགས་སྣོད་སྣ་ཚོགས་དང་རྟ་རྔ་མོང་མཚོན་པའི་བདོག་པ་མཐའ་ཀླས་པའི་རྙེད་པ་བསྟབས། ཡི་གེ་དྲུག་པ་གཙོ་འཁོར་གསུམ་པའི་རྗེས་གནང་བྱས། ཤན་ཏ་པའི་ལིའི་ཨ་ཆེ་ཨ་པ་ཁལ། བུ་ཡན་དུ་གུ་ཤྲི། རྡོ་རྗེ་ཐ་བུ་ནང་། རིན་ཆེན་དབང་གི་དཔོན་མོ། ཇའི་སང་ནོ་ཡོན། མགོན་པོ་ཐའི་ཇི། ཆོས་རྗེ་ཐའི་ཇི། ཁོན་ཇིན་བླ་མ། ཤ་རི་ཨུལ་དུ་ཆེས་གཙོས་པའི་མཆོག་དམན་གྱི་སྐྱེ་བོ་སྟོང་ཕྲག་གསུམ་ཙམ་ཕྲད་པར་འོངས། གསེར་དངུལ་གོས་དར་ཇ་རྔ་མོང་རས་ཆའི་བདོག་པ་སྟོང་ཕྲག་ཏུ་ཉེ་བར་བསྟར། བུ་ཡན་དུ་གུ་ཤྲིའི་ངག་འདོན་དུ་གསོལ་འདེབས་སྨོན་ལམ་ཞིག་བརྩམས། རབ་བྱུང་དང་དགེ་བསྙེན་བསྡོམས་པ་བཅོ་ལྔ་བསྒྲུབས། ཤཱཀྱ་བེའི་སེའི་སྡེ་དམངས་རྣམས་ལ་བྱིན་རླབས་དང་མེ་ཏོག་གཏོར། བེའི་སེས་གསེར་དངུལ་གོས་དར་ཇ་རས་སྟོང་ཕྲག་བསྟར། ཚེས་


GLG005_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་ལ་རྩྭ་ཤིན་ཏུ་བཟང་བའི་ཐང་བརྒྱུད་རྨ་ཆུའི་འགྲམ་དུ་བཅག་མལ་བྱས། ཨརྑི་སེ་ཆེན། ཤཱཀྱ་བེའི་སེ། ཇོ་འོ་བུ་རི་ནོ་ཡོན། ཐའི་ཆི་གཉིས། རྒྱ་མཚོ་ཐལ། འབི་ར་སན་ཙ། ཤ་རི་ཨུལ་དུ་ཆེ། བ་བོ་ཐལ་སོགས་ལ་ཤངས་ལུགས་རྟ་མགྲིན་གྱི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར། བསྙེན་རྫོགས་ཉི་ཤུ་རྩ་བཞི། དགེ་ཚུལ་དགུ །རབ་བྱུང་བཅུ་བཞི། དགེ་བསྙེན་བདུན་ཅུ་ལྷག་བསྒྲུབས། བཅོ་བརྒྱད་ཀྱི་ཉིན་མཐའ་འདྲེའི་འཚུབ་ལྷོངས་ཀྱི་རྣམ་པའི་རླུང་འཚུབ་ཉེ་སྐོར་ཕན་ཚུན་མཐོང་རེས་མེད་པ་ཙམ་བྱུང་རུང་སྔ་གྲུ་ལ་འགྲོ་མཁན་ཁ་ཤས་རླུང་མ་ལྡངས་གོང་ནས་རྨ་ཆུའི་ཕ་རིར་བགྲོད་ཐུབ་ཅིང་ཕྱེད་ལྷག་ཕྱི་དྲོ་རྒྱུ་འགྲུལ་མ་ཐུབ་པར་སང་གྲུ་འདོན་དགོས་པར་བྱུང་། བྷོ་ཐོ་གེ་ཨེ་ལེ་སུར་སྒར་གྲལ་བསྒྲིགས། མཁར་སྔོན་པོའི་ཐ་ཡན་ཆི་རྣམས་ཀྱིས་སྒ་མ་བརྒྱད་ཅུས་གཙོས་པའི་རྟ་ཉིས་བརྒྱ་ལྷག་སོགས་བྱིན། ཚེས་ཉི་ཤུ་ནས་ཞག་གསུམ་གྱི་རིང་འཕྲིན་ལས་དྲག་པོར་བསྒྲུབ་པའི་གཏོར་བཟློག་བཙུགས། ཞག་གསུམ་གྱི་བར་རླུང་དང་ཁ་ཚུབ་ཀྱིས་གྲང་ངད་ཆེ་ཞིང་ཉེར་གཉིས་ཀྱི་ཉིན་ཡོལ་སྒོར་གཤགས་པ་སོགས་ཤིན་ཏུ་འཚུབ་ཀྱང་དེ་ནུབ་བདུད་ཆས་སུ་ཞུགས་རེ་ཟོར་ཁ་བསྒྱུར་བ་དང་ཆབས་གཅིག་པར་མེ་རླུང་ཐམས་ཅད་ཟོར་དང་མཉམ་དུ་སོང་བ་ལྟ་བུའི་ལྟས་ལེགས་ཤིང་སང་ནས་འཇམ་པ་བྱུང་། གླང་བུ་བ་ངག་དབང་ལེགས་ལྡན་གྱི་ཁ་ཏོན་དུ་ཚིགས་བཅད་ཅིག་བྲིས། ཉེར་གསུམ་ལ་གོང་དུ་མེརྒན་དཀའ་བཅུ་ཤེས་རབ་རྒྱ་མཚོ་ཞུ་ཡིག་འབུལ་བར་བརྫངས། ཐ་ཡན་ཆི་ཁག་བཞིའི་གྲ་པ་བསྙེན་རྫོགས་


GLG005_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་མི་དགུ་དང་དགེ་ཚུལ་བཞི་བཅུ་ཙམ་བྱུང་། ཐུགས་རྗེ་ཆེན་པོ་གཙོ་རྐྱང་གི་རྗེས་གནང་བྱས། མཁའ་འགྲོ་མགོན་པོ་ཐར། ཨུས་ཇིང་ཆོས་རྗེ། སེ་ཆེན་དབོན་པོ་རྣམས་ལ་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། ལྔ་མཆོད་ཆེན་མོའི་ནུབ་གླིང་མེ་མང་ཞིང་གསལ་བས་མཚན་མོའི་སྨག་རུམ་སངས་པ་སྙམ་བྱེད་ཅིང་རླུང་བསེར་བུ་ཙམ་ཡང་མི་ལྡང་པ་ཕྱོགས་དེར་སླར་ཡང་རྒྱལ་བ་ཙོང་ཁ་པ་ཆེན་པོའི་བསྟན་པ་འཕེལ་པའི་ལྟས་ཡིན་ནམ་སྙམ། ཉེར་དྲུག་ལ་ཐུ་མུ་གེར་འབྱོར། དེར་སླེབས་གདོང་དབྱར་དུས་ལྟར་ཆར་ཆེན་པོ་བབ་ཅིང་རིའི་སྐེད་པ་རྣམས་ན་བུན་གྱིས་དཀྲིས་འདུག་པར་ཐམས་ཅད་ཡ་མཚན་དུ་བརྩིའང་བཀའ་བསྟན་བཅོས་མང་པོར་འཇིག་རྟེན་ན་མི་སྲིད་པ་བྱུང་བ་དེ་རྒྱལ་པོ་འཆི་བ་སོགས་ལྟས་ངན་པར་བཤད་པས་ཡིད་སོམ་ཉིར་གྱུར། ཐུ་མེད་ཀྱི་ནོར་བུ་ཐའི་ཇི། བསྟན་པ་རྒྱ་མཚོ། ཚེ་གཟུངས་འབུམ་རྣམས་སྔར་གྱི་རྒྱལ་བརྒྱུད་ཁུངས་བཙུན་ཡིན་ཀྱང་ཡང་བྲན་ལྟ་བུར་འདུག་པ་སྲིད་པའི་ཕུན་ཚོགས་ལ་ཡིད་བརྟན་མི་རུང་བའི་རྒྱུ་མཚན་དངོས་སུ་སྟོན་པར་སྣང་། ཤེས་བྱ་རབ་འབྱམས་པ་ཐོག་མར་མཁར་སྔོན་པོར་འབྱོར་སྐབས་ཐུ་མེད་ཀྱི་རྒྱལ་པོ་དང་ཐའི་ཇི་རྣམས་ཀྱིས་བདག་རྐྱེན་མ་བྱུང་བའི་ཞེ་འཁོན་ལ་བརྟེན་ཐབས་མཁས་ཀྱི་གནོད་པ་བྱས་པའི་གྲགས་པ་ཞིག་འདུག །གང་ལྟར་ཁོང་མཆེད་ལ་ཟང་ཟིང་གི་སྟེར་ཆའི་བདག་རྐྱེན་གང་ལེགས་བྱས། དེ་ནས་རིམ་གྱིས་བགྲོད་པ་ན་གུན་གཉིས་ཀྱིས་གཙོས་པའི་རྟ་པ་ལྔ་བརྒྱ་ལྷག་འོངས་ཏེ་གོས་དར་གསེར་དངུལ་གྱིས་ཕྱག་རྟེན་བྱུང་། བྷེ་ཁོ་ཁོ་ཤོ་ཆིས་སྐུ་


GLG005_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་རྟེན་བཞེངས་པར་མེ་ཏོག་གཏོར། ཨུ་རབ་ཀྱི་དཔོན་པོ་དྲུག་གིས་གཙོས་མི་དྲུག་བརྒྱ་སྐོར་དང་ཐ་ཡན་ཆི་ཅན་ལ་ཡི་གེ་དྲུག་པའི་བཟླས་ལུང་བྱས། ཐུ་མེད་ཀྱི་ཐའི་ཇི་གསུམ། བི་ལི་ཐུ་ཇང་གི །རྡོ་རྗེ་ཇང་གི །ནོ་ཡོན་བླ་མ། དར་ཁན་ཆོས་རྗེ་རྣམས་ལ་ཡི་གེ་དྲུག་པ་གཙོ་འཁོར་གསུམ་པའི་རྗེས་གནང་བསྐུར། ཉེར་དགུ་ལ་ཨེ་རེ་ཁུ་ནས་བཏེག་པའི་གུང་གི་དྲོ་ཕབ་སར་ཁེ་ཤིག་གེ་ཆིན་དབང་བསུ་བ་ལ་འབྱོན་གྱིན་ཡོད་ཚུལ་གླེང་བར་ནོ་མཆི་བླ་མ་དང་མི་བཟང་བཞི་བྱུང་། ཉི་མ་གཉིས་གསུམ་གྱི་བར་རྟ་རྔ་མོ་གླང་སོགས་ལ་བཞོན་པའི་སྐྱེ་བོ་མཐའ་ཡས་པ་འོངས་ཏེ་ཕྱག་དང་སྐོར་བ་རྒྱུན་མི་འཆད་པ་ལྟ་བུའི་སྒྲས་རྣ་བ་གཙེར་ཞིང་ཉིན་ལྟར་གྱིས་མི་སྟོང་ཕྲག་གསུམ་རེ་ཙམ་ལ་བྱིན་རླབས་དང་མེ་ཏོག་འཐོར་བ་བྱས། ཁ་བཏགས་ཀྱི་མཇལ་དར་ཕྱུར་བུར་སྤུངས་པ་ཁ་བ་བབས་པ་ལྟ་བུ་བྱུང་། རྒྱལ་པོ་གོང་མའི་ལྷ་ཁང་གི་དཀོན་གཉེར་ཡིན་ཟེར་བ་ཞིག་གིས་དཀར་ཡོལ་གསེར་གྱི་སྟེགས་བཅས། གི་གུ་ཤེལ་དང་གསེར་གྱི་བཟེད་ཞལ་བྱིན། ཧོར་ཟླ་བཅུ་གཅིག་པའི་ཚེས་གཉིས་ཀྱི་ཉིན་ཁྲིམས་ལས་ཀྱི་མཚོན་ཆ་དང་ཕྱག་མཚན་སྣ་ཚོགས་འཛིན་པའི་སྐྱ་བོ་དང་རོལ་མོ་དུ་མ་འཁྲོལ་བ་སྔོན་དུ་འགྲོ་བའི་ཁེ་ཤིང་གེ་ཆིན་དབང་རྟ་པ་སྟོང་ཕྲག་གཉིས་ཙམ་གྱིས་བསྐོར། གདུགས། བ་དན། བསིལ་གཡབ་གཡས་གཡོན་དུ་བསྒྲེང་བ་དང་བཅས་པ་འཆི་མེད་བདག་པོའི་འདུན་ས་ལྟ་བུ་ཚར་དུ་དངར་བ་བྱོན། བཞུགས་གྲལ་ཐོག་གོང་གི་བཀའ་ཤོག་དང་མུ་ཏིག་གིས་སྤྲས་པའི་སྣམ་སྦྱར་གྱིས་གཙོས་པའི་ཉེར་


GLG005_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་ཀྱི་གནང་སྦྱིན་རྣམས་སྤྲད། དབང་རང་གི་ཕྱག་རྟེན་དུ་རྒྱལ་སྲིད་སྣ་བདུན་ཡོད་པའི་གསེར་གྱི་མཎྜལ་ཞིག་བྱུང་།དེར་དབང་བྱོན་པའི་སྟབས་ཞག་གསུམ་བཅག་མལ་བྱས། ཚེས་ལྔ་ལ་ཨུ་སུ་ཐུ་རུར་འབྱོར་སྐབས་ཇོ་རིག་ཐུབ་དབང་གིས་གསེར་གྱི་མཎྜལ་དང་ཀ་ཏོ་ར། དངུལ་གྱི་མཎྜལ་དང་གཞོང་པ་། མུ་ཏིག་གི་འཕྲེང་བ་དང་གོས་དར་རྟ་སོགས་ཀྱི་ཁྲི་འབུལ་བསྟར། མི་བཞི་བརྒྱ་ཙམ་ལ་བྱིན་རླབས་བྱས། ཇོར་དེ་མུར་ནས་སྟག་གཟིག་གནས་པའི་རོང་བརྒྱུད། རྡོའི་ཐོ་ཞེས་པའི་ནགས་རོང་ལ་ཞུགས་ཏེ་ཕྱིན། དེ་ཉིན་ནམ་མཁའ་ལ་འཇའ་ཚོན་སྣ་ལྔ་རྨ་བྱའི་གདུགས་ལྟར་ཕུབ་འདུག་པར་དབང་ཅན་ཡ་མཚན་དུ་འཛིན་པའི་དགྱེས་ཚོར་མཛད། ཕྱོགས་དེར་དགུན་གྲང་ངར་ཆེ་བའི་གྲགས་པ་ཆེའང་བོད་བཙུན་རྣམས་རང་ཆས་ལས་རྩག་པ་གྱོན་མ་དགོས་པ་གྲང་དྲོ་ཀུན་ལ་གོམས་ཆ་འདི་གཙོ་ཆེ་བ་ཡོད་པ་ཞིག་མངོན། གོང་ནས་ངེད་ཀྱི་སྡོད་སར་ཁི་རི་ཏའི་ཁར་གསར་དུ་བསྐྲུན་པའི་རྒྱ་ཁང་རྒྱ་ཕིབས་ལྕགས་རི་དང་བཅས་པ་དེར་ཚེས་དྲུག་གི་ཉིན་སླེབས། བྱམས་གླིང་ནོ་མོན་ཁན་གྱིས་བཀྲས་བཏགས་ཉིན་མོ་བདེ་ལེགས་མ། ཞྭ། གོས་བེར། མུ་ཏིག་གི་འཕྲེང་བ། དབང་གི་གོས་སྣ་ཆ་ཚང་། གྲ་ཚང་ཆོས་རྗེ་སོགས་ཀྱིས་གསེར་སྒས་མནན་པའི་རྟ་རྔ་མོ། གཙང་པ་རབ་འབྱམས་པས་གསེར་གྱི་མདོང་མོ། གོས་ཡུག་བཅུ། དངུལ་སྲང་ཉིས་བརྒྱས་མཚོན་པའི་བརྒྱ་འབུལ་བཏེག །བོག་ཏོ་རྒྱལ་པོའི་དབྱི་ནག་བློ་བཟང་དགེ་སློང་གིས་གཙོས་བསྙེན་རྫོགས་ལྔ་དང་དགེ་ཚུལ་གསུམ་བསྒྲུབས། གྲ་ཚང་ཆོས་རྗེས། ཇུ་རིག་ཐུ་དབང་། དོ་རིས་ཁུ་དགེ་སློང་། དགེ་སློང་བློ་


GLG005_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། ཁལ་ཁའི་བླ་མ་ཐ་ཡན་ཆི་གཉིས། བདེ་མཆོག་བླ་མ། ཤི་རེ་ཐུ་སྐུ་སྐྱེ། ནོ་མོན་ཁན་གྱི་གྲ་པ་སོགས་མི་ཉིས་བརྒྱ་ཙམ་ལ་སྤྱན་རས་གཟིགས་གཙོ་འཁོར་གསུམ་པའི་རྗེས་གནང་། དགེ་སློང་བློ་བཟང་ཅན་བརྒྱ་སྐོར་ལ་སེང་ལྡེང་ནགས་སྒྲོལ། ཨེ་ཁའི་བླ་མ་དང་དགེ་སློང་བློ་བཟང་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། རྗོ་རོ་ཐའི་ཇི་ཆོས་རྗེ་དང་ཇང་གི་བཅུ་གཉིས་ཀྱིས་ཐོག་དྲངས་པའི་སྐྱ་སེར་བརྒྱ་སྐོར་ལ་སྒྲོལ་དཀར་སྤྱན་མདུན་མའི་རྗེས་གནང་། ཀརྨ་ཨེ་བུས་ཐ་ན་མུ་ཏིག་གི་འཕྲེང་བ་ཆེ་ལེགས་གསེར་གྱི་མཎྜལ་གྱིས་མཚོན་པའི་བདོག་པ་རྒྱ་ཆེར་སྤེལ་ཞིང་ཐུགས་རྗེ་ཆེན་པོའི་རྗེས་གནང་བྱས། ཁེ་ཤིང་གེ་ཆིན་དབང་གིས་བསྐུལ་ནས་སྤྱན་རས་གཟིགས་ཕྱག་བཞི་པ་དང་སྒྲོལ་དཀར་སྤྱན་བདུན་མའི་སྒྲུབ་ཐབས། དགེ་སློང་བློ་བཟང་གི་ཁ་ཏོན་ཏུ་སྤྱན་རས་གཟིགས་ལ་སྦྱར་བའི་བླ་མའི་རྣལ་འབྱོར་བརྩམས་ཤིང་དེ་དང་གཏོར་མ་བརྒྱ་རྩའི་ལུང་བྱས། ཉེར་གཅིག་ལ་གོང་ནས་མེརྒན་དཀའ་བཅུ་དང་ལྷན་དུ་ཤ་ཇི་དྷ་ར་རྫོང་བདའ་གནང་། ཉེར་གསུམ་དང་བཞི་ལ་སྔར་མཐོང་མ་མྱོང་བའི་འཇའ་ཚོན་གྱི་དྲ་བས་བསྐོར་བ་དང་དེའི་ཕྱོགས་བཞིར་ཡང་འཇའ་གུར་ཡ་མཚན་ཅན་མང་པོས་མཐོང་བ་ལེགས་ཉེས་གང་ཡིན་ནི་དཔྱད་དཀའ། ཕྱི་སྐོར་བོད་དུ་རེ་གཉིས་བྱུང་སོང་བ་ནི་མི་ཆེན་གྱི་རིགས་ལ་གཤེགས་བཞུད་ཡོང་བར་བལྟས་སོང་། སྔོན་ནས་འབྲུམ་པ་དང་ཚད་པས་རྒྱ་ནང་དུ་ཡུན་རིང་སྡོད་མི་དགོས་པའི་རྒྱུ་མཚན་ལན་ཅིག་མ་ཡིན་པར་ཞུས་ཤིང་། ཉེ་ལམ་མེརྒན་དཀའ་བཅུ་བརྒྱུད་ནས་ཀྱང་གསོལ་བར་བརྟེན་མགྱོགས་འཁོར་མཛད་


GLG005_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒར་དམངས་ནང་ཕྱོགས་སུ་དྲིལ་ན་འགོར་གཞི་ཆེ་ཞིང་ནད་སྣའང་འགོས་དོགས་པས་དམངས་མ་ཏའི་ཁར་བཞག་པའི་སུམ་བརྒྱ་ཐམ་པ་འཕྲལ་དུ་འབྱོར་དགོས་པའི་ལུང་བྱུང་བ་ལྟར་ཉེར་བདུན་གྱི་ཉིན་བཏེག །བརྒྱད་ལ་ཁུ་ཁེ་ཨུ་སུར་སུ་ཁུན་ཐ་པོ་ན་དང་མེའི་རིང་ཇང་གི་ཅན་ལ་ཐུགས་རྗེ་ཆེན་པོའི་རྗེས་གནང་བྱས། ཀརྨ་ཨེ་བུ་ཕ་བུ་རྣམས་ཀྱིས་དིང་ཕོན་དང་ཧོར་ཇུས་སོགས་སྤྱད་པ་དངོམ་ཆེ་བ་བསྟར། མི་སུམ་བརྒྱར་ཉེ་བར་བྱིན་རླབས་དང་མེ་ཏོག་གཏོར། གནམ་གང་གི་ཉིན་ཁལ་ཁ་གཡོན་རུའི་རྒྱལ་པོ་རྒྱལ་རིགས་བཅུ་ཕྲག་ཙམ་གྱི་མི་གོང་དུ་ཞུ་ཡིག་འབུལ་ཞིང་ཚོང་དོན་དུ་གཉེར་པར་བཏང་བ་ཁ་ཤས་དང་ཕྲད། ཧོར་ཟླ་བཅུ་གཉིས་པའི་ཚེས་ལྔ་ལ་ལྕགས་རིའི་ནང་དུ་ཞུགས་རྗང་སྐྱ་ཁུ་ཟེར་བའི་མཁར་འོབས་ལྕགས་ཀྱི་ར་བ་ཟམ་ཆེན་དང་རྡོ་སེག་ལྗོན་ཤིང་གིས་རྣམ་པར་བཀྲ་བའི་ཐད་དུ་རྡོ་རིང་གནམ་གྱི་ཀ་བ་ལྟ་བུ་འདུག་པའི་འགྲམ་བརྒྱུད་ལུ་ཡ་གྲོང་དུ་བསྡད། རིམ་གྱིས་བ་ཡན་སུ་མི་ཟེར་བའི་མཁར་ཆེན་པོ་དང་ཉེ་བར་འབྱོར་ཚེ་མཁར་སྒོ་ན་མི་སྟོང་ཕྲག་ཙམ་ཐོན་བྱུང་བ་དེར་འབྲུམ་པའི་དོགས་གཞི་ཡོད་སྣང་བས་དབང་གིས་མི་གསུམ་བཞི་ཞིག་བཏང་བའི་ཚང་མ་ནང་དུ་བསྐྲད་སོང་། ཨོ་རོད་ནས་དབེན་ས་སྐུ་སྐྱེ་དང་བཱ་ཐུར་ཧུང་ཐའི་ཇིས་གོང་དུ་མཚམས་འདྲི་ཞུ་བ་དང་ཚོང་ལ་བཏང་བའི་མི་ཁ་ཤས་འདུག་པ་རྣམས་ཕྲད་པར་བྱུང་། དེ་ནས་ལ་ལ་ཧོར་དུས་ཀྱི་དགོན་པ་ཡིན་ཟེར། འགའ་ཞིག་རི་བོ་རྩེ་ལྔའི་ཡ་གྱལ་དུ་གླེང་བ། ལོ་རྒྱུས་གཞན་ན་སྔོན་མིང་སྲིང་གཉིས་གཅིག་གིས་དགོན་པ་ཐེབས་པའི་ཚེ་གཅིག་གིས་ཟམ་པ་འཕྲོར་ལུས་པར་གྲགས་པའི་རི་རྩེའི་དགོན་མདུན་ན་ཆུ་འབབ་པའི་འགྲམ་བརྒྱུད་


GLG005_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྲོང་མང་ཞིག་འདས་པའི་སར་ཁོའ་ལས་ཞེས་པའི་མཁར་ཟམ་ཆེན་དང་བཅས་པའི་འགྲམ་ན་གོང་མ་འདི་ཉིད་ཀྱིས་གསར་དུ་བསྐྲུན་པའི་དགོན་གསར་གྲ་པ་བརྒྱ་སྐོར་ཚོགས་པ་བླ་མ་ཟུང་ཆུ་རབ་འབྱམས་བ་འཇམ་དབྱངས་གྲགས་པས་བྱེད་འདུག་པས་གཡང་ཊིའུའི་འཕྲེང་བ། གོས་ཆེན་བུམ་གདན་མ། དངུལ་སྲང་བརྒྱ་ཕྲག་གིས་སྣ་དྲངས་པའི་བདོག་པ་བཏེག །ས་རྡོལ་ཞེས་པའི་ལྕགས་རིའི་ནང་ལྕགས་རི་དཀར་པོའི་ཁོར་ཡུག་མཛེས་ཤིང་བཙན་པས་སྦྲེལ་བའི་ལམ་རོང་དོག་པོ་ཞིག་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་ཡོད་པས་གཙོས་རྒྱ་ཕིབས་སྒོ་ཁང་སྒོ་སྲུང་གི་གྲོང་ཁྱིམ་ལམ་སྲང་དང་བཅས་པའི་མཐར་ཁྱད་ཕི་ཆུ་ཞེས་པར་སླེབས། སང་ཉིན་ལྷ་ཁང་སེར་པོའི་བླ་མ་བསམ་བློ་ཨ་ཞང་གྲ་སློབ་སུམ་ཅུ་སྐོར་འབྱོར་ཞིང་། གོང་ནས་བློ་བཟང་དགེ་སློང་ཆེད་དུ་མངགས་པའི་རྒྱལ་སྲིད་སྣ་བདུན་གྱི་ནང་ཚན་ཆིབས་སྒ་ཆས་ཅན་གཉིས། བཀྲས་བཏགས་ཉིན་བདེ་མ་གཅིག་དང་བཅས་བསུ་བའི་ཚུལ་དུ་མཛད། ཆིབས་པ་གཉིས་ཧ་ཅང་རྒྱགས་དྲག་པའི་ཞོན་བདེ་བ་མི་འདུག་རུང་རྒྱལ་པོས་ཆེད་དུ་གནང་བར་ལོངས་མ་སྤྱད་ན་མ་འགབ་པས་ཡང་སེ་པ་ཞིག་ལ་ཞོན་ཏེ་ཞ་ཧུ་ཆང་ཟེར་བའི་མཁར་ཟམ་བཅས་ཐོན་པའི་ཉེ་འདབས་སུ་འབྱོར། མི་དཔོན་ཡུ་གོན་གྱིས་གཞིས་ལེན་བྱས། ཨ་མདོ་ཆུ་བཟང་པ་དང་སྐྱ་བླ་མ་འོངས་ཏེ་ཧོར་ཤེལ་གྱི་འཕྲེང་བ། བླ་གོས་གཏུར་བུ་དང་སྦྲགས་པ་བྱིན། ཆིང་ཧོང་ཟེར་བའི་གྲོང་བརྡལ་གྱི་ཟམ་པ་ཞིག་གི་སྟེང་དུ་སླེབས་སྐབས། གོང་ནས་བསུ་བར་མངགས་པའི་


GLG005_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཨུའི་ཇིང་ཆེན་དབང་རྟ་པ་སྟོང་ཕྲག་གསུམ་ཙམ་གྱིས་བསྐོར་ཏེ་མཚོན་ཆ། གདུགས་བ་དན་རྒྱལ་མཚན་རོལ་མོ་སོགས་ཤིན་ཏུ་རྒྱས་པ་བྱས་ཏེ་བྱོན་བྱུང་མ་ཐག་ཁེ་ཤིང་གེ་ཆིན་དབང་དཔོན་གཡོག་ཉུང་བསྡུས་ལས་ཁྲིམས་ལས་ཀྱི་ལག་ཆ་དང་དམངས་མ་རྣམས་མངོན་ཆུང་དུ་བྱས་སོང་བ་ངེད་རང་བོད་དང་མི་འདྲ་བའི་རྒྱལ་པོ་ཁྲིམས་ཡོད་པའི་རྟགས་སུ་གདའ། དབང་གིས་རིན་པོ་ཆེ་ཐ་ནའི་འཕྲེང་བ། གསེར་སྲང་ལྔ་བཅུ་ལས་གྲུབ་པའི་མདོང་མོ། གསེར་སྒ་རིན་པོ་ཆེའི་ཕྲ་ཅན། ཁ་བཏགས་ཉིན་བདེ་མ་རྣམས་ཀྱི་ཕྱག་རྟེན་བསྟར། སང་ཉིན་དབང་གིས་རྒྱ་ལུགས་ཀྱི་སྟོན་མོ་བཟབས་པར་བཏང་། དེ་ཉིན་ཁ་ཚུབ་ཆེ་བ་ཞིག་བྱུང་བ་རྒྱ་གར་གྱི་མུ་སྟེགས་པའི་རྩིས་པ་ཐང་ཤི་དབང་གིས་ཇི་ལྟར་འོང་བར་ལུང་བསྟན་པ་ལྟར་བྱུང་ཞེས་དབང་ཡ་མཚན་དུ་བཟུང་སྟེ་བསྔགས་བརྗོད་བྱེད་སྐད། དེ་ནས་ཞག་གཉིས་ཐོག་ཆེན་ལོའུར་བསྡད། གོང་མས་སྔར་གྱི་ཡིག་ཚང་རྣམས་དང་བསྟུན་བསུ་བའི་ཚུལ་གྱིས་རི་དྭགས་ཁོ་ཐོར་ཕེབས་འདུག་པ་ཚེས་བཅུ་དྲུག་ལ་རྒྱལ་པོའི་དྲུང་དུ་བཏེག་པའི་ལྕགས་རིའི་ནང་དུ་ཆུད་དེ་རིམ་གྱིས་བགྲོད་ཚེ། རྒྱལ་སྲིད་སྣ་བདུན་མདུན་དུ་བདར་བ་སོགས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆེ་བ་དང་ལྡན་པའི་གཟི་བརྗིད་འཆི་མེད་བདག་པོའི་དཔལ་ལ་ཅོ་འདྲི་བའི་གུང་གི་རྒྱལ་པོ་བཞུགས་ས་མཐོང་མི་མཐོང་གི་མཚམས་སུ་སླེབས་པ་དང་དམངས་མས་རྟ་བབས། ད་ནས་ཀྱང་མདའ་རྒྱང་བཞི་ཙམ་གྱི་བར་ཕྱིན་མཚམས་རྟ་ལས་གཞོལ་ཏེ་ཕྱིན་པ་ན་གོང་མ་ཉིད་ཁྲི་ལས་བབས་ཏེ་གཞུ་འདོམ་བཅུའི་ཚོད་ལ་ཕེབས་ནས་ངེད་ཀྱི་ལག་པ་ལ་ཕྱག་གིས་འཇུས་ལོ་ཙཱ་བཙུགས་ཏེ་


GLG005_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་འདྲི་གནང་བྱུང་། རྒྱལ་པོ་བཞུགས་ཁྲི་མིའི་སྐེད་པ་དང་མཉམ་པའི་སྟེང་ཁྲིའུ་ཤིང་གི་ཁར་བཞུགས། དེ་དང་འདོམ་པ་གང་ལས་མི་རིང་བའི་སར་ངེད་ལ་རྒྱལ་པོའི་བཞུགས་ཁྲི་ལས་ཅུང་ཟད་དམའ་བ་ཞིག་འདུག་པའི་སྟེང་དུ་བསྡད། གསོལ་ཇ་བྱུང་བའི་དུས་སྔོན་ལ་འཐུང་གསུང་ཡང་དེ་འདྲ་མི་འགབ་ཞུས་པས་དུས་མཉམ་དུ་འཐུང་གནང་བ་སོགས་མཐོང་བཟོས་ཤིན་ཏུ་ཆེ་བ་མཛད། བྱུ་རུ་སྤོས་ཤེལ་མུ་མེན་གྱི་འཕྲེང་བ་ཁ་ཤས། སྣམ་ཕྲུག །བུ་རམ་གུ་གུལ་གྱི་ལྟང་ཙེ་མང་བ། རྟ་དང་སྦུ་ལ་གའི་པགས་པ་སྟོང་ཕྲག་རེས་གཙོས་པའི་འབུལ་བ་བྱས། དབུས་གཙང་གི་གནས་ཚུལ་གྱི་དྲི་བཤད་ཁ་ཡར་མཛད། མདོ་ལས། རྡོ་རྗེ་རིན་པོ་ཆེའི་རྒྱན་ཁྱད་དུ་འཕགས་པ་དུམ་བུས་ཀྱང་རིན་པོ་ཆེ་ཕལ་པ་དུ་མ་ཟིལ་གྱིས་གནོན་པ་དང་རྒྱལ་རིགས་ན་ཚོད་ཕྲ་མོས་ཀྱང་བློན་པོ་རྒན་པོ་རྣམས་རིགས་ཀྱི་བདག་ཉིད་ཆེ་བའི་སྒོ་ནས་ཟིལ་གྱིས་གནོན་པ་དཔེར་བཟུང་སྟེ། བྱང་ཆུབ་སེམས་དཔའ་དང་ཉན་རང་གི་ཁྱད་པར་བཤད་པ་བཞིན་རྒྱལ་པོ་དགུང་ལོ་བཅུ་བདུན་གྱི་ང་བལྟ་བའི་སྐུ་ན་ཆེས་ཕྲའང་སྐྱེ་བོ་སྐད་རིགས་མི་གཅིག་པ་གྲངས་མེད་པ་དེ་དག་གི་དབུས་སུ་གང་ལའང་འཇིགས་པ་མེད་པ་སེང་གེ་སྲབ་མེད་དུ་འཕྱོ་བའི་རྣམ་པར་ཐར་པ་ཞིག་སྣང་། གཞིས་ལེན་ཤིན་ཏུ་རྒྱས་པ་མཛད། དེ་ནུབ་མདང་གི་བསྡད་ཤུལ་ཆེན་ལོ་འུར་གནས་མལ་བཅས། འཁོར་ལོས་སྒྱུར་བའི་རྒྱལ་ཁབ་ཆེན་པོ་མངའ་འོག་ཏུ་སྐད་རིགས་མི་གཅིག་པ་དོན་གཉིས་ཡོད་པའི་ཕོ་བྲང་པེ་ཅིང་དང་རྒྱང་གྲགས་གཉིས་ཙམ་གྱིས་ཆོད་པའི་སར་གོང་ནས་དངུལ་སྲང་ཁྲི་ཕྲག་དགུའི་མཐུན་


GLG005_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་སྦྱར་ཏེ་ངེད་ཀྱི་སྡོད་ཁང་དུ་ཆེད་གཉེར་བརྒྱབ་པའི་གཟིམས་ཁང་སེར་པོར་གྲགས་པའི་ཁང་བཟང་ལྷའི་སྐྱེད་ཚལ་ལྟ་བུ་ལྕགས་རི་ཤག་སྐོར་དང་བཅས་པ། ལྟེ་བའི་མདོ་སྦུག་བར་མཚམས་མེད་པ་ཚོན་རྩི་ལ་གསེར་ཤོག་ཧ་ཅང་རྒྱ་ཆེས་པའི་འོད་ཀྱིས་ཁྱབ་པ་དེར་ཚེས་བཅུ་བདུན་ལ་སླེབས། ཚེས་བཅུ་དགུ་ལ་བིང་ཐུ་དབང་བརྒྱ་ལྷག་འབྱོར་བའི་གསེར་གྱི་ཀ་ཏོ་ར་དང་གོས་ཡུག་བཅུ་ཙམ་གྱི་དངོས་པོ་བསྟར། ངོར་པ་ཤར་པའི་གྲ་པ་བན་ལོག་བི་ལིག་ཐུ་ནང་སོར་གྲགས་པ་རྒྱ་བོད་ཧོར་གསུམ་གྱི་ཡིག་རིས་ལ་འདྲིས་ཤིང་ཆོས་ཉམས་ཆེ་བའི་ཁུར་ཅན་དེ་དང་ཁ་རན་ཐུ་ཐའི་ཇི། ཕོ་བྲང་གི་ཡིག་མཁན་ཁ་ཤས་དང་བཅས་པར་སྤྱན་རས་གཟིགས་གཙོ་འཁོར་གསུམ་པའི་རྗེས་གནང་བྱས། བི་ལིག་ཐུས་མུ་ཏིག་གི་ཟར་ཚགས་ཤིག་བྱིན། ཉེར་ལྔ་ལ་གོང་ནས་གསེར་དངུལ་གྱི་མཎྜལ་རྒྱལ་སྲིད་སྣ་བདུན་བཀོད་པ། དཀར་ཡོལ། གསེར་ལས་གྲུབ་པའི་དཀར་སྟེགས། བཟེད་ཞལ། སྤྱི་བླུགས། སྡེར་མ་འབྲུག་འཕུལ་བའི་ཁྱད་མཚར། སྤོས་ཕོར། དུང་ཆེན། རྒྱ་གླིང་དང་བཅས་པ། འཕན། གདུགས། རྒྱལ་མཚན། བ་དན། ཉི་ཡོལ་སོགས་ཏི་ཤྲིར་འོས་པའི་ཆས་རྣམས་གནང་བར་ནང་བློན་ཀ་པ་ལ་ཨ་མ་དང་ཨས་ཁན་ཨ་མ་ཅན་ཁ་ཤས་བྱུང་། ཆོས་རྗེ་གུན། གཙང་པ་རབ་འབྱམས་པ། ཨཱཪྻ་ཁལ། བསྟན་འཛིན་ཆོས་རྒྱལ་གྱི་མི་སྣ་ཁོན་ཇིན་གཞན་མའི་ལྡེབས་འབྱར་བརྒྱ་སྐོར་ལ་སྤྱན་རས་གཟིགས་གཙོ་འཁོར་གསུམ་པའི་རྗེས་གནང་བྱས། ཏའི་ཁ་ནས་མཚོ་སྣ་སྡོང་པ་ལོ་གསར་འབུལ་བར་འབྱོར།

དགུང་ལོ་སོ་བདུན་པར་རྒྱ་ནག་ཏུ་མཛད་འཕྲིན་བསྐྱངས་ལུགས་དང་། བོད་དུ་ཕྱིར་ལོག་ཕེབས་པའི་ལམ་བར་གྱི་གནས་ཚུལ་སོགས་ཀྱི་སྐོར།


GLG005_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་འཇུག་དུས་རིམ་དང་རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་གྱི་ལོ་ཚེས་པའི་སྲིད་གསུམ་བདག་མོ་མཆོད་པའི་རིམ་པ་དང་འདོད་དོན་གསོལ་བའི་སྙན་དར་ཕུལ། བཞུགས་གྲལ་གྱི་དགའ་སྟོན་བྱེས་ལམ་ཡིན་ཀྱང་གཞིས་སུ་བསྡད་པ་ལྟ་བུའི་གྲ་འགྲིག་ཅིང་རྟེན་འབྲེལ་ལེགས་པ་བྱུང་། ཚེས་གསུམ་གྱི་བར་དབང་། པའི་ལི། བེའི་སེ། གུན། ཨམ་པ་སོགས་དྲག་རིགས་རྣམས་ཀྱིས་ལས་ཞྭ་ལས་གོས་གཟབ་འཆོར་དང་བཅས་ལོ་གསར་དུས་སྟོན་གྱི་ཚུལ་དུ་ཁ་བཏགས་ཉིན་བདེ་མས་མཚོན་དར་ཟབ་ཀྱི་ཕྱག་རྟེན་བསྟར་བའི་ཕྲད་མི་མང་བར་བྱུང་། ཁོར་ཆིན་བིང་ཐུ་དབང་། ཁི་ཡ་བླ་མ། ཁོ་བོ་ཐུ་ཁུ་ཁུ་ཤོག་དགེ་བཤེས་ཅན་དྲུག་གིས་གཙོས་ལྔ་བཅུ་སྐོར་ལ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རྗེས་གནང་། ཁེ་ཤིང་གི་ཆིན་དབང་གི་ཕྱག་ཕྱིར་དགེ་སློང་བློ་བཟང་དང་བཅས་པར་སྒྲོལ་དཀར་སྤྱན་བདུན་མའི་རྗེས་གནང་དང་དེའི་མངོན་རྟོགས་གསར་རྩོམ་གྱི་ལུང་ཕུལ། བཱ་ཐུར་ཇའི་སང་དང་པདྨ་ཐ་སོར་ཁའི་སོ་སོས་དངུལ་སྲང་བརྒྱ་སྐོར། མ་ཅིག་དབང་གི་སྲིང་མོའི་བསྔོ་རྟེན་དུ་གསེར་སྲང་ཞེ་ལྔ་ལས་གྲུབ་པའི་མཆོད་ཀོང་། ལུས་རྒྱན་གྱི་རིན་པོ་ཆེ་དང་གོས་དར་གྱིས་མཚོན་པའི་བདོག་པ་རྒྱ་ཆེར་བྱུང་བ་དགེ་བ་རྫོགས་བྱང་དུ་བསྔོས། དཔོན་ཚང་བྱང་ངོས་པ་གཉན་ཚད་དུ་དོགས་པའི་ནད་ཀྱིས་བྲོ་འཚལ་བར་སྨན་བཅོས་རིམ་གྲོ་དང་ངོས་ཀྱིས་ཕྱིན་པའི་རྗེས་གནང་གདོན་འགྲོལ་རྒྱལ་རྫོངས་བྱས་རུང་དུས་བབས་དང་གློ་བུར་བ་ཇི་ལྟར་ཡང་ཚེས་བརྒྱད་ལ་སྔ་མའི་ཕོ་ཉས་ཟིན་པར་འཕོ་བ་བཏབ་ཅིང་ནཱ་རོ་མཁའ་སྤྱོད་ཀྱི་ཉམས་ལེན་ཆག་མེད་དུ་འདུག་པའི་ཕན་ཡོན་གྱིས་དེ་ཉིན་ནམ་མཁའ་ལྷག་པར་དྭངས་


GLG005_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇའ་སྤྲིན་ཉ་གཤིབས་པ་ལྟ་བུ་དང་རྩིབས་ཤར་གྱེན་སྒྲེང་གི་ལྟས་ངོ་མཚར་བ་བྱུང་སོང་། གོང་ནས་ཀ་པ་ལ་ཨ་མ་དང་ཨས་ཁན་ཨ་མ་གཉིས་གནང་བའི་ཚེས་བཅུ་གཅིག་ལ་ཕོ་བྲང་དུ་ཤོག་གསུང་བ་ལྟར་ཕྱིན། ཕོ་བྲང་ཆེན་པོ་འདིའི་འོག་ཏུ་ཝུའུ་ཀྱང་བཅུ་གསུམ། ཞིང་ཆེན་རེ་རེའི་མཁར་མོ་ཆེའི་མི་དཔོན་ཀྱུན་མིན་རེ། ཀྱུན་མིན་རེ་རེའི་འོག་ཏུ་ཐིའི་ཏུའི་བཅུ་གསུམ། ཐིའི་ཏུའི་རེ་རེའི་འོག་ཏུ་ཙོང་ཡེ་བཅུ་གསུམ། ཏུའུ་ཡེ་བཅུ་གསུམ། བེང་ཡེ་བཅུ་གསུམ། ཐོང་ཡེ་བཅུ་གསུམ་ཡོད་ཅིང་མཁར་མོ་ཆེ་རེ་ལ་དམག་མིའི་གྲངས་ཏིལ་རྒྱ་ནག་གི་བྲེའོ་ཆེ་ལྔའི་གྲངས་ཡོད་པའི་རྒྱལ་ཁབ་ཆེན་པོའི་ལྕགས་རི་དཀར་པོ་སེར་པོ་གྲོ་བོ་སྟེ་རིམ་པ་གསུམ་གྱིས་བསྐོར་བའི་ལྕགས་རི་ཕྱི་མའི་ཤར་ལྷོ་ནུབ་བྱང་མཐའ་དག་ལ་ཚ་བད་རེ་ཙམ་འགྲོ་དགོས་པའི་ཁོར་ཡུག་ཤིན་ཏུ་ཡངས་པ། ནང་ཐམས་ཅད་ཁང་ཁྱིམ་གྱིས་ཡོངས་སུ་གཏམས་པ། ཕོ་བྲང་ནང་མའི་རྒྱལ་སྒོའི་ཕྱི་རོལ་ཏུ་རྒྱལ་སྲིད་སྣ་བདུན་དང་ཁྲིམས་ལས་ཀྱི་མཚོན་ཆ་རུ་མཚོན། གདུགས་བ་དན་སྣ་ཚོགས་བསྒྲེང་བ། སྙན་བརྗིད་ཀྱི་རོལ་མོ་མང་པོ་སྒྲ་འཁྲོལ་བ་རྔམས་འཇིགས་ཡིད་དུ་འོང་བ་རྣམ་ཐོས་སྲས་ཀྱི་ཁང་བཟང་ལྟ་བུར་བགྲོད། གསེར་ཁྲི་ཡོད་པའི་བ་གམ་དེར་སླེབས་ཚེ་མདུན་ན་འདོན་མི་བཟང་དུ་གཏོགས་པ་ཚང་མ་ཚོགས་ཀྱང་རྒྱལ་པོ་མ་ཕེབས་འདུག་པས་ངེད་རང་ལ་སྟན་ཁྲུ་དོ་ཙམ་ཞིག་བརྩིགས་པ་དེར་ཧོར་སྟེགས་བྱས་བསྡད། རེ་ཞིག་ན་རོལ་མོ་རྣམས་དུས་གཅིག་ཏུ་འཁྲོལ་བ་དང་ལྷན་ཅིག་པར་རྒྱལ་པོ་ལྟག་སྒོ་ནས་ཕེབས་ཏེ་གསེར་ཁྲི་ཤིན་ཏུ་རྒྱ་ཆེ་ཞིག་དཔངས་མི་ཚད་ལྷག་པའི་སྟེང་ན་སླར་


GLG005_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཁྲི་ཆུང་དང་ཁྲིའུ་ཤིང་བརྩེགས་པར་བཞུགས་པ་ལ་མངོན་དུ་མ་ཕྱོགས་པར་སྟན་ལ་ལངས་ནས་ཡོད་པར་ཨས་ཁན་ཨ་མ་གནང་སྟེ་ངེད་ཁྲིའུ་ཤིང་ལ་སྡོད་པ་དང་ལྷན་ཅིག་པར་ཁྲི་ལ་བཞུགས་ཤིག་པའི་བཀའ་བསྒྱུར་བྱུང་། ཁྲིའུ་ཤིང་གི་གཡས་གཡོན་ན་བློན་པོ་རེ་སྡོད་ཀྱིན་འདུག་པའི་ཇ་ཁ་སིང་ལུགས་བཞིན་བཟེད་ཅིག་པའི་ལུང་བསྒྱུར་བར་ཀ་པ་ལ་ཨ་མ་སླེབས་བྱུང་། ཅོག་ཙེ་རེའི་སྟེང་དུ་རྒྱལ་པོ་ལ་གསེར་གྱི་སྡེར་མ་དང་གཞན་རྣམས་ལ་དངུལ་གྱི་སྡེར་མ་ཤ་སྟག་ལྔ་བཅུ་ཙམ་བརྩེགས་པའི་གཞིས་ལེན་བཟབས་རྒྱས་སུ་བསྟར། དེ་མོ་སྤྲུལ་སྐུ། དཔལ་འཁོར་ཆོས་སྡེའི་མཁན་པོ། ཇའི་སང་སྡེ་པ། མེརྒན་དཀའ་བཅུ། སེ་ཆེན་དབོན་པོ། གསོལ་གཟིམས་མཆོད་དཔོན་དབུ་མཛད་སྤོས་ཕོར་བ་སོགས་དྲག་རིམ་བཅོ་ལྔ་སྐོར་ལ་གོང་མས་གསོལ་རས་ཀྱང་གནང་། བཞུགས་གྲལ་གྲོལ་ནས་རང་གནས་སུ་ལོག །ཚེས་བཅུ་གཉིས་ལ་འཕྲིན་བཅོལ་གྱི་ཚིགས་སུ་བཅད་པའི་རུ་དར་ཕུལ། ཚེས་བཅུ་བཞི་ལ་གྲ་ཚང་དུ་འདོད་ཁམས་བདག་མོའི་མདོས་བསྐང་ཞག་བདུན་བར་བཙུགས་ཐོག་འདོད་གསོལ་བྲིས་པའི་སྙན་དར་སྒྲོན། རྟེན་འབྲེལ་ལེགས་པའི་མཚན་མ་ཤར། གདོང་གྲལ་གཡས་ཀྱི་འགོའི་ཀ་གདན་དུ་ཆུ་འཁྱིལ་བ་ཐོག་མར་དེར་སྡོད་མིའི་ཆབ་རིལ་གྱི་ཆུ་བོ་བ་དང་དཀོན་གཉེར་གཉིས་ཀྱིས་ཆུ་ལྷག་ཕོ་བ་སོགས་ལ་དོགས་པ་ཟོས་པའི་ངང་ཀ་བའི་སྟོད་ནས་བརླན་གྱིས་ཅུང་ཟད་གཤེར་ཏེ་བབས་པ་མཐོང་བ་ན་སྟེང་གི་གཟིམས་ཆུང་དུ་ཆུ་བོ་བ་ཞིག་འཛགས་པར་དོགས་འདུག་རུང་ཞིབ་ཏུ་དཔྱད་ཚེ་ཀ་བ་ལ་གཞའ་མ་བསྡོགས་པ་ཙམ་ནི་ཡོང་དོན་མི་སྣང་ཞིང་ཕོ་བྲང་ནས་ཕྱིར་ཐོན་གདོང་བར་ཆུ་མ་ཟད་པ་དེ་ག་བབས་འདུག་པས་ལེགས་ཉེས་ཇི་ལྟར་ཡང་ལྟས་ཤིག་ནི་ཡིན་པར་མངོན། རྗེས་སུ་ཆུ་འཁྱིལ་སར་མེ་ཏོག་སྐྱེས་པར་གོང་ནས་གཟིགས་རྟོགས་ལ་ཕེབས་འདྲ་ཟེར་བ་བདེན་རྫུན་གྱི་ངེས་པ་མ་རྙེད། ཨུའི་ཇིང་དབང་གི་སྲས་ཞེལ་སེ་དབང་མཆེད་གཉིས་ཀྱིས་གསེར་གྱི་མཎྜལ། གསེར་སྒ་ཁྱད་མཚར། ཁེ་ཤིང་གེ་ཆིན་དབང་གིས་དཀར་ཡོལ་དང་གསེར་ལས་གྲུབ་པའི་སྟེགས། སྤྱི་བླུགས། བཟེད་ཞལ་གྱིས་ཐོག་དྲངས་པ་བསྟར། དབང་དང་ཨོ་ཆིར་ངོར་གེ་ཨམ་པ། ད་ཡོན་དོར་གེ་ཨམ་པ་སོགས་ཉི་ཤུ་སྐོར་ལ་སྐྱབས་སེམས། ལྟུང་བཤགས། ས་གསུམ་མ། གཏོར་མ་བརྒྱ་རྩ་


GLG005_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ལུང་། ཨམ་པ་དེ་གཉིས་ཀྱིས་གཙོས་པའི་མི་ཕྱེད་སུམ་བརྒྱ། བལ་པོ་བནྡེ། ལྷ་ཁང་སེར་པོའི་གྲ་པ་ཁ་ཤས། མགོན་པོ་སྐྱབས། མགོན་པོ་ཐའི་ཇི། བེའི་སེ་འགའ་ཞིག་དང་བཅས་པར་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རྗེས་གནང་བྱས། མགོན་པོ་ཐའི་ཇིའི་གསེར་གྱི་མདོང་མོ། དངུལ་སྲང་སྟོང་ཕྲག །གོས་ཡུག་བརྒྱད་ཅུ། དགེ་སློང་བསམ་གྲུབ་ཆོས་འཕེལ་གྱིས་གསེང་སྲང་སུམ་ཅུ་དང་དངུལ་སྲང་སུམ་བརྒྱ་ལ་བརྡུངས་པའི་མཎྜལ་དང་། མགོན་པོ་ཐའི་ཇིས་སྒར་པ་རྣམས་ལ་དངུལ་དང་གོས་ཆེན་གྱི་འགྱེད་བཏང་། བི་ལིག་ཐུ་ནང་སོ་ལ་བླ་མའི་རྣལ་འབྱོར། ཚུལ་ཁྲིམས་ཁི་ཡ་མི་སུམ་ཅུ་སྐོར་ལ་སྒྲུབ་ཐབས་རྒྱ་མཚོ་ནས་གསུངས་པའི་གདུགས་དཀར་གྱི་རྗེས་གནང་། དཔོན་མོ་མའི་ད་རི་དང་ཁ་རན་ཐུ་ཐའི་ཇི་གཉིས་ཀྱི་ཁ་ཏོན་དུ་བདག་བསྟོད། བལ་པོ་བནྡེས་བསྐུལ་བའི་ངོར་གསོལ་འདེབས་ཀྱི་ཚིགས་བཅད་སོགས་སོ་སོའི་རེ་བ་བཀང་། ཚེས་བཅོ་བརྒྱད་ལ་ཨུའི་ཇིན་ཆིན་དབང་གིས་ཅོག་ཙེ་བརྒྱད་ཅུ་ཐམ་པ་ཡོད་པའི་གཞིས་ལེན་དང་ཉེར་གཅིག་ལ་ཆ་ཁར་དའི་ཆིན་དབང་གིས་བསྙེན་བཀུར། ཁེ་ཤིང་གེ་ཆིན་དབང་ལ་ཐོག་མཐའ་པ། བདེ་བ་ཅན་གྱི་སྨོན་ལམ་དང་གསོལ་འདེབས་ཉེར་མཁོའི་ལུང་ཕུལ། དབང་གིས་བསྐུལ་བའི་གསོལ་འདེབས་སྨོན་ལམ། དབང་དང་ཀོང་ཇོ་སོ་སོར་བསླབ་བྱ། བི་ལིག་ཐུ་ནང་སོའི་ཁ་ཏོན་དུ་ཨྱོན་རིན་པོ་ཆེའི་བསྟོད་པ་རྣམས་བརྩམས། དབང་དང་བོ་རོ་ཐའི་ཇི། ཁ་རན་ཐུ་ཐའི་ཇི། མགོན་པོ་ཐའི་ཇི། ཨུ་གེ་དེ་ཁེའི་ཁི་ཡ། བ་རས་ཐུ་ཁི་ཡས་གཙོས་པའི་མི་ཉིས་བརྒྱ་སྐོར་ལ་འཇམ་དབྱངས་ཨ་ར་པ་ཙ་


GLG005_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ན། བིང་ཐུ་དབང་གི་བུ་ཡེ་བི་གེལ། ཨ་ཡོ་ཤི་ཇའི་སང་སོགས་བརྒྱ་ལྷག་ལ་སྤྱན་རས་གཟིགས་གཙོ་འཁོར་གསུམ་པ། པདྨ་ཐའི་ཇི། ར་ལ་ཐའི་ཇི། བལ་པོ་བནྡེ་ཅན་ལ་སྤྱན་རས་གཟིགས་དང་སྒྲོལ་དཀར། ཀརྨ་ཨེ་བུ་ལ་སེང་གདོང་མའི་རྗེས་གནང་རྣམས་བྱས། ཉེར་གསུམ་ལ་ཡི་ལེ་ཐུ་དབང་གིས་སྟོན་མོ་རྒྱས་པར་བསྟར། ཨོ་རོད་ནས་ཀུན་ཅི་རྒྱལ་མོ་དང་ཨོ་ཆིར་ཐུ་ཐའི་ཇི་གཉིས་ཀྱི་མི་སྣ་འབྱོར། བསམ་བློ་ཨ་ཞང་གྲ་བཅས་ཀྱིས་མུ་ཏིག་གི་སྣམ་སྦྱར་གྱིས་གཙོས་པའི་གོས་དར་གསེར་དངུལ། མཆོད་རྟེན་དཀར་པོའི་བླ་མ་རབ་འབྱམས་པ་གྲ་སློབ་ཀྱིས་གསེར་སྲང་སུམ་ཅུ་ལ་བརྡུངས་པའི་མཎྜལ། འབྲུག་གི་སྒོ་ང་། སྦུག་ཆོལ། དངུལ་གོས་དར། དང་སྐྱ་བླ་མ་གྲ་རིགས་ཀྱིས་དངུལ་གོས་ཆེན་སོགས་བརྒྱ་འབུལ་གཟབ། ནས་ཅི་ཐོ་ཡོན་འབྱོར་བའི་དངུལ་སྲང་སྟོང་ཕྲག་གི་སྟེར་ཆ་དང་སྒར་དམངས་ལ་དངུལ་སྲང་སྟོང་ཕྲག་གཅིག་གི་འགྱེད་བཏང་། ཉེར་བདུན་ལ་ཁེ་ཤིང་གེ་ཆིན་དབང་གིས་ཅོག་ཙེ་བརྒྱད་ཅུ་ཐམ་པ་ཡོད་པའི་སྟོན་མོ་བཤམས། ཌཱ་དྲིལ། འཕྲེང་བ། བེར་བླ་རེ། གདུགས། གདན་ཆས་མཚོན་པའི་ཉེར་སྤྱད་མང་དུ་བསྟར། དེ་ཉིན་རྡུལ་ཡེ་མི་ལྡང་བའི་ནམ་མཁའ་དྭངས་ཤིང་སྣུམ་བག་ཆེ་བ་བྱུང་། ནོ་འོན་ད་རི་ཐའུ་ཞེས་པའི་ཁ་ཏོན་དུ་ཚིགས་བཅད་ཉུང་ངུ་ཞིག་བརྩམས། ཨེར་ཁ་དབང་། དེའི་འོག་གི་བེའི་སེ་གཉིས་དང་བཅས་པས་གསེར་དངུལ་གྱི་མཎྜལ། རྟ་གོས་ཡུག་གིས་གཙོས་པ་རྣམ་གྲངས་མང་བ་བཏེག །ཉེར་དགུ་ལ་གིང་གིང་དབང་གིས་སྔ་མ་རྣམས་དང་འདྲ་བའི་གཞིས་ལེན་བཟབས། ལྷ་ཁང་སེར་པོའི་བླ་མ་ཨ་ཞང་གིས་འདོད་མོས་


GLG005_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དངོས་བརྒྱུད་བླ་མའི་གསོལ་འདེབས་བརྟན་བཞུགས་སྨོན་ལམ་བཤགས་པ་སོགས་རྩོམ་པ་ཁ་ཡར་དགོས་ཚུལ་བྱུང་བ་བྲིས། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་ལས་རྒྱ་ཧོར་གྱི་ཡུལ་གྲུར་རྒྱལ་བ་ཙོང་ཁ་པའི་ཐུགས་རྗེ་ལྷག་པར་འཇུག་པའི་སྟབས་ཀྱིས་རིམ་གྲོ་གཞན་གང་ལས་ཀྱང་དམིགས་བརྩེ་མ་འདི་འགྱུར་ཆེ་བ་ནས་ཕོ་བྲང་ཕྱི་ནང་གི་རྒྱ་བོད་ཧོར་གསུམ་གྱི་བནྡེ་དང་སྒར་པ་སྐྱ་སེར་ཀུན་འདྲེན་དུ་བཅུག་པའི་སོ་སོའི་གྲངས་དང་བསྟུན་པའི་ཡོན་ལ་དངུལ་སྲང་ཁྲིར་ཉེ་བ་སོང་། དེ་མོ་སྤྲུལ་སྐུས་ལས་གཤིན་གྱིས་གཏོར་བཟློག་ཅིག་མཛད་པ་ཕྱག་ལེན་འདི་ཡིན་རང་མི་འདུག་ཀྱང་གསུང་བསྙེན་མང་དུ་སོང་བའི་ཉམས་ཀྱིས་མཚན་ལྟས་ལེགས་རབ་སྣང་། ནུབ་ཅིག་སྲོད་འཁོར་ལ་སྤྲིན་པ་དང་དུད་པ་གང་རུང་དབྱིབས་ཁྱབ་འཇུག་རཱ་ཧུ་ལའི་རྣམ་པ་ཤིན་ཏུ་དོད་པ་མདོག་དུད་ཁ་སྐྲག་རྔམས་ཡོད་པ་ཞིག་རྒྱུ་བཞིན་པར་ལྕགས་རི་དཀར་པོའི་ཐད་ཙམ་ནས་ཡལ་བ་བོད་སོག་འགའ་ཞིག་གིས་མཐོང་བའི་གླེང་གཞི་བྱེད་འདུག་པ་ངེས་པར་བདེན་ན་རིགས་ཀྱི་སྲུང་མར་སོང་བའི་འཁོར་ཉམས་ཡིན་འདུག་པས་ལེགས་པ་འདྲ། ནས་ཅི་ཐོ་ཡོན་གྱིས་གསང་བདེ་འཇིགས་གསུམ་སོགས་བླ་མེད་ཀྱི་ལྷའི་མངོན་རྟོགས་དུ་མ་ཕོ་མོ་ཀུན་ལ་ཁྱབ་གདལ་དུ་བསླབས། དཀྱིལ་འཁོར་གྱི་ལྷ་ལ་སྔར་མ་གྲགས་ཀྱི་རྗེས་གནང་བསྐུར། ལྷ་ཐམས་ཅད་ལ་སྐུ་མདོག་ཀྱང་དཀར་སེར་དམར་ལྗང་སྣ་ཚོགས་བློས་བྱས་ཀྱིས་བཅོས། རྒྱལ་བ་ཙོང་ཁ་པ་ཆེན་པོའི་སྐུ་སྐྱེར་ཁས་འཆེ། དངོས་པོ་རྣམས་འཕངས་མེད་དུ་མཆོག་དམན་ཀུན་ལ་བྱིན་པས་སོག་པོ་ཕལ་ཆེར་དད་པའི་འཕྲིན་ལས་ཀྱི་འུར་ལངས། དེ་ལ་བྱམས་གླིང་ནོ་མོན་ཁན་གཞན་འབྱོར་


GLG005_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་ལ་ཕྲག་དོག་དང་ཁོང་པའི་སྤྱོད་ཚུལ་ལ་ཡི་མ་རངས་པ་ཕན་ཚུན་དུ་འགྲན་པས་གནས་ཚུལ་བརྗོད་པ་མཚང་འདྲུ་ལྟ་བུར་སོང་སྟེ་བྱ་རོག་འུག་པའི་བརྟུལ་ཞུགས་འཛིན་པ། སྦྱིན་བདག་རྣམས་ཀྱང་སོ་སོའི་ཕྱོགས་སུ་ལྷུངས་པའི་བན་རྩལ་བརྟེན་གོང་གི་སྙན་དུའང་རང་ཕྱོགས་སྒྲུབ་འདོད་ཀྱི་ཞུ་རིགས་མང་ཙམ་བྱུང་འདུག་པ་ནས་ཀ་པ་ལ་ཨ་མ་དང་ཨས་ཁན་ཨ་མ་ཅན་ཆེད་དུ་མངགས་ཏེ་བླ་མ་གཉིས་མ་མཐུན་པའི་རྩ་བ་ཆོས་ཡིན་གཤིས་ཁྱོད་ཀྱིས་ཞལ་ལྕེ་ཆོད་གསུངས་པས་མེརྒན་དཀའ་བཅུ་དང་སེ་ཆེན་དཔོན་པོ་གཉིས་བཏང་བའི་ཧོར་ཟླ་གཉིས་པའི་ཚེས་གཅིག་གི་ཉིན་སོ་སོའི་ཚིག་རྩ་རྣམས་བཅད་ཚེ། ནས་ཅི་ཐོ་ཡོན་དེ་བསམ་པ་སེམས་ཅན་དང་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བསྟན་པ་ལ་ཕན་དུ་རེ་བའི་དག་པ་ཡོད་འདྲ་རུང་སྦྱོར་བ་ཐོས་པ་ཆུང་ཞིང་བཤེས་གཉེན་ཚད་ལྡན་ཞིག་གིས་མ་ཟིན་པའི་སྐྱོན་གྱིས་ནོ་མོན་ཁན་གྱི་བརྗོད་རིགས་ཕལ་ཆེར་བདེན་པ་ཙམ་འདུག །ནོ་མོན་ཁན་ཡང་བསྟན་འགྲོའི་དོན་ལ་བསྙད་པའི་ཕ་རོལ་གྱི་དབང་ཐང་མ་བཟོད་པའི་སོག་པོའི་བླ་རྒན་དེ་རྒྱལ་པོའི་ཁྲིམས་རར་ཚུད་ལ་རེ་ཞིག་སྣང་བ། སྤྱི་པ་དང་བར་པ་གྲོས་པ་གསུམ། །ཕྱོགས་རིས་ཟུག་རྔུ་ལྡང་བའི་རྒྱུ། །ཞེས་པ་ལྟར་འདི་རིགས་མཐོང་ཕྱོགས་བྱེད་བསྟད་ཀྱི་རྒྱུར་འདུག་རུང་གོང་གི་བཀའ་ལྡོག་པར་མ་ནུས་པས་དྲང་པོའི་ངོས་ནས་ཕན་ཚུན་གཉིས་ཐད་དུ་ལོ་བའི་གཅོད་མཚམས་ཀྱིས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱས། དེ་གའི་གནས་ཚུལ་གོང་གི་སྙན་དུ་དྭངས་པས་དགོངས་པར་བབས་པ་བྱུང་འདུག །ཚེ་རིང་ཆེ་ཆེན་ཇང་གི་ཨེར་ཁེ་དའི་ཆིན། ཚེ་བརྟན་


GLG005_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སོགས་བརྒྱ་ཕྲག་བརྒལ་བར་སྤྱན་རས་གཟིགས་གཙོ་འཁོར་གསུམ་པའི་རྗེས་གནང་དང་ཁེ་ཤིང་གེ་ཆིན་དབང་། འདུལ་བ་ཆོས་རྗེ་ངག་དབང་ཆོས་འཕེལ། མན་ཇུན་ཐའི་ཇི། བོ་རོ་ཚེ་རིང་། ཁ་རན་ཐུ་ཅན་ལྔ་བཅུ་སྐོར་ལ་ལྷ་གཅིག་བུམ་གཅིག་ལ་བརྟེན་པའི་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཕུལ། ཐར་ནི་ཆེ་དགེ་སློང་གིས་གསེར་སྲང་ཉི་ཤུའི་མཎྜལ། མུ་ཏིག་གི་འཕྲེང་བ། གསེར་སྲང་བརྒྱ་ཕྲག་གི་དངོས་པོ་བསྟར། ནས་ཅི་ཐོ་ཡོན་ལ་བདེ་དགྱེས་གསང་འཇིགས་སོ་སོའི་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དགོས་ཟེར་བ་འདོད་སྦྱར་བཞིན་ཚར་རེ་དང་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་གསར་རྩོམ་གྱིས་ལུང་བྱས། ཚེས་གསུམ་ལ་ཆིག་ཤིན་དབང་གིས་བསྙེན་བཀུར། ཇའི་སང་སྡེ་པའི་རྨི་ལམ་དུ་བཙུན་མོ་ཚལ་གྱི་ཐད་འདྲ་བ་ཞིག་ནས་ཆོས་སྐྱོང་གི་ཕེབས་བསུ་ཡོད་ཟེར་བར་བལྟས་པས་རུ་འདྲེན་སྡེ་བཞི་བྱུང་ཚུལ་གྱི་གླེང་མོ་འདུལ་བ་ཆོས་རྗེ་དང་པཎ་ཆེན་སྨོན་འགྲོ་པ་ཅན་འགའ་ཞིག་ལ་གཏོང་བའི་ངང་ལ་ཏའི་ཁར་ཆོས་འཕེལ་བཟང་པོ་ལ་གནས་ཆུང་ཆོས་རྒྱལ་ཆེན་པོ་གསར་དུ་ཕེབས་པའི་རལ་གྲི་མདུད་པ་ཅན་སྨོན་གྲོང་ཚེ་དབང་གི་ཡི་གེ་དང་བཅས་སྐྱེལ་མི་འབྱོར་བས་ཉིང་འཁྲུལ་མི་བདེན་པའི་དཔེར་སྣང་ཡང་རེས་བདེན་པ་ཞིག་འདུག །རྒྱ་སོག་གི་སེར་མོ་བ་རྣམས་ཀྱིས་འཛིན་རྒྱུའི་བཅའ་ཡིག་དགོས་ཚུལ་བྱུང་བ་ལྟར་བྲིས། ཚེས་བཅུ་གཅིག་ལ་ཚེ་བརྟན་དབང་གིས་གསེར་གྱི་བུམ་པས་གཙོས་པའི་ཟང་ཟིང་གི་དངོས་པོ་གྱ་ནོམ་པ་བསྟར། རི་བོ་རྩེ་ལྔ་ནས་རྒྱ་བན་རི་ཁྲོད་པ་སུམ་བརྒྱ་སྐོར་གྱིས་འོངས། འཇམ་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་བུམ་པ་དང་མེ་ཏོག་གི་རིགས་སྣ་ཚོགས། གཞན་ཡང་ཤིང་


GLG005_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་ལྔ་བརྒྱ་ཙམ་བཏེག །ཁེ་ཤིང་གེ་ཆིན་དབང་ཐུགས་འདོད་ལྟར་རྒྱ་ཡུལ་དུ་མཁོ་བའི་བསངས་དཔེ་བྲིས། ཚེས་བཅུ་གཉིས་ལ་ནེལ་གེའི་དབང་གིས་སྟོན་མོ་བཏང་། གོང་ནས་ཀ་པ་ལ་ཨ་མ་མངགས་ཏེ་མུ་ཏིག་གིས་བརྒྱན་པའི་བེར་ཟླམ་གྱིས་གཙོས་པའི་གོས་སྣ་ཆ་ཚང་། མཐེ་བོང་ཉིས་འགྱུར་ཙམ་གྱི་མུ་ཏིག་ནོར་བུ་རིན་ཐང་མེད་པ་ལྟ་བུ། དྲུང་འཁོར་རྣམས་ལ་སོ་སོར་ལྔ་བཅུ་མ་གསུམ། དངུལ་མདོང་། གོས་ཡུག་བཅོ་ལྔ། དར་ལིང་། སྨན་རྩེ། ར་མ་ལུག་གི་སྒ་ཐག་ཆ་ཡོབ་གདན་དང་བཅས་པའི་གནང་སྦྱིན་བསྩལ། ཚེས་བཅུ་གསུམ་ལ་འཇམ་དབྱངས་ཀྱི་བསྟོད་པ་སྙན་ངག་གི་ལམ་ནས་དྲངས་པའི་རྒྱས་པ་དེའང་བརྩམས། ཚེ་བརྟན་དབང་། ཆ་གན་དར་ཁན་ཆོས་རྗེ། བི་ལིག་ཐུ་ནང་སོ་ཅན་ལ་སྒྲོལ་དཀར་སྤྱན་བདུན་མ། ཁེ་ཤིང་གེ་ཆིན་དབང་ལ་རྟ་མགྲིན་སྐྱེར་སྒང་ལུགས་དང་རས་ཆུང་ལུགས། གསེར་ཆོས་ཀྱི་འཇམ་དབྱངས་ནག་པོ། ཨེར་གེ་དའི་ཆིན་ལ་རྟ་མགྲིན་སྐྱེར་སྒང་ལུགས། ཁི་ཡ་བླ་མ་གྲ་བཅས་ལ་ཕྱག་དྲུག་པ། ཨུ་གེ་དེ་ཁེའི་བེའི་སེ་སོགས་ཉིས་བརྒྱ་སྐོར་ལ་སྤྱན་རས་གཟིགས་གཙོ་འཁོར་གསུམ་པ་རྣམས་ཀྱི་རྗེས་གནང་བྱས། སྐུ་འབུམ་བྱམས་པ་གླིང་གི་བཅའ་ཡིག་དགོས་ཚུལ་རྒྱ་ཡགས་འགའ་ཞིང་རབ་འབྱམས་པས་བསྐུལ་བ་ལྟར་ཟིན་བྲིས་སུ་བཀོད། ཏའི་ཁ་ནས་འབོད་པར་སྟར་སྡོང་ལམ་པ་སྤྱན་སྔ་འབྱོར། ཚེས་བཅོ་བརྒྱད་ལ་ཕོ་བྲང་ཆེན་པོར་འབོད་མི་གནང་བྱུང་བ་ལྟར་ཕྱིན། གཞིས་ལན་སྔར་ལུགས་ལྟར་རྒྱས་པར་མཛད། ཚུར་ལམ་ལྷ་ཁང་སེར་པོའི་དུས་གསུམ་སངས་རྒྱས་ཀྱི་གནྡྷོ་ལར་མེ་ཏོག་གཏོར།


GLG005_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ནས་གསེར་སྲང་ལྔ་བཅུ་ལས་གྲུབ་པའི་མདོང་མོ་གཉིས་དང་ཀ་ཏོ་ར་ཆ། གསེར་སྲང་ལྔ་བརྒྱ། དངུལ་གྱི་མདོང་མོ་བརྒྱད་དང་ཀ་ཏོ་ར་བརྒྱད། དངུལ་སྲང་ཁྲི་ཚོ་གཅིག །སྲང་སྟོང་ལས་གྲུབ་པའི་དངུལ་ཁོག་ཆེན་མོ། གོས་ཡུག་སྟོང་ཕྲག་གཅིག་གསེར་སྒ་བཅུ། སྟག་གཟིག་གི་པགས་པ་དང་ནོར་སྲམ་སོ་སོར་བཅུ་རེ། ཇ་ཀོ་དྲ་བརྒྱ་ཕྲག་སོགས་རྫོང་བའི་གནང་སྦྱིན་ཤིན་ཏུ་རྒྱས་པ་བསྩལ། རྒྱལ་པོའི་ཡུམ་ཐའི་ཁོས་གསེར་སྲང་བརྒྱ། དངུལ་སྲང་སྟོང་། གོས་ཡུག་བརྒྱ་རྣམས་བསྟར། བསམ་བློ་ཨ་ཞང་རབ་འབྱམས་པ་གྲ་བཅས་ལ་སྒྲོལ་དཀར་སྤྱན་བདུན་མ། སྣར་ཐང་བརྒྱ་རྩ་ནས་གསུངས་པའི་མི་འཁྲུགས་པ་གཙོས་རྐྱང་། ལས་གཤིན་ཕྱི་སྒྲུབ་ཀྱི་རྗེས་གནང་། དམིགས་བརྩེ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར། ཁོང་རང་གིས་བསྐུལ་བའི་ཚིགས་བཅད་རྣམས་ཀྱི་ལུང་དང་ལྷ་རྗེ་བློ་བཟང་རིན་ཆེན་ལ་སྨན་བླ་བདེ་གཤེགས་བདུན་མཐོ་བརྩེགས་ཀྱི་རྗེས་གནང་བྱས། ཁེ་ཤིག་གེ་ཆིན་དབང་གིས་བསྐུལ་བའི་གསོལ་འདེབས་ལ་རང་འགྲེལ། མགོན་པོ་སྐྱབས་དང་ཨོ་ཆེར་དོར་གེ་ཨམ་པ་གཉིས་ཀྱི་ཁ་ཏོན་དུ་ཚིགས་བཅད་ཅིག་བརྩམས། ཟུང་ཆུ་རབ་འབྱམས་པ་འཕྲིན་ལས་ཀྱིས་རི་བོ་རྩེ་ལྔར་ལྷ་ཁང་བཞེང་བར་དངོས་པོའི་མཐུན་རྐྱེན་བྱིན། བར་ཆད་སེལ་བྱེད་ལྷ་སྲིན་སྡེ་བརྒྱད་ལ་དམིགས་པའི་སྤྲིངས་ཡིག་བསྐུར། འབངས་འཁོར་གྱིས་བསླབ་བྱར་ཉན་འཇོག་དཀའ་བའི་ལྷ་འདྲེར་ལུང་གཏོང་བ་འབྲི་གུང་ཞབས་དྲུང་གིས། ང་རང་ཤི་དུས་རིང་བསྲེལ་མི་ཡོང་བའི། །རྟ་ཡི་རིང་བསྲེལ་དེ་ཡང་ཨ་ལ་ལ། །གསུང་བའི་དཔེར་གདའ། བསྟོད་པ་ཞིག་དགོས་ཟེར་བའང་བརྩམས། ཨེལ་གེའི་དབང་གི་


GLG005_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཨེ་བུ། མེར་རྒན་ནོ་ཡོན་ཕ་བུ། ཆོས་རྗེ་ཐའི་ཇི་སོགས་བརྒྱད་བརྒྱར་ཉེ་བ་ལ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རྗེས་གནང་བྱས་། ཨུས་ཇིང་ཆིན་དབང་གིས་གསེར་སྲང་བརྒྱ། གསེར་གྱི་མདོང་མོ་དང་ཀ་ཏོ་ར། གོས་ཡུག་བརྒྱས་གཙོས་པའི་སྟོང་འབུལ། ཁེ་ཤིང་གེ་ཆིན་དབང་གིས་གསེར་སྲང་བརྒྱ། གོས་ཡུག་ཕྱེད་ཉིས་བརྒྱས་ཐོག་དྲངས་པའི་སྟོང་འབུལ། དབང་གཞན་རྣམས་ཀྱིས་ཀྱང་གོང་དང་ཆ་ཤས་ཀྱི་བདོག་པ་བསྟར། བྱམས་གླིང་ནོ་མོན་ཁན་གྱིས་མུ་ཏིག་གི་འཕྲེང་བ། གསེར་སྲང་སུམ་བརྒྱ། ཁ་བཏགས་ཀྱི་ཡོལ་བས་མཚོན་པའི་སྟོང་འབུལ་བྱས། ཧྭ་ཤང་སོགས་ཆོས་ལུགས་སྣ་ཚོགས་པའི་རྒྱ་མི་མང་པོར་དངུལ་སྲང་ལྔ་སྟོང་ལྷག་པའི་འགྱེད་བཏང་བ་དགའ་ཚོར་ཆེ་བས་ཕན་ཡོན་ཀྱང་དེ་མཚུངས་སྣང་། ཚེས་ཉི་ཤུ་ལ་གཟིམས་ཁང་སེར་པོ་ནས་འདེགས་གདོང་གོང་གིས་ཐ་ན་མུ་ཏིག་མཛུབ་མོའི་མགོ་ཙམ་པའི་བརྒྱ་འཕྲེང་ཞིག་གནང་བར་མི་བཟང་བཱི་གུ་ཆེད་བསྟད་ཀྱིས་མངགས། སྔ་སོར་བསྩལ་བའི་གདུགས། རྒྱལ་མཚན་བ་དན། དར་ཆ་སྐྱ་རགས་ཀྱི་སྔོན་དུ་སྒྲིག་དགོས་རྣམས་བསྟར་ཏེ་དལ་འགྲོས་ཀྱིས་འོངས་པའི་དེ་ནུབ་ཚིང་སྲུའི་ཧོ་རུ་འབྱོར། ཨུའི་ཇིང་ཆིན་དབང་དཔོན་གཡོག་སུམ་སྟོང་ལྷག་ཙམ་གྱིས་སྐྱེལ་བར་བྱོན། དབང་གིས་རྒྱ་གུར་ཁྱད་མཚར་ཡོལ་བ་བླ་བྲེ་གདན་སྙེ་འབོལ་ཧོར་གོས་ལས་བཟོས་པ་ཞིག་བྱིན། གོང་གི་སྐུ་ཞབས་ཀྱི་ཡིན་ཚུལ་གྱི་སྟོན་མོ་ཤིན་ཏུ་རྒྱས་པ་བཏང་། གུང་ཚིགས་གྲོལ་རྗེས་རྒྱང་གྲགས་གསུམ་གྱི་ས་ནས་དབང་ཕྱིར་འབྱོན་གདོང་ཁོང་རང་གི་འོག་རྟ་དེ་བྱིན། ཟའ་གོ་རུ་ཧྭ་ཤང་


GLG005_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཐེ་བའི་བསྙེན་རྫོགས་ལྔ་དང་།ལྕགས་རིའི་མཚམས་ཡུའི་ལིན་དུ་ཨ་ཞང་གྲ་ཁྲོད་ཀྱི་བསྙེན་རྫོགས་བཅུ་བདུན་དང་དགེ་ཚུལ་བཅོ་ལྔ་བསྒྲུབས། ཉེར་ལྔ་ལ་སའ་ཆིང་དུ་སླེབས་པའི་བཅག་མལ་ཞིག་བྱས་རྒྱལ་པོ་མཆོད་ཡོན་གྱི་ཡིག་ལན། ལྷག་ཏུ་སྡེ་པའི་དེར་བོད་འབངས་བདེ་ཐབས་ལ་ཚེས་བཅུ་མ་ཎི་རི་རྒྱ་ཀླུངས་རྒྱ་ཉམས་པ་རྣམས་གསོ་བ། འབྲས་གཤོངས་ཀྱི་དགོན་པ་གསར་པ་དེའང་མ་སྟོངས་པ་དགོས་ཚུལ། སེར་འབྲས་སྤྱི་སོར་འཆད་ཉན་བསྟན་རིམ་ལ་ལེ་དབར་མེད་པ། ཁྱབ་བདག་བཀའ་འགྱུར་བ་དང་ཟུར་ཀུན་མཁྱེན་གཉིས་ལ་རིང་པོར་འཚོ་གཞེས་ཀྱི་སྙན་བསྐུལ། བསམ་ཡས། གནས་ཆུང་། བཙུན་མོ་ཚལ། ཐང་པོ་ཆེ་ཆོས་སྐྱོང་རྣམས་ལ་འཕྲིན་བཅོལ་བ་དང་བཅས་པའི་སོ་སོར་ཧུང་རྒྱ་གྱ་ནོམ་པའི་རྟེན་དང་བཅས་གླ་བ་སྒང་པ་བརྫངས། ཅིང་མིན་ཟན་དུ་ཁོའ་ལས་བླ་མ་དང་ཨར་ས་ལང་ཏུ་ཤི་ཡེ་ཐུ་སོགས་ལ་ཡིག་དྲུག་གི་བཟླས་ལུང་། དམིགས་བརྩེ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར། ལྕགས་རི་མཐོན་པོའི་ཆ་གན་ཐོ་ལོ་གོར་གལ་ཐུ་ཇང་གིས་གཙོས་པ་ལ་སྤྱན་རས་གཟིགས་ཀྱི་རྗེས་གནང་བྱས། དེ་དང་དགེ་སློང་དངོས་གྲུབ་རྒྱ་མཚོའི་ཁ་ཏོན་དུ་གསོལ་འདེབས་ཤིག་བརྩམས། ཁེ་ཤིང་གེ་ཆིན་དབང་དང་ཨུ་ད་ག་བེའི་སེ་གཉིས་ལ་མི་གཡོ་བ་དཀར་པོ་དང་ཛམ་བྷ་ལ་སེར་པོའི་རྗེས་གནང་བསྐུར། ཟླ་བ་གསུམ་པའི་ཚེས་གཅིག་ལ་བུར་ཁ་སུ་ཐའི་ཏུར་ཁལ་ཁ་འཇམ་དབྱངས་སྤྲུལ་སྐུ་དག་ཐུ་ཤི་ཡེ་ཐུ་རྒྱལ་པོའི་མཚམས་འདྲིའི་ཡི་གེ་དང་བཅས་ཏེ་མི་སྣ་འབྱོར། སང་ཉིན་ཆ་ཁར་དང་ཐུ་མེད་ཀྱི་སྐྱེ་བོ་སུམ་བརྒྱ་ཙམ་བྱིན་རླབས་ཞུར་འོངས་ཏེ་རྟ་དྲུག་ཅུར་ཉེ་བ་བྱིན། ཤ་ཇི་དྷ་ར་དང་


GLG005_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཁི་ཡ་བཅུ་སྐོར། མགོན་པོ་ཐཱ། ཀརྨ་ཨེ་བུའི་བུ་ལྷ་སྐྱབས་ཀྱིས་གཙོས་པའི་སྟོང་ཕྲག་བརྒལ་བར་སྤྱན་རས་གཟིགས་ཕྱག་བཞི་པ་གཙོ་རྐྱང་གི་རྗེས་གནང་བྱས། རྟ་ཕྱེད་བཞི་བརྒྱ་བསྟར། ཨུ་ད་ག་བེའི་སེ་ལ་སྒྲོལ་དཀར། ཁེ་ཤིང་གེ་ཆིན་དབང་ལ་བ་རི་ལུགས་ཀྱི་རྣམ་འཇོམས། མི་ཏྲ་ཛོ་གི་ནས་བརྒྱུད་པའི་ཚེ་དཔག་མེད་དཀར་པོ། སྒྲུབ་ཐབས་རྒྱ་མཚོ་ལས་གསུངས་པའི་ཐུབ་པ་དམ་ཚིག་གསུམ་བཀོད། ཁྲོ་བོ་སྨེ་བརྩེགས། ཨུ་ད་ག་བེའི་སེ་དང་དོ་རོ་ལོར་ཨ་ལ་ཁེན་ཨམ་པ་གཉིས་ལ་གསེར་ཆོས་ཀྱི་སྤྱན་རས་གཟིགས་སེང་གེ་སྒྲ་དང་ཁི་ཡ་བརྒྱ་སྐོར་ལ་ཡི་གེ་དྲུག་པ་གཙོ་འཁོར་གསུམ་པའི་རྗེས་གནང་བྱས། ཁལ་ཁ་ནོ་མོན་ཨེ་ཇེན་གྱི་མི་སྣ་འབྱོར་བའི་ཡི་གེ་རྟེན་བཅས་སྤྲད། ཚེས་བཅུ་ལ་གཞིས་པ་རྣམས་ཀྱི་རྟ་བསུ་སེར་སྦྲེང་ཆོས་སྐྱོང་ཆེན་པོའང་སྐུ་ཁོག་ཏུ་ཞུགས་ནས་ཕེབས་པ་སོགས་བོད་སོག་གི་ཁྲོམ་ཤིན་ཏུ་ཆེ་བའི་གཞུང་བཤགས་ཏེ་ཏེ་ཏའི་ཁར་སླེབས། ཁེ་ཤིང་གེ་ཆིན་དབང་ལ་སེང་ལྡིང་ནགས་སྒྲོལ། སྣ་ཚོགས་ཡུམ། ཁྱུང་ཁྲའི་རྗེས་གནང་། སྤྱན་རས་གཟིགས་ཀྱི་འཕོ་བའི་དམིགས་ཁྲིད། ཨུ་ད་ག་བེའི་སེ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། སེང་ལྡེང་ནགས་སྒྲོལ་དང་འཇམ་དབྱངས་ནག་པོའི་རྗེས་གནང་བྱས། དགེ་སློང་ངག་དབང་བློ་བཟང་གིས་བསྐུལ་ནས་འདུལ་བའི་བསླབ་བྱ་དང་ཤ་ཇི་དྷ་རའི་ངོར་འཇམ་དབྱངས་ཨ་ར་པ་ཙ་ནའི་མངོན་རྟོགས་བརྩམས། དབང་ལ་ནང་རྟེན་གྱི་མཇལ་ཀ་དང་ཚེས་བཅོ་ལྔ་ལ་ཡན་ལག་བརྒྱད་པའི་སྡོམ་པ་ཕབ། དཔོན་གཡོག་བརྒྱ་སྐོར་ལ་ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་རྗེས་གནང་བྱས། དབང་གིས་སེང་


GLG005_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེང་ནགས་སྒྲོལ་གྱི་བརྒྱུད་ཡིག་དང་བཟླ་བྱའི་སྙིང་པོ་ལ་རྩད་གཅོད་ཞིབ་ཏུ་མཛད་པ་བྲིས། ས་གང་དུའང་སྐྱ་སེར་གཉིས་གོ་ལྡོག་པ་རང་ཡོང་བ་ཞིག་ཤས་ཆེ་འདུག །དབང་ཕྱིར་འབྱོན་གདོང་ཚེ་དཔག་མེད་ལྕགས་སྡོང་མའི་དབང་ཕུལ། དབང་དེ་སྐུ་ཚེ་སྔ་མའི་བག་ཆགས་སད་པའི་ཆོས་ལ་དཀར་ཞིད་དད་མོས་བརྟན་པས་ཐུགས་ཤིན་ཏུ་འཕྲེང་བའི་རྣམ་འགྱུར་མཛད། ཤ་ཇི་དྷཱ་ར་ལ་ཨ་ར་པ་ཙ་ན་དང་། ནོའུ་དྷ་ཇང་གི་སོགས་ལྔ་བཅུ་སྐོར་ལ་ཐུགས་རྗེ་ཆེན་པོ་གཙོ་རྐྱང་གི་རྗེས་གནང་བྱས། གོང་དུ་འབུལ་རྒྱུའི་ཞུ་ཡིག་སྙན་ངག་གི་ལམ་ནས་དྲངས་པ་རྟེན་གྱ་ནོམ་པ་འབུལ་བར་དབང་དང་ལྷན་དུ་བསོད་ནམས་དབང་རྒྱལ་བཏང་། བི་ལིག་ཐུ་ནང་སོར་ཡང་རྒྱན་གྱིས་སྤྲས་པའི་ཡི་གེ་བསྐུར། སོ་ནི་ཀརྨ་ཐུ་རོའི་ནོ་ཡོན་དཔོན་གཡོག་བརྒྱ་སྐོར་འབྱོར། དངུལ་སྲང་སུམ་བརྒྱ་ལས་གྲུབ་པའི་ཁོག་མ། གསེར་གྱི་མཎྜལ། རྟ་བརྒྱད་ཅུ་ཙམ། སོ་ནིད་དུའ་རིང་དབང་དཔོན་གཡོག་གིས་གསེར་གྱི་མཎྜལ་སོགས་བདོག་པ་རྣམ་གྲངས་མང་བ་བཏེག །ཚེས་བཅུ་བདུན་ལ་ཁ་ར་ཆིང་གི་ཤོག་ནས་ཐུ་རོའི་ནོ་ཡོན་དཔོན་གཡོག་ཉིས་བརྒྱ་ལྷག་འོངས། གསེར་སྲང་དྲུག་ཅུ་ལས་གྲུབ་པའི་ཀ་ཏོ་ར་དང་ལྔ་བཅུ་ལས་གྲུབ་པའི་ལྟེ་རེ། དངུལ་སྲང་ལྔ་བཅུའི་ལྟེ་རི་ཆ། མུ་ཏིག་གི་སྣམ་སྦྱར། དངུལ་ལྔ་བཅུ་མས་གཙོས་པའི་སྟོང་འབུལ། ནོ་ཡོན་གྱི་ཟླར་གུ་ལུ་གུ་ཆོ་ཁུར་གྱིས་ཐོག་དྲངས་སྟོང་ཕྲག་ཙམ་ལ་རིགས་གསུམ་མགོན་པོའི་རྗེས་གནང་བྱས། སྐུ་ཁོག་ལ་ཆོས་སྐྱོང་གིས་དངོས་གྲུབ་ཏུ་གནང་བའི་མིག་མཐོང་གསལ་བར་འདུག་པར་མཐོང་སྣང་ལ་ནད་བདག་གི་རིགས་མང་ཞིང་ཁྱད་པར་འབྲུམ་བུའི་ནད་བདག་དེ་ཆོས་འཁོར་གླིང་པའི་གུར་ལ་བཅར་


GLG005_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འདུག་ཟེར་བ་རེ་ཞིག་སྐྱོན་མ་བྱུང་ཡང་འོར་དུས་སུ་གྲ་པ་གཅིག་གཉིས་ལ་བྱུང་བར་བལྟའམ་སྙམ། ཚེས་བཅུ་བདུན་གྱི་སྲོད་ལ་ཟླ་བ་ཤར་ཟིན་འདུག་ཀྱང་དེ་དང་དབྱིབས་འདྲ་བ་ལ་བཀྲག་ཆུང་ངེས་ཤིག་རི་རྩེ་ནས་དོན་སྣང་བར་ཐུན་གཏོར་འཕངས་པ་དང་ལྷན་ཅིག་ལ་ཕ་ནང་དུ་ལྡོག་སོང་བ་ཟླ་བོ་འཁྲིས་སུ་ཡོད་པ་རྣམས་ཀྱིས་ཀྱང་མཐོང་བའི་ངོ་མཚར་ཅན་བྱུང་བ་རྒྱ་འདྲེའི་འཚུབ་ལྷོངས་ཅུང་ཟད་ཞི་བའི་ལྟས་སུ་མངོན། མཆོད་དཔོན་པ་དང་སྨད་གྲོང་སྤེལ་བ་གཉིས་ཀྱིས་དོ་དམ་བྱས་པའི་གོས་ཆེན་གྱི་ཕོད་ཀ་གྲ་འགྲིག་དྲུག་ཅུ་སྐོར། ཕྱར་དར་ཐུག་ལྕགས་ཞེ་མཚུངས་བཟོས། བོད་དང་མི་འདྲ་བའི་གོས་ཆེན་གྱི་ཚོས་ཁ་དོག་རི་མོ་གང་འདོད་འཕྲལ་འཕྲལ་ལས་སྒོ་ནས་བཙལ་ཆོག་པས་སྟབས་བདེ་བ་ཞིག་འདུག་རུང་ཕྱག་མཛོད་ནོར་བུས་ཚུལ་ལྡན་གྱི་ཁུར་འཁུར་པོ་བྱེད་མ་ཉན། ཉེར་གསུམ་ལ་ཞིང་སྐྱོང་དབང་པོར་དངོས་བཤམས་ཡིད་སྤྲུལ་གྱིས་ཉེ་བར་བསྐང་ཞིང་འདོད་དོན་གསོལ་བའི་སྙན་ཤལ་ཕུལ། ཐོག་བོག་ཁོ་ཤོའི་ཨེ་ཀེན་དང་ཆ་དཀར་ཡ་དག་གི་ཨུལ་དུ་ཆེས་གཙོས་པའི་ལྔ་བརྒྱ་སྐོར་གྱིས་གསེར་དངུལ་རྟ་སྒ་བཅས་གོས་དར་གྱི་བརྒྱ་འབུལ་བསྟར་ཞིང་སྤྱན་རས་གཟིགས་གཙོ་འཁོར་གསུམ་པའི་རྗེས་གནང་བྱས། རབ་བྱུང་བསྙེན་རྫོགས་ཉི་ཤུ་ཙམ་བསྒྲུབས། ཐུ་རོའི་ནོ་ཡོན་ལ་ཚེ་དབང་དང་སྒྲོལ་དཀར་སྤྱན་བདུན་མ། སོ་ནིད་དུའ་རིང་དབང་ལ་སེང་གདོང་སྔོན་མོ། ཁ་ར་ཆིན་ཇ་སག་གི་དུའ་རིང་བརྒྱ་སྐོར་ལ་སྒྲུབ་རྒྱའི་ནང་གི་གདུགས་དཀར། ད་ཡེ་བཱ་ཐུར་དར་ཁན་ནོ་ཡོན་ཅན་བཞི་བཅུ་ཙམ་དང་ཁ་ར་ཅིན་ཐུ་རོའི་ནོ་ཡོན་བཅུ་ཕྲག་ལ་ཕྱག་དྲུག་པའི་རྗེས་


GLG005_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བར་ཆད་ཀུན་སེལ། ཡོན་ཏན་བླ་མ་ལ་སྒྲུབ་རྒྱའི་ནང་གི་ཐུབ་པ་དམ་ཚིག་གསུམ་བཀོད། ཐུ་མེད་ཀྱི་ཐའི་ཇི་གསུམ། དར་ཁན་ཆོས་རྗེ། ཨ་སུད་ཀྱི་མགོན་པོ་ཐའི་ཇི་ཁ་ར་ཇིན་གྱི་ཚེ་རིང་། དབོན་པོ་ཐའི་ཇི། མགོན་པོ་གུན། བུ་ཡན་ཐུ། ཆོ་ཁུར་གྱི་བུ་གཟུངས་རྣམས་ཀྱིས་གཙོས་སྟོང་ཕྲག་ཕྱེད་གཉིས་ལྷག་ལ་ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་དང་སྒྲོལ་དཀར་གྱི་རྗེས་གནང་བྱས། གོང་གསལ་ཚོས་གསེར་དངུལ་གོས་དར་ཇ་པགས་རིགས་རྟས་མཚོན་པའི་བདོག་པ་རྒྱ་ཆེར་བསྟབས། གུ་ལུ་ཤི་རིའི་ཇང་གི་གཉིས་ཀྱིས་གཙོས་པའི་ཉིས་བརྒྱ་སྐོར་ལ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ། སྐུ་མདུན་སྨོན་འགྲོ་ལོ་ཙཱ་བར་ཚེ་དབང་འཆི་མེད་དཔལ་སྟེར་ཕུལ། སྡེ་པས་ཐུགས་ཁུར་བཞེས་པའི་འབྲས་སྤུངས་འདུ་ཁང་སྟེང་ཤོད་རྣམས་ཤར་བསྐྱེད། རུང་ཁང་། རྡོ་གཅལ་མདུན་དུ་སྤོས་པའི་ཨར་པོ་རྒྱ་མི་ཆུང་བ་དང་མཆོད་ཁང་ཆེན་མོ་བྱམས་ཁང་དབུ་ཐོག་གཉིས་ཀྱི་གསེར་ཐོག་ཁྱོན་བསྡོམས་པའི་རྒྱུར་ཟངས་མཁར་ཁལ་སྟོང་ཕྲག་གཉིས་ཙམ། གསེར་དབུས་ཞོ་སྟོང་ཕྲག་བཞི་སྐོར། དངུལ་ཆུ་མཁར་རྒྱའི་ཁལ་སུམ་ཅུ་ལྷག་རྣམས་ལས་གྲུབ་པའི་བཟོ་བོ་བལ་པོ་ལ་ན་ཤིང་ཅན་ཉི་ཤུ། ཟངས་མགར་དབུ་མཛད་ལྡོག་པ་རིག་འཛིན་དང་ཤེལ་དཀར་རབ་བརྟན་གྱིས་གཙོས་པའི་སུམ་ཅུ། དོ་དམ་རྒྱ་ལེ་དཀའ་བཅུ་བློ་བཟང་ཕུན་ཚོགས། སྤྱན་གཡས་པ་བློ་བཟང་ཆོས་འཕེལ། ལྷ་རྩེ་སྐྱིད་སྦུག་པ། ཤུན་གླང་གྲོང་པ་བཞིས་བྱས་པའི་སེར་འབྲས་གཉིས་ཀྱི་གསེར་ཐོག །སེ་རའི་མཆོད་རྟེན་བརྒྱད་ཀྱི་བཟོ་བོའི་ཕོགས་གླ་ཡོན་འབྲུ་ཐོག་ཏུ་ཕབ་པར་མཁར་ཁལ་བརྒྱད་སྟོང་ལྔ་བརྒྱ་སྐོར་སོང་བར་སྣང་། ཐང་པོ་ཆེར་སྟག་རུ་བ་ནོར་བུ་ཁྱམས་སྟོད་ནོར་བུ།


GLG005_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ལྕང་ལོ་ཅན་ཨ་ཉོག་གསུམ་གྱིས་དོ་དམ་བྱས་པའི་ཨེ་པ་དཔོན་ཡིག་མཁས་པ་དྲུག་ཅུ་ལྷག་བཀུག་ནས་བཀའ་འགྱུར་སྐྱ་པོད་ཚར་གཅིག །ཆུ་ཤུར་དུ་གཙང་དུས་བཀའ་འགྱུར་གྱི་དཀོན་གཉེར་བའི་ཀར་བཙུན་གཅིག །ཉན་རིན་ཆེན་སྒང་པ། ཟ་དམ་ལྷ་ལུང་པ་གསུམ་གྱིས་དོ་དམ་བྱས་བྲིས་པ་ཨེ་ནས་བོས་པའི་ཐུབ་པའི་གསུང་རབ་རྣམས་བཞེངས་པའི་ཕོགས་གླ་ཡོན་གོང་གསལ་གཉིས་སོ་སོར་འབྲུ་ཐོག་ཏུ་དྲིལ་བར་མཁར་ཁལ་ཆིག་ཁྲི་བརྒྱད་སྟོང་ལྔ་བརྒྱ་སོང་གདའ། ཧོར་ཟླ་བཞི་པའི་ཚེས་བཞི་ལ་ཨ་བ་ག་ཤོག་དཔོན་བུ་ད་སྐྱབས་ཕ་བུ་གསུམ་གྱིས་གཙོས་པའི་བཞི་བཅུ་སྐོར། ཁ་ར་ཆིན་ཐང་གུད་ཐའི་ཇི་ཅན་འབྱོར་ཏེ་གསེར་དངུལ་གོས་དར་གྱི་བརྒྱ་འབུལ་བྱས། ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ་དང་སྒྲོལ་དཀར་གྱི་རྗེས་གནང་། ཆ་ཀན་བྷ་པས་སེ་ཆེན་ཆིན་དབང་དཔོན་གཡོག་བརྒྱ་ལྷག་འོངས་ཏེ་གསེར་དངུལ་གྱི་མཎྜལ། ཀ་ཏོ་ར། མདོང་མོ། གོས་ཕྱི་ནང་། གསེར་སྒས་མནན་པའི་རྟ་སོགས་བརྒྱ་ཕྲག་ལྷག་པ་བྱུང་། དབང་འདི་ཡོན་ཏན་ཤིན་ཏུ་ཆེ་ཞིང་ཆོས་ཕྱོགས་ལ་སྦྱར་བའི་ཚིགས་བཅད་རྩོམ་པ་ཞིག་འདུག །མ་ཏི་ལུགས་ཀྱི་འཇམ་དཀར་གྱི་རྗེས་གནང་། ཉ་སྟོང་ལ་བསྙེན་གནས་ཀྱི་སྡོམ་པ་རྣམས་འདོད་པ་དང་བསྟུན་ཏེ་རེ་བ་བཀང་། འདི་སྐབས་རྒྱ་འདྲེའི་འཚུབ་འདྲའི་ལྷོངས་ཀྱིས་རིག་པ་མི་གནས་པ་དང་ནད་སྣ་ཐོར་བུ་བྱུང་བར་ཆོས་སྐྱོང་ཆེན་པོས་སྒར་དམངས་ལ་མཆེད་དོགས་པའི་ངོ་འདུག་པས་དེ་ལ་དམིགས་ནས་སྤྱི་དབང་ཞུས་ཞེས་ལུང་བསྟན་པར་བརྟེན་སྤྱི་སོས་རིང་པོ་འཚོ་ཞིང་གེགས་མེད་བོད་དུ་འབྱོར་བའི་སྨོན་


GLG005_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཚིགས་བཅད་དགོས་ཚུལ་བྲིས། ཚེས་བཅུ་གཉིས་ལ་དཀྱིལ་སྒར་གྱི་གུར་ཆེན་གནམ་སྔོན་མོར་སྒར་དམངས་ཀྱིས་གོས་ཡུག་བཞི་བརྒྱ་བརྒལ་བ་སོགས་ཀྱི་བདོག་པ་བཏེག་གསོལ་འདེབས་སྨོན་ལམ་ཤིས་པ་བརྗོད་པས་རྟེན་འབྲེལ་བསྒྲིགས། རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བྱིན་རླབས་དང་སྒྲུབ་ཐབས་རྒྱ་མཚོ་ནས་གསུངས་པའི་གཤེད་དམར་གྱི་རྗེས་གནང་བྱས། ཆ་ཁར་གྱི་ཁོ་ཤོའི་ཆིན་དབང་དཔོན་གཡོག་ལྔ་བརྒྱ་ཙམ་བྱོན། གསེར་སྲང་བརྒྱ་ཕྲག་ལས་གྲུབ་པའི་མཎྜལ། སྣམ་སྦྱར། བླ་བྲེ། འཕན་གདན། བསིལ་གཡབ། ཅོག་ཙེ་རྣམས་མུ་ཏིག་གིས་བརྒྱན་པ། མུ་ཏིག །བྱུ་རུ། མ་ན་ཧོ་གསུམ་ལས་གྲུབ་པའི་སྒམ་ཆུང་། གསེར་གཞོང་། དངུལ་གཞོང་། ཤེལ་གྱི་པར་བུ། གོས་དར། གསེར་སྒས་མནན་པའི་རྟ། པགས་རིགས་ཀྱིས་མཚོན་པའི་སྟོང་ཕྲག་ཏུ་ཉེ་བ་བྱིན། ལུང་། རྗེས་གནང་། གདོན་འགྲོལ། བྱད་འགྲོལ། བྱབ་ཁྲུས་སོགས་རྣམ་གྲངས་མང་པོས་ཐུགས་ཀྱི་བཞེད་པ་བཀང་། དབང་དང་ཀོང་ཇོ་གཉིས་ཀྱི་ཞལ་འདོན་དུ་བདག་བསྟོད་ཅིག་བྲིས། དེ་མོ་བ་དཔོན་སློབ་ཀྱིས་གདུགས་དཀར་མདོས་ཡིན་ཁུལ་ལ་གཏོར་མ་ཙམ་ལ་བརྟེན་པའི་འོལ་ཚོད་ཀྱི་ཆོ་ག་ཞིག་མཛད་པ་གོ་ཆོད་པོ་མི་འདུག་རུང་མཐའ་ཁོབ་ཀྱི་ཡུལ་དུ་བྱེད་མཁན་མ་རྙེད་པས་རྣམ་རྟོག་སོད་སོད་ལ་ཤ་གོ་ཉུང་མས་བཅད། ཚེས་བཅུ་བདུན་ནས་ཞག་བདུན་གྱི་བར་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་དབུར་ཕྱིན་ཕུར་སྒྲུབ་དང་མདོས་བཀང་སྦྲགས་མ་བཙུགས། ཉེར་གསུམ་ལ་འབྲུབ་འཆམ་དང་བཅས་གདབ་ལས་ཀྱི་སྒོ་ནས་དགྲ་བགེགས་ཀྱི་ཤ་ཁྲག་ཚོགས་སུ་རོལ་བའི་མཆོད་པ་ཕུལ། རྨི་ལམ་


GLG005_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྲིད་གསུམ་བདག་མོ་ལྷ་ངོ་ཅུང་ཟད་དམའ་བའི་མཚན་མ་བྱུང་བས་ལྷ་ངོ་བསྟོད་ཕྱིར་མངའ་གསོལ་གསར་དུ་བརྩམས་ཏེ་ཚོགས་སུ་བཏང་། ཆོས་སྐྱོང་ཆེན་པོའི་སྐུ་ཁོག་གིས་སྒར་གྱི་མཐའ་སྐོར་ཀུན་ཏུ་རྒྱ་མི་འདྲ་བ་མང་པོ་ཐོར་ཅོག་ལ་ཕུར་བུས་བརྒྱན་པ་སྐེ་འགུལ་ཁྱོག་མི་ཤེས་པ་ཁོ་ནས་བསྐོངས་འདུག་པས་གག་རིམས་ལྟ་བུའི་ནད་ལོད་པ་ཞིག་ཡོང་རྒྱུ་ཡིན་ནམ་ཟེར་བ་ནང་པར་སྐུ་ཕེབས་ཞུས་པས་ཁོག་པས་མཐོང་ཡང་གཅོད་མ་ཤེས་པ་ཡིན། ད་ལམ་གྱི་སྒྲུབ་པས་བགེགས་དེ་རྣམས་ཀྱི་མགོ་ལ་ཕུར་པ་ཐེབས་པས་ད་ཆ་སྨྱོ་འབོག་ནད་རིམས་ཀྱི་སྐྱོན་ཆེ་བ་མི་ཡོང་ཞེས་ལུང་བསྟན་པ་བཞིན་གཏང་རག་གི་སྐབས་སྙན་ཤལ་ཞལ་ཡིག་གིས་སྤྲས་པ་ཕུལ། མཐའ་འདྲེའི་འཚུབ་ལྷོངས་ལ་དམིགས་བྲག་སྣ་ཆོས་རྗེས་རྡོ་རྗེ་སློབ་དཔོན་བྱས་ཏེ་གྲ་གྲངས་ཀྱིས་བདུན་གཉིས་ཨར་གཏད་བསྒྲུབས་ནས་མནན་པ་རྟགས་ཤིན་ཏུ་ལེགས་པ་བྱུང་། མེརྒན་དབང་དང་མ་གཅིག་དབང་གཉིས་ཀྱིས་གྱ་ནོམ་པའི་བདོག་པ་བསྟར་ཞིང་ཁྲོ་མོ་སྨེ་བརྩེགས་ཀྱི་རྗེས་གནང་། སོ་ནིད་རིན་ཆེན་གྱིས་གཙོས་པའི་ལྔ་བརྒྱ་སྐོར་ལ་ཐུགས་རྗེ་ཆེན་པོའི་བཟླས་ལུང་བྱས། ཉེར་དགུ་ལ་ཁོར་ཆིན་ཇོ་རིག་ཐུ་ཆིན་དབང་དང་བཱ་ཐུར་དབང་གཉིས་ཀྱིས་གཙོས་པའི་ལྔ་བརྒྱ་ཙམ་འབྱོར། གསེར་དངུལ་གྱི་ཀ་ཏོ་ར། མདོང་མོ། གོས་དར། དངུལ་གྱིས་ཐོག་དྲངས་པའི་སྟོང་འབུལ་བྱས། སྤྱན་རས་གཟིགས་གཙོ་འཁོར་གསུམ་པ་དང་སྒྲོལ་དཀར་གྱི་རྗེས་གནང་། སོ་ནིད་ཐུ་རོའི་ནོ་ཡོན།ཐི་མུར་ཁོ་ཤོ་ཆི། ཨོ་ཁན་གྱི་བམ་སོ་ཆོ་ཁུར་སོགས་ལྔ་བརྒྱ་ལྷག་ལ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རྗེས་གནང་། བསྙེན་རྫོགས་བཅོ་ལྔ། དགེ་ཚུལ་


GLG005_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་སོ་གཉིས། རབ་བྱུང་མ་བཅུ་བདུན།དགེ་བསྙེན་ཉི་ཤུ་ཐམ་པ་རྣམས་བསྒྲུབས། ཧོར་ཟླ་ལྔ་པ་སྔ་མའི་ཚེས་གཅིག་ལ་ཨོ་ཁན་གྱི་བམ་སོ་ཆོ་ཁུར་ཅན་ཉིས་བརྒྱས་གོས་དར་གསེར་དངུལ་སོགས་ཀྱི་སྐྱེས་བསྟར།མེརྒན་དབང་དང་མ་གཅིག་དབང་གཉིས་ལ་སྐྱབས་སེམས། བླ་མའི་རྣལ་འབྱོར་རྡོར་སེམས་སྒོམ་བཟླས་རྣམས་ཀྱི་དམིགས་པ་ཕབ། ནང་རྟེན་གྱི་མཇལ་ཀ་བཏང་། ཁོར་ཆིང་ཇུལ་ཇ་ག་དབང་དཔོན་གཡོག་ལྔ་བརྒྱ་སྐོར་གྱིས་གསེར་གྱི་མཎྜལ་གྱིས་གཙོས་པའི་བརྒྱ་འབུལ་བསྟར།གྲུབ་རྒྱལ་མའི་ཚེ་དབང་དང་བ་རི་ལུགས་ཀྱི་རྣམ་འཇོམས་ཀྱིས་རྗེས་གནང་བྱས། མེརྒན་དཀའ་བཅུ། སེ་ཆེན་དབོན་པོ། འདུལ་པ་ཆོས་རྗེ་ངག་དབང་དཀོན་མཆོག་གྲགས་པ། བདེ་མཆོག་བླ་མ་ཅན་ཉིས་བརྒྱ་ཙམ་ལ་སྙིང་པོ་དོན་གསུམ་གྱི་ཁྲིད་ཞག་བཅུ་སྐོར་གྱི་བར་ལ་སྨིན་རྒྱས་སུ་ཕབ། སྒར་དམངས་ལ་མི་རེར་གོས་ཡུག་འཕྲེང་བ་སོགས་དངུལ་སྲང་བཅོ་ལྔའི་ཚོད་ཀྱི་འགྱེད་ཆེན་དང་ཡས་མས་ཀྱི་སྒར་དགོན་གཉུག་མར་གནས་པ་ཀུན་ལའང་མང་འགྱེད་བཏང་། བོ་རོ་ཚེ་རིང་། མེརྒན་དཀའ་བཅུ། སྡེ་པ་བྱ་པ། གླང་བུ་ནས། འོ་རློན་པ་སོགས་ཁ་ཤས་ཀྱིས་དགོས་ཚུལ་བྱུང་བ་ལྟར་བ་དཀོན་མཆོག་སྤྱི་འདུས་ཀྱི་དབང་ཞིག་བསྐུར། འགྲོ་དོན་ཐ་མ་རྒྱ་ནག་བྲག་སྒོར་དར། །ཞེས་པའི་གོ་ཆོད་དུ་མངོན། སོ་ནིད་ཐིང་གིས་ཐའི་ཨུའི་ཆིན་དབང་། ཁོའོ་ཆིད་ཀྱི་བོ་ལོད་ཨེར་ཏེ་ནི་དབང་གིས་རིན་ཆེན་སྣ་ཚོགས། ཟ་འོག །གསེར་དངུལ་གྱི་སྟེར་ཆ་སྤམས་བསྟོད་པ་བཏེག །སྤྱན་རས་གཟིགས་དང་སྒྲོལ་དཀར། ཨེར་ཏེ་ནི་དབང་ལ་སྒེར་དུ་འཇམ་དབྱངས་ནག་པོ། གུ་ལུ་གུ་ཆོ་ཁུར་གྱིས་གཙོས་པའི་བརྒྱད་བརྒྱ་ཙམ་ལ་ཚེ་རྟ། གདུགས་


GLG005_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དཀར། འཇམ་དབྱངས་ཆོས་སྐོར་གྱི་བདེ་མཆོག་དཀར་པོའི་ཚེ་དབང་། ཁོའོ་ཆིད་ཀྱི་བོ་ལོད་ཨེར་ཏེ་ནི་དབང་ལ་གཏེར་ཁ་གོང་མའི་དྲག་པོ་མེའི་སྤུ་གྲིའི་དབང་། ཁེན་ཐེར་བེའི་སེ་ཅན་སྐྱ་སེར་སྟོང་དང་སུམ་བརྒྱར་ཉེ་བ་ལ་སྤྱན་རས་གཟིགས་དང་སྒྲོལ་དཀར། ཨུའི་ཆིན་དབང་དཔོན་གཡོག་ལྔ་བཅུ་སྐོར་ལ་སྒྲུབ་རྒྱ་ལས་གསུངས་པའི་ཐུབ་པ་དམ་ཚིག་གསུམ་བཀོད་དང་ཨྱོན་རིན་པོ་ཆེའི་བླ་མའི་རྣལ་འབྱོར་གྱི་དམིགས་པ་རྣམས་སོ་སོའི་འདོད་སྦྱར་བྱས། ཨུའི་ཆིན་དབང་གིས་བསྐུལ་ནས་ཐུབ་དབང་གི་བསྟོད་པ་དང་མགོན་པོ་གུན་གྱི་ངོར་སྨོན་ལམ་ཞིག་བྲིས། ཇོ་རིག་ཐུ་ཆིན་དབང་། བུམ་པ་ཐའི་ཇི་སོགས་བརྒྱ་ལྷག་ལ་ཆག་ལུགས་ཀྱི་ཚེ་དཔག་མེད་དཀར་པོ། ཨུ་རད་དོལ་པ་གུན་ཅན་སྐྱ་སེར་སྟོང་ཕྲག་གཉིས་ལ་སྤྱན་རས་གཟིགས་དང་སྒྲོལ་དཀར། སྐྱ་སེར་བརྒྱད་བརྒྱ་ཙམ་ལ་འཇམ་དབྱངས་ཨ་ར་པ་ཙ་ན། གདུགས་དཀར། དབང་གིས་ཐོག་དྲངས་བརྒྱ་སྐོར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། ཐ་ཡན་ཆི་རྣམས་ཀྱིས་གཙོས་སྟོང་ཕྲག་གཉིས་ལྷག་པར་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་རྗེས་གནང་། བསྙེན་རྫོགས་བཞི་བཅུ་ཞེ་བདུན། དགེ་ཚུལ་བཞི་བཅུ་ཞེ་བརྒྱད། དགེ་བསྙེན་སུམ་ཅུ་སོ་བཞི། དགེ་ཚུལ་མ་བཅུ་གསུམ་བསྒྲུབས་པ་སོགས་སོ་སོའི་རེ་བ་བཀང་། མཁར་སྔོན་རི་ཁྲོད་པ་རྣམས་ཀྱི་འདོད་པ་བཞིན་བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་དུ་གསོལ་བ་འདེབས་པའི་ཚིགས་བཅད་ཅིག་བརྩམས། བློ་བཟང་དགེ་སློང་གིས་གཙོས་དགེ་འདུན་ལྔ་བཅུ་སྐོར་ལ་གསར་རྩོམ་གྱི་སྔ་མའི་བསྟོད་ཚོགས་ཀྱི་ལུང་བྱས།གོང་ནས་ནུབ་ཀྱི་ལྷ་གནས་ཆེས་དགེ་བ་བདེ་བར་གནས་པའི་སངས་རྒྱས་


GLG005_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ལུང་གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་གྱུར་པ་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཞེས་རྒྱ་ཧོར་བོད་གསུམ་གྱི་ཡི་གེ་གསུམ་གཤིབས་སུ་ཡོད་པའི་གསེར་གྱི་ཐམ་ཀ །གསེར་གྱི་སྤང་ལེབ་ཆོས་ཤོག་མཐུག་ཤོས་དང་སྙོམས་པ་ཞེང་སོར་བཞི་དཀྱུས་མཐོ་གང་ཡོད་པ་བཅོ་ལྔ་ཙམ་འཕྲུལ་མིག་ཏུ་སྦྲེལ་ནས་ལྟེབ་ཆོག་པ་ལ་གོང་གསལ་ཡི་གེ་གསུམ་ཚང་བར་ཉི་མ་ནུབ་ཕྱོགས་མཐའ་དག་ཤེས་སུ་བཅུག་པའི་འཇའ་སའི་ལུང་ལས་ཀ་གནང་སྦྱིན་དང་བཅས་བསྩལ་བ་སྟོན་མོ་གཟབ་རྒྱས་ཀྱི་ཐོག་སྤྲད། ཐམ་ཀར་ཡོད་པ་དེ་སོག་པོའི་ལོ་ཙཱ་བས་བསྒྱུར་བས་འགྱུར་མི་ལེགས་ཤིང་གོང་དུ་སྨོས་པ་རྒྱའི་ལོ་ཙཱ་བ་མཁས་པ་ཞིག་གིས་བསྒྱུར་བ་ཡིན། དཔལ་ལྡན་འདོད་ཁམས་དབང་ཕྱུག་མར་བཀྲ་ཤིས་ཀྱི་ཚིགས་བཅད་བྲིས་ཏེ་ཐམ་ཕུད་ཕུལ། ཐུ་མེད་ཀྱི་ཐའི་ཇི་གསུམ། ཨ་པ་གའི་ཨ་ཡུ་ཤེ་ཐི་ཇི་རྣམས་ཀྱིས་གཙོས་སྐྱ་སེར་ཉིས་སྟོང་ཙམ་ལ་ཐུགས་རྗེ་ཆེན་པོ་དང་སྒྲོལ་དཀར་གྱི་རྗེས་གནང་བྱས།གོང་གསལ་དཔོན་མི་བཟང་ཚོས་སོ་སོའི་འབྱོར་བ་དང་བསྟུན་པའི་ཟང་ཟིང་གི་བདོག་པ་རྒྱ་ཆེར་བསྟབས་དབུས་ཕྱོགས་ནས་རྒྱལ་པོ་མཆོད་ཡོན་གྱིས་ཡོང་དགོས་ཚུལ་གྱི་བསྐུལ་མར་རྫོང་བདའ་མཛད་པའི་མི་སྣ་འབྲས་སྤུངས་སྒོ་མང་སློབ་དཔོན་ཟུར་པ་ག་རུ་བ་ངག་དབང་དཔལ་འབྱོར་དང་དར་ཁན་ནང་སོ་གཉིས་ཚེས་ཉི་ཤུའི་ཉིན་འབྱོར། བོད་དུ་ཐོན་པའི་སྐྱེལ་མར་གོང་ནས་ཁི་ཡ་བླ་མ། ཨུ་ད་ག་བེའི་སེས་གཙོས་པའི་མི་བཟང་ཁ་ཡར་འབྱོར། སོ་ནིད་བསྟན་པ་ཐའི་ཇི། རྡོ་རྗེ་ཐའི་ཇི། ཆོས་སྐྱོང་གུན་གྱིས་ཐོག་དྲངས་པའི་ཕྲད་མི་མང་དུ་བྱུང་། ཨུ་དག་བེའི་སེ་ཅན་ལྔ་བཅུ་སྐོར་ལ་ཐུབ་པ་དམ་ཚིག་གགསུམ་


GLG005_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད། ཆིང་ཁད་ཨུ་རད་རྡོས་པ་དགོན་སོགས་སྟོང་ཕྲག་གཉིས་ཙམ་ལ་སྤྱན་རས་གཟིགས་དང་སྒྲོལ་མའི་རྗེས་གནང་། ཐོག་ལས་བྱང་གིའི་མཆིས་བྲང་ཅན་ཁ་ཤས་ལ་དགེ་བསྙེན་གྱི་སྡོམ་པ། བློ་བཟང་དགེ་སློང་གིས་ཐོག་དྲངས་དོན་གཉེར་ཅན་བརྒྱ་སྐོར་ལ་སྙིང་པོ་དོན་གསུམ་གྱི་ཁྲིད་ལུང་གིས་མཚོན་པས་མཆོད་དམན་ཀུན་གྱི་བློའི་རེ་བ་བཀང་། ཉེར་ལྔའི་ཉིན་ཨས་ཁན་ཨ་མས་སྒར་དམངས་ལ་ཁལ་རྟ་སྤྲད། ཉེར་བདུན་གྱི་ཞོགས་གྲ་ཚང་དང་ལྷན་དུ་བསངས་རྔན་རྒྱས་པར་བཏང་བའི་ཐོག་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཁོག་ཏུ་ཞུགས་ཏེ་བླང་དོར་གྱི་ལུང་བསྟན་མཛད། ཧོར་ཟླ་ལྔ་པ་ཕྱི་མའི་ཚེས་གཅིག་རྒྱལ་ཕུར་གྱི་འགྲུབ་སྦྱོར་ཉིན་ཏའི་ཁ་ནས་བཏེག །ཆ་གན་བུ་ལག་ཏུ་འབྱོར། སོ་ནིད་ཀྱི་དཔོན་ཁག་ཁ་ཤས་ཀྱིས་ཐོག་དྲངས་སུམ་བརྒྱ་སྐོར་ལ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རྗེས་གནང་དང་། དར་ཁན་ཨོ་པ་ཤི་དགེ་བསྙེན་དུ་བསྒྲུབས། སང་ཚེས་གཉིས་ལ་ཨུ་ད་ག་བེའི་སེ་དར་ཁན་ནོ་ཡོན་ཅན་ཕོ་བྲང་ནས་སྐྱེལ་མར་གནང་བའི་རྟ་པ་བརྒྱ་ལྷག་རྣམས་ཕྱིར་ལོག །ཆ་ག་ཇིའུ་གེས་དུར་བན་ཁེའུ་ཁན་སོགས་དཔོན་ཆེ་ཆུང་བཅུ་གཅིག་དང་ཁལ་ཁ་ནས་འབུམ་དར་ཆོ་ཁུར་སྡེར་བཅས་བྲོས་ཐབས་ཀྱིས་འོངས་པ་དཔོན་ཆེ་ཆུང་བཅུ་ཙམ་དང་ཕྲད། ཤི་རི་ཡེ་ཐུ་སྐུ་སྐྱེ། འབུམ་དར་ཆོ་ཁུར་ཅན་སྟོང་ཕྲག་གསུམ་ཟིན་ལ་ཐུགས་རྗེ་ཆེན་པོགཙོ་འཁོར་གསུམ་པའི་རྗེས་གནང་བྱས། ཚེས་དྲུག་ལ་མཁར་སྔོན་པོར་སླེབས། ཡུལ་དེ་ཤིན་ཏུ་སྤྲོ་ཞིང་རྒྱ་སོག་གི་ཚོང་གི་ལས་སྒོའི་ཁྱད་ནས་འདོད་ཡོན་ཆེ་བར་བརྟེན་ཁྲོམ་དམར་ནག་ཏུ་འཁྱིལ་བ་ལྟ་བུ་ཚོགས་པ་ལ་ལ་ལྟད་མོ་དང་འགའ་ཞིག་གསོལ་འདེབས་བྱེད་


GLG005_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བློ་རིགས་ཐ་དད་པར་སྣང་། སྔར་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དང་ཨལ་ཐན་རྒྱལ་པོ་གཉིས་ཀྱི་དུས་བཞེངས་པའི་གཙུག་ལག་ཁང་རྣམས་ཆ་ཁར་རྒྱལ་པོས་གཞུང་བཤིག་སྐབས་ཉམས་ཆག་ཆེས་པར་ཞིག་གསོས་བྱས་འདུག་པར་མེ་ཏོག་གཏོར། བན་དེ་ཐ་ཡན་ཆིས་བསྐུལ་ནས་རང་བསྟོད་ཅིག་བརྩམས། དེ་ནུབ་ཨ་ཁའི་བླ་མ། ནོ་ཡོན་དབོན་པོ། ཁལ་ཁ་འབུམ་དར་སོགས་སྟོང་ཕྲག་ཕྱེད་གཉིས་ཙམ་ལ་འཇམ་དབྱངས་དམར་སེར་དང་། གུ་ལུ་གུ་མོ་ཁུར། ཐོ་བོག་ཇང་གི་ཅན་སྐྱ་སེར་སྟོང་ཕྲག་ལྔ་ཉེ་བ་ལ་ཡིག་གེ་དྲུག་པ་གཙོ་འཁོར་གསུམ་པ། སྒྲོལ་དཀར་གྱི་རྗེས་གནང་རྣམས་བྱས། གུ་ལུ་གུས་གཙུག་ལག་ཁང་གསར་བཞེང་བྱེད་རྩིས་ཀྱིས་ཁྲིའི་ཐད་དུ་རྟགས་བརྒྱབ་སོང་བ་རྗེས་སུ་བརྩིགས་མ་བརྩིགས་ནི་མ་ངེས་ཉིན་གསུམ་ཙམ་གྱི་བར་ཕྲད་མི་སྟོང་ཕྲག་གསུམ་བཞི་ཆད་མེད་དུ་བྱུང་ཞིང་ཡིག་དྲུག་གི་བཟླས་ལུང་བྱས། དར་ཁན་ཆོས་རྗེ། གུ་ལུ་གུ། ཐོ་བོག་ཇང་གི་གསུམ་ལ་མཁར་སྔོན་པོའི་ཞིག་གསོས་ཐེབས་སུ་གསེར་ཞོ་ལྔ་བཅུ་དང་རྟ་ཉིས་བརྒྱ་སྤྲད། རབ་བྱུང་བསྙེན་རྫོགས་བསྡོམས་པ་སུམ་ཅུ་སྐོར་བསྒྲུབས། ཚེས་བཅུ་གཉིས་ལ་ཞོར་ལམ་གྲུབ་རྒྱལ་ལྷ་ཁང་དུ་ཕྱིན་རྨ་ཆུའི་གྲུ་ཁར་ཐུ་མད་ཀྱི་ཐའི་ཇི་གསུམ་གྱིས་གཙོས་པའི་བརྒྱ་ཙམ་ལ་བླ་མའི་རྣལ་འབྱོར་བྱས། དེ་ཉིན་གྲུ་དོན་ནས་ལེ་དབར་ལྔར་ཉེ་བའི་སར་བསྡད། ཞག་ལྔ་བཅག་མལ་བྱས་པའི་རིང་ཐུ་མེད་ཀྱི་ཐའི་ཇི་གསུམ་གྱིས་ཐོག་དྲངས་མཁར་སྔོན་ཕྱོགས་ཀྱི་སྐྱ་སེར་དྲག་རིགས་ལ་ཐུགས་རྗེ་ཆེན་པོ་གཙོ་རྐྱང་གི་རྗེས་གནང་བསྐུར། ཆུ་ཕ་རིར་རིན་ཆེན་དབང་དང་པཎྜི་ཏ་ཀླུའི་རྒྱལ་མཚན་གྱིས་གཙོས་པའི་སྐྱ་སེར་ལྔ་བརྒྱ་ཙམ་བསུ་བར་འབྱོར་


GLG005_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལ་ཇོ་བོ་ལུགས་ཀྱི་སྨེ་བརྩེགས་ཀྱི་རྗེས་གནང་ཕུལ། ཁལ་ཁ་གཡོན་རུའི་རྒྱལ་པོ་ཡོན་མཆོད་ཀྱི་མི་སྣ་བརྒྱ་ཟིན་འབྱོར་བའི་སོ་སོའི་ཡིག་ལན་རྣམས་འཚེམས་མེད་དུ་བྱས། བླ་མ་སངས་རྒྱས་བཀྲ་ཤིས་ངོར་གནོད་སྦྱིན་བེག་ཙེའི་སྤྱན་འདྲེན་བརྩམས། གོང་ནས་ལུང་ལས་སོགས་བདག་རྐྱེན་ཕུན་སུམ་ཚོགས་པ་ཐུགས་ལ་བཏགས་ངོས་བོད་ལ་བཏེག་གྲུབ་པའི་གནས་ཚུལ་མཆོད་ཡོན་གཉིས་ལ་སྐྱེལ་བར་དར་ཁན་ནང་སོ་ཚེས་བཅུ་བདུན་ལ་རྫོང་བདའ་བྱས། ཟུར་ཀུན་མཁྱེན་ཆེན་པོ་དང་ཁྱབ་བདག་བཀའ་འགྱུར་བ་གཉིས་ལའང་ཞུ་འཕྲིན་རྟེན་སྦྲགས། གནས་ཆུང་ཆོས་སྐྱོང་ཆེན་པོའི་རྡོ་རྗེའི་གསུང་འཕྲིན་གྱི་ལན། ཇོ་བོ་ཤཱཀྱ་མུ་ནིར་གོས་ཆེན་གྱི་སྙན་ཤལ་སྙན་ཚིག་གི་ལམ་ནས་དྲངས་པའི་ཁ་བྱང་དང་བཅས་པའི་གོང་ནས་གནང་བའི་གསེར་ཐམ་གྱི་ཐམ་ཕུད་ཕུལ། རིན་ཆེན་དབང་གི་ལྷ་ཁང་དང་ཇི་ནོང་རྒྱལ་པོས་བཞེངས་པའི་ཇོ་བོའི་མཆོད་ཁང་སོ་སོར་བགྲོད་ནས་མེ་ཏོག་གཏོར། དབང་དང་པཎྜི་ཏ་ཅན་ལ་ཚེ་རྟ་ཟུང་འབྲེལ་དུ་བསྐུར། དབང་གིས་གུང་གི་དུས་སྟོན་བཟབས། བསྙེན་རྫོགས་ལྔ་བཅུ། དགེ་ཚུལ་དྲུག་ཅུ། དགེ་བསྙེན་སུམ་ཅུ་ཙམ་བསྒྲུབས། ཇི་ནོང་གི་མཆོད་ཁང་དེར་ཆིང་གིས་རྒྱལ་པོའི་ཐང་ཁ་ཁ་ཕྱེ་ན་དེ་ཉིན་ངེས་པར་མི་ལ་ཤི་ཆད་འོང་བ་ཁྲག་མཆོད་བྱེད་དགོས་པའི་གཉན་པོ་དེ་འཕགས་པ་རིན་པོ་ཆེས་ཁ་མི་འབྱེད་པར་མཛད་པ་ཤུབས་བཅས་ཀྱང་ཡོད་འཕྲོས་སྣང་། བཀའ་འགྱུར་གྱི་གླེགས་བམ་རྣམས་བརྩིགས་ནས་མ་ཎིའི་ཆོས་འཁོར་ལྟར་བསྐོར་ཡང་དེ་ལ་འཁོར་ལུགས་ཀྱི་ཐ་སྙད་མི་སྣང་བས་ཕན་ཡོན་རང་ནི་དཀའ་བ་འདྲ་། པཎྜི་ཏ་ཀླུའི་རྒྱལ་མཚན་ལ་བདེ་མཆོག་


GLG005_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཟེར་པའི་བོང་ཞལ་ཕྱག་གཉིས་པའི་ཐང་ཁ་ཞིག་འདུག་པ་ནན་ཏར་གཙིགས་ཆེ་ཞིང་དབང་ལོ་ནག་དང་བརྒྱུད་པ་གཅིག་པ་ཞིག་བོད་དུ་ཡོངས་སྐབས་ཐོབ་ཟེར་བ་རྒྱ་བལ་བོད་གསུམ་དུ་གྲགས་པའི་བོང་ཞལ་ཅན་དེ་ནི་མིན་འདུག་ཅིང་དབང་རྒྱུན་ཡང་ངོར་ཆེན་གྱི་སློབ་མ་གུ་གེ་པཎྜི་ཏས་གྲུབ་ཆེན་བསམ་གཏན་འོད་ཟེར་ལ་ཞུས་ནས་དར་བ་ཡིན་པས་དེར་བརྫུས་མ་ཞིག་སླེབས་པར་སྣང་། དབང་། ཤན་ཏ་པའི་ལི། ཤཱཀྱ་བའི་སེ་སོགས་སྐྱ་སེར་ལྔ་བརྒྱ་ཙམ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་དཔོན་ཁག་རྣམས་ཀྱིས་གཙོས་པའི་ཉིས་སྟོང་ལྷག་ལ་ཐུགས་རྗེ་ཆེན་པོའི་བཟླས་ལུང་བྱས། ངེད་རང་འདེགས་གདོང་ཐོ་ཕུལ་བའི་ནང་གི་སྒྲགས་ཡང་རྫོང་དུ་བྱེད་དགོས་ཀྱིས་མཚོན་པ་ཁ་ཤས་ཕྱག་ཏུ་མ་ཁེལ་འདུག་རུང་རྒྱ་ནག་ས་ཆུ་གཉན་པ་དང་མཆོད་ཡོན་གཉིས་ཀྱང་སྐུ་ན་ཕེབས་པ་ནས་ཚང་མའི་རིམ་གྲོར་མི་ཁ་སོད་པའི་གྲགས་ཆེ་བ་ཞིག་འགབ་ཚུལ་ཞུས་པ་ལྟར་ཚེས་བཅུ་བཞི་ལ་ལྷ་ས། གོང་དཀར། འཕྱོང་རྒྱས། ལྷོ་བྲག །དོ་བོ་རྫོང་། འོལ་དགའ། གཞིས་རྩེ། ཤངས་རྣམ་གླིང་། རིན་སྤུངས། རྒྱལ་རྩེ། ལྷ་རྩེ། ངམ་རིང་། ཤེལ་དཀར་རྣམས་སུ་སེར་ཚོགས་བཅུ་གཉིས་དང་དེར་མ་འདུས་པ་བཅས་དགེ་དུན་ཞལ་གྲངས་བཞི་ཁྲི་བརྒྱད་སྟོང་ཉིས་བརྒྱ་བྱུང་བའི་སེར་ཚོགས་པ་རྣམས་ལ་ཉིན་གཉིས་ཀྱི་བར་ཚར་འགྱེད་དགོས་དར་དངུལ་འབྲུ་སྤྱིན་འགྱེད། སེར་ཚོགས་མ་འདུས་པའི་དགོན་ཆེ་ཁ་བརྒྱད་ལ་དེ་དོད་དང་བཅས་པའི་དངོས་པོ་ཁྱོན་བསྡོམས་ཁ་བཏགས་ཆིག་ཁྲི་བདུན་སྟོང་དྲུག་བརྒྱ། རྟེན་ཁེབས། བླ་བྲེ། གོས་བེར། རྒྱ་གོས། གོས་དར་གྱི་ཡོལ་བ་རྣམས་བསྡོམས་པར་ཆིག་བརྒྱ་ཉེ་དྲུག །གོས་ཡུག་ཕྱེད་ཉིས་བརྒྱ། ཁ་འཁྱར་ཆིག་ཁྲི་དགུ་སྟོང་དགུ་བརྒྱ། དར་


GLG005_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མེན་སྣ་ཚོགས་ཡུག་སོ་དྲུག །ཁ་འཁྱར་ཆིག་ཁྲི་ལྔ་སྟོང་ཆིག་བརྒྱ། གསེར་རྒྱ་ཐུར་གྱི་སྲང་སུམ་བརྒྱ་དོན་གཉིས། དངུལ་སྲང་ཉི་ཁྲི་ལྔ་སྟོང་སུམ་བརྒྱ། མུ་ཏིག་རྒྱ་ཐུར་གྱི་སྲང་ཆིག་བརྒྱ་རེ་དྲུག །སྦུག་སིལ་བཅུ་དྲུག །དཀར་ཡོལ་བཅུ་གཅིག །རས་ཡུག་ཉིས་བརྒྱ། གསར་མའི་གསེར་ཆས་ཆ་འགྲིག་བདུན། མདོ་ཆས་གཉིས། ཟེ་ཁེབས་སྤུ་ལེན་མགོ་འཕན་བདུན། གསེར་སྒ་དངུལ་སྒ་ར་མ་ལུག་གི་སྒ་ཐག་ཆ་ཡོབ་གདན་ཆ་འགྲིག་བརྒྱ་དང་གོ་དགུ །མི་སེར་དང་བཅས་པའི་འགྱེད་ནས་ཁལ་བདུན་ཁྲི་ཆིག་སྟོང་བདུན་བརྒྱ། ཇ་མར་ཚྭ་ཕྱུར་རྩམ་པ་འོ་རིན། འབྲས། ཤ་རྣམས་དང་བཅས་པ་འབྲུ་ཐོག་ཏུ་དྲིལ་བར་མཁར་ཁལ་ལྔ་ཁྲི་ལྔ་སྟོང་དྲུག་བརྒྱ་སོང་བར་སྣང་། ཉེར་གཉིས་ལ་དབར་གེ་ཧོར་འབྱོར་ཞག་གསུམ་བཅག་མལ་བྱས། ཆོས་སྐྱོང་ཆེན་པོའི་སྐུ་ཁོག་གི་མཐོང་སྣང་ལ་འབྲུམ་པའི་ནད་བདག་ཤིན་ཏུ་ཚན་ཆེ་ཞིང་ལོད་པ་འདུག་ཚུལ་གླེང་བ་ལྟར་ཆོས་གླིང་གྲ་ཚང་གི་གྲ་པ་གཅིག་གཉིས་དང་ལག་དོ་གཉིས་ཙམ་ལ་འབྲུམ་པ་བྱུང་བའི་ཕྱིར་གཞན་དུ་དབྱེ་དགོས་ཤར། ངེད་རང་གིས་འཕྲིན་ལས་གྲུབ་པའི་རིག་འཛིན་གྱི་ལས་སྦྱོར་བརྩམས་པའི་གཏོར་བཞེངས་སྐབས་གུར་བསྒྱེལ་བའི་རླུང་འཚུབ་དང་གྲ་ཚང་གི་གུར་རྒྱུག་ལ་ཁྱུག་ཐེབས་པའི་ལྷོངས་ཆེ། ཕན་བདེ་ལེགས་བཤད་གླིང་པས་ཕུར་བཟློག་དང་རྒྱུད་པ་གཉིས་ནས་དྲུག་ཅུ་པ་བཤམས། གྲ་ཚང་གཞན་རྣམས་ཀྱིས་གསུང་སྒྲོག་གདུགས་དཀར་ཤེར་སྙིང་གི་བཟློག་པ་མཛད་པའི་སྤྱི་རིམ་སྨར་བས་ནད་རིམས་ཀྱི་མཚམས་ཆད། ཆོས་སྐྱོང་ཆེན་པོས་ཀྱང་ད་ཆ་བགེགས་དང་བྲལ་ཞེས་དབུགས་ཕྱུང་།


GLG005_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པ་དུང་ཐོད་ཅན་གྱིས་འབྲུམ་ནད་ཕྲན་བུ་ཡོང་ཉེན་ཡོད་ཀྱང་རིམ་གྲོས་བཟློག་གསུང་བར་ངེད་པ་རྙེད། ཟླ་ཕྱེད་བར་ཞག་བབས་ཀྱི་ནུབ་རེ་བཞིན་ནད་རིམ་ལ་དམིགས་པའི་ཐུན་གཏོར་དང་ནད་བདག་སྟོབས་འཇོམས་ཀྱི་འཁོར་ལོའང་རྒྱུན་པར་རླུང་ལ་ཕྱར། རིན་ཆེན་དབང་གིས་གཙོས་དཔོན་ཆེ་ཆུང་སྐྱ་སེར་སྟོང་ཕྲག་སྐོར་ལ་བ་རི་ལུགས་ཀྱི་རྣམ་འཇོམས་ལྗང་སྔོན་གྱི་རྗེས་གནང་། གུ་ཤྲི་ནོ་ཡོན་དང་ཡེལ་དེང་བེའི་སེ་ལ་སྒེར་དུ་བྱབ་ཁྲུས། ཚེ་རིང་བེའི་སེ་ལ་གཏེར་ཁ་འོག་མའི་ཕྱག་རྡོར་གཏུམ་པོའི་དབང་། མགོན་པོ་གུན་ལ་མི་གཡོ་བ་དཀར་པོ། ཨེར་ཁེ་སེ་ཆེན། ཤནྟ་བའི་ལི། རིན་ཆེན་བེའི་སེ་སོགས་ཀྱིས་ཐོག་དྲངས་སྟོང་ཕྲག་གཉིས་བརྡལ་བར་སྤྱན་རས་གཟིགས་གཙོ་འཁོར་གསུམ་པའི་རྗེས་གནང་བྱས། རབ་བྱུང་བསྙེན་རྫོགས་བཞི་བཅུ་ལྷག་དང་དགེ་བསྙེན་བཅུ་ཙམ་བསྒྲུབས། ཟླ་བ་དྲུག་པའི་ཚེས་གཅིག་ལ་ཨོ་ལོན་བུ་ལག་ཏུ་འབྱོར། གུ་ཤྲི་ནོ་ཡོན། ཤནྟ་བའི་ལི། རིན་ཆེན་བེའི་སེས་གཙོས་སྐྱེལ་མར་འོངས་པ་སྟོང་ཕྲག་ཙམ་ལ་འཇམ་དབྱངས་དམར་སེར་གྱི་རྗེས་གནང་བྱས། ཤནྟ་པའི་ལི་ལ་ཨྱོན་རིན་པོ་ཆེའི་བླ་མའི་རྣལ་འབྱོར་དང་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གྱི་བྱིན་རླབས་འདོད་པ་དང་སྦྱར། ཚེས་བདུན་ལ་རྨ་ཆུའི་གྲུ་བཏོན། ཉིང་ཞའ་མི་དཔོན་གྱིས་གྲུ་ནང་དུ་སྡོད་ས་སྨྱུག་མའི་ཁང་པ་རྒྱ་ཕིབས་སྒོ་མང་ཅན་ངོ་མཚར་བ་བཟོས་འདུག །དེ་ནུབ་འོར་དུས་སུ་ཟེར་བའི་ཐང་ལ་བསྡད། སོག་པོའི་དཔོན་ཁག་མང་པོར་རྒྱུད་སྟོད་སྨད་ཀྱི་ཁྲོད་ནས་བླ་མ་གཏོང་དགོས་བྱུང་བ་བླ་ཆས་ཁལ་རྟ་གྲ་བསྒྲིགས་ཏེ་བརྫངས་ཤིང་གུང་ཚ་ལར་གླང་རུར་


GLG005_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སྡོད་མི་རྒྱ་བན་བཅུ་སྐོར་དང་དེ་གའི་མཁར་གྱི་མི་དཔོན་གྱིས་བཞེས་སྤྲོ་དང་བཅས་ཕྲད་པར་འོངས། རྒྱ་བན་དྲུག་གིས་ལྷ་ཁང་ཞིག་གསོས་ཀྱི་སློང་མོ་དགོས་ཟེར་བར་རྟ་བཞིས་གཙོས་དངོས་པོའི་སྟེར་སྦྱིན་བྱས། ཉིང་ཞའི་ས་མཚམས་སུ་མི་དཔོན་གྱིས་གདུགས་གཉིས། གོས་ཡུག་བཞི། དངུལ་གྱི་མདོང་མོས་སྣ་དྲངས་པ་བྱིན། ཚེས་བཅུ་དགུ་ལ་སན་ཡང་བྱིན་དུ་ལུའུ་ཐང་ཧུ་ཅང་། ཧུ་ཤི་ཚན་ཅང་སོགས་མཁར་གསུམ་གྱི་མི་དཔོན་གྱིས་འོངས་ནས་ཤིང་འབྲས་ཟས་སྣའི་རིགས་མང་དུ་བསྟར། དེའི་ཕྱི་ཉིན་ཚོར་ཡུང་ཐའི་ཞིང་གི་ཚན་ཇང་། ཟུང་ཟན་མཁར་གྱི་ཤོ་བི། བར་རྟ་དཔོན་སོགས་ཀྱིས་གཞིས་ལེན་བཟབས། པཱ་རས་ཀྱི་སྡེ་དམངས་དང་རྒྱ་འདྲེས་པའི་སྟོང་ཕྲག་ལྔ་ཙམ་ལ་སྤྱན་རས་གཟིགས་གཙོ་འཁོར་གསུམ་པའི་རྗེས་གནང་བྱས། བསྙེན་རྫོགས་དྲུག་ཅུ། བར་མ་རབ་བྱུང་བཅུ་གཅིག །དགེ་ཚུལ་བཞི་བཅུ་ཞེ་གཉིས་རྣམས་བསྒྲུབས། བླ་མ་བཙན་པོའང་ལྕགས་རུང་གི་མདོར་བསུ་བ་ལ་འབྱོར། ཉེར་བཞི་ལ་གྲོང་ལང་མཁར་དུ་སླེབས་ཉིན་མི་དཔོན་གསུམ་གྱིས་གཞིས་ལེན་བཤམས། དགོན་ལུང་པ་རྣམས་ཀྱིས་ཡོང་དགོས་ཚུལ་ནན་ཆེས་པར་བརྟེན་སྔར་སྟོང་འཁོར་བ་དང་སྐྱིད་ཤོད་ཆོས་རྗེ་སོགས་བླ་ཆེན་དུ་གྲགས་པ་མང་པོ་གློ་བུར་དུ་གྲོངས་པའི་གཞི་བདག་ནག་ཕྱོགས་པའི་བརྗོད་གླེང་ལ་བརྟེན་ཁོང་དཔོན་སློབ་གཉིས་ཀྱང་འབྱོན་འདོད་མི་འདུག་པ་ཐུགས་དང་བསྟུན་ཏེ་དེ་མོ་སྤྲུལ་སྐུ་དང་མཁན་པོས་གཙོས་པའི་སྒར་དམངས་རྣམས་ཟི་ལིང་གཞུང་བརྒྱུད་ལ་བཏང་ངེད་རྟ་རགས་དང་བཅས་པ་སུམ་བརྒྱ་ལྷག་གིས་འདེགས་པའི་སྟ་གོན་བྱས། ཏེའི་དུང་དགོན། སེམས་ཉིད་


GLG005_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དགོན། པཱ་རས་སྟོང་ཤག་གི་སྡེ་དམངས། ཞོར་མོ་ཐང་རའི་རྒྱ་ཧོར་ཅན་སྐྱ་སེར་སྟོང་ཕྲག་ལྔར་ཉེ་བ་ལ་ཡི་གེ་དྲུག་པའི་བཟླས་ལུང་ཕབ། བསྙེན་རྫོགས་སུམ་ཅུ་དང་དགེ་ཚུལ་སོ་གཉིས་བསྒྲུབས། བླ་ཆེན་དགོངས་པ་རབ་གསལ་གྱི་གདུང་བཞུགས་པའི་ལྷ་ཁང་མཇལ། གནམ་གང་ལ་དགེ་འདུན་དགུ་བརྒྱ་ལྷག་གི་སེར་སྦྲེང་དང་བཅས་དགོན་ལུང་དུ་འབྱོར། དགོན་པའི་གཡས་ངོས་ཀྱི་རི་ལ་ཆོས་ཁྲི་གསར་དུ་བརྩིགས་འདུག་པའི་སྟེང་ནས་སྐྱ་སེར་གྱི་ཁྲོམ་ཁྲི་ཕྲག་བརྒལ་བར་བྱང་ཆུབ་ལམ་གྱི་རིམ་པའི་ཆོས་ཐུན་གཅིག་ལ་ཟབས་བཤད་དང་ཁྲོམ་པ་རྣམས་བཤར་བའི་བྱིན་རླབས་བྱས། ཟླ་བ་བདུན་པའི་ཚེས་གཅིག་ལ་འདུ་ཁང་དུ་དཀར་སྤྲོ་དམར་སྤྲོའི་གཞིས་ལེན་བཟབས། ཇ་གོས་དར་རས་རྟ་སྤུ་ནག་གིས་གཙོས་པའི་ཡུལ་ལུགས་དང་བསྟུན་པའི་བདོག་པ་བསྟར། ཚོགས་ཆེན་ལ་འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་ཕུལ། རིམ་གྱིས་བཏེག་པའི་ལམ་དུ་སེ་ཆེན་ཧུང་ཐའི་ཇི་དང་ཚེ་དབང་བསྟན་འཛིན་རྟ་པ་ལྔ་བརྒྱ་ཙམ་བསུ་བར་འབྱོར། ཧུང་ཐའི་ཇིས་རྟ་དཀར་པོ་བརྒྱའི་ཕྱག་རྟེན་བསྟར། ཆུ་བཟང་རབ་འབྱམས་པའི་གྲ་རིགས་སྡེ་རྣམས་ཀྱིས་བ་ག་ཐང་དུ་གུང་གི་དྲོ་དྲངས། མེརྒན་ཇི་ནོང་། མགོན་པོ་ཚེ་དབང་། དགའ་ལྡན་དར་རྒྱས་ཀྱིས་གཙོས་རྟ་པ་དྲུག་བརྒྱ་སྐོར་བསུ་བར་འབྱོར། གསེར་ཁོག་ཏུ་བླ་མ་བཙན་པོའི་དགོན་གསར་དུ་ཡོང་དགོས་ཚུལ་བྱུང་བ་ལྟར་ཕྱིན་དཀར་སྤྲོ་དམར་སྤྲོས་བསྙེན་བཀུར། བྱམས་ཆེན་ཆོས་རྗེའི་དུས་ཀྱི་བཀའ་འགྱུར་མཚལ་པར་མ་གླེགས་ཤིང་གླེགས་ཐག་རྒྱ་ལུགས་དངོས་གཙང་བ་ཆ་ཚང་གིས་ཐོག་དྲངས་གོས་དར་ཇ་རྟ་སོགས་ཀྱི་བདོག་པ་བཏེག །བཀའ་འགྱུར་ད་ལྟ་འབྲས་སྤུངས་སུ་བཞུགས་ཤིང་ཁོ་བོས་ལུང་ཡང་


GLG005_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་སུ་འདི་ཐོག་ནས་ཐོབ་པ་ཡིན། ཁྲོམ་སྟོང་ཕྲག་གཉིས་ལྷག་པ་ལ་མ་ཎིའི་བཟླས་ལུང་བྱས། བླ་མས་རྟེན་འབྲེལ་གྱི་ཁྱད་ཀྱིས་དཀོན་མཆོག་བརྩེགས་པའི་དབུ་ནས་སྒྲོག་དགོས་གླེང་བ་འདི་སྐབས་ལུང་མ་ཐོབ་ཀྱང་སྐྱེ་བོ་རྣམས་ཀྱིས་ཆོས་ཀྱི་སྒྲ་རྣ་བར་ཐོས་པའི་ཕན་ཡོན་ཡོང་བས་འགལ་བ་མེད་འདྲ་སྙམ་ཤོག་ལྡེབ་གསུམ་ཙམ་ཞིག་བཀླགས། ཁྲོམ་པ་ཀུན་བཤར་བའི་བྱིན་རླབས་བྱས། བླ་མ་བཙན་པོ་གྲ་བཅས་སུམ་ཅུ་སྐོར་ལ་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། ལམ་དུ་སྐྱ་སེར་མང་པོ་དང་ཕྲད་བཞིན་པའི་མུར་ཚེས་དྲུག་ལ་ཁ་ལཱོ་འུ་སུ་ཞེས་པའི་ཆུ་ཚན་ལ་ཕྱིན། འོར་དུས་སུ་ནས་རྐང་པ་གཡོན་པའི་མགོ་ཆུ་སེར་རྒྱས་པའི་མ་བདེ་བ་བྱུང་བ་དེ་མོ་སྤྲུལ་སྐུ་ཚང་གི་ཀོང་པོའི་ལྷ་རྗེ་ཞིག་འདུག་པ་དེས་སྨན་འབྱུག་གི་བཅོས་ཐབས་བྱས་པས་འགྲུལ་ལ་མི་གནོད་ཙམ་གྱི་ཚོ་ཟིན་ཡོད་པ་ཆུ་ཚན་གྱིས་གཞི་མེད་དུ་སོང་། དབུས་གཙང་ནས་མཆོད་ཡོན་གྱི་བསུ་བར་སྡེ་པ་ལྕང་ར་བ་མགོན་པོ་ཚེ་བརྟན། མགྲོན་གཉེར་དྲུང་བ། རྒྱལ་མཚན་མཐོན་པོའི་སྐུ་ཚབ་བསྐང་གསོ་བའི་དགེ་སློང་ཞིག །ལྷ་རྒྱ་རི་བའི་གླ་འབྲིང་སློབ་དཔོན་པ་བྱམས་པ་རིན་ཆེན་སོགས་སྡེ་དཔོན་ཁག་གི་མི་སྣ་གཏོས་མི་ཆུང་བ་འབྱོར། ལྷ་སྡེ་མི་སྡེ་མཆོག་དམན་མང་དག་གི་ཡི་གེ་རྟེན་སྦྲགས་བཞི་བཅུ་ལྷག་བྱུང་། སྟག་ལུང་པའི་མི་སྣ་སྔོན་དུ་སོང་བར་ཞབས་དྲུང་རིན་པོ་ཆེ་མའི་ཞུ་ལན་བི་ཝརྟ་ཅན་ཕུལ། བཅུ་གཅིག་ལ་ཆ་གན་ཐོ་ལོ་གོར་སླེབས། ཉིན་བཞི་ཙམ་གྱི་རིང་མཚོ་ཁའི་དཔོན་ཁག་རྣམས་ཀྱིས་གཙོས་སྐྱ་སེར་གྱི་ཕྲད་མི་རིམ་པར་འོངས་པ་སྟོང་ཕྲག་བདུན་བརྒལ་བ། བསྙེན་


GLG005_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་བརྒྱ་དྲུག་ཅུ་སྐོར་དང་དགེ་ཚུལ་སུམ་ཅུ་བསྒྲུབས། ཁལ་ཁ་མཁའ་འགྲོ་ནོ་ཡོན་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་སྒྲོལ་དཀར་སྤྱན་བདུན་མ། ཨ་ཀ་དགེ་ཚུལ་ལ་འཇམ་དབྱངས་དམར་སེར་གྱི་རྗེས་གནང་། ཨས་ཁན་ཨ་མ་ལ་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གྱི་བྱིན་རླབས་འདོད་པ་དང་སྦྱར་ཞིང་གོང་དུ་འབུལ་རྒྱུའི་ཞུ་ཡིག་ཤལ་དཀར་དམར་སོགས་རྟེན་དཔངས་མཐོ་བ་དང་བཅས་རྫོང་བདའ་བྱས། བོད་ནས་ཐོན་སྐབས་སོག་ཁྲོད་དུ་འཚོལ་དཀའ་བའི་སྟབས་ནས་མང་བ་བཀལ་འདུག་པ་སྡེ་པས་བསྲིས་རྨེ་པོ་དགོས་པའི་བཀའ་རྒྱ་བྱུང་བ་འདུལ་བ་ཡུལ་ཆོས་ཀྱི་དཔེ་ལྟར་ཐུགས་བདེན་པར་གོ་ནས་རྒྱུན་གཏོར་དུས་གཏོར་སོགས་ཚང་མ་རྟ་མ་ཆད་ཙམ་པས་ཉུང་ངུར་བྱས་པ་ཡིན་རུང་ཕྱག་མཛོད་ནོར་བུ་ལྷ་ས་པའི་གནས་ཆེན་དུ་སོང་བའི་འབྲེལ་རྒྱ་ཆེ་གཤིས་ནས་ཀྱི་སྟེར་སྦྱིན་ལྷུག་པར་འདུག་པས་མཆོད་རྟེན་དང་བྲག་གི་སྐུ་དཀར་གྱིས་དཔེར་མངོན། སྒར་དམངས་ཟི་ལིང་དུ་འགྱོགས་གདོང་སྨན་གྲོང་ཚེ་དབང་ལ་གཏོར་ཙམ་ལ་དམིགས་པའི་རྔོད་བཏགས་ཚན་ཆེ་བ་གཙང་བ་བཟོས་ལབས་པ་བཞིན་ཚེས་བཅུ་དྲུག་ནས་ཉིན་གསུམ་གྱི་བར་གུར་གནམ་སྔོན་མོར་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཚོགས་པའི་རྡོ་རྗེ་སློབ་དཔོན་དུ་ཕྱིན་ཏེ་ཆོས་སྲུང་ཚང་མར་མཆོད་གཏོར་བསྐང་བསྟོད་རྒྱས་པར་བཏང་ཞིང་ལེགས་སོའི་ཚིགས་བཅད་ཀྱི་ཁ་ཡིག་འབྱར་བའི་སྙན་དར་ཕུལ། མཆོད་དཔོན་པ་ཅན་ལས་བྱེད་རྣམས་གཏོར་ཚོགས་ཆེ་བའི་དཔེར་འཛིན། ཚེས་བཅུ་དགུའི་ཞོགས་བསངས་རྔན་རྒྱས་པར་བགྱིས། ཆོས་སྐྱོང་ཆེན་པོ་ཁོག་ཞུགས་སུ་སྤྱན་དྲངས་པར་མཐུན་རྫས་ཕུལ། ཉེར་གཉིས་ལ་ཆ་གན་ནོ་མོན་ཁན། སྐུ་


GLG005_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་དགོན་ལུང་། ནང་ཕྱོགས་ཀྱི་ནང་སོ་རྣམ་པ། མཚོ་ཁའི་དཔོན་པོ་མི་བཟང་དམངས་སོགས་ཁྲོམ་ཁྲི་རྭ་ཅན་ལ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ། ཇི་ནོང་ཆོས་སྐྱིད། ཨེར་ཏེ་ནི་དའི་ཆིན་། ཨ་མི་དྷར་རྣམས་ལ་ཚེ་རྟ། ཨ་ག་དགེ་ཚུལ། དགའ་ལྡན་དར་རྒྱས། མགོན་པོ་ཚེ་དབང་ཅན་ལ་རྟ་མགྲིན། ཆིན་ད་མུ་ནི་ལ་ཚེ་མགོན། སྐུ་འབུམ་ཆོས་རྗེ། ནང་སོ་ཁག །རི་ཁྲོད་པ་ཁ་ཤས་ལ་དྲི་བ་ལྷག་བསམ་རབ་དཀར་གྱི་ལུང་རྣམས་བྱས། དེ་མོ་སྤྲུལ་པའི་སྐུས་བདོག་པའི་ཚན་གྲངས་སྨོན་ལམ་ཚིགས་བཅད་ཐུགས་རྩོམ་མཛད་དེ་རིང་འཚོའི་རྟེན་འབྲེལ་བསྒྲིགས། ཚེ་དབང་བསྟན་འཛིན་གྱིས་བསྐུལ་ངོར་རྡོ་རྗེ་འཆང་ཕ་བོང་ཁ་པའི་སྐུ་བསྟོད་དང་བདག་བསྟོད་ཅིག་ཀྱང་བརྩམས། ཉེར་དྲུག་ལ་ཆ་གན་ཐོ་ལོ་གོ་ནས་བཏེག་མཚོ་ཕྱུག་པོ་བ་ཡན་ནོར་དུ་འབྱོར། པདྨ་སྐུ་སྐྱེ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་བླ་མའི་རྣལ་འབྱོར། ཆུ་བཟང་ཆོས་རྗེ་དཔལ་འབྱོར་རྒྱ་མཚོ་གྲ་བཅས་ལ་མི་འཁྲུགས་པའི་མངོན་དཀྱིལ་གྱི་ལུང་། ཆབ་ཆཱ་ལྷ་ཁང་གི་ཉེ་འདབས་སུ་སྐུ་འབུམ་ཆོས་རྗེ་དང་ཟི་ན་ནང་སོ་ལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན། མེརྒན་ཐའི་ཇི་ལ་སྨེ་བརྩེགས་ཀྱི་རྗེས་གནང་རྣམས་བྱས། ཟླ་བ་བརྒྱད་པའི་ཚེས་གཅིག་ལ་བསྟན་འཛིན་ཆུང་བར་མགོན་པོའི་རྗེས་གནང་བསྐུར། སེ་ཆེན་ཧུང་ཐའི་ཇི་དང་ཇི་ནོང་སོགས་དཔོན་ཁག་སྐྱེལ་མི་རགས་རིམ་འདི་ནས་ལོག །ཇའི་སང་གུ་ཤྲིའི་སྡེ་དམངས་ལ་མ་ཎིའི་ལུང་། གཞན་ཡང་ལམ་བར་དུ་ཕྲད་མི་སྟོང་ཕྲག་གཉིས་ལྷག་ལ་བྱིན་རླབས་དང་མེ་ཏོག་འཐོར་བ་བྱས། ཚེས་ལྔ་ལ་ཨ་རིག་གི་རང་བྱུང་ཁྲུས་ཀྱི་རྫིང་བུའི་འགྲམ་དུ་སླེབས།


GLG005_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་མོ་ཕྲད་མི་སྟོང་ཕྲག་གཉིས་ཙམ་ཚོགས་པའི་གཡེང་བས་མཚན་མོ་ཆུ་ཚན་ཞིག་བརྒྱབ། མེ་རྒན་དཀའ་བཅུས་བསྐུལ་ནས་སྤོམ་རའི་གསོལ་མཆོད་ཅིག་བྲིས། དེ་སྐབས་ཨ་རིག་གི་སྡེར་འཕྱི་དུག་བྱུང་གཤིས་སྒར་དམངས་ལ་འགོས་དོགས་པས་ཕྲད་མི་ཚང་མ་གཏོང་མ་ཐུབ། བསྟན་འཛིན་ལ་རྡོ་རྗེ་འཆང་ཕ་བོང་ཁ་བའི་བསྟོད་པ་གསར་རྩོམ་གྱི་ལུང་བཀླགས། ཚེས་བརྒྱད་ཀྱི་ཞོགས་ལ་ཐོག་ནས་རྨ་ཆེན་སྤོམ་ར་ལ་བསངས་དང་གསོལ་མཆོད་རྒྱས་པ། རྟེན་མཁར་ཡོད་སར་མདའ་དར། གོང་དཀར་ལྡེམ། སག་ཐག་གཞུ་བཅས་རལ་གྲིས་གཙོས་སྤྱན་གཟིགས་སྐྱེལ་བར་བཏང་། དེའི་དུས་གློ་བུར་དུ་ཁ་ཚུབ་ཆེན་པོ་བྱུང་བ་ལྷ་ཆེན་དགྱེས་པའི་ལྟས་ཡིན་ཞེས་རྒྱུས་ཡོད་རྣམས་གླེང་། ཚེས་དགུ་ལ་ཨ་ལག་ཤར་དུ་འབྱོར་བཅག་མལ་གྱི་ཐོག་སྒར་དམངས་ཀྱིས་བསྐང་གསོ་གསུང་སྒྲོག་གིས་སྤྱི་རིམ་བྱས། དེ་མོ་སྤྲུལ་སྐུར་གུ་ཤྲིའི་ལུང་ལས་ཀྱི་ཐམ་ཀ་དང་འཇའ་ས་ལེགས་སྐྱེས་ཀྱི་བདོག་པ་ཚན་གྲངས་དང་བཅས་བྱིན། སྤྱན་སྔ་རིན་པོ་ཆེ་དང་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་ལོ་རྒྱུས་བཞིན་གཞན་འབྱོར་ཕུན་ཚོགས་ལ་ཕྲག་དོག་པའི་རྒྱུས་འཕགས་པ་ལྷ་དང་དཔོན་སློབ་བར་གྱི་འབྱེད་པར་སོང་བ་འདྲ་ཞིག་བྱུང་། ཁོང་དཔོན་སློབ་འདི་ནས་བར་ཁམས་སུ་བཏེག །རིམ་གྱིས་བགྲོད་པའི་ཉེར་གཅིག་ལ་འབྲི་ཕུར་གསེར་ཁ་དགོན། ལབ་ཆོས་སྡེ། ར་ཤུལ་བླ་མ་ཅན་གྱིས་གཙོས་སྐྱ་སེར་དྲུག་བརྒྱ་ལྷག་ལ་ཡི་གེ་དྲུག་པའི་བཟླས་ལུང་བྱས། གསེར་རྟ་ཁྲབ་ཀྱི་སྐྱེས་མང་དུ་བསྟར། ཉེར་བདུན་ལ་འབྲི་ཆུའི་གུར་བན་ནོ་མོན་ཁན་གྱི་ཉེ་འདབས་སུ་སྒར་ཕབ་ཞག་བཞིའི་བར་བཅག་མལ་ཐོག་ཆབ་མདོ་དཔོན་དྲུང་ཞི་བ་བཟང་པོ་དང་དཔོན་མཁའ་འགྲོས་གཙོས་པའི་བར་ཁམས་


GLG005_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཁོག་གི་སྐྱ་སེར་སྟོང་དུ་ལོངས་པ་དང་ཕྲད་ཅིང་བདོག་པ་བསྟར། དཔོན་གྱིས་ཐོག་དྲངས་པའི་སྐྱ་སེར་ཚང་མར་རིགས་གསུམ་མགོན་པོའི་རྗེས་གནང་བསྐུར། དཔོན་དྲུང་ལ་ཞལ་བྲམ་ནག་བཤན་པ་དྲུག་སྐོར་གྱི་རྗེས་གནང་བྱེད་གདོང་གློ་བུར་དུ་འབྲུག་གི་སྒྲ་དྲག་པོ་དང་བཅས་པའི་སེར་བ་ཡུན་མི་ཐུང་ཙམ་བབས་པ་དེ་སྐབས་ཆོས་སྐྱོང་གཉན་པའི་འཚུབ་ཁོ་ནར་གོ་ཡང་རྗེས་སུ་བསམས་ཚེ་ཁོང་གི་ཐུགས་རྒྱུད་ཚེར་མ་དར་གྱིས་གཏུམས་པ་དེ་དམར་ཟླུམ་སྤྱན་གྱིས་གཟིགས་ནས་རྗེས་གནང་མ་བྱེད་ཅེས་འགེགས་པར་སྣང་ཡང་རང་ཉིད་མ་རིག་པའི་སྨག་རུམ་དུ་ཆེར་ཆུད་པའི་སྐྱོན་ནོ། །ཏའི་ཁར་བསྡད་སྐབས་བོད་འབངས་ཀྱི་བདེ་ཐབས་ལ་ཕན་པའི་མཚན་མ་བྱུང་བ་ལྟར་ལྷ་བྲག་གཏེར་བྱོན་གྱི་ཕུར་པ་རོལ་བའི་གཏོར་བཟློག་གི་ཆོག་སྒྲིགས་བྱས། གྲྭ་ཚང་དུ་བམ་བཀང་། མཆོད་བསྟོད་གསལ་སྒྲོན། སྟག་ཞོན་གྱི་གཏོར་ཆོག་རྣམས་བཙུགས། ཟླ་བ་དགུ་པའི་ཚེས་གཅིག་ལ་འབྲི་ཆུ་ནས་བཏེག །སྡེ་པས་དགེ་རྒྱས་བནྡེ་དང་ཨ་ནནྟ་གཉིས་ལ་ཞོན་རྟ་དྲུག་ཙམ་ཞིག་བསྐུར་པའི་བསུ་བར་བཏང་། ཨ་ནནྟ་ར་སྤུ་ལ་གའི་སྟོད་རྩག་ཅིག་བྱིན། ཕྱི་དྲོ་ཇོ་སྟན་དགོན། ར་ཤུལ་དགོན་སོགས་ཀྱི་གྲ་པ་བརྒྱ་སྐོར་བསྙེན་རྫོགས་བསྒྲུབས། འོ་མ་ལ་རྩ་མཁའ་འགྲོ་ལ་ནང་མཇལ། ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་རྗེས་གནང་དང་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བྱིན་རླབས་ཕག་ཐར་ཁོ་ལོ་ཆི་དབུས་ནས་ཕྱིར་འོངས་པར་ཇོ་བོ་ལུགས་ཀྱི་སྨེ་བརྩེགས་ཀྱི་རྗེས་གནང་རྣམས་བྱས། སྡེ་པ་འདར་པས་ཚར་ཆེན་གྱི་དངུལ་གདུང་ལ་འབུལ་རྒྱུའི་སྙན་དར་ཁ་ཡིག་དགོས་ཚུལ་བྱུང་བ་ལྟར་བྲིས། རྨོག་ལྗོངས་སུ་དགེ་རྒྱས་ཆོས་སྒྲོན་སྤུན་གསུམ་


GLG005_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གཙོས་སུམ་བརྒྱ་ཙམ་ལ་མ་ཎིའི་བཟླས་ལུང་། དོན་གཉེར་ཅན་དུ་མར་ཐུགས་རྗེ་ཆེན་པོའི་རྗེས་གནང་དང་བསྙེན་གནས་ཀྱི་ཆོ་གའི་ལུང་བྱས། དཔོན་ངག་དབང་རྡོ་རྗེས་བསྐུལ་བའི་རང་བསྟོད་ཅིག་བྲིས། ལོ་སྔོན་མ་གདང་ལ་ཐོན་པ་ནས་བཟུང་འདི་ལོ་ས་མཚམས་འདིར་འབྱོར་བའི་བར་གྱི་ལྷ་སྡེ་མི་སྡེ་དཔོན་ཆེ་ཆུང་སྐྱ་སེར་དྲག་ཞན་རྣམས་ཀྱི་བློ་རིགས་དང་མཐུན་པའི་དངོས་པོ་དང་རྟེན་གསུམ་དམ་རྫས་སོགས་ཀྱི་སྟེར་སྦྱིན་སོ་སོའི་ཐད་དུ་གང་བྱས་བྲིས་ན་ཡི་གེའི་ཚེགས་ཀྱིས་འཇིགས་ཤིང་ཟིན་བྲིས་ཚོར་ཡང་ཞིབ་ཆ་མི་འདུག་པས་འདིར་གསལ་བར་བྲིར་མ་ལང་མོད། འོན་ཏེ་འཇིག་རྟེན་མཐུན་འཇུག་གི་རྣམ་གཞག་དེ་དག་ནི་སྙིགས་དུས་ཀྱི་ཆོས་པ་སྤྱི་དང་བྱེ་བྲག་བླ་ཆེན་རྣམས་ཀྱི་མཛད་པའི་གཙོ་བོར་འདུག་པས་ཅི་ནུས་ནུས་སུ་འབད་པས་བྱས་ཡོད་དོ། ། ལྷ་བྲག་གཏེར་བྱོན་གྱི་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་ལས་བྱང་ཆོག་སྒྲིགས་བྱས། ཚེས་བཅུ་དགུ་ལ་གདང་ལའི་ལ་ཐོག་ཏུ་ཀུན་བཟང་ཐུགས་གཏེར་གྱི་བཀའ་ནན་རབ་བརྗིད་ཀྱི་ཕྱག་ལེན་ལྟར་ལྷ་འདྲེ་རྣམས་ཡང་སྐྱོར་གྱི་ཚུལ་དུ་དམ་ལ་བཏགས། འཕྲིན་ལས་ཀུན་འགྲུབ་བམ་སྙམ་པ་རྟོག་པ་འོག་འགྱུར་ཤར་ཡང་ཡིད་བརྟན་ཅི་ལ་ཡོད། སྨོན་འགྲོ་པཎ་ཆེན་ཏའི་ཁ་ནས་ཟི་ལིང་བར་འབྱུང་པོའི་གནོད་པའི་རྣམ་པ་ཞིག་གིས་ཐུགས་ཚོ་མི་ཟིན་པ་མཚོ་སྔོན་པོར་བྱོན་བསྟུན་གཞི་མེད་དུ་གྱུར་ཀྱང་ཚེས་ཉི་ཤུ་ལ་སོག་ཏུ་བར་ཆད་ཀྱི་རྣམ་པས་གློ་བུར་དུ་གཤེགས། ཞུགས་འབུལ་གྱི་ཉིན་ནམ་མཁའ་གཡའ་དག་པ་ལ་རླུང་བསེར་བུ་ཙམ་ཡང་མི་རྒྱུ་ཞིང་འཇའ་སྤྲིན་གྱི་གུར་ངོ་མཚར་བ་བྱུང་། ཨེར་ཏེ་ནི་ད་ལའི་བཱ་ཐུར་དཔོན་གཡོག་སུམ་བརྒྱ་སྐོར། སྨད་ཏ་ལྷ་རྒྱལ་དར་


GLG005_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ནང་སོ་དངོས་གྲུབ། ཧོར་བུ་དམར་རྣམས་རིམ་གྱིས་བསུ་བ་ལ་འབྱོར། ལྷ་རྒྱལ་དར་ལ་སྤྱན་རས་གཟིགས་ཕྱག་བཞི་པ། བུ་དམར་ཅན་སུམ་བརྒྱ་སྐོར་ལ་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན། ད་ལའི་བཱ་ཐུར་ལ་སྨེ་བརྩེགས་ལྗང་སྔོན་གྱི་རྗེས་གནང་རྣམས་ཐུགས་དང་བསྟུན། ཤག་ཏུ་སྒར་དམངས་ཀྱིས་ཉིན་གཅིག་སྤྱི་རིམ་བྱས། ཆོས་སྐྱོང་ཆེན་པོ་ཕེབས་ནས་ད་ཆ་ཁོག་འདི་ལ་མི་ཞུགས་པ་དག་སྐུ་ཆས་སྤྱན་གཟིགས་རྣམས་ལྕོག་ཏུ་སྐྱེལ་བའི་བསླབ་སྟོན་མཛད། མཚོ་མོར་བར་ད་ལའི་བཱ་ཐུར་གྱི་དཔོན་མོ་ཅན་བརྒྱ་སྐོར་དང་ཧོར་ཨ་མདོ་བ་སྟོང་ཕྲག་ཙམ་ལ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རྗེས་གནང་། ཧོར་ཟླ་བཅུ་པའི་ཚེས་གཅིག་ལ་ཤོ་མོང་འཛོམ་རར་ད་ལའི་བཱ་ཐུར་གྱི་མི་སྡེ་སོགས་སོག་པོ་སྟོང་ཕྲག་དང་ཧོར་བརྒྱ་ལྷག་ལ་བྱིན་རླབས་བྱས། ཚེས་ལྔ་ལ་ན་ལུང་དཀར་མོར་འབྱོར། དེ་ནས་ཐང་ལྷའི་གངས་རི་མཐོང་གིན་འདུག་པས་གསོལ་མཆོད་བཟབས་རྒྱས་སུ་ཕུལ། སྡེ་པ་དཔོན་གཡོག་རྣམས་ཕེབས་ཞག་གསུམ་བཅག་མལ་ཐོག་སེམས་དཔའ་ཆེན་པོས་མཚོན་བླ་མ་ཆེ་ཆུང་ཁ་ཤས་སྐྱིད་ཤོད་སྡེ་པ་ཁག་གཉིས། ཐོན་པ། འབྲོང་རྩེ་བ། ཧོར་ཚ་བར་ཏའི་དཔོན་སོགས་མང་དུ་ཚོགས་བཞེས་སྤྲོ་དང་ལེགས་སྐྱེས་ཀྱི་དངོས་པོས་བསྙེན་བཀུར། ཧོར་ཚང་ཆོས་རྗེ་ངག་དབང་ཕུན་ཚོགས་མཆོད་ཡོན་མཇལ་བར་བོད་དུ་བྱོན་པ་ཕྱིར་ལོག་པར་བླ་མ་མཆོད་པ། གཟུངས་བཞུགས་འབུལ་ཚུལ་གྱིས་མཚོན་པའི་བརྩམས་ཆོས་ཁ་ཡར་དང་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་རིག་བྱེད་མའི་མངོན་རྟོགས། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་རྣམ་འཇོམས་ལྗང་སྔོན་གྱི་སྒྲུབ་ཐབས་


GLG005_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ལུང་ཕུལ། གཡང་རའི་མདོར་སེམས་དཔའ་ཆེན་པོས་སོག་ལུགས་ཀྱི་སྟོན་མོ་ཤིན་ཏུ་བཟབས། ཁོང་རང་ལ་གཏོགས་པའི་ལྷ་སྡེ་མི་སྡེ་རགས་རིམ་གྱིས་ཕྲད། བཀྲ་ཤིས་ལྗོངས་ཆོས་རྗེ། སྡེ་པ་ཕོན་མདོ་བ། བྲག་དབར་གྲ་ཚང་གི་བླ་མ་རྣམས་འབྱོར། མཚོ་སླེ་གདེངས་ནས་བཏེག་པའི་འབོགས་ཀྱི་སར་སྟག་ལུང་དབོན་རིན་པོ་ཆེ་ངག་དབང་རྣམ་རྒྱལ་ལེགས་གྲུབ་བསུ་བར་ཕེབས་གསོལ་ཇ་སྦྱོར་སྦྲེལ་གྱི་བར་མཇལ་གླེང་ཞུས། སྡེ་པས་དངུལ་མདོང་གོས་དར་གྱིས་གཙོས་པའི་སྤམས་ཆེ་བ་སྐྱོས་མའི་ཚུལ་དུ་འབུལ་བ་མཛད་སོང་བར་དྲུང་འཁོར་རྣམས་ཀྱིས་དགའ་དགའ་བྱས་པས་གླིང་པའི་གྲ་རྒན་ཅི་རིགས་ཀྱིས་སྟག་ལུང་ཆོས་རྗེའི་མགོ་འཚོང་བར་ཕྱིན་པ་ལ་རིན་ཞིག་ལོས་ཡོང་ཟེར་སྐད། དེ་དགོངས་བཀའ་གདམས་ཀྱི་ཆུ་འགོ་རྭ་སྒྲེང་རྒྱལ་བའི་དབེན་གནས་སུ་དགེ་འདུན་རྣམས་ཀྱི་བསུ་བའི་བཀོད་པ་དང་བཅས་འབྱོར། མཆོད་ཁང་གསར་རྒྱབ་ཀྱི་སྟེང་དུ་གནས་མལ་བྱས་ཏེ་ཞག་གསུམ་བསྡད། ཇོ་བོ་འཇམ་པའི་རྡོ་རྗེ་དང་སྐུ་འདྲ་དབུ་ཡོན་མ་གདན་དྲངས་ནས་མཆོད་པ་རྒྱ་ཆེར་བཤམས། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དམིགས་རིམ་ནན་ཏན་དུ་བསྒོམས་ཤིང་དབང་བླངས། འདུ་ཁང་དུ་སྤྱི་སོས་གཞིས་ལེན་དང་བདོག་པའི་སྐྱེས་བཟབས། འབྲི་གུང་སྐུ་འབྲིང་བ་ཞབས་དྲུང་དཀོན་མཆོག་རིན་ཆེན་ཕེབས། བཞུགས་གདན། ལྡང་བ། མཇལ་དར་སྐུ་གཞོན་པར་ཆ་བཞག་གི་བཀུར་གཟོས་གང་ཆེ་ཕུལ། ཇ་ཡུན་གསུམ་གྱི་བར་སྔགས་གསར་རྙིང་བཀའ་བརྒྱུད་ཀྱི་གསུང་འཕྲོས་ཕར་དྲི་བ་ཞུ་མ་དགོས་པར་ཤིན་ཏུ་མང་བ་ཕེབས་སྒོ་གནང་གིན་འདུག་རུང་དབུ་མ་ཚོས་པའི་རྫ་གཅོག་ཁོ་ན་ལས་ཚད་ལྡན་ཆེར་མ་མཆིས་པ་སྐུ་མཆེད་གཉིས་ཕྱོགས་ཙམ་


GLG005_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་འདྲ་བ་བཀའ་གདམས་གླེགས་བམ་དུ་ཕ་གཅིག་གི་བུ་ལ་སྤྱང་ལྐུགས་ཡོང་བར་གསུངས་པ་ཤིན་ཏུ་མད་པར་སྣང་། ཚོགས་ཆེན་དུ་གླེགས་བམ་རིན་པོ་ཆེའི་ཆོས་ཐུན་གཅིག་ཕུལ། གྲོང་སྨད་ཨ་སུག་ལ་སྐྱོས་མའི་ལུགས་ཀྱིས་མུ་ཏིག་གི་འཕྲེང་བ་ཆེ་ལེགས་ཤིག་བྱིན། དེ་ལས་མང་བ་ཇའི་སང་སྡེ་པའི་བློར་མི་འདུག་པས་བབས་དང་བསྟུན། གནས་རྙིང་ཞབས་དྲུང་ཁྲི་ཐོག་པ། སྡེ་པ་རྒྱ་རི་བ། སེར་འབྲས་ཀྱི་སློབ་དཔོན་རྣམ་པ། ཚ་བ་སྐུ་སྐྱེ། དྲུང་པ་རྒྱལ་ཚབ་པའི་ཕྱག་མཛོད་ནག་ཕུ་བླ་མ་རྣམས་འབྱོར་བ་དང་ཕྲད། སྟག་ལུང་དགོན་གྱི་ཉེ་འདབས་སུ་སླེབས་ཉིན་སྟག་ལུང་གྲ་ཚང་པ་ཚོ་གོས་ཆེན་གསེར་མའི་སྒོམ་ཞུ། སྣམ་སྦྱར། ཕྱག་མཚན་གྲ་འགྲིག་པ། གླིང་པ་ཚོ་འབོག་ཐོ་དང་ཞྭ་ཐུལ་བེམ་པོ་སྣ་ཚོགས་ཁ་འདྲིལ་གྱི་སྤྲོས་མེད་ཕྱག་རྒྱ་ཆེན་པོའི་ངང་ནས་སེར་སྦྲེང་ཤིན་ཏུ་རྒྱས་པ་བསྟར། ཞབས་དྲུང་དང་བླ་མ་རྟགས་བརྒྱད་རྣམས་ཀྱི་ལེགས་སྐྱེས་ཀྱི་བདོག་པ་བསྟར། ཚོགས་པར་བྱིན་རླབས་དང་མང་འགྱེད་གྱ་ནོམ་པ་བྱས། ཞབས་དྲུང་ངག་དབང་རྣམ་རྒྱལ་ལེགས་གྲུབ་དང་སྒེར་དུ་མཇལ། གནས་མཇལ་བྱེད་པར་མི་ཚོགས་ཀྱི་གཡེང་བས་ཁྱེར་ཞིང་དགུན་དགོན་པར་ཉི་མ་ཆེར་མི་འཆར་བའི་གྲང་ངད་ཀྱི་གྲགས་པ་སོགས་ནས་སྟབས་མ་འགྲིག །གཞན་ཕྱོགས་པ་མང་པོས་ངེད་ལམ་དུ་མ་འཚོ་བའི་ངོ་ཚབ་གཅིག་གིས་ཞྭ་གོས་གྱོན་ཏེ་གསང་སྒོ་བྱས་འདྲ་གླེང་མཁན་མང་བས་ཚེས་བཅོ་ལྔ་ལ་ལྷུན་གྲུབ་རྫོང་གི་མདུན་དུ་སླེབས་སྐབས་སྣ་མོ་ཤག་བླ་མས་རྟ་རགས་ལ་ཐག་ཉེ་བའི་ཤིང་གསེབ་ཅིག་ནས་བལྟས་ཚེ་ངོ་ཤེས་པས་བློ་ལྷོད་པ་བྱུང་ཟེར། ཕྱིར་སྐོར་


GLG005_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

འགོལ་སྡོད་ཡུན་རིང་བ་མང་པོར་ཕྱོགས་མཐའ་ནས་ཨང་ཉན་འདི་ག་ཡོད་འདུག་རུང་ད་ཆ་ལོ་རྒན་དྲུག་ཅུའི་ཁར་སླེབས་པ་ཐུགས་སྙུགས་བུད་པོ་ཡོང་བ་འདྲ། འཕན་ཡུལ་ཁོག་གི་དགོན་ཆེ་ཕྲའི་བླ་མ་གྲྭ་རིགས། མི་སེར་གྱི་བྲོ་པ་གཞས་མ་རྣམ་གྲངས་ཤིན་ཏུ་མང་བ་འདུག །སྡེ་པ་དཔོན་གཡོག་སྒོ་ལ་བརྒྱུད་སྐྱིད་ཤོད་དུ་ཐེགས། འབྲུག་པ་སྤྲུལ་པའི་སྐུ། བདེ་ཆེན་ཆོས་འཁོར་བ། སྟག་རྩེ་ཐའི་ཇི་མཚོ་སྐྱེས་རྡོ་རྗེ་རྣམས་དང་མཇལ། ཚེས་བཅུ་དྲུག་ལ་ཐོན་པའི་ལམ་དུ་དགའ་ལྡན་ཁྲི་རིན་པོ་ཆེ་ཆུ་བཟང་པ། ཤར་ཆེན་འཇམ་དབྱངས་བྱམས་པ་རྣམ་རྒྱལ། གྲ་ཚང་ཁག་གི་སློབ་དཔོན། སྣ་ཆེན་བརྒྱད་སོགས་དཔོན་སློབ་ཕྱོགས་མཐུན་དུ་ཕེབས། ཞལ་སྔ་ནས་ཤར་པས་ཆོས་ཕྱོགས་དང་འབྲེལ་བའི་གསུང་གླེང་རྒྱས་པར་གནང་། ཐང་སག་དགའ་ལྡན་ཆོས་འཁོར་དུ་གུང་གི་དྲོ་བབས། ཟུར་ཐམས་ཅད་མཁྱེན་པ་ཕེབས་པ་དང་མཇལ་ཞིང་གསུང་གླེང་ཞིབ་པར་བྱུང་། འདུ་ཁང་གསར་བརྒྱབ་ལ་མེ་ཏོག་གཏོར། བཅོ་བརྒྱད་ཆོས་རྗེ་བྱམས་པ་ངག་དབང་ལྷུན་གྲུབ་ཨཥྚའི་བསྙེན་ཆེན་དང་འགྲིག་པའི་གཞོན་པ་སོགས་ཉེ་སྐོར་གྱི་སྐྱ་སེར་མང་བ་ཕྲད་པར་འབྱོར། བྱེ་རི་སྟག་རྩེར་ཞག་གསུམ་བསྡད། ཐའི་ཇི་མཆེད་གཉིས་ཀྱིས་གཞིས་ལེན་དང་གོས་དར་གྱི་སྟེར་ཆ་ཤིན་ཏུ་རྒྱས་པར་མཛད། ཞལ་ངོ་རྣམས་ལ་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བྱིན་རླབས་དང་སྒྲོལ་དཀར་སྤྱན་བདུན་མའི་རྗེས་གནང་ཕུལ། བྲག་དབར། འོལ་སྣ། སྟག་ཕུ། ལྷ་ལུང་། གུར་སྔོན། བྱམས་པ་གླིང་། ཞྭ་ལྷ་ཁང་པས་མཚོན་པའི་དབུ་རུ་ཕྱོགས་ཀྱི་དགོན་ཁག་མང་པོ་དང་སྟག་རྩེ་མངའ་ཁུལ་གྱི་དྲག་རིམ་རྣམས་ཀྱིས་ལེགས་


GLG005_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་བསྟར། ཚངས་པ་དུང་གི་ཐོར་ཚུགས་ཅན་ཁོག་ཏུ་སྤྱན་དྲངས་འཕྲིན་ལས་གྲུབ་པའི་གཏང་རག་གི་མཆོད་སྤྲིན་རྒྱས་པར་ཕུལ་ཞིང་སླར་ཡང་དམ་ཚིག་བསྒྲགས། གེ་རེ་གླིང་ཁར་བཀྲ་ཤིས་ལྗོངས་ཆོས་རྗེ་གྲ་བཅས། ཐང་སྐྱ། ལྷ་བུ། གེ་རེ་དགོན་གསར་ཡོན་མཆོད་རྣམས་ཕྲད་པར་འབྱོར། འབྲོམ་སྟོད་དུ་བདེ་ཆེན་རྩེ་ནས་གུང་གི་དྲོ་བཏེག །གཉན་མགོན་ཕུག་ཏུ་སྤྱན་གཟིགས་འབུལ་བར་མཆོད་དཔོན་པ་དང་སྔགས་བན་ངག་དབང་འཕྲིན་ལས་གཉིས་བཏང་། དེ་ཉིན་བྲག་དཀར་མན་ཚལ་གུང་ཡན་གྱི་ཁྲོམ་སའི་མདོག་འགྱུར་བ་ལྟ་བུ་ཚོགས། འཆམ་དང་བྲོ་གཞས་ཀྱི་རྩེད་སྣའི་རིགས་ཤིན་ཏུ་མང་བ་སྣང་། རི་བོ་བདེ་ཆེན་མཁན་པོ། དཔལ་རི་སྤྲུལ་སྐུ། རྨི་རུ་བླ་མ། ཡེར་པ་སློབ་དཔོན། ཚལ་དབུས་གླིང་གི་བླ་མ་རྣམས་བསུ་བར་འབྱོར། རག་མདར་དགའ་ལྡན་གསང་སྔགས་གླིང་པས་སེར་སྦྲེང་དང་བཅས་གུང་ཚིགས་ཀྱི་བསྙེན་བཀུར། སློབ་དཔོན་འཕྱོང་རྒྱས་པ་བློ་བཟང་བཀྲ་ཤིས་ལུགས་གཉིས་ཀྱི་རྣམ་དཔྱོད་གཙང་བས་རྒྱུ་མཚན་འབྲེལ་ཆགས་ཀྱི་གླེང་མོ་ཞིབ་པར་བྱུང་། དགའ་མོ་ནང་དུ་རྒྱལ་པོ་མཆོད་ཡོན་གཉིས་ཀྱིས་དབུ་མཛད། སེར་འབྲས། སྐྱོར་ལུང་སོགས་སྐྱིད་སྨད་ཀྱི་ཆོས་སྡེ་ཁག་གི་བླ་མ་དང་སྣེ་མོ་བ། དྲུང་འཁོར། ལྷ་སའི་གནས་ཆེན་སོགས་ཀྱི་རྟ་བསུ། ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་གིས་ཐོག་དྲངས་ཉེ་སྐོར་གྱི་དགོན་ཁག་རྣམས་ཀྱི་སེར་སྦྲེང་། ལྷ་ས་བའི་རྒྱལ་སྲིད་སྣ་བདུན་གྱིས་གཙོས་རྩེད་སྣ་ཤིན་ཏུ་མང་བས་བསུས་ཏེ་བོད་ཡུལ་གྱི་རྡོ་རྗེ་གདན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་འབྱོར། ཉེར་ལྔ་ལ་བཀྲ་ཤིས་ལྷུན་པོ་ནས་པཎ་


GLG005_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་ཚབ་མགྲོན་གཉེར། བྱ་གཤོངས། སྤང་རི། བདེ་བ་ཅན། དཔལ་འཁོར་ཆོས་སྡེ། ཞང་སྟོན་ཆེ་ཆུང་། བདེ་ཆེན་ཆོས་འཁོར། དྲིན་ལས་པ། སྡིངས་པོ་ཆེ་པ། སྤྲུལ་སྐུ་གསུང་སྤྲུལ། ལྷུན་པོ་རྩེ་པས་མཚོན་པའི་དབུས་གཙང་གི་ཆོས་སྡེ་བླ་ཁག་མང་པོས་ལེགས་སྐྱེས་བསྟར། དེ་ནུབ་གླིང་མེ་ཤིན་ཏུ་འཇམ་པ་བྱུང་། ཉེར་དྲུག་ལ་རྡོ་རྗེ་བྲག་སྤྲུལ་སྐུ། ཨྱོན་མཚོ་མོ། རས་ཆུང་ཕུག་སྤྲུལ་སྐུ། སྤྱན་གཡས་པ། ཟངས་རི་ནས་དཔོན་ས་ཨ་ནེ་དྲུང་ཡུམ་སྲས། ལྕམ་ནོར་བུ་ཁྲ་སྒོར། དབྱངས་ཅན་མ། བྱ་པ་དཔོན་ས་སོགས་སྐྱ་སེར་མང་པོས་ལེགས་སྐྱེས་ཀྱི་བདོག་པ་བསྟར། ཨ་ནེ་དྲུང་ལ་གསུང་ངག་འཁྲིད་ཡིག་གི་དཔེ་ཆ་འདྲི་རྒྱུ་ཕུལ་བ་རྣམས་ཤིན་ཏུ་དངོས་གཙང་བ་བསྣམས་ཕེབས་འདུག །རྙིང་ཁུངས་དྲུང་འཁོར་ཚོས་སྒེར་དུ་སྟེར་སྦྱིན་བྱས། ཨོ་རོད་སོལ་ཐོན་ཐའི་ཤིས་དངུལ་སྲང་བཞི་བརྒྱས་གཙོས་པའི་བདོག་པ་བཏེག །སྙེ་ཐང་བཀྲ་ཤིས་སྒང་པ། རྨི་རུ་བ། ལྷ་སའི་ཚེས་བཅུ་བ་རྣམས་ཀྱི་འཆམ་དང་བྲོ་གཞས་ཀྱིས་ཁྱམས་ར་ས་གཡོ་བ་ཙམ་བྱེད་འདུག །དཱ་ལའི་བཱ་ཐུར། སེ་ཆེན་དབོན་པོ་གཉིས་ལ་འཆི་མེད་དཔལ་སྟེར་ལུགས་ཀྱི་ཚེ་དབང་བརྒྱ་རྩ་དང་སྡིངས་པོ་ཆེ་པར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་བསྐུར། གནམ་གང་ལ་རྒྱལ་པོ་ཡབ་སྲས་དང་ཕྱོགས་མཐུན་དུ་མཆོད་ཁང་རྣམས་ལ་སྙན་ཤལ་དང་བཅས་སྨོན་ལམ་གྱིས་མཚམས་སྦྱར་ཞིང་དཔལ་ལྡན་དུང་སྐྱོང་དབང་མོར་གསོལ་མཆོད་སྤྱན་གཟིགས་རྒྱས་པར་ཕུལ། ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་ཁྱམས་ར་ཆེན་མོར་བྲིས་སྐུ་མཐོང་བ་དོན་ལྡན་གྱི་གོས་ཡོལ་སོགས་བཀོད་ལེགས་ཕུན་སུམ་ཚོགས་པ་དང་བཅས་


GLG005_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སྒར་སྟོན་གྱི་བཞུགས་གྲལ་ཐོག་གནས་རྙིང་ཞབས་དྲུང་ཁྲི་ཐོག་པས་ཆོས་ཀྱི་གསུང་གླེང་རྒྱ་ཆེར་མཛད། སྐུ་ཡོན་ཆེ་ཞིང་ཐུགས་ངར་བའི་གསུང་བཤད་མ་རྫོགས་དོགས་པ་ལྟ་བུའི་རྫོང་དམ་དྲགས་པའི་སྐྱོན་ལས་མང་དུ་ཐོས་པའི་རྣམ་དཔྱོད་ཀྱི་རྩེར་སོན་པ་ཞིག་གདའ། སང་ཉིན་སྡེ་པ་ཐོན་པ་མགོན་པོ་བཀྲ་ཤིས་ཀྱིས་སྒར་སྟོན་དང་ལེགས་སྐྱེས། དམར་ཁམས་གོ་བོ་དབོན་པོས་ཇ་རྟ་ཁྲབ་སོགས་ཀྱི་བརྒྱ་འབུལ། མཚུར་ཕུ་དྲུང་པ་རིན་པོ་ཆེ། སྦྱོར་ར་སྤྲུལ་སྐུ་རྡོ་རྗེ་སྙིང་པོས་གཙོས་ཕྱོགས་འདུས་ཀྱི་མཆོག་དམན་མང་པོ་དང་མཇལ་ཕྲད་བྱས། སྡེ་པ་ཐོན་པ་མགོན་པོ་བཀྲ་ཤིས་ཀྱིས་བསྐུལ་བའི་ཨྱོན་རིན་པོ་ཆེའི་བསྟོད་པ། སྔགས་བན་ངག་དབང་འཕྲིན་ལས་ཀྱི་ངོར་ཟུར་ཐམས་ཅད་མཁྱེན་པའི་འཁྲུངས་རབས་གསོལ་འདེབས། དཔོན་ཚང་བྱ་མཆུ་བ་ཚེ་དབང་རྡོ་རྗེས་དགོས་ཚུལ་བྱུང་བ་ལྟར་གསོ་རིག་གི་ཆེ་བརྗོད་རྣམས་བྲིས། བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ལ་ལྕགས་སྡོང་མའི་ཚེ་དབང་བརྒྱ་རྩ། དཱ་ལའི་བཱ་ཐུར་ལ་སྨེ་བརྩེགས་ལྗང་སྔོན་དང་ཕྱག་དྲུག་པའི་གཏོར་དབང་བར་ཆད་ཀུན་སེལ། སོལ་ཐོན་ཐའི་ཤི། དགའ་ལྡན་དར་རྒྱས། རྡོ་རྗེ། བཀྲ་ཤིས། སྡེ་པ་ཐོན་པ་རྣམས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་སྒྲོམ་མདའ་མཁན་པོ་མཐུ་སྟོབས་དཔལ་འབྱོར་ལ་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་དང་མི་འཁྲུགས་པའི་མངོན་དཀྱིལ་གྱི་ལུང་བཀླགས། གོང་དཀར་རྫོང་སྡོད་གཟེར་ཆེན་པ་རྣམ་རྒྱལ་ཚེ་རིང་གིས་གྲ་བསྒྲིགས་པའི་རྫོང་འོག་གི་ཆོས་སྡེ་ཁག །དྲུང་འཁོར་རྣམས་བསྡེབས་མཚུངས་སུ་ལེགས་སྐྱེས་སྤེལ་བར་འབྱོར། དགའ་ལྡན་གསང་སྔགས་གླིང་སློབ་དཔོན་


GLG005_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་སྣ་ཆོས་རྗེ་གྲ་བཅས་ཀྱིས་ཚན་གྲངས་སྤེལ་ཏེ་རྣམ་རྒྱལ་མ་དང་འབྲེལ་བའི་ཚེའི་རྟེན་འབྲེལ་བསྒྲིགས། དཀོན་གཉེར་དཔོན་དགེ་སྟེང་བླ་མ་ཉིན་ལྟར་གྱིས་འོངས་ནས་མོལ་མཆིད་ཞིབ་པར་བྱུང་། ཚེས་བཅུ་གཅིག་ལ་གསར་རྒྱག་མཛད་པའི་དགའ་ལྡན་ཁང་གསར་དུ་རྒྱལ་པོས་ཤོག་གསུང་བ་ལྟར་ཕྱིན་པའི་གུང་ཚིགས་བྱས། གཞིས་ཀ་སྔར་གྱི་བཀོད་ལེགས་དེ་ལས་ཅུང་ཟད་གནས་འགྱུར་ཞིང་བསིལ་ཁང་བྱང་དུ་བཏོན་པས་མཚོན་པའི་ཐུགས་རྟོག་རྩིང་སྐྱོན་དུ་མངོན། གོས་ཆེན་གྱི་སློག་པས་གཙོས་དངོས་པོ་ཚན་གྲངས་ཀྱི་སྟེར་སྦྱིན་མཛད་ཅིང་སྐྱོས་མའི་ལུགས་ཀྱི་ཟང་ཟིང་གི་བདོག་པ་གྱ་ནོམ་པ་བསྟར། དེ་བཞིན་དུ་བླ་མ། དཔོན་རིགས། ཆོས་སྡེ་ཁག །དྲུང་འཁོར་སོགས་མཆོག་དམན་དང་བསྟུན་པར་འབུལ་སྟེར་གང་ལ་གང་འཚམ་འཚེམས་མེད་སོང་ཕྱི་དྲོ་རྐྱང་ཐང་སྒང་དུ་བྲོ་གཞས་ཀྱི་རྩེད་སྣ་མང་ཞིང་རིན་ཆེན་སྒང་དུ་ཆོས་སྐྱོང་ཆེན་པོ་ཁོག་ཞུགས་ཀྱིས་ཕེབས། དན་འབག་སྤྱང་ཀི་ཆུ་ཁ་ནས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་དགེ་འདུན་ཉིས་སྟོང་བདུན་བརྒྱ་ཙམ་གྱིས་སེར་སྦྲེང་རྒྱས་པས་བསུས་ཏེ་དགའ་ལྡན་ཕོ་བྲང་དུ་འབྱོར། ཉི་མ་གསུམ་གྱི་བར་རིམ་བཞིན་སྤྱི་སོས་འདུ་ཁང་ཕན་བདེ་ལེགས་བཤད་གླིང་པ་དང་ལེགས་བཤད་ཆོས་འཁོར་གླིང་པ་སོ་སོའི་གྲ་ཁང་དུ་གཞིས་ལེན་བཟབས། དྭགས་ལ་སྒམ་པོའི་སྤྲུལ་སྐུ་ཕེབས། ལྷ་བྲག་གཏེར་བྱོན་ཐུགས་སྒྲུབ་དྲག་པོ་རྩལ་གྱི་དབང་ལུང་ཡོངས་རྫོགས་དགོས་ཚུལ་བྱུང་ཡང་སླེབས་འཕྲལ་དུ་སོང་བའི་མ་ཐུབ་པས་ཤོག་བུ་ཉི་ཤུ་རྩ་འདྲེན་གྱི་ལུང་དབུ་ཚུགས་ཙམ་ཕུལ། བྲག་དཀར་ལྷ་ཆུ་ནས་ཚེ་བདག་གི་ཆོས་སྐོར་ཞིག་བཏོན་རྒྱུའི་ཁུལ་མཛད་འདུག་ཀྱང་རྗེས་སུ་བྱས་


GLG005_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཞུ་ལ་རེའི་མགོ་སྐོར་གྱི་རྣམ་པ་ཡིན་སྣང་། ལྗང་དཔོན་པོས་དགའ་ལྡན་དངུལ་གདུང་རིན་པོ་ཆེ་དང་མགོན་ཁང་། མལ་གྲོ་གཟིམས་ཁང་ཤར་གྱི་ཕྱག་བཞི་པ། སྡེ་པ་བྱ་པས་ཡང་རྩེ་གཟའ་ཁང་དུ་སྙན་དར། འོ་རློན་པས་ཕྱག་དྲུག་པའི་ཕྱི་རྟེན་འབུལ་བ་དང་སྙན་དར་གྱི་ཞལ་ཡིག་དགོས་ཚུལ་བྱུང་བ་རྣམས་བྲིས། རབ་བྱུང་བསྙེན་རྫོགས་བརྒྱད་ཅུ་སྐོར་བསྒྲུབས། སྡེ་པ་བྱ་བ་འགྱུར་མེད་ཡབ་སྲས་བསྡེབས་མཚུངས་གློ་བུར་དུ་གྲོངས་པར་བརྟེན་སྡེ་པ་རྒྱལ་པོ་བཀྲ་ཤིས་སྲིད་འཛིན་དུ་འབྱོན་པའི་སྒོ་ཤར་ཏེ་ཁྱབ་འཇུག་གི་དབང་དགོས་གསུངས་པར་ལས་འབྲེལ་རྩལ་གྱི་གཏེར་མའི་དབང་རྒྱས་པ་དེ་ཕུལ། དབུས་གཙང་གི་དྲུང་འཁོར་རྒྱ་ནག་ཏུ་ཕྱིན་པ་ཕལ་ཆེར་འཁོར་ཞག་ཏུ་སོང་། རྒྱ་བོད་ཀྱི་ཆུ་བརྗེ་མཚམས་ལ་ལུས་ཀྱི་འཚོ་སྐྱོང་གལ་ཆེ་གཤིས་རེ་ཞིག་འགོལ་མཚམས་སུ་བསྡད། བཀྲ་ཤིས་ཆོས་སྡེ་ནས་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་ཕེབས་པར་ལམ་བསྡུས་སོགས་ཆག་མེད་རྣམས་གསོས་ཤིང་གཞན་ཡང་འདོད་ཆོས་ཅི་རིགས་ཞུས། ཕར་ཚེ་དཔག་མེད་ལྕགས་སྡོང་བརྒྱ་རྩ། རཏྣ་གླིང་པའི་ཀློང་གསལ་སྙིང་ཐིག་གི་ཚེ་དབང་། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་གཏེར་གསར་མཚོ་སྐྱེས་རྡོ་རྗེ་སྐུ་གསུམ་རིགས་འདུས་ཀྱི་དབང་རྣམས་ཕུལ། གཏེར་གསར་ཀྱི་ཚེ་དབང་སྐབས་མདའ་རྩེ་སོར་ཕྱེད་ཙམ་འཕེལ་འདུག་པ་སྐུ་ཚེའི་བར་ཆད་སེལ་བའི་རྟེན་འབྲེལ་དུ་མངོན། གོང་གིས་བསྟན་འཛིན་ཆོས་ཀྱི་རྒྱལ་པོར་ལུང་ལས་གནང་སྦྱིན་བཟང་པོ་སྩལ་བའི་ཐམ་ཕུད་ཇོ་བོ་ཤཱཀྱ་མུ་ནིར་ཕུལ་བའི་ཚིགས་བཅད་བརྩམས། གཟིམས་ཁང་གོང་སྤྲུལ་པའི་སྐུ་སྤོ་བོ་ཆུ་མདོ་ནས་ཕེབས་
པ་ཟླ་བ་བཅུ་གཉིས་པའི་ཚེས་གསུམ་ལ་ཕྲད་པར་བྱོན་ཏེ་ཇ་རྟ་ཁྲབ་ཀྱི་སྟེར་ཆ་མཛད། སྟག་ལུང་ཞབས་དྲུང་མ་ཆེན་ཁམས་རི་བོ་ཆེར་བཞུགས་པའི་དབུ་མ་ལོ་ཙཱ་བ་ཇ་འདྲེན་དུ་ཆེད་བསྟད་རྫོང་བདའ་གནང་། དེ་གའི་ལན་ཀྱང་སྙན་ངག་གི་ལམ་ནས་དྲངས་པ་ཞིབ་པར་གསོལ། ལོ་མཇུག་དུས་རིམ་གྱི་རྡོ་རྗེ་སློབ་དཔོན་ལ་ཕྱིན། འཇམ་དཔལ་དུས་དགྲའི་དབང་པོའི་ཟོར་ལས་རྒྱས་པར་བྱས་ཤིང་བཀྲ་རྟགས་ལེགས་པར་བྱུང་།

དགུང་ལོ་སོ་བརྒྱད་པར་ཟུར་ཆོས་དབྱིངས་རང་གྲོལ་གྱི་དྲུང་ནས་གསང་སྔགས་གསར་རྙིང་གི་ཟབ་ཆོས་གསན་པ་དང་།


GLG005_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་གཙང་ཕྱོགས་སུ་ཕེབས་པ་བཅས་ཀྱི་སྐོར།ཤིང་ཕོ་རྟ་ལོའི་གནམ་ལོ་གསར་ཚེས་ཀྱི་འདོད་ཁམས་དབང་ཕྱུག་མའི་མཆོད་གཏོར། རྟེན་འདོགས་གཟབ་རྒྱས་སུ་བསྟར་ཞིང་ཚིགས་བཅད་བཀོད་པའི་ལྷ་རྫས་ཕུལ། བཞུགས་གྲལ་གྱི་དུས་སྟོན་སྔར་འཁྱུད་ལྟར་བྱས། བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ལ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་རྩ་དང་གུར་མགོན་གྱི་རྗེས་གནང་ཕུལ། གནས་ཆུང་ཆོས་རྒྱལ་ཆེན་པོ་སྐུ་ཕེབས་ཞུས་ཏེ་དགའ་ལྡན་ཕོ་བྲང་དུ་གདན་དྲངས་གཏང་རག་གི་སྤྱན་གཟིགས་གྱ་ནོམ་པ་བསྟར་ཁྲབ་དེ་དམ་ཉམས་ཀྱི་ཡིན་ཞེས་བི་རིའི་ཡིན་པར་ངོས་བཟུང་། རྒྱལ་པོ་ལོ་ཤས་སྐུ་ཚེ་བརྟན་པར་ཨེ་ཡོང་གསོལ་བར་བདུན་ཅུ་དོན་གསུམ་ཐེ་ཚོམ་མེད་པའི་སྐག་ཅེས་ཞལ་གྱིས་མ་བཞེས། རྡོ་དགའ་ལྡན་རྣམ་རྒྱལ་གྱི་ཀླུ་འཛིན་པ་ལག་མངས་ཁོག་ཞུགས་ཀྱིས་བསྐུལ་བ་བཞིན་གསོལ་མཆོད་བརྩམས། ཚེས་བརྒྱད་ལ་མཆོད་དཔོན་པ་ཆུ་ཚན་ལ་འགྲོ་ཞོར་བསམ་ཡས་དང་ཐང་པོ་ཆེ་ཆོས་སྐྱོང་ལ་རྒྱ་ནག་ནས་གེགས་མེད་འཁོར་བའི་གཏང་རག་གི་ཞུ་འཕྲིན་ཚིགས་བཅད་སྤྱན་གཟིགས་དང་བཅས་པ་བསྐུར། བྱང་ཆུབ་ཆེན་པོར་འཕན་འབུལ་བའི་ཁ་བྱང་དགོས་ཚུལ་བྱུང་བའང་བྲིས། ཟླ་བ་དང་པོའི་ཚེས་ལྔ་ནས་གསུམ་པའི་


GLG005_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་སྨད་བར་ཕལ་ཆེར་ཕྱི་མཚམས་ངོས་ཟུར་ཐམས་ཅད་མཁྱེན་པ་ཕེབས་ཏེ་བླ་མ་དགོངས་འདུས་ཀྱི་ལུང་དང་རྭ་པོད་སོགས་གསང་སྔགས་གསར་རྙིང་གི་དབང་ལུང་ཁྲིད་མང་དུ་ཞུས། བར་འཚམས་ཚོར་ཉི་མ་གཉིས་གསུམ་ཙམ་མཚམས་ཀྱི་བར་གསེངས་ཏེ། གོང་ནས་སྒར་ཆེན་བོད་དུ་སྐྱེལ་བ་དང་བསྟན་འཛིན་ཆོས་ཀྱི་རྒྱལ་པོར་ལུང་ལས་གནང་བར་ཁི་ཡ་བླ་མ། དར་ཁན་ཆོས་རྗེ། གཙང་པ་དཀའ་བཅུ། ནང་ནུག་དོག་གེ་ཨམ་པ། ཤུ་ཤི་ཐར་དོར་གེ་ཨམ་པ་མང་ཁས་རྗར་གོ་ཆི། ནོ་རས་རྗར་གོ་ཆི། རྦི་ཆི་ཡ་ཆི། རྗེ་རེད་ཅན་མི་སྣ་རྣམས་རྫོང་བདའི་སྟ་གོན་གྱི་རྗེས་གནང་གི་རིགས་དང་ལུང་བཀླགས། རབ་བྱུང་བསྙེན་རྫོགས་འདོད་སྦྱར་བསྒྲུབས། གོང་དུ་ཞུ་ཡིག་རྟེན་སྦྲགས་འབུལ་བར་ལྕང་ལོ་ཅན་དཀའ་བཅུ་བ་ངག་དབང་ནོར་བཟང་དང་རྟ་འབུལ་དབོན་ཆུང་གཉིས་རྫོང་བདའ་བྱས། ཁེ་ཤིང་གེ་ཆིན་དབང་ལ་སྨོན་ལམ་ཆེན་མོར་འགྲེམ་རྒྱུའི་ཇོ་བོ་ཤཱཀྱ་མུ་ནིར་སྣམ་སྦྱར་མངགས་བཏགས་ཤིག་ཕུལ་ན་ལེགས་མོལ་བ་ཐུགས་ལ་བབས་འདུག་པ་བཞིན་ཁ་བྱང་ཐགས་སུ་བསྐྲུན་རྒྱུའི་ཚིགས་བཅད་མི་སྣ་གཉིས་ལ་བསྐུར་ཁྱད་ཀྱིས་བྲིས། དེས་མཚོན་ཕྱོགས་འདུས་ནས་བྱོན་པ་རྣམས་དང་ཕྲད་ལེན་གྱི་བྲེལ་བ་བཅད། ཟླ་བ་གཉིས་པའི་ཟླ་སྟོད་དུ་སྒམ་སྨྱོན་སྤྲུལ་སྐུ་ཕྱག་རྡོར་ནོར་བུར་ཚེ་དབང་གྲུབ་རྒྱལ་མ། ཕན་བདེ་སྐུ་སྐྱེ་དང་འབྲུ་ལ་བླ་མ་བྱེད་མི་ཚོགས་ཆེན་དབུ་མཛད་ཟུར་པ་གཉིས་ལ་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ། ཨོ་རོང་། སྒ་ཆག །བཅོས་མི་སོགས་ཀོང་པོ་སྐྱ་སེར། རྟ་ནག་ཆོས་རྗེ་སྒྲོལ་མ་བ། མདོང་མཁར་ལྕམ་རྣམས་དང་ཕྲད། དེ་སྐབས་འཚུབ་ཀྱི་རྣམ་པ་ཆེ་བའི་


GLG005_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་བྱུང་བས་གྲ་ཚང་དུ་གཤིན་རྗེའི་སྒྲུབ་པ་དང་ཨྱཻ་རིང་བྱེ་བ། རྒྱལ་ལྷུན་གྲུབ་དགའ་ཚལ་དུ་དམག་ཟོར་མའི་བསྐང་བ་ཁྲི། འབྲས་སྤུངས་སྔགས་ཁང་དུ་རྒྱུད་སྟོད་པས་ཡ་མ་རཱ་ཙ་འབུམ་ཚོ་བཅུ་དང་ཆོས་སྐྱོང་གི་བཀང་བ་སྟོང་རྩ། གནས་ཆུང་ལྕོོག་ཏུ་བཀང་བཤགས་ཁྲི་ཚར། གོང་དཀར་རྫོང་དུ་ཆོས་སྡེ་བ་གྲངས་བཅད་ཀྱིས་གུར་མགོན་དང་དཀོན་གཉེར་ནང་མ་རྣམས་ཀྱིས་ཞལ་གྱི་བསྐང་བཤགས་སྟོང་རྩ་བཏང་བའི་གོང་གསལ་མགོན་ཁང་སོ་སོར་འཕྲིན་བཅོལ་གྱི་ཚིགས་བཅད་བཀོད་པའི་སྙན་དར་ཕུལ། ཡེར་པར་སཱ་ཙྪ་འབུམ་ཐེར། སེར་འབྲས་གཉིས་སུ་སྒྲོལ་མ་ཤེར་སྙིང་གདུགས་དཀར་སོ་སོར་འབུམ་ཐེར། དབུས་གཙང་གི་ཆོས་སྡེ་ཁག་རགས་རིམ་ལ་མང་འགྱེད་བསྒྲུབས། འཇམ་དཔལ་མེའི་སྤུ་གྲིའི་སྲུང་བཟློག་གི་སྒྲུབ་པ་བཙུགས། རྒྱ་གར་ཝ་ར་ཎཱ་སིའི་བྲམ་ཟེའི་པཎྜི་ཏ་གོ་ཀཱུ་ལ་མི་ཤྲའི་དྲུང་དུ་སྡེ་པ་འདར་པ་ངག་དབང་ཕུན་ཚོགས་ལྷུན་གྲུབ་སྒྲ་བསླབ་ཏུ་བཅུག་པ་ངག་རིག་པ་རིམ་བྱོན་གྱི་བརྒྱུད་དང་བརྩོན་དཔྱོད་ཟུང་དུ་འཇུག་པས་ཟླ་བ་བཅུའི་བར་ལ་མཁས་པར་ཤེས་ཤིང་ཞར་ལ་རྒྱ་གར་ཕལ་སྐད་ཀྱང་ཤིན་ཏུ་བྱང་བ་བྱུང་འདུག །ཟླ་བ་གསུམ་པའི་འགོར། ལྷ་སར་རྟེན་རྣམས་ལ་གསེར་ཆབ་དང་མཆོད་པ་བརྒྱ་རྩ་སྙན་དར་ཞལ་ཡིག་དང་བཅས་བསྟར། མཆོད་དཔོན་བློ་བཟང་མཐུ་སྟོབས་དང་དབུ་མཛད་བློ་བཟང་ཡོན་ཏན་གཉིས་ཀྱིས་ཕན་བདེ་ལེགས་བཤད་གླིང་པའི་འདུ་ཁང་དུ་གོས་ཆེན་གྱི་གནམ་རྒྱན་ཡོངས་རྫོགས་ཕུལ་བའི་ཁ་བྱང་དགོས་ཚུལ་བཞིན་བྲིས། འབྲས་སྤུངས་འདུ་ཁང་གསར་བསྐྱེད་ཀྱི་ཞིག་གསོས་མཛད་པའི་སྟེང་ཤོད་རྣམས་ཀྱི་ཤིང་རྩི་བཟབས་རྒྱས། འདུ་ཁང་ཀ་བ་བརྒྱ་


GLG005_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྒྱད་ཀྱི་ལྡེབས་བྲིས་ལ་རྟེན་གཙོ་ཐུབ་དབང་ཉན་ཐོས་གཉིས། སྦྱིན་བདག །ཆོས་སྐྱོང་གི་སྐུ་དང་གཙོ་བོར་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་། གནམ་ཡངས་ལ་ལམ་རིམ་བླ་བརྒྱུད། སྒོ་ཁང་ལྷོ་ལ་རྒྱལ་ཆེ་བཞི། ཤར་ལ་སྲིད་པ་འཁོར་ལོ། དངུལ་གདུང་ཁང་གི་ལྡེབས་བྲིས་རྙིང་པའི་འཕྲོ་འཐུད་ལ་སངས་རྒྱས་སུམ་རྩ་ལྔ། ཕྱག་འཚལ་ཉེར་གཅིག །དེའི་སྟེང་རབ་གསལ་ལ་སྣར་ཐང་བརྒྱ་རྩ་དང་འཇམ་དབྱངས་ཆོས་སྐོར། མཆོད་ཁང་གསར་པའི་ཞལ་རས་ལྷ་ཁང་ལ་གནས་བཅུ། གསང་བདེ་འཇིགས་གསུམ། གཟིམས་ཆུང་ཧོར་ཕིབས་ལ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་ཞིང་བཀོད། རྡོ་གཅལ་གྱི་ཁྲི་རྒྱབ་ལ་རྒྱལ་བ་ཙོང་ཁ་པ་ཡབ་སྲས། བདེ་ཡངས་གྲ་ཁང་ལོ་སྔ་མ་ནས་གསར་དུ་བསྒྲུབས་པའི་སྟེང་ཤོད་ཀྱི་ཤིང་རྩི། ལྡེབས་བྲིས་ལ་རྒྱལ་བ་ཙོང་ཁ་པ། སངས་རྒྱས་སུམ་ཅུ་སོ་ལྔ། གནས་བརྟན་བཅུ་དྲུག །རྗེ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས། དམག་ཟོར་མ། དྲག་མོ་རྒྱལ། གནས་ཆུང་ཆོས་རྒྱལ་རྣམས་དང་སྟག་རུ་བའི་འཆར་སྟོན་བཞིན་དགའ་ལྡན་ཕོ་བྲང་གི་རབ་གསལ་རྙིང་པར་ཤིང་རྩི། ཇོ་བོའི་ལམ་ཡིག་བཀོད་པའི་གོང་གསལ་ལ་སྨན་ཐང་པའི་དབུ་ཆེན་སྟག་ལུང་དཔལ་མགོན། ལྷ་ས་སྐལ་ལྡན། འབྲོང་རྩེ་བློ་བཟང་། མཁྱེན་བརྩེ་བའི་དབུ་མཛད་གོང་དཀར་གསང་སྔགས་མཁར་བ། ཞོ་ར་དགོས་དགོས་ཀྱིས་གཙོས་སྨན་མཁྱེན་བསྡོམས་པ་དྲུག་ཅུ་རེ་བརྒྱད་ཀྱིས་ཟླ་བ་དྲུག་ལ་གྲུབ་པའི་དོ་དམ་སྟག་རུ་བ་ནོར་བུ་དང་རོང་དཔལ་གླིང་པས་བྱས། རྭ་སྒྲེང་དུ་སྤྲུལ་སྐུ་ཧོར་དར་ཅན་མི་གྲངས་


GLG005_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་གིས་མི་གཡོ་བ། མགོན་པོ་དམར་ནག་སོགས་འབུར་སྐུ་ཁ་ཡར་བཞེངས། སྣེའུ་སྡོང་རྩེ་ནས་ཞབས་དྲུང་རིན་པོ་ཆེ་ཡབ་སྲས་ཕེབས། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་ཕུལ། ཕྱག་ཕྱིར་རིན་པོ་ཆེ་སྨན་ལུང་པ་བྱོན་སྣང་བ་སྒྲོལ་དཀར་ལ་བཀའ་བབས་ཀྱི་བརྒྱུད་ལུགས་མང་པོ་ཡོད་ཚུལ་དང་ད་ལམ་གྱི་འདི་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཕྱག་ལེན་ཡིན་འདུག་པ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་བོ་དོང་ཕྱོགས་ལས་རྣམ་རྒྱལ་ལ་གསན་པའི་ཚེ་རིལ་ཚེ་ཆང་གནང་རྒྱུན་ཡོད་པ་ཞིག་མཐོང་བ་དེང་སང་རྒྱུན་ཡོད་མེད་ཀྱི་དྲི་མལ་ཞིབ་ཏུ་མཛད། ཟང་ཟིང་གི་དངོས་པོ་ཚུར་གནང་ཕར་འབུལ་གྲུབ་ནས་ཕོ་བྲང་ཆེན་པོར་ཕྱིར་ཕེབས། སྔ་ཐོག་གུ་གེ་ཆོས་རྗེ་སྙིང་སྟོབས་རྒྱ་མཚོས་ས་བོན་རྒྱས་པ་བྲིས་ཏེ་བསྐུལ་ཡང་བྲེལ་བ་གཞན་གྱིས་འགྱངས་པ་ཉེ་ལམ་གསར་བསྐུལ་བ་མེད་རུང་དཔོན་སློབ་པཎ་ཆེན་རིན་པོ་ཆེའི་གསང་བའི་རྣམ་ཐར་བྲིས། ཚངས་པ་དུང་ཐོད་ཅན་གྱིས་རིམ་གྲོའི་བསྐུལ་མའི་ལུང་བསྟན་བྱུང་བའི་འཕྲིན་ལན་གྱི་ཚིགས་བཅད་སྙན་ཤལ་དང་སྦྲགས་པ་ཕུལ་བླ་མ་བཙན་པོའི་དགོན་པ་དགའ་ལྡན་དམ་ཆོས་གླིང་དཔལ་ལྡན་དམག་ཟོར་མར་གཉེར་གཏད་ཀྱི་ཚིགས་བཅད། རྒྱལ་གཉེར་པ་རྙིང་པ་སྒེར་ལོགས་དབོན་དར་གྱིས་བསྐུལ་བའི་རྟ་རྒོད་ཤེལ་ལྕགས་ཀྱི་གསོལ་མཆོད་བྲིས། ཟླ་མཇུག་ཏུ་རྗེ་བླ་མ་ཟུར་ཆེན་གུང་ཐང་དུ་ཕེབས། དེ་སྐབས་སྲུང་མའི་འཚུབ་ཀྱི་རྣམ་པས་ཞབས་ལ་སྐྲངས་འབུར་ཅུང་ཟད་བྱུང་བའི་རྐྱེན་གྱིས་ཟླ་ལྷག་ཙམ་བསྙུན་ཚུལ་བསྟན་པའི་ཚེ་བརྟན་བཞུགས་དང་བཅས་བར་གཅོད་ཀྱི་གཡུལ་ལས་རྒྱལ་བའི་སྨོན་ལམ་ཚིགས་བཅད་འབུལ་བར་བཏང་། ཇའི་སང་


GLG005_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་པས་བསྐུལ་ནས་སཱཙྪ་འདེབས་པའི་ཡི་གེ་དང་དོན་གཉེར་ཅན་དུ་མའི་ངོར་ཀླུ་གཏོར་བྲིས་ཤིང་ལྗང་རམས་པ་ངག་དབང་དོན་གྲུབ་སོགས་ཆོས་འཁོར་གླིང་པའི་གྲ་པ་ཁ་ཤས་ཀྱིས་ཉིན་གྲངས་མང་བར་བཏང་ཆར་ཡང་ལེགས་པོ་བབས་པ་དེའི་ཕན་ཡོན་ཡིན་ནམ་ཟེར། ངེད་ཀྱིས་ཟླ་བ་བཞི་པ་ནས་ལྔ་པའི་ཟླ་སྟོད་བར་ལྷ་བྲག་གཏེར་བྱོན་ལས་ཁྱུང་གི་བསྙེན་མཚམས་མཚན་ཉིད་དང་ལྡན་པ་བྱས། རྒྱ་ནག་གི་ས་ཆུ་མ་འཕྲོད་པས་གསངས་པ་མ་གཏོགས་མེད་འདུག་ཅེས་ཕྱོགས་མཐའ་མང་པོར་གྲགས་པས་དགའ་སྡུག་གི་རྣམ་འགྱུར་སྣ་ཚོགས་བསྟན་ཚོད་དུ་སྣང་། མཚམས་སྔ་མའི་མུ་འཐུད་ནས་གནམ་ལྕགས་དྲག་པོ་རྫས་རྒོད་ཀྱི་སྒྲུབ་པ་བདུན་གཅིག་མུན་མཚམས་ཤིན་ཏུ་དམ་པའི་སྐབས་གཞུང་ནས་བཤད་པའི་རྟགས་མཚན་ཀྱང་ལེགས་པ་བྱུང་། ཉེར་གཉིས་ལ་ནང་མཚམས་གྲོལ་བའི་སྲིད་གསུམ་བདག་མོ་མཆོད་པའི་མདོས་བསྐང་གི་རྡོ་རྗེ་སློབ་དཔོན་དུ་ཕྱིན་རུང་ཉེར་གཅིག་གི་ནུབ་མོ་གློ་བུར་དུ་རྐང་པ་གཡས་པའི་མགོ་ན་བའི་ཞོགས་པའི་ཚོགས་ལ་ཕྱིན་པས་ཀྱང་འཁྲུགས་ཉམས་ཀྱིས་ཚ་རྟིང་ཁ་ནས་འགྲོ་མ་ཐུབ་པར་ཟུར་འཕྱོང་དུ་བསྡད་པའི་ནད་གཡོག་ཇའི་སང་སྡེ་པ་དང་མཆོད་དཔོན་གཉིས་ཀྱིས་བྱས། དཔོན་ཚང་བྱང་ངོས་པ་གདན་དྲངས་པའི་འཕྲོད་བསྟེན་གྱིས་ཞག་བཅུ་སྐོར་ནས་རིམ་བདེར་སོང་རུང་སྡེ་པ་གཙང་ལ་ཐེགས་པའི་རིང་ཁྱད་ཀྱིས་བསྐུལ་མ་ཚ་དྲག་པས་བྱང་ངོས་ནས་ཀྱི་ཐུགས་དང་མཐུན་པའི་འཇམ་སྲོངས་ཀྱི་བཅོས་ཀ་བྱེད་ལོང་མ་བྱུང་ཞིང་གཏར་ཁ་བྱས་ན་ནད་གསར་པར་སོང་བས་རྗེས་སུ་འཁྲུན་ཆོད་པ་ཡོད་འདུག་རུང་ཐུགས་གཟོ་དྲགས་པས་


GLG005_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ངོ་ཆེའང་གནངས་ཆེ་སར་དེ་འདྲ་མི་འགབ་གསུང་མཛད་མ་ཉན། རྒྱུན་དུ་ནད་འདི་ལ་བཅོས་ཀ་འདི་ཟེར་བ་ལས་མི་དྲག་ཞན་གྱི་དབྱེ་བ་ནི་མི་འདུག་རྐང་པ་གཡས་པའི་མགོའི་དྲག་འདི་ཡང་ཡང་འཕར་བ་ནད་དྲག་ལོང་མ་བྱུང་བར་འགྲུལ་བརྒྱབ་པའི་རོ་ལུས་པར་མངོན། འོན་ཀྱང་སྡེ་པ་ཐུགས་ངང་ཐུང་བའི་ཚད་པ་ཁ་སེལ་དུ་རྭ་བརྒྱབ་པས་འགྲོ་བར་མི་གནོད་ཙམ་བྱུང་། མཆོད་དཔོན་པ་གནས་ཆུང་ལྕོག་ཏུ་རྟེན་མདོས་གཉིས་འཛུགས་པར་བཏང་། ཤངས་བཀྲ་ཤིས་རྩེ་བ་མངའ་རིས་སུ་འགྲོ་གདོང་ཚེ་དབང་གྲུབ་རྒྱལ་མ། ཕྱག་དྲུག་པ་དང་ལས་གཤིན་གྱི་རྗེས་གནང་བྱས། ཞབས་དྲུང་ཡིད་བཞིན་ལའང་ཚེ་དབང་ཕུལ། རབ་བྱུང་བསྙེན་རྫོགས་ཁ་ཤས་བསྒྲུབས། ཆོས་རྗེ་བཅོ་བརྒྱད་པ་དང་ངོར་པ་ཤར་པ་གཉིས་ཕྲད་པར་བྱོན། ཕྱོགས་ཀྱི་དྲུང་འཁོར་རྣམས་ཀྱང་བསྡུས་ཤིང་གོང་གིས་གནང་བའི་གདུགས། རྒྱལ་མཚན། བ་དན། དར་ཆ་སོགས་སྐྱ་རགས་ཀྱི་སྔོན་དུ་འགྲོ་དགོས་རྣམས་བཟབས་གཤོམས་སུ་བསྟར་བའི་ཟླ་བ་དྲུག་པའི་ཚེས་བཅུ་གསུམ་ལ་འབྲས་སྤུངས་ནས་བཏེག་མར་ལམ་གནས་ཆུང་ལྕོག་ཏུ་ཕྱིན། དེ་སྐབས་དཔོན་སློབ་པཎ་ཆེན་རིན་པོ་ཆེ་རིན་སྤུངས་སུ་ཕེབས་པའི་ས་བཅད་ཡོད་པ་ལྟར་ཆོས་སྐྱོང་ཆེན་པོར་གེགས་ཡོད་མེད་དྲི་བ་ཞུས་པར་རིན་ཆེན་སྤུངས་པ་མ་བསྒྲལ་ན་བར་ཆད་མི་ཡོང་བ་སྡུག་འདྲེས་ཁག་ཐེག་བྱེད་ཅེས་ཞལ་གྱིས་བཞེས། སྒང་དུ་ཤུན་པའི་དྲུང་འཁོར་རྣམས་ཀྱིས་བསྙེན་བཀུར། དེ་ནུབ་སྙེ་ཐང་འོར་དུ་བསྡད་ནས་མཉམ་མེད་ཇོ་བོ་ཆེན་པོའི་མཆོད་སྡོང་སོགས་མཇལ་ཞིང་སྨོན་ལམ་བཏབ། དགོན་ཁག་ཚོས་སེར་སྦྲེང་ཡང་བསྒྲིགས་འདུག །སང་ལྗང་དུ་གུང་གི་དྲོ་འདེབས་སར་འབྲུག་པ་སྤྲུལ་སྐུ་


GLG005_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡོངས་འཛིན་སྤྲུལ་སྐུ་གཉིས་བྱོན་པ་དང་མཇལ། བཅོ་ལྔའི་ཉིན་དགོན་པའི་མདར་དགའ་ལྡན་གསང་སྔགས་གླིང་པ་རྣམས་ཀྱིས་འཆམ་རྒྱས་པར་བྱས། ཆུ་ཤུར་དུ་བཅག་མལ་ཐོག་ཐར་པ་གླིང་པས་བཙོས་པའི་སྐྱ་སེར་ལ་སྔགས་རིམ་ཆེན་མོའི་དབུ་ནས་ཆོས་ཐུན་གཅིག་དགོས་ཚུལ་བྱུང་བ་བྱས། ཆོས་འཁོར་ཡང་རྩེར་བཅག་མལ་བསྡད་པའི་ཚོགས་སུ་རིང་འཚོའི་རྟེན་འབྱུང་དང་ཕར་ཕྱིན་གསར་རྩོམ་གྱི་འགོ་ནས་ཆོས་ཐུན་གཅིག་གི་ལུང་འདོད་པ་དང་སྦྱར། དེ་ཉིན་ཕྱི་དྲོ་རབ་གསལ་དུ་བསྡད་སྐབས་ཆུ་བོ་རིའི་ཐང་དུ་འཇའ་ཚོན་སྣ་ལྔ་གུར་ཕུབ་པ་འདྲ་བ་ཞིག་འདུག་པ་མཆོད་དཔོན་པ་འཁྲིས་ན་ཡོད་པར་བསྟན་པས་དེ་ལ་སྒྲོ་བཏགས་ཞལ་གཟིགས་ཀྱི་གྲགས་པ་བྱུང་བ་ལ་འཇའི་ཞལ་ནི་གཟིགས་ངེས་རང་ཡིན། ཉང་ཟབ་ཀྱི་གྲུ་བཏོན་ཟླའུ་ལ་བརྒྱུད་དཔལ་དེ་བས་གུང་གི་དྲོ་དྲངས་ཏེ་ལུང་བཟང་དུ་བསྡད། དེར་སྣ་དཀར་རྩེ་ཞབས་དྲུང་སྐུ་མཆེད་དང་ཨྱོན་མཚོ་མོའི་སྤྲུལ་སྐུ་བདེ་ཆེན་འཕྲིན་ལས་མཚོ་མོ་རྣམས་བྱོན། རྩེ་ནས་གཞིས་ལེན་དང་རྙེད་པ་རྒྱས་པར་མཛད། ཞབས་དྲུང་མ་ཆེན་དེ་ཆོས་ཕྱོགས་ཀྱི་མཁྱེན་པ་རྒྱས་དྲགས་པས་ཁོང་མཆོད་ཡོན་གོ་ལྡོག་པ་ཞིག་སྣང་། རྩྭ་ཐང་རྒྱ་ཐང་དུ་ཉ་ཤུལ་ཐབས་མཁས་ཀྱིས་སྒར་སྟོན་རྒྱས་པར་བཏང་། ཧོར་གྱི་སྡེ་དམངས་ལ་སྤྱན་རས་གཟིགས་གཙོ་འཁོར་གསུམ་པའི་རྗེས་གནང་བྱས། ཉེར་གཉིས་ལ་རྒྱ་ཆུ་ཚན་ཁར་སླེབས། འདི་ཕན་རྐང་པར་ན་ཚ་ཆེར་མེད་པ་ལ་སྐྲངས་པོ་མ་ཞི་བའི་བོད་ལྷམ་ཐར་གྱིན་མེད་ཀྱང་བཅག་མལ་བྱས་ཏེ་ཆུ་ཚན་བརྒྱབ་པས་གཞི་མེད་དུ་བདེ་བའི་ཉེར་བཞི་ལ་དགའ་ལྡན་བྱམས་པ་གླིང་དུ་འབྱོར། ཚོགས་པས་ཡུན་


GLG005_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

འཚོའི་སྨོན་ལམ་བཏབ་ཅིང་ལམ་རིམ་ཆུང་བ་ནས་ཆོས་ཐུན་གཅིག་བཤད། ཉེར་དྲུག་ལ་རིན་ཆེན་སྤུངས་པའི་རྫོང་དུ་དྲུང་འཁོར་རྣམས་ཀྱིས་རྟ་བསུ། ཆོས་ལུང་ཚོགས་པ་དང་སྐྱེད་ཚལ་བ་སོགས་ཆོས་སྡེ་ཁག་གི་སེར་སྦྲེང་གི་མདུན་བསུས་ཏེ་འབྱོར། སྐྱ་སེར་གྱི་ཕྲད་མི་ཤིན་ཏུ་མང་བ་བྱུང་། གཤིན་རྗེའི་མཆོད་རྟེན་བཅས་ཆོག་དང་འཆི་བདག་ཞལ་དབྱེ་ཟུར་པ་ཞིག་འདུག་པ་མཆོད་དཔོན་པ་དང་སྔགས་བན་ངག་དབང་འཕྲིན་ལས་གཉིས་ལྟར་བཏང་བ་སྔར་རིན་སྤུངས་པ་དང་འབྲི་གུང་པ་ཟློས་པའི་དུས་ཀྱི་འཁོར་ལིང་ལས་ཕྱི་སྐོར་རོང་ཕྱོགས་སུ་སྔགས་འཆང་ཚད་ལྡན་མེད་པའི་ཉམས་ཀྱིས་འབྱིན་འཇུག་གང་ཡང་མ་བྱས་སྣང་། སྐྱེད་ཚལ་བ་རྣམས་ཀྱིས་ཆོས་འབྲེལ་དགོས་ཚུལ་བླ་མ་མ་ཎི་བ་བརྒྱུད་ཟེར་བར་ཚར་གསུམ་ཁུག་པའི་བྱིན་རླབས་ཤིག་བྱེད་རྩིས་ཡིན་རུང་སྡེ་པས་མགྲོན་གཉེར་ལ་སྒྱུར་སྦྱང་གནང་བས་སྒོ་འགགས། དེའི་གྲགས་པས་ཆོས་འབྲེལ་ཉན་འདོད་ཡོད་པ་མང་པོ་ཞིག་གིས་འཐེན་སྐད། དཔོན་སློབ་པཎ་ཆེན་རིན་པོ་ཆེ་ཚུར་ཆིབས་ཁ་བསྒྱུར་བའི་མཆོད་ཡོན་རྣམས་རིན་སྤུངས་བསྒྲལ་ནས་འབྱོན་མི་དགོས་པའི་ས་བཅད་ལྟར་བཀྲ་ཤིས་ལྷུན་པོ་བླ་བྲང་གི་སྐུ་ཆས་ཀྱང་ཕྱིར་བསྐྱེད་པའི་ཕེབས་མ་རག་ཡིན་འདུག་རུང་ཆར་ཞོད་ཆེ་ཞིང་གཙང་ཆུ་རྒྱས་པའི་གཞུང་ཀོ་ལ་སྐུ་ཉེན་དང་པཎ་ཆེན་རིན་པོ་ཆེ་སྐུ་ན་ཧ་ཅང་ཕེབས་ཆེས་པས་སྡེ་པ་ཐུགས་འགྱུར་བས་མཆོད་ཡོན་རྣམས་ཡར་ཕེབས་པར་ཐག་བཅད་པའི་ཞུ་ཡིག་སྐྱེལ་བར་ཨ་དྲུང་རྟ་ཞོན་ཞིག་འཕྲལ་དུ་གནང་སོང་། ཟླ་བ་བདུན་པའི་ཚེས་གསུམ་ལ་རིན་སྤུངས་ནས་བཏེག །ལྷན་དུ་འབྱོར། པ་སྣམ་བརྒྱུད་ཚེས་དྲུག་གི་ཉིན་བཀྲ་ཤིས་ལྷུན་པོ་ཚོགས་ཆེན་དགོན་ལག་


GLG005_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་སེར་སྦྲེང་། ཞ་ལུ་བའི་མཆོད་གར། སྤྱི་བླ་བྲང་དང་གཞིས་རྩེ་ཁུལ་དྲུང་འཁོར་གྱི་རྟ་བསུ། སྐྱེ་བོའི་ཁྲོམ་གྲངས་མེད་པའི་མདུན་བཏར་ཏེ་ཆོས་གྲ་ཆེན་པོ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་པོར་འབྱོར། དེ་ནུབ་བླ་བྲང་རྒྱལ་མཚན་མཐོན་པོའི་ཚོམས་ཆེན་དུ་དཀར་སྤྲོའི་ཐོག་པཎ་ཆེན་ཆོས་ཀྱི་རྒྱལ་པོ་དང་མཇལ་ཏེ་བཀའ་མཆིད་ཞིབ་རྒྱས་སུ་སྩལ། སྤྱི་བླ་བྲང་སོ་སོས་གཞིས་ལེན་དང་སྟེར་སྦྱིན་ཉིན་གཉིས་སུ་རྒྱས་པར་བཤམས། པཎ་ཆེན་རིན་པོ་ཆེའི་བཀའ་ཕེབས་དང་བསྟུན་ཚོགས་ཆེན་ལ་ལམ་རིམ་ཆེན་མོའི་ཆོས་ཐུན་གཅིག་དང་གླེགས་བམ་ཕ་ཆོས་ནས་ཆོས་ཐུན་གཉིས་ལ་ཞིབ་བཤད་ཕུལ། བྱམས་ཆེན་གྱིས་གཙོས་མཆོད་ཁང་གསར་རྙིང་རྣམ་གྲངས་མང་བ་འདུག་པ་རྣམས་ཞིབ་པར་མཇལ། ཚེས་བཅུ་གཅིག་ལ་གཞིས་ཀ་རྩེར་ཕྱིན། བཅུ་གསུམ་ལ་དཔོན་སློབ་པཎ་ཆེན་རིན་པོ་ཆེ་ཕེབས་པའི་ཉེར་དགུའི་བར་སྟན་ཆགས། གནངས་ཆགས་ཀྱིས་མཇལ་ཞིང་ཚེ་དབང་འཇམ་ལུགས་ལྷ་ལྔ་མ་བརྒྱ་རྩ་ཞུས། བླ་མ་ཡི་དམ་ཆོས་སྐྱོང་མཐའ་དག་ཚང་བའི་དབེན་ས་སྙན་བརྒྱུད་དུ་གྲགས་པ་གནང་ཞིང་བརྗེད་ཐོ་བཏབ། རྒོད་ཚང་རི་ཁྲོད་པ་སོགས་ཕྱོགས་འདུས་བརྒྱ་སྐོར་ལ་སྙིང་པོ་དོན་གསུམ། དབུ་མའི་ལྟ་འཁྲིད །བླ་མའི་རྣལ་འབྱོར། གཏོར་མ་བརྒྱ་རྩ། བློ་སྦྱོང་དོན་བདུན་མ་རྣམས་ཀྱི་བཀླགས་ལུང་། ཤངས་དགའ་ལྡན་ཆོས་འཁོར་བར་འཇུག་པ་དང་བསྟོད་པ་བརྟན་བཞུགས་ཐོར་བུའི་ལུང་། རྟག་བརྟན་ཚོགས་པར་བྱང་ཆུབ་ལམ་གྱི་རིམ་པ་ནས་ཆོས་ཐུན་གཅིག་ལ་ཞིབ་བཤད། ལྷ་རིན་པོ་ཆེ་དང་རྟ་ནག་མཁན་པོར་ཚེ་རྟ་ཟུང་


GLG005_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཕུལ་གངས་ཅན་མཁན་པོ་གནས་རྙིང་ཞབས་དྲུང་སྐུ་འབྲིང་གིས་གཙོས་གཞིས་རྩེ། ཤངས། འུ་ཡུག །པ་སྣམ་སོགས་ཀྱི་ལྷ་སྡེ་མི་སྡེ་ཚོས་ཟང་ཟིང་གི་བདོག་པ་དང་བཅས་ཕྲད་མི་ཉིན་སྟར་ཟིང་ལོང་ངེ་བས་གཡེངས། རྒོད་ཚང་རི་ཁྲོད་པ་རྣམས་ཀྱིས་བསྐུལ་བའི་དཔོན་སློབ་པཎ་ཆེན་རིན་པོ་ཆེའི་གསོལ་འདེབས། གྲ་ལྡུམ་པོ་བ་དང་དཀའ་ཆེན་དགེ་འདུན་ཚུལ་ཁྲིམས། སྐུ་འབུམ་སྔགས་གྲ་སློབ་དཔོན་བསོད་ནམས་རིན་ཆེན་གསུམ་གྱི་ངོར་བདག་བསྟོད། དགེ་སློང་གྲགས་རྒྱན་གྱིས་བསྐུལ་ཏེ་སྙིང་པོ་དོན་གསུམ་གྱི་དམིགས་འཁྲིད་ཚིགས་བཅད་མ། རྒྱུ་མཚན་ཤེས་ཏེ་བུ་སྟོན་ཐམས་ཅད་མཁྱེན་པར་དད་པས་ཀུན་ནས་བླངས་ཏེ་བསྟོད་པ་རྣམས་བྲིས། ལྕང་ར་བ་མགོན་པོ་ཚེ་བརྟན་གྱིས་སྙན་ངག་གི་ཡི་གེ་བྱུང་བ་དེ་ལན་ཀྱང་བསྐུར། སྔོན་གྱི་བླ་མ་མང་པོའི་རྣམ་ཐར་བཞིན་གནས་གང་བཟང་མཇལ་མོས་ཡུལ་གྱི་བླ་མར་ཆོས་ཞུ་ཞིང་སྣོད་ལྡན་ལ་ཕར་སྟོན་པའི་རང་དབང་ནི་གཅིག་ཏུ་ཆེན་པོའི་སྟོང་འུར་གྱི་སྒྲོབ་འདི་དང་གཉིས་སུ་གང་ཡང་བྱེད་མི་བདེ་བའི་ལས་ཀྱིས་གཞན་དབང་དུ་གྱུར་པས་བྲེལ་བ་ཆེར་མ་བྱུང་གཤིས་མི་དམངས་འདི་ཚེ་དབང་ལ་དགའ་བ་ནས་སྤྱི་དབང་ཞིག་བྱས་ན་ཡོད་འདྲ་ཞེས་སྡེ་པར་ཞུས་པས་དེ་རྩིས་ཀྱི་སྡེ་པ་ནོར་བུས་ནང་སོ་རྣམ་པ་དྲུང་གཟིམས་དྲག་ཞན་དང་བསྟུན་པའི་དབང་ཡོན་གྱི་ཐོ་སྒྲིགས་བྱེད་འདུག་པར་བརྟེན་དེ་རིགས་ཟ་འདོད་ཀྱི་ཁྲལ་བཀལ་བའི་གཏམ་ངན་ལ་བག་ཚ་སྟེ་དབང་བཤོལ། ཆུ་རྟ་གཙང་ཕྱོགས་སུ་ཡོང་སྐབས་དུས་ཟིངས་ཀྱི་མཇུག་ཏུ་སོང་བའི་ཤིན་ཏུ་རང་དབང་མ་འདུས་པས་ད་ལམ་གངས་ཅན་ཆོས་འཕེལ། སྣར་ཐང་། ཁྲོ་ཕུ། བོ་དོང་ཨེ།


GLG005_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ས་སྐྱ། ཁའུ་སྐྱེད་ལྷས། གྲང་མོ་ཆེ། ཐུབ་བསྟན་དགེ་འཕེལ། ངོར། ཐར་པ། ཞ་ལུ་སོགས་དགོན་གནས་མང་ཙམ་ཞིག་མཇལ་བར་འདོད་པ་སྡེ་པའི་ཐུགས་ལའང་མི་བབས་པ་མི་འདུག་པས་ས་སྐྱ་ཞབས་དྲུང་རིན་པོ་ཆེ་གདན་སར་མཇལ་མཆོག་རྩིས་དང་ལ་སྟོད་པ་རྣམས་གཞིས་རྩེར་མི་ཡོང་བའི་རྒྱུ་མཚན་གནང་སོང་རུང་འདི་ལོ་བྱང་ནས་ཁུན་འདུ་ལེན་ཨོ་པ་ཤི། ཨོ་ཆིར་ཐུ་ཐའི་ཇི། དཔོན་མོ་སའི་ཁན་ཇུས་གཙོས་ཡོང་མི་མང་བར་རྒྱལ་པོ་ཐུགས་འཁོལ་བས་གནས་མཇལ་བཤོལ་ཏེ་མྱུར་དུ་དབུས་ཕྱོགས་སུ་འདེགས་དགོས་ཚུལ་གསུང་བ་ལ་བརྟེན་གདན་ས་གོང་གིས་དབུ་གནང་ལ་སྟོད་ལྷོ་བྱང་རྣམས་གཞིས་རྩེར་འཛོམ་དགོས་པའི་སྔ་མའི་བསླབ་སྟོན་ཨར་ཁྱ་སློག །ཟླ་བ་བརྒྱད་པའི་ཚེས་འགོ་ལ་གདན་ས་གོང་ནས་ཞབས་དྲུང་རིན་པོ་ཆེ་ཕེབས་པ་དང་མཇལ། དམ་པའི་ཆོས་དང་འབྲེལ་བའི་གསུང་གླེང་ཞིབ་རྒྱས་ཤིན་ཏུ་སྨར་བ་བྱུང་། ཞབས་དྲུང་འདི་ཉིད་ཆོས་ཕྱོགས་སུ་མཁྱེན་པ་དང་གསན་གཟིགས་ཆེ་བའི་རྣམ་དཔྱོད་བླ་ཆེན་ཀུན་གྱི་ནང་ན་འགྲན་ཟླ་དང་བྲལ་བ་ལྟ་བུར་སྣང་། གདན་ས་ཆེན་པོ་དགའ་ལྡན་ཤར་པ་འཇམ་དབྱངས་བྱམས་པ་རྣམ་རྒྱལ་གེགས་མེད་དུ་ཁྲིར་ཕེབས་ཐུབ་ན་བསྟན་པའི་གསལ་བྱེད་དུ་འགྱུར་བ་ཡོང་འདུག་རུང་སྔར་ཤར་ཆེན་ནམ་མཁའ་རྒྱལ་མཚན་ཀྱང་གེགས་དབང་དུ་སོང་བའི་སྲི་ངན་ལྟ་བུས་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་གཤེགས་པའི་ཐུགས་དམ་གསལ་འདེབས་པ་འབྱོར་དོན་བཞིན་དགོངས་པ་ཆོས་དབྱིངས་སུ་རྫོགས་པའི་སྨོན་ལམ་ཡང་དག་དང་དངོས་བཤམས་ཀྱི་མཆོད་པ་བྱས། ཚེས་བདུན་ལ་སྲད་རྒྱུད་པ། རིན་


GLG005_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རྩེ་པ་ཆོས་སྡེ་བ་དང་བཅས་པས་རྙེད་པ་བསྟར་ཞིང་། མཁན་ཆེན་ལོ་ཙཱ་བ་ཆེན་པོས་དབུ་མཛད་ངམ་རིང་ཆོས་སྡེའི་སློབ་དཔོན་ངམ་རིང་ཁུལ་གྱི་དྲུང་འཁོར་ཚོ་དང་ཕྲད། བྱང་ལྷ་རྩེ། སྟག་རྩེ། ལྷོ་ཤེལ་དཀར་གྱི་ལྷ་སྡེ་མི་སྡེ་རྣམས་ཀྱང་འཇལ་བར་བྱུང་ཞིང་བྱང་གཙང་གི་དུས་འདར་གདོང་གཉིས་ནང་སོ་རྣམ་པ་ཆེ་བ་ཡིན་འདུག་ཀྱང་འདི་སྐབས་སྡེ་པ་ནོར་བུའི་བན་རྩས་འདར་པ་བསོད་ནམས་ལྷུན་གྲུབ་རྡོ་རྗེའི་གྲལ་འགོར་ས་ལུང་པ་སྡོད་པར་སྣང་། ཁམས་གཞི་རྩ་སྡེ་པ་དང་ཤངས་བཀྲ་ཤིས་རྩེ་པ་མ་བུ་ཅན་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། དཔལ་འཁོར་ཆོས་སྡེའི་མཁན་སློབ། རྒྱལ་རྩེའི་དྲུང་འཁོར་སྐྱ་སེར་བསྡོམས་པར་སྙིང་པོ་དོན་གསུམ་གྱི་འཁྲིད་ལུང་དང་རྒྱལ་སྲས་ཐོགས་མེད་པས་མཛད་པའི་བླ་མ་སྤྱིི་བསྟོད་ཀྱི་ལུང་བཀླགས། སྐྱར་པོ་བ་མགོན་པོ་རབ་བརྟན་གྱི་ཁ་ཏོན་དུ་ཨྱོན་རིན་པོ་ཆེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྲིས། དེ་སྐབས་ཡ་མ་འགྲམ་འགྲིག་གི་ནད་རོ་ཞིག་འཕར་བའི་ཇའི་སང་སྡེ་པ་དང་མཆོད་དཔོན་པ་གཉིས་ཀྱིས་ནད་གཡོག་དང་དཔོན་ཚང་བྱང་ངོས་པས་སྨན་པ་མཛད་དེ་འགོལ་སྡོད་ཀྱི་འཕྲོད་བསྟེན་ངོས་འགའ་ཞིང་རབ་འབྱམས་པ་གྲགས་པ་རྒྱལ་མཚན་གྱི་ཡིག་ལན་སྙན་ངག་གི་ལམ་ནས་དྲངས་པ། དཔོན་སློབ་པཎ་ཆེན་རིན་པོ་ཆེའི་བརྟན་བཞུགས་དང་ཞ་ལུ་རི་མཐིལ་སྤྱི་སོས་བསྐུལ་ནས་ངེད་རང་ཡུན་འཚོའི་ཚིགས་བཅད་ཀྱི་སྨོན་ལམ་རྣམས་བྲིས། ལྷ་རྩེ་ཆོས་སྡེའི་སྐྱི་ལུང་རབ་འབྱམས་པ། རྟ་ར་བ་སོགས་ལྔས་གསར་རྩོམ་ཕར་ཕྱིན་དང་དབུ་མ། རྣམ་འགྲེལ་གྱི་ཡིག་ཆ་ཞིག་གི་རྒྱུགས་སྤྲད། ཉེ་སྐོར་དུ་ས་བཟང་པོ་ཞིག་འདུག་པས་སྐུ་པར་མང་པོ་ལག་བསྟར་དུ་བཏབ།


GLG005_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཡོན་གཉིས་ལྷན་རྒྱས་ཉེར་གཅིག་ལ་བཀྲ་ཤིས་ལྷུན་པོར་ཕེབས། དཔོན་སློབ་ཞབས་དྲུང་གདན་དྲངས་པའི་ཚོགས་ཆེན་དུ་བརྟན་བཞུགས་རྒྱས་པ་ཕུལ། འབྲས་སྤུངས་སྤྱི་སོས་བསུ་བར་ཤག་སྐོར་སློབ་དཔོན་མདོ་སྡེ་རྒྱ་མཚོ་བཏང་། ཉེར་གསུམ་ལ་ངམ་རིང་དང་དཔལ་འཁོར་ཆོས་སྡེའི་མཁན་པོ་གཉིས་དང་ཞིབ་ཏུ་མོལ། བཟང་ལྡན་མཁན་པོ་ཞབས་དྲུང་རྒྱལ་རྩེ་བ་སྲད་རིན་ཆེན་རྩེ་པ་གཉིས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། ཕྱག་དྲུག་པའི་རྗེས་གནང་། ཆོས་རྗེ་འུག་བྱ་ལུང་པ་ཡབ་སྲས། སྒྲོལ་མ་ནས་སྐུ་མཆེད། སྙིང་རི་ཆོས་རྗེ་སོགས་ལ་ཆོས་རྒྱལ་བྱང་བའི་གཏེར་གསར་ཀརྨ་གུ་རུའི་སྲོག་དབང་སྒྲུབ་སྐོར་གྱི་ལུང་དང་བཅས་པ། རྒོད་ཚང་རི་ཁྲོད་པ། ཐོན་དམག་དཔོན་པ་གཞི་རྩ་བ། རིན་ཆེན་རྩེ་ནས་ཅན་བརྒྱ་སྐོར་ལ་བཅུ་གཅིག་ཞལ་གྱི་རྗེས་གནང་དང་ལྷ་རྩེ་ཆོས་སྡེའི་གྲ་པ་སུམ་ཅུ་སྐོར་གྱིས་རབ་བྱུང་བསྒྲུབས། ཉེར་བདུན་ལ་རྒྱལ་པོ་མ་འཇུ་བའི་སྙུན་ནད་ཀྱིས་བཏབ་སྟེ་རྐྱེན་སེལ་གྱི་ཚེ་རྟ་བྱབ་ཁྲུས་ཕུལ། གནས་ཆུང་ཆོས་རྒྱལ་གྱིས་རིན་ཆེན་སྤུངས་པ་མ་བསྒྲལ་ན་ཞེས་གསུངས་པ་ཐོག་ཏུ་བབས། རྒྱལ་པོ་སྐུ་ཁམས་ཅུང་ཞིག་བདེ་བ་བྱུང་བས་ཧོར་ཟླ་དགུ་པའི་ཚེས་གསུམ་ལ་ཆས་པའི་བཀྲ་ཤིས་ལྷུན་པོའི་མདུན་དུ་རྒྱལ་མཚན་མཐོན་པོ་ནས་གྲ་སྒྲིག་གནང་འདུག་པ་བཞིན་གུང་གི་དྲོ་དང་བཅས་དཔོན་སློབ་པཎ་ཆེན་རིན་པོ་ཆེ་དང་མཇལ་ཏེ་གཟིམས་གུར་ནང་དུ་ཇ་འདེབས་བཞི་ཙམ་གྱི་རིང་བཞུགས་པའི་གསུང་གླེང་འཕེལ། དེ་ནུབ་ཞ་ལུ་གསེར་ཁང་དུ་སྐྱ་སེར་གྱིས་མདུན་བསུས་ཏེ་འབྱོར། སང་སྔ་དྲོ་


GLG005_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

རི་སྦུག་ཏུ་ཕྱིན་རྣལ་འབྱོར་དབང་ཕྱུག་བིཪྺ་པའི་བུམ་པར་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་རྒྱུད་སྡེ་བཞིའི་དབང་གི་ཆུ་བོ་རྣམས་གཅིག་ཏུ་བསྡུས་པའི་བུམ་ཆུ་ཉམས་མེད་ཀྱི་རྒྱུན། ཀུན་མཁྱེན་བུའི་པྲོོག་ཞུ་རྡོར་དྲིལ། རྒྱ་དཔེ། གསལ་བྱེད། ནང་རྟེན། དབང་ཁང་རྣམས་ཞིབ་པར་མཇལ་ཞིང་། རི་སྦུག་དབུ་མཛད་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་ཕྱག་ཆེན་མཛད་ནས་གསུང་བཤད་ཞིབ་ཏུ་བྱུང་། ནང་རྟེན་ནས་བྱིན་རླབས་རྟེན་ཁ་ཡར་ཞུས། ཕྱི་དྲོ་གསེར་ཁང་གི་རྡོ་གཅལ་ཆེན་མོར་རྣམ་སྲས་རྟ་བདག་བརྒྱད་ཀྱི་འཆམ་སྐུ་ཆོ་ག་དང་འབྲེལ་བར་སྤྱན་དྲངས་པའི་ལྟད་མོ། ཐུགས་རྗེ་ཆེན་པོ་རང་བྱོན། བཀའ་འགྱུར། ཇོ་མོ་རྒྱ་གར་མ། སྟེང་གི་དཀྱིལ་འཁོར་དང་མགོན་ཁང་སོགས་གནས་རྣམས་ཞིབ་པར་མཇལ་སྨོན་ལམ་གྱིས་མཚམས་སྦྱོར་བྱས། མ་ཧེ་ཡབ་ཡུམ་གྱི་ཞལ་འབག་དུས་མིན་དུ་ཞལ་འབྱེད་སྲོལ་མི་འདུག་ཀྱང་ཞལ་ཕྱེ་བའི་སྙན་དར་དམོད་ནས་གཏོར་ཏེ་འཕྲིན་ལས་བཅོལ། རི་མཐིལ་གྱི་ཚོགས་པ་ལ་ཐམས་ཅད་མཁྱེན་པ་བུའི་སྐུ་བསྟོད་གསར་རྩོམ་དང་ཁོང་རང་དཔོན་སློབ་ཀྱིས་བསྐུལ་བའི་སྨོན་ལམ་ཚིགས་བཅད་ཀྱི་ལུང་ཕུལ། དེ་ནུབ་པ་རྣམ་དུ་འབྱོར་བའི་གླིང་ཁར་སྒར་ཕབ། སྤོས་ཁང་མཁན་པོ་མཚན་སྒྲོ་མཁན་པོ། པ་རྣམ་ཁུལ་གྱི་དྲུང་འཁོར་སོགས་ཕྲད་མི་མང་དུ་བྱུང་། ཚེས་དྲུག་བདུན་ལ་བཅག་ཞག་བྱས་པའི་ནཱ་རོའི་ཐུགས་དམ་ཀྱེ་རྡོར་དཀྱིལ་ཐང་། ཁ་ཆེ་པཎ་ཆེན་དང་དཔྱལ་ལོ་གཉིས་ཀྱི་བཞེས་ལྷུང་། པཎ་ཆེན་གྱི་འཁར་བསིལ། དུང་རང་སྐད་མ། རྒྱ་དཔེས་གཙོས་པའི་ཐར་པའི་ནང་རྟེན་འགངས་ཆེ་བ་རྣམས་གདན་དྲངས་ནས་མཇལ་ཞིང་སྨོན་


GLG005_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བཏབ། ཀྱེ་རྡོར་རྒྱ་རིས་མའི་དུར་ཁྲོད་དེ་སྲུང་འཁོར་གྱི་ཕྱི་ནང་གཉིས་ཀར་ཚར་རེ་སྣང་ཞིང་ཡབ་ཀྱི་བཞུགས་ཚུལ་བླ་མ་དམ་པའི་ཡན་ལག་དྲུག་པ་དང་མཐུན། ཚེས་བརྒྱད་ལ་པ་རྣམ་ནས་བཏེག །བཅུ་ལ་རིན་སྤུངས་མཁའ་རུ་སྟེང་དུ་སླེབས་རྒྱལ་པོ་སྐུ་ངལ་གསོ་བ་དང་སྦྲགས་ཞག་ལྔ་བསྡད། ཚོགས་ཆོས་ལུང་པའི་ནང་རྟེན་འཕགས་པ་མཆེད་བཞིའི་ནང་ཚན་ཡིན་ནམ་ཟེར་བའི་ལྡེམ་སྐུ་ཞིག །རྣམ་སྲས་ལྗངས་ཡུལ་མ་གཏེར་བྱོན་འཁྲུལ་མེད། ཤཱ་རིའི་བུའི་ཚེམས། པཎ་ཆེན་རྫ་སྐུ་གཉིས། ཀླུ་སྒྲུབ་ཀྱི་ཕྱག་བཟོའི་ཤིང་ཤ་ཁ་ལའི་སྤྱན་རས་གཟིགས་སེང་གེ་སྒྲ། ཁ་ཆེ་པཎ་ཆེན་གྱི་སྣམ་སྦྱར། ལྷུང་བཟེད། ཞབས་ཕྱགས། ཞང་སྟོན་བསོད་ནམས་གྲགས་པ་དང་སེམས་དཔའ་ཆེན་པོ་བཟང་པོ་དཔལ་གྱི་སྣམ་སྦྱར། གཙང་པ་རྒྱ་རས་ཀྱི་སྐུ་ཚིགས་ལས་གྲུབ་པའི་སྤྱན་རས་གཟིགས། ཞུན་ཐིགས་ཀྱི་གསང་འདུས། བདེ་མཆོག །སྤྱན་རས་གཟིགས། ཛམ་བྷ་ལ། ཇོ་བོ་ཆེན་པོའི་རྒྱ་དཔེ་སོགས་ནང་རྟེན་དངོམས་ཆེ་བ་འདུག་པ་རྣམས་ཞིབ་ཏུ་མཇལ་ཞིང་སྨོན་ལམ་ནན་ཏན་དུ་བཏབ། རྒྱལ་རྩེ་རྫོང་སྡོད་སྒོ་མ་ཤག་སྲས་པོ་དངོས་གྲུབ་དང་རིན་སྤུངས་རྫོང་སྡོད་དྭགས་པོ་བཀྲ་ཤིས་གཉིས་ལ་ཚེ་རྟ་ཟུང་འབྲེལ་བསྐུར། གོང་ར་ལོ་ཙཱ་བ་འདས་པའི་གདན་སར་རིན་པོ་ཆེ་སྨན་ལུང་ནས་བསྐོས་པའི་སྣང་རྩེ་བ་ཕྱོགས་ཀྱི་གཏེར་ཆོས་རྣམས་མི་བྱེད་པའི་སྡེ་པས་བསླབ་སྟོན་ཞིབ་རྒྱས་གནང་བའི་སྟབས་རིན་པོ་ཆེས་དེ་དོན་ལྷུར་ལེན་ལས་སྤྲོས་པ་མཛད་ཐེབས་མི་འདུག་རུང་གྲ་པ་རྣམས་གངས་རི་སྔོ་སྣང་གི་ལོག་ཤེས་ཁོ་ནས་དུས་འདའ་བ་ཞིག་བྱུང་ཚོད་དུ་གདའ། ཆོས་རྒྱལ་བྱང་པའི་གཏེར་


GLG005_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཁམ་བུ་ལུང་དུ་དར་ལྕོག་འཛུགས་ཤིང་བསངས་གཏོང་བར་དགེ་སློང་ཆོས་འཕེལ་བཟང་པོ་དང་ངག་དབང་བཟང་པོ་དང་ངག་དབང་འཕྲིན་ལས་གཉིས་བཏང་། ཚེས་བཅུ་བཞི་ལ་བཏེག་པའི་བྱམས་ཆེན་དུ་གུང་གི་དྲོ་བབས། དེ་ཞོར་གསེར་མགོན་མཇལ་བ་ལ་འཕགས་པ་རིན་པོ་ཆེའི་དུས་ཀྱི་གུར་མགོར་རྒྱ་ནག་མ་ཡིན་ཟེར་ཡང་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་གྱིས་བལ་པོ་མཁས་པ་བཀུག་ནས་བཞེངས་པའི་ཞལ་བཞི་པ་དངོས་ཤིན་ཏུ་གཙང་བ་ཞིག་ཡིན་འདུག་པ་དོན་ལ་གནས་ཀྱང་འདི་སྐབས་བལ་ལྷ་ཤིན་ཏུ་དངོས་མི་གཙང་བའི་མགོན་པོ་ཞལ་ཁྲ་ཅན་གྱི་སྐུ་ཞིག་སྣང་བའི་རྟིང་སོར་མཁན་པོ་དོགས་བདེ་བ་ངག་དབང་རྣམ་རྒྱལ་དང་འཕྲོས་གླེང་བྱུང་བར། བླ་མ་རྒྱ་མ་བའི་དུས་རྔན་པ་བཟས་ནས་གཟིམས་ཁང་གོང་གི་སྐུ་གསར་བ་ཞིག་དང་བརྗེ་འཁྲུལ་བྱས་ཟེར་བ་ད་ལྟའི་སྐུ་དེ་དང་གཟིམས་ཁང་གོང་དུ་དགེ་སློང་བསམ་རྒྱལ་གྱིས་དོ་དམ་བྱས་བལ་པོ་མི་མཁས་པ་ཞིག་གིས་སྐུ་ཁ་ཤས་བཞེངས་སོང་བའི་དབྱིབས་དང་ཞུས་དག་ཕེར་བ་ལྟ་བུར་འདུག་པས་བདེན་པ་འདྲ། ཚེས་བཅུ་བདུན་ལ་ལུང་བཟང་དུ་སྣ་དཀར་རྩེ་ཞབས་དྲུང་སྐུ་མཆེད་གཉིས་དང་བསམ་སྡིངས་སྤྲུལ་སྐུ་ཅན་འབྲོག་ཕྱོགས་ཀྱི་དྲག་ཞན་མང་དུ་བྱོན་པ་རྣམས་དང་མཇལ། ཞབས་དྲུང་སྐུ་མཆེད་ནས་ལུགས་ཟུང་དང་འབྲེལ་བའི་གསུང་འཕྲོས་ནི་ཤིན་ཏུ་འཕེལ། སྒར་སྟོན་ཀྱང་ཡུལ་ལུགས་དང་བསྟུན་པའི་བཟབས་རྒྱས་སུ་མཛད་སོང་རུང་སྤྱང་ཀི་རྟ་ཟན་རྣམས་ལུག་རོས་འགྲངས་པའི་གསུང་འཕྲོས་མི་མཛད་འདུག །དཔོན་གཡོག་བརྒྱ་སྐོར་ལ་ཆག་ལུགས་ཀྱི་ཚེ་དཔག་མེད་དཀར་པོའི་རྗེས་གནང་ཕུལ། ཚེས་བཅུ་དགུ་ལ་གན་པ་ལ་བབས་མཚམས་སུ་


GLG005_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འཛིན་དཔོན་པོ་དང་ཨོ་ཆིར་ཐུ་ཐའི་ཇིའི་མི་སྣ་ཇའི་སང་འབྱོར། སང་གུང་ཚིགས་ཐོག་བདེ་ཆེན་ཆོས་འཁོར་བ་དང་གྲུ་ཁར་རིན་པོ་ཆེ་ལྕགས་ཟམ་པ་གཉིས་བྱོན། གྲུ་ཐོན་པའི་ཆུ་འགྲམ་དུ་རྒྱུགས་ཇ་བྱུང་བར་བརྟེན་དེར་ཚོགས་གྲལ་བསྒྲིགས་པའི་ཐོག་རྒྱལ་པོ་གྲུ་བཏོན་ནས་ཕེབས་པ་ཞལ་དབུགས་སྟོད་དུ་འཚངས་པའི་རྐྱེན་གྱིས་བྱིན་རླབས་ཞུ་བ་དང་སྦྲགས་ངེད་རང་གི་པུས་མོ་ལ་དབུ་བཙུགས་ནས་དྲན་མེད་ལྟ་བུར་སོང་བར་མི་ཚོགས་ཆེས་པ་དང་བཅས་ཚང་མ་ཧ་ལས་ཤིང་དེ་རིང་ལམ་སོ་ཁ་འདིར་ཤིན་ཏུ་མི་མཛེས་པ་ཞིག་ཡོང་བ་འདྲ་སྙམ་པའི་འཇིགས་སྐྲག་གི་མུར་རྡོ་རྗེ་དྲག་པོ་རྩལ་གྱི་བསྐྱེད་རིམ་ཞིག་བྱས་པར་གསལ་བ་བྱུང་བ་དང་ལྷན་དུ་བཀའ་སྒོ་ཕུལ་བའི་ཚེ་དབུ་བཏེག་ནས་སྤྱན་གྱིས་གཟིགས་ཤིང་གསུང་འཕྲོས་མཛད་པས་ཚང་མ་བློ་ལྷོད་པའི་ཚད་དུ་སོང་། ཆུ་ཤུར་དུ་བཅག་མལ་ཐོག་གོང་དཀར་དཀོན་གཉེར་དཔོན་པ་དང་ཆོས་སྡེའི་སློབ་དཔོན་གཉིས་དང་ཆུ་ཤུར་སྐོར་གྱི་གྲ་ཚང་ཁག་སོགས་ཕྲད་མི་མང་དུ་བྱུང་། ལམ་ཞོར་དུ་ཁོལ་མ་གཞིས་ཀའི་མགོན་ཁང་མཇལ་བར་ཕྱིན། བྱང་ཆུབ་གླིང་པ་རྣམས་ཀྱིས་བདག་རྐྱེན་མ་སྤྲད་པའི་གཞིས་ཀ་རྗེ་བཙུན་མི་ལའི་ཕ་གཞིས་ལྟར་ཞིག་རལ་དུ་སོང་། ཤོད་ཀྱི་གཤིན་རྗེ་ཁང་དེ་སྔགས་འཆང་ནུས་པ་ཅན་གྱིས་བསྒྲུབས་པའི་ཚིམ་རྔམས་དང་བྱིན་ཆགས་པར་སྣང་། མཆོད་རྟེན་གྱི་ཕྱག་ལེན་ནི་རྙིང་མ་བ་སྤྱི་དཔེ་འགྲེ་ལས་ཆོས་རྒྱལ་བྱང་པ་ཡབ་སྲས་ཀྱི་ཕྱག་བཞེས་དང་བསྟུན་ན་ཕྱོགས་དུས་ཐམས་ཅད་མདོར་བསྡུས་པ་ཞིག་འདུག །སྟེང་ན་གཤེད་དམར་རུ་མཚོན་དམར་པོའི་སྒྲུབ་ཁང་ཡོད་ཟེར་ཡང་ཞིག་རལ་གྱི་སྟབས་འགྲོ་


GLG005_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐུབ། དེ་ནུབ་བཀྲ་ཤིས་རྩེར་རྒྱལ་པོ་ལ་ཚེ་དབང་ཕུལ། ཉེར་བཞི་ལ་སྙེ་ཐང་དུ་འབྱོར། ཉེར་ལྔའི་ཉིན་དགའ་གདོང་སྐྱོར་ལུང་པའི་བསུ་བ་དང་བཅས་ཁྲི་ཟམ་ཐོན་ཙམ་དེར་གུང་གི་དྲོའི་ཐོག་གཟིམས་ཁང་གོང་སྤྲུལ་པའི་སྐུས་གཙོས་སེར་འབྲས་ཀྱི་རྟ་བསུ་བ་རྣམས་འབྱོར། དགའ་གདོང་ཆོས་སྐྱོང་མིར་བརླམས་ཏེ་ཁོག་ཏུ་མཚོན་ལེན་པ་སོགས་འཚུབ་པ་མཛད་འདུག །སྙན་ཤལ་གྱིས་སྣེ་ལེན་ཙམ་མཛད་ན་སྙམ་ཡང་སྡེ་པ་ཐུགས་འུར་བ་ཞིག་དང་འགྲིག་ནས་བྱུང་མ་སོང་། ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་སེར་སྦྲེང་དང་ལྷན་ཅིག་པར་སྤྲུལ་པའི་ཆོས་རྒྱལ་ཆེན་པོའང་ཁོག་ཏུ་ཕེབས་པའི་སྐྱེ་བོའི་ཁྲོམ་བརྒྱུད་དགའ་ལྡན་ཕོ་བྲང་དུ་སླེབས། ཨོ་ཆིར་ཐུ་ཐའི་ཇི་ཅན་འགྲུལ་པ་སྔོན་མ་རྣམས་རིམ་གྱིས་འབྱོར་པའི་ཐའི་ཇི་དཔོན་གཡོག་རགས་བསྡུས་ལ་ཕྱག་རྡོར་གོས་སྔོན་ཅན་གྱི་རྗེས་གནང་། གནམ་གང་གི་ཉིན་དགའ་ལྡན་ཁང་གསར་དུ་ཉིན་འཁོར་ལ་ཕྱིན་པའི་རྒྱལ་པོར་ཚེ་དབང་ལྕགས་སྡོང་མ། ཉང་ལུགས་ཀྱི་དྲག་པོ་མེའི་སྤུ་གྲིའི་དབང་ཕུལ་ཞིང་བྱད་འགྲོལ་ཞིག་བྱས། ཡང་ཧོར་ཟླ་བཅུ་པའི་ཚེས་གཅིག་ལ་དགའ་ལྡན་ཁང་གསར་དུ་ཕྱིན་རྒྱལ་པོའི་སྐུ་རིམ་ལ་པད་གླིང་བྲག་དམར་གྱི་གཏོར་བཟློག་ཞག་གསུམ་བསྒྲུབས་ཏེ་ཟོར་འཕངས་པའི་ནུབ་ནང་པ་ནུབ་པ་བའི་ཁང་པར་མེ་ཤོར་ཚན་ཆེ་ཙམ་བྱུང་བ་ནག་རྩིས་ལྟར་ན་ལྟས་ཤིན་ཏུ་ལོད་པ་འདུག་པས་སྐུ་རིམ་གྱིས་མི་བཟློག་པའི་མཚན་མར་གོ །ཚེར་གསེབ་ནས་ཚངས་པ་དུང་ཐོད་ཅན་གྱིས་ཚེ་དབང་སྟོང་ཚར་ཞིག་ཞུ་དགོས་པར་ལུང་བསྟན་པའང་སྐུ་ཚེ་ལ་བར་ཆད་ཆེན་པོ་ཡོད་པའི་བརྡ་སྟོན་དུ་སྣང་། མོ་ལུང་སེལ་བྱེད་དུ་དབེན་ས་བའི་འཇམ་ལུགས་


GLG005_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྲགས་པའི་ཚེ་དབང་ལ་རྒྱུན་དུ་ལྷ་གྲངས་དང་བསྟུན་པའི་ཉེར་གཅིག་གིས་བརྒྱ་རྩ་འགྲོ་བར་འདུག་ཅིང་གསུང་རྒྱུན་དུ་རིང་ཁྱད་ཡོད་ན་བུམ་ནང་དུ་ལྷ་བརྒྱའམ་ལྔ་བཅུ་གང་འོས་བསྐྱེད་ནས་ཚེ་རིལ་གྲངས་མ་ཆད་ཕྱིན་ཚར་གཅིག་གཉིས་ལ་བརྒྱ་རྩ་འགྲོ་བ་གནང་རྒྱུན་ལྟར་སྟོང་རྩའི་ལུགས་ཤིག་ཕུལ། མཆོད་གཡོག་ཚེ་རིལ་བསྒྲིལ་བར་དཀའ་ཚེགས་ཆེ་བ་མ་གཏོགས་བླ་མ་ཟོར་ཡང་བའི་དཔེར་འོས་པ་ཞིག་ཡིན། མགོན་པོའི་རྗེས་གནང་བར་ཆད་ཀུན་སེལ་ཀྱང་བྱས། རྒྱལ་པོ་དངོས་འཛིན་ཆུང་ཞིང་རྒྱལ་མོ་མེད་པའི་སྟབས་ཕྱག་རྫས་ཀྱི་འཁྱིལ་ཆེ་བ་མི་འདུག་རུང་སྡེ་པས་ཐུགས་ཁུར་བཞེས་པའི་སེར་འབྲས་སོགས་སུ་སྐུ་རིམ་རྒྱ་ཆེར་མཛད། ཚོགས་ཆེན་གྱི་ཞལ་འདོན་དུ་རྗེ་བཙུན་སྒྲོལ་དཀར་ལ་གསོལ་འདེབས་སྐུ་ཚེ་སྤེལ་པའི་སྨོན་ལམ་གྱི་ཚིགས་བཅད་གཅིག་བྲིས། ལམ་ཞོར་དུ་པོ་ཏ་ལའི་མཆོད་ཁང་རྣམས་མཇལ་ཞིང་བཀའ་འགྱུར་གསར་བཞེངས་ལ་མེ་ཏོག་གཏོར། བྱང་རྩེ་ཆོས་རྗེ་གུ་གེ་བ་ངག་དབང་རྡོ་རྗེ་གདན་ས་ཆེན་པོའི་ཁྲིར་འཛེག་མ་རེག་གི་ཐུགས་སྤྲོ་སག་གེ་བྱོན་པ་དང་མཇལ། སྔར་རྗེ་ཞལ་སྔ་ནས་མངའ་རིས་པ་བྱང་རྩེར་འབྱོན་གདོང་ད་ལམ་བྱང་རྩེ་རྩིས་ལེན་ཙམ་བྱས་ངོས་རང་སྐལ་གྱི་ཁྲི་ཐོག་འབུལ་གསུང་བར་ཐམས་ཅད་མཁྱེན་པ་ཙོང་ཁ་པའི་བཞུགས་ཁྲིའི་སྟེང་དུ་འགྲོ་བཞིན་པ་ཡིན་པས་དེ་འདྲའི་པར་བཀབ་དགོས་རྒྱུ་མེད། རི་བོ་དགའ་ལྡན་གྱི་སྒྲིགས་མ་ཞིག་པ་ལེགས་པས་ཉིད་བྱོན་པ་རང་འགབ་ཚུལ་ནན་ཏན་དུ་མོལ་བ་ཡིན། རྗེ་ཞལ་སྔ་ནས་ཀྱི་དེ་ཐུགས་ཐག་པ་ནས་མཛད་པར་སྣང་། སྤྱན་གཡས་རབ་འབྱམས་པ་བསྟན་འཛིན་རྒྱ་


GLG005_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

མཚོས་ཁོང་པའི་རང་སྐལ་གླིང་སྨད་ཀྱི་ཁྲི་ཐོག་ཞལ་སྔ་ནས་དམ་ཆོས་རྣམ་རྒྱལ་ལ་འབུལ་ཟེར་བ་ནི་འགྲོ་སྒོ་མེད་པའི་མཛེས་པོ་སོ་དཀར་པོས་སྤྱན་ཕྱིད་ཉེན་ཆེ། ལྷོ་བྲག་གདང་དགོན་གསར་གྱི་བླ་མ་བློ་གྲོས་དོན་གྲུབ་ཀྱི་བསྔོ་རྟེན་སྐྱེལ་བ་དང་བླ་མ་གསར་པ་ཞུ་བ་བསྡོམས་པའི་གྲ་པ་འགའ་ཞིག་ཆེད་བསྟད་དུ་འབྱོར། དེ་ནུབ་འབྲས་སྤུངས་སུ་སླེབས་པའི་ཉིན་ཁ་ཤས་ཀྱི་རིང་ཨོ་ཆིར་ཐུ་ཐའི་ཇི་དང་དཔོན་མོ་ཕྱག་ན་རྡོ་རྗེ་གཉིས་ཀྱིས་གཙོས་པའི་གསར་འགྲུལ་མང་བར་སྤྱན་རས་གཟིགས། ཕྱག་རྡོར། ཕྱག་དྲུག་པ། གཟིམས་ཁང་གོང་སྤྲུལ་པའི་སྐུ་དང་ཚ་བ་སྐུ་སྐྱེ་གཉིས་ལ་ཚེ་དབང་བརྒྱ་རྩ། གུང་རུ་སྐུ་སྐྱེར་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་རྣམས་བསྐུར། ཐའི་ཇིའི་དཔོན་མོར་མིང་སྒྱུར་དགོས་ཚུལ་བྱུང་བར་ཕུན་ཚོགས་སྒྲོལ་མར་བཏགས། ཚེས་བཅུ་གཅིག་ལ་ཚོགས་ཆེན་དང་ལྷན་དུ་འདུ་ཁང་ཆེན་མོའི་ལྡེབས་བྲིས་ལ་ཤིས་བརྗོད་མེ་ཏོག་གཏོར་བའི་ཐོག་ཨོ་ཆིར་ཐུ་ཐའི་ཇིས་གོས་དར་གསེར་དངུལ་གྱིས་སྣ་དྲངས་པའི་སྟོང་འབུལ། ཚོགས་ཆེན་དུ་ཇ་དངུལ་སྨན་ཙེའི་འགྱེད་བཏང་། གུང་གི་དྲོ་ལ་གཟིམས་ཁང་གོང་དུ་ཕྱིན། ཕྱིར་ལམ་སྔགས་ཁང་གི་གནས་མཇལ་བྱས། ཤག་སྐོར་སློབ་དཔོན་མདོ་སྡེ་རྒྱ་མཚོས་རིགས་གྲའི་སྐལ་བ་འདྲེན་པར་བླ་བྲང་དུ་བོས། དཔག་བསམ་འཁྲི་ཤིང་གི་ཁ་བྱང་རྣམས་གཙང་ལ་འགྲོ་བའི་གཞིས་བྱེས་ཚོར་ལོང་གང་བྱུང་ལ་བརྩམས་པའི་བྲིས་གྲུབ་རུང་བླ་མ་དང་ཆོས་སྐྱོང་གི་ཞལ་བྱང་མ་གཏོགས་དམངས་མ་ཡིག་མཁན་བཞད་པ་མ་ཁོམ་པར་ལུས་འདུག །གང་ཟིན་ལ་ཡོང་ཞོར་དུ་ཞུས་དག་ཅིག་བཏང་ཞིང་ཕོ་བྲང་རབ་གསལ་གྱི་ཁ་ཡིག་རྣམས་


GLG005_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཞོར་ལ་བྲིས་སྣང་། ཤག་སྐོར་སློབ་དཔོན་དང་ཀོང་པོ་རིན་ཆེན་རྒྱལ་མཚན་གཉིས་ཀྱི་ངོར་རང་གང་མོས་ཀྱི་བླ་མ་ལ་སྦྱར་ཆོག་པའི་བླ་མའི་རྣལ་འབྱོར། ཉི་ཐང་བླ་མས་བསྐུལ་བའི་བདག་བསྟོད་དང་གླིང་སྟོད་ཆོས་རྗེ་ལྷ་རྗེ་བློ་བཟང་རྒྱ་མཚོའི་གསོལ་འདེབས། ཟུར་ཁྱབ་བདག་བླ་མའི་བཀའ་སྩལ་བཞིན་བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་ཐར་དང་རྒྱལ་པོ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བརྒྱུད་འདེབས་རྣམས་བྲིས། ཉེར་བཞི་ལ་དགའ་ལྡན་ཁང་གསར་དུ་ཕྱིན་རྒྱལ་པོར་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་རྩ། གདོན་འགྲོལ། ཆུ་བཟློག་གི་སྐུ་རིམ་གྱི་རིགས་སྣ་གང་མང་བྱས་ཀྱང་ངོ་སོ་ཡོད་པ་ནི་མ་བྱུང་། གླིང་སྟོད་ཆོས་རྗེ་དང་དཔོན་ཚང་བྱང་ངོས་པ་གཉིས་བཅར་བཞུགས་མཛད་པའི་གསོལ་སྨན་གྱི་འཕྲོད་ངོའང་མ་བླངས་ཤིང་དགུང་ལོ་མཐོ་བ་ནས་སྐུ་གཟུགས་ཇེ་ཞན་དུ་འགྲོ་ཡིན་འདུག་པས་བླ་མ་སྔགས་བོན་སྨན་པ་མཐའ་དག་གི་ཟོག་མཐིལ་འདི་རིགས་ཀྱིས་འདོན་པར་མཆིས། ལྔ་མཆོད་ཆེན་མོའི་གླིང་མེ་རྒྱལ་ཁམས་བྱིངས་ཀྱི་ལོ་ལེགས་ཉེས་ལ་བལྟ་བར་གྲགས་པ་དོན་ལ་ཇི་ལྟར་གནས་ཀྱང་རང་རེ་ཞྭ་སེར་ཅོད་པན་འཛིན་པ་རྣམས་ཀྱི་ལེགས་ཉེས་ངེས་པར་སྟོན་པ་ཞིག་སྣང་བས་སེར་འབྲས་སོགས་རིའི་སྒུར་དུ་ཡོད་པ་ཚོར་ཡང་རླུང་འཚུབ་ཀྱིས་སྤར་མ་ཐུབ་ཅིང་དགའ་ལྡན་ཁང་གསར་དུ་མར་མེ་ལྟ་ཞོག་ཀོང་བུ་རྣམས་ཀྱང་རླུང་གིས་ཁྱེར་བའི་རྟེན་འབྲེལ་ཤིན་ཏུ་ལོད་པ་བྱུང་། ཉེར་དྲུག་ལ་འབྲས་སྤུངས་སུ་འབྱོར། ཁལ་ཁ་ཨ་ཁའི་དའི་ཆིན་གྱི་བུ་ཆ་གན་བར་དང་ཕྲད་ཅིང་ཚེ་མགོན་གྱི་རྗེས་གནང་ཕུལ། དགའ་ལྡན་གསང་སྔགས་གླིང་པར་བྱང་གཏེར་ཐུགས་སྒྲུབ་རྣམ་གསུམ་གྱི་


GLG005_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐོར་དང་ཚེ་བདག་ལྕགས་འདྲ་ནས་ལུང་གི་དབུ་ཚུགས་ཙམ། ཐོས་བསམ་དར་རྒྱས་གླིང་པར་སྐྱབས་སེམས། སྤྱན་འདྲེན་ཁྲུས་གསོལ། ས་ལམ་གསུམ། རྣམ་དག་གངས་རི་མ། ཡོངས་རྫོགས་མ། ལོ་བསྟོད། ཉི་གཞོན་འཆར་ཀ་མ། བདེ་ཆེན་ལྷུན་གྲུབ་མ། རབ་དཀར་དགེ་ཚོགས་མ། རྒྱ་ཆེན་བསོད་ནམས་མ་ཚོགས་བསགས་མ་སྔོན་བསགས་མ། རྟེན་འབྲེལ་བསྟོད་པ། སྐབས་གསུམ་པ། གསར་རྩོམ་རྗེ་བཙུན་ཙོང་ཁ་པའི་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་རྣམས་ཀྱི་ལུང་ཕུལ། སྤོང་རོང་དཀའ་བཅུ་གྲགས་པ་ཅན་བསྙེན་རྫོགས་ཉེར་གསུམ་དང་རབ་བྱུང་ལྔ་བཅུ་སྐོར་བསྒྲུབས། ཟླ་བ་བཅུ་གཅིག་པའི་ཚེས་གསུམ་ལ་ཁུན་འདུ་ལེན་ཨོ་པ་ཤི་དཔོན་གཡོག་འབྱོར་བ་དང་ཕྲད། ཚེས་ལྔ་ནས་ཉི་ཤུའི་བར་བཅད་རྒྱའི་ཁོག་ཏུ་ཟུར་ཁྱབ་བདག་བླ་མ་གདན་དྲངས་ཏེ་དགོངས་འདུས་ཀྱི་དབང་སོགས་ཟབ་ཆོས་མང་དུ་ཞུས། སྐུ་འབུམ་ཆོས་རྗེ་དཔལ་ལྡན་རྒྱ་མཚོས་ལྷག་བསམ་རབ་དཀར་གྱི་དྲི་ལན་ཞིག་བསྐུལ་བའི་ཡིག་ལན་ཚིགས་བཅད་དུ་བསྲིངས། ཉེར་གཉིས་ལ་ཚོགས་ཆེན་དུ་ཨོ་པ་ཤིས་བརྒྱ་འབུལ་བཏེག་ཅིང་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། སྤྱན་རས་གཟིགས་དང་ཕྱག་དྲུག་པ་གཉིས་ཀྱི་རྗེས་གནང་དང་། ཡང་དགོན་སྤྱན་སྔ་ཤ་ར་ཧོར་སྐུ་སྐྱེ། གཞི་རྩ་སྡེ་པ། བསྟན་འཛིན་གསུམ་ལ་ཉང་ལུགས་དྲག་པོ་མེའི་སྤུ་གྲིའི་དབང་བསྐུར། མེའི་སྤུ་གྲི་དང་ལས་གཤིན་རླུང་སྒྲུབ་ཀྱི་སྒྲུབ་པ་བཙུགས་ཤིང་གཞན་གྱི་མནན་གཏད་སྨིན་ནས་རྒྱལ་པོ་སྐུ་མི་འཚོ་བའི་ལྟས་ཁ་ཡར་བྱུང་སྣང་། ལོ་འདིིའི་དཔྱིད་ཀ་ཕན་ཆད་སྒྲུབ་ཁག་ཕལ་ཆེར་གྱི་རྡོ་རྗེ་སློབ་དཔོན་བྲག་


GLG005_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཆོས་རྗེ་ཨྱོན་བསྟན་འཛིན་གྱིས་མཛད་ཅིང་། འདི་ནས་བཟུང་མཚམས་ལེ་ཚན་དང་ས་ཕག་མན་གྱི་ཕུར་སྒྲུབ། ཁྲོ་རོལ། ཚེ་འཆར་སོགས་ཀྱི་རྡོ་རྗེ་སློབ་དཔོན་ཞལ་སྔ་ནས་བློ་བཟང་དར་རྒྱས། བྱིང་པ་སྔགས་རམས་པ་བློ་བཟང་དོན་གྲུབ། དགེ་སློང་བློ་བཟང་རྒྱ་མཚོ། དབུ་མཛད་བློ་བཟང་བསྟན་འཛིན། བྲག་སྣ་ཆོས་རྗེ་བློ་བཟང་ངག་དབང་། དགེ་སློང་བྱམས་པ་བློ་བཟང་། དགེ་སློང་བློ་བཟང་དོན་གྲུབ། སྔགས་རམས་པ་དཀོན་མཆོག་རིན་ཆེན། དགེ་སློང་འཇམ་དབྱངས་གྲགས་པ། ཆོས་རྗེ་རྐན་བུ་བ་ཟིལ་གནོན་རྡོ་རྗེ། རྫོང་རི་ཆོས་རྗེ་བློ་བཟང་པདྨ། སྔགས་རམས་པ་ནོར་བུ་ཆོས་འཕེལ། དགའ་གདོང་སྔགས་རམ་པ་དོན་གྲུབ་རྒྱ་མཚོ། ཡར་འབྲོག་པ་བློ་གྲོས་རྒྱལ་བ། སྐྱམ་པ་ངག་དབང་ཆོས་འཛིན། གྲམ་པ་བློ་བཟང་ངག་དབང་། རྡོ་པ་བློ་བཟང་མཐུ་སྟོབས། གནང་བྱུང་བ་བློ་བཟང་མཁྱེན་བརྩེ་སོགས་བསྙེན་སོང་རྣམས་ཀྱིས་སྐབས་དང་སྦྱར་ཏེ་བྱས། ཉེར་ལྔ་ནས་ཞག་གསུམ་གྱི་བར་སླར་ཡང་གོང་གི་ཆོས་འཕྲོ་ཞུས། རྒྱལ་པོ་ལ་མངོན་གྱུར་གྱི་སྙུན་ནད་མེད་ཅིང་སྐུའི་ཟུངས་རིམ་ལོད་དུ་སོང་བ་སྡེ་པ་དང་དྲུང་འཚོ་བ་རྣམས་ཀྱིས་མ་མཁྱེན་པའི་རེ་ཞིག་སྐྱོན་མེད་ཡོད་ཁུལ་རེ་དོགས་ཀྱི་ངང་ཧོར་ཟླ་བཅུ་གཉིས་པའི་ཚེས་བདུན་གྱི་སྲོད་ལ་གནམ་སའི་དབང་ཕྱུག་བློན་པོ་འགར་གྱི་སྣང་བརྙན་འདྲ་བ་དེ་རང་བསྟན་གྱི་སྐུ་ཆགས་བདོ་བ་ལྟ་བུས་གཟིམས་ཁྲི་མཐའ་ཅན་དུ་མཛད་དེ་འདུས་བྱས་ཀྱི་ངང་ཚུལ་རྗེས་སུ་བསྟན། འཕྲོས་བྱུང་འཕྲལ་ལྷ་ས་ནས་སྡེ་པ་རྟབ་རྟབ་པོར་ཕེབས་པའི་ནམ་ཕྱེད་ཡོལ་ཙམ་ལ་འབྲས་སྤུངས་སུ་བྱོན། དེ་འཕྲལ་གྲབས་ཡུལ་


GLG005_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་ཕྱིན་པ་ནམ་སེང་ལ་དགའ་ལྡན་ཁང་གསར་དུ་སླེབས། འཕོ་བ་ཞུས་འཕྲལ་གྱི་མགར་ལག་མ་ལྟ་བུ་ཡོད་པ་བཏབ་པས་འཕྲལ་དུ་ཐེབས་རྟགས་མ་བྱུང་རུང་རྗེས་སུ་ཚངས་བུག་ནས་ཆུ་སེར་འཛག་པ་ཆུ་མིག་ཁ་པ་ཆོག་ཐུས་མཐོང་ཟེར་གང་ལྟར་གཟུངས་སྔགས་ཟབ་མོའི་རིགས་དང་སྨོན་ལམ་རྣམ་གསུམ། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཐོས་གྲོལ་སོགས་ཁ་ཏོན་རྒྱས་པར་བྱས། ཕྱི་དྲོ་དགོན་པར་ལོག་ལྔ་པ་ནོ་མོན་ཁན་དགེ་ལེགས་དཔལ་ལྡན། ཨ་པ་ལའི་གྱི་དཔོན་མོ་སའི་ཁན་ཇུས་གཙོས་གསར་འགྲུལ་མང་དུ་སླེབས་པ་རྣམས་དང་ཕྲད། ཆོས་རྗེ་དགེ་ལེགས་དཔལ་ལྡན་གྱིས་སོག་ཡུལ་ཕྱོགས་སུ་རང་བསྟན་ལ་ཕན་པ་ཆེ་བའི་ངས་བྱས་ཀྱི་ཁ་པོ་འབྲུག་ལྟར་སྒྲོག་འདུག་པ་དོན་ལ་གནས་པར་སྣང་། སྡེ་པས་ཐུགས་ཁུར་བཞེས་ཏེ་བདེ་ཆེན་གི་ཞབས་དྲུང་ཡིད་བཞིན་གཙོ་བོར་གྱུར་པའི་སོག་བོད་ཀྱི་དོ་དམ་མང་པོ་དང་བཅས་དགའ་ལྡན་ཁང་གསར་དུ་དགོངས་རྫོགས་ཀྱི་གྲ་སྒྲིག་བཙུགས་པའི་མང་འགྱེད་བསྔོ་རྟེན་གཏོང་ལུགས་སོག་ལུགས་ལ་གཞི་མཛད་བོད་ལུགས་ཀྱི་མཛེས་རྒྱན་དང་བཅས་རྒྱ་ཆེར་གནང་བའི་རྒྱུད་སྟོད་སྨད་བསྡོམས་པར་དགེ་འདུན་ཕྱེད་དྲུག་བརྒྱས་ཟླ་གཅིག་ཞག་བདུན་གྱི་བར་གསང་འདུས། ཕ་བོང་ཁ་པ་དཔོན་སློབ་བཅུ་བདུན་གྱིས་ཐུགས་རྗེ་ཆེན་པོ། དབང་བསྐུར་ཁྲུས་ཆོག་པ་ཐར་གླིང་བླ་མ་གྲ་བཅས་ལྔ། ཇོ་ཤཱཀ་གིས་གཙོས་པའི་མཆོད་ཁང་རྣམས་སུ་གསེར་ཆབ་དཀར་མེ། སྙན་ཤལ། གདན་ས་གོང་འོག །འབྲི་སྟག་སོགས་གཞན་ཕྱོགས་པ་ཁ་ཤས་དང་གཙོ་བོར་དཔོན་སློབ་པཎ་ཆེན་རིན་པོ་ཆེ་དང་དགའ་ལྡན་ཁྲི་གདན་ཟུར་གྱིས་མཚོན་པའི་རང་ཕྱོགས་ཀྱིས་བླ་མ་རགས་རིམ་ལ་བསྔོ་


GLG005_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན། སྐྱིད་འཕན། དབུར་སྟོད། འོལ་དགའ། ཡར་ཀླུངས། ཡར་རྒྱབ། གཙང་རོང་། ལ་སྟོད་ལྷོ་བྱང་། ལྷོ་ཕྱི་ནང་། ཡར་འབྲོག །ཨེ་དྭགས་གཉལ་གསུམ་གྱི་ཆོས་སྡེ། རིས་མེད་ཀྱི་དགེ་འདུན་བསྡོམས་པར་དྲུག་ཁྲི་བདུན་བརྒྱ་ལ་མང་ཇ་འགྱེད་བཅས། ལྷ་ས་སྨོན་ལམ་ཆེན་མོར་དགེ་འདུན་དྲུག་སྟོང་སྐོར་ལ་ཁ་བཏགས། དངུལ། རྩམ་པ། མར། ནས། བུ་རམ། དར། འུ་ཟི། ཟི་ལིང་གི་ཇ་དང་བཅས་པའི་འགྱེད་དགུ། ཟླ་མཆོད་ལ་དབུས་གཙང་གི་དགོན་པ་གསུམ་བཞི་རེར་མང་ཇ། ལོ་མཆོད་ལ་ལྷ་སར་སེར་འབྲས་གཉིས་ཚོགས་པར་མང་འགྱེད་རྣམས་བཏང་བའི་སྐམ་ཟོག་བསྡོམས་པར་གསེར་སྲང་ཉི་ཤུ། གསེར་བསིལ་མ་ཞོ་དྲུག་སྟོང་སུམ་བརྒྱ། བཏུལ་མ་ཞོ་ལྔ་བཅུ། དངུལ་སྤྱད་ཉིས་བརྒྱ་ང་བདུན། དངུལ་ཧྲུག་སྲང་ཉི་ཁྲི། མུ་ཏིག་ཞོ་བཞི་བརྒྱ་སུམ་ཅུ། མ་ན་ཧོ་གཡང་ཊི་ཤེལ་སྤྱད་བསྡོམས་པ་གྱ་གཅིག །དཀར་ཡོལ་ཡུ་རིང་ཡུ་ཐུང་བསྡོམས་པ་དྲུག་ཅུ་རེ་དྲུག །སྦུག་སིལ་སོ་ལྔ། ཁ་བཏགས་སུམ་ཁྲི་སུམ་སྟོང་ཉིས་བརྒྱ། གོས་ཡུག་ཕྱེད་བདུན་བརྒྱ། ཁ་འཁྱར་བརྒྱད་སྟོང་བཞི་བཅུ། སྨན་ཙེ་ཆོར་འདྲེས་པ་ཡུག་ལྔ་བརྒྱ་དོན་གཅིག །ཁ་འཁྱར་ཆིག་ཁྲི་ལྔ་སྟོང་བདུན་བརྒྱ། བླ་བྲེ། སྣམ་སྦྱར། རྟེན་ཁེབས། གོས་བེར། རྒྱ་གོས། གོས་དར་གྱི་ཡོལ་བ་བསྡོམས་པ་སུམ་བརྒྱ་གྱ་བདུན། གོས་ཆེན་གྱི་སློག་པ་ཉེར་བདུན། ཝ་ནག་གི་ཞྭ་མོ་གསུམ། སྦུ་ལ་གའི་གཉིས། སོག་ལྷམ་གཉིས། སྐ་རགས་གཅིག །རྒྱ་མོན་གྱི་རས་ཡུག་པ་རི་འབན་ཁྲ་བཅས་པ་སུམ་སྟོང་ཉིས་བརྒྱ་གོ་གཉིས། ཇ་ཀོ་དྲ་དང་ཁོར་དྲུག་འདྲེས་པ་ཆིག་སྟོང་རེ་གཅིག་བུར་ལྟང་ཆིག་སྟོང་ཆིག་བརྒྱ་


GLG005_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་བཅུ། ཁྲོ་གཅིག །སྒམ་ཅོག་མུ་ཏིག་གིས་བརྒྱན་པ་གཅིག །སྤོས་ཆག་ཞེ་གསུམ། བསིལ་གཡབ་གཅིག །སྟན་དམར་ས་གདན་བསྡོམས་པ་ང་གསུམ། གྲུམ་ཙེ་སུམ་བརྒྱ་གྱ་དགུ། གསེར་སྒ་ཐག་ཆས་ཡོབ་གདན་ཆ་འགྲིག་བཅོ་བརྒྱད། དེ་མཚུངས་ར་མ་ལུག་ཆ་འགྲིག་བདུན་ཅུ། དངུལ་སྦྱིབ་གཡོགས་ཀྱི་སྒ་ཆ་འགྲིག་བཅུ་གསུམ། དངུལ་ཤན་མ་གཉིས། གསེར་དངུལ་ར་མ་ལུག་སྒ་དམར་སོགས་སྣ་ཚོགས་བསྡོམས་པ་བརྒྱ་དང་བཞི། སག་ཐག་གཞུ་བཅས་བཅུ། རྟ་བཞི་བརྒྱ་དང་བཞི་བཅུ་ཞེ་བཞི། ཇ་མར་ཚྭ་འོ་རིན་རྩམ་པ། འབྲུ། ཤ་ཚང་མ་འབྲུ་ཐོག་ཏུ་བསྡོམས་པར་མཁར་ཁལ་ལྔ་འབུམ་བརྒྱད་ཁྲི་བཞི་སྟོང་ལྔ་བརྒྱ་ལྷག་བཅས། ལོ་རྟིང་མའི་ནང་དུ་ཕྱི་རྟེན་གསེར་བཙོ་མ་ཞོ་སུམ་སྟོང་ལས་གྲུབ་པའི་བཀའ་འགྱུར། རྨི་རུ་ལྷ་ཁང་དུ་སྨན་འདམ་གྱི་རྒྱལ་བ་རིགས་ལྔ་དང་རྗེ་བཙུན་ཙོང་ཁ་པའི་སྐུ། སྨན་བླ་བདེ་གཤེགས་བརྒྱད་ཀྱི་སྐུ་རྒྱུར་དངུལ་ལྔ་བཅུ་མ་བརྒྱད་ཅུ་སོང་བའི་སྐུ་རྒྱུ་རྣམས་བསྡོམས་ཚོད་མ་ཟིན་ཞིང་བཟོ་རིགས་ཀྱི་ཕོགས་གླ་ཡོན་གཟུངས་འབུལ་རབ་གནས་ཀྱི་དགོས་ཆ་འབྲུ་ཐོག་ཏུ་དྲིལ་བར་ཁལ་ཉི་ཁྲི་ཆིག་སྟོང་ལྔ་བརྒྱར་སླེབས། རི་སྦུག་དབུ་མཛད་རིན་ཆེན་བསོད་ནམས་མཆོག་གྲུབ་བྱོན་པར་སྙིང་པོ་དོན་གསུམ་དང་གྲུབ་རྒྱལ་ལུགས་ཀྱི་ཚེ་འཁྲིད། རས་ཆེན་པ་ནས་བརྒྱུད་པའི་འཕོ་འཁྲིད་རྣམས་སོ་སོར་ཉམས་འཁྲིད་དང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་སྙིང་པོ་དོན་གསུམ་གྱི་འཁྲིད། འཇམ་དབྱངས་མཁྱེན་བརྩེས་མཛད་པའི་ཚེ་འཁྲིད་ཀྱི་ལུང་རྣམས་སྨིན་རྒྱས་སུ་ཕུལ་ཞིང་སྙིང་པོ་དོན་གསུམ་གྱི་བརྒྱུད་འདེབས་དང་འཕོ་འཁྲིད་
ཀྱི་ཡི་གེ་ཞིག་ཀྱང་དགོས་གསུང་བ་འཕྲལ་དུ་བྲིས། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་འཁྲིད་རྭ་སྒྲེང་དུ་རྟེན་གྱི་སྤྱན་སྔར་བླངས་པ་སྤེལ་བར་མི་རིགས་འདྲའང་བཞེད་པ་དང་བསྟུན། འདི་སྐབས་ཆོས་བཀའི་རིགས་ཉན་གྱིན་མེད་ཀྱང་རབ་གནས་སྦྱིན་སྲེག་སོགས་ཀྱི་ཕྱག་ལེན་ཞིབ་ཏུ་ཞུས་པས་མོས་པ་ཆེར་འཕེལ། དྷརྨ་ཤྲཱིའི་ཚ་བོ་དའི་སང་ཁོ་ཤོ་ཆི་ཅན་ཁ་ཤས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བྱས། ཞག་བདུན་གྱི་བར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་དཀྱིལ་འཁོར་ལ་བརྟེན་པའི་རིགས་དྲུག་གནས་འདྲེན་གྱི་ཆོ་ག་རྒྱལ་པོར་དམིགས་ནས་ནན་ཏན་དུ་བགྱིས་པ་ཉིན་སྔ་མ་ཚོར་ཧ་ཅང་གི་ལྟས་ལེགས་པར་མ་བྱུང་ཡང་མཇུག་ཏུ་གནས་ངན་ལེན་གྱི་འཆིང་བ་ལས་གྲོལ་བའི་མཚན་མ་གསལ་བ་ཡིན་འདྲ་བསམ་པ་ཤར། ཟེར་ཆེན་པ་རྣམ་རྒྱལ་ཚེ་རིང་གིས་བར་ཁམས་ནས་དགོས་ཚུལ་བཞིན་ཨྱོན་རིན་པོ་ཆེའི་བླ་མའི་རྣལ་འབྱོར། སའི་ཁན་ཇུའི་ཁ་ཏོན་དུ་བདུན་རྣམ་དག་སྨོན་ལམ་དང་བཅས་པ། ཨ་ཡོ་ཤིས་བསྐུལ་བའི་གསོལ་འདེབས་རྣམས་བྲིས་ཉེར་གཉིས་ལ་གྲ་ཚང་གི་གྲ་པ་རགས་རིམ་དང་བཅས་དགའ་ལྡན་ཁང་གསར་དུ་ཕྱིན་པའི་རྒྱལ་པོའི་སྐུ་པུར་ལ་འཇིགས་བྱེད་བཅུ་གསུམ་མའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཁྲུས་ཆོག་ལྷོ་སྒོ་རྒྱས་པར་བྱས། ལོ་མཇུག་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་ཟོར་ལས་སོགས་དུས་རིམ་དང་།

དགུང་ལོ་སོ་དགུ་པར་ཕ་བོང་ཁར་གཉུག་མར་གནས་པའི་དགེ་འདུན་རྣམས་ལ་བཀའ་ཆོས་དང་། གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་དགོངས་རྫོགས་མཆོད་སྤྲིན་བསྟར་བ་སོགས་ཀྱི་སྐོར།


GLG005_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ལུག་གནམ་ལོ་གསར་ཚེས་ཀྱི་སྲིད་གསུམ་དབང་མོར་མཆོད་གཏོར་ཐོག་འཕྲིན་ལས་བཅོལ་བའི་སྙན་ཤལ་ཕུལ། བཞུགས་གྲལ་གྱི་དུས་སྟོན་བསྟར། གྲ་ཚང་དུ་རྣམ་རྒྱལ་མའི་ཆོ་ག་རྒྱུད་སྡེ་གཞན་ལ་


GLG005_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གཞོགས་དྲུད་ཀྱི་ཧ་ཅང་ཁུངས་མི་བཙུན་ཞིང་མཛད་བྱང་ཡང་མེད་པ་ཞིག་འདུག་པས་ལུགས་སྲོལ་འདི་གའི་རང་སྐད་དང་མཐུན་པའི་བདག་མདུན་སྟོང་མཆོད་ཀྱི་ཆོ་ག་གསར་དུ་བརྩམས། ཚེས་བཞི་ལ་སྤྱི་ཁང་དུ་སློབ་དཔོན་རྣམས་དང་ལྷན་ཅིག་པར་གཉེར་པས་བཀུར་སྟི་བཟབས། གཙང་དུས་དབུས་གཙང་གཉི་གར་བཀའ་འགྱུར་རྒྱུན་སྒྲོགས་མཛད་པ་ཆག་པའི་ཉམས་གསོས་ལ་འདི་ལོ་ནས་དེ་ཚབ་སྟར་ཆགས་འགབ་ཚུལ་སྡེ་པར་ཞུས་པ་ལ་དགོན་ཁག་དགོངས་བཅད་ཀྱིས་ཞལ་བཀོད་མཛད་འདུག་པར། ཟླ་བ་དང་པོར་གོང་དཀར་ཐོད་རི་བཤད་སྒྲུབ་གླིང་དང་རིན་སྤུངས་དགའ་ལྡན་བྱམས་པ་གླིང་། གཉིས་པར་ཆུ་ཤུར་ཐར་པ་གླིང་པ་དང་དཔལ་འཁོར་ཆོས་སྡེའི་དགེ་ལུགས་གྲ་ཚང་རྣམས་ནས་བསྡུས་པ། གསུམ་པར་དགའ་ལྡན་དོན་གཉིས་གླིང་པ་དང་གངས་ཅན་ཆོས་འཕེལ། གནས་ཆོས་སྡེ། ལྷུན་རྩེ་ཆོས་སྡེ། སྔོ་མོ་རྫོང་པ་རྣམས་ཚོ་བསྡུས། བཞི་པར་ཐོས་བསམ་དར་རྒྱས་གླིང་པ་དང་དགའ་ལྡན་འོག་མིན་གླིང་པ། ལྔ་པར་སྐྱོར་ལུང་། སྦེ་སེར། ཉི་ཐང་ཚོ་བསྡུས་དང་། ཤངས་དགའ་ལྡན་ཆོས་འཁོར། དྲུག་པར་ཆོས་འཁོར་ཡངས་རྩེ་བ་དང་གངས་ཅན་པ། རྒྱལ་ཆེན་རྩེ། རི་བོ་གདངས་ཅན་པ་རྣམས་ཚོ་བསྡུས། བདུན་པར་འོལ་དགའ་ཚོ་བསྡུས། གནས་རྙིང་། འབྲོང་རྩེ། གསེར་སྡིངས་པ་རྣམས་ཚོ་བསྡུས། བརྒྱད་པར་དགའ་ལྡན་དོན་གཉིས་གླིང་པ་དང་དགའ་ལྡན་འཕེལ་རྒྱས་གླིང་པ། དགུ་པར་རི་བོ་བདེ་ཆེན་པ། དགའ་ལྡན་འོག་མིན་གླིང་པ་དང་མང་མཁར་དར་གླིང་བ་དྲིལ་བ། བཅུ་པར་ཐོས་བསམ་དར་རྒྱས་གླིང་པ། བསམ་གྲུབ་དགའ་ལྡན། སྡེ་གོང་པ།བུམ་པ།རྟ་ཞལ་


GLG005_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དྲིལ་བ། བཅུ་གཅིག་པར་དགའ་ལྡན་གསུང་རབ་གླིང་པ་དང་ཤེལ་དཀར་ཆོས་སྡེ་བ། བཅུ་གཉིས་པར་ཐང་སག་དགའ་ལྡན་ཆོས་འཁོར་དང་ཤངས་དགའ་ལྡན་ཆོས་འཁོར་རྣམས་ལ་བཙུགས་སྣང་བ་པོ་ཏ་ལ་དང་དོལ་གྱི་གསུང་སྒྲོག་ལོ་ཤས་ནས་པར་བཀབ་མ་བྱུང་འདུག་ཅིང་མངའ་རིས་རྫོང་ཁའི་དེ་ཚབ་འདུས་བྱུང་དུ་ཚུགས་ཟེར་བ་ཕྱི་སྐོར་བཀའ་འགྱུར་འཕར་མ་རྟག་གཤིས་ཆག་པ་རྣམས་བར་སྐབས་མ་གསོས། ཚེས་ལྔ་ལ་འཕྲུལ་སྣང་གཙུག་ལག་ཁང་གི་བྱ་འདབས་སུ་སླེབས། སྨོན་ལམ་ཆེན་མོའི་ཚོགས་ཆེན་ཞལ་འདོན་དུ་རྒྱལ་པོའི་དགོངས་རྫོགས་སུ་དམིགས་པའི་སྨོན་ལམ་ཚིགས་བཅད་ཅིག་བརྩམས། གྲ་ས་ཕན་ཚུན་གྱིས་གཙོས་པའི་རང་ཕྱོགས་ཆོས་སྡེ་ཚོར་རྒྱུན་ཚུགས་ན་སྐབས་སུ་བབ་པ་འདུག་རུང་དེ་ལོ་ལས་འཕྲོ་འཐུད་མ་འཐུད་སྣ་ཚོགས་བྱུང་བ་འདྲ། ཨོ་ཆིར་ཐུ་ཐའི་ཇི་དང་དཔོན་མོ་གཉིས་ཀྱིས་བསྐུལ་བའི་གསོལ་འདེབས་སྨོན་ལམ། དཔོན་མོ་སྒེར་གྱི་ངོར་སྒྲོལ་མའི་བསྟོད་པ་རྣམས་བྲིས། ཚེས་བརྒྱད་ནས་སྨོན་ལམ་ཆེན་མོ་སྔར་འཁྱུད་བཞིན་ཚུགས་པའི་གཙུག་ལག་ཁང་དུ་འདོད་དོན་གྱི་སྨོན་པ་གསོལ་བའི་ལྷ་རྫས་ཕུལ། ལྔ་པ་ནོ་མོན་ཁན་དང་སའི་ཁན་ཇུ་གཉིས་ཀྱིས་ཁྲི་འབུལ། ཏ་འོན་པ་ཡན་ཆོས་རྗེ། གུ་ཤྲི་ཆོས་རྗེ། བེན་དུ་ནང་སོ་སོགས་ཀྱིས་བརྒྱ་འབུལ་དང་ཚོགས་ཆེན་དུ་ཇ་དངུལ་དར་གྱི་འགྱེད་གྱ་ནོམ་པ་བཏང་ལྷ་རྒྱ་རི་བ། སྐྱིད་ཤོད་ཁག །གཟིམས་ཁང་གོང་སྤྲུལ་སྐུ། མཚུར་ཕུ་དྲུང་པ་རྣམས་ཀྱིས་མཎྜལ་ར་བར་རྒྱལ་པོའི་དགོངས་རྫོགས་ལ་དམིགས་པའི་བསྔོ་རྟེན་རྒྱས་པར་བསྟར་ཞིང་གཟིམས་ཁང་གོང་ནས་དར་དང་། ལྷ་པས་མར། སྐྱིད་ཤོད་པས་ནས་


GLG005_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

འགྱེད་ཀྱང་བཏང་། ཚོགས་ཆེན་དུ་སྡེ་པས་དགོངས་རྫོགས་སུ་གསར་འཕར་གྱི་ཚ་ར་དང་གསེར་དངུལ་ཁ་བཏགས་མར་ནས་ཀྱི་འགྱེད་མཛད། འབྲུག་པ་དང་བདེ་ཆེན་ཆོས་འཁོར་བར་ཚེ་དཔག་མེད་འཇམ་ལུགས་ཀྱི་དབང་དགུང་གྲངས། ད་ལའི་པཱ་ཐུར་ལ་འཆི་མེད་དཔལ་སྟེར་གྱི་ཚེ་རྟ་བརྒྱ་རྩ། དཔོན་མོ་སའི་ཁན་ཇུས་གཙོས་གསར་འགྲུལ་མང་བར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། སྒྲོལ་དཀར་སྤྱན་བདུན་མགྲས་སྐྱོང་ཐོག་རྒོད་རྣམ་རྒྱལ་ཡབ་སྲས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་ཕྱག་དྲུག་པའི་གཏོར་དབང་བར་ཆད་ཀུན་སེལ་རྣམས་བྱས། ཐོད་རི་བཤད་སྒྲུབ་གླིང་གི་གྲ་པ་གཉིས་ཀྱིས་གསར་རྩོམ། དབུ་ཕར་དང་གནམ་ནས་འབྲུག་སྒར་པའི་གྲ་པ་ཞིག་གིས་མཛོད་ཀྱི་རྒྱུགས་སྤྲད། ཁམས་རི་བོ་ཆེ་ནས་སྟག་ལུང་ཞབས་དྲུང་རིན་པོ་ཆེ་ངག་དབང་བཀྲ་ཤིས་དཔལ་གྲུབ་ལྷ་སར་ཕེབས། དེ་སྔ་ཕན་ལྡེམ་མཇལ་ཡིན་ཀྱང་ད་ལམ་ཕྱག་བཙལ་ཆོག་པ་དགོས་ཚུལ་གསུང་ནན་ཧ་ཅང་ཆེས་པ་མ་བཟློག་པའི་དགོངས་སྦྱར་གྱིས་མཇལ། རྒྱལ་བ་ཙོང་ཁ་པ་ནས་བརྒྱུད་པའི་འཇམ་དབྱངས་ཀྱི་ཆོས་བཀའ་ཡོད་ན་དགོས་ཕེབས་པ་ལྟར་འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་བྱིན་རླབས་ལུང་ཆ་ཚང་། ཆག་ལུགས་ཀྱི་ཚེ་དཔག་མེད་དཀར་པོའི་རྗེས་གནང་། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཚེ་སྒྲུབ་འཆི་མེད་དཔལ་སྟེར། བྱང་ཆུབ་ལམ་རིམ་ཆེན་མོའི་ལུང་རྣམས་ཕུལ། ཆོས་བཀའ་འབུལ་རིང་དུ་མ་ཟད་སྔ་ཕྱིར་ངོས་མཇལ་ལྔ་དྲུག་ཙམ་བྱུང་བ་ལུགས་གཉིས་དང་འབྲེལ་བའི་གསུང་གླེང་ཤིན་དུ་འཕེལ། བདོག་པའི་དངོས་པོ་ཕར་འབུལ་ཚུར་གནང་བཟབས་རྒྱས་བྱུང་། ཟླ་བ་གཉིས་པའི་ཚེས་དྲུག་ལ་ཆིབས་ཁ་སྒྱུར་གདོང་བཞུགས་


GLG005_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གྲལ་གྱི་གཞིས་ལེན་ཞུས། གཟིམས་ཁང་གོང་སྤྲུལ་སྐུར་བཞུགས་གདན་སོགས་བླ་ཆེན་དུ་གཏོགས་ངེས་ཀྱི་གཟོས་སྒོ་ལུགས་མཐུན་ཡོད་མུར། ཆུ་རྟ་ནས་སྡེ་པ་རང་གི་དགོངས་བཅད་ཀྱིས་སུམ་གདན་ལ་ཕབ་སོང་བ། འདི་ལ་ཁོང་དཔོན་སློབ་འོལ་དགར་འབྱོན་གདོང་སྟག་ལུང་ཞབས་དྲུང་གི་བཞུགས་ཁྲི་དེ་གར་བཞུགས་རྩིས་ཀྱི་བསླབ་སྟོན་བསོད་ནམས་དབང་རྒྱལ་ལ་མཛད་འདུག་པ་གད་ཁ་ས་ཕྱོགས་ཀྱི་འཁྲུལ་ཞིག་ཡིན་འདྲའང་། དམངས་མའི་ལྟ་སྣང་ལ་རས་ཆུང་པའི་ལྟ་བའི་དཔེ་རི་མ་ཀླུང་ཆེན་པོར་སོང་དོགས། ཁ་སང་ཕན་གྱི་མུ་འཐུད་པར་ཐུགས་ལ་མ་འཐད་པའི་མདངས་ཤིག་མཛད་འདུག །ཁྱམས་ར་མཐིལ་དུ་ཨོ་ཆིར་ཐུ་ཐའི་ཇི་དང་སི་ཁན་ཇུའི་སོག་པོ་གཞན་མའི་ལྡེབས་འབྱར་དང་བཅས་སྟོང་ཕྲག་གཉིས་ལྷག་ཙམ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་ཕྱག་རྡོར་གོས་སྔོན་ཅན་གྱི་རྗེས་གནང་། དཔོན་དཔོན་མོ་རྣམས་ལ་མཚན་བརྗོད། གདུགས་དཀར། གསོལ་འདེབས་སོགས་ཆོས་སྤྱོད་འདྲའི་ལུང་དང་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བྱིན་རླབས་བྱས། ཐའི་ཇིས་སྡེ་པར་ཐམ་ཀ་དགོས་ཞུས་པར་རྫོང་བདའ་གྲུབ་ནས་བསོད་ནམས་དབང་རྒྱལ་གར་པའི་མདར་ཐམ་ཀ་སྐྱེལ་བ་ལ་བཏང་སོང་བར་ཉམས་སྣང་ཆེན་པོ་མི་འདུག་ཟེར། རྒྱལ་པོ་དེ་ཉིད་ཀྱི་དགོངས་པ་ལྟར་ཐའི་ཇིར་རྒྱལ་པོའི་ཆོ་ལོ་དང་སྦྲགས་ཐམ་ཀ་གཏོད་པའི་སོག་ལུགས་ཚད་ལྡན་བྱུང་ན་སྦྱིན་བདག་གི་སྣང་ངོར་ལེགས་རྒྱུར་འདུག་རུང་རྒྱ་བོད་ཧོར་གསུམ་གང་གིའང་ལུགས་ཚད་ལྡན་མི་མཛད་པ་ཐུགས་ཀྱི་གཤིས་ལུགས་སུ་ཡོད། ཚ་བ་སྐུ་སྐྱེ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། སྒྲོལ་དཀར་སྤྱན་


GLG005_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་མ། མགོན་པོ་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་རྣམས་བསྐུར། སྐུ་སྐྱེ་རྙིང་མའི་ཆོས་སྐོར་ལ་ཤེས་འདོད་སྣང་བར་སོག་ཡུལ་ཕྱོགས་འདིར་གསང་སྔགས་རྙིང་མའི་འཕྲོད་ལམ་ཆེ་བ་ཞིག་ཡོང་གིན་མི་འདུག་ཅིང་དཔེ་ཆ་ལྷ་རྟེན་ཡང་བསྣམས་པ་མི་འགབ་པའི་རྒྱུ་མཚན་ཞིབ་པར་མོལ་ཡང་ཡིད་བརྟན་མི་མཛད་པ་རྗེས་སུ་ལྷ་འདྲེ་འདྲའི་འཚུབ་ལྷོངས་ཀྱིས་བར་ཆད་ཀྱི་དབང་དུ་གྱུར་བའི་དཔེ་རྟེན་རྣམས་ཡར་སྐྱེལ་དགོས་པ་བྱུང་སོང་། སྤྲུལ་སྐུ་བདེ་ཆེན་གླིང་པའི་སྐུ་སྐྱེ་དང་བླ་མ་བོན་ལུང་ཚུལ་ཁྲིམས་རྒྱལ་མཚན་གཉིས་ལ་རིག་འཛིན་རྒོད་ལྡེམ་གྱི་དག་སྣང་མངའ་རིས་རིག་འཛིན་ཆེན་པོ་ནས་ཆོས་རྒྱལ་བྱང་པ་ལ་བརྒྱུད་པའི་བརྡ་དོན་ལམ་ཟབ་ཀྱི་བླ་མའི་རྣལ་འབྱོར་བྱས། དཔོན་མོ་སའི་ཁན་ཇུ་ལ་སྙིང་པོ་དོན་གསུམ་གྱི་འཕོ་བ་ཉམས་འཁྲིད་དུ་ཕབ་པ་དད་བརྩོན་སྙིང་རུས་ཆེ་བས་ནན་ཏན་དུ་བསྒོམས་པའི་དོགས་ཀྱང་འཕྲལ་འཕྲལ་དཔྱད་སོང་བས་གོ་ཡུལ་དུ་མ་ལུས་ཙམ་བྱུང་ཚོད་དུ་འདུག །རྒྱུད་སྟོད་ནས་བསྙེན་རྫོགས་ལྔ། དགེ་ཚུལ་བཅུ་གཉིས། ཨ་པ་ལའི་གྱི་བཙུན་གསར་སེར་འབྲས་སུ་སློབ་གཉེར་ལ་སྡོད་མི་སོག་བཙུན་བདུན་ཅུ་དོན་བརྒྱད་བཅས་རབ་ཏུ་བྱུང་། ཚེས་བཅུ་གསུམ་ལ་རྟ་བསུ་བརྒྱ་སྐོར་དགེ་འདུན་སྟོང་ཕྲག་ཙམ་གྱི་སེར་སྦྲེང་དང་བཅས་སེ་ར་ཐེག་ཆེན་གླིང་དུ་ཕྱིན། ཚོགས་ཆེན་དུ་ལས་གཤིན་ཕྱི་ནང་གསང་གསུམ་མ་གཏོགས་པའི་འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་བྱིན་རླབས་ལུང་ཡོངས་རྫོགས། བཀའ་གདམས་གླེགས་བམ་ཕ་ཆོས་བུ་ཆོས་ལེ་ལག་དང་བཅས་པ། ཆོས་མཚམས་བྱེད་ཁའི་རྟེན་འབྲེལ་ལ་བྱང་ཆུབ་ལམ་གྱི་རིམ་པ་ནས་ཆོས་ཐུན་གཅིག་གི་བཤད་ལུང་དབུ་ཚུགས་པ་ཕུལ། པཎྜི་ཏ་གོ་ཀཱུ་


GLG005_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཝ་ར་ཎཱ་སིར་འབྱོན་རྫོངས་གསེར་ཞོ་བརྒྱ། དངུལ་སྲང་བརྒྱ་རྣམས་བསྟབས། སྤྱི་སོ། བྱེས་སྨད། ཧ་སྡོང་རབ་འབྱམས་པ་ཅན་གྱིས་དམར་སྤྲོ། ཅོ་ནེ་དང་སྟོད་པས་དཀར་སྤྲོའི་གཞིས་ལེན་དང་སྟེར་ཆ་བཟབས། སྒམ་པོ་སྤྲུལ་སྐུས་ཐུགས་རྩོམ་དང་བཅས་པའི་ཕྱག་བྲིས་ལྷ་ཆེན་ཉི་བུའི་གཡུལ་ལས་རྒྱལ་བའི་རྟེན་འབྲེལ་ཚན་གྲངས་བྱུང་བའི་ལན་སྙན་ངག་ནས་དྲངས་པ་ཕུལ། སའི་ཁན་ཇུས་བུ་ཚེ་དབང་གི་ཁ་ཏོན་གྱི་ཆེད་དང་ཇའི་སང་ཁོ་ཤོ་ཆི། མགོན་པོ་ཚེ་དབང་རྣམས་ཀྱིས་བསྐུལ་བའི་བདག་བསྟོད། གྲ་ཚང་གཉེར་པ་བློ་བཟང་སྦྱིན་པ་དང་སྨན་གྲོང་ཚེ་དབང་དར་རྒྱས་ཀྱི་ངོར་འཁྲུངས་རབས་གསོལ་འདེབས། སྡེ་པ་འདར་ལོ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཁྲོ་ཕུར་ཙནྡྲ་བྱཱ་ཀ་ར་ཎའི་སློབ་གཉེར་བྱེད་པར་བར་ཆད་མི་འབྱུང་བའི་སྨོན་ལམ། ལྔ་པ་ནོ་མོན་ཁན་གྱིས་མངའ་རིས་གྲ་ཚང་གི་བྱམས་སྐུ་བཞེངས་པའི་སྨོན་ལམ་རྣམས་བྲིས། འགྲུལ་པ་གསར་སླེབས་ཁ་ཤས་ལ་མགོན་པོ་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་བྱས། བསྙེན་རྫོགས་བཅུ་གཉིས་དང་རབ་བྱུང་བརྒྱ་སུམ་ཅུ་སྐོར་བསྒྲུབས། ཉེར་ལྔ་ལ་ཁྱབ་བདག་བླ་མའི་གདན་ས་ཕ་བོང་ཁ་བྱང་ཆུབ་ཤིང་གི་ནགས་ཁྲོད་དུ་ཕྱིན། གཉུག་མར་གནས་པའི་དགེ་འདུན་རྣམས་ལ་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་དབང་བཞི། རྒྱལ་བ་ཙོང་ཁ་པས་མཛད་པའི་གསང་འདུས་མི་བསྐྱོད་པའི་མངོན་དཀྱིལ། ཟ་མ་ཏོག །བཅུ་གསུམ་མ་གསུམ་གྱི་དཀྱིལ་ཆོག །རྡོ་རྗེ་འཆང་ཕ་བོང་ཁ་པའི་གསུང་འབུམ་ནས་ལྟ་བ་སྤྱི་ཁྱབ། དབང་གི་སྦྱིན་སྲེག །འཁྲུངས་རབས་བསྟོད་པ་སོགས་འདོད་ཆོས་མང་དུ་ཕུལ་


GLG005_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ས་བ་ཆོས་རྗེ་དཔལ་འབྱོར་དར་རྒྱས་ཀྱིས་གཞིས་ལེན་བཟབས་པར་མཛད། གཟིམས་ཆུང་སྒོ་འགྲམ་མཛེས་བྱེད་དུ་གསོལ་འདེབས་བི་ཝརྟ་རྒྱ་བོད་ཀྱི་ཡི་གེ་སྤེལ་བ་སྦྱར། ཉེར་བརྒྱད་ལ་གྲོང་སྨད་དུ་གུང་གི་དྲོ་བསྟབས། ནང་མི་རྣམས་ལ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བསྐུར། དེ་ནུབ་སེ་རར་འབྱོར། སང་ས་སྐྱོང་བསོད་ནམས་རབ་བརྟན་གྱི་སྐུའི་དོགས་སེལ་དུ་བླུད་རྫོང་བྱབ་ཁྲུས། ཐང་སྟོང་རྒྱལ་པོ་ལུགས་ཀྱི་ཚེ་དབང་བརྒྱ་ཚར་ཕུལ། གནམ་གང་ལ་འབྲས་སྤུངས་སུ་འབྱོར། ཧོར་ཟླ་གསུམ་པའི་ཚེས་བཞི་ལ་ཁུན་འདུ་ལེན་ལ་དགེ་བསྙེན་གྱི་སྡོམ་པ་ཕབ། རི་ལྔ་གངས་ལྔ་མཚོ་ལྔ་ཡོད་པའི་ས་ཞིག་ཏུ་ཨ་པ་ལའི་གྱིས་དགོན་གསར་འདེབས་རྩིས་ཀྱིས་ལུང་བསྟན་དོགས་གཅོད་འགའ་ཞིག་ལ་ཞུས་པར་ལེགས་པོ་འོང་བར་དབུགས་དབྱུང་བ་དང་རྒྱལ་བ་རིགས་ལྔ། མཁའ་འགྲོ་སྡེ་ལྔ། ཚེ་རིང་མཆེད་ལྔའི་མཚོན་དོན་གྱི་སྙན་བརྗོད་སྤེལ་བ་བྱུང་ཚོད་འདུག་ཀྱང་དེ་སྐབས་མ་ཐོས། འདི་གར་དྲིས་བྱུང་བར་ལྟས་ཤིན་ཏུ་འཚུབ་པའི་རྒྱུ་མཚན་མོལ་བ་དཔོན་མོས་འཕྲལ་དུ་སྐྱེལ་མི་བཏང་སོང་ཡང་དྲག་ཞན་ཚང་མ་སྙན་བརྗོད་པ་ད་ལས་ལ་དགའ་བའི་སྟབས་ངེད་ཀྱི་རྒྱུ་མཚན་བློ་ལ་མ་བབས་པའི་འཕྲོས་སྣང་། མོན་མེ་རག་བླ་མ། ཧོར་ཨ་མདོ་བ་རྒྱ་མཚོ་སྐོར། འཕྲིན་ལས་བླ་མ་སོགས་སོག་པོ་གསར་འགྲུལ་གྱི་རིགས་མང་བར་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། བསྙེན་རྫོགས་བཅུ་གཅིག་དང་དགེ་ཚུལ་བཅོ་བརྒྱད་བསྒྲུབས། ཚེས་བརྒྱད་ལ་ལེགས་ལྡན་ནག་པོ་གདོང་བཞི་པའི་མཆོད་གཏོར་རྒྱས་པར་སྤྲོས་ཤིང་ལས་བཞིའི་འཕྲིན་ལས་སྒྲུབ་པའི་སྙན་དར་ཕུལ། དགུ་ནས་བཅུ་དགུའི་བར་བཅད་རྒྱའི་ཁོངས་སུ་རྡོ་རྗེ་འཆང་


GLG005_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསར་པ་མགོན་པོ་བསོད་ནམས་མཆོག་ལྡན་ལ་དབང་། རྗེས་གནང་། ཟབ་འཁྲིད། ལུང་ཁ་ཤསཞུས། འཕྲང་འགོ་གཏེར་སྟོན་པའི་གཏེར་གསར་འཆི་མེད་སྐུ་གསུམ་འདུས་པའི་དབང་ཕུལ། འདི་ལོ་ནས་བཟུང་ལོ་ཤས་ཀྱི་བར་མུ་འཐུད་དུ་ཇའི་སང་སྡེ་པས་ཁུར་བླངས་བལ་པོ་སིདྡྷི་བཀྲ་ཤིས། དྷ་ན་མུ་ནི་ཅན། དོ་དམ་ཁ་རག་མངོན་དགའ་བ། སྡིངས་ཆེན་པ། ལྷ་རྩེ་ལྷུག་པ་གསུམ་གྱིས་སྔ་ཕྱིར་ངེས་མེད་སྣ་ཚོགས་སུ་བྱས་པའི་སྐུ་པར་བཟོས་པ་ལ་རྒྱབ་མདུན་གྱི་པར་གཉིས་ཀ་ཡོད་པ་ཐུབ་དབང་གི་ཆེ་ཆུང་གཉིས། བདེ་གཤེགས་བརྒྱད། སྒྲོལ་དཀར། ཨྱོན་རིན་པོ་ཆེ། ཇོ་བོ་རྗེ། རྗེ་བཙུན་ཙོང་ཁ་པ། ཇའི་སང་སྡེ་པའི་འདོད་པ་བཞིན་འདྲ་འབག་གི་ལུགས་གཉིས། མདུན་པར་ཁོ་ན་ཡོད་པ་གནས་བཅུ་ཆ་ཚང་། འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ཡན་གྱི་ལམ་རིམ་བརྒྱུད་པ། ཆོས་རྒྱལ་མེས་དབོན་གསུམ། ཨྱོན་རིན་པོ་ཆེ་གཉིས། མཁན་པོ་ཞི་བ་འཚོ། གནུབས་སངས་རྒྱས་ཡེ་ཤེས། ཇོ་བོ་ཨ་ཏི་ཤ། ཁ་ཆེ་དགོན་པ་བ། ས་སྐྱ་པ་ཆེན་པོ། ཁ་ཆེ་པཎ་ཆེན། མངའ་བདག་ཉང་། ཕག་མོ་གྲུ་པ། བླ་མ་ཞང་། ལྷ་རྗེ་དགེ་འབུམ། ཤོང་ལོ། དཔང་ལོ། བུ་སྟོན་རིན་པོ་ཆེ། པཎ་ཆེན་པདྨ་བཛྲ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། མཁས་གྲུབ་ནོར་བཟང་པ། ཞ་ལུ་ལོ་ཆེན། པཎ་ཆེན་དགེ་འདུན་རྒྱ་མཚོ། སྔགས་རམས་པ་དགེ་འདུན་བཀྲ་ཤིས། ཚར་ཆེན་མངའ་རིས་རིག་འཛིན་ཆེན་པོ། རྗེ་བསོད་ནམས་རྒྱ་མཚོ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་


GLG005_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ། ཁྱབ་བདག་མགོན་པོ་བསོད་ནམས་མཆོད་ལྡན། རིགས་ཀུན་བདག་པོ་ཞ་ལུ་མཁན་ཆེན། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་གཉིས། རིག་འཛིན་བློ་མཆོག་རྡོ་རྗེ། ཤར་ཆེན་བྱམས་པ་རྣམ་རྒྱལ། འདར་ནག་བདེ་བ་བཟང་པོ། སྤྲུལ་སྐུ་གཏེར་བདག་གླིང་པ། དྲག་པོ་རྩལ། པདྨ་ཡང་གསང་། ཕུར་པ། དུས་འཁོར། བདེ་མཆོག །གསང་འདུས་གཉིས། ཀྱེ་རྡོར་གཉིས། འཇིགས་བྱེད་གཉིས། ནཱ་རོ་མཁའ་སྤྱོད་གཉིས། དམར་པོ་སྐོར་གསུམ། རྡོ་རྗེ་སེམས་དཔའ། ཀུན་རིག །རྣམ་སྣང་མངོན་བྱང་། ཚེ་དཔག་མེད། འོད་དཔག་མེད། ཀླུ་དབང་གི་རྒྱལ་པོ། མི་འཁྲུགས་པ། སངས་རྒྱས་སུམ་ཅུ་རྩ་ལྔ་ཐོན་པའི་རིགས་ལྔ་སྤྲུལ་སྐུ། རིགས་གསུམ་མགོན་པོ། འཇམ་དཀར། བྱམས་པ། རྣམ་རྒྱལ་མ། སྒྲོལ་དཀར་གསུམ། སེང་ལྡེང་ནགས་སྒྲོལ། དབྱངས་ཅན་མ། མི་གཡོ་བ། ཛམ་དམར་སེར། ནོར་རྒྱུན་མ། ཕྱག་དྲུག་པ། ལས་གཤིན་ཕྱི་ནང་གསང་གསུམ། གུར་མགོན། རྣམ་སྲས་རྣམས་བཞེངས། ཉི་ཤུ་ནས་མཚམས་གྲོལ་བའི་བྱང་འགྲུལ་གྱི་རིགས་ཐོར་བུ་སླེབས་པ་རྣམས་ཀྱི་སོ་སོའི་རེ་བ་བཀང་། ཏྲེ་བོ་ཧོར་ཚང་ཆོས་རྗེས་ཆེད་གཉེར་དུ་མི་མངགས་པ་བཞིན་སྨོན་ལམ་དང་བློ་སྦྱོང་དོན་བདུན་མའི་ཉམས་ལེན་ཚིགས་བཅད་དུ་སྡེབས་པ། རབ་འབྱམས་སྨྲ་བ་དོན་ཡོད་རྒྱལ་མཚན་བྱ་ཁྱུང་བྲག་གི་གདན་སར་འབྱོར་ཚུལ་གྱི་ཡིག་ལན་ཚིགས་བཅད། བདེ་ཡངས་སློབ་དཔོན་ཕུན་ཚོགས་ཆོས་ལྡན་གྱིས་བསྐུལ་བའི་བྱམས་པའི་བསྟོད་པ། སྟག་ལུང་གྲ་ཚང་གཉེར་པ་ངག་དབང་རྒྱ་མཚོས་བསྐུལ་བའི་ཞབས་


GLG005_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་མ་ཆེན་ངག་དབང་བཀྲ་ཤིས་དཔལ་གྲུབ་ཀྱི་གསོལ་འདེབས་བརྟན་བཞུགས། སྐྱིད་ཤོད་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་བླ་མའི་རྣལ་འབྱོར་སེམས་དཔའ་སུམ་བརྩེགས། གཟིམས་ཤག་བྱང་པ་ཨ་བར་སྨིན་དྲུག་གི་ཁ་ཏོན་དུ་ཨྱོན་རིན་པོ་ཆེའི་བླ་མའི་རྣལ་འབྱོར། སྔགས་འཆང་ཀུན་བཟང་དབང་པོའི་ངོར་བདག་བསྟོད་རྣམས་རེག་ཟིག་ཏུ་བྲིས། བསྙེན་རྫོགས་ཉེར་གཉིས་དང་དགེ་ཚུལ་བདུན་ཅུ་བསྒྲུབས། ཇའི་སང་ཁོ་ཤོ་ཆི་ལ་ཚེ་རྟ། དོལ་ཆོས་འཁོར་གནས་བླ་མར་ས་གསུམ་མ་དང་འདྲེན་པ་མཉམ་མེད་མའི་ལུང་བྱས། ཧོར་ཟླ་བཞི་པའི་ཚེས་བཞི་ལ་སྟག་རྩེ་ཐའི་ཇི་མཚོ་སྐྱེས་རྡོ་རྗེ་གྲོངས་པའི་ཁྲབ་བྱང་རྟ་ལུག་མིག་མས་གཙོས་བསྔོ་བྱང་གི་རྟེན་གཟེངས་བསྟོད་པ་འབྱོར་ཞིང་བྱང་བུ་བཞུ་བའི་མཚན་མར་གསལ་བའི་དགེ་སྒྲུབ་ཀྱི་རྒྱུ་མཚན་མོལ། དགོངས་རྫོགས་ཐེབས་ཀྱི་བདོག་པ་བཟབས། ཚེས་བརྒྱད་ལ་སྟ་གོན་དང་དགུ་ལ་རས་བྲིས་ཀྱི་དཀྱིལ་འཁོར་དུ་དཔོན་མོ་སའི་ཁན་ཇུས་གཙོས་དབང་ཆ་གཅིག་ལ་དགེ་ལུགས་འཇིགས་བྱེད་ཀྱི་དབང་བཞི། བླ་མ་མཆོད་པ་དང་གཏོར་མ་བརྒྱ་རྩ་ཆེ་ཆུང་གི་ལུང་བཀླགས། དགོས་ཚུལ་བྱུང་བ་ལྟར་དེ་བཞིན་གཤེགས་པའི་འཕེལ་གདུང་སོགས་བྱིན་རྟེན་རྣམ་གྲངས་མང་བ་འདོད་སྦྱར་བཞིན་དང་བཅས་རྫོང་བདའ་བྱས། ཨ་ཡུ་ཤེ་དཔོན་མོས་མུ་ཏིག་རྡོག་ཆེ་ཚད་ཀྱི་བརྒྱ་འཕྲེང་བྱིན། གསེར་མདོག་ཅན་ལྕང་ར་གྲ་ཚང་གི་སློབ་དཔོན་པར་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། ཚེས་བཅུ་དགུ་ལ་བདེ་ཡངས་གྲ་ཚང་གི་གྲ་ཁང་། གཙང་ཁང་གི་བྱམས་པ་དང་བཅས་


GLG005_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤིས་པ་བརྗོད་ཅིང་མེ་ཏོག་གཏོར། འདུ་ཁང་དུ་གྲ་དམངས་ཀྱིས་རིང་འཚོའི་རྟེན་འབྱུང་བསྒྲིགས་ཤིང་ཆོས་སྐྱོང་ཆེན་པོའང་ཁོག་ཏུ་བབས་སྐུ་ཁོག་བྱམས་པ་རྒྱ་མཚོའི་དུས་ཀྱི་ལོ་རྒྱུས་སོགས་ངོ་མཚར་བ་མང་དུ་གསུང་། གོང་དུ་སོང་བའི་ལྕང་ལོ་ཅན་དཀའ་བཅུ་དང་རྟ་འབུལ་དཔོན་ཆུང་གཉིས་ལམ་དུ་མ་འཚམས་ཀྱང་ཡར་གནའ་བའི་གསེར་ཡིག་པ་ཏ་འོན་མཉྫུ་ཤྲཱི། ཏ་འོན་ནོར་བུ་རྒྱ་མཚོ། ཚུལ་ཁྲིམས་ཁི་ཡ་གསུམ་གྱིས་གཙོས་འགྲུལ་པ་གཏོས་ཆེ་བ་འབྱོར། ཉེར་ལྔ་ལ་གོང་ནས་སྩལ་བའི་བཀའ་ཤོག་གནང་སྦྱིན་སྤྲད། ཉེར་བརྒྱད་ལ་སོ་སོས་གོས་དར་གསེར་དངུལ་གྱིས་མཚོན་པའི་སྟེར་སྦྱིན་གྱ་ནོམ་པ། གྲ་ས་ཕན་ཚུནདུ་མང་འགྱེད་ཀྱི་རྙེད་བཀུར་རྒྱས་པ་བྱུང་། གསེར་ཡིག་པ་རྣམས་ལ་སྔར་ལུགས་བཞིན་གྱི་གཞིས་ལེན་ཕོགས་བསྟར་ཞིང་མགོན་པོའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དང་སྟག་ལུང་ཕོན་མདོ་བ་ལྷུན་གྲུབ་རྫོང་པར་ཚེ་རྟ་ཟུང་འབྲེལ་བྱས། ཐང་ཆེན་ཆོས་སྐྱོང་བཤན་པ་ལག་དམར་གྱི་དགོས་ཚུལ་གསུང་བ་ལྟར་རྒྱལ་གསོལ་ཞིག་བརྩམས་པ་མང་ཉུང་འཚམ་ཞིང་ལེགས་པར་མངོན། རོང་པོ་ཀིརྟི་ཚང་གྲུབ་མཐའ་དགེ་ལུགས་ཁ་གཙང་ཡིན་རུང་ཆོས་སྐྱོང་གུར་ཞལ་གཉིས་ལ་གཙོ་བོར་བཏོན་ནས་འཁོར་ལོའི་མན་ངག་འདྲ་ཉམས་སུ་ལེན་པའི་གདམས་པ་ཞིག་བར་སྐབས་སུ་ནུབ་པ་རྩད་གཅོད་ལ་སྐུ་སྐྱེའི་ནུ་བོ་འབྲས་སྤུངས་ཀྱི་དཀའ་བཅུ་ཆོས་རྗེ་དེ་ས་སྐྱར་ཆེད་གཉེར་གྱིས་འོངས་པ་ཁོང་པ་གྲུབ་མཐའ་འགྱུར་དོགས་མི་དགོས་འདུག་ཀྱང་ཐུགས་དོགས་འཕྲོས་པའི་ས་སྐྱར་ཆོས་སྐོར་མེད་ཚུལ་བཀྲ་ཤིས་ལྷུན་པོ་ནས་བསླབ་སྟོན་གནང་བར་བརྟེན་ཕྱིར་ལོག །བཀྲ་ཤིས་ཆོས་སྡེ་


GLG005_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སུ་ཡོད་པ་མ་ཤེས་པ་ཁོ་ཐག་བཅད་དེ་རང་ཡུལ་དུ་འདེགས་གདོང་འདོད་སྦྱར་བཞིན་གུར་མགོན་ལྷ་གསུམ་མ་དང་ཞལ་བསྙེན་པའི་མགོན་པོ། སྤྱན་རས་གཟིགས་གཙོ་འཁོར་གསུམ་པ་རྣམས་ཀྱི་རྗེས་གནང་བྱས། ཧོར་ཟླ་ལྔ་པའི་ཚེས་བཞི་ལ་གོང་དཀར་དཀོན་གཉེར་དཔོན་དགེ་སྟེང་བླ་མར་སྤྱན་སྔ་ལྷ་གཟིགས་རས་པས་མཛད་པའི་སྤྱན་སྔ་ཆོས་དྲུག་གི་ལུང་། སོག་པོ་དཀའ་བཅུ་སོགས་དོན་གཉེར་ཅན་འགའ་ཞིག་ལ་སྤྱན་རས་གཟིགས་གཙོ་རྐྱང་གི་རྗེས་གནང་མངའ་རིས་དྲུང་པ་རྒྱལ་ཚབ་པས་གཙོས་རྒོད་ཚང་རི་ཁྲོད་པ་རྣམས་ལ་སྤྱན་རས་གཟིགས་ཚེམ་བུ་ལུགས་ཀྱི་དམར་འཁྲིད་དང་། ཁ་ཆེ་པཎ་ཆེན་གྱིས་བློ་སྦྱོང་སྐྱིད་སྡུག་ལམ་ཁྱེར་ཉམས་འཁྲིད་དུ་ཕབ། རྒྱལ་སྲས་ཐོགས་མེད་པའི་བཀའ་འབུམ་ཡོངས་རྫོགས་རྡོ་རྗེ་འཆང་ཕ་བོང་ཁ་པའི་གསུང་འབུམ་ནས་འཇིགས་བྱེད་ཆོས་འབྱུང་། ཕ་བོང་ཁའི་དཀར་ཆག །ཕུར་བའི་ལོ་རྒྱུས། སྐྱབས་འགྲོའི་རྣམ་བཤད། ཀ་ཏ་ར། ཇ་མཆོད། བདེ་བ་ཅན་སྨོན་ལམ་གསུམ་གྱི་འགྲེལ་པ། སྦྱིན་སྲེག །སྨན་བླའི་དབང་ཆོག །ལྟ་ཁྲིད་བསྡུས་པ། ཞལ་གདམས་སྐོར། གསར་རྩོམ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་གྱི་ལུང་། དྲུང་པ་སྒེར་དུ་རྗེ་ཕ་བོང་ཁ་པས་མཛད་པའི་རྫོགས་ཆེན་སྙིང་ཐིག་ཉུང་ངུ་དེ་ལ་བཤད་ལུང་སྦྲགས་པ་ཞིག་དགོས་ཚུལ་བྱུང་བ་རྣམས་འདོད་པ་དང་སྦྱར། དྲུང་པས་ཁྱེད་རྣམ་པ་སྐྱེ་བ་བརྒྱུད་མར་བཞེས་མཁན་ཚོ་ཚེ་འདིར་མ་གསན་ཀྱང་སྐུ་ཚེ་གོང་མ་རྣམས་སུ་གསན་པ་ཡིན་པས་གང་ཞུས་བྱུང་ཡང་ཐོགས་མེད་གནང་དགོས། མ་ཐོབ་གསུངས་ན་བསྟན་པ་ལ་གནོད་ཡོང་ཞེས་སྙན་སྒྲོན།


GLG005_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བ་བློ་གཟུར་གནས་ཤིག་གིས་བལྟས་ན་སྙན་སྒྲོན་དེ་ག་བསྟན་པ་ལ་གནོད་པར་འདུག །ཁོང་པ་ཆོས་པ་བཟང་པོར་གྲགས་ཀྱང་ངང་ཚུལ་དེ་དག་ལ་དཔགས་ན་ལས་འབྲས་ལ་ཇི་མི་སྙམ་པའི་སྙིང་ཁམས་ཅན་ཞིག་ཡོད་དམ་སྙམ། ཁལ་ཁ་ཨེར་ཁེ་ཨ་ཁའི་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་བྱས། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བཤོས་ཕོར། གསོལ་སྡེར། ཞབས་ཕྱག་ཀྱི་བྱིན་རྟེན་འགངས་ཆེ་བ་དཔོན་པོ་རིན་ཆེན་དོན་གྲུབ་ཀྱི་ཤུལ་མིར་སྡེ་པས་བླུས་མ་གནང་བའི་ནང་རྟེན་ཁྲོད་དུ་བཞུགས། ཚེས་བཅོ་ལྔ་ནས་བཟུང་དྲུག་པའི་ཚེ་དགུའི་བར་མཚམས་བཅད་དེ་ཟུར་དྲིན་ཅན་རྩ་བའི་བླ་མའི་དྲུང་དུ་བཀའ་བརྒྱད་བདེར་གཤེགས་འདུས་པ་པོ་ཏི་དགུས་ཐོག་དྲངས་དབང་ལུང་ཟབ་ཆོས་མང་དུ་ཞུས། ཚེས་བཅུ་ལ་སྒམ་པོ་སྤྲུལ་སྐུ་བློ་བཟང་འཕྲིན་ལས་རྣམ་རྒྱལ་ངེས་དོན་གྲུབ་པའི་ཤིང་རྟ་མཆོག་གི་སྡེ་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས། ཁྲ་མོ་བྲག་ནས་གཏེར་བཏོན་པ་ཡིན་ཞེས་ཕྱག་རྡོར་གྱི་སྒྲུབ་ཐབས་བུ་ཡིག་ཡིན་ཁུལ་གྱི་དཔེ་གཏེར་སྣོད་ལྕགས་ཀྱི་གའུ་ཚགས་བརྒྱབ་འཕྲལ་གྱི་གསར་པ་ཞིག་སྣང་། ཆོས་བཀའ་དམངས་མ་ལུང་བསྟན་དང་བཅས་པ་གཞན་གྱི་ཡ་ག་ལ་འཇིགས་ཏེ་བུ་ཡིག་ལ་མ་ཕབ་པ་ཡིན་ཞེས་རབ་རིབ་མཛད་དེ་སྟོན་རྒྱུ་མི་གདའ། སང་དེ་ཤོག་སེར་འགོ་ནས་དུམ་ཙམ་མ་ཚང་བ་ཞིག་བསྣམས་ཏེ་འདི་གཅིག་པུ་ལུས་འདུག་ཅེས་ཁོང་རང་གིས་བཏོན་ཁུལ་མཛད་པ་ཟུར་ཀུན་མཁྱེན་ཆེན་པོས་ཞིབ་ཏུ་གཟིགས་སོང་བར་སྔགས་འཆང་མཆོག་གྲུབ་རྒྱལ་པོའི་དོན་དུ་ཡར་ཀླུངས་ཤེལ་བྲག་ཏུ་སྦས་ཚུལ་མཇུག་ན་གསལ་བས་ཨྱོན་གླིང་


GLG005_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤོག་སེར་རྙིང་པར་ངེས་གསུང་། ཁྱུང་གི་ཁྲག་ཐོན་ཚུལ་གྱིས་མཚོན་པའི་གཞན་འདྲིད་ཀྱི་གསུང་གླེང་མང་བར་གནང་། ཁོང་རང་དཔོན་སློབ་བཀའ་བརྒྱུད་ཀྱི་བླ་ཆེན་འབྱོར་ལྡན་ནས་དེ་འདྲའི་གཡོ་རྒྱུ་རང་གནང་དགོས་དོན་ནི་མ་མཆིས། སྤུས་སྲང་གསེར་ཁང་པས་ཆོས་རྒྱལ་ཡབ་ཡུམ་གྱི་སྐུ་བརྙན་བཞེངས་པའི་དཀར་ཆག །བྱ་ཞབས་དྲུང་གིས་བསྐུལ་དར་ཁྱབ་འཇུག་གི་ལས་བྱང་། བཤེས་གཉེན་ཆེན་པོ་དོན་གྲུབ་རྒྱ་མཚོར་མདོ་སྨད་དུ་བསིངས་པ་དང་ཤངས་བཀྲ་ཤིས་རྩེ་པ་བློ་བཟང་དབང་རྒྱལ་གྱི་ཡིག་ལན་སྙན་ཚིག་ནས་དྲངས་པ། བདེ་ཆེན་ཆོས་འཁོར་བ་དང་ཨེར་ཁེ་ཐའི་ཇིས་བསྐུལ་བའི་བདག་བསྟོད། བསམ་ཡས་གནོད་སྦྱིན་ཆེན་པོ་དང་རྒོད་པོ་རྟ་ར་བས་སྤྱན་གཟིགས་དགོས་ཚུལ་བྱུང་བ་ཕུལ་བའི་འཕྲིན་ལན། གྲིབ་བཙན་གྱིས་བསྐུལ་བའི་འཕྱོས་ལྷ་དཔོན་བློན་གྱི་གསོལ་མཆོད། ཚེར་གསེབ་བླ་མ་བློ་བཟང་རྒྱ་མཚོའི་ངོར་ཚངས་པ་དུང་ཐོད་ཅན་གྱི་གསོལ་མཆོད། ལྕང་ར་ནས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་བརྐོས་པའི་པར་བྱང་རྣམས་བྲིས། རོང་པ་རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲའི་སྐུ་སྐྱེའི་གཙུག་ཕུད་བླངས་མིང་འོད་གསལ་སྙན་གྲགས་རྒྱ་མཚོར་བཏགས། ལྷོ་བྲག་སྨྲ་བོ་ལྕོག་པའི་ཆོས་རྗེ་ལུང་བསྟན་གྱིས་ཟིན་པ་ཐ་མ་དང་རྫོགས་ཆེན་སྐུ་སྐྱེ་གཉིས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། བྱ་ཞབས་དྲུང་རྒྱལ་པོ་བཀྲ་ཤིས་ལ་གཙུག་ཏོར་རྣམ་རྒྱལ་གྱི་སྒྲུབ་ཐབས། ཁྱབ་འཇུག་གི་ལས་བྱང་གསར་རྩོམ་གཉིས་ཀྱི་ལུང་རྣམས་བྱས། ས་སྐྱོང་བསོད་ནམས་རབ་བརྟན་ལ་ཚེ་དབང་བརྒྱ་རྩ་དང་ཕྱག་དྲུག་པའི་རྗེས་གནང་


GLG005_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་ཀུན་སེལ་ཕུལ། བདེ་ཆེན་ཆོས་འཁོར་བ། གྲུབ་དབང་པ། སྡིངས་པོ་ཆེ་བ་སྟེ་སྤྲུལ་སྐུ་གསུམ། ཕྱག་མཛོད་རྒྱལ་པོ་ཟེར་བ་རྣམས་མངའ་རིས་སྐོར་ལ་བརྟེན་པའི་ཞུ་དོན་ཞིག་དང་སྦྲགས་ལྷན་དུ་འབྱོར་བར་གོས་དར་མ་ན་ཧོའི་སྤྱད་པས་གཙོས་པའི་སྟེར་ཆ་བཟང་བར་མཛད་སོང་བསྟོད་ཕྱོགས་སུ་ཕན་ལ་རེ་ཡིན་ནམ་སྙམ། ཇ་གྲལ་གྱི་སྐབས་འཕྲོས་གླེང་མང་དུ་བྱུང་བ་སྐུ་སྐྱེ་རྣམས་ནང་ཁུལ་དུ་གཞོགས་མི་བདེ་བ་ཡོང་ཚོད་ཀྱིས་སོ་སོར་བྱོན་སྐབས་དང་མི་འདྲ་བའི་སྦུབས་ཆེ་བ་ཕྱག་རྒྱ་བའི་སྒོམ་ཉམས་སུ་འཁྲུལ་དོགས་ཀྱང་སྣང་། ཚེས་བཅུ་གཅིག་ནས་ཞག་བདུན་གྱི་བར་དཔལ་ལྡན་གྱི་དམག་ཟོར་མའི་མདོས་བསྐང་བཙུགས་པའི་རྡོ་རྗེ་སློབ་དཔོན་དུ་ཕྱིན། བཅོ་བརྒྱད་ལ་དབུ་ཚུགས་པའི་ཧོར་ཟླ་བདུན་པའི་ཚེས་དགུའི་བར་གོང་གི་ཆོས་འཕྲོའི་དབང་ལུང་ཚོ་ཞུས་ཤིང་ཡིག་ལན་བཟོ་དགོས་ཀྱི་བསླབ་སྟོན་བྱས། ཚེས་བཅུ་ནས་ཉིན་གསུམ་གྱི་བར་གོང་གི་མི་སྣ་རྣམས་ལ་གཞིས་ལེན་འདོད་ཆོས་རྫོང་བ་བཟབས། གོང་དུ་ཞུ་ཡིག་འབུལ་སྐྱེལ་ལ་མི་སྣ་གཞོན་པ་འཕྱོང་རྒྱས་ལྐོག་གྲོང་པ་ཐོན་པའི་རྒན་པ་ཟུང་ཆུ་རབ་འབྱམས་པ་དངོས་གྲུབ་ཡོན་ཏན་འགྲོ་དགོས་པའི་ཡིག་ངག་བྱས། རྒྱལ་པ་གྲ་ཚང་གི་རིགས་གྲའི་ཚོགས་དབུར་ཕྱིན། ལྷུན་པོ་རྫོང་དུ་ཞང་པོ་སྐུ་གཞོན་པ་ཀུན་དགའ་རྒྱལ་ཆེན་རབ་བརྟན་བསྙུན་ཡུན་རིང་ཞིང་བསྙུན་ནད་ཀྱང་ཁ་མི་འཆམ་པའི་རས་ཆུང་པའི་མཛེ་ལ་ལན་དེ་བཅུ་གསུམ་གྱི་མུས་ལ་སྐུ་མ་འཚོ་བའི་བསྔོ་རྟེན་སྙན་པད་ཀྱིས་གཙོས་པ་འབྱོར་ཞིང་དགོངས་རྫོགས་ཀྱི་མཐུན་རྐྱེན་རྒྱས་པ་ཕུལ། དེ་མཚུངས་ཁྲི་ལྕམ་སྐུ་འབྲིང་གཤེགས་པའི་སྨོན་ལམ་རྟེན་


GLG005_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཞིང་ཕན་བྱའི་མཐུན་རྐྱེན་བསྒྲུབས། ཤུན་གཞིས་ཀ་བའི་ལག་ནས་སྡེ་པས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་བཞེས་ལྷུང་། ཞབས་ཕྱགས། སྐུ་རགས་སོགས་བཞེས་ནས་ས་རིས་ཀྱི་གནང་སྦྱིན་ཡོང་བའི་ཞལ་དྲོ་ནི་བྱུང་བར་འདུག །ཉེར་གསུམ་ལ་སྟག་ཚང་ར་བ་སྟོད་པ་དཔོན་སློབ་རྣམས་ལ་སེང་ལྡེང་ནགས་སྒྲོལ་གྱི་རྗེས་གནང་། རྒྱན་དྲུག་མ། ལོ་བསྟོད། ས་ལམ་གསུམ། ཡོངས་རྫོགས་མ། མཆོག་བསགས། སྔོན་བསགས། སྨོན་ལམ་གསུམ། བདེ་བ་ཅན། ཐོག་མཐའ་པ། ཕྱག་འཚལ་ཉེར་གཅིག་རྣམས་ཀྱི་ལུང་བཀླགས། མེ་རག་བླ་མ་ཅན་བསྙེན་རྫོགས་གསུམ་དང་དགེ་ཚུལ་བཞི་བཅུ་ཙམ་བསྒྲུབས། ཉེར་བརྒྱད་ལ་དབུ་བཙུགས་པའི་ཧོར་ཟླ་བརྒྱད་པའི་ཚེས་བཅུའི་བར་བདེ་ཡངས་སུ་འབྲས་སྤུངས་ཚོགས་ཆེན་ལ་བཀའ་གདམས་གཞུང་དྲུག་གི་ལུང་ཕུལ། སང་ནས་བཟུང་ཚེས་བཅུ་བདུན་གྱི་བར་ཡན་ལག་བརྒྱད་ལྡན་གྱི་ཆུ་ཀླུང་ཆེན་པོར་ཁྲུས་བྱེད་པ་དང་སྦྲགས་ལྗོངས་རྒྱུ་བར་ཕྱིན། གྲུབ་དབང་སྤྲུལ་སྐུ་ལ་དྭགས་བདེ་ལྡན་གྱི་བླ་མར་རྫོང་བདའ་མཛད་པའི་ཐོན་གདོང་ཚེ་དབང་གྲུབ་རྒྱལ་མ་ཞིག་བསྐུར། ཁོང་པ་སྤྲུལ་སྐུ་གཞན་གཉིས་དང་མི་འདྲ་བའི་བློ་གྲོས་ཀྱི་ཁྱོན་དོགས་པས་མཛད་རྒྱ་ཉུང་བ་ཡོན་ཏན་དུ་སོང་སྟེ་དགེ་འབྲུག་གཉིས་ཀར་དགེ་མེད་སྡིག་མེད་ལས་ཕུང་དཀྲོལ་གྱི་རྒྱུ་མ་བྱུང་འདུག །ཉེར་བཞི་ནས་ཟླ་བ་དགུ་པའི་ཚེས་གསུམ་གྱི་བར་འབྲུག་པ་སྤྲུལ་སྐུ་དང་བདེ་ཆེན་ཆོས་འཁོར་བ་དང་དཔོན་སློབ་དང་སྤྱན་གཡས་དཀའ་བཅུ་བློ་བཟང་རྣམ་རྒྱལ་ཅན་བཞི་བཅུ་སྐོར་ལ་ཇོ་བོའི་ཆོས་ཆུང་བརྒྱ་རྩ་དང་རྣམ་ཐར་དད་པའི་འཇུག་ངོགས་


GLG005_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལུང་། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། འཇམ་དབྱངས་ཨ་ར་པ་ཙ་ན་གཙོ་རྐྱང་གི་རྗེས་གནང་། སྤྲུལ་པའི་སྐུ་སྒེར་དུ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་རྩ་ཕུལ། སྟག་ལུང་ཞབས་དྲུང་སྐུ་ཞབས་ནས་སྐོར་འབུམ་ལ་ཕྱག་མཛོད་ངག་དབང་བཟང་སྦྱིན་རྫོང་བདའ་གནང་བ་དང་ཕྲད། བསྙེན་རྫོགས་ལྔ་དང་རབ་བྱུང་བཅུ་གཉིས་བསྒྲུབས། མཁར་སྐྱ་གྲུབ་ཆེན་ལ་ཕྱག་དྲུག་པའི་ལས་གསུམ་རྣམ་གཞག་གི་ལུང་བྱས། ཚེས་བཅོ་ལྔ་ནས་ཧོར་ཟླ་བཅུ་པའི་ཚེས་གཉིས་ཀྱི་བར་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་བཀའ་བརྒྱད་བདེ་འདུས་ཀྱི་དབང་ཆེན། ཐུགས་སྒྲུབ་དྲག་པོ་རྩལ་གྱི་རྒྱས་པ་སྒྲུབ་པ་སྡེ་བརྒྱད་དང་འབྲིང་པོ་སྒྲུབ་པ་སྡེ་དྲུག་གི་དབང་། ཚེ་དཔག་མེད་འཆི་མེད་འོད་སྣང་། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ། བྱང་གཏེར་ཕུར་པ་འབྲིང་པོ་དྲག་སྔགས་སམ་ལྕགས་ཁང་མར་གྲགས་པ། གསར་བན་ཕྱོགས་མེད་ཀྱི་གཏེར་མའི་འཇམ་དཔལ་རྫོགས་ཆེན། འཇམ་དཔལ་ཚེ་བདག །འཆར་ཀ་གྲོམ་བུ་མ། དགེ་ལུགས་འཇིགས་བྱེད་བཅུ་གསུམ་མ་རྣམས་ཀྱི་རས་བྲིས་ལ་བརྟེན་པའི་དབང་མགོན་པོ་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ། མགོན་དཀར་ཡིད་བཞིན་ནོར་བུ། གཙུག་ཏོར་རྣམ་རྒྱལ་ལྷ་དགུ་མ། ལས་གཤིན་ནང་སྒྲུབ། རྣམ་སྲས་སེར་ཆེན་སྨད་ལུགས། དཔལ་ལྡན་དམག་ཟོར་མའི་རྗེས་གནང་ཐུན་མོང་བ། རྗེ་བསོད་ནམས་རྒྱ་མཚོ་ལ་སྲོང་བཙན་སྒམ་པོས་དག་སྣང་དུ་གནང་བའི་དཔལ་ལྷ། གུར་ལྷ་བརྒྱད་ཐུན་མོང་བ། ཞལ་བསྙེན་དུས་ཀྱི་མགོན་པོ། གནོད་སྦྱིན་བེག་ཙེ། གནུབས་ལུགས་སྟག་ཞོན་རྣམས་ཀྱི་རྗེས་གནང་། ལུང་ལ། ཕུར་པའི་ལས་བྱང་། གཏོར་


GLG005_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག །སྒྲུབ་ཆེན་ཆོག་སྒྲིགས། ཚེ་བདག་ལས་བྱང་། ཁ་སྐོང་གཏེར་གཞུང་དང་བྱང་པའི་ལྗགས་སྒྲིགས། མཆོད་བསྟོད་གསལ་སྒྲོན། དྲག་པོ་རྩལ་དང་ཐུགས་རྗེ་ཆེན་པོའི་ལས་བྱང་། གསོལ་འདེབས་ལེའུ་བདུན་པ་ལེ་ལག་དང་བཅས་པ། སྔགས་སྒྲུབ་མ་གཏོགས་པའི་འཆར་ཀ་ཉང་ལུགས་ཀྱི་གཏེར་གཞུང་། འཇིགས་བྱེད་ཟ་མ་ཏོག །རྣམ་རྒྱལ་མ། ཕྱག་དྲུག་པ། ལས་གཤིན། དམག་ཟོར་མ། བསྟན་གསོལ། གུར་ཞལ། སྟག་ཞོན། ཐང་ལྟ། ཞིང་སྐྱོང་། ཁྱབ་འཇུག །པེ་ཧར། ཙེའུ་དམར་བ། རྡོར་ལེགས་རྣམས་ཀྱི་བསྐང་གསོ་གསོལ་མཆོད། རིང་འཚོའི་ཚིགས་བཅད་དང་ཇ་མཆོད་ལེ་ཚན་སོགས་ཚོགས་ཀྱི་ཞལ་འདོན་ཕལ་ཆེར་གྱི་ལུང་ཕུལ། ཚེས་གསུམ་ལ་དབང་ཡོན་གྱི་ཚུལ་དུ་བདོག་པ་དང་བཅས་འཆི་མེད་འོད་སྣང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་རིང་འཚོའི་རྟེན་འབྱུང་བསྒྲིགས། བསམ་བློ་ཡང་དགོན་ནང་སོ་དང་ཆབ་མདོའི་གནས་པོ་འགའ་ཞིག་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། དྭགས་པོ་གྲ་ཚང་གི་སློབ་དཔོན་ཟུར་པ་འཕྱོང་རྒྱས་པ་བློ་བཟང་མཁས་བཙུན། དམར་ཁམས་གོ་བོ་དབོན་པོ། སྤོང་རོང་དཀའ་བཅུ་གྲགས་པ་སོགས་དབང་ཆ་གཅིག་ལ་རས་བྲིས་ཀྱི་དཀྱིལ་འཁོར་དུ་དགེ་ལུགས་འཇིགས་བྱེད་བཅུ་གསུམ་མའི་དབང་བསྐུར། ཐོས་པ་ཆེའང་ངག་སྒོ་དོག་པའི་བུམ་ནང་གི་མར་མེ་ལྟ་བུ་དང་ཁ་ལ་རྒྱུག་ཀྱང་སྦྱངས་པ་ཆུང་བ་རྣམས་དང་མི་འདྲ་བར་དུས་ཐོག་དེར་ཞལ་སྔ་ནས་མཁས་བཙུན་དེ་དགེ་བཤེས་འགྲན་ཟླ་དང་བྲལ་བ་ཞིག་སྣང་ཡང་མཁས་པ་ལག་པ་སྟོང་པར་འགྲོ་བའི་དཔེ་བཞིན་འཇིག་རྟེན་པར་གྲགས་པའི་འཕྲིན་ལས་ནི་ཤིན་ཏུ་


GLG005_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་། མེའི་སྤུ་གྲི་དང་གཤིན་རྗེ་རླུང་སྒྲུབ་ཀྱི་རིམ་གྲོ་བཙུགས། ཚེས་བདུན་ནས་གནམ་གང་གི་བར་དགེ་རྩེ་དང་ཨ་རིག་གི་རྟ་འབུལ་བ་མང་དུ་སླེབས། བསྙེན་རྫོགས་བཅུ་དང་དགེ་ཚུལ་སུམ་ཅུ་ལྷག་བསྒྲུབས་ཏེ་སོ་སོའི་རེ་བ་བཀང་། ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་བདུན་གྱི་བར་བྱམས་པ་སྤྲུལ་པའི་སྐུ། ལྕང་ར་འུན་དུ་སུ་ཆོས་རྗེ་སོགས་གསར་འགྲུལ་མང་བ་དང་ཕྲད། མགོན་པོ་ཚེ་དབང་དང་མཁའ་འགྲོ་དགེ་ཚུལ་མ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར། བསྙེན་རྫོགས་བཅུ་བདུན། རབ་བྱུང་ཉི་ཤུ་རྩ་ལྔ་སྐོར་བསྒྲུབས། ཚེས་དགུ་ལ་བྱམས་པ་སྤྲུལ་པའི་སྐུས་བརྒྱ་འབུལ་བསྟར། ཉེར་གསུམ་ལ་བསྟན་འཛིན་ཆོས་རྒྱལ་གྱི་དགོངས་རྫོགས་སུ་གསར་བཞེངས་ཀྱི་སྨོན་གྲོང་མཆོད་ཁང་ལ་རབ་གནས་བགྱིད་པར་འབྱོར། སྒོང་གསེབ་ནས་བཟུང་མཆོད་ཁང་པར་རྟ་རྨིག་འཇོག་ས་མེད་པ་ལྟ་བུའི་ཁྲོམ་དམར་ནག་ཏུ་འཁྱིལ་འདུག །སང་རྨི་རུ་བ་ཚོར་བླ་མའི་རྣལ་འབྱོར་བྱས་ཤིང་སྐྱིད་ཤོད་སྡེ་པ་ཁག་རྣམས་བྱོན་པ་དང་ཕྲད། ཉེར་དྲུག་ལ་འཇིགས་བྱེད་བཅུ་གསུམ་མའི་སྒོ་ནས་རབ་གནས་འབྲིང་པོའི་ཆོ་ག་ཚང་བ་བྱས། དེ་དང་དུས་མཚུངས་དགའ་ལྡན་ཁང་གསར་དུ་དགའ་ལྡན་ཁྲི་རིན་པོ་ཆེ་ཟུར་པ་དཀོན་ཅོག་ཆོས་བཟང་ཕེབས་ཏེ་རྒྱལ་པོའི་སྐུ་གདུང་ཞུགས་འབུལ་གནང་། དེའང་རྟེན་བཞེང་རྣམས་ཉི་ལྡོག་གོང་ལ་ཚར་རེས་མཚན་མོའང་སྒྲོན་མེ་སྤར་ཏེ་བལ་པོས་བཟོ་བྱས་ཤིང་འཇིམ་སྐུ་ཚོ་ནམ་དུས་ཀྱིས་འཁྱགས་ཞུ་ལངས་པར་ཉེ་བས་མེ་བཀོངས་ཀྱིས་སྐེམ་པ་མཛད་འདུག་རུང་ཉི་ལྡོག་གི་སྟེང་དུ་དུས་ཚེས་འགྲིག་པ་བྱུང་སོང་། གནས་རྙིང་ཞབས་དྲུང་ཁྲི་ཐོག་པ་བློ་


GLG005_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཀུན་དགའ་བདེ་ལེགས་ལྕགས་བསྙེན་གྱི་རིགས་མ་སོང་བར་རྟ་མགྲིན་གྱི་རྡོ་རྗེ་སློབ་དཔོན་མཛད་པའི་འཚུབ་ཀྱི་རྣམ་པའི་བར་ཆད་ཅིག་གིས་གློ་བུར་དུ་ཞིང་ཁམས་འཕོས་པའི་ཐུགས་དམ་གསལ་འདེབས་པ་འབྱོར་ཁོང་པ་སྐུ་ཚེ་མཐར་ཕྱིན་ན་བསྟན་པ་ལ་ཕན་པ་ཞིག་ཡོང་བ་འདུག་ཀྱང་བསྟན་པའི་སྐུ་ཆགས་ཀྱི་རྣམ་པ་ལྟ་བུར་མངོན། གཅོད་པ་བཱ་ཐུར་ཅན་དང་ཕྲད། ཉེར་བདུན་ལ་འབྲས་སྤུངས་སུ་སླེབས། དགའ་ལྡན་ཁྲི་རིན་པོ་ཆེ་ཟུར་པ་དང་མཇལ། ཟླ་བ་བཅུ་གཉིས་པའི་ཟླ་སྟོད་ཀྱི་རིང་ཕན་བདེ་སྐུ་སྐྱེར་འཇམ་དབྱངས་ཆོས་སྐོར་གྱི་བདེ་མཆོག་དཀར་པོ་དང་བ་རི་ལུགས་ཀྱི་སྒྲོལ་དཀར་སྤྱན་བདུན་མའི་རྗེས་གནང་། བླ་མ་མཆོད་པ་དང་ལྷ་སའི་དཀར་ཆག་སོགས་གསར་རྩོམ་ཁ་ཡར་གྱི་ལུང་བྱས། གཡོན་རུ་དགའ་ལྡན་པ་ཡོན་མཆོད་སྟོང་ཕྲག་ཏུ་ཉེ་བར་གཙུག་ལག་ཁང་ཆེན་མོའི་ཁྱམས་སུ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར་ཞིང་བརྒྱ་འབུལ་ཀྱང་བསྟར། བྱམས་པ་སྤྲུལ་པའི་སྐུར་ཚེ་རྟ། ཐོར་གོད་མགོན་པོ་ཡེལ་དེང་དང་ཆོག་ཐུ་ཇའི་སང་ལ་ཚེ་དབང་། གཡོན་རུ་མཆོད་ཡོན་ལ་རྟ་མགྲིན་སྐྱེར་སྒང་ལུགས། ནོ་མོན་དགེ་སློང་ལ་སྤྱན་རས་གཟིགས་ཕྱག་བཞི་པ། མཁའ་འགྲོ་དགེ་ཚུལ་མར་སྒྲོལ་དཀར་གྱི་རྗེས་གནང་བྱས། གཡོན་རུ་དགའ་ལྡན་སྐུ་སྐྱེ་དགེ་བསྙེན་དུ་བསྒྲུབས་པའི་མིང་ངག་དབང་འཇམ་དཔལ་ནོར་བུར་བཏགས། ཚེས་བཅུ་བཞི་ལ་ཕུར་སྒྲུབ་དང་ཉེར་གསུམ་ལ་འཇམ་དཔལ་དུས་དགྲའི་དབང་པོའི་ཟོར་ལས་ཚུགས་པའི་རྡོ་རྗེ་སློབ་དཔོན་དུ་ཕྱིན། ཕུར་སྒྲུབ་གྲོལ་ནས་དགེ་ཚུལ་བསྙེན་རྫོགས་བསྡོམས་པ་བཅུ་སྐོར་བསྒྲུབས།

དགུང་ལོ་བཞི་བཅུ་པར་རྒྱལ་བའི་བཀའ་འགྱུར་གསར་བཞེངས་ཀྱི་རབ་གནས་དང་། དཔུང་ཆེན་ལྷོ་མོན་དུ་དྲངས་པ་བཅས་ཀྱི་སྐོར།


GLG005_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མེ་སྤྲེལ་ཧོར་ཟླ་དང་པོ་ཉིས་བརྩེགས་ཀྱི་གནམ་ལོའི་ཐོག་མར་དཔལ་ལྡན་རེ་མ་ཏཱིའི་མཆོད་གཏོར་དང་འཕྲིན་འཆོལ་སྤེལ་བའི་སྙན་ཤལ་ཕུལ། ཚེས་བཞིའི་བར་ལོ་གསར་བཞུགས་གྲལ་ཀྱི་དགའ་སྟོན། ལྔ་ནས་བཅུའི་བར་མཚམས་ཤིན་ཏུ་དམ་པར་སྒྲོལ་ལྗང་གི་བཟླས་བརྗོད་དང་སྦྲགས་སྒྲོལ་མདོས་བཏང་། ཐུན་མཚམས་ཤིག་ལ་བྱིང་པ་བདེ་ལེགས་ཀྱིས་བསྐུལ་བའི་ཚིགས་བཅད་ཅིག་བརྩམས། ལེགས་བཤད་ཆོས་འཁོར་གླིང་པའི་གྲ་ཁང་དུ་གཞིས་ལེན་དང་གྲ་དམངས་རྣམས་ཀྱིས་སྨོན་ལམ་ཤིས་བརྗོད་ཀྱིས་མཐའ་བརྟེན་པ་མཛད། ཚེས་བཅུ་གཉིས་ལ་འབྲས་སྤུངས་སྤྱི་ཁང་དུ་ལོ་གསར་གྱི་དུས་སྟོན་བསྟར་ནས་ལམ་བརྐྱངས་ཏེ་ཆོས་འཁོར་ལྷ་སར་ཕྱིན། སྨོན་ལམ་ཆེན་མོ་སྔར་རྒྱུན་ལྟར་ཚུགས་པའི་ཐོག་དབེན་ས་སྤྲུལ་སྐུ་དང་ཐོར་གོད་མགོན་པོ་ཡེལ་དེང་སོགས་གསར་འགྲུལ་རྣམས་ཀྱིས་བསྙེན་བཀུར་ཞིང་བརྒྱ་འབུལ་སྟོང་འབུལ་ཁ་ཡར་བླངས། གསར་འགྲུལ་ཚོར་རིགས་གསུམ་མགོན་པོའི་རྗེས་གནང་། ཚེ་རྟ་ཟུང་འབྲེལ་གྱི་བྱིན་རླབས་དང་། ཉེ་ལྡིང་ཏྲེ་བོ་སྐུ་སྐྱེར་ཚེ་མགོན་གྱི་བྱིན་རླབས་བྱས། ཉེར་དྲུག་ལ་ལྷ་ས་ནས་བཏེག་ལྷ་གདོང་ཤན་ཁར་གུར་གཡབས་ཕུབ་པའི་ས་སྐྱོང་དགའ་ལྡན་པ་ཐོག་རྒོད་རྣམ་རྒྱལ་ཡབ་སྲས་ཐབ་བསུར་བྱོན། ཚལ་གུང་པ་རྣམས་ཀྱི་བསུ་བ་དང་བཅས་ཟུར་ཁང་དུ་གུང་གི་དྲོ་བསྟབས། སྔགས་མཁར་བའི་སེར་སྦྲེང་སྐྱེ་བོའི་ཁྲོམ་ཆེན་པོའི་མདུན་བདར་ཏེ་བདེ་ཆེན་རྩེར་འབྱོར། རྒྱལ་བའི་བཀའ་འགྱུར་རོ་ཅོག་གསར་བཞེངས་མཛད་པར་ཉེར་བདུན་གྱི་ཉིན་གྲ་ཚང་དང་བཅས་འཇིགས་བྱེད་བཅུ་གསུམ་མ་ལ་བརྟེན་ནས་རབ་གནས་འབྲིང་པོ་ཆ་ལག་ཚང་བ་ཤིས་པ་


GLG005_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པའི་མེ་ཏོག་སིལ་མ་ཕྱོགས་ཀུན་ཏུ་བཀྲམ། རབ་སྟོན་གྱི་བཞུགས་གྲལ་དགའ་སྟོན་རྒྱས་པར་མཛད། ཞལ་ངོ་རྣམས་དང་དྲུང་འཁོར་དྲག་རིམ་ཚོར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། ཉང་ལུགས་ཀྱི་དྲག་པོ་མེའི་སྤུ་གྲིའི་དབང་། ཕྱག་རྡོར་གོས་སྔོན་ཅན་དང་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་རྣམས་ཕུལ། ཉེར་དགུ་ལ་ལམ་ཞོར་སྔགས་མཁར་དུ་ཁྲི་རིན་པོ་ཆེ་མངའ་རིས་པས་ཡོང་དགོས་ཚུལ་ཕེབས་པ་ལྟར་ཕྱིན་པའི་གདན་བཞེས་དང་ཚོགས་ལ་དམིགས་བརྩེ་མའི་ལུང་། རན་ཛབ་བྱམས་པར་སྨོན་ལམ་བཏབ་ཅིང་ཟུར་ཁྱབ་བདག་བླ་མས་ཤོག་གསུང་བ་ལྟར་གུང་ཚིགས་ལ་ཚལ་ཆོས་ཁྲི་བླ་བྲང་དུ་ཕྱིན། མཆོད་ཁང་རྣམས་མཇལ་ཞིང་ཚལ་ཡང་དགོན་དུ་བླ་མ་དགེ་དར་བས་དཀར་སྤྲོ་བཤམས། ཆོས་སྐྱོང་ཆེན་པོས་རྒྱལ་ཁང་དུ་མེ་ཏོག་འཐོར་དགོས་ཚུལ་ལྟར་བགྲོད། ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་ཁྲིམས་ལྡན་འདུས་པ་རྒྱ་མཚོའི་བསུ་བ་དང་བཅས་སེ་ར་ཐེག་ཆེན་གླིང་དུ་སླེབས། སྤྱི་སོ་དང་གྲ་ཚང་ཁག་གིས་གཞིས་ལེན་དང་ཟང་ཟིང་གི་དངོས་པོ་གྱ་ནོམ་པ་བསྟར། བདེ་གཤེགས་མཆོད་རྟེན་བརྒྱད་གསར་བཞེངས་ལ་གྲ་ཚང་དང་བཅས་འཇིགས་མཛད་རྡོ་རྗེའི་སྒོ་ནས་རབ་ཏུ་གནས་པ་བྱས། སོག་པོ་ཁ་ཤས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། སེང་གེ་སྒྲ་དང་སེང་ལྡེང་ནགས་སྒྲོལ་གྱི་རྗེས་གནང་བསྐུར། བསྙེན་རྫོགས་པ་ལྔ་དང་རབ་བྱུང་བཅོ་ལྔར་སྡོམ་པ་ཕབ། ཚེས་ལྔ་ལ་དཔལ་ལྡན་འབྲས་སྤུངས་སུ་སླེབས། བསྙེན་རྫོགས་ཉེར་གཉིས་དང་དགེ་ཚུལ་སུམ་ཅུ་བསྒྲུབས། སོག་པོ་རི་ཁྲོད་པ་ཞིག་ལ་འཇམ་དབྱངས་


GLG005_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐོར་ནས་ཁྲོས་ནག་གི་བྱིན་རླབས་དང་མགོན་པོ་ཡེལ་དེང་དཔོན་གཡོག་ལ་ཚེ་དབང་གྲུབ་རྒྱལ་མ། སེང་གེ་སྒྲ། གོས་སྔོན་ཅན་གྱི་རྗེས་གནང་རྣམས་བསྐུར། དེ་དང་ལྷན་དུ་འདུལ་བ་ཟུར་པ་ཨོ་རོད་ཆོས་རྗེ་འདེངས་སོང་བར་རྫོང་བ་བསྟབས་ཧོར་ཟླ་གསུམ་པའི་བརྒྱད་གཏོར་སྔར་འཁྱུད་བཞིན་བཏང་། གཡས་རུ་གཡོན་རུའི་དོན་སྐོར་ལ་སེ་ཆེན་དབོན་པོ་མཚོ་ཁར་རྫོང་བདའ་བྱས། ཆོས་འཁོར་རྒྱལ་དུ་བྱམས་ཁང་དང་ནུབ་རྒྱུད་མ་གཏོགས་པའི་བླ་བྲང་སྐོར་རྣམས་ཀྱི་བཤུ་འབུབ་དང་གསར་བརྒྱབ་ཤིང་ལུག་གྲུབ་པའི་འདི་ལོ་སྡེ་པའི་ཐུགས་བཞེད་ལྟར་འདུ་ཁང་ཆེན་མོའི་ལྡེབས་བྲིས་ལ་ཆོ་འཕྲུལ་བཀོད་པ། རྒྱལ་ཆེན་བཞི། སེང་གཡབས་ལ་རྗེ་དགེ་འདུན་རྒྱ་མཚོའི་འཁྲུངས་རབས། ཆོས་སྐྱོང་སྐོར་གྱི་བླ་བརྒྱུད། འདུ་ཁང་ཐོག་མགོན་ཁང་ལ་ནག་པོ་སྐོར་གསུམ། གུར་ཞལ། དམག་ཟོར་མ། བེག་ཙེ། ཇོ་བོ་རྒྱལ་མཚན་པ། རྟ་རྒོད་ཤེལ་ལྕགས། རྒྱ་ལ་རིགས་བཟང་། རྒྱལ་མོ་ཕྱུག་མོ་རྣམས་བྲིས་པའི་ཨར་པོ་དང་རི་མོ་གཉིས་ཀའི་དོ་དམ་སྟག་རུ་བ་ནོར་བུ། རི་མོའི་དོ་དམ་གྱི་སྦྲེལ་ཟླ་ཀ་བཞི་སྨད་པ། རི་མོ་པ་དབུ་མཛད་དཔལ་མགོན་གྱིས་གཙོས་པའི་དྲུག་ཅུ་རེ་དྲུག་གིས་བསྒྲུབས། བཟད་དུ་གང་ཚང་ནས་པུ་ཎྱ་བྷ་དྲས་དོ་དམ་བྱས་པའི་སྙེ་ཐོན་ཁུལ་གྱི་བྲིས་པ་ཕྱེད་ཉིས་བརྒྱས་བཀའ་འགྱུར་སྐྱ་པོད་ཚར་གཅིག་བཞེངས་པའི་ཕོགས་གླ་ཡོན་འབྲུ་ཐོག་ཏུ་དྲིལ་བར་མཁར་ཁལ་ཆིག་ཁྲི་བདུན་སྟོང་བརྒྱད་བརྒྱ་སོང་། པཎ་ཆེན་ནགས་རིན་གྱི་དབུ་ཞྭ་སྣ་དཀར་རྩེའི་ནང་རྟེན་གླིང་སྟོད་ཆོས་རྗེ་བློ་བཟང་རྒྱ་མཚོས་སྟེར་སྦྱིན་མཛད། དོལ་གནས་གསར་བས་སེང་ལྡེང་ལས་གྲུབ་པའི་ཕུར་པ་ལྷ་


GLG005_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ནག་གི་ཕུར་ཆ་ཡོངས་རྫོགས་ཤིན་ཏུ་དངོས་གཙང་བ་བརྐོས། འདི་མུས་ནས་ལས་ཀ་གཞན་འདྲའང་བྱུང་བ་དང་བཅས་བསྐྱིལ་རྩིས་ལ་སྡེ་པ་ནོར་བུས་ལྷོ་དམག་གི་སྒྱོགས་བཟོ་བར་ཁྲིད་པ་དགྲ་ལ་ནུས་པ་མེད་པའི་བཟོ་བོ་མཁས་པ་དེ་མེད་པ་ཞིག་འཆོས་ཐུབ་འདུག །ཚེས་བཅུ་གཉིས་ནས་ཉེར་གསུམ་གྱི་བར་གཟིམས་ཁང་གོང་སྤྲུལ་སྐུ། དཔལ་འཁོར་ཆོས་སྡེའི་མཁན་པོ། འབྲས་སྤུངས་ཀྱི་སློབ་དཔོན་ཁྲི་གདན་ཟུར་གྱིས་ཐོག་དྲངས་དགེ་འདུན་བརྒྱ་སྐོར་ལ་གུང་ཚིགས་གྲོལ་ནས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་གྱི་ཆོས་ཐུན་རེའི་ལུང་ཕུལ། སྔ་དགོངས་བྱང་འགྲུལ་གྱི་ཕྲད་མི་མང་ཞིང་འདོད་ཆོས་ཀྱི་རྗེས་གནང་དང་རབ་བྱུང་བསྙེན་རྫོགས་ཁ་ཡར་བསྒྲུབས། མངའ་རིས་མདོང་པོ་སྐུ་སྐྱེས་ཚོགས་ཆེན་དུ་མང་ཇ་དང་གསེར་ཞོ་བརྒྱའི་བསྐུར་མ་བཏང་བ་འབྱོར། ཉེར་ལྔ་ལ་གཟིམས་ཁང་གོང་དུ་སྔ་མགྲོན་ལ་ཕྱིན། ཉེར་དགུ་ལ་བྱམས་པ་སྤྲུལ་སྐུ། དཔལ་འཁོར་ཆོས་སྡེའི་མཁན་པོ། གཅོད་པ་བཱ་ཐུར་ཅན་གྲངས་བཅད་ལ་འཇིགས་བྱེད་བཅུ་གསུམ་མའི་དབང་། སང་བྱམས་པ་སྤྲུལ་སྐུར་ཉང་ལུགས་དྲག་དམར་མེའི་སྤུ་གྲིའི་དབང་། ཞལ་བྲམ་ནག་བཤན་པ་དྲུག་སྐོར་དང་སེང་གདོང་མ་སྔོན་མོའི་རྗེས་གནང་རྣམས་ཕུལ། གཅོད་པ་བཱ་ཐུར་དང་མ་གདྷ་སོ་སོས་བསྐུལ་ངོར་གསོལ་འདེབས་ཚིགས་བཅད་བརྩམས། ཟླ་བ་བཞི་པའི་ཚེས་གཅིག་ནས་ཉིན་གཉིས་ཀྱི་བར་གཟིམས་ཁང་གོང་སྤྲུལ་སྐུས་གཙོས་པ་རྣམས་ལ་སྔར་གྱི་ཆོས་འཕྲོ་ཕུལ། བྱམས་པ་སྤྲུལ་པའི་སྐུས་དབུ་བྱས་བསྙེན་རྫོགས་བཅོ་ལྔ་དང་དགེ་ཚུལ་སུམ་ཅུ་བསྒྲུབས། བསྟན་


GLG005_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཆོས་ཀྱི་རྒྱལ་པོའི་སྐུ་རུས་ལ་རུས་ཆོག་བྱས་ནས་སཱ་ཙྪ་དང་སྐུ་པར་ལག་དར་དུ་བཏབ། ཐོན་ཟིལ་གནོན་པས་རྒྱལ་བ་ཙོང་ཁ་པའི་ཚེམས་འཁྲུལ་མེད་ཅིག་བྱིན། བསོད་ནམས་དབང་རྒྱལ་སྙན་ངག་ལ་ཤེས་འདོད་ཆེ་བ་འདུག་པར་མེ་ལོང་ལེའུ་གསུམ་གའི་བཤད་པ་དང་རྩོམ་པ་ལ་གྲས་བརྒྱབ་པར་ཧ་ཅང་གི་འཆར་ཆེ་བ་མི་སྣང་རུང་རྩོམ་རྒྱུགས་གཏོང་ཐུབ་ངེས་ཤེས་པ་བྱུང་སོང་།སྐྱིད་གྲོང་དུ་བལ་བོད་ཀྱི་བདེ་གཟར་ལ་བརྟེན་སླར་ཇོ་བོ་གོར་གྷས་གདན་དྲང་དོགས་པས་སྡེ་པའི་བསླབ་སྟོན་དང་བསྟུན་སྡེ་པ་ནོར་བུ་དང་མགྲོན་གཉེར་དྲུང་པ་སོགས་ཀྱིས་འཕགས་པ་ཝ་ཏི་གདན་དྲངས་པ་ཉེར་གསུམ་ལ་འབྲས་སྤུངས་སུ་ཕེབས། དར་རྒྱས་ཆོས་སྡིངས་ཀྱི་ཐུགས་སྲས་ཆེ་བའི་གཙུག་ཕུད་བླངས་ཏེ་མཚན་ངག་དབང་པདྨ་བསྟན་འཛིན་དུ་འདོགས་པ་དང་འཕགས་པ་གཟིམས་ཆུང་དུ་ཕེབས་པ་དུས་འགྲིག་པ་དེང་སང་གི་གནས་ཚུལ་ལ་དཔགས་ན་རྟེན་འབྲེལ་ལེགས་པར་མངོན། ཞག་གསུམ་གྱི་བར་མཆོད་པ་རྒྱས་པར་བཤམས་ཤིང་སྨོན་ལམ་ནན་ཏན་དུ་བཏབ། དེ་ནས་པོ་ཏ་ལའི་མཆོད་ཁང་དུ་བཞུགས། དེའང་རིག་འཛིན་རཏྣ་གླིང་པའི་བསྟན་པ་སྤྱི་ལུང་དུ། སྐྱིད་གྲོང་ཇོ་བོ་དབུས་གཡོར་ཕྱོགས་སུ་འབྱོན༔ ཞེས་པའི་དུས་ལ་བབས་པས་བཟློག་མ་ནུས་ཀྱང་སོ་སོའི་བཞུགས་གནས་བཀའ་བབས་དེ་ལས་འཕོས་པ་ཐམས་ཅད་དུ་ཤིས་པ་ཞིག་དཀའ་བར་འདུག །དེའི་མུས་ལས། དགེ་བའི་མིང་ཅན་བྱང་ཆུབ་སེམས་དཔའ་ཞིག༔ དམ་སེལ་གྲིབ་ཀྱིས་མངོན་དགའི་ཞིང་དུ་གཤེགས༔ ཞེས་པ་ཇོ་བོ་བྱོན་པའི་དུས་གང་ཟག་དེ་འདྲ་ཞིག་གཞན་དུ་གཤེགས་པར་དོགས་


GLG005_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱེད་མཁན་འདུག་རུང་བྱང་སེམས་དེ་གཤེགས་པའི་དུས་རྟགས། སྣེ་ཡི་སྡོང་པོ་སྟར་ཐོགས་གཅོད་པ་འབྱུང་༔ ཞེས་སོགས་ལ་མར་སྦྱོར་རྒྱུ་ཡིན་པས་ཕག་མོ་གྲུ་པའི་བསྟན་པ་ཉམས་པར་ཉེ་བའི་དུས་སྔ་ཐོག་ཡིན། མཚོ་ཁ་ཕྱོགས་ཀྱི་གཡས་རུ་གཡོན་རུའི་ནང་ལབ་ཀྱི་དོན་སྐོར་ལ་སླར་ཡང་གསར་འགྱུར་གྱི་འཚུབ་ཆ་བྱུང་ཟེར་བའི་མི་ཞིག་འབྱོར་བར་བརྟེན་དཔལ་འཁོར་ཆོས་སྡེའི་མཁན་པོ་ཨེར་ཏི་ནི་རྫོང་བདའ་བྱས་ཉེར་ལྔ་ནས་གཟིམས་ཁང་གོང་སྤྲུལ་པའི་སྐུ་གཉན་ཚད་ཀྱིས་གློ་བུར་དུ་བསྙུན་པར་རྐྱེན་སེལ་གྱི་རྗེས་གནང་ལ་ཡོང་དགོས་ཚུལ་བྱུང་བ་ལྟར་གཏོར་ཆས་གྲ་བསྒྲིགས་པའི་འགྲོ་རྩིས་ཡོད་ཐོག །ལྷ་ས་ནས་སྡེ་པས་མི་གནང་པའི་འགོ་ནད་ཡིན་འདུག་པས་ད་ལམ་མི་འགབ་ཅེས་གཟིམས་ཁང་དུའང་བཀའ་བསྒྱུར་བའི་བཤོལ་སོང་བ་ནད་རིམས་ཀྱི་རིགས་ལ་བར་བཀབ་འཛེམ་གྱིན་མེད་ཀྱང་གསུང་དང་བསྟུན། ཉེར་དྲུག་ནས་སྤྲུལ་པའི་སྐུ་བསྙུན་ནའང་སློབ་དཔོན་རྣམ་པ་སོགས་དམངས་མར་ལས་ཆེན་ཀུན་རྒྱལ་བས་མཛད་པའི་བཀའ་གདམས་ཆོས་འབྱུང་གི་འཕྲོ་ཡོངས་རྫོགས་དང་མཁས་གྲུབ་ནོར་བཟང་རྒྱ་མཚོའི་དུས་འཁོར་སྤྱི་དོན་གྱི་དབུ་ཚུགས་ཙམ་ལ་ཆོས་མཚམས་བྱས། ལྕགས་ཟམ་སྤྲུལ་སྐུ་དང་ངོར་ཀླུ་སྡིངས་པའི་དཔོན་པོ་ཅན་ཕྱོགས་འདུས་མང་བ་དང་ཕྲད། ཟླ་བ་ལྔ་པའི་ཚེས་གཅིག་ལ་ནཱ་ལནྡཱ་ཆོས་རྗེ་བཅོ་བརྒྱད་པ་བྱམས་པ་ངག་དབང་ལྷུན་གྲུབ་ལ་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་གྱི་ཚུལ། གླིང་སྟོད་ཆོས་རྗེ་གསོ་རིག་འཛིན་པ་བློ་བཟང་རྒྱ་མཚོ། དཔོན་ཚང་བྱང་ངོས་པ། སྤྱན་གཡས་རབ་


GLG005_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་པ་བསྟན་འཛིན་སོགས་ལ་ཞང་བློན་ཕྱི་སྒྲུབ། སྤྱང་ར་ནས་སྒེར་དུ་བདེ་མཆོག་དཀར་པོའི་ཚེ་སྒྲུབ། ཕྱག་རྡོར་གོས་སྔོན་ཅན། དབྱངས་ཅན་མ་དཀར་མོ། གནོད་སྦྱིན་བེག་ཙེ། འདར་པ་ལོ་ཙཱ་བར་མ་ཏི་ལུགས་ཀྱི་འཇམ་དཀར་གྱི་རྗེས་གནང་རྣམས་བསྐུར། ཚེས་བཅོ་ལྔ་ལ་གཟའ་འཛིན་འདུག་པ་དང་བསྟུན་མ་ཤའི་ལས་སྦྱོར་བྱེད་རྩིས་ཀྱིས་ཚེས་བཅུ་གཅིག་ནས་བསྙེན་མཚམས་ཤིན་ཏུ་དམ་པ་བཅད་དེ་འཇམ་དཀར་གྱི་བཟླས་བརྗོད་བཙུགས་པ་ཚ་རྟིང་ཁར་རང་དབང་དང་བྲལ་བའི་གཉིད་ཀྱིས་ནོན་པ་རེ་ཞིག་ཐུན་བཞག་སྟེ་ཁམས་གསེང་བའི་ཐབས་འདྲ་བྱས། ཇའི་སང་སྡེ་པར་ཕྱི་དྲོ་ད་ལྟའི་འདི་འདྲ་མིན་ཙམ་བྱུང་ན་མ་གཏོགས་དགེ་སྦྱོར་ཚད་ལྡན་མི་ཡོང་བ་སྣང་ཞེས་གླེང་བརྗོད་ཀྱང་བཏང་། དེའང་སྤྲུལ་པའི་སྐུ་གཉན་ཚད་ཀྱིས་བསྙུང་བར་གླིང་སྟོད་ཆོས་རྗེ་དང་བྱང་ངོས་ནས་གཉིས་ཀྱིས་འཕྲོད་བསྟེན་མཛད་པས་གཞི་མེད་དུ་གདངས་པའི་སོག་ཡུལ་དུ་ཙ་ན་ཐོན་གྱི་ཉེ་ལེན་ལ་སྡེ་པའི་སྐུ་གཞོགས་ནས་སྡེ་པ་ནོར་བུ་བཏང་བའི་བཀའ་ལུང་བསྒྱུར་སྐབས་སྐྱོན་མེད་དེ་ག་ཡོད་འདུག་ཀྱང་ཚ་རྟིང་ཁར་གློ་བུར་དུ་བསྙུན་པའི་ཚོགས་ཆེན་དུ་མང་ཇ་དང་གནས་ཆུང་ལྕོག་ཏུ་སྐུ་ཕེབས་ཚ་གྲུལ་ཞིང་དེ་པར་འཕྲོས་ཕུལ་བར་བརྟེན་ལྷ་ས་ནས་ཉིན་མཚམས་ལ་ཕེབས་པའི་ཁ་སང་རྗེས་གནང་ངེད་རང་གིས་བཤོལ་བས་མཚེར་བ་བྱུང་། ད་ལམ་ཅིས་ཀྱང་འགྲོ་དགོས་ཞེས་ཇའི་སང་སྡེ་པ་བརྒྱུད་དེ་གསུང་བ་མཚམས་ལ་ཧར་འདོན་བྱས་ཏེ་གཟིམས་ཁང་གོང་དུ་ཕྱིན་མགོན་པོའི་རྗེས་གནང་བར་ཆད་ཀུན་སེལ་ཕུལ་ཀྱང་འབྱུང་པོ་ཞིག་གིས་བརླམས་པའི་ཐུགས་དྲན་མི་ཟིན་འདུག་པས་ཕན་ཐོགས་མེད་པའི་ཚེས་བཅུ་གསུམ་གྱི་ཚ་རྟིང་


GLG005_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་ཞིང་བརྗེས་སྣང་། སྔ་དྲོ་སྔར་མ་གྲགས་ཀྱི་གཉིད་ལ་འགྲོ་བའང་དེ་ནུབ་རྗེས་གནང་བྱེད་དགོས་པའི་གདོན་གྲིབ་ཀྱི་ལྷོངས་སུ་འདུག །འཇམ་དཀར་གྱི་བསྙེན་པ་བར་ཆད་ཀྱི་དབང་དུ་སོང་བས་འཕྲོ་བཤོལ། རེ་ཞིག་ཟིལ་གནོན་ཚེ་བདག་ནག་པོའི་བསྙེན་པའི་ཁ་གསོ་དང་སྦྲགས་གཟའ་འཛིན་ཐོག་གནམ་ལྕགས་ཨུར་མོའི་བྱས་པ་བཤིག་པའི་ལས་ལ་སྦྱར། ཟླ་བ་ལྔ་པའི་ནང་དུ་སྡེ་པ་གོང་དཀར་དུ་གོ་བརྩི་སོགས་ཀྱི་ཐུགས་བྲེལ་གཅོད་པར་ཕེབས་ཐོག་ཉིན་གཅིག་གཟིམས་ཆུང་ནང་དུ་ཐུགས་དྲན་མེད་ལ་ཇ་ཡུན་གཅིག་ཙམ་སོང་བའི་ཐོག་མར་བྱང་ངོས་ནས་ཀྱིས་གཙོས་ཚང་མ་རྡབས་འུར་གྱི་རྣམ་པས་སྐུ་མི་འཚོ་བར་ཐག་བཅད་པའི་གནས་ཚུལ་སྐྱེལ་བའི་སྟ་གོན་གྱི་སྐབས་སླར་སྐུ་བསོས་པས་དེ་གའི་གཏམ་སྙན་གྱི་ཕྱག་བྲིས་དང་བཅས་སྲུང་བ་ལེན་མི་བྱུང་བར་ཟ་ཡིག་དང་སྐུ་ལ་འདོགས་རྒྱུ་གང་ཟབ་ཕུལ། དེ་སྐབས་གོང་དཀར་གཟིམས་ཆུང་མགོན་ཁང་སྤོ་བ་གནང་གྲུབ་ཅིང་ལྕང་ལོ་ཅན་གྱི་མགོན་ཁང་ཡང་སྤོ་བར་ཐུགས་ཐག་བཅད་པ་ཡིན་འདུག་པས་ཞལ་གྱི་སྐུ་དེ་གཉན་དྲགས་པའི་འཚུབ་ལྷོངས་སུ་སྣང་། ཧོར་ཟླ་དྲུག་པའི་ནང་དུ་ཟུ་པོ་ནས་གཞོན་ནུ་སྐལ་བཟང་གིས་སྐུ་རྟེན། རོལ་མོ། གོས་དར། དཀར་སྤྱད། གོ་ཁྲབ་སོགས་དཔྱད་དོན་གྱི་རིམ་པ་དང་རྩིས་ཀྱི་གནད་འགག་མང་པོ་ཁྲིད་ཅིང་ཞིབ་ཏུ་ཉན། ཟངས་རིན་དཔོན་ས་ཨ་ནེ་དྲུང་དང་སྦྱོར་ར་སྤྲུལ་སྐུ་རྡོ་རྗེ་སྙིང་པོའི་བཞེད་པ་བཞིན་གདམས་པ་ཚིགས་བཅད་མ། འབྲུག་པ་སྤྲུལ་སྐུ། འཇམ་དབྱངས་སྤྲུལ་སྐུ། དཔོན་ས་ཨ་ནེ་དྲུང་། དཔོན་མོ་བློ་གྲོས་སྒྲོལ་མ་རྣམས་ཀྱིས་བསྐུལ་བའི་གསོལ་འདེབས། གོང་


GLG005_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནང་བའི་གསེར་ཐམ་ཧ་ཅང་ལྕི་དྲགས་གཤིས་ཐམ་གཡོག་བརྐོས་པའི་ཐམ་ཕུད་ཀྱི་ཚིགས་བཅད། ཆོས་འཁོར་གླིང་སློབ་དཔོན་ངག་དབང་བཀྲ་ཤིས་ཀྱི་གསོལ་འདེབས། སྤྱི་གཉེར་བླ་མ་བསྟན་པ་ཡར་འཕེལ་ཅན་གྱིས་ཚོགས་ཁྲོ་གསར་བླུག་དང་མཆོད་དཔོན་དབུ་མཛད་གཉིས་ཀྱིས་ཕན་བདེ་ལེགས་བཤད་གླིང་པའི་གསེར་གྱི་དུང་གཤོག་ཕྲ་མང་གསར་བཟོས་ཀྱི་ཁ་བྱང་རྣམས་བྲིས། ཚེས་བདུན་ནས་དཔལ་ལྡན་རེ་མ་ཏཱིའི་མདོས་བསྐང་བཙུགས་པའི་རྡོ་རྗེ་སློབ་དཔོན་ལ་ཕྱིན། ཆོས་སྐྱོང་ཆེན་པོའང་ཁོག་ཏུ་ཞུགས་ཏེ་ཕེབས། གསོལ་ཇ་ཁང་གི་ནང་དུ་གདོན་གྱི་འཚུབ་ཅིག་འདུག་གསུང་བ་མཚམས་ཀྱི་སྐབས་ཚེས་བཅུ་བདུན་ནས་བཟུང་ཉམས་སྣང་གི་འཁྲུལ་ངོར་ཆ་དཀར་ཆོས་མཛད་དང་ལྷན་དུ་སྤྲེའུ་བྱིས་པ་ལོ་བརྒྱད་པ་ཙམ་དོམ་ལྤགས་ལྟ་བུའི་ཁ་དོག་ནག་ཅིང་མིག་དམར་སེར་དུ་འཁྱིལ་བ་ཞིག་རེས་རྗེས་སུ་འབྲང་སྐབས་འགར་མཇིང་པར་ཞོན་ནས་འོང་བ་ཞིག་བྱུང་བ་དང་མཐུན་པ་འདྲ། ཤིང་ལུག་དུས་དགྲའི་དབང་པོའི་ཟོར་སྒྲུབ་སྐབས་སྡེ་པས་གཡུལ་གསར་བ་བསྟན་འཛིན་འབྲུག་གྲགས་ལ་དམིགས་སུ་བཀར་བ་ཞིག་དགོས་ཚུལ་གསུང་བ་འཁོར་ལིང་རྣམས་ཟིན་པའི་འཕྱིས་སྐྱོན་ཙམ་བྱུང་རུང་གྲ་ཚང་ལའང་སྤྱན་དམིགས་མཛད་དགོས་པའི་ཚོགས་གཏམ་བཏང་དེ་དོན་བཞིན་གཡུལ་གསར་པ་གཙོ་བོར་བྱས་ཏེ་ཟོར་ཁ་བསྒྱུར་བས་སྟབས་འགྲིག་པ་བཞིན་ཡིན་ནམ་ཇི་ལྟར་ཡང་རིང་པོར་མ་ལོན་པར་དམར་བཤལ་བཏབ་ནས་ཚེའི་དུས་བྱས་པ་གནས་རྙིང་དཀའ་ཆེན་གྱི་མིག་མཐོང་ལག་ཟིན་བྱུང་བའི་གནས་ཚུལ་ཕག་རི་རྫོང་སྡོང་གནམ་གང་འབྲུག་རྒྱལ་གྱིས་སྡེ་པར་ཕུལ་བར་


GLG005_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་གཏང་རག་བཏང་ཞིང་ཚིགས་བཅད་བྲིས་པའི་སྙན་དར་ཕུལ། ཚེས་བཅོ་བརྒྱད་ལ་བསྙེན་རྫོགས་ཉི་ཤུ་ལྷག་ཙམ་བསྒྲུབས། རྒྱ་གར་གྱི་ཡུལ་ཕལ་ཆེར་ལ་དབང་སྒྱུར་བ་ཤཱཀྱ་རཱ་ཛའི་སྲས་འབྲིང་པོ་བྷངྒ་ལའི་རྒྱལ་སྲིད་ཀྱི་བདག་པོ་ཤ་ཧ་སུ་ཛས་མ་ཧཱ་མ་དྷ་ཤ་པི་མངགས་ཏེ་རྒྱ་གར་དང་སྟོད་ཟོག་གི་སྐྱེས་མང་དུ་བསྐུར། མི་ཆེད་དུ་འོངས་དོན་རྒྱལ་པོའི་ཁྲི་ལ་ཤེལ་གྱི་རྒྱན་མང་པོ་དགོས་ཀྱིན་ཡོད་འདུག་པ་ཤུན་གྱི་ལྟག་ན་ཤེལ་དཀར་བྲག་ཁུང་ཟེར་བའི་ཕུག་སྟོང་ཡན་པ་ཨྱོན་རིན་པོ་ཆེའི་སྒྲུབ་གནས་སུ་རི་བོང་ཅལ་སྒྲོག་ལ་བརྟེན་གནས་མཇལ་མི་མང་བས་ཤེལ་གྱི་ཀ་བ་དང་གདུང་མ་ཡོད་ཅེས་རྫུན་ལབ་བྱས་པ་གཏམ་བྱི་ཁུང་དང་ས་མཐའི་དཔེ་བཞིན་རྒྱ་གར་དུ་གྲགས་པས་ལེན་འདོད་ཡིན་འདུག །འགྲོ་བ་རྣམས་འཁོར་བར་འཁྱམས་པའི་རྩ་བ་འཁྲུལ་སྣང་བདེན་འཛིན་འདི་རིགས་ཁོ་ནའི་རྐྱེན་དུ་གདའ། ཆབ་མདོ་རྣམ་སྲས་སོགས་ཀྱི་འཕྲུལ་དང་མཁའ་འགྲོ་རང་གི་སྒོས་དབང་ལ་བརྟེན་པའི་གཟེར་ཆེན་ནས་སྡོད་མ་བདེ་བར་འབའི་རྫོང་སྡོད་ལ་དར་ཁན་དཀའ་བཅུ་རྫོང་བདའ་དང་སྦྲགས་འབར་ཆོས་སྡེ་གསར་དུ་འཛུགས་པའི་བསླབ་སྟོན་མཛད། ཆོས་སྐྱོང་ཆེན་པོས་སྤྲུལ་པའི་སྐུའི་པུར་བཞུའི་དུས་ཉེ་སྐོར་དུ་བསྡད་པ་མི་འགབ་པས་པོ་ཏ་ལར་སོང་གསུང་བ་བཞིན་ཉེར་གཉིས་ལ་འོངས་ཞག་བདུན་གྱི་བར་འཕགས་པ་མཆེད་ཀྱི་དྲུང་དུ་མཆོད་པ་སྨོན་ལམ་བཟླས་བརྗོད་སོགས་དགེ་སྦྱོར་ལ་བརྩོན་པར་བྱས། ལས་སྒྲིབ་ལ་ཕན་པའི་ལྟས་བཟང་བ་འདྲ་འོང་དུ་རེའང་ནུབ་ཅིག་རྨི་ལམ་དུ་བཙུན་པ་ཞིག་གིས་ཟན་ཧྲིལ་མོ་སྦོམ་ཕྲ་མཛུབ་མོ་ཙམ་ཁྱིད་གང་གི་ཚད་


GLG005_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རྩེའི་རྣམ་པ་ཡོད་ཁུལ་ཞིག་མདུན་དུ་བཞག་སྟེ་འདི་སྡེ་པ་སྐྱིད་རུ་བ་ཡིན་ཟེར་བའི་མུས་ལ། ཟན་དེ་སྲོག་ཆགས་ལྟར་འགྲོ་བ་དང་ཡང་རྫོང་གི་རྟ་ལམ་དུ་དམག་གིས་འཚངས་པས་ཇའི་སང་སྡེ་པ་དང་ལྷན་ཅིག་ཆར་འབབ་པའི་མུན་ཁྲོད་ལ་མཆིལ་ལྷམ་ཡང་མ་གྱོན་པར་ལྟག་སྒོ་ནས་ཐོན་ཏེ་བྲོས་འགྲོ་བ་སོགས་ངན་པ་འགའ་ཞིག་བྱུང་། ཟླ་བ་བདུན་པའི་ཚེས་གཅིག་ལ་མ་ཅིག་ཧུང་ཐའི་ཇི་དང་ཕྲད་ནས་འབྲས་སྤུངས་སུ་ཕྱིན། ཚེས་ལྔ་ལ་འདུ་ཁང་ཆེན་མོར་འདུས་པའི་ཚོགས་ཀྱིས་ལྔ་པའི་གཡུལ་ལས་རྒྱལ་བའི་བདེན་ཚིག་རྒྱས་པར་བརྗོད། དེ་སྐབས་ལྷོར་དཔུང་འདེགས་གནང་བར་འགྲོ་ལྡིང་བའི་སྐབས་ནས་ཚེས་དྲུག་གི་ཉིན་སྡེ་པས་ཟུར་ཁྱབ་བདག་བླ་མ་དང་ཐུན་མོང་དུ་བརྟག་པ་མོ་རྩིས་གྱིས་གསུང་བ་རྗེ་བླ་མས་དགོངས་འདུས་ཀྱི་མཁའ་འགྲོའི་མོ་དང་དེ་ནུབ་ཐུགས་དམ་གསལ་སྣང་གི་བརྟག་པའང་མཛད་པར་མངོན། ངེད་ཀྱིས་དབྱངས་འཆར་གྱི་དམག་རྩིས་བྱས་པ་གཉིས་ཀ་མཐུན་པར་ཤིན་ཏུ་ལོད་པ་བབས་པས་དེ་གའི་རྒྱུ་མཚན་གྱི་སཾ་ཊ་ཕུལ་བར་མ་མཉེས་པའི་མོ་ངག་རྣམ་ངེས་ཚུལ་གྱི་ལན་ཞིག་བྱུང་། འདི་དང་དབྱིབས་མཚུངས་པ་དཔུང་འདེགས་གདོང་བསམ་ཡས་ནས་གནོད་སྦྱིན་ཆེན་པོས་ཀྱང་སྡེ་པར་བཀའ་ཤོག་གནང་འདུག །ཚར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་ཐང་ཕྱག་ནས་མ་དང་ཐུགས་དམ་རྟེན་གྱི་མགོན་པོ་ཤིང་དྲུང་མ་གཉིས་དཔོན་ཆེན་རྒྱལ་བ་བཟང་པོའི་རིགས་བརྒྱུད་ཨུ་བཞི་ལྷ་གཤོངས་པས་ལྷོའི་དམག་གྲབས་ཀྱི་དགོས་ཆའི་ཞུ་རྟེན་དུ་བྱུང་བ་ལྟར་བློའི་རེ་བ་བཀང་། ནང་སོ་དངོས་གྲུབ་དང་དཔོན་ཚང་བྱང་ངོས་དྲུང་འཚོ་གཉིས་ལ་སྟེང་གྲིབ་ཀྱི་དོགས་པ་ཞིག་སྣང་བས་ཁྱབ་འཇུག་དུག་དབྱུང་


GLG005_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབང་བསྐུར་ཞིང་རྣམ་འཇོམས་ཀྱི་སྒྲུབ་ཐབས་ཆུང་ངུ་དགོས་ཚུལ་བཞིན་བྲིས། ནང་སོ་དངོས་གྲུབ་ཀྱི་ཟླར་བྲག་དབར་བའི་གྲ་པ་ཉན་པོ་བྱང་ཆུབ་སེམས་དཔའ་ཟེར་བ་གཟའ་བཅོས་ལ་མཁས་ཉམས་དང་ཟབ་མདོག་བྱེད་འདུག་པའི་དཔེ་ཆའི་མཇུག་གི་བརྒྱུད་པར་རྗེ་བཙུན་ཙོང་ཁ་པ་ཆེན་པོ་དག་ཞིང་དུ་གཤེགས་ནས་ལོ་མང་སོང་རྗེས་བྱུང་བའི་སེ་བ་མཁན་པོ་ཆོས་བཟང་ཉི་མར་རྗེ་རིན་པོ་ཆེ་ནས་གསན་ཚུལ་བྲིས་པའི་ཟག་ཟོག་མངོན་མཚན་ཆེ་བར་གདའ། རྗེ་བཙུན་ཙོང་ཁ་པ་ཤེས་བྱ་ཐམས་ཅད་མཁྱེན་པས་གང་ལའང་ཆགས་ཐོགས་ཅི་ལ་མངའ་རུང་ཚུར་མཐོང་གི་སྣང་ངོར་རྙིང་ལུགས་ཀྱི་རྟ་མགྲིན་གསང་སྒྲུབ་དང་གཟའ་བཅོས་སོགས་གསན་པ་རྣམ་ཐར་གསན་ཡིག་ཚོར་མི་གསལ་བས་རྫུན་གྲོགས་པོ་ཕུ་རྡུགས་སུ་འགྲོ་མཆིས། ཟུར་ཁྱབ་བདག་བླ་མའི་དྲུང་དུ་ཆོས་རྒྱལ་བྱང་པའི་གཏེར་གསར་རྒྱུད་སྙིང་པོ་དོན་གསུམ་གྱི་དབང་ལུང་རྣམས་ཞུས། ད་ལའི་བཱ་ཐུར་དང་མ་ཅིག་ཐའི་ཇི་གཉིས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་མགོན་པོའི་རྗེས་གནང་བར་ཆད་ཀུན་སེལ་ཕུལ། རབ་བྱུང་བསྙེན་རྫོགས་བཅོ་ལྔ་སྐོར་བསྒྲུབས། བྱམས་པ་ཀུན་བཟང་གིས་གཟིམས་ཁང་གོང་སྤྲུལ་པའི་སྐུའི་སྐུ་སྐྱེ། ཏྲེ་བོ་སྐུ་སྐྱེ་དང་དཔོན་པོ་རྒྱ་མཚོ་གཉིས་ཀྱིས་སེམས་དཔའ་ཆེན་པོའི་སྐུ་སྐྱེ་མྱུར་འབྱོན། གྲ་རིགས་འགས་བ་སོ་སྤྲུལ་སྐུའི་སྐུ་སྐྱེ་གསལ་འབྱོན་གྱི་སྨོན་ལམ། དགེ་སློང་གྲགས་འོད་ཀྱིས་རྒྱལ་སྲས་ཤེར་འཕེལ་སྤྲུལ་སྐུའི་སྐྱེས་རབས་བསྟོད་པ་རྣམས་བསྐུལ་བ་དང་ས་སྐྱོང་བསོད་ནམས་རབ་བརྟན་གྱིས་ལོ་ཀེ་ཤྭ་རར་ཐམ་ཕུད་ཕུལ་བའི་ཚིགས་བཅད་


GLG005_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས། ཚེས་བཅུ་ལ་གྲ་ཚང་གི་ཚོགས་དབུར་ཕྱིན་པའི་ཐུགས་སྒྲུབ་འབྲིང་པོའི་འཕྲིན་ལས་གྱེར་ཏེ་རིག་འཛིན་བླ་མ་མཆོད་ཅིང་གསོལ་བ་རྒྱས་པར་བཏབ། བཅུ་གཉིས་ལ་ཕན་བདེ་ལེགས་བཤད་གླིང་པས་འཆི་མེད་འོད་སྣང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཚེ་སྤེལ་པའི་རྟེན་འབྲེལ་བསྒྲིགས། སྟག་ལུང་ཞབས་དྲུང་ངག་གི་དབང་ཕྱུག །རྡོ་རྗེ་བྲག་སྤྲུལ་སྐུ། སྐྱིད་ཤོད་ཡས་ཕྱིན་སོགས་ཆེ་གཉན་མང་དང་མཇལ། ཤེལ་དཀར་ཆོས་སྡེའི་གྲ་པ་ཞིག་གིས་གསར་རྩོམ་དབུ་མ་དང་གོང་དཀར་སྨོན་གོང་དྲུང་འཚོ་བའི་བུས་གསོ་རིག་གི་རྒྱུད་བཞིའི་རྒྱུགས་སྤྲད། ཉེར་གཉིས་ནས་ཞག་བདུན་གྱི་བར་ཉིན་ལྟར་ཀྱིས་དན་འབག་གླིང་ཁར་ཕྱིན་ཏེ་ཡན་ལག་བརྒྱད་ལྡན་གྱི་ཆུ་ལ་ཞུགས། འདི་སྐབས་མོན་དུ་དཔུང་ཆེན་ཁྱོགས་ཤིང་སྡེ་པ་དཔོན་གཡོག་ཀྱང་ཞལ་བཀོད་ལ་གཙང་དུ་ཕེབས་པའི་དྲག་ཞན་ཐམས་ཅད་འཚུབ་ལིང་ངེ་བའི་སྐབས་སུ་ཡོད། ཧོར་ཟླ་བརྒྱད་པ་ཚེས་མཚམས་ཉིན་གསུམ་གྱི་བར་ཁམས་འདན་མའི་འགྲུལ་པ་འགའ་ཞིག་བྱུང་བར་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་ཅིང་ཕྲད་མི་སྣ་ཚོགས་ཀྱི་རེ་བ་བཀང་། ཚེས་བཞི་ནས་ཕྱི་མཚམས་བསྡམས་པའི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་དུ་མ་དང་སཱཙྪ་མང་དུ་བཏབ། གྲ་ཚང་དུ་ཨྱཱཻ་རིང་བྱེ་བ་མཇུག་ཏུ་ཚེ་འཆར་གཉིས་ཀྱི་ཟོར་ལས་ཀྱི་རིམ་གྲོ་དང་དགྲ་སྲི་མནན། སྡེ་པ་ཉི་རུ་ཆུ་མཚམས་སུ་ཕེབས་ཐོག་ནང་སོ་བྱང་ངོས་པས་ས་མཐོས་པའི་སྐྱོན་དུ་ངོས་བཟུང་ཞིང་ཚ་རོང་ནས་ཀྱིས་དབུགས་མི་བདེར་ཁ་དམར་བཏགས་པའི་སྟེན་བབས་ལྕི་བ་ཞིག་བྱུང་བའི་སྡེ་པ་ནོར་བུས་ལྐོག་ཏུ་གནས་ཚུལ་དང་


GLG005_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲགས་ད་ཆ་དམག་བཤོལ་བའི་སྡེ་བར་རྒྱུ་མཚན་ཟེར་དགོས་ལུགས་བྱུང་རུང་དམག་གི་ཆ་མོ་རྩིས་ལུང་བསྟན་གང་ལའང་མ་བབས་ཤིང་དེར་མ་ཟད་མི་དམངས་ཀྱི་བློར་ཡང་མི་འཐད་པ་ནས་བཤོལ་བཏབ་ཀྱང་ཐུགས་ལ་མ་སག་གཤིས་ཡང་བསྐྱར་ལ་དགོས་པ་མི་འདུག་ཀྱང་དེ་པའི་སྐུ་རིམ་གྱི་བསྐུལ་མར་བྱུང་བས་བང་ཆེན་དེས་གོ་བཅད། ནང་སོ་ཨ་སུག་གཞིས་རྩེར་ཟབ་ཁོག་ནས་ཟས་ངན་ཤིན་ཏུ་ལོད་པ་ཞིག་བྱུང་བའི་སྟབས་ཇའི་སང་སྡེ་པ་གྲོང་སྨད་དུ་ཡོད་པས་ཇ་དངུལ་སོགས་འདོན་པའི་རོགས་ལ་ལྷ་ས་གཉེར་པ་འཕྱོས་གྲོང་སྟོད་པ་བོས། དབུས་ཕྱོགས་ཀྱི་ས་དགེའི་ཆོས་སྡེ་གྲ་གཙང་བ་རྣམས་གཙོ་བོར་གྱུར་པའི་རགས་རིམ་ལ་མང་འགྱེད་རྒྱས་པར་བཏང་བས་སྐུ་ཁམས་ཀྱང་རིམ་བདེར་སོང་འདུག །ཨ་སུག་གི་བྱང་བུ་བཞུས་པའི་སྐྱེ་གནས་གསལ་བར་ཤར་བ་བཞིན་རྗེས་སུ་ངོས་ཀྱང་འཕྲོད་ཅིང་སྐྲ་དང་རུས་པ་ལ་རུས་ཆོག་བྱས་ནས་སཱཙྪའང་མང་དུ་བཏབ། དབྱར་ཐོག་འདིར་འགོང་པོའི་འཚུབ་སྔར་དང་མི་འདྲ་བའི་ཆེ་བ་འདུག་པར་ཧོར་ཟླ་དགུ་པའི་ཚེས་དགུ་ནས་བདུན་གཅིག་གི་བར་ཡང་ཟབ་ཀྱི་རྡོ་རྗེ་གྲོ་ལོད་བསྒྲུབས་པས་ཚ་ངར་གྱི་དབལ་གཅོག་པ་ལ་ཕན་པར་བྱུང་། ཟུར་རྡོ་རྗེ་འཆང་གི་མནལ་ལམ་དུ་རྐྱང་ཐང་སྒང་དུ་སྤྲེའུ་མོ་མི་ཙམ་ཞིག་ལ་སྤྲེལ་ཕྲུག་བརྒྱ་སྐོར་སྐྱེས་པའི་ཕལ་ཆེར་ཤི་ཞིང་ལྷག་ལུས་མ་དང་བཅས་པ་ན་ནས་ཉལ་སྡོད་པ་ཤར་བས་ཕོ་བྲང་ནང་གི་འབྱུང་པོའི་ཆོ་འཕྲུལ་བཟློག་པའི་དབུགས་ཕྱུང་། བློ་ཤིན་ཏུ་མི་བསྲུན་པ་ཅི་རིགས་ལ་རླུང་རྟ་ཁ་སྦུབ་ཀྱི་ལས་སྦྱོར་བྱས་པ་ལྕགས་སྦྲུལ་བདེ་


GLG005_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གཟར་སྐབས་ཀྱང་བྱེད་མྱོང་གི་ཆོས་དང་ཡོན་གྱི་དཔེ་བཞིན་ཡུན་རིང་མ་སོང་བར་འབྲས་བུ་མངོན་དུ་གྱུར། ཉེར་གསུམ་ནས་ཟླ་འཕྲོས་ཀྱི་བར་སྲུང་བཟློག་གི་མཚམས་དམ་དུ་བཅད། ཧོར་ཟླ་བཅུ་པའི་ཚེས་གསུམ་ལ་གོང་གི་གསེར་ཡིག་པར་བྱམས་གླིང་ཨེམ་ཆི་སངས་རྒྱས་འབྱུང་གནས་དང་མཁར་སྔོན་པོའི་དེམ་ཆི་དར་ཁན་ཆོས་རྗེ་གཉིས་ཀྱིས་གཙོས་འགྲོགས་ཟླའི་འགྲུལ་པ་ཁ་ཡར་དང་བཅས་འབྱོར། གོང་མ་རྒྱལ་པོའི་བཀའ་ཤོག་གནང་སྦྱིན་བླངས་ཤིང་གཞིས་ལེན་བདག་རྐྱེན་དེབ་གསལ་བཞིན་བྱས། ཁེ་ཤིང་གེ་ཆིན་དབང་གི་དགོངས་རྫོགས་སུ་ཁེས་སེ་ཅན་འབྱོར་བའི་དངོས་པོ་སྟོབས་ཆེ་བ་བྱུང་བ་རྣམས་དགེ་བ་རྫོགས་བྱང་དུ་བསྔོས་ཤིང་བྱང་བཞུ་དང་བསྔོ་སྨོན་ནན་ཏན་དུ་བསྟར། ཁལ་ཁ་གཡོན་རུའི་དཔོན་པོ་ཆེ་བ་ནོ་མོན་ཨེ་ཇེན། ཐང་གི་རི་ཐོ་ཡོན་གྱིས་གཙོས་གསར་འགྲུལ་མང་བར་སླེབས། རྒྱ་སོག་ཚོས་གྲ་ས་ཕན་ཚུན་དུ་རྙེད་བཀུར་དང་གོས་དར་གསེར་དངུལ་ཇ་པགས་རིགས་རས་ཆའི་བདོག་པ་རྒྱ་ཆེར་བསྐྲུན། ཨེམ་ཆི་ལ་སྣར་ཐང་བརྒྱ་རྩའི་ནང་གི་བཀའ་གདམས་ལྷ་བཞི། དར་ཁན་ཆོས་རྗེ་དང་དགའ་ལྡན་ཁའུ་ཁན་གྱི་མི་སྣ་ལ་ཕྱག་དྲུག་པ། ནོ་མོན་ཨེ་ཇེན་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། གཙང་པ་སྐུ་སྐྱེ་ལ་རྟ་མགྲིན་ཤངས་ལུགས། ཨ་རིག་བརྒྱ་སྐོར་ལ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རྗེས་གནང་དང་ཕྱག་དྲུག་པའི་གཏོར་དབང་བར་ཆད་ཀུན་སེལ་རྣམས་བྱས། འདུལ་བ་སློབ་དཔོན་བློ་གྲོས་རྣམ་རྒྱལ། རྣམ་རྒྱལ་སློབ་དཔོན་བློ་བཟང་དར་རྒྱས། རྒྱལ་བའི་རི་ཁྲོད་པ་གཉིས། ཙ་རིའི་ཁམས་པ་གསུམ་ལ་བློ་སྦྱོང་དོན་བདུན་མའི་ཉམས་


GLG005_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིད་ཞག་བཅོ་ལྔ་སྐོར་ཕབ། བསྙེན་རྫོགས་སུམ་ཅུ་དང་དགེ་ཚུལ་བཞི་བཅུར་ཉེ་བ་བསྒྲུབས། ཚེས་བཅོ་ལྔ་ལ་དར་ཁན་ནོ་ཡོན་གྱིས་ཟང་ཟིང་གི་དངོས་པོ་བརྒྱ་ཕྲག་ཏུ་ལོངས་པ་བྱུང་། ཚེས་བཅུ་བདུན་ལ་འབྲི་གུང་ཞབས་དྲུང་རིན་པོ་ཆེ་ཕེབས་ཞག་གསུམ་བཞུགས་ཉིན་སྟར་གསོལ་ཇ་ལྔ་དྲུག་བར་གསང་སྔགས་སྔ་འགྱུར་གཙོ་བོར་གྱུར་པའི་གསུང་གླེང་ཞིབ་ཏུ་བྱུང་། ཁྱད་པར་འཇམ་དཔལ་གཤིན་རྗེའི་སྐོར་ལ་གཞན་ལས་ཁྱད་ཞུགས་པའི་མཁས་ཉམས་ཆེ་བ་འདུག་པས་དོགས་གང་ཆོས་ཞུས་ཤིང་རྗེས་སུ་ཤོག་དྲིལ་མང་རབ་ཕུལ་བ་ལའང་བློ་ཁ་ཁེངས་པའི་མཆན་བུ་གནང་། ཚེ་བདག་ལས་བྱང་གསར་རྩོམ་གྱི་ལུང་དགོས་གསུང་བ་ལྟར་བཀླགས་ཕན་ཚུན་གཞིས་ལེན་ཤངས་ལེན་བཟབས་རྒྱས་ཀྱིས་ཐུགས་ཡིད་གཅིག་འདྲེས་ལྟ་བུར་གྱུར། གནུབས་ལུགས་བཀའ་གཏེར་གྱི་གདམས་པའི་གླེགས་བམ་ཡང་སྦ་བསྲི་མེད་པ། ཁྱབ་འཇུག་གི་མན་ངག་དང་རྗེ་ཟུར་པའི་རྣམ་ཐར་གཡར་པོ་རྩལ་བར་ཕེབས་ལན་གྱི་སྙན་ངག་མཆིམས་ཕུ་ནས་ཀརྨ་པ་རང་བྱུང་རྡོ་རྗེས་བཞེས་པའི་ཕུར་བ་དང་དངུལ་ལྔ་བཅུ་མའི་གཟིགས་རྟེན་ཕུལ། སྲུང་བཟློག་བསད་མནན་གྱི་སྒྲུབ་ཁག་རྣམས་དཀྱུས་བཞིན་བཙུགས། ཉེར་གཅིག་ནས་བཟུང་ཧོར་ཟླ་བཅུ་གཅིག་པའི་ཚེས་དགུའི་བར་སྲུང་བཟློག་གི་མཚམས་དམ་དུ་བཅད། ཁྱབ་བདག་གནས་གསར་བ་མགོན་པོ་བསོད་ནམས་མཆོག་ལྡན་ལ་སྙན་ངག་གི་ལམ་ལས་དྲངས་པའི་ཞུ་མཆིད་དང་མང་ཐོས་རུ་ཐོག་དབང་པོ་ཕུན་ཚོས་རྣམ་རྒྱལ་གྱི་སྙན་ངག་གི་འཕྲིན་ལན་བྲིས། རུ་ཐོག་པ་འདི་མདོ་རྒྱུད་ཐ་སྙད་


GLG005_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་མཁས་པའི་རྒྱལ་པོ་པཎྜི་ཏར་འདུག །ལྔ་མཆོད་གདོང་དུ་བཱ་ཐུར་ཐའི་ཇི་དཔོན་གཡོག །དཔལ་འཁོར་ཆོས་སྡེའི་མཁན་པོ། སེ་ཆེན་དབོན་པོ་རྣམས་ལྷན་དུ་འབྱོར་པ་ཚེས་བརྒྱད་དགུ་ཚོར་ངོས་ཕྲད་དང་སྟོན་མོ་བྱས། ཟླ་མཇུག་ལ་བཱ་ཐུར་ཐའི་ཇི་དཔོན་གཡོག་གཙང་དུ་བཏེག །ཁྱད་པར་ཚེས་བདུན་གྱི་ཉི་ལྡོག་ལ་དམར་ནག་གཤིན་རྗེའི་ཡང་སྙིང་ལག་ཏུ་བསྟར། ཚེས་བཅུ་སྐོར་ནས་རྐང་པ་གཡས་པའི་ནད་རོ་དང་སྟོད་དུ་ཚ་བ་ཞིག་ཞུགས་པ་ཉིས་འདོམས་ལ་གཅིག་བཅོས་ན་ཅིག་ཤོས་ལ་གནོད་པའི་བྱ་དཀའ་བ་འཚོ་བྱེད་དཀྱུས་མའི་རིགས་ཀྱི་གཉིད་གཅོག་མཁན་དུ་འདུག་རུང་དྲུང་འཚོ་བྱང་ངོས་ནས་ཕྱོགས་དེར་སྦྱངས་སྟོབས་ཆེ་བས་མཁས་ཉམས་ཀྱི་བཅོས་ཀ་མཛད་ལུགས་ཡ་མཚན་པར་སྣང་། འོན་ཀྱང་ཆིགས་བཤལ་ཞིག་བཏང་བ་མཁས་ཉམས་དཔའ་ཐལ་གྱིས་སྨན་རྣོ་བ་རྣམས་ཆེར་མ་བཏང་བའི་ཤུགས་ཀྱིས་ཚ་ཟུག་མ་བྱུང་བས་ནང་པར་ཆུ་བུར་ཕྲན་ཚེགས་རྡོལ་རྒྱུ་ཡོད་པའི་སོ་མི་གསོད་པ་ལས་ཆུ་སེར་མ་འདྲོངས་པའི་སྟབས་ནད་ལ་ཕན་རྒྱུ་མ་བྱུང་བས་ཆུ་ཤུར་བླ་རི་རྫོང་གི་དཔེར་སོང་ཞིང་། ཇའི་སང་སྡེ་པ་དང་མཆོད་དཔོན་པ་གཉིས་ཀྱིས་ནད་གཡོག་བྱས། སྟག་ལུང་ཞབས་དྲུང་ངག་གི་དབང་ཕྱུག་གིས་ཆོས་ཀྱི་རྒྱལ་པོ་འཕགས་པའི་ཕྱག་འཕྲེང་གི་རྟེན་དང་བཅས་པའི་ཕྱག་བྲིས་བྱུང་བའི་ལན་དགོངས་བཞེད་དང་མཐུན་པར་ཕུལ། ཚེས་བཅོ་ལྔ་ལ་ཟླ་བ་གཟའ་འཛིན་གྱི་ཡི་གེ་འབྲས་སྤུངས་འདུ་ཁང་ཆེན་མོའི་སྒོ་ལ་སྦྱར། འདི་རེས་ངོས་ཕྲད་མ་ཐུབ་པས་གོང་གི་གསེར་ཡིག་པ་སོགས་འགྲུལ་པ་རྣམས་ལྷ་
ས་ནས་རྫོང་བདའ་མཛད། གོང་དུ་ཞུ་ཡིག་དང་འབུལ་སྐྱེལ་ལ་མི་སྣ་དྲག་པ་ཞིག་གཏོང་དགོས་རྒྱུར་སླ་ཆོས་ཀྱི་རྣམ་པས་ལོ་སྔ་མ་རབ་འབྱམས་པ་དངོས་གྲུབ་ཡོན་ཏན་གྱི་སྒེར་གཡོག་ལ་ཕྱིན་པའི་སྙེ་ཐང་ཇོ་རིག་ཐུ་དབོན་པོ་གནང་སོང་བ་མི་སྣའི་རྒྱུན་ལ་གནོད་ལ་ཁད་ཙམ་བྱུང་ཞེས་གླེང་། ཟུང་ཆུ་རབ་འབྱམས་པ་འཕྲིན་ལས་ཀྱིས་རི་བོ་རྩེ་ལྔར་ལྷ་ཁང་བཞེངས་པའི་རྡོ་རིང་ལ་བརྐོ་རྒྱུའི་ཁ་ཡིག་དང་རྒྱ་ནག་ཏུ་བི་ལིག་ཐུ་ནང་སོའི་ཡིག་ལན་པི་ཝརྟ་བྱམས་པས་དམ་བཅས་པའི་གཟུངས་དང་བཅས་པ་བསྲིངས། གཞིས་ཀ་ཤར་པ་ཨ་གུར་སྤུན་གྱིས་བསྐུལ་བའི་རྩིས་སྐར་ནག་གི་དྲིས་ལན་བྲིས་ཟིན་ཀྱང་འདི་སྐབས་ཞུས་དག་པར་བྱས་ཏེ་པར་གྱི་མ་དཔེར་བསྐུར།

དགུང་ལོ་ཞེ་གཅིག་པར་ཟུར་ཆོས་དབྱིངས་རང་གྲོལ་ཀྱི་དགོངས་རྫོགས་རྒྱ་ཆེར་བསྒྲུབས་ཤིང་བསྒྲུབ་བྱ་མང་པོར་དགེ་ཚུལ་སློང་གི་སྡོམ་པ་སྩལ་བ་སོགས་ཀྱི་སྐོར།


GLG005_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་ཟླ་བཅུ་གཉིས་པ་ཤར་ནས་ཀྱང་རྐང་པའི་ནད་གཞི་མེད་དུ་མ་སོང་བས་མེ་བྱའི་ལོ་གསར་གྱི་བཀང་གསོ་དང་བཞུགས་གྲལ་ཙམ་མ་གཏོགས་དུས་རིམ་ལེ་ཚན་དང་སྨོན་ལམ་ཆེན་མོ་ལ་འགྲོ་མ་ཐུབ། ཚེས་བཞི་ལ་ཕོ་བྲང་ཚོམས་ཆེན་དུ་ཆོས་གླིང་གྲ་ཚང་། ལྔ་ལ་འདུ་ཁང་ཆེན་མོར་ཚོགས་ཆེན་གྱི་ཐོག་གདན་ས་ཆེན་པོ་དགའ་ལྡན་གྱི་རྩེ་ཤར་ཁྲི་གསུམ། སེ་ར་ཐེག་ཆེན་གླིང་གི་སློབ་དཔོན་སོགས་གྲ་ས་གསུམ་སྤྱི་འདུས། བརྒྱད་ལ་ཕན་བདེ་ལེགས་བཤད་གླིང་པ་སྟེ་ལེ་ཚན་སོ་སོས་ཟང་ཟིང་གི་དངོས་པོ་བསྟར་ཏེ་དུས་ཀྱི་ཕོ་ཉ་ལས་རྒྱལ་བའི་རྟེན་འབྲེལ་བསྒྲིགས། སྡེ་པ་བདེ་གཟར་སྟབས་ནས་གཙང་ཕྱོགས་སུ་བྱོན། བསྙེན་རྫོགས་དྲུག་ཅུ། དགེ་ཚུལ་བརྒྱ་སྐོར། རབ་བྱུང་བཅུ། དགེ་བསྙེན་གསུམ་རྣམས་བསྒྲུབས། བསམ་བློ་དཀའ་བཅུ་ཤེས་རབ་རིན་ཆེན་གྱི་ངོར་བཀྲ་ཤིས་


GLG005_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོངས་ཆོས་རྗེའི་གསོལ་འདེབས། ཧོར་ཚང་ཆོས་རྗེ་སྐུ་མཆེད་ཀྱིས་དཔོན་ནམ་མཁའ་རྒྱལ་མཚན་དག་ཞིང་དུ་སྐྱེ་བའི་སྨོན་ལམ། མ་གཅིག་ཐའི་ཇིས་བསྐུལ་བའི་གསོལ་འདེབས་སྨོན་ལམ་རྣམས་བརྩམས། ཚེས་ཉི་ཤུ་ལ་ཁལ་ཁ་ནོ་མོན་ཨེ་ཇེན་སོགས་སྐྱ་སེར་ཉི་ཤུ་རྩ་ལྔ་ལ་རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇིགས་བྱེད་བཅུ་གསུམ་མའི་དབང་བཞི་དང་གྲངས་སུ་མ་བཅད་པར་འདོད་ཆོས་ཀྱི་རྗེས་གནང་ཁ་ཤས། ཆོས་རྗེ་བྲག་སྣ་བར་ཇོ་བོ་ལུགས་ཀྱི་ཚོགས་བདག་དཀར་པོ་ཆགས་པ་རྡོ་རྗེའི་རྗེས་གནང་བྱས། ཟླ་བ་གཉིས་པའི་ནང་དུ་རྐང་པའི་འཕྲོད་བསྟེན་ལ་ཕན་རེས་ཕྱི་མཚམས་ལ་བརྟེན་པའི་ཟོས་བདེར་བསྡད། སྣ་དཀར་རྩེའི་ཁྲི་དཔོན་ཞང་པོ་ཀུན་དགའ་དབང་ཆེན་ཕུན་ཚོགས་ལ་སྙན་སྒྲོན་དང་རིན་པོ་ཆེ་སྨན་ལུང་པར་ཆེད་དུ་བརྗོད་པའི་འཕྲིན་ཡིག་སྙན་ངག་གི་ལམ་ནས་དྲངས་པ་སྐྱེལ་བར་ཕོ་ཉ་མངགས། རྐང་པའི་ནད་རོ་གཞི་མེད་དུ་མ་སོང་བའི་མུས་དེ་གར་ཟླ་བ་གསུམ་པའི་བརྒྱད་གཏོར་གྱི་བསྐང་གསོ་དང་བྲེལ་བ་འདྲས་འཁྲུགས་ཉམས་ཀྱིས་སླར་ཡང་འཕར་བར་སྨན་སྒོམ་འབྲང་རྒྱས་པ་ངག་དབང་དོན་གྲུབ་ཀྱིས་བའི་ལྕི་བ་ལ་བརྟེན་པའི་ལུམས་དང་མཇུག་གཅོད་ལ་རྭ་བཙུགས་ཤིང་ཟླ་བ་བཞི་པའི་ནང་དུ་སྟོད་ལུང་ནས་ཆུ་ཚན་བླངས་ཏེ་བརྒྱབ་པས་ལོ་གཅིག་བར་ནད་མེད་ཀྱི་གོ་འཕང་ལ་བཀོད། འཕྲལ་དགོས་ཀྱི་དཔེ་པོ་ཏི་བཞི་བརྒྱ་སྐོར་གྱི་དཀར་ཆག་བསྒྲིགས། འབྲོག་ཁྲི་དཔོན་ལྷུན་པོ་རྫོང་པ་ཀུན་དགའ་ཚེ་བརྟན་སྟོབས་རྒྱས་ཀྱིས་ངང་སྒོང་བསྲིངས་པའི་ལན་ལེགས་ལྡན་རིགས་ཀྱི་ཆེ་བ་བརྗོད་པའི་ཚིགས་བཅད་ཀྱིས་བསྔགས། ཟླ་བ་


GLG005_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་ལྷོ་བྲག་ཐིག་ཕྱི་བླ་མ་སོགས་བསྙེན་རྫོགས་དྲུག་ཅུ་རེ་བདུན་དང་དགེ་ཚུལ་བརྒྱ་ལྷག་པ་བསྒྲུབས། ཁྲིམས་ཁང་ལོ་ཙཱ་བ་དང་འབྲི་གུང་ཟུར་པ་ཙམ་མ་གཏོགས་ས་དགེ་བཀའ་བརྒྱུད་ཕྱོགས་ནས་རྙིང་མའི་སྒྲུབ་འཕྲིན་མཛད་པ་ཕལ་ཆེར་གསར་མའི་ཤན་ཞུགས་པའི་ཉ་དང་ཉུང་མ་བསྲེས་པ་ཁོ་ན་ཡོང་འདུག་པས་སེར་བྱེས་གཏོར་སྒྲུབ་པ་རྣམས་ཀྱིས་བསྐུལ་བ་ལྟར་པདྨ་ཡང་གསང་ཁྲོས་པའི་ལས་བྱང་སྔ་འགྱུར་རང་སྐད་གཙང་མ་ཞིག་བྲིས། ཉེར་གཉིས་ལ་མདོས་བསྐང་ཚུགས་པའི་རྡོ་རྗེ་སློབ་དཔོན་དུ་ཕྱིན། ཧོར་ཟླ་དྲུག་པའི་ཚེས་འགོ་ནས་མཚམས་འོག་ཏུ་ཟུར་འཇམ་དབྱངས་བླ་མ་གདན་དྲངས་ཏེ་གསར་མ་རྒྱུད་འབུམ་ནས་པོ་ཏི་ཁ་ཤས། ཉམས་ཁྲིད་འགའ་དང་དབང་རྗེས་གནང་ཐོར་བུ་ཞུས། ཚེས་བཅུ་གཅིག་བཅུ་གཉིས་ལ་གསང་ཕུ་སྤྱི་ཚོགས་དང་ཚེར་གསེབ་དགོན་པ་བ་ཚོས་ཚན་གྲངས་མཎྜལ་གྱི་ཚུལ་དུ་བཏེག་སྟེ་ཡུན་དུ་འཚོ་བའི་སྨོན་ལམ་བཏབ། གསང་ཕུ་མཁན་སློབ་རྣམས་ལ་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་ཕུལ། དགེ་ཚུལ་སློང་བཅུ་དྲུག་ཙམ་བསྒྲུབས། བཱ་ཐུར་ཐའི་ཇིའི་དཔོན་མོ་སོགས་ལ་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་བྱས། ཚེས་བཅུ་གཉིས་ནས་སླར་ཡང་མཚམས་མུས་ཆོས་ཀྱི་འཕྲོ་འཐུད། དེ་སྐབས་ངེད་ཀྱིས་གང་ཐོབ་ཀྱི་ཆོས་ཕལ་ཆེར་རྫོགས་པ་ཡིན་ཞེས་ཡང་ཡང་གསུང་། བརྟན་བཞུགས་ཕུལ་བའང་ལྟས་ཤིན་ཏུ་ལོད་པ་བྱུང་། ཧོར་ཟླ་བདུན་པའི་ཚེས་གསུམ་གྱི་ཉིན་ཆོས་སྐྱོང་ཆེན་པོས་ཀྱང་རིག་པ་འཛིན་པ་འདི་འདྲ་རྙེད་པར་དཀའ་བས་ཆོས་ལ་བརྩོན་པ་དགོས་ཚུལ་གསུང་། སྙུན་སོགས་ཡེ་མེད་པར་ཉེར་ལྔ་


GLG005_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

འདམ་སེལ་གྱི་རྣམ་པས་རྐྱེན་བྱས་ཁྱབ་འཇུག་གོ་འཁུ་ལྡོག་ལ་བརྟེན་པས་གློ་བུར་དུ་མེ་ཏོག་འཐོར། ཉིན་ཞག་གསུམ་གྱི་བར་འོད་གསལ་མ་བུ་བསྲེས་ཏེ་དེ་ལས་བཞེངས་པའི་ནུབ་རྨི་ལམ་དུ་ལྷོ་ནུབ་ཕྱོགས་ཀྱི་ཐག་རིང་བ་ཞིག་ལ་འབྱོན་ཁུལ་གྱིས་ཆིབས་སྒ་གཏད་དེ་ལམ་ཞོར་དུ་ངེད་ཀྱི་སར་ཕེབས་ནས་སྔ་སོར་ཚེ་དཔག་མེད་ཧྲཱིཿགཅིག་མའི་དབང་ལུང་ཚང་བར་སོང་ཡང་ཉམས་འཁྲིད་དེ་ལུས་པ་ད་ལམ་འབུལ་བ་ཡིན་ཞེས་ཚར་གཅིག་གསུང་བའི་ཉམས་བྱུང་བ་བར་དོ་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བར་འདུག །སྐུ་གདུང་རིན་པོ་ཆེར་མཆོད་པ་དང་སྨོན་ལམ་ཚིགས་བཅད་བྲིས་པའི་སྙན་ཤལ། མཆིམས་ཕུ་གསང་ཕུག་ཏུའང་དགོངས་པ་རྫོགས་བྱེད་ཀྱི་སྙན་དར་ཞལ་ཡིག་མ་ཕུལ། གཙོ་བོར་བླ་མ་དང་རང་སེམས་དབྱེར་མེད་ཀྱི་རྣལ་འབྱོར་ཟབ་མོ་ལྷུར་བླངས། ཐུགས་དམ་གསལ་འདེབས་ཀྱི་བདོག་པ་རྣམས་འཁོར་བ་ཇི་སྲིད་པར་འཕྲིན་ལས་རྒྱུན་མི་འཆད་པའི་གསོལ་འདེབས་སུ་མཆོད་པའི་སྤྲིན་དུ་སྤེལ། གདུང་བསམ་ཡས་མཆིམས་ཕུར་གདན་དྲངས་པའི་མ་འབྱོར་བར་འཇའ་སྤྲིན་རྩིབས་ཤར་གྱེན་སྒྲེང་ཟ་འོག་མིག་མང་རིས་ཀྱི་གནམ་དཔྱད་ཡ་མཚན་པ་ཁོ་ན་དང་ཞུགས་འབུལ་གྱི་ཚེ་མེ་ཏོག་གི་ཆར་བབས་ཤིང་པུར་དུད་ལས་འཇའ་དཀར་གསང་ཕུག་ཏུ་ཟུག་པར་སྣང་། དངུལ་གདུང་གིས་ཐོག་དྲངས་དགོངས་རྫོགས་ཀྱི་དོ་དམ་ལ་ཞང་ཚ་སྡེ་པ་དཀོན་མཆོག་རྣམ་རྒྱལ་བཏང་། བཀའ་འགྱུར་ཞིག་བཞེང་བའི་དགོངས་བསྟད་ལ་ལུས་པ་བཞེད་པ་སྐོང་ཕྱིར་དུ་ཚར་གཅིག་རྒྱལ་རྩེ་ནས་དྲངས་པའི་གུང་ཐང་གཙུག་ལག་ཁང་དུ་བཞུགས་སུ་གསོལ། དེ་ཁྲོད་ཀྱི་པོ་ཏི་གཉིས་གསུམ་ཙམ་བྱ་བཟང་དུ་ཡོད་འདུག་


GLG005_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྒོ་སྣ་ཤག་སྲས་པོས་མི་གཏོད་པའི་ཁར་སྒྱུར་སྦྱང་གིས་དྲིན་ལན་ལོག་འཇལ་གྱི་རྣམ་པ་བྱས་སོང་། འདི་ལོ་དར་ཁན་དཀའ་བཅུས་འབར་ཆོས་སྡེ་གསར་འཛུགས་ཀྱི་གྲ་བསྒྲིགས། རུ་ཐོག་དབང་པོས་སྙན་ངག་གི་ལམ་ནས་དྲངས་པའི་གསུང་འཕྲིན་བྱུང་བ་དེ་ལན་བསྲིངས། ཟུར་ཁྱབ་བདག་ཆེན་པོའི་དབང་ཞྭ་བསྙེན་ཕུར་སོགས་ནང་རྟེན་དུ་བཞུགས། གནས་ཆུང་ཆོས་སྐྱོང་ཆེན་པོས་ཐོག་མར་དམངས་དང་མི་མཐུན་པའི་དཔུང་འགྲོ་ཁྱབ་ཡོང་བའི་ཕྱོགས་ཀྱི་ལུང་བསྟན་པ། དཔུང་མོན་ནང་དུ་ཆུག་ཚོད་ལ་ད་ཆ་བསམས་པ་བཞིན་བྱས་མ་སོང་བས་ཚུལ་ལྡན་མི་ཡོང་བར་གསུང་བ་ཕག་རི་ནས་བཟུང་ཞག་འཕུལ་ཉིན་འཕུལ་དུ་མ་སོང་བའི་རྩོལ་ཁྱད་ཀྱིས་ཕྱིན་ཏེ་ཧུང་རལ་ཁར་ཚ་ཤུགས་ཀྱིས་བསྐོར་འཚངས་ཐེ་ཚོམ་མེད་པ་ཞིག་བརྩམས་ན་དེ་ལོ་བོད་སོག་ཁམས་ཀོང་ཚང་མ་ཡོད་ཟེར་བའི་དགྲ་སྐད་ཀྱིས་རྫོང་བསྐྱུར་བྱེད་ངེས་ཡིན་འདུག་ཀྱང་སྡེ་པ་ནོར་བུས་ཚུལ་ལྡན་མ་ནུས་པའི་སྐྱོན་དུ་སྣང་བས་ཆོས་སྐྱོང་ལ་ལོག་ལྟ་དགོས་རིགས་སུ་མི་གདའ། དེའང་ཆོས་སྐྱོང་རྣམས་ཀྱི་ལུང་བསྟན་མོ་རྩིས། མི་དམངས་ཀྱིས་བརྗོད་རིགས་གང་ལ་དཔགས་ཀྱང་ལྷོའི་དཔུང་འཇུག་དེ་འགྲོ་ཁྱབ་ཆེ་བ་ཞིག་ཡོང་རིགས་མིན་འདུག་རུང་དབུས་དཔུང་དང་ཁམས་ཀོང་རྣམས་དགོན་དང་བུམ་ཐང་དུ་བཅུག་ཚེ་བུམ་ཐང་དུ་མན་ཆད་ཚུར་ཆོད་པ་ཙམ་གྱི་མཐའ་བརྟེན་པའི་རྗེས་ཡོང་རིགས་ལ་ཚང་མ་སྤ་གྲོར་དྲིལ་བ་སྡེ་བ་ནོར་བུའི་ཆེ་འདོན་ལ་མི་འགྲོ་བའི་ཁར་ཁོང་པས་ཕོ་མ་སྐྱེས་པའི་དམག་ཡུན་གྱིས་བེ་གེ་སོགས་ནད་རིམས་དང་ལྷོ་ཚད་ཀྱིས་མི་གཅེས་མང་དུ་གྲོན། གད་ཁ་སའི་སྒེར་གཡོག་སྟག་ལུང་སྨན་གྲོང་པས།


GLG005_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རྩེར་སྡེ་པར་ཕུལ་བའི་ཞུ་ཡིག་ལ་ད་ལའི་བཱ་ཐུར་དང་མ་གཅིག་ཐའི་ཇི་གཉིས་བསྟན་པའི་ལྕགས་རི་དང་སྡེ་པ་ནོར་བུ་ཁར་བཞེས་མཛད་དགོས་པའི་གཅེས་འཕངས་ཆེ་བས་དབྱར་གྱི་རིང་ཕག་རི་ཙམ་ལ་འཐེན། གཞན་སུ་ཤིའང་མི་ལ་མི་འཐོགས་པས་ལོ་སྦྲེལ་འཇོག་དགོས་ཞེས་བོད་གངས་ཅན་པ་ཐམས་ཅད་སྡེབས་སུ་སྟོངས་ཀྱང་ཇི་མི་སྙམ་པའི་རྒྱུ་མཚན་ཕུལ་སྣང་བ་དགོས་དོན་ཇི་ལྟར་ཡང་འབྲས་སྤུངས་སུ་ཆེད་བསྟད་སྟེན་པར་བཏང་བྱུང་། ཚུར་འཐེན་རྩིས་མཛད་འདུག་རུང་སོག་པོའི་དཔོན་པོ་གཉིས་གཞན་དང་མི་འདྲ་བའི་དཔའ་མཛངས་རྟུལ་ཕོད་པས་དཔུང་ཆེན་འཐེན་ན་ངེད་གཉིས་ཡོང་བ་གཞིར་བཅས། དམངས་མ་བཞག་སྟེ་ལོག་པའི་གཏམ་ཁུར་ནས་སོག་པོའི་ཁྲོད་དུ་གདོང་སྟོན་མི་ནུས་ཞེས་འབྱོན་མ་ཉན། མ་གཅིག་ཐའི་ཇི་གློ་བུར་དུ་གྲོངས་པ་མོན་ཚད་ཡིན་ནམ་ཟེར། མགྲོན་གཉེར་དྲུང་པ་ཅན་མང་དག་གིས་ཟབ་ཁོག་ནས་བརྗོད་རིགས་ཐའི་ཇིས་སྡེ་པ་ནོར་བུར་སྡང་ཟུག་ཆེས་པར་བརྟེན་ཟས་སྦྱོར་ཞིག་བྱུང་འདྲ་གླེང་། ཁོང་གི་བསྔོ་བྱང་འབྱོར་དོན་བཞིན་གནས་སྤར་ནན་ཏན་དུ་བགྱིས་ཤིར་པུར་སྦྱོངས་རི་ཁྲོད་དགའ་ལྡན་སློབ་དཔོན་བྱམས་པ་རིན་ཆེན་གྱིས་མཛད་པའི་རུས་པ་བསྐྱལ་བྱུང་བར་སཱཙྪ་ལག་དར་མང་དུ་བཏབ། གདན་ས་གོང་འོག་གི་ཞབས་དྲུང་རིན་པོ་ཆེ་གཉིས་ཀྱིས་དབུ་མཛད། བཀྲ་ཤིས་ལྷུན་པོ་སྐྱིད་ཤོང་ངོར་སོགས་ཀྱི་བར་ཆིངས་པ་རྣམས་ཀྱིས་ཀྱང་དམག་ཚུར་འཐེན་ཐུབ་པ་དང་ལོ་ཤས་ཀྱི་ཆིངས་ལས་སྤྲོས་པའི་དོན་མཐོང་གང་ཡང་མ་བྱུང་བའི་མཆོད་ཡོན་ལྷན་རྒྱས་ཆིབས་ཁ་སྒྱུར་བའི་ཉེར་བརྒྱད་ལ་འབྲས་སྤུངས་སུ་ཕེབས། དགུ་གནམ་གང་ཚོར་


GLG005_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲད་མི་མང་དུ་བྱུང་། ཧོར་ཟླ་བརྒྱད་པའི་ཚེས་གསུམ་ནས་ཞག་བདུན་གྱི་བར་ཉིན་ལྟར་ཆུ་ཞུགས་ལ་ཕྱིན། བསྙེན་རྫོགས་ལྔ་བཅུ་དང་དགེ་ཚུལ་བརྒྱད་ཅུ་སྐོར་བསྒྲུབས། ར་བ་སྟོད་བླ་མ་ཟུར་པ་བྲག་སྒོ་རབ་འབྱམས་པར་བཅུ་གཅིག་ཞལ་མཁའ་འགྲོ་ལྔའི་བྱིན་རླབས་དང་ཉི་ལྡིང་ཏྲེ་བོ་སྐུ་སྐྱེ་ལ་སྣར་ཐང་བརྒྱ་རྩའི་ནང་གི་སྒྲོལ་དཀར། ཕྱག་རྡོར། མགོན་པོ་གྲི་གུག་གསུམ་གྱི་རྗེས་གནང་བྱས། ཉི་ཤུ་ལ་བློ་གསལ་གླིང་གི་གྲ་ཁང་གསར་པར་མེ་ཏོག་གཏོར། ཚོགས་པར་ཆོས་སྤྱོད་ཁ་ཤས་ཀྱི་ལུང་ཕུལ། ཉེར་དྲུག་ནས་སྒོ་མང་སློབ་དཔོན་ཟུར་པ་ག་རུ་བ་ངག་དབང་དཔལ་འབྱོར། རྣམ་རྒྱལ་སློབ་དཔོན་བློ་བཟང་དར་རྒྱས། རི་ཁྲོད་དགའ་ལྡན་བླ་མ་བྱམས་པ་རིན་ཅེན། གསེར་ཁང་འོག་བླ་མ་བློ་གྲོས་ཆོས་འཕེལ། སྤྱན་གཡས་དཀའ་བཅུ་བློ་བཟང་རྣམ་རྒྱལ་སོགས་བཅུ་གཉིས་ལ་ཟླ་གཅིག་ལྷག་ཙམ་གྱི་བར་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་འཁྲིད་སྨིན་རྒྱས་དང་ཧོར་ཟླ་བརྒྱད་པའི་ཚེས་གཅིག་ནས་ཟླ་གཅིག་བར་ཕན་བདེ་ལེགས་བཤད་གླིང་པའི་གྲ་པ་བཅོ་བརྒྱད་ལ་ཡང་ཏིག་གཅེས་སྒྲོན། གསང་བ་རྨད་བྱུང་། འཕོ་བ་འཇག་ཚུགས་མའི་ཉམས་འཁྲིད་ཞིབ་པར་ཕབ། ཟླ་བ་དགུ་པའི་ནང་དུ་བསྙེན་རྫོགས་བཞི་བཅུ་དང་དགེ་ཚུལ་ལྔ་བཅུ་ཙམ་བསྒྲུབས། ཧོར་སྐུ་སྐྱེ། པཱ་རས། ཅོ་ནེ། ཏ་འོན་པ། ཟུང་ཆུས་མཚོན་པའི་མདོ་སྟོད་སྨད་ཀྱི་འགྲུལ་པ་མང་དུ་བྱུང་བར་སྤྱན་རས་གཟིགས་གཙོ་འཁོར་གསུམ་པ་དང་ཧན་སྐུ་སྐྱེ་སྒེར་དུ་ལས་གཤིན་ཕྱི་སྒྲུབ། འཕྱོང་རྒྱས་རབ་འབྱམས་པ་ཀུན་དགའ་སྐལ་བཟང་ལ་འཇམ་དབྱངས་ནག་པོའི་རྗེས་གནང་། བྱམས་


GLG005_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པས་དམ་བཅས་པ་དང་སྨན་བླའི་གཟུངས། གཏོར་མ་བརྒྱ་རྩའི་ལུང་རྣམས་བྱས། ཧོར་ཟླ་བཅུ་པའི་ཚེས་གཅིག་ལ་འཁྲིད་གཉིས་ཀ་གྲོལ་བའི་བཀྲ་ཤིས་ལྗོངས་ཆོས་རྗེ་བྱོན་ཏེ་ཟང་ཟིང་གི་ཚན་གྲངས་བསྟར་ནས་རིང་པོར་འཚོ་བའི་རྟེན་འབྲེལ་བསྒྲིགས་སྐུ་སྒེར་དུ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བརྒྱ་རྩ། རྟ་མགྲིན་སྐྱེར་སྒང་ལུགས། ཕྱག་དྲུག་པ། སྨེ་བརྩེགས་ལྗང་སྔོན་སོགས་ཀྱི་རྗེས་གནང་། ཕྱོགས་འདུས་ཀྱི་ཆོས་ཉན་པ་ལྔ་བཅུ་སྐོར་དང་ལྷན་ཅིག་པར་ལམ་རིམ་ཆེན་མོ། བཀའ་གདམས་ཐོར་བུ། སེམས་དཔའ་ཆེན་པོ་ཐོགས་མེད་པའི་བློ་སྦྱོང་རྣམས་ཀྱི་ལུང་ཕུལ། ཨོ་རོད་ནས་དུ་རི་ཡལ་ཁོ་ཤོ་ཆི་འབྱོར་བའི་ཉེར་གསུམ་ལ་གསེར་སྲང་ལྔ་བརྒྱ། དངུལ་སྲང་སྟོང་ཕྲག་དྲུག །གོས་ཡུག་སྟོང་ཕྲག་ཕྱེད་གཉིས། དར་རས་ཇས་གཙོས་པའི་ཁྲི་འབུལ་བསྟར། བྱད་འགྲོལ་དང་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་རྗེས་གནང་སོགས་རྐྱེན་སེལ་གྱི་འདོད་ཆོས་མང་དུ་བྱས། ཐོད་པ་ཞལ་དབྱེའི་སྐབས་ཉེ་བར་མཁོ་བའི་འཆི་བདག་གཤིན་རྗེའི་ལས་བྱང་བྲིས། དུས་དགྲའི་དབང་པོ་ལ་བརྟེན་པའི་མཚམས་ཁག་རྣམས་ཀྱང་དཀྱུས་བཞིན་བཙུགས། ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་བདུན་ཕྲག་བཞིའི་བར་བསྙེན་མཚམས་དམ་དུ་བཅད། བཅུ་གཉིས་པའི་ནང་དུ་ཕུར་སྒྲུབ་ཟིན་རྗེས་དུ་རི་ཡལ་ཁོ་ཤོ་ཆི་དཔོན་གཡོག་རང་ཡུལ་དུ་རྫོང་བདའ་བྱས། ཟླ་མཇུག་ཏུ་དུས་ཀྱི་དགྲ་བོའི་སྒྲུབ་པའི་རྡོ་རྗེ་སློབ་དཔོན་དུ་ཕྱིན་ཀྱང་གཏོར་ཟོར་འཕེན་པར་འགྲོ་བར་མཆོད་དཔོན་པ་ཁམས་མ་བདེ་བ་ནས་དེ་ཚབ་དབུ་མཛད་བློ་བཟང་ཡོན་ཏན་གྱིས་བྱེད་དགོས་ཤར་ཞིང་དབུ་མཛད་བློ་བཟང་བསྟན་འཛིན་སྐད་ཆུང་སྐད་པོ་ཆེ་འགའ་
རེས་དབྱངས་གཡས་ཁྱེར་གཡོན་ཁྱེར་གྱི་སྤྱན་རྣམ་བཀྲ་པོ་རང་མི་འདུག་པས་འགྲོ་མ་ཐུབ།

དགུང་ལོ་ཞེ་གཉིས་པར་སྡེ་སྲིད་བསོད་ནམས་རབ་བརྟན་གཤེགས་པ་དང་། བསྟན་འཛིན་ད་ལའི་ཧན་རྒྱལ་པོའི་ཁྲི་ལ་འཁོད་པ་བཅས་ཀྱི་སྐོར།


GLG005_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཁྱི་ལོ་གསར་གྱི་འདོད་ཁམས་དབང་ཕྱུག་མའི་མཆོད་གཏོར་རྒྱས་པ་དང་འདི་ལོ་ནས་བཟུང་འཕྲིན་ལས་བཅོལ་བའི་ཚིགས་བཅད་བྲིས་པའི་སྙན་ཤལ་སྟར་ཆགས་སུ་ཕུལ། ལོ་གསར་བཞུགས་གྲལ་འབྲས་སྤུངས་འདུ་ཁང་དུ་མཛད་པའི་སོག་བོད་སྐྱ་སེར་གྱིས་བར་མཚམས་མེད་པ་ལྟ་བུར་ཁྱབ། འདི་ནས་ལོ་དྲུག་ཙམ་གྱི་ལི་ཐོ་མཁས་དབང་ལྡུམ་པོ་བ་དང་ཕུ་གུ་ལུང་པ་ཅན་གྱིས་བཟོས་གྲུབ་ནས་སྔ་སོར་མཁས་པ་མང་པོར་གཏུགས་པའི་རྩིས་སྐོར་ལ་མཐའ་གང་ཆོད་བྱས་པ་ཡིན་རུང་གཟའ་ལྔའི་མགྱོགས་རྩིས་ཆེན་མོ་སོགས་ཕུག་ལུགས་ཀྱི་མན་ངག་ཁ་ཤས་བློར་མ་ཆུད་པ་རྣམས་དཔལ་མགོན་འཕྲིན་ལས་ཀྱི་རྗེ་དཔལ་སེང་བར་གནང་། དེའི་རྒྱུན་བླ་མཁྱེན་བཀྲ་ཤིས་མཚན་ཅན་ནས་རྩིས་རིག་སྨྲ་བའི་གཙུག་རྒྱན་མཁས་མཆོག་དོན་གྲུབ་དབང་རྒྱལ་ལ་བཞུགས་འདུག་པ་ཞིབ་ཏུ་ཉན། གོང་གི་གསེར་ཡིག་པ་ཤེས་རབ་བླ་མ། བསམ་གཏན་དགེ་སློང་། བའི་རི་བདུན་གྱིས་གཙོས་པ་ཞར་བྱུང་དུ་འོངས་པའི་འགྲུལ་པ་མང་བ་དང་བཅས་འབྱོར་བའི་མི་སྣ་རྣམས་ཀྱིས་འདུ་ཁང་དུ་བཞུགས་གྲལ་ཐོག་གོང་མའི་བཀའ་ཤོག་གནང་སྦྱིན་སོགས་སྤྲད། སོག་པོའི་དཔོན་ཁག་གི་ཁྲོད་དུ་ཁུན་འདུ་ལེན་གྱི་བུ་ཁོང་ལོང་དུ་མ་ཟད་བཙས་པའི་དུས་ནས་རྣ་བས་མི་ཐོས་ཤིང་སྨྲ་མི་ཤེས་པའི་ལྟས་ངན་གྱི་རིགས་ཤིག་འདུག་ཅིང་བཞུགས་གྲལ་གྱི་དུས་ཁ་བའང་རྡོག་རྗེས་ལེན་ཙམ་བབས་པའི་བཀྲ་རྟགས་ལོད་ངེས་ཤིག་བྱུང་། ཚེས་ལྔ་ལ་ལྷ་སར་ཕྱིན། རྒྱལ་ས་བསྐོ་བའི་རྟེན་འབྲེལ་ནས་


GLG005_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྒྱས་ཤིག་དགོས་མདོག་ཁ་རུང་འདི་རེས་རོལ་ཆ་སྐྱ་དར་ཚང་མ་བཞག་པའི་བསྡུས་པ་ཞིག་མཛད་སོང་། ཆ་གན་ནོ་མོན་ཁན། དཔལ་འཁོར་ཆོས་སྡེའི་མཁན་པོ། སེ་ཆེན་དཔོན་པོ་ཅན་ལུགས་དེ་ལ་མཁས་པ་མང་པོ་དང་སྡེ་པ་བཀའ་བགྲོས་པའི་རྡོ་རྗེ་ལ་འཕྲེད་ལམ་ཡོད་པའི་སྙན་པ་དང་བཅས་འཆར་སྟོན་བྱུང་བ་བཞིན་ཚེས་དྲུག་གི་ཁྲི་འདོན་སྐབས་བསྟན་འཛིན་རྡོ་རྗེ་རྒྱལ་པོའི་ཆོ་ལོ་ཕུལ། ཤལ་དཀར་དམར། ཇ་གོས་དར་སྣམ་བུ་ཕུང་པོར་སྤུངས་པའི་སྟེར་ཆ་གཏོས་ཆེ་བ། སེར་འབྲས་བཀྲ་ཤིས་ལྷུན་པོས་ཐོག་དྲངས་པའི་རང་ཕྱོགས་འགངས་ཆེ་རིགས་རགས་བསྡུས་ཀྱིས་ལེགས་སྐྱེས་བསྟར། སང་ནས་བཟུང་ཉིན་གསུམ་གྱི་བར་གདན་ས་གོང་འོག །སྣེའུ་སྡོང་རྩེ། འབྲི་སྟག་སོགས་བླ་ཆེན་རྣམས་ཀྱི་སྐུ་ཚབ། སྤྲུལ་སྐུ་གདུང་བརྒྱུད་མཁན་སློབ་བླ་མ་ཆེ་ཕྲའི་རིགས། ཆོས་སྡེ་ཁག །སྣ་དཀར་རྩེ་བ། ལྷ་བྱ། སྐྱིད་ཤོད་ཡས་མས་ཀྱིས་མཚོན་པའི་སྡེ་དཔོན། དྲུང་འཁོར་དང་བཅས་པའི་འབུལ་བ་དུས་གཅིག་ཏུ་བྱུང་བར་ཆེ་ཞེས་གླེང་། འོན་ཀྱང་ཐོག་མར་རྒྱལ་པོ་གཅིག་པུར་ཕུལ་ཆོག་ཁུལ་ལ་ལ་ཁར་དཔོན་པ་དྲག་རིམ་ཐམས་ཅད་ལ་ནད་ལངས་པ་ལྟ་བུས་རྒྱལ་པོར་འཁོད་པ་དང་མ་འཁོད་པ་ཚང་མར་བགོ་བཤའ་བརྒྱབ་པའི་འབུལ་དགོས་ཤར་བར་བརྟེན་ཟར་ཟིར་གྱི་བར་ནས་སྤྲ་ལག་ཅན་འདྲས་འབྲོང་གསོབ་ཀྱི་མུན་པ་ནག་སར་ཚན་གྲངས་སྟེང་ནས་དབྲི་བ་སོགས་སྣ་ཚོགས་བྱུང་སྐད། ཁྲི་འདོན་གྱི་ལེགས་འབུལ་བ་མང་བའི་ཕྲད་མི་ཉིན་ཁ་ཡར་གྱི་བར་རྒྱུན་མི་ཆད་པ་ལྟ་བུས་གཡེངས། མཚུར་ཕུ་ནས་རྒྱལ་ཚབ་དྲུང་པ་གྲགས་པ་མཆོག་དབྱངས་དང་སྣ་དཀར་རྩེའི་ཞང་པོ་བགྲེས་པ་ཞབས་


GLG005_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་ཀུན་དགའ་དབང་ཆེན་ཕུན་ཚོགས་གློ་བུར་དུ་གཤེགས་པའི་བསྔོ་རྟེན་བྱུང་བར་དགོངས་པ་རྫོགས་པའི་བསྔོ་སྨོན་ཡང་དག་བྱས། ཕར་མཉེལ་ཆ་ཡང་རྗེས་འཇུག་རྣམས་ཚེམས་འཕྲེང་གི་ཟེའུ་འབྲུ་རྒོད་པའི་རྒྱས་པ་བསྟར་སོང་། གདན་ས་གོང་གི་ཞབས་དྲུང་ཁྲི་རིན་པོ་ཆེ་བསམ་ཡས་ཆོས་རྒྱལ་དཔོན་བློན་གྱི་སྡིག་ཁྲབ་སྒྲོག་པར་ཆེད་གཉེར་གདན་དྲངས་པའི་ཞོར་ལམ་ལྷ་སར་ཕེབས་ཉིན་མང་པོའི་བར་ངོས་མཇལ་གྱིས་གསུང་གླེང་ཞིབ་པར་བྱུང་། བསམ་ཡས་ནས་གནོད་སྦྱིན་ཆེན་པོས་བཀའ་ཤོག་གནང་བའི་ས་སྐྱ་དགེ་བཤེས་དང་འབྲས་སྤུངས་དགེ་བཤེས་གཉིས་ལུང་ལེན་རེས་གྱིས་གསུང་བ་ལྟར་ཚུར་ཁྲོ་ཕུ་བརྒྱ་རྩ་ཞིག་ཀྱང་དགོས་ཕེབས་བྱུང་ཞིང་ཕར་རྣམ་སྲས་ཀྱི་བེའུ་བུམ་སོགས་ཞུ་འདོད་རུང་སྡེ་པས་ཁོང་དཔོན་སློབ་ལ་དགོན་པ་དང་ས་རིགས་ཀྱི་ཞུ་དོན་རྣམ་གྲངས་མང་བའི་བྱེད་བསྟད་ཀྱི་རྒྱུར་འགྲོ་བས་མི་འགབ་གསུང་བར་བརྟེན་ཞུ་མ་བདེ། ཁྲོ་ཕུ་བརྒྱ་རྩ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་གསན་ཡིག་གི་དབང་དུ་བྱས་ན་དུམ་བུ་བཞིའི་གཅིག་གི་ཚོད་ཙམ་ཞིག་ཐོབ་པའི་ལུང་ཕུལ། བརྒྱུད་པ་རྩད་གཅོད་མཛད་པར་མེད་ཚུལ་ཞུས་པས་དེ་འདྲའི་ཆོས་ཞེས་ཐུགས་ཁྲེལ་ཉམས་གནང་བར་ངོ་གནོང་བ་བྱུང་བས་ཕེབས་ལན་འབུལ་ཚོད་ཀྱང་མ་ཟིན། རྩེ་གདོང་ཞབས་དྲུང་ཁྲི་ཆེན་ཕེབས་པ་དང་མཇལ། གསུང་གླེང་ནི་གཞི་ནས་མི་སྨར་བ་ཞིག་འདུག །སྒམ་པོ་སྤྲུལ་སྐུ་དང་གདུང་བརྒྱུད། སྣ་དཀར་རྩེ་སྐུ་མཆེད། སོག་པོའི་རྒྱལ་པོ་དང་དཔོན་ཆེ་ཆུང་། རྒྱ་ནག་གི་མི་སྣ་སོགས་གསར་འགྲུལ་རྣམས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། སྡེ་པ་


GLG005_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྒྱ་རི་བར་ཚེ་དབང་བརྒྱ་རྩ་དང་གཟིམས་ཤག་པར་ལོ་གྲངས་མཇུག་ཏུ་ཚེ་རྟ་ཟུང་འབྲེལ་དང་བཅས་པ། སྡེ་པ་བྱང་པར་ཚེ་དཔག་མེད་ལྕགས་སྡོང་མ་དང་བྱང་ཆུབ་གླིང་པའི་གཏེར་མའི་ཕྱག་རྡོར་གྱི་དབང་། སྡེ་པ་ལྕང་ར་བར་དབྱངས་ཅན་མ་དཀར་མོ་དང་ལས་གཤིན་ཕྱི་སྒྲུབ་ཀྱི་རྗེས་གནང་། ཟུག་པོ་ནས་དང་གླང་བུ་ནས་ལ་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བྱིན་རླབས་རྣམས་བྱས། གནས་རྙིང་ཞབས་དྲུང་སྐུ་འབྲིང་པར་རྟ་མགྲིན་ཡང་གསང་ཁྲོས་པའི་ལས་བྱང་གི་ལུང་ཕུལ། རྡོ་རྗེ་བྲག་སྤྲུལ་པའི་སྐུས་སླར་འགོལ་མཚམས་ཤིག་ལ་ཆོས་བཀའ་མང་ཙམ་དགོས་གསུང་བ་ལྟར་ཁས་ལེན་ཞུས། བསྟན་འཛིན་རྡོ་རྗེ་རྒྱལ་པོའི་ཞལ་འདོན་དུ་བཞེད་པ་བཞི་སྐྱབས་ཡུལ་མང་པོ་ཁྱོན་གཅིག་པར་གསོལ་བ་འདེབས་པའི་ཚིགས་བཅད་དང་དེ་མོ་དབོན་པོ་སྤུན་གྱིས་བསྐུལ་བའི་སྤྲུལ་སྐུའི་བརྟན་བཞུགས་བྲིས། དེ་མོ་སྤྲུལ་སྐུས་སྤོ་བོ་བདུད་འདུལ་རྡོ་རྗེའི་གཏེར་ཆོས་སྤྲུལ་སྐུ་སྙིང་ཏིག་དབོན་པོར་བསྐུར་ནས་ཁུངས་བཙུན་མི་བཙུན་དྲི་བར་ཆོས་སྐོར་རྣམས་ཀྱང་ཧ་ཅང་གི་ཡ་མཚན་རྒྱུ་མི་འདུག །ལུང་བསྟན་འོད་དྲར། ཡང་གསང་རྩ་བའི་ཆོས་བདག་འདི་ལྟར་འབྱུང་ཿ མཆོག་དབྱངས་རྣམ་སྤྲུལ་གངས་ཅན་མཚོཿ འཛམ་གླིང་ལྷ་མི་ཀུན་གྱི་རྒྱན་གྱུར་པཿ དམ་ཉམས་མཐིལ་ཕྱིན་སྡེ་དགུས་རྐྱེན་བྱས་ནསཿ མིང་སྙན་ཀརྨའི་མཚན་ཅན་རྒྱལ་ཁམས་མྱུལ༔ གངས་ཅན་མགོན་པོ་དེ་ལ་གཏད་རྒྱ་གྱིས༔ ཞེས་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་དང་དེ་མཚུངས་ས་སྐྱ་བདག་ཆེན་མཐུ་སྟོབས་དབང་ཕྱུག །འབྲུག་པ་གདུང་བརྒྱུད་ངག་དབང་རྣམ་རྒྱལ་གསུམ་ལ་བསྔགས་བརྗོད་ཤིན་ཏུ་ཆེ་ཞིང་རྗེ་


GLG005_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་ཙོང་ཁ་པར། ཐུབ་དབང་སྤྱན་སྔར་སྨོན་ལམ་ལོག་པ་ཡི༔ ལེགས་སྐར་སྐྱེ་བ་བོད་ཡུལ་འདིར་བླངས་ནས༔ དམ་སྲི་བདུད་ཀྱི་སྤྲུལ་པ་ཡིས༔ བྱང་སེམས་ཚུལ་བཟུང་སྐྱེ་འགྲོ་བདེ་མི་སྟེརཿ ཞེས་ལུང་བསྟན་ངན་པ་ཟུར་ཙམ་སྨོས་ནས་འདིར་ཐེམས་ཡོད་པ་སྐད་དུ་དགེ་ལུགས་ལ་ངན་པའི་ཕྱོགས་འདུག་རུང་ཐེ་ཚོམ་གྱི་གཞི་ལས་ཁ་མཚོན་མ་ཆོད། རྗེས་སུ་ཚེ་ཡང་ཕུར་གསུམ་གྱི་པོ་ཏི་ཞིག་ངེད་ལ་བསྐུར་ནས་ཆོས་བདག་ཡིན་ཟེར། ལུང་བསྟན་བསྟན་པ་གསལ་བྱེད་དུ། འབྲས་སྤུངས་མཐིལ་ནས་བཟང་པོ་ཚུལ་ཁྲིམས་རྒྱ་མཚོ་དང་༔ སེ་རར་དཔལ་དང་བཟང་པོའི་མཚན་ཅན་བྱང་སེམས་འབྱུང་༔ ཞེས་སོགས་དགེ་ལུགས་ལ་བསྔགས་བརྗོད། བཀའ་བརྒྱུད་པའི་སྡུག་ཞོར་ལ་ལྷོ་བྲག་མར་པ་ལའང་སྨད། ཁྱད་པར་འབྲུག་པ་གདུང་བརྒྱུད་ལ་བསྟན་པ་གསལ་བྱེད་དུ། རི་མཐིལ་ཕྱོགས་ནས་བྱང་སེམས་ཚུལ་བཟུང་ངག་མིང་གིས༔ ལྷོ་མོན་སྐྱེ་འགྲོ་སྡུག་གི་གཉའ་ནོན་བྱེད་པ་འབྱུང་༔ པདྨ་བདག་གི་སྒྲུབ་གནས་རྣམས་ཀྱི་དམ་ཉམས་བྱེད༔ ལྷོ་མོན་ཡུལ་དགོན་གཏན་བརླག་བོད་ཡུལ་འདི་རུ་འཚེ༔ མཐར་ནི་གནས་སྲུང་ཁྲོས་པས་སྲོག་དབུགས་སྡུད་པར་བྱེད༔ ཕུང་ཐབས་ནང་འབྱེད་དེ་ཡི་རིགས་ཆོས་གཏན་བརླག་འགྲོ༔ ཞེས་དང་། ཀརྨའི་མིང་ཅན་སྟོད་ཧོར་ཉི་གྲགས་དང་༔ མཆོད་ཡོན་བསྒྲིགས་ནས་མཐའ་ཡི་དམག་སྣ་འདྲེན༔ ཞེས་ཀརྨ་པ་དང་བཀའ་བརྒྱུད་སྤྱི་ལ་སྒོས་ལུང་ཀུན་ཁྱབ་གསེར་གདུགས་ལས། བཀའ་བརྒྱུད་མིང་བཏགས་བདུད་སྤྲུལ་ཁྱུ་གཅིག་འབྱུང་༔ ལ་ལ་བླ་མ་ཆོས་རྗེར་མིང་དུ་འབོད༔ ལ་ལ་རྣལ་


GLG005_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གྲུབ་ཆེན་མིང་དུ་འབོད༔ ལ་ལ་འཁྲུལ་ཞིག་སྒོམ་ཆེན་རྟོགས་ལྡན་ཟེར༔ ལོག་ཆོས་སྟོན་ཅིང་ཕྱོགས་དབུས་ཀུན་ཏུ་མྱུལ༔ པད་འབྱུང་བདག་གི་སྒྲུབ་གནས་ཐམས་ཅད་དུ༔ དམ་ཉམས་བྱེད་ཅིང་བྱི་ཕྲུག་ཉལ་ཐག་གཅོད༔ ཕྱག་ཆེན་མིང་བཏགས་འགྲོ་རྣམས་ལོག་ལམ་བཀོད༔ བླུན་སྒོམ་སྐལ་མེད་བདེ་འགྲོའི་སྒྲ་མི་ཐོས༔ ཞེས་བཀའ་བརྒྱུད་པ་སྤྱིའི་ལུང་བསྟན་འདི་ཚོས་སྤྲུལ་སྐུ་སྙིང་ཏིག་དང་རྒྱབ་འགལ་དུ་སོང་འདུག་པས་ཟོག་པོ་གཏེར་རྫུས་མཁན་དུ་ངེས་ཤེས་གཏིང་ནས་འདྲོངས་ཏེ་སླར་ཡང་སྤྲུལ་པའི་སྐུར་རྒྱུ་མཚན་མོལ། བདེ་ཆེན་ཆོས་འཁོར་བས་ལུང་ལས་ཀ་དང་ཐམ་ཁ་དམར་པོ་གཞན་གྱིས་མ་ཤེས་པར་དགོངས་དཔྱད་ཡིན་ཁུལ་གྱིས་དགོས་ཞེས་སེ་ཆེན་དབོན་པོ་བརྒྱུད་སྡེ་པར་ཞུས་པ་ལྟར་སི་གྲུ་གུ་ཤྲིའི་མཚན་དང་ལུང་ལས་འཇའ་ས་སྤྲད། སྨོན་ལམ་ཆེན་མོའི་ཆོས་རར་བསྟན་འཛིན་རྡོ་རྗེ་རྒྱལ་པོ། ད་ལའི་ཨོ་པ་ཤི། དུར་བོད་ཐོ་ཡོན། མཁའ་འགྲོ་ཐོ་ཡོན་གོང་གི་གསེར་ཡིག་པ། དཔལ་འཁོར་ཆོས་སྡེའི་མཁན་པོ། དཀའ་བཅུ་དར་རྒྱས་སོགས་ཀྱིས་ཉི་མ་རིམ་པ་བཞིན་བརྒྱ་འབུལ་བཏེག །བསྙེན་རྫོགས་དྲུག་ཅུ་དང་དགེ་ཚུལ་བརྒྱད་ཙུ་ཙམ་བསྒྲུབས། གནམ་གང་ལ་ཆོས་སྡེ་ཆེན་པོ་འབྲས་སྤུངས་སུ་སླེབས། བཀྲས་སྒང་ཚེ་རིང་གིས་ལྷོ་དམག་སྐབས་ཆོས་རྗེ་ནམ་མཁའ་རིན་ཆེན་ཚུར་ངོ་ལོག་རྒྱུའི་ཡི་གེ་སྡེ་པ་ནོར་བུས་སྙིང་གཏམ་ཁོ་ལ་བཤད་པ་བླ་མ་ལ་སྔོན་པར་བསྐྱལ་བས་ནམ་མཁའ་རིན་ཆེན་གྱི་མི་རྩ་རྩ་ལག་ཏུ་གཏོགས་པ་ཉི་ཤུ་སྐོར་བསད་པ་སོགས་ཚུལ་ལྡན་མ་བྱས་ཚུལ་ཞུ་མི་བྱུང་བར་བརྟེན་ཁྲི་འདོན་པ་དམངས་མ་ལོག་


GLG005_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཕྱག་གཡོག་འདྲའི་ཁྱད་ཀྱིས་སྐོར་ཅིག་སྡོད་གསུང་བསྐྱིལ་སོང་བ་འགྱངས་མེད་ལ་ཆུ་སྦྱང་མཛད་པར་ཐག་ཆོད་འདུག་པར་ངེད་རང་གིས་གསང་བའི་བྱེད་བབས་ཅི་འདྲ་ཡོད་རུང་ཕྱི་འཆར་དུ་སྒྱོགས་རར་ཉིན་སྟར་གྱིས་ཇ་མགྲོན་གཏོང་བའི་ཐབ་སྐྱོངས་དང་གང་ཅིར་ཁུར་བསམ་གྱི་གྲགས་པ་ཆེ་ཞིང་མེ་མདས་རྨོག་བཅག་ནས་མཚོག་སྒང་གིས་པགས་པ་ཞུས་པར་བརྟེན་སྐྲ་ལོའང་བཞར་དགོས་པ་བྱུང་འདུག་གཤིས་ཐལ་སོང་དེ་རིགས་མེད་པ་དགོས་ཚུལ་ཞུས་པར་གསན་ཏེ་སྐྱར་པོ་མགོན་པོ་རབ་བརྟན་དང་ལྷན་དུ་གྲོ་མོ་ཕྱོགས་ཀྱི་ཁ་མཆུ་ལབ་པར་རྫོང་བདའ་མཛད་སོང་།ཟླ་བ་གཉིས་པའི་ཚེས་གཅིག་ལ་སྤྱི་ཁང་དུ་ཇ་མགྲོན་ལ་ཕྱིན། སང་ནས་བཟུང་ཟླ་འཕྲོས་བར་ཕྱི་མཚམས་ངོས་སྔ་དགོངས་དགེ་སྦྱོར་དང་ཉིན་མོ་དཔེ་ལྟ་འདྲ་བྱས། མཁན་ཆེན་ལོ་ཙཱ་བས་གཙོས་ངམ་རིང་ཁུལ་གྱི་སྐྱ་སེར་རྣམས་ཁྲི་འབུལ་མ་ཟིན་པར་རྗེས་སུ་འབྱོར་པ་མཚམས་ཁོག་ཏུ་ལོ་ཆེན་དང་མཇལ། སྡེ་པ་སྐུ་ན་བགྲེས་འདུག་ཅེས་ཐུགས་ཁྲལ་ཆེར་མཛད་ཅིང་བརྟན་བཞུགས་སྨོན་ལམ་ཞིག་དགོས་ཚུལ་གསུང་། ཡར་བྱོན་བསྟུན་དཔོན་སློབ་པཎ་ཆེན་རིན་པོ་ཆེར་བསྐུལ་ནས་བརྟན་བཞུགས་ཚིགས་བཅད་མ་དབུས་སུ་བསྐུར་བྱུང་། བསམ་ཡས་གནོད་སྦྱིན་ཆེན་པོས་སྐུ་རིམ་བསྐུལ་མ་དང་སྤྱན་གཟིགས་དགོས་ཚུལ་ལྟར་གསུང་ལན་དང་བཅས་ཕུལ། བདེ་ཆེན་ཆོས་འཁོར་བར་ལུང་ལས་བྱུང་བར་ཐམ་ཕུད་དུ་བསྙད་པའི་ཡི་གེ་ཚིགས་བཅད་མ་བསྐུར་འདུག་པའི་ལན་སྙན་ངག་ནས་དྲངས་པར་ཡང་ལན་གྱི་ལན་དང་བཅས་བསྲིངས། ཐུགས་འདྲིས་ཡོད་པ་ཚང་མར་ངེད་བྱ་


GLG005_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བར་ཤེས་འདོད་མེད་ཀྱང་གཞུང་ནས་འདི་བཞིན་གནང་བྱུང་ཞེས་ཐམ་དམར་བརྒྱབ་སྟེ་བསྐུར་སྐད། གྲ་ཚང་དུ་ཨྱཱཻ་རིང་བྱེ་བ་གཅིག་དང་མཇུག་ཏུ་བེག་ཙེའི་བཀང་བཤགས་ཁྲི་ཚོ་ལྔ་ལྷག་ཙམ་བཙུགས་ཤིང་སྙན་དར་ཞལ་ཡིག་ཅན་ཕུལ། དེ་སྐབས་རིག་པའི་ལྷ་མོའི་གཏོར་མ་དེ་ཞིག་པར་སྡེ་དཔོན་ཡིན་ན་དཔོན་སའི་རིགས་ལ་བལྟའང་འདིར་དེ་རིགས་ཡོང་དོན་མེད་གཤིས་སྡེ་པར་བལྟ་བ་འདྲ་སྙམ་པའི་རྣམ་རྟོག་དང་སང་གུང་ཚིགས་ཀྱི་དུས་དྲན་པས་རྐྱེན་བླངས། ད་ལྟ་སྡེ་པར་སྙུན་གཞི་མི་འདུག་རུང་གློ་བུར་བ་བཞིན་བྱུང་ན་གསང་སྟབས་དང་དགོངས་རྫོགས་གཏོང་ལུགས་སོགས་འདི་བཞིན་དགོས་སྙམ་པ་ལོ་ཕྱེད་གཉིས་ཚུན་གྱི་བྱ་བྱེད་མཐའ་དག་བཀྲ་ལམ་ལམ་ཤར་བར་མཇུག་ཏུ་རང་གིས་རང་ལ་སྤྲ་ཆལ་སྙམ་པ་བྱུང་རུང་སེམས་རྒྱུད་འདྲེས་བསྒུལ་བ་ལྟ་བུར་འདུག །ཧོར་ཟླ་གསུམ་པའི་ཚེས་གཉིས་ནས་ཉིན་གསུམ་གྱི་བར་རྣམ་རྒྱལ་སྟོང་མཆོད་བཙུགས། ཚེས་གཅིག་གི་སྲོད་འཁོར་ལ་ཉ་ཤུར་སྐྱ་རིལ་གྱིས་ཇའི་སང་སྡེ་པ་བརྒྱུད་དེ་སྡེ་པ་བསྙུང་ལུགས་འདི་བཞིན་བྱུང་ཟེར་བ་ཟ་ཡིག་དང་བྱིན་རླབས་རྟེན་སོགས་བསྐུར། ནམ་འོག་ལ་ཡོང་རྩིས་ཀྱིས་རྟ་བསུ་བ་ཐོང་བྱས་ཀྱང་ནམ་སངས་ལས་མ་འབྱོར། ཚེས་གཉིས་ཀྱི་ཞོགས་ལྷ་སར་ཕྱིན་སྐུ་གྲིབ་ཀྱི་སྙུན་གཞི་བབས་ཤིན་ཏུ་ལྕི་བ་འདུག་པས་བཅོས་ཀ་འགྲོ་མདོག་མ་ཁའང་ཟ་ཡིག །དུག་དབྱུང་། སྨན་བཅོས་ཐབས་སྣ་ཚོགས་བྱས་རུང་ཚེས་གསུམ་གྱི་ཉིན་ཕྱེད་ལ་ཞལ་མ་བཞུགས་པའི་འཕོ་བ་བཏབ་ཀྱང་མི་མང་བའི་སྒྲ་དང་བཅས་དེ་ཙམ་གྱི་གནད་དུ་འགྲོ་མདོག་ཁ་བ་ཞིག་མ་བྱུང་། ནང་སྐོར་


GLG005_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་འཕྲལ་དུ་བོས་ཏེ་གསང་སྒོ་མ་བརྟོལ་བར་ཕྱིར་མཆེད་མི་ཡོང་བའི་རྩི་ཁ་བླངས། སྟག་རུ་བ་ནོར་བུ་གསང་ཁོག་ཏུ་བཅུག །འདི་ནས་བཟུང་མ་འདས་པར་སྒྲོམས་རའི་བྱེད་བབས་དང་དགོས་དོན་གྱི་སྙིང་པོ་ལབས་ངོས་ཡིག་ཐོག་ཏུ་བསྐྱལ་བའི་གང་སྤྱིའི་ཞིབ་ཆ་གྲ་སྒྲིག་གི་དོ་དམ་བྱེད་བཅུག་པ་ལག་གཡོག་ཏུ་འགྱུར་བ་བྱུང་། གཞིས་རྩེར་སྡེ་པ་ནོར་བུ་ལ་གནས་གཤིས་འདི་བཞིན་དང་བཅས་ཟླ་ཤས་གསང་རྒྱུ་ཡིན་ཚུལ་གྱི་བང་ཆེན་བཏང་། རྒྱལ་པོ་སྐུ་མཆེད་རྣམས་ལ་ནང་བཅར་གྱི་འཕྲོས་པ་མོལ། ཚེས་ལྔ་ལ་འབྲས་སྤུངས་སུ་ཕྱིན། གྲོང་སྨད་ནས་སྡེ་པའི་སྐུ་ཁམས་བསྐོར་བའི་སྙད་པའི་དྲུང་པ། སྟག་རུ་བ་ཅན་ལ་བཀོད་པ་བྱེད་དགོས་རྣམས་སྐྱེལ་བ་དང་ཚུར་གྱི་འཆར་སྟོན། ཞུ་དོན་པའི་རིགས་ཀྱི་རྒྱུ་མཚན་ཁ་ཐག་རིང་པོ་རྣམས་ཉན་པ་ལ་འཕྲལ་འཕྲལ་བཏང་། ཉིན་གསུམ་གྱི་བར་མངོན་ཆུང་གིས་བྱང་བཞུ་བསྟུད་ནས་བྱས་པར་ལྟས་ལེགས་ཙམ་ཞིག་བྱུང་བ་རྗེས་སུ་ཚངས་པ་དུང་ཐོད་ཅན་གྱིས་བལ་ཡུལ་དང་ཉེ་བར་འཁྲུངས་ཚུལ་གསུངས་པ་དང་མཐུན་པར་སྣང་། སྐུ་རིམ་ལ་བསྙད་དེ་ཁྱམས་རར་སེར་འབྲས་ཀྱི་དགེ་འདུན་སུམ་བརྒྱ་ལྷག་བསྡུས་པའི་ཟླ་གཅིག་བར་བཀའ་འགྱུར་སྒྲོགས། དབུས་གཙང་གི་རྫོང་གཞིས་ཆེ་ཁ་ཚོར་ཡང་བཀའ་འགྱུར་བཙུགས། ཆོས་སྡེ་ཆེ་ཕྲ་ཀུན་ལ་མང་འགྱེད་དང་མི་སེར་ལ་འབྲུ་འགྱེད་གྱ་ནོམ་པ་བཏང་། རྒྱལ་བའི་གསུང་རབ་བཀླགས་པ་ལས་ལྷག་པའི་དགོངས་རྫོགས་མི་འདུག་ཀྱང་སྡེ་པ་སྲས་པོས་དགོངས་རྫོགས་འགྱངས་པ་ཡིན་ཞེས་གསང་སྒོ་བརྟོལ་བར་ཉེ་བའི་རྣམ་


GLG005_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་དཀྱིལ་འཁོར་འཇིག་པའི་སྟ་གོན་གྱི་དབུ་ཚུགས། འབྲས་སྤུངས་སུ་སླེབས་འཕྲལ་རྐང་པའི་ནད་རོ་འཕར་བས་བརྒྱད་གཏོར་ལ་འགྲོ་མ་ཐུབ། དཔོན་ཚང་བྱང་ངོས་པས་སྨན་ཕོགས་དང་སྔགས་ཀྱི་སྒོ་ནས་དྲེག་འཆོས་པའི་མན་ངག་བྱས་པས་བདེ་བསྐྱེད་ཆེ་ཞིང་འཇུག་ཏུ་རོང་ནས་ཆུ་ཚན་བླངས། ནད་གཡོག་རྐང་མ་གྲོང་སྨད་ནས་དང་མ་ལྕོགས་པའི་རོགས་རམ་དབུ་མཛད་བློ་བཟང་ཡོན་ཏན་གྱིས་བྱས། འདི་ལོ་ཆོས་སྐྱོང་གི་འཁུ་ལྡོག་ཆེ་ཉམས་འདུག་པས་མཆོད་དཔོན་པ་ཆོས་འཁོར་རྒྱལ་དུ་གཏོར་གསོ་ལ་རྫོང་བདའ་བྱས། སྲུང་མ་སོ་སོར་འཕྲིན་བཅོལ་གྱི་ཚིགས་བཅད་སྙན་དར་ལ་བྲིས་པ་སོགས་སྤྱན་གཟིགས་བཟབས་རྒྱས་ཕུལ། དབུས་གཙང་། དྭགས་ཀོང་ལྷོ་རྒྱུད། ཡར་འབྲོག །ལ་སྟོད་ལྷོ་བྱང་། མངའ་རིས་རྫོང་དཀར། སྐྱིད་གྲོང་རྣམས་ཀྱི་གྲུབ་མཐའ་རིས་མེད་པའི་དགོན་ཁག་རགས་རིམ་ལ་མང་ཇ་སྦྱོར་སྦྲེལ་གྱི་ཐོག་ཕྱག་གཏོད་ཀྱི་འགྱེད་བཏང་། འདི་ནས་བཟུང་ལོ་ལོ་བཞིན་དཔྱིད་ཀ་དང་སྟོན་མཇུག་ཚོགས་གསོག་ཆག་མེད་དུ་བྱེད་པའི་འགོ་བཙུགས། ཡུལ་གྲུ་གོང་གསལ་གྱི་འབངས་སྒེར་གཞུང་ཁྱོན་བསྡོམས་ཆིག་འབུམ་ཆིག་ཁྲི་སུམ་སྟོང་བརྒྱད་བརྒྱ་སྐོར་ལ་འབྲུ་གཤོར་ཁལ་བཞི་ནས་གཉིས་ཡན་སྐབས་སྦྱར་ལོ་བསྟུད་པ་དང་གནངས་ཆག་གཞེས་ཆག་བཏང་བ་ཡས་བསུ་མས་སྐྱེལ་བྱས་ནས་བྱ་ཕན་གནངས་ཆག་ཙམ་སོང་ཚོད་དུ་འདུག །འཇམ་དབྱངས་སྤྲུལ་སྐུས་རྟག་བརྟན་དུ་བཤད་གྲ་འཛུགས་དགོས་ཞུས་པ་ལྟར་སྡེ་པ་ཞལ་བཞུགས་སྐབས་ཆོས་འཁོར་གླིང་པ་རྣམས་ལོ་གཅིག་གཉིས་ཆོས་དབར་ལ་འབྱོན་དགོས་ཚུལ་གནང་འདུག་པས་གསང་སྒོར་ཕན་


GLG005_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་ཀྱིས་མ་འགྱངས་པར་ཆོས་དབར་འདེགས་སུ་བཅུག །ལྕགས་སྟག་གྲུབ་མཐའ་བསྒྱུར་སོང་བ་ར་གན་གསེར་གསོལ་གྱི་རྣམ་པས་རྙིང་པ་མི་འགྱུར་བར་མ་ཟད་གསར་པ་རྣམས་ཀྱང་སྐྱོ་མ་སྔ་བཙན་དུ་འགྲོ་ཡིན་ཡོད་འདུག་གཤིས་སྙེ་ཐང་དྲུང་ཚན་ཅན་བཏང་བའི་གྲ་རྙིང་རྣམས་དགོན་ལག་གཞན་དུ་དབྱུང་། རྟག་བརྟན་དུ་དགེ་ལུགས་ཁ་ཞེ་མཚུངས་པའི་ས་གཙང་རྡོ་གཙང་བཟོས། དགོན་པའི་མིང་དགའ་ལྡན་ཕུན་ཚོགས་གླིང་དུ་བཏགས། གྲ་ཚང་དུ་དམག་ཟོར་མའི་སྒེར་བཀང་འབུམ་ཐེར་མཇུག་ཏུ་རྟེན་འདགས་དང་བཅས་པ་བཏང་བའི་རྟེན་འདོགས་ཀྱི་ཚེ་རླུང་ཤིན་ཏུ་ཆེ་བ་བྱུང་བ་མ་མོའི་རྒྱུད་གཞུང་ལྟར་ལྟས་ལེགས་པར་མངོན། ཆོས་རྗེ་ཆུ་མིག་པར་ཆོས་རྒྱལ་བྱང་པའི་གཏེར་གསར་ཀརྨ་གུ་རུའི་དབང་ལུང་བྱས། གཡོན་རུར་ཨེར་ཏེ་ནི་དའི་ཆིན་ཅན་ནས་སྡེ་ཕར་སྤྲོད་དགོས་མ་བདེ་བའི་ཚབ་ལ་ད་ལའི་བཱ་ཐུར་གྱིས་བསམ་པ་བསྐྱེད་དེ་མོ་ཨོ་ཐོག་སོགས་གཏད་པའི་ས་བཅད་གྲུབ་མཚམས་མགོན་པོ་ལ་སྨན་ནད་ཐུ་པོ་ཞིག་བྱུང་བ་དགོས་མེད་ཀྱི་སྒྲོ་བཏགས་འདྲས་ཧད་གེས་སུ་སོང་བར་སེ་ཆེན་དབོན་པོ་དང་སྐྱ་རིལ་གྱིས་ལོ་ཙཱ་བྱས། འབྲས་སྤུངས་སུ་ད་ལའི་བཱ་ཐུར་བོས་ནན་ཏན་དུ་ལབས་པར་བརྟེན་མཐར་ཕན་ཚུན་འཁོན་མེད་ཀྱི་ལེགས་ལམ་ཆེ་བ་བྱུང་། དགའ་ལྡན་ཡངས་པ་ཅན་གྱི་ཞིག་གསོས་ཤིང་རྟ་གྲུབ་པའི་ཤིང་རྩི་མེ་སྤྲེལ་རྒྱལ་མེ་ཏོག་ཐང་གི་ཞར་ལ་བཏང་ནས་འདི་ལོ་ལྡེབས་བྲིས་ལ་རྒྱལ་བ་ཙོང་ཁ་པ་ཆེན་པོར་འཇམ་དབྱངས་གཙང་པ་བདུན། འཁོར་དག་པ་རྣམ་བརྒྱད། རྡོ་རྗེ་འཆང་


GLG005_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས། སྒྲོལ་དཀར་རྣམས་ཀྱིས་བསྐོར་བ། གནས་བཅུ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས། ངོ་མཚར་རྨད་བྱུང་བཀོད་པའི་ཞིང་བཀོད། ལམ་རིམ་བརྒྱུད་པ། ཚེ་དཔག་མེད། མི་འཁྲུགས་པ། རྣམ་རྒྱལ་འཇོམས། ཡུམ་ཆེན་མོ། གདུགས་དཀར། དམར་ནག་འཇིགས་གསུམ། འཁོར་ཆེན། ཕྱག་དྲུག་པ་དཀར་ནག །ལས་གཤིན་ཕྱི་ནང་གསང་གསུམ། དམག་ཟོར་མ་རྣམས་སོ་སོའི་འཁོར་གྱིས་བསྐོར་བ། སྒོ་ཁང་ལ་རྒྱལ་ཆེན་བཞི། གསང་འདུས་སྟེང་དུ་རྒྱལ་བ་ཙོང་ཁ་པའི་རྣམ་ཐར། གསང་བདེ་དུས་གསུམ། རྡོར་དབྱིངས། ཀུན་རིག །རྣམ་སྣང་མངོན་བྱང་དྲུག་བཞེངས་པའི་རི་མོ་བ་དབུ་མཛད་དཔལ་མགོན་གྱིས་གཙོས་དྲུག་ཅུ་རེ་དྲུག །དགའ་ལྡན་གསང་སྔགས་གླིང་གི་ལྡེབས་བྲིས་ལ་གནས་བཅུ། རྙིང་མ་སྐོར་ལ་ཐུགས་སྒྲུབ་རྣམ་གསུམ། བཀའ་བརྒྱད། བྱང་གཏེར་ཕུར་པ། ཕྱག་རྒྱ་ཟིལ་གནོན། དམག་ཟོར་མ། བསྟན་མ་བཅུ་གཉིས། ཁྱབ་འཇུག །དཀར་བདུད། མཐུ་ཆེན་སྡེ་བཞི། རྒྱལ་པོ་སྐུ་ལྔ། གསར་མ་ལ་གསང་འཇིགས། རྣམ་རྒྱལ་མ། སྒྲོལ་མ། ཕྱག་དྲུག་པ་དཀར་ནག །ལས་གཤིན་ཕྱི་ནང་གསང་གསུམ། རྣམ་སྲས། བེག་ཙེ། སེང་གཡབས་ལ་ཡི་དམ་ཆོས་སྐྱོང་གི་བླ་བརྒྱུད། སྒོ་སྲུངས་རྒྱལ་ཆེན་སྡེ་བཞི། སྒོ་ཁང་དུ་སྲིད་པ་འཁོར་ལོ་རྣམས་བྲིས་པའི་རི་མོ་བ་སྟག་ལུང་དཔལ་མགོན་གྱིས་གཙོས་དྲུག་ཅུ་རེ་དྲུག་གིས་བྱས། ཧོར་ཟླ་བཞི་པའི་ནང་དུ་གོང་གི་གསེར་ཡིག་པ་རྣམས་དང་མཉམ་དུ་ཞུ་ཡིག་དང་བདོག་པའི་སྐྱེས་འབུལ་བར་སེ་ར་རབ་འབྱམས་པ་འཇམ་དབྱངས་གྲགས་པ་དང་ཆུ་སྐོར་སྨད་པ་ནོར་


GLG005_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བུ་གཉིས་བཏང་། མི་སྣ་རྣམས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། བསྙེན་རྫོགས་ཉི་ཤུ་རྩ་གྲངས་དང་རབ་བྱུང་ལྔ་བཅུ་སྐོར་བསྒྲུབས། སྦྱོར་ར་སྤྲུལ་པའི་སྐུ་འཕྲིན་ལས་རྒྱ་མཚོའི་སྤྲུལ་སྐུའི་གཙུག་ཕུད་བླངས་མཚན་ངག་དབང་འཕྲིན་ལས་རྣམ་རྒྱལ་འཇིགས་མེད་གྲུབ་པའི་ཤིང་རྟར་གསོལ། ལྷ་ས་སྤྱི་ཚོགས་ཀྱིས་གཟིམས་ཆུང་མདོ་ནས་སྡེ་པའི་བརྟན་བཞུགས་འབུལ་བའི་ཚིགས་བཅད་དགོས་ཚུལ་བྱུང་བ་བྲིས། དཀའ་བཅུ་བསྟན་པ་དར་རྒྱས་ལ་འཇམ་དབྱངས་ཆོས་སྐོར་གྱི་ལུས་དཀྱིལ་དང་གྲུབ་རྒྱལ་མའི་ཚེ་དབང་བསྐུར། ཉུང་ཇ་ཁང་པ་ཚོས་བསྐུལ་བ་བཞིན་རིང་པོར་འཚོ་བའི་ཚིགས་བཅད་ཁ་ཐག་རིང་བ་ཞིག་བྲིས་ཤིང་ཁོང་རྣམས་ཀྱིས་ཚོགས་སུ་མང་ཇ་དང་བཅས་ཏེ་བཙུགས། ཟླ་བ་ལྔ་པའི་ཚེས་གཉིས་ནས་མདོས་བསྐང་གི་རྡོ་རྗེ་སློབ་དཔོན་དུ་ཕྱིན། མདོས་བསྐང་གྲོལ་བསྟུན་རི་ཁྲོད་དགའ་ལྡན་སློབ་དཔོན་བྱམས་པ་རིན་ཆེན་གྱིས་བསྐུལ་བ་ལྟར་ལམ་རིམ་གྱི་འཁྲིད་རྒྱས་པ་ཞིག་བརྩམས་གཉེར་པ་སྦྱིན་པས་ཁུར་བླངས་པའི་ཕན་བདེ་ལེགས་བཤད་གླིང་པའི་རྟེན་བཞེངས་གྲ་ཚང་གྱི་གཟུངས་བཞུགས་ལག་དར་དུ་ཕུལ་ཞིང་དེ་གའི་དཀར་ཆག་ཞིབ་པར་བཀོད། རྒྱ་རི་དཔོན་བློན་ནང་མ་དན་པའི་ནང་སོ་དཀོན་མཆོག་དར་རྒྱས་ཀྱིས་རི་སྒོའི་ཁུར་ལེན་གྱིས་ཐོག་དྲངས་གཉེར་ཁ་མིང་ཅན་རྣམས་རྒྱ་རི་གཞུང་དུ་སྤྲད། ཁོ་རང་ལ་དེ་ཚབ་འབྲེལ་མཚུངས་སྣག་སྒོར་བརྒྱབ་པའི་ཐོ་ཞུ་ཁྲ་དང་སྦྲགས་པ་སྡེ་པར་ཕུལ་ཞིང་བཀྲ་ཤིས་ལྷུན་པོ་ནས་ཀྱང་ཕྱིས་ཀྱི་རྒྱ་རི་ཞབས་དྲུང་རྣམས་


GLG005_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསོལ་དཔོན་རབ་བརྟན་ཡབ་སྲས་རང་ཕྱོགས་ཀྱི་བསྟན་པའི་ཞབས་ཕྱིར་འགྱུར་ཆེ་བ་སོགས་ཀྱིས་སྐུ་ངོའི་བཀའ་ཤོག་གནང་བས་མཚམས་སྦྱར། གཙོ་བོར་སྡེ་པ་རང་མཉེས་པའི་ཤུགས་ཀྱིས་གང་ཞུས་ཕལ་ཆེར་འཁོད་པའི་བཀའ་ཁྲ་ཞིག་གནང་སོང་བ་ལྷོ་དམག་འགྱོགས་གདོང་དང་འགྲིག་པའི་ཐུགས་གཡེང་གིས་ཆུ་མ་ཆོད་པའི་འཕྲོ་ཅན་རྒྱལ་པོ་ཁྲི་འདོན་ལ་བྱོན་ཞོར་ཞུ་འབུལ་བཙུགས་པར་ད་ལའི་བཱ་ཐུར་ཀྱང་རྒྱ་རི་གཞུང་དུ་དགྱེས་རྒྱུ་མི་འདུག་ཅིང་སྡེ་པའི་དགོངས་བསྟད་ཕྱོགས་མཚུངས་ཀྱིས་གཉལ་དང་རྩེད་ཐང་བཞེས་པར་ཐག་ཆོད་སོང་རུང་ཁྲ་མ་ཞབས་སུ་མ་ཆུག་པའི་ངང་ལ་གནས་གཤིས་དེ་བཞིན་ནས་ཁོང་རྣམས་སྐོར་ཅིག་ཕྱིར་སློག་ན་གསང་སྒོར་གནོད་དོགས་ཡང་བསྐྱར་གྱིས་ཞུ་བ་ཤ་བཅད་ཁྲག་གཏིགས་སུ་བླངས། བགོས་ཕུད་ཀྱི་རྣམ་པའི་ས་རིས་བཞེས་དགོས་དང་བཅས་བཀའ་ཁྲ་ཞབས་འཇུག་ལ་ནང་སོ་སངས་རྒྱས་དང་ཤངས་བཀྲ་ཤིས་རྩེ་པ་གཉིས་བཏང་། ཆོས་སྐྱོང་ཆེན་པོས་སྡེ་པར་འདྲེ་སྣ་ཟུག་པའི་གཟིམས་ཁང་གོང་གི་མཆོད་རྟེན་རྣམས་གཞན་དུ་སྤོ་དགོས་ཚུལ་ལོ་སྔ་མ་སྟོད་ལུང་ཆུ་ཚན་ལ་བྱོན་སྐབས་དགེ་སྐོས་གཉིས་བརྒྱུད་དེ་ལབས་པ་ཡིན་ཀྱང་དངུལ་གདུང་ཚོ་ཕྲལ་ནས་འཇོག་པ་ཙམ་ལས་མ་སྤོས་པའི་སྐྱོན་གྱིས་ནད་གཞི་ཆུག་པ་ཡིན། ད་ཆ་འཚུབ་ཆེར་སོང་བས་གཟིམས་ཁང་གོང་སྤོ་དགོས་གསུང་བར་རྒྱལ་རྫོངས་ལྟ་བུས་གོ་ཆོད་པའི་ཁང་པ་བཤིག་མ་དགོས་པ་ཡོང་མི་ཡོང་གི་གླེང་གཞི་མང་དུ་བྱུང་རུང་བདེན་མི་བདེན་ཇི་ལྟར་ཡང་མཆོད་རྟེན་བརྒྱད་པོ་མ་ཕྲལ་བའི་སྐབས་མཆོད་རྟེན་ནང་ནས་སྐད་དང་ཙི་ར་བརྒྱབ་ཟེར་


GLG005_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བས་མཚོན་པའི་རྣམ་རྟོག་འདྲེར་ལངས་ཀྱིས་ཁ་མཚོན་མ་ཆོད་པའི་སྐུ་ཆས་ཚོ་སྟོད་ལུང་མདའ་དང་ཤིང་ཆ་རྣམས་ཤར་ཆུ་སྦུག་ཏུ་བསྐྱལ། གཟིམས་ཁང་བཤིག་ཤུལ་དུ་གྲ་ཚང་གིས་ཁྲོ་རོལ་སླང་གང་མ་ཞིག་དང་གྲ་ཚང་གསུམ་ནས་བསྡུས་པའི་དགེ་འདུན་བརྒྱ་སྐོར་གྱིས་གསུང་རབ་བསྒྲགས། ཤིང་ལུག་པཎྜི་ཏ་གོ་ཀླུ་ལ་རྒྱ་གར་དུ་ཕྱིར་འབྱོན་སྐབས་པཱ་ཎི་བྱཱ་ཀ་ར་ཎའི་གླེགས་བམ་དང་བཅས་གཅེན་པཎྜི་ཏ་བ་ལ་བྷ་དྲའང་སྤྱན་དྲོངས་ཤིག་པར་བསྐུལ་བ་བཞིན་འབྱོར་བའི་ཟླ་བ་དྲུག་པའི་ཚེས་ལྔ་ནས་འདར་པ་ལོ་ཙཱ་བས་པཱ་ཎིའི་བསླབ་སྦྱངས་ཀྱི་འགོ་བཙུགས། ཚེས་བདུན་ལ་འདུ་ཁང་ཆེན་མོར་ཕྱིན་འདུས་པ་རྒྱ་མཚོ་སྤྱི་སྒེར་གྱིས་དངོས་པོ་ཚན་གྲངས་སུ་བསྟར་ཏེ་འཆི་བདག་གཡུལ་ལས་རྒྱལ་བའི་བདེན་ཚིག་བརྗོད། བསྙེན་རྫོགས་ཉི་ཤུ་ལྷག་དང་དགེ་ཚུལ་སུམ་ཅུ་ཙམ་བསྒྲུབས། འདི་དག་གི་སྔ་ཕྱིར་མཆོད་དཔོན་པས་བཀོད་པ་བྱས་པའི་གཏོར་སླང་། མཉྫི། ཧོམ་ཁུང་། ཕྱག་མཚན་སྤྱན་གཟིགས་ར་མ་ལུག་གི་ཚགས་དང་རྐོས་ཡོད་པའི་ལེགས་པ་མང་དུ་བཟོས་པའི་འགོ་པ་ཕུན་ཚོགས་ལྷུན་གྲུབ་དང་བློ་བཟང་དགེ་ལེགས་གཉིས། ཕོགས་སོགས་དགོས་ཆ་སྤྲོད་མི་བྱང་གླིང་བསམ་གྲུབ་རྒྱལ་པོས་བྱས། ཟླ་བ་བདུན་པའི་ཚེས་དྲུག་ལ་ཕན་བདེ་ལེགས་བཤད་གླིང་པས་ཚན་གྲངས་རིང་དུ་སྤེལ་ཏེ་འཆི་མེད་འོད་སྣང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཚེ་ཆོག་བཏང་བ་དང་འབྲེལ་བར་བདུན་གཅིག་གི་བར་ཚེ་བསྙེན་དམ་དུ་བཅད། བཅོ་ལྔ་ལ་བཀྲ་ཤིས་སྒོ་མངས་པའི་རིགས་གྲའི་ཚོགས་དབུར་ཕྱིན། སྡེ་པ་བྱིང་པ་བདེ་ལེགས་དང་གསོལ་


GLG005_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གེ་ར་བ་གཉིས་ལ་ཐུགས་རྗེ་ཆེན་པོ་ཚེམ་བུ་ལུགས་ཀྱི་དམར་འཁྲིད་ཉམས་འཁྲིད་དུ་ཕབ། འདི་ལོ་ནས་བཟུང་ད་ལྟའི་བར་དབུས་གཙང་སྟོད་སྨད་ཀུན་ཏུ་སད་གཏའ་བསྡམས་ཤིང་གྲ་ཚང་གི་གྲ་པ་གྲངས་བཅད་ཀྱིས་ཟླ་བ་གཉིས་ལ་ཉེ་བར་རྫས་སྔགས་ཏིང་འཛིན་ལ་བརྟེན་པའི་སད་སྲུང་གི་གདམས་པ་ལག་ཏུ་བླངས། ལོ་གཉིས་གསུམ་ཞིག་མ་གཏོགས་ཕལ་ཆེར་ཐུབ་པ་ཤ་སྟག་དང་མ་ཐུབ་པའི་དུས་སྔགས་བན་རྣམས་ཀྱི་ཕྱག་མཛོད་སྦུག་མ་ནས་བཏོན་པའི་ཡུལ་ཆགས་ཀྱི་དྲིལ་རྒྱ་ཆེར་བསྒྲགས། ཟླ་བ་བརྒྱད་པའི་ནང་དུ་བསྙེན་རྫོགས་སུམ་ཅུ་ལྷག་དང་རབ་བྱུང་བཞི་བཅུ་ཙམ་བསྒྲུབས། ཁལ་ཁ་གཡོན་རུའི་ཨེར་ཏེ་ནི་ཧུང་ཐའི་ཇི་གྲོངས་པའི་བསྔོ་རྟེན་སྐྱེལ་མི་འབྱོར་བའི་བདོག་པ་རྣམས་བླ་མེད་བྱང་ཆུབ་ཀྱི་རྒྱུར་རྒྱས་བཏབ་ཅིང་རྒྱལ་ཁང་རྩེ་སྤྲུལ་པའི་སྐུས་སྨོན་ལམ་ཚིགས་བཅད་དགོས་ཚུལ་གསུང་བའང་དེ་འཕྲལ་དུ་བཀོད། ཚེས་བཅུ་བཞི་ནས་ཞག་བདུན་གྱི་བར་ནད་སེལ་སྨན་གྱི་ཆུ་བོར་ཞུགས། ཁལ་ཁ་གཡས་རུ་རྡོ་རྗེ་བེད་ཐུ་ཡོན་མཆོད་ཀྱིས་ཟང་ཟིང་གི་བདོག་པ་བསྟབས། ཚེ་དབང་གྲུབ་རྒྱལ་མ་དང་རིགས་གསུམ་མགོན་པོའི་རྗེས་གནང་། སྟག་རྩེ་ཐའི་ཇི་ཡབ་སྲས་ལ་ཚེ་དབང་ལྕགས་སྡོང་མ་དང་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་ཕུལ། ཧོར་ཟླ་དགུ་པའི་ནང་དུ་བསམ་ཡས་གནོད་སྦྱིན་ཆེན་པོས་རྒྱ་ཇ་དང་གོས་ཆེན་སྣ་ལྔ་དགོས་ཚུལ་བཞིན་ཕུལ་སྐབས་ལས་འཆོལ་གྱི་འཕྲིན་ཡིག །ཀོང་ཡུལ་ནས་གནམ་གོང་བླ་མ་པདྨ་ལེགས་གྲུབ་ཀྱི་སྔགས་རྙིང་མའི་བསྟན་པ་ཉམས་པ་གསོ་དགོས་པའི་སྙན་ངག་གི་འཕྲིན་ཡིག་བྱུང་བ་དེ་ལན་བསྲིངས།


GLG005_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གསུམ་གྱི་བར་བསྙེན་མཚམས་བྱས། སྡེ་དྲུག་མཁན་པོ་སྣ་མོ་ཤག་པ་རྩེད་ཐང་ལྔ་མཆོད་ཀྱི་བླ་མར་བསྐོས་པའི་ལེགས་སོར་རྒྱལ་བ་ཐོག་རྡུགས་པས་ཐོག་གཏུམས་པའི་དུས་ཀྱི་སྐུ་གཟན་མཐིལ་གྱི་ནང་རྟེན་ཞྭ་དམར་མཆོག་གི་སྤྲུལ་སྐུས་ཡར་སྟོད་ཞབས་དྲུང་ལ་གནང་བ་སྣ་མོ་ཤག་གྲུབ་ཆེན་པའི་ལག་ཏུ་འབྱོར་བ་བྱིན། མཚམས་གྲོལ་ནས་རྒྱལ་པོ་སྐུ་མཆེད་ལ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་རྩ་ཕུལ། པཱ་རས་ཀྱི་འགྲུལ་པ་འབྱོར་པའི་རྟ་ཉིས་བརྒྱ་ཙམ་བྱུང་པཱ་རས་སོག་བོད་བསྡོམས་པའི་བསྙེན་རྫོགས་ཕྱེད་ཉིས་བརྒྱ་དང་དགེ་ཚུལ་ཉིས་བརྒྱར་ཉེ་བ་བསྒྲུབས། ཚེས་ཉི་ཤུ་ནས་ཟླ་བ་ཕྱེད་གཉིས་བར་སྒོ་མང་ཁྲི་གདན་ཟུར། བདེ་ཡངས། འདུལ་བ། སྔགས་པ་རྣམས་ཀྱི་སློབ་དཔོན། ཕ་བོང་ཁ་དང་དགེ་འཕེལ་གྱི་རི་ཁྲོད་པ། དཀའ་རབ་འབྱམས་དགེ་ཚུལ་སློང་བདུན་ཅུ་སྐོར་ལ་ལམ་རིམ་གྱི་འཁྲིད་ཞིབ་རྒྱས་སུ་ཕབ། སྡེ་པ་ལྕང་ར་བ་མིང་སྲིང་ངམ་རིང་མཁན་ཆེན་གྱི་དྲུང་དུ་སྒྲ་བསླབ་པར་འགྲོ་རྒྱུ་ཡིན་པས་སྣེ་སྦྱོར་དགོས་ཚུལ་བྱུང་བ་བཞིན་འཇིག་རྟེན་གྱི་མིག་གཅིག་པུར་བསྔགས་པའི་འཕྲིན་ཡིག་ཚིགས་བཅད་དུ་བསྲིངས། བདེ་ཆེན་ཞབས་དྲུང་ཐོག་རྒོད་རྣམ་རྒྱལ་བྱོན་པར་ཚེ་རྟ་ཟུང་འབྲེལ་ཕུལ། ཧོར་ཟླ་བཅུ་པ་སྔ་མའི་ཚེས་བདུན་ནས་བཅུ་བཞིའི་བར་རྡོ་རྗེ་བྲག་རིག་འཛིན་སྤྲུལ་སྐུ་དཔོན་སློབ། གྲ་ཚང་གི་གྲ་པ་ཁ་ཤས་དང་བཅས་པར་བྱང་གཏེར་ཕུར་པ་དྲག་སྔགས་དང་གནུབས་ལུགས་འཆར་ཀ་སྒྲོམ་བུ་མ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་དབང་། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་གཏེར་གསར་འཆི་མེད་སྐུ་གསུམ་རིགས་བསྡུས་ཀྱི་དབང་


GLG005_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་ཀ་ཉང་ལུགས་གཏེར་གཞུང་སྐོར། བྱང་བདག་པོའི་གསུང་འབུམ་ཐོར་བུ། གསར་རྩོམ་ཁྲོད་ནས་རིག་འཛིན་ངག་གི་དབང་པོའི་རྣམ་ཐར། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་ལས་བྱང་གི་ལུང་རྣམས་ཕུལ། སྐུ་གསུམ་རིགས་བསྡུས་ཀྱི་དབང་གི་སྐབས་ཚེ་མདའ་རྩེ་སོར་ཕྱེད་ལྷག་ཅིག་བྲི་འདུག་ཅིང་གཞན་རྣམས་ཀྱི་མར་མེ་དང་མི་འདྲ་བའི་ཕྱག་ཏུ་བཟུང་བ་དེ་རླུང་པོས་གསོད་པར་ཉེ་བ་ཙམ་བྱུང་སོང་བས་ནང་པར་སྐུ་སྒེར་དུ་མཚོ་སྐྱེས་རྡོ་རྗེའི་དབང་བསྐྱར་ནས་ཕུལ་བས་ཚེ་མདའ་སྔར་བཞིན་ཚད་དུ་ལྷོགས། དུག་ཁྲག་གི་རྫས་དབང་དང་སྐུ་གསུམ་རིགས་བསྡུས་ཀྱི་ཆོས་སྐོར་ཡོངས་རྫོགས། དམར་ནག་གཤིན་རྗེའི་ཡང་སྙིང་དང་མཐུ་སྟོབས་དྲེགས་པའི་རྒྱལ་པོ། མངའ་རིས་རིག་འཛིན་ཆེན་པོའི་དག་སྣང་ཚེ་སྒྲུབ་རྣམས་ཀྱི་དམིགས་འཁྲིད་དང་ལུང་མན་ངག་ཕྱག་བཞེས་ཤིན་ཏུ་ཞིབ་པར་ཕུལ། མ་ག་དྷ་ཁ་ཐུན་དང་ཁུན་འདུ་ལེན་སོགས་ཀྱིས་གོས་དར་གསེར་དངུལ་ཇ་རས་ཆའི་སྟོང་འབུལ་བཏེག །ལམ་རིམ་གྱི་སེམས་བསྐྱེད་ཀྱི་ཉིན་འཁྲིད་དངོས་གཞིར་མེད་པའི་བླ་མ་གྲ་པའང་མང་དུ་བྱུང་། བསྙེན་རྫོགས་དྲུག་ཅུ་སྐོར་དང་དགེ་ཚུལ་བརྒྱར་ཉེ་བ་བསྒྲུབས། དོན་གཉེར་ཅན་དྲུག་ཅུ་ཙམ་ལ་སྤྱན་རས་གཟིགས་བཅུ་གཅིག་ཞལ་མཁའ་འགྲོ་ལྔའི་བྱིན་རླབས་བྱས། ཟླ་བ་བཅུ་པའི་རྟིང་མའི་ཚེས་བཞི་ལ་འཁྲིད་གྲོལ་ནས་རྗེ་བསོད་ནམས་རྒྱ་མཚོས་མཛད་པའི་འཁྲིད་ཡིག་བདུད་རྩི་གསེར་གྱི་ཡང་ཞུན་དང་གསར་དུ་བརྩམས་པའི་འཁྲིད་གཉིས་ཀྱི་ལུང་བཀླགས། ཚེས་བདུན་གྱི་ཞོགས་གྲ་པ་སུམ་ཅུ་སྐོར་ལ་སྨྱུང་གནས་ཀྱི་གསོ་སྦྱོང་ཕབ་སྟེ་རྐྱང་ཁུག་གི་སྨྱུང་གནས་བྱེད་དུ་བཅུག །སྲུང་བཟློག་བསད་མནན་


GLG005_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྒྲུབ་ཁག་རྣམས་ཀྱང་བཙུགས། རིན་པོ་ཆེ་སྨན་ལུང་པས་མཁའ་འགྲོ་གྲིབ་སེལ་དང་བསུ་བཟློག་ཡུན་དུ་གནས་པའི་ཐུགས་རྩོམ་ཚིག་དོན་ཕུན་སུམ་ཚོགས་པ་ཞིག་མཛད་ཅིང་བདོག་པ་སྤེལ། ཁུན་འདུ་ལེན་གྱིས་གཙོས་བསྙེན་རྫོགས་པ་ལྔ་བཅུ་ཙམ་དང་མ་ག་དྷས་ཐོག་དྲངས་དགེ་ཚུལ་མ་བཅུ་བསྐོར་བསྒྲུབས། དེ་རྣམས་དང་གཉུག་མར་གནས་པ་སོགས་བརྒྱ་ལྷག་ལ་གསར་རྩོམ་གྱི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས། གཏོར་མ་བརྒྱ་རྩ་བསྡུས་པ། ཀླུ་གཏོར། རི་ཁྲོད་པ་འགའ་ཞིག་ལ་བླ་མ་མཆོད་པ་དང་བླ་མའི་རྣལ་འབྱོར་ཁ་ཤས། གཙུག་ཏོར་རྣམ་རྒྱལ་དང་བྱམས་པས་དམ་བཅས་པའི་གཟུངས། རིན་པོ་ཆེ་སྨན་ལུང་པ་དང་གནས་གཞི་ཆོས་རྗེ་གཉིས་ལ་བྱང་པའི་གཏེར་གསར་གྱི་ཀརྨ་གུ་རུའི་དབང་ལུང་ཕུལ། ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ལ་རྒྱལ་པོ་སྐུ་མཆེད། ཁལ་ཁ་དར་ཁན་ནོ་ཡོན། མེརྒན་ཆོས་རྗེ་ཅན་དང་ཕྲད། ཚེས་བཅུ་དྲུག་གི་རྒྱལ་ཕུར་འགྲུབ་སྦྱོར་ཐོག་ཞྭ། གོན་པ། སག་ཐག །རལ་གྲི་སོགས་སྟེར་ཆ་ཚན་གྲངས་དང་བཅས་ད་ལའི་བཱ་ཐུར་ལ་ད་ལའི་ཧུང་ཐའི་ཇིའི་ཆོ་ལོ་བྱིན། བསྙེན་རྫོགས་བདུན་དང་དར་ཁན་ནོ་ཡོན་དཔོན་གཡོག་བཅུ་ལྷག་དགེ་ཚུལ་དུ་བསྒྲུབས། དྭགས་པོ་ལྕང་ར་བས་རྗེ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་པར་ལ་བརྐོས་པའི་པར་བྱང་བྲིས་ཕུར་སྒྲུབ་དང་འཇམ་དཔལ་གཤིན་རྗེའི་སྒྲུབ་པའི་རྡོ་རྗེ་སློབ་དཔོན་ལ་ཕྱིན། ཉེར་དགུའི་ནུབ་ཕྱོགས་ངེས་མེད་ནས་ལངས་པའི་རླུང་ལྟས་འཚུབ་ཅིང་རྭ་ཟོར་ཡེ་མི་འགྲོ་བ། ཧོམ་གྱི་མེ་ལྕེ་ཕར་ཚུར་སྣ་ཚོགས་སུ་ལྡོག་ཅིང་འཁོར་བའི་འཚུབ་ལྷོངས་ཤིན་ཏུ་ཆེ་བ་ལོ་ཕྱི་མར་གད་སྒོ་
ཞང་ཚན་གཉིས་ཀྱིས་བདེ་གཟར་རྒྱ་ཆེར་སློང་བའི་ལྟས་སུ་མངོན།

དགུང་ལོ་ཞེ་གསུམ་པར་རིས་མེད་ཀྱི་འདུས་སྡེ་རྣམས་ནས་སྡེ་སྲིད་བསོད་ནམས་རབ་བརྟན་གྱི་དགོངས་རྫོགས་རྒྱས་པར་བསྒྲུབས་པ་བཅས་ཀྱི་སྐོར།


GLG005_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཕག་ལོ་གསར་གྱི་འདོད་ཁམས་དབང་ཕྱུག་མའི་མཆོད་གཏོར་དང་དགའ་སྟོན་སྔར་འཁྱུད་བཞིན་བྱས། ཚེས་ལྔ་ལ་བསྙེན་རྫོགས་ཉི་ཤུ་ལྷག་དང་དགེ་ཚུལ་སུམ་ཅུ་ཙམ་བསྒྲུབས། ཚེས་བདུན་ལ་བསམ་བློ་མེརྒན་ཆོས་རྗེས་ཚོགས་ཆེན་དུ་བོས། དངུལ་གྱི་མདོང་མོ་བཅུ་བདུན། ཐ་ཕག་བཅུ་གསུམ། གོས་ཡུག་སུམ་བརྒྱ། དངུལ་སྲང་ཉིས་བརྒྱ། ཇ་ཀོ་དྲ་ལྔ་བཅུ། རྟ་སྒ་སྲབ་ཀྱིས་སྤྲས་པ་དགུས་གཙོས་པའི་སྟེར་སྦྱིན་སྤམས་བསྟད། དགེ་བ་རྣམས་རྫོགས་བྱང་དུ་བསྔོས། འབྲུག་པ་སྤྲུལ་སྐུ་རིན་པོ་ཆེ་སྨོན་ལམ་ཆེན་མོར་གྲ་བསྐོར་གྱི་བསྟན་པའི་རྣམ་གཞག་ལ་ཕེབས་པ་དང་སྦྲགས་བསྙེན་རྫོགས་བཞེས་པར་དཔལ་ལྡན་འབྲས་སྤུངས་སུ་ཆིབས་ཁ་བསྐྱོད། སྤྱི་ཁང་དུ་བཞུགས་མཚེར་གནང་། དེ་སྐབས་བདེ་ཆེན་ཆོས་འཁོར་བའང་དཔོན་སློབ་སེལ་མེད་ཀྱིས་ཚོ་འཛིན་ལ་བྱོན་འདུག །ཚེས་བཅུ་ལ་ངེད་ཀྱིས་མཁན་པོ་དང་བདེ་ཆེན་ཆོས་འཁོར་བས་སློབ་དཔོན་མཛད་ནས་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས། འདི་ལོ་སྡེ་པའི་གསང་སྒོའི་སྟབས་ངེད་ཀྱིས་མ་ཕྱིན་པར་དགའ་ལྡན་ཁྲི་རིན་པོ་ཆེས་སྨོན་ལམ་ཆེ་ཆུང་སྦྲེལ་ཏེ་མཛད། བཅུ་གཉིས་ལ་ཕན་བདེ་ལེགས་བཤད་གླིང་པས་འཆི་མེད་འོད་སྣང་གི་སྒོ་ནས་ཚེའི་རྟེན་འབྲེལ་བསྒྲིགས་པའི་སྔོན་འགྲོར་ཟང་ཟིང་གི་བདོག་པ་སྤེལ། དབུ་མཛད་བློ་བཟང་བསྟན་འཛིན་དང་གཉེར་པ་བློ་བཟང་སྦྱིན་པ་གཉིས་ཀྱི་ངོར་ཚེ་དབང་རིག་འཛིན་གྱི་རྣལ་འབྱོར་ལ་བརྟེན་པའི་རིང་འཚོའི་ཚིགས་བཅད་བརྩམས། རིགས་ཀུན་ཁྱབ་བདག་གནས་གསར་བ་མགོན་པོ་


GLG005_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་མཆོག་ལྡན་ཕེབས། ཞག་བདུན་བརྒྱད་ཀྱི་བར་སྟན་ཆགས་ཏེ་ཉེར་མཁོའི་ཟབ་ཆོས་ཅི་རིགས་ཞུས། ལེགས་ལྡན་རྗེའི་ཤངས་མཚལ་གྱིས་བརྫིས་པའི་ཟན་ལ་ཚེ་དཔག་མེད་ཀྱི་སྐུ་བཏབ་པ་ཞིག་དད་རྟེན་དུ་གནང་། ཚངས་པ་དུང་ཐོད་ཅན་གྱིས་བླང་དོར་ལུང་བསྟན་ཆེད་དུ་མཛད་པར་སླར་ཡང་དོགས་སེལ་གྱི་དྲི་སྨེད་གསོལ་བའི་འཕྲིན་ཡིག་ཚིགས་བཅད་སྤྱན་གཟིགས་ཚོགས་འཁོར་དང་བཅས་འབུལ་བར་ནང་སོ་སངས་རྒྱས་ཆེད་གཉེར་དུ་བཏང་། དུར་བོད་དཔོན་མོས་བླ་མ་གསུམ་གྱི་མཚན་སྒྲ་ཡོད་པའི་བསྟོད་པ་དགོས་ཚུལ་བྱུང་བ་བརྩམས། གསང་སྒོ་བརྟོལ་ནས་སྐོར་ཅིག་དགོངས་རྫོགས་ཀྱིས་རིམ་གྲོ་འགྱངས་དོགས་ལྷ་ས། བསམ་ཡས། ཁྲ་འབྲུག །ཡུམ་བུ་བླ་མཁར་རྣམས་སུ་གསེར་ཆབ་འདོད་དོན་གསོལ་བའི་ཚིགས་བཅད་བྲིས་པའི་སྙན་དར་ཕུལ། དབུས་གཙང་གི་ཆོས་སྡེ་རགས་རིམ་ལ་མང་འགྱེད། བཀའ་འགྱུར་གསུང་སྒྲོགས་ཁ་ཤས་དང་གདུགས་དཀར་འབུམ་ཐེར་བཙུགས། ཉེར་གཅིག་ཡན་ལ་གྲ་ཚང་གིས་ཉིན་ལྟར་གྱིས་མཁའ་འགྲོ་སྡེ་ལྔ་ལ་བརྟེན་པའི་བསུ་བཟློག་དང་ཉེར་གཉིས་ནས་ཟླ་འཕྲོས་མཚམས་དམ་དུ་བཅད་པའི་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་པ་བྱས་པས་དམ་སྲིའི་འཚུབ་ལྷོངས་ཀྱི་ལྟས་རྣམས་ཇེ་འཇམ་དུ་སོང་། ཧོར་ཟླ་གཉིས་པའི་ཚེས་གཉིས་ལ་བསམ་བློ་མེརྒན་ཆོས་རྗེས་སྦྱིན་བདག་བྱས་ནས་གྲ་ཚང་གིས་འཆི་མེད་འོད་སྣང་གི་ཚེ་ཆོག་རྒྱས་པར་བཏང་། འདི་ལོ་གནས་ཆུང་ཆོས་རྒྱལ་ཆེན་པོས་ངེད་རང་གི་རིམ་གྲོར་བཞེངས་ནས་གཟིམས་ཆུང་མགོན་ཁང་དུ་འཇོག་དགོས་པའི་བསླབ་སྟོན་མཛད་པ་བཞིན་


GLG005_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞིའི་ཁུར་ལེན་ཇའི་སང་སྡེ་པས་བྱས། བློ་གསལ་གླིང་བླ་བྲང་རྙིང་པར་དོ་དམ་ཁ་རག་མངོན་དགའ་བ་ངག་དབང་ཚེ་རིང་། བལ་པོ་ཛྱེ་དྷ་ན། སིདྡྷི། བཀྲ་ཤིས། དྷརྨ་དེ་བོ། ཛའི་ཤིང་། ཨ་མར་ཛ་ཏི། ཚེ་རིང་། ཛེ་ལ་ཁྲང་རྣམས་ཀྱིས་གསེར་སྐུ་གྲ་ཚར་དང་དེ་གའི་མུ་འཐུད་ལི་གསར་བཞེངས་པ་ལྕགས་བྱིའི་ནང་དུ་སིདྡྷི། དྷརྨ་དེ་བོ། ཛའི་ཤིང་། ཁྲ་པ་སུ་ཙ་བཞིས་བཟོ་བྱས་པའི་གསེར་སྐུ་སློབ་དཔོན་ཆེན་པོ་དང་གུ་རུ་མཚན་བརྒྱད། ཐུབ་དབང་། ཚེ་དཔག་མེད། རྗེ་བཙུན་ཙོང་ཁ་པ། ངེད་རང་གི་འདྲ་འབག་གཅིག །ཞར་བྱུང་དུ་གཞན་ལ་སྟེར་སྦྱིན་བྱེད་རྒྱུའི་འདྲ་འབག་ལྔ་རྣམས་བཞེངས་པའི་ལུགས་བརྒྱབ་པའི་དོ་དམ་གྲ་ཚང་གཉེར་པ་དགེ་བཤེས་སྦྱིན་པས་བྱས། འདྲ་འབག་དེ་ལ་ཟངས་ཀྱི་སྲོག་ཤིང་རང་གྲུབ་ཏུ་བྱུང་འདུག་པ་ལེགས་པར་མངོན། ལི་གསར་གྱི་རིགས་ལྔ་སྤྲུལ་སྐུ་དང་ལོངས་སྐུའི་ཆ་བྱད་ཅན་ཚར་རེ། དམ་ཚིག་གསུམ་བཀོད། ཀླུ་དབང་གི་རྒྱལ་པོ། འོད་དཔག་མེད། མི་འཁྲུགས་པ། ཐུབ་དབང་གྲོང་ཁྱེར་མ། སྨན་བླ་བདེ་གཤེགས་བརྒྱད། ཚེ་དཔག་མེད་ལོངས་སྤྲུལ་གྱི་ཆ་བྱད་ཅན་རེ། ཚེ་དཔག་མེད་ལོངས་སྐུ་རིགས་ལྔ། མངའ་རིས་སྐུ་མཆེད་ཀྱི་གཏེར་མའི་ཚེ་དཔག་མེད། ཡེ་ཤེས་འོད་མཆོག །རྡོ་རྗེ་སེམས་དཔའ། ཉེ་བའི་སྲས་བརྒྱད་བཞུགས་སྐུ་མེ་ཏོག་གིས་བརྒྱན་པ་དང་རིན་པོ་ཆེས་བརྒྱན་པ་གྲ་ཚར་རེ། དེ་མཚུངས་ཉེ་སྲས་ལྡེམ་གྲ་ཚར་རེ། ཡུམ་ཆེན་མོ། ཡི་གེ་དྲུག་པ། ལྷག་པར་དབང་དུ་བྱེད་པའི་སྤྱན་རས་གཟིགས། སྤྱན་རས་གཟིགས་མགྲིན་པ་སྔོན་པོ། སེང་གེ་སྒྲ། འཇམ་དབྱངས་དཀར་པོ།


GLG005_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་དམར་སེར། འཇམ་དཔལ་ངག་གི་རྒྱལ་པོ། བྱམས་པ་ཕྱག་གཉིས་པ། བྱམས་པ་ཕྱག་དྲུག་པ། ཕྱག་ན་རྡོ་རྗེ། རྣམ་རྒྱལ་འཇོམས་གཉིས། ཀུ་རུ་ཀུལླེ་དཀར་མོ། སྒྲོལ་དཀར་སྤྱན་བདུན་མ། སེང་ལྡེང་ནགས་སྒྲོལ། སྒྲོལ་མ་དུག་སེལ་མ། དབྱངས་ཅན་མ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། གཞན་གྱིས་མི་ཐུབ་མ། མྱ་ངན་མེད་པའི་འོད་ཟེར་ཅན། ཤེར་ཕྱིན་མ་དཀར་མོ། ཐོགས་མེད་ཀྱི་ཤེར་ཕྱིན་མ། ཁྲོ་གཉེར་ཅན་མ། ཛམྦྷ་ལ། ནོར་རྒྱུན་མ་སྟེ་དགུ་བཅུ་ཐམ་པ་གསེར་སྐུ་བཅོ་བརྒྱད་དང་བཅས་པའི་རྒྱུར་ཁམས་ཟངས། བཤའ་དཀར། ཏི་ཚྭ་རྣམས་བསྡོམས་པར་མཁར་ཁལ་ཉི་ཤུ་རྩ་བདུན་དང་ཉག་དགུ །རང་བྱུང་ཟངས། ཏི་ཚྭ། བཤའ་དཀར་བསྡོམས་པ་ཁལ་ལྔ་བཅུ་ང་བཞི་དང་སྤོར་ཕྱེད། གསེར་ཞོ་སུམ་བརྒྱ་དང་གཉིས་སོང་། དེའང་རྟ་ལོ་མཁའ་རུ་སྟེང་དུ་བསྡད་པའི་ནུབ་ཅིག་རྨི་ལམ་དུ་ཕུང་པོ་རི་བོ་ཆེའི་རྩེར་གདུགས་ལུ་ཧང་ཀ་བཞིའི་ས་ཙམ་འཁོར་གྱིན་འདུག་པ་ཞིག་བྱུང་བ་དེ་སྐབས་བོད་ཁམས་བདེ་ཐབས་དང་ཁྱད་པར་ལྷོ་མོན་ཕྱོགས་ཀྱི་ཁ་གནོན་དུ་འཇམ་དཔལ་གཤིན་རྗེ་གཙོ་བོར་བྱེད་པའི་སྔགས་སྡེ་འོས་འཚམ་རི་བོ་ཆེར་འཛུགས་པའི་ས་བཅད་ཡོད་པ་དེ་ལ་དམ་སྲི་ཞིག་གིས་བར་དུ་གཅོད་པའི་མཚན་མར་འདུག་ཅིང་དེ་ནས་ལོ་ཤས་ཀྱི་བར་རྨི་ལྟས་དེ་འདྲ་གང་བྱུང་ལ་ཕྱི་ནང་ཅི་རིགས་སུ་འཚུབ་རེ་འོང་གིན་ཡོད་པ་ཟླ་བ་སྔ་མའི་གྲོ་བོ་ལོད་ཀྱི་སྒྲུབ་པས་དམ་སྲི་གསར་པའི་མཚན་མ་རེ་ཞིག་བཟློག་ཀྱང་འདིའི་དུས་ཆོ་འཕྲུལ་གྱི་གདུགས་ངུར་སྨྲིག་ཅན་དེར་དམིགས་བདུན་ཕྲག་གཉིས་སུ་ཉེ་བར་བཅད་རྒྱ་ཤིན་ཏུ་དམ་པའི་སྒོ་ནས་སྔགས་སྨེན་བགྲངས་


GLG005_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཨར་ལ་གཏད། ཚེས་བཅུ་གཅིག་ལ་གྲ་ཚང་དུ་འདོད་ཁམས་དབང་ཕྱུག་མའི་མདོས་བསྐང་འབུམ་ཐེར་བཙུགས་པའི་དུས་འདོད་དོན་གྱི་སྨོན་ལམ་བྲིས་པའི་སྙན་དར་ཕུལ། སྔར་དང་མི་འདྲ་བའི་ཞྭ་སེར་འཆང་བའི་བསྟན་པ་འདི་བྱང་ཕྱོགས་ཀྱི་སྦྱིན་བདག་རྣམས་དང་ཁད་ཉེར་མཚོ་སྔོན་པོ་སྐོར་གྱི་དུས་བདེ་དོག་ལ་རག་ལུས་པ་འདྲ་ཞིག་འདུག་པས་ལས་གཤིན་གྱི་རྗེས་གནང་གི་སྒོ་ནས་རྒྱལ་པོ་སྐུ་མཆེད་དམ་ཚིག་སྦྲེལ། གཡས་རུ་གཡོན་རུ་ཚོ་ལུགས་ལེགས་ཡོང་བའི་མཆེད་གཉིས་ཀྱིས་གཙོས་འདི་གར་གང་ཡོད་རྣམས་ཀྱི་ཐམ་ཀ་བཞག །དེ་འཕྲོས་མཚོ་ཁར་སོ་སོའི་ཐམ་ཀ་ལེན་པ་དང་གནས་ཆུང་ཆོས་རྒྱལ་གྱིས་བསྐུར་བའི་རྡོ་རྗེ་སྤྱི་བོར་འཇོག་པ་སོགས་དོན་གཅོད་ལ་བསོད་ནམས་དབང་རྒྱལ་མཚོ་ཁ་ཕྱོགས་སུ་རྫོང་བདའ་བྱས། ལྷ་རྩེ་ཆོས་སྡེའི་གྲ་པ་བློ་གྲོས་བསམ་འཕེལ་གྱིས་གསར་རྩོམ་དབུ་ཕར་ཡོངས་རྫོགས་ཀྱི་རྒྱུགས་སྤྲད། ཚེས་བཅུ་བཞི་ལ་དཔལ་ལྡན་འབྲས་སྤུངས་ཀྱི་འདུ་ཁང་ཆེན་མོར་ཚོགས་ཆེན་ཐོག་གདན་ས་ཆེན་པོ་དགའ་ལྡན་ནས་ཁྲི་རིན་པོ་ཆེས་དབུ་གནང་བའི་མཁན་སློབ། སེ་ར་ཐེག་ཆེན་གླིང་གི་སློབ་དཔོན་སོགས་གྲ་ས་གསུམ་འཛོམ་དང་སྟག་རྩེ་ས་སྐྱོང་རྡོ་རྗེ་རྣམ་རྒྱལ་གྱིས་སྦྱིན་བདག་མཛད་དེ་མཆོད་ཡོན་ལྷན་རྒྱས་ཀྱིས་ཡུན་དུ་གནས་པའི་སྨོན་ལམ་གནང་། ཆོས་སྐྱོང་ཆེན་པོའང་ཕེབས། སང་ཁལ་ཁ་ད་ཡན་ནོ་ཡོན་ལ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རྗེས་གནང་། སྟག་རྩེ་ཐའི་ཇི་ཡབ་སྲས་ལ་ཉང་ལུགས་དྲག་དམར་མེའི་སྤུ་གྲི་དང་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཕུལ། བསྙེན་རྫོགས་ཉི་ཤུ་རྩ་ལྔ་དང་དགེ་ཚུལ་བཅོ་ལྔ་བསྒྲུབས། ཚེས་བཅུ་དྲུག་ནས་


GLG005_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ཟླ་བ་གསུམ་པའི་ཚེས་བདུན་གྱི་བར་ཕྱི་ནང་གི་གེགས་རིགས་དུ་མའི་གཉེན་པོར་བདུན་དང་པོར་རྡོ་རྗེ་གྲོ་ལོད། གཉིས་པར་རྣམ་འཇོམས། གསུམ་པར་འཆི་མེད་དཔལ་སྟེར་གྱི་བསྙེན་སྒྲུབ་བྱས། བརྒྱད་ལ་ཞིང་སྐྱོང་སྟོབས་འཕྲོག་དབང་པོའི་མཆོད་གཏོར་རྒྱས་པ་བསྟར། འདི་ནས་བཟུང་འདོད་གསོལ་གྱི་ཚིགས་བཅད་བྲིས་པའི་སྙན་ཤལ་ཆག་མེད་དུ་ཕུལ། ཚེས་བཅུ་ནས་ཞག་བཅོ་ལྔ་ཙམ་གྱི་བར་བྲེལ་བ་འདྲ་གཅོད་པ་དང་སྦྲགས་ཕྱི་མཚམས་ཀྱི་ཁོག་ནས་བསམ་བློ་མེརྒན་རབ་འབྱམས་པ་ཅན་ལ་རྗེས་གནང་དང་རྫོང་བདའ་བྱས། རབ་བྱུང་བསྙེན་རྫོགས་ཁ་ཡར་བསྒྲུབས། དེའང་ཚེས་བཅུ་བདུན་ཡན་ལ་འདར་པ་ལོ་ཙཱ་བས་པཱ་ཎི་བྱཱ་ཀ་ར་ཎའི་རི་མོ། གཞུང་བསྒྱུར་བ། སློབ་དཔོན་རཱ་མ་ཙནྡྲས་མཛད་པའི་འགྲེལ་པ་པྲ་ཀྲི་ཡ་གཞིར་བཞག་པར་གསུང་རྒྱུན་གྱིས་བརྒྱན་པའི་ཟིན་བྲིས་ལེགས་བཤད་ནོར་བུ་འདྲེན་པའི་ཤིང་རྟ་ཤོག་དྲིལ་དུ་ཕབ་ཟིན་འདུག་པས་པཎྜི་ཏ་མཆེད་གཉིས་ལ་ཡོན་ན་བཟའ་ཆ་ཚང་རེ། སྤྱིར་གསེར་ཞོ་བརྒྱ་དང་བཅུ། དངུལ་སྲང་ཕྱེད་ཉིས་བརྒྱ་རྣམས་བསྟབས་པས་མགུ་བ་མཛད་སྐད། སྡེ་པའི་སྐུ་རིམ་ལ་སེར་ཚོགས་འཛུགས་པར་དྲིལ་བསྒྲགས། ཕྱག་མཛོད་འདོན་བཤེར་སོགས་གྲབས་ཡུལ་བྱེད་པར་ཉེར་དྲུག་ལ་པོ་ཏ་ལར་འོངས་ཞག་བཅུ་སྐོར་ལས་མི་ཐོགས་པའི་རྩིས་ཀྱིས་དཔེ་ཆས་མཚོན་ཉེར་མཁོ་ཕལ་ཆེར་བཞག་ཅིང་གྲ་ཚང་ཡང་དགོན་པར་བཞུགས། ཟླ་བ་བཞི་པའི་ཚེས་བདུན་ཕན་ལ་སེར་ཚོགས་ཀྱི་དགོས་ཆ་འདོན་པ། རྫོང་གཞིས་སོ་སོར་དོ་དམ་པ་རྫོང་


GLG005_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བདའ། ཡི་གེ་བཟོ་བ་སོགས་བྱས། ཚོང་འདུས་ཆོས་སྐྱོང་ཆེན་པོ་བྱ་ཁྲིད་མིག་གཅིག་པས་བོད་ཁམས་བདེ་ཐབས་ཀྱི་བསྐུལ་མ་ནང་རུལ་ཡོད་ཚུལ་དག་བཅས་གོས་འཕན་རྙིང་པའི་བརྗེ་ཚབ། གསར་དུ་བ་དན་རོལ་མོ་དགོས་གསུང་བ་ཕེབས་ལན་ཚིགས་བཅད་དང་བཅས་ཏེ་ཕུལ། གནས་ཆུང་ལྕོག་ནས་ཆོས་སྐྱོང་ཆེན་པོར་རང་བྱུང་འཕགས་པའི་དྲུང་དུ་བདུན་ཕྲག་གཅིག་མཚམས་གྱིས་གསུང་བ་བྲེལ་བ་གཅོད་འཁོས་ཀྱི་བསླབ་བྱ་བྱེད་ཁྱད་ཀྱིས་ཆིག་དྲིལ་གྱི་སྨར་བ་ཞིག་ཡོད་རིགས་མིན་འདུག་རུང་ཚེས་བརྒྱད་ནས་བཅུ་བཞིའི་བར་དགེ་སྦྱོར་ལ་གང་བརྩོན་བྱས། གདན་ས་གོང་གི་ཞབས་དྲུང་རིན་པོ་ཆེས་བདེན་པའི་ཚིགས་སུ་བཅད་པའི་ཐུགས་རྩོམ་བདོག་པ་ཚན་གྲངས་དང་བཅས་ཡུན་དུ་གནས་དགོས་པའི་རྒྱུ་མཚན་གྱི་བཀའ་ཤོག་སྐྱེལ་བར་མི་ཆེད་གཉེར་གནང་བ་རྟེན་འབྲེལ་འགྲིག་པ་བྱུང་། ཚེས་བཅུ་དྲུག་ལ་དབུས་གཙང་དུ་སྡེ་པ་གཤེགས་པའི་གསང་སྒོ་བསྡེབས་མཚུངས་སུ་བརྟོལ། དེ་ཉིན་ནས་བཟུང་ཞག་དྲུག་གི་བར་ལྷ་ལྡན་གཙུག་ལག་ཁང་གི་ཁྱམས་རར་རྒྱུད་སྟོད་སྨད། ཡེར་པ་དགའ་ལྡན་གསང་སྔགས་ཡང་རྩེ། དགའ་ལྡན་གསང་སྔགས་གླིང་པ། ཐང་སག་དགའ་ལྡན་ཆོས་འཁོར། ཆུ་ཤུར་ཐར་པ་གླིང་། བར་ཁང་དུ་ཕ་བོང་ཁ་པ། དཀྱིལ་འཁོར་སྡིངས་སུ་ཕན་བདེ་ལེགས་བཤད་གླིང་པ་སྟེ་ཆོག་གྲ་བ་ཁྱོན་བསྡོམས་གྲ་པ་སྟོང་ཕྲག་གཅིག་དང་ལྔས་འདུས་པ་མི་བསྐྱོད་པ། མི་འཁྲུགས་པ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་དང་འགྲོ་བ་ཀུན་སྒྲོལ་གྱི་གསུང་ཆོག །གོང་དཀར་དུ་ཆོས་སྡེ་རྡོ་རྗེ་གདན་ནས་ཆོག་ཚན་ལྔ་ལ་གྲ་པ་བརྒྱད་ཅུ། གཞིས་ཀ་རྩེར་ཞ་


GLG005_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ལུ་བ་ཆོག་ཚན་གསུམ། ངོར་ཨེ་ཝཾ་ཆོས་ལྡན་པ་རྣམས་ཀྱིས་ངན་སོང་སྦྱོང་བའི་དཀྱིལ་འཁོར་དུ་མའི་ཞལ་འབྱེད། སྲད་རྒྱུད་པ། བཀྲ་ཤིས་ལྷུན་པོ་སྔགས་གྲ་བས་གསང་འདུས་སྟོང་རྩ་རྣམས་ཁྱོན་བསྡོམས་བརྒྱ་ཉེ་བརྒྱད་ཀྱིས་ཞག་བཅུའི་རིང་ཆོ་ག་བཙུགས། ལྷ་ས། ར་མོ་ཆེ། པོ་ཏ་ལའི་རང་བྱུང་འཕགས་པ་མཆེད་ཀྱི་ལྷ་ཁང་། བསམ་ཡས་རི་མཐིལ། ཁྲ་འབྲུག །རྭ་སྒྲེང་། རྒྱལ་མེ་ཏོག་ཐང་། དགའ་ལྡན་དངུལ་གདུང་རིན་པོ་ཆེ། སེར་འབྲས་ཀྱི་མཆོད་ཁང་རྣམས་ལ་དཀར་མེ་ཕོན་ཆེ་བ་དང་བཅས་པའི་མཆོད་པ་སྣ་ལྔ། ཞལ་གསེར། མུ་ཏིག་གི་སྣམ་སྦྱར་གཅིག་དང་གོས་ཆེན་གྱི་གཉིས། བླ་བྲེ་བདུན། གསེར་སྲང་ཉིས་བརྒྱ་བརྒལ་བ་ལས་གྲུབ་པའི་མཎྜལ་ཆེ་བ་གཅིག་དང་དངུལ་གྱི་མཎྜལ་དྲུག །ཁ་བཏགས་བརྒྱད་ཅུ་གྱ་བཞི། གོས་ཡུག་དགུ་སོགས་ཕུལ་བའི་རགས་རིམ་ལ་སྨོན་ལམ་ཚིགས་བཅད་བྲིས། གདན་ས་གོང་འོག །འབྲི་སྟག །སྣེའུ་སྡོང་རྩེ། བཀྲ་ཤིས་ལྷུན་པོ། སྒམ་པོ། འབྲུག་པ་སྤྲུལ་སྐུས་གཙོས་བླ་ཆེན། སྤྲུལ་སྐུ། གདུང་བརྒྱུད་མཁན་སློབ་རགས་རིམ་ལ་བསྔོ་རྟེན། ཉེར་དགུ་ནས་སེར་ཚོགས་བརྒྱད་བཙུགས་པར་པོ་ཏ་ལར་སྟག་ལུང་ཆགས་ལ་དང་བདེ་ཆེན་ཡངས་པ་ཅན་ཚུན། ཀླུངས་ཤོད་རྒྱ་བྲ་རྫོང་འབྲི་གུང་སྤྲོ་ལུང་མལ་གྲོ་རིན་ཆེན་གླིང་མན། གནམ་འཕྲད་གོང་ཡན་གྱི་དུད་ཁ་བརྒྱད་ཅུ་གྱ་བརྒྱད་ལ་དགེ་འདུན་ཁྲི་རྭ་ཅན་གྱི་ཚོགས་དབུར་དགའ་ལྡན་ཁྲི་རིན་པོ་ཆེ་མངའ་རིས་པ་ངག་དབང་རྡོ་རྗེ། གོང་དཀར་དུ་རོང་ཆུང་གི་སྒྲོ་ཡོ་མན། ཡར་འབྲོག་སྟག་ལུང་དང་སྐྱིད་སྨད་ལྗངས་ཤེལ་ཚུན། སྒྲགས་དང་འབྲོག་ཞོལ་


GLG005_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་གྱི་དུད་ཁ་སུམ་ཅུ་སོ་གཅིག་ལ་དགེ་འདུན་སྟོང་ཕྲག་བདུན་གྱི་ཚོགས་དབུར་དགའ་ལྡན་ཁྲི་རིན་པོ་ཆེ་ཟུར་པ་དཀོན་མཆོག་ཆོས་བཟང་། རྩེད་ཐང་དུ་རྣམ་སྲས་གླིང་དང་ཟུང་མཁར་མན། གདན་ས་མཐིལ་ཡན། ཡར་སྟོད། གྲི་གུ །ཡར་འབྲོག་གླང་ལུང་ཚུན་གྱི་དུད་ཁ་ཉི་ཤུ་རྩ་བཞི་ལ་དགེ་འདུན་སྟོང་ཕྲག་བདུན་གྱི་ཚོགས་དབུར་རྩེ་ཚོགས་མཁན་ཆེན་བློ་བཟང་བསྟན་འཕེལ། འོལ་དགར་ཟངས་རི་མན། མལ་གྲོ་རུ་ཐོག་ཕན་དུད་ཁ་བཅུ་དྲུག་གི་དགེ་འདུན་སྟོང་དུ་ཉེ་བའི་ཚོགས་དབུར་རྫིང་ཕྱི་མཁན་པོ་རིན་ཆེན་བློ་གྲོས། གཞིས་ཀ་བསམ་གྲུབ་རྩེར་ཐོབ་རྒྱལ་ལྷན་ཡན། ནོར་ཁྱུང་། རྫོང་ཤར་དང་གན་པ་སྲད་རྒྱུད་མན། བོ་དོང་བྱ་གཤོངས་ཕུ་གསུམ་ཞོ་ང་ར་ས་བཅས་པའི་ལི་ཤར་བཅད། བཞད་ཀྱི་ལྕགས་ཁ་བཀྲ་ཤིས་རྩེ་ཚུན་ཤངས་དང་བཅས་པའི་དུད་ཁ་སུམ་ཅུ་སོ་དྲུག་ལ་དགེ་འདུན་ཁྲི་ཚོ་གཅིག་དང་བརྒྱ་སྐོར་གྱི་ཚོགས་དབུར་དཔོན་སློབ་པཎ་ཆེན་རིན་པོ་ཆེ་ཕེབས་ཐུབ་ན་དང་དེ་མིན་གངས་ཅན་མཁན་པོ་བློ་བཟང་ཕུན་ཚོགས། རྒྱལ་རྩེར་ནོར་ཁྱུང་རྫོང་ཤར་ཡན། ལ་རྒན་ལྷོ་བཅད་གཡུང་ལ་རྫ་ར་ཚུན། ཕག་རི་མན་དང་བཅས་པའི་དུད་ཁ་ལྔ་བཅུ་ང་གཉིས་ལ་དགེ་འདུན་སྟོང་ཕྲག་བཞི་ཙམ་གྱི་ཚོགས་དབུར་དཔལ་འཁོར་ཆོས་སྡེའི་མཁན་པོ་ཤེས་རབ་ཡོན་ཏན། བྱང་ལྷ་རྩེར་གཏིང་སྐྱེས། གཅེན་ལུང་། གཞོང་ཆུ་བརྒྱུད། ཞོ་ང་ལ་ནུབ་བཅད། རྟག་བརྟན་བྱང་ཁའི་ཚེད་ཡན། གདོང་དང་རྔོད་ལ་བཟང་ལྡན། ལྕོག་རུ་ལྕགས་ཟམ་མན། ངམ་རིང་ཁུལ་བར་སྦུག་དང་བཅས་པའི་དུད་ཁ་བཅུ་གཉིས་ལ་དགེ་འདུན་སྟོང་ཕྲག་དྲུག་ལ་བཅར་བའི་ཚོགས་དབུར་ངམ་རིང་མཁན་


GLG005_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལོ་ཙཱ་བ། རིན་སྤུངས་སུ་གླང་བུ། སྟག་འུ་ཡུག་སྐོར། རོང་ཆུང་ནས་བྲེ་བོན་པོ་ལུང་དང་བར་ཐང་གཡག་སྡེ་བར་གྱི་འཕྲེད་ལམ་ནུབ་བཅད། ཡར་སྲིབས་དང་གཉུག་ལ་མན་ཆད་ཀྱི་དུད་ཁ་བཅུ་གསུམ་ལ་དགེ་འདུན་སྟོང་དང་བརྒྱ་ལྷག་གི་ཚོགས་དབུར་གནས་རྙིང་ཞབས་དྲུང་སྐུ་འབྲིང་པོ་རྣམས་གདན་དྲངས་ཉིན་གསུམ་གྱི་བར་བསྙེན་བཀུར་ཞིང་ཉིན་སྟར་འགྱེད་བཏང་། ཆེ་གསུམ་ནས་ཀྱིས་བུ་རམ་རྣམས་མཚན་མོའང་ཀོ་ནང་ལ་བཞག་པའི་སྐྱོན་གྱིས་ཆུད་ཟོས་ལ་སོང་སྟེ་འགྱེད་གཅིག་གྲ་མི་འགྲིག་པར་ཉེ་བ་སྐུ་མདུན་ཟུག་པོ་བས་བུ་རམ་ཆད་པ་ཚོའི་ཚབ་ནས་སྟེང་ནས་བརྩིས་པའི་འགྱེད་རྣམས་མངོན་ཆུང་གི་ཆ་སྙོམ་ཐབས་ཀྱི་འཕྲུལ་ལ་བརྟེན་ནས་ཤུལ་མ་བྱུང་བར་སྣང་། སེར་ཚོགས་བརྒྱད་དུ་བཟླུམས་མ་ཐུབ་པའི་རྭ་སྒྲེང་། འབྲི་གུང་། ཉང་ལོང་། ཀོང་སྟོད་སྨད། རྒྱལ་དྭགས།གྲོ་ལུང་ཨེ་རོང་། གཉལ་བྱར། ལོ་རོ་དཀར་ནག །མཚོ་སྣ། གྲོ་ཤུར། མདོ་མཁར། ལྷོ་བྲག་ཕྱི་ནང་། ཤེལ་དཀར། གཉའ་ནང་། ལ་ཕྱི་ཆུ་དབར། སྐྱིད་གྲོང་། རྫོང་དཀར་སོགས་ཀྱི་དགོན་ཁག་བརྒྱ་དང་དྲུག་ཅུ་རེ་གཉིས་དགེ་འདུན་ཁྲི་ཚོ་གཅིག་དང་སྟོང་ཕྲག་བཞིར་ཉེ་བར་ཚ་རའི་དོད་དང་བཅས་པའི་འགྱེད་མང་ཇ་བཏང་བའི་སྐམ་ཟོག་ལ་རྒྱ་ལི་ཆོས་ལི། རྒྱ་ནག་མ། བལ་ལྷ་དངོས་གཙང་དང་། བཅས་པའི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་ཉི་ཤུ། དུས་འཁོར་འགྲེལ་ཆེན་པོ་ཏི་གཉིས། པད་སྤུངས་དང་གསེར་དངུལ་གྱི་མཆོད་རྟེན་ཉེར་དགུ །རྒྱལ་སྲས་སློབ་མར་བཅས་པའི་བྲིས་ཐང་བརྒྱ་དང་ལྔ་བཅུ་ང་བདུན། རྒྱ་ཧོར་གྱི་སྦུག་སིལ་


GLG005_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཅུ་དོན་གསུམ། གན་སྤོས་བརྒྱ་བམ་ཉིས་བརྒྱ་བརྒྱད་ཅུ། རྡོར་དྲིལ་ཞེ་བཞི། ཏིང་ཤགས་བཅུ་གཅིག །ཉ་ཕྱིས་དང་རག་གི་ཏིང་བདུན་ཚར་གཉིས། གསེར་སྒ་འཛམ་གླིང་གཡས་བཞག་གཉིས། བྱུ་རུ་སྤོས་ཤེལ་གྱི་ཤལ་པ་གསུམ། སོག་སྣ་སག་སྒོར། ཕུབ་སྒོར། ཨ་ཙར་སྦ་རིལ། ཀོང་རྣ་དུང་ཁ་ཡོད་པ། ཕུད་ཀྱུ། གཡུ་རིལ། སྤྱི་བཀབ། ཕྲོམ་རྫར་སོགས་བསྡོམས་པ་བརྒྱ་དང་གཅིག །མུ་ཏིག་གི་འཕྲེང་བ་བདུན།མུ་ཏིག་ལྷུག་མ་སྲང་ལྔ་བཅུ་ང་བདུན། མུ་མེན། གཟི། བཞུ་ཤེལ་གྱི་འཕྲེང་བ་གསུམ། བྱུ་རུ་སྤོས་ཤེལ། གཡུ་རྡོག་འཁྱར་བསྡོམས་པ་ཉིས་བརྒྱ་དང་གསུམ། གསེར་གྱི་ཕོར་པ། མཎྜལ། སྡེར་མ། མདོང་མོ་སོགས་སྤྱད་པ་སུམ་ཅུ། དེ་དང་གསེར་སིལ་མ་བཅས་བསྡོམས་པར་ཞོ་ཆིག་ཁྲི་དྲུག་སྟོང་བརྒྱད་བརྒྱ་བརྒྱད་ཅུ་གྱ་བདུན་དངུལ་གྱི་མཎྜལ། ཐ་ཕག །མདོང་མོ།ལྟེ་རི། ཛ་རག །པད་སྡེར་བསྡོམས་པ་སྤྱད་པ་སུམ་བརྒྱ་དོན་གཉིས་དང་དངུལ་ཧྲུག་ཁྱོན་བརྩིས་སྲང་ཆིག་ཁྲི་བདུན་སྟོང་དྲུག་བརྒྱ་བཅུ་དྲུག །མ་ན་ཧོ། གཡང་ཊིའུ། ཤེལ་དཀར་སྔོན་སོགས་ཤེལ་སྤྱད་ཀྱི་རིགས་ཞེ་དྲུག་གན་དཀར་རྙིང་མ་དང་རྒྱ་དཀར་དཀྱུས་མ་ཡུ་རིང་ཡུ་ཐུང་སྡེར་མས་མཚོན་པའི་དཀར་སྤྱད་ཀྱི་རིགས་ལྔ་བཅུ་ང་གཅིག །བུམ་གདན་མ། ཇུས་སྒྲིལ་བཏགས་ཀྱིས་གཙོས་པའི་བླ་བྲེ། རྟེན་ཁེབས། ཁྲི་ཁེབས། མཆོད་ཁེབས་བསྡོམས་པར་བཞི་བརྒྱ་དང་བདུན། གོས་ཆེན། ཁ་བཏགས། སྨན་ཙེ། དར་རིགས་ཀྱི་ཡོལ་བ་ཞེ་བརྒྱད། རས་ཡོལ་ཉེར་བདུན། གོས་བེར། སྣམ་སྦྱར། ཆོས་གོས། ཤམ་ཐབས། གཟན། རྩི་མ། ཕོད་ཀ །རྒྱ་གོས་རྣམས། གོས་ཆེན། ལིང་། དར། ཆོར་ཙེ་ལས་གྲུབ་པ་བརྒྱ་གྱ་དྲུག །རས་


GLG005_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བེར་བཞི། གོས་ཡུག་ཉིས་སྟོང་ཞེ་གསུམ། ཡུག་བཅད་སུམ་བརྒྱ་ཞེ་བརྒྱད། ཁ་འཁྱར་དགུ་སྟོང་ལྔ་བརྒྱ་རེ་དྲུག །ལིང་དང་དར་ཚོས་ཁ་སྣ་ཚོགས། མེན། མ་ཧཉྩེ། ཆོས་ཙེ་སོགས་ཡུག་བཞི་བརྒྱ་གོ་བརྒྱད། ཁ་འཁྱར་ཆིག་ཁྲི་དགུ་སྟོང་དྲུག་བརྒྱ་ཞེ་ལྔ། ཁ་བཏགས་མཐིང་ཁྲ། ཇ་ཁ། དཀར་པོ་འདོམ་འཁོར་མ་ཆེ་འབྲིང་ཆུང་གསུམ་བསྡོམས་པ་དྲུག་ཁྲི་ལྔ་སྟོང་བཞི་བརྒྱ་ཞེ་བདུན། བན་ཆས་སྐོར་ཆ་ཚང་། གོན་ཕྱིང་རྒྱ་མ་གཅིག །སྦུ་ལ་གའི་རྩག་པ་ཕྱི་གོས་ཆེན་གྱིས་བྱས་པ་བདུན་དང་ཐུལ་པ་གཅིག །ཁེ་རེ་མུ། གཡི། བྱི་ལ་དཀར་པོའི་རྩག་པ་རེ། མུ་ཏིག་གི་རྒྱན་ཡོད་པའི་སོག་ལྷམ་གཅིག་དང་མེད་པ་གཉིས། རྒྱ་ལྷམ་གསུམ། ཆ་རོག་གཅིག །གོས་གདན་ཆ་ཙེ་བསྡོམས་པ་བཅུ་གཉིས། མོན་དར། ལུང་ཀི །ནམ་ཐང་། ལྭ་ཏ། སྤ་རི། འབན་ཁྲ། འབུ་རས་བསྡོམས་པ་དྲུག་བརྒྱ་དང་བརྒྱད། ཟམ་ཟོ། ཀ་རས། ལྷོ་རས་བསྡོམས་པར་ཡུག་ཆིག་ཁྲི་ཆིག་སྟོང་ལྔ་བརྒྱ་གྱ་གཉིས། ཁྲབ་རྨོག་དགུ། ཁྲོ་ཟངས་ལི་བཅས་པའི་སྤྱད་པ་སུམ་བརྒྱ་གྱ་བདུན། ལྕགས་རྫོག་སྒྱེད་བུ་ཀྲོ་ལེ་མ་སོགས་བརྒྱད་སྟོང་བཞི་བརྒྱ་ང་བརྒྱད། བཟང་ཇ་དཀྱུས་ཇ་བཅས་པའི་ཁོར་དྲུག་མ་དང་ཀོ་དྲ་འདྲེས་པ་ཉིས་བརྒྱ་གོ་དྲུག །བུར་ལྟང་ཆིག་སྟོང་ཉིས་བརྒྱ་གོ་བདུན། རྒྱ་ཚོས་ཁལ་ཆིག་སྟོང་ལྔ་བརྒྱ་སོ་དྲུག །གྲུམ་ཙེ་གོ་གསུམ། སྦྱར་ཟླམ་གཉིས། སྣམ་བུ་དཀར་པོ་དང་ཚོས་མ་བསྡོམས་པ་ཉིས་བརྒྱ་གོ་དྲུག །ཕྱིང་གུར་དང་རས་གུར་ཆ་འགྲིག་རེ། གསེར་སྒ། དངུལ་སྒ། ར་མ་ལུག །ཚགས་སྒྲ་ལེགས་ངེས་བརྒྱ་དང་ཞེ་གསུམ་གྱིས་ཐོག་དྲངས་དཀྱུས་སྒ་དང་བཅས་པ་སྒ་འཁོར་ཆ་འགྲིག་བརྒྱད་བརྒྱ་ཞེ་དྲུག་


GLG005_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་བརྒྱ་དང་བརྒྱད་ཅུ། དྲེའུ་སོ་ལྔ། རལ་གྲི་བཅུ་གསུམ་རྣམས་སོང་ཞིང་། བཞེས་ཐུག །རྩམ་རྒྱར། ཟས་སྣ། ཐུད། མར་ཕྱུར། ཚྭ་སྣུམ་སོགས་ཀྱི་གྲངས་མ་བཀོད་པའི་གོང་གསལ་ཁྱོན་བསྡོམས་ཀྱི་དངོས་པོ་རྣམས་འབྲུ་ཐོག་ཏུ་ཕབ་པར་ཁལ་བདུན་འབུམ་བདུན་ཁྲི་ལྔ་སྟོང་ང་གཉིས་ཀྱི་ཟི་གོང་དུ་སླེབས་པ་དགེ་འདུན་ཆིག་འབུམ་ཉི་ཁྲི་ལྔ་སྟོང་བརྒྱ་གྱ་གཉིས་ལ་སྲི་ཞུ་བགྱིས། ལོ་སྔ་མ་གསང་སྒོའི་རིང་སྐུ་རིམ་ལ་བསྙད་པའི་དགེ་འདུན་ལ་བསྙེན་བཀུར། མངའ་ཞབས་ལ་འབྲུ་འགྱེད་བཏང་བ་བསྡོམས་པའི་དངོས་པོ་འབྲུར་ཕབ་ན་ཁལ་སུམ་འབུམ་བརྒྱད་ཁྲི་ཉིས་སྟོང་ཙམ་ངེས་པར་སོང་བས་ཁྱོན་བསྡོམས་ས་ཡ་གཅིག་ཆིག་འབུམ་ལྔ་ཁྲི་བདུན་སྟོང་ལྷག་བཅས་སུ་སླེབས་པར་སྣང་། སྡེ་པ་དེ་ཉིད་དགེ་ལུགས་བསྟན་དོན་དུ་འོ་བརྒྱལ་མང་དུ་བྱུང་བར་མ་ཟད་རྗེས་སུ་མཛད་པ་ཁྱབ་ཆེ་བ་ཀུན་ལ་གྲགས་ཤིང་དོན་ལ་གནས་པ་ཡིན་པས་འདི་ཙམ་ཡང་དགོངས་རྫོགས་ཆེས་བསམ་པ་མེད་མོད། ལ་ལ་དག་སྔོན་ཆད་འདི་འདྲ་མ་བྱུང་ཟེར་བ་མངའ་བདག་ཁྲི་རལ་གྱིས་རབ་ཏུ་བྱུང་བ་རེ་ལ་འབངས་མི་ཁྱིམ་བདུན་རེ་ཕུལ་བར་གྲགས་པ་སྤྲུལ་པའི་གང་ཟག་གི་མཛད་པ་ལ་ཚད་གཟུང་མི་སྣང་ཞིང་སྡེ་དཔོན་དུ་གྲགས་པ་ཐ་མལ་པའི་རིགས་ཀྱི་དགེ་བ་མི་རྣམས་ཀྱི་ཟེར་བ་དོན་ལ་གནས་སམ་སྙམ། བླ་ཆེན་གྱི་ཕྱག་མཛོད་ཕལ་ཆེར་ལ་འཇིག་རྟེན་དཔེ་འགྲེའི་དགེ་བའང་ལྟ་ཅི། ཐོར་བུ་ཙམ་མ་གཏོགས་རྒྱབ་སྟོང་དུ་སོང་བ་མང་ངོ་། ། འདི་སྐབས་དངོས་གཞི་སྟོད་སྨད་སྐུན་ཏུ་གྲ་མ་འགྲིག་པ་མ་བྱུང་རུང་གཞིས་རྩེའི་སེར་ཚོགས་ཀྱི་མགོན་དུ་དཔོན་སློབ་པཎ་ཆེན་རིན་པོ་ཆེ་ཕེབས་ཐུབ་ལ་རེའང་སྐུ་ན་ཧ་ཅང་སྨིན་ཆེས་པས་ནན་ཞུས་


GLG005_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལ་ནུས། གངས་ཅན་མཁན་པོའི་བསྔོ་བ་བཀྲ་ཤིས་ལྷུན་པོ་བ་རྣམས་ཀྱིས་ཉན་མ་འདོད་ཕྱིན་ཁོང་དཔོན་སློབ་ལ་སྐལ་བ་འཚེམས་མེད་དགོན་པར་བསྐྱལ། དེ་ཕྱིན་གྱི་ཚོགས་དབུར་ཁོང་པས་མཛད་ན་རྟ་ཟི་ངོར་པ་སོགས་རྭ་ཆེ་བ་རྣམས་ཀྱིས་རྩོད་མི་ནུས་པས་འགྲིག་འགྲོ་རྒྱུར་འདུག་ཀྱང་སྙེ་ཐང་དྲུང་ཆེན་ཅན་ལ་དབང་མེད་ཅིང་སྡེ་པ་ནོར་བུས་གོ་མ་ཆོད་པར་སྣང་། ཚོགས་མཁན་པོའི་བསྔོ་བ་རི་བོ་བདེ་ཆེན་པས་མ་ཉན་པར་རྩད་གཅོས་བྱས་ཚེ་འཕྱོང་རྒྱས་སུ་ཞབས་དྲུང་དེ་ཉིད་ཀྱི་སྐབས་ཟློས་གཞིའི་སྲི་ངན་དང་བཅས་ངེད་རང་གིས་ཁུར་ཁུར་འཕྲལ་དུ་སོང་བའི་རྣམ་རྟོག་ཅིག་ཀྱང་ཤར་བས་ཁོང་རང་རྣམས་ཁ་རྒྱལ་དུ་བརྗོད་མེད་ལ་བཞག་པ་ཡིན། ལྷ་ས་བྱང་གླིང་རྒྱལ་པོས་སྡེ་པའི་དགོངས་རྫོགས་སུ་དམིགས་ནས་ཕུབ་སྒོར་ཇོ་ཤཱཀ་དང་ཀོང་རྣ་ཐུགས་རྗེ་ཆེན་པོར་འབུལ་བའི་ཁ་བྱང་གི་སྨོན་ལམ་དགོས་ཚུལ་ལྟར་བྲིས། དེ་ཉིད་ཀྱི་བདག་རྐྱེན་ཆེ་བའི། གཡི་ནག་གི་གྲས་ནས་འདི་པ་འབྲི་གུང་པའི་རྨོག་ཆད་ཀྱི་དཔེར་བྱུང་། ཟླ་བ་བཞི་པའི་མཇུག་ཏུ་དགོན་པར་ལོག་རྩིས་ཡིན་ཡང་ཁུར་ལེན་པ་གཞན་མེད་པའི་སྟབས་མཆོག་དམན་ཀུན་གྱི་ཁ་ཡ་བྱེད་དགོས་པའི་སྲིད་ཀྱི་གཡེང་བས་འབྲས་སྤུངས་སྐོར་བཅས་གུ་ཡུལ་དོག་དྲགས་པས་རེ་ཞིག་པོ་ཏ་ལར་སྡོད་པར་ཐག་བཅད། ཟླ་བ་ལྔ་པའི་ནང་དུ་རྡོ་རྗེ་བྲག་སྤྲུལ་པའི་སྐུ། བདེ་ཆེན་ཆོས་འཁོར་བ་སྣ་དཀར་རྩེ་ཞབས་དྲུང་། སྟག་ལུང་དབུ་མ་ཕྱག་མཛོད་པ། ལྕང་ར་ནས།བཀྲ་ཤིས་ལྷུན་པོའི་སྐུ་ཚབ་རྡོ་རྗེ་རྒྱལ་མཚན། གདན་ས་གོང་འོག །འབྲི་གུང་། སྣེའུ་སྡོང་། རྒྱ་རི་བ་སོགས་ལྷ་སྡེ་མི་སྡེ་ཆེ་ཕྲ་མང་པོའི་མི་སྣ་འབྱོར་ཞིང་འཇིག་རྟེན་མཐུན་འཇུག་


GLG005_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་སྐྱོང་གི་གཡེང་བ་ཁོ་ནས་དུས་འདའ་བའི་རྒྱུན་གཏན་གྱི་དགེ་སྦྱོར་མ་ཆག་ཙམ་ལས་ཐོས་བསམ་གྱི་བྱ་གཞག་ཕལ་ཆེར་ངལ་བསོས། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་ནི་མཉམ་རྗེས་མི་འགལ་བའི་སྐྱེས་ཆེན་དམ་པའི་རྣམ་ཐར་དུ་འདུག་ཅིང་གཞན་མ་ཆོས་སྲིད་ཟུང་དུ་སྦྲེལ་རྒྱུའི་ཁུལ་འདི་ཇོ་བོ་བཀའ་གདམས་པ་རྣམས་ཀྱི་གསུང་སྐོས་ལ་མི་ཡོག་པའི་ཟས་མི་ཟ་ཞེས་པ་དེར་གོ ། སྟག་ལུང་ཞབས་དྲུང་རིན་པོ་ཆེ་མ་ཆེན་མཁྱེན་དཔྱོད་རྣམ་པར་ཡངས་པའི་འདས་མ་འོང་གི་བསླབ་སྟོན་ཞིབ་རྒྱས་དང་ཕྱག་མཛོད་རང་གི་འཕྲོས་གླེང་རྣམས་ཀྱང་མ་སངས་ཀྱི་ཉམས་ཆེན་པོ་འདུག །བདེ་ཆེན་ཆོས་འཁོར་ནས་སྤྲུལ་པའི་སྐུ་མེས་པོ་ཚངས་པའི་བློ་གྲོས་ལྟ་བུས་འཁོར་འདས་ཀྱི་དགེ་སྐྱོན་ཞིབ་ཏུ་མོལ་ཞིང་ཤ་གཟུག་ཕར་གཏད་དེ་ཏི་ཁ་ཚུར་ལེན་པར་དགོས་པ་མེད་པས་ལས་ཚན་སོ་སོར་བསྐོས་ནས་དངོས་གཞིའི་ཐུགས་ཁུར་གཏན་བཞེས་འགབ་གསུང་བ་ཐུགས་ལྷུས་ཐིངས་པོར་འདུག་རུང་ངེད་ཀྱི་འཁོས་ཀས་ལྕོགས་པར་མི་སྣང་། སྣ་དཀར་རྩེ། སྐྱིད་ཤོད་ཁག །ལྕང་ར་ནས་སོགས་ལ་དགེ་སྐྱོན་གྱི་འཕྲོས་པ་མོལ་བ་ཞལ་ཚོད་འཁྱིལ་བ་ལྟ་བུས་འབུག་འབུག་མི་བསྒྲག་གོ །ཚངས་པ་དུང་ཐོད་ཅན་གྱིས་རིམ་གྲོའི་བསྐུལ་མའི་ལུང་བསྟན་གྱི་གསུང་འཕྲིན་སྐྱེལ་བར་ཚེར་གསེབ་བླ་མ་བློ་བཟང་རྒྱ་མཚོ་འབྱོར་ལན་གྱི་ཚིགས་བཅད་ཁྲབ་གདན་གོས་དཀར་གསར་འབྲུག་རི་མོ་གཡས་སུ་འཁྱིལ་བའི་རྟེན་དང་བཅས་ཏེ་ཕུལ། དངོས་ཉམས་ཀྱི་འཁྲུལ་སྣང་དུ་བསྐང་གསོ་དགོས་པའི་མཚན་མ་བྱུང་བར་བརྟེན་བསམ་ཡས་གནོད་སྦྱིན་ཆེན་པོར་སྒྲོན་ཆས་ཚོགས་འཁོར་སྤྱན་གཟིགས་དང་སྦྲགས་འདོད་དོན་གསོལ་བའི་


GLG005_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་བཅད་ཀྱི་འཕྲིན་ཡིག་སྤེལ། སྟག་ལུང་ཕྱག་མཛོད་ངག་དབང་བཟང་སྦྱིན་གྱི་དད་རྟེན་དུ་ངེད་རང་གི་འདྲ་འབག་ཞབས་དྲུང་རིན་པོ་ཆེའི་ཕྱག་བྲིས་སུ་གནང་བའི་རྒྱབ་ཡིག་ཚིགས་བཅད་བི་ཝརྟ་ལག་བྲིས་སུ་བཀོད་སྡེ་པ་སྲས་པོའི་ཡོང་ཐང་ཧ་ཅང་མི་ཆེ་རུང་གཞིས་ཀ་རྩེའི་རྫོང་སྡོད་ལ་སྡེ་པའི་སྐུ་ཉེ་འགངས་ཆེར་བརྩི་འདུག་པས་རྫོང་བདའ་བྱས། ཚོ་འཛིན་དང་སྦྲགས་པའི་སྦྲེལ་ཟླ་རྟ་ནག་ས་པར་འཆོལ་རྩིས་ཡིན་པར་ངེད་ཚོ་དང་དཔོན་གཡོག་ལྟ་བུ་ཡིན་པས་དེ་འདྲའི་སྦྲེལ་ཟླ་མི་དགོས་ཟེར་བར་ནན་ལབ་མ་བདེ། མི་མཐོ་ཙམ་ཞིག་མེད་ན་མ་འགབ་པས་གདོང་ཁ་ནས་ངེད་ཀྱི་ཉེ་བའི་མིང་བཏགས་ཀྱིས་སྲས་པོ་ཆེ་བ་འདོད་པའི་སེམས་ལ་ཕན་འདྲ་སྙམ་ཕྱོགས་མཚུངས་སུ་བཏང་། སྡེ་པའི་ཕྱི་རྟེན་དུ་སྐུའི་རྟེན་ལ་ཟངས་ཁལ་བཅོ་ལྔ་དང་གསེར་ཞོ་ཉིས་བརྒྱ་སུམ་ཅུ་སྐོར་ལས་གྲུབ་པའི་རྒྱལ་བ་ཙོང་ཁ་པ་ཆེན་པོའི་གསེར་སྐུ་ཁྲི་རྒྱབ་དང་བཅས་པའི་དཔངས་ལ་རྒྱུག་མཐོ་དགུ་ཡོད་པ། ཐུགས་ཀྱི་རྟེན་དངུལ་སྲང་སྟོང་ཕྲག་བཞི་དང་གསེར་ཞོ་དྲུག་བརྒྱ་བདུན་ཅུ་ལྷག །ཟངས་ཁལ་བརྒྱད་ཅུ་རྣམས་ལས་གྲུབ་པའི་བདེ་གཤེགས་མཆོད་རྟེན་བརྒྱད་དཔངས་ལ་རྒྱུག་མཐོ་བཅུ་གཅིག་རེ་ཡོད་པར་སོག་རྣ། སོག་སྒོར། ཕུབ་སྒོར། ཕུད་ཀྱུ། གཡུ་རྡོག །གཡུའི་ཕྲ་ཚོམ། མུ་ཏིག །གཡུ། གཡང་ཊིའུ། བྱུ་རུ་སྤོས་ཤེལ་གྱི་འཕྲེང་བ། སྒྱུར་ཤེལ་སོགས་ཕྲ་རྒྱན་ཤིན་ཏུ་ཕྱུག་པ་བཞེངས་པའི་ཐིག་རྩ་དང་བཟོ་བོའི་དོ་དམ་གྲོང་གསར་པདྨ་རབ་བརྟན་གྱིས་བྱས། སེར་འབྲས་ཀྱི་མཆོད་རྟེན་གྱི་བཟོ་བཀོད་ཀྱིས་ཧ་ཅང་བློ་མ་ཁེངས་པས་ད་ལམ་མགྱོགས་ཆོས་སུ་མ་སོང་བའི་གང་ལེགས་དགོས་ཚུལ་


GLG005_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ལབས་པ་ལྟར་བྱོན་གཙང་བའི་དཔེར་འོས་པ་བྱུང་། གསུང་གི་རྟེན་དུ་བཀའ་འགྱུར་རིན་པོ་ཆེ་གསེར་བཙོ་མ་ཞོ་སྟོང་ཕྲག་གསུམ་ལས་གྲུབ་པའི་ཞལ་ཁེབས་གདོང་དར་སྐུ་རགས་སོགས་འགངས་ཆེ་བ་དཀར་ཆག་ཐང་པོ་ཆེར་བྲིས་པའི་དེབ་ནང་དེར་གསལ་བ་ལྟར་དང་དེ་ཞོར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་གྲ་ས་གསུམ་དུ་རེ་རེ་བཞུགས་ན་སྙམ་པའི་གསེར་ཆོས་གཅིག་དང་སྐྱ་པོད་ཚར་གཉིས་ཀྱང་སོལ་ནག་ཐང་པོ་ཆེར་བཞེངས་པའི་དོ་དམ་གཟིམས་ཤག་ལྷོའི་ནང་སོ་དཀོན་མཆོག་དར་རྒྱས་ཀྱིས་བྱས། གོང་གསལ་གྱི་དོ་དམ། བཟོ་རིགས། ཡིག་མཁན་བཅས་པའི་ཕོགས་གླ་ཡོན། གཟུངས་འབུལ་རབ་གནས་ཀྱི་དགོས་ཆ་རྣམས་འབྲུ་ཐོག་ཏུ་དྲིལ་བར་མཁའ་རུའི་ཁལ་ཉི་ཁྲི་ལྔ་སྟོང་ལྔ་བརྒྱ་སྐོར་སོང་། བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་བང་རིམ་ལ་གཟུངས་སྔགས་བྱིན་རླབས་ཅན་མང་དུ་ཕུལ་བའི་མཇུག་ཏུ་ས་སྟོང་ལུས་པར་ཁ་སྐོང་དུ་འདོད་གསོལ་གྱི་སྨོན་ལམ་ཤློ་ཀ་གཅིག་ལེགས་སྦྱར་གྱི་སྐད་དུ་བསྒྱུར་ཏེ་སྡེབ་སྦྱོར་བསྒྲིགས། བཀའ་འགྱུར་གྱི་དཀར་ཆག་དང་སྨོན་ལམ་ཚིགས་བཅད་འབྲི་རྒྱུའང་བརྩམས། གོང་ནས་གནང་བའི་ཐམ་ཀའི་ནང་གི་རྒྱ་ཡིག་རྣམས་ཕྱོགས་གཅིག་ཏུ་བཀོད་པའི་ཐམ་ཤུ་གསར་པ་ཞིག་ས་རིས་ཀྱི་གཏན་ཚིགས་ལ་རྒྱག་པར་བརྐོས་པའི་ཐམ་ཕུད་ཚིགས་བཅད་དང་བཅས་འཕགས་པ་ལོ་ཀེ་ཤྭ་ར་དང་འདོད་ཁམས་དབང་ཕྱུག་གཡུལ་རྒྱལ་མར་ཕུལ། མཇུག་གཅོད་ཀྱི་རིམ་གྲོར་དཔལ་ལྡན་འབྲས་སྤུངས་པའི་དགེ་འདུན་ཞལ་གྲངས་བརྒྱ་སྐོར་གྱིས་པོ་ཏ་ལར་གདུགས་དཀར་འབུམ་ཐེར། གྲ་ཚང་གི་གྲ་པ་གྲངས་བཅད་ཀྱིས་གཤིན་རྗེ་དམར་པོའི་


GLG005_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

སྲི་གནོན། ལྷ་སར་སེ་ར་ཐེག་ཆེན་གླིང་ནས་གྲ་པ་བརྒྱ་སྐོར་གྱིས་བཀའ་འགྱུར་གསུང་སྒྲོག །བཀྲ་ཤིས་ཆོས་སྡེ་བ་གྲངས་བཅད་ཀྱིས་གདུགས་དཀར་མདོས་ཆེན། གྲ་ནང་རྩིས་པ་ལྷུན་གྲུབ་ཅན་གྱིས་ཉེས་པ་ཀུན་སེལ་ས་བདག་གཡོ་འཁྲུགས། དགའ་ལྡན་ཁང་གསར་དུ་དཔལ་རི་བ་གྲངས་བཅད་ཀྱིས་ཁྲོ་རོལ། གོང་དཀར་དུ་རྡོ་རྗེ་བྲག་པ་ཁ་ཤས་ཀྱིས་འཆར་ཀའི་མདོས་ཆེན་རྣམས་བཏང་། བསྙེན་རྫོགས་བཅུ་སྐོར་དང་རབ་བྱུང་ཉི་ཤུ་རྩ་གསུམ་བསྒྲུབས། སྡེ་པ་གཤེགས་པ་ཡོངས་སུ་གྲགས་པས་ཉེར་གཅིག་ལ་རྒྱལ་པོ་སྐུ་མཆེད་གཉིས་སོགས་ལུགས་ཀྱི་ཉེ་ལེན་དང་བསྔོ་བ་ཞུ་བར་བྱོན། མཆེད་གཉིས་ལ་ཚེ་དབང་བརྒྱ་རྩ་དང་མི་བཟང་རྣམས་དང་ལྷན་དུ་ཚེ་རྟ་ཟུང་འབྲེལ་བསྐུར། དཔོན་གཡོག་དྲག་རིམ་དང་དགའ་ལྡན་ཕོ་བྲང་གི་སྔ་ཕྱི་བར་གསུམ་གྱི་ལོ་རྒྱུས་ཞིབ་པར་བྱུང་། ཁྱད་པར་སྐུ་མཆེད་གཉིས་དང་གལ་ཆེ་བའི་མོལ་བསྡུར་འདྲ་བྱས། ཞག་བརྒྱད་བཞུགས་པའི་ཉེར་དགུ་ལ་འདམ་དུ་བྱོན། ཟླ་མཚམས་སུ་སྡེ་པ་ནོར་བུ་འབྱོར། རང་བཞིན་ལྷུན་གྱིས་གྲུབ་པའི་དཔོན་པོའི་གཟི་བརྗིད་དང་ལྡན་ཞིང་ཤུན་གྲོང་གསར་བ་ལྷ་ཆོས་དང་ལྷ་རྒྱལ་སོགས་ཀྱིས་ཕྱི་ནང་ཐམས་ཅད་དུ་མིག་མས་འགེབས་ཀྱི་དབང་ཆེ་བྱེད་པའི་ནང་རྟགས་ཕྱིར་ཤར། ཧོར་ཟླ་དྲུག་པའི་ནང་དུ་རི་བསྒུལ་མཚོ་སྐྱོམས་བཞིན་བྱུང་བ་ཡིན་ནམ་ཇི་ལྟར་ཡང་གཙང་དྲུང་འཁོར་སྤྱི་སོའི་ཡི་གེ་ཁྱེར་ནས་རོང་འ་སྲས་པ་དང་རྟ་ནག་ལྷུན་གྲུབ་རྩེ་པ་གཉིས་འབྱོར། ཅི་ཟེར་གྱི་ཚོད་ལེན་དང་བཅས་ངག་མ་ཞིབ་ཏུ་བླངས་ཀྱང་དེ་གཉིས་མ་ལས་བཙས་ནས་མི་སྨྲ་བའི་བརྟུལ་ཞུགས་བླངས་པ་ཞིག་ཡིན་འདྲ་


GLG005_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བས་ལབ་རྒྱུ་ཆེར་མི་འདུག །ལབ་རྒྱུ་མེད་པ་གཉིས་གཏོང་བ་དེ་འདིས་འདི་ཟེར་འདིའི་སེམས་ལ་འདི་འདུག་སོགས་སྨྲ་བ་མང་པོ་བྱས་དོགས་ཆེད་དུ་བསྒྲིགས་པར་འདྲའོ། །འདི་ལོ་ཆར་ཞོད་ཀྱི་སྟབས་སྟོད་སྨད་ཀུན་ཏུ་ཆུའི་གནོད་པ་ཆེ་ཞིང་ཁྱད་པར་ལྷ་སའི་རགས་འཆོར་ལ་ཁད་བྱུང་བས་སྲི་གནོན་པར་བོས་པའི་གྲ་ཚང་གི་གྲ་པ་རྣམས་སངས་རྒྱས་གླིང་པའི་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ཕྱག་ལེན་བཞིན་ཇོ་བོ་རིན་པོ་ཆེར་བརྟན་བཞུགས་འབུལ་བར་བཏང་བ་དེ་ཉིན་ནས་ཆུ་རིམ་གྱིས་བྲི་བའི་རྟེན་འབྲེལ་འགྲིག་པ་བྱུང་། རི་བོ་བདེ་ཆེན་སོགས་ལྷོ་ཁ་ཁོག་དང་འོལ་དགའ་ཕྱོགས་ཀྱི་ཆོས་སྡེ་དྲུང་གཟིམས་རྣམས་ཡུན་དུ་འཚོ་བའི་རྟེན་འབྲེལ་བསྒྲིག་པ་དང་གོང་དཀར་མན། རྩེད་ཐང་ཡན་གྱི་ལྡིང་དཔོན་ཚོ་ལྡིང་འོག་མི་གཉིས་རེ་དང་བཅས་བརྒྱ་སྐོར་ཞིག་ཀྱང་ཕྲད་པར་འབྱོར། ཚེས་བཅུ་དྲུག་ལ་མགྲོན་གཉེར་དྲུང་པ་སྡེ་པ་ནོར་བུའི་སར་ཁྲི་འདོན་གྱི་སྙན་གསན་ལ་བཏང་བར་སྒོའི་ནང་ནས་ཚུར་ལོག་སྟེ་དོན་ལ་གནས་ན་དེས་འཐུས་པ་འདུག་ཀྱང་མཛེས་ལམ་ཡིན་ཚེ་ཁོང་གིས་ཁས་བླངས་ན་མི་འགབ་ཟེར་བར་དོན་དམ་མ་གཏོགས་མཛེས་ལམ་ག་ལ་བྱེད་ཟེར་བ་ལབས། དགོངས་ཇ་ཁར་དྲུང་པ་འོངས་པའི་ཁོང་གིས་ཁས་བླངས་ཚུལ་སོགས་རྒྱས་པར་ཟེར། སང་ཉིན་མགྲོན་གཉེར་དྲུང་པ་དང་འོར་ནས་སྦྲེལ་པོ་བརྫངས་པའི་སྔ་ཕྱི་བར་གསུམ་དུ་མ་འཐུས་པ་བྱས་ཚུལ་གྱི་རྒྱུ་མཚན་དང་བཅས་དམག་ཆས་མ་གཏོགས་པའི་ཆས་གང་ཡོད་དང་གད་ཁ་ས་རང་འཇགས། དེ་ཕྱིན་གྱི་ས་རིས་ཡས་མས་དང་ཁང་ཤག་རྣམས་རྩིས་བླངས། སོག་པོ་བྱང་དུ་ལྡོག་མི་ཁ་ཤས་ལ་ཚེ་དབང་བསྐུར། སེར་ཚོགས་དུས་རོང་བྱམས་ཆེན་


GLG005_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

པས་དགོན་པ་གཞན་རྣམས་ཀྱི་དུང་གཏོང་མི་འཇུག་པའི་རྫོང་སྡོད་དང་འབྲོང་ཕུག་སྦྲེལ་པོར་རྩིས་མེད་བྱས་འདུག་པས་ཆབ་མའི་གྲ་ཚང་ཞིག་གཡུང་དུ་འཛུགས་རྩིས་ཀྱིས་བར་ཚོ་བ་ཡར་སྤོ་བཅུག་པས་ཕོགས་ཇ་ཚུལ་གྱི་ནད་མ་ཐེག་པར་བླ་མ་དང་གྲ་པ་ཁ་ཤས་ཞུ་བར་འབྱོར། རྒྱུད་སྟོད་སྨད། སེར་འབྲས་ཀྱི་སློབ་དཔོན། སྟག་ལུང་ཕྱག་མཛོད་པ་རྣམས་གད་ཁ་ས་པའི་ཞུ་སྣ་ལ་རྫོང་དུ་ཡང་ངེ་བ་ཚོགས། བླ་མ་ཚོ་དགེ་བའི་བཤེས་གཉེན་ཆོས་ཕྱོགས་ལ་སྦྱངས་སྟོབས་ཆེ་བ་མ་གཏོགས་འཇིག་རྟེན་ལ་གསང་བདར་ཆུང་། སྟག་ལུང་ཕྱག་མཛོད་ཀྱིས་ཕྲ་ལག་སྦོམ་གསུམ་ཡོང་གིན་འདུག་རུང་བླ་མ་རྣམས་དང་སྒོ་བསྟུན་ལས་ཤེད་བསྐྱེད་མ་བདེ་བའི་སྡེ་པ་ནོར་བུའི་རང་འདོད་ཁ་འཚངས་དེ་ག་ཆུ་བུམ་པ་གང་གི་ཡར་འབྱོ་མར་འབྱོ་ལས་མ་བྱུང་བས་གསལ་ཁ་མ་ཐུབ་པའི་ཞག་འཕུལ་ཉིན་འཕུལ་གྱི་ངང་ལ་རིམ་འགྱངས་སུ་སོང་བའི་ཧོར་ཟླ་བདུན་པའི་ནང་དུ་གོང་ནས་མཆོད་རྟེན་བླ་མ་དང་མགོན་པོ་དགེ་སློང་གིས་གཙོས་གསེར་ཡིག་པ་ཟླ་གྲོགས་ཀྱི་འགྲུལ་པ་མང་བ་འབྱོར་བས་སྐོར་ཅིག་ཞུ་འབུལ་གྱི་མཚམས་བཞག །མི་སྣ་སོགས་འགྲུལ་པ་རྣམས་དང་ཕྲད། གོང་ནས་གནང་བའི་བཀའ་ཤོག་གནང་སྦྱིན་བླངས། སོ་སོའི་རྒྱ་ཟོག་གི་བདོག་པའི་སྟེར་སྦྱིན་མང་བ་དང་ལྷག་པར་ཆ་གན་བྷ་པས་སེ་ཆེན་ཆིན་དབང་དང་ཚེ་རིང་བེའི་སེའི་དཔོན་མོ་འདས་པའི་བསྔོ་རྟེན་གྱི་མཚོན་པའི་སྐྱེལ་མ་གཏོས་ཆེ་བ་བྱུང་བར་དགེ་བ་རྫོགས་བྱང་དུ་བསྔོས། གསར་འགྲུལ་རྣམས་ལ་ཚེ་དཔག་མེད་གྲུབ་རྒྱལ་དང་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར།


GLG005_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ན་ཆེ་བའི་དབང་བཞིའི་ནང་ནས་ཀྭན་དིང་ཏའི་གུ་ཤྲི་ཆེན་ཧོ་ཝང་གི་ལུང་ལས་ཡོད་པ་སྣེའུ་སྡོང་གོང་མ་ཡིན་པས་རྟེན་འབུལ་གྱི་རྒྱུན་བཟང་བ་བར་སྐབས་སུ་ཆད། སླར་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དང་ཞབས་དྲུང་ངག་དབང་གྲགས་པ་མཆོད་ཡོན་ཐུགས་ནང་དག་པར་བརྟེན་རྗེ་བསོད་ནམས་རྒྱ་མཚོ་མདོ་སྨད་དུ་ཕེབས་སྐབས་དངུལ་སྲང་སྟོང་ཕྲག་གསུམ་གྱི་དངོས་པོ་ལ་བརྟེན་ནས་རྟེན་འབུལ་གསར་དུ་བཙུགས། བསམ་བློ་ཡང་དགོན་པ་དང་བྲག་ཏི་རྟེན་འབུལ་བ་གཉིས་ཀྱིས་རེ་མོས་ལྟ་བུར་ཕྱིན་པའི་རྒྱུན་བཟང་། རྗེས་སུ་འབྲུག་པར་དད་འབུལ་མཛད་པའི་སྔགས་ཐང་ཆེན་མོའི་གོང་གཤམ་མི་འགྲུབ་པ་འདྲ་ཞེས་གླེང་སྐབས་རྟེན་འབུལ་བ་སླེབས་པ་དང་འགྲིག་བཞེད་པ་དང་མཐུན་པར་བྱུང་བ་སོགས་གཏམ་དོན་གཉིས་ཀར་འགངས་ཆེ་བའི་རྒྱུན་བཟང་དེ་རྒྱ་ནག་གི་རྒྱལ་ས་འཕོས་མཆམས་ནས་ལུང་ལས་གསར་དུ་མ་ལོན་པར་རྟེན་འབུལ་མ་ཐོགས་པའི་ཞུ་བ་འབུལ་བཞིན་པར་བརྟེན་ལུང་ལས་གནང་བ་དང་འབུལ་རྟ་འདོགས་པར་གོང་མས་ཤེས་རབ་བླ་མ་རྫོང་བདའ་གནང་རྩིས་ལ་ཤེས་རབ་བླ་མས་ཡར་ཀླུངས་རྒྱལ་པོ་གཙང་པས་བཅོམ་ནས་དེང་སང་དགའ་ལྡན་ཕོ་བྲང་བའི་ཁྲལ་མི་ལྟ་བུ་ཡིན་ཚུལ་ཆ་ཁར་རྒྱལ་པོའི་དཔེ་དང་བཅས་ཞུས་པས་ཐུགས་འགྱུར་མི་སྣ་རྣམས་ལ་བདེན་རྫུན་ལྟོས་གསུངས་པར་བརྟེན་མཆོད་རྟེན་བླ་མ་གཙང་ལ་འགྲོ་རིང་མགོན་པོ་དགེ་སློང་གི་ཟླར་སེ་ཆེན་དབོན་པོ་དང་མགྲོན་གཉེར་དྲུང་པ་གཉིས་བཏང་བའི་སྣེའུ་སྡོང་རྩེར་གནས་ཚུལ་ལྟ་བར་སོང་། མི་སྣས་དེ་གའི་རྒྱུ་མཚན་ཞུས་ཉམས་ཀྱིས་གསར་དུ་ལུང་ལས་དང་རྟེན་


GLG005_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་མ་ཐོགས། ཏ་མིང་གིས་གནང་བའི་ཤེལ་ཐམ་བོད་ན་མཚར་བ་དེ་ཕོ་བྲང་དུ་སྤྱན་འབེབས་ལ་ཕུལ་བ་ཡར་གནང་འདུག་རུང་ཡང་དགོན་ནང་སོ་ཇག་པས་ལམ་དུ་བཅོམ་པའི་རྩ་མེད་ཁུངས་མེད་ལ་སོང་། ཕུག་ནས་ཀྱིས་སྒེར་དུ་བྱས་པར་བརྟེན་དེ་ཕྱིན་གྲ་ཕྱི་ནང་སྤྱིའི་བསྡུ་ཆ་བྱས་པའི་སྡེ་པའི་དགོངས་རྫོགས་ཀྱི་མང་ཇ་སྐོལ་བར་བསམ་དར་ནས་འོངས་པ་ངེད་ལ་ཁོ་རང་སྒེར་གྱི་བརྟན་བཞུགས་ཡིན་ཟེར་འདུལ་བ་སློབ་དཔོན་ས་ར་ཧ་པའི་རིགས་གྲའི་སྦྱིན་བདག་ཀྱང་བྱས་པའི་ཕེར་རྒྱ་ཆེ་བ་ཞིག་བྱུང་། བསྟན་འཛིན་ཆོས་ཀྱི་རྒྱལ་པོར་དུས་མཆོད་མ་ཚུགས་འདུག་པས་སྡེ་པར་འབྲས་སྤུངས་སུ་གཡག་སྡེ་སྲིབས་རི་ཀླུངས་བ་མོ་བཅས་ཐེམ་འཛིན་ཉེར་བདུན་ལག་འབབ་ཉིས་སྟོང་བདུན་བརྒྱ་བདུན་ཅུ། རྒྱལ་པོ་ལ་སེ་རར་འོན་ཚག །བྲག་ཁ་ཞོལ་ལྗངས་བཀྲ་ཤིས་ལྗོངས་བཅས་པར་ཐེམ་འཛིན་བཅོ་བརྒྱད་ལག་འབབ་ཆིག་སྟོང་སུམ་བརྒྱ་གོ་གཅིག་རྣམས་མཆོད་གཞིས་སུ་སྦྱར། ཉེར་ལྔ་ལ་གླིང་ཁར་ཆུ་ཞུགས་ལ་ཕྱིན། ཆུ་ཞུགས་མ་འཕྲོད་པ་ག་ལ་ཡིན་རུང་རྫོང་གི་རྟ་ལམ་རིངས་པར་འགྲོ་འདུག་མང་སྐྱོན་ནམ་གྲིབ་ལྟ་བུས་བསླང་པའི་རྐང་པ་གཡོན་པའི་ནད་རོ་ཅུང་ཞིག་འཕར་པས་ཟླ་བ་བརྒྱད་པའི་རིང་ནད་པ་སྐ་རགས་ཅན་ལྟ་བུའི་འཕྲོད་བསྟེན་དྲུང་འཚོ་ལྷག་བསམ་གྱིས་བྱེད་པ་དང་སྦྲགས་ཕྱི་མཚམས་བྱས། གད་ཁ་ས་པོ་ཏ་ལ་དང་ཐག་ཉེས་པའི་སྐྱོན་གྱིས་ལྷོ་ཁ་ཕྱོགས་ནས་ས་ཆ་དོད་སྙོམས་བརྗེ་བ་དང་ཟླ་བ་དཀར་བསྟུན་ཕྱག་འབུལ་འགྲུབ་པའི་ས་བཅད་བྱས་རུང་དེ་སྐབས་སྒོ་སྣ་ཤག་སྲས་པོ་དང་བཀྲས་སྒང་


GLG005_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རིང་སོགས་ཚང་མ་ས་འོག་དར་འཐགས་གྲུབ་ཚོད་དུ་འདུག །ཟླ་བ་དགུ་བའི་ནང་དུ་བསམ་ཡས་སུ་མཆོད་དཔོན་པ་ཆོས་སྐྱོང་ཆེན་པོར་སྐུ་ཕེབས་ཐོག་སྤྱན་གཟིགས་འབུལ་བར་བཏང་སྐབས་བསེ་འབག་སྨུག་ཆུང་ལ་ཞལ་ཡིག་ཡོད་པའི་སྙན་དར་ཕུལ། གནོད་སྦྱིན་ཆེན་པོས་སྡེ་པ་ནོར་བུ་ལ་བཅའ་ག་མ་བྱས་ན་ར་ར་བར་ཡོད་དུས་མ་སྒོར་ཚེ་གླ་བ་བྲག་ལ་སོང་ནས་མི་ཟིན་པའི་དཔེ་དང་བཅས་གསུངས་འདུག་པ། ཚོང་འདུས་བྱ་ཁྲིད་མིག་གཅིག་པས་དབྱར་སྟོད་ཆུ་མི་པུས་མོའི་འོག་ནས་རྡོལ་ཞེས་ལུང་བསྟན་པ་དང་མཐུན་པར་མཆིས་ཤིང་། སྒོ་སྣ་ཤག་པའི་ནང་ཚང་གཞི་སྒྲིལ་བའི་ཆུ་ཚན་ལ་བསྙད་དེ་གཙང་དུ་ཕྱིན་ཆོག་པ་དགོས་ཟེར་བ་སྲས་པོའི་བསམ་སྦྱོར་དང་བཅས་ཡིད་དོགས་ཙམ་བྱུང་རུང་མི་དམངས་འདི་རྒྱུ་མཚན་མ་གོ་བའི་མཐོང་སྣང་ངན་པ་ཞིག་འདུག་པས་ཞང་ཚན་གཉིས་ཀྱིས་རྨུགས་པའི་རང་མདོག་ཅིག་མི་སྟོན་པའི་ངེས་པ་མེད་པས་བསྟན་ན་ཐུགས་བད་དྭངས་འགྲོ་སྙམ་ཁྲོལ་ཆ་བྱས། ཚེས་བརྒྱད་ལ་རྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུ་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས། སྔོན་ནས་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དབུ་རྒྱན་གསར་དུ་བཞེངས་རྙིང་པ་དེར་བཟོ་སྐྱོར་ཕྲན་བུ་བྱས་ཏེ་ཁྲ་འབྲུག་གི་ཇོ་མོ་སྒྲོལ་མར་ཕུལ་ན་སྙམ་པ་ཡོད་རུང་དབུ་རྒྱན་དང་མཎྜལ་གྱི་རིགས་འདི་གཡུ་མུ་ཏིག་སོགས་དངོས་པོ་འགྲོ་ཚན་ཆེ་ཞིང་བོང་ཆུང་བས་རྟེན་བཞེངས་གཞན་ལྟར་ངོ་སོ་མི་ཡོང་བ་ཞིག་འདུག་པས་དགེ་བའི་རིགས་ཚོར་ངོ་སོ་ཐོན་པ་དགོས་ཚུལ་ཞུ་མི་མང་བ་ཐུགས་ལ་ཞེན་པའི་སྡེ་པའི་དགོངས་པར་མ་བབས་གཤིས་རིམ་འགྱངས་སུ་ལུས་


GLG005_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚེས་བཅུ་ནས་ལས་གྲ་བཙུགས་དོ་དམ་དང་བཀོད་པ་གྲོང་གསར་བས་བྱས་པའི་དབུ་རྒྱན་དར་དཔྱངས་སྙན་རྒྱན་རྣམས་གསེར་ཞོ་སུམ་བརྒྱ་ལྷག་ལྗངས་བརྡུངས་ལ་གཡུ་གྲངས་སྟོང་མུ་ཏིག་དགུ་བཅུ་སྐོར་གྱིས་སྤྲས་ཤིང་སྨོན་ལམ་གྱི་ཚིགས་བཅད་གཟོང་བརྐོས་བརྒྱབ་པ་ལྕགས་བྱི་ཧོར་ཟླ་དང་པོའི་ཚེས་པ་བཅུ་གཅིག་ལ་ལེགས་པར་ཟིན་ཏེ་རང་བྱོན་ལྔ་ལྡན་ལ་ཕུལ། དགེ་བ་ཆེ་གེ་མོ་བྱས་སོ་ཞེས་པའི་སྙན་གྲགས་ལྷུར་ལེན་པ་དེང་སང་ཚང་མའི་སྲོལ་ལ་འདུག་ཀྱང་འཁོར་བའི་འཁོར་ལོ་སྐོར་བ་ལས་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་མི་འགྲོ་བ་ནས་བྱས་མ་བྱས་ལས་རྒྱུ་འབྲས་ཀྱིས་བརྩིས་པ་དེ་གས་འཐུས་པར་མངོན། ཆ་གན་ནོ་མོན་ཁན་ལོ་སྔ་མ་ལམ་དུ་བསྙུང་བས་སྐུ་མ་འཚོ་བའི་དགོངས་རྫོགས་པ་འབྱོར་ཞིང་འོད་ཟེར་བླ་མས་སྤྲུལ་སྐུ་མྱུར་འབྱོན་གྱི་སྨོན་ལམ་དགོས་ཟེར་བ་བྲིས་ཤིང་སྨོན་ལམ་གྱི་རྒྱས་འདེབས་དང་འབྱོར་ལན་ཞིབ་ཆ་བསྐུར། རིག་འཛིན་ཡོལ་མོ་བའི་གཅུང་སྤྲུལ་སྐུ་ཕྱག་རྡོར་ནོར་བུས་བཀའ་འགྱུར་དང་ཐུགས་རྗེ་ཆེན་པོའི་གསེར་སྐུ་བཞེངས། མ་ཎི་དུང་ཉི་ཤུ་རྩ་ལྔ་བཙུགས། ལྕགས་ཟམ་མང་པོའི་ཞིག་གསོས་སོགས་ལེགས་བྱས་ཀྱི་ཕུང་པོ་རྒྱ་ཆེར་སྤེལ་བར་དགེ་བ་རྫོགས་བྱང་དུ་བསྔོ་བའི་སྨོན་ལམ། བླ་མ་ལྷོ་པའི་སྐུ་སྐྱེ་འཕྱོས་པ་དཀོན་མཆོག་འཕྲིན་ལས་ཀྱིས་བསྐུལ་བའི་སྨོན་ལམ། དཔལ་འཁོར་ཆོས་སྡེའི་མཁན་པོ་ཨེེར་ཏེ་ནིས་ཐུབ་གསུང་གླེགས་བམ་བརྒྱ་ཕྲག་བཞེངས་པའི་དཀར་ཆག་སྨོན་ལམ་གྱི་ཚིགས་བཅད། བྱང་གླིང་བསམ་གྲུབ་རྒྱལ་པོས་ཡི་གེ་དྲུག་པའི་སྒྲུབ་ཐབས་དགོས་ཚུལ་ལྟར་སྒྲུབ་རྒྱའི་


GLG005_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་སློབ་དཔོན་ལྷན་སྐྱེས་རོལ་པའི་རྗེས་སུ་འབྲངས་པ། སྡེ་པ་བསམ་དར་བ་བློ་བཟང་བསྟན་འཛིན་གྱིས་རིང་འཚོའི་རྟེན་འབྱུང་བསྐུལ་བའི་ཚིགས་བཅད་རྣམས་བྲིས། འབྲི་གུང་ནས་ཞབས་དྲུང་རིན་པོ་ཆེ་ཆོས་ཀྱི་གྲགས་པ་ཕེབས་པར་མཚམས་ཁོག་ཏུ་མཇལ་བའི་ཉེར་ལྔ་དྲུག་གཉིས་ལ་ཤིན་ཏུ་འགོལ་བ་དང་བཅས་ཉིན་འཁྱོངས་ལྟ་བུར་འཇམ་དཔལ་གཤིན་རྗེ་མེའི་སྤུ་གྲིའི་སྐོར་གྱི་ཕྱག་ལེན་མན་ངག་དམར་ཁྲིད་དུ་རྫོགས་པར་ཞུས་ཤིང་ལྷུག་པར་སྩལ། གཤིན་རྗེ་ལྕགས་སྡིག་ལའང་རིག་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེའི་ཞལ་ལུང་འཁྲུལ་མེད་ཐུགས་སུ་མངའ་བའི་ཤིན་ཏུ་མཁས་པར་འདུག་པས་གསལ་བྱེད་ཀྱི་ཡི་གེ་ཞིག་གི་བསྐུལ་མ་ཞུས་པའང་དགྱེས་བཞིན་དུ་ཞལ་གྱིས་བཞེས་ཤིང་གཞི་ལེན་ཤངས་ལེན་རྒྱས་པར་བསྟར། ཆོག་ཐུ་པཱ་རང་དང་གུ་ཤྲི་ཆོས་རྗེ་སོགས་གསར་འགྲུལ་འགའ་ཞིག་དང་ཕྲད། ཟླ་སྨད་ནས་མཆོད་ཁང་དུ་བདུན་གཅིག་གི་བར་མཚམས་ཤིན་ཏུ་དམ་པར་བཅད་དེ་འཆི་མེད་དཔལ་སྟེར་གྱི་བསྙེན་པ་ཞིག་བྱས་པ་ཧོར་ཟླ་དགུ་པའི་ཟླ་འགོ་ལ་གྲོལ། བསྟན་སྲིད་ཀྱི་ལ་རྒྱ་དང་བོད་འབངས་སྤྱིའི་བདེ་ཐབས་ལ་དམིགས་རྡོ་རྗེ་སློབ་དཔོན་གྲ་བཅས་ཉེར་གསུམ། རྒྱབ་ཆོས་པ་དགེ་འདུན་བརྒྱ་དང་གསུམ་གྱིས་གྲབས་དང་སྒྲུབ་པ་དྲིལ་བའི་ཞག་བཅུའི་རིང་བཀྲ་བཟང་དུ་ཆོས་རྗེ་བཀྲ་བཟང་པ། གྲུམ་པ་རྒྱང་དུ་ཆོས་རྗེ་ཆུ་མིག་པ། གཙང་འགྲམ་ལྷ་ཁང་དུ་ཆོས་རྗེ་སྒྲོལ་མ་བ། ཕུང་པོ་རི་བོ་ཆེར་རིན་པོ་ཆེ་སྨན་ལུང་པ། མཁོ་མཐིང་ལྷ་ཁང་དུ་གནས་གཞི་ཆོས་རྗེ། གཡུལ་རྒྱལ་ལྷུན་རྩེར་ཆོས་རྗེ་སྨྲ་བོ་ལྕོག་པ། ཁྲ་


GLG005_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་ཏུ་རྔས་པ་ཆོས་རྗེ། དྭགས་སྟོད་རམས་སྟོད་ལྷ་ཁང་དུ་བྲག་སྣ་ཆོས་རྗེ། ལྷ་སར་འཕྱོང་རྒྱས་དཔལ་རི་བ་རྣམས་ཀྱིས་ཁྲོ་རོལ། ཉང་སྟོད་རྩིས་གནས་གསར་དུ་བྲག་ལ་ཆོས་རྗེ། བསམ་ཡས་སུ་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་པ་གཉིས་ཀྱིས་འཆར་ཀ གཞིས་ཀ་རྩེར་ཞ་ལུ་རི་སྦུག་པ། གོང་དཀར་དུ་དཀོན་གཉེར་གྲ་ཚང་། ཆོས་རྒྱལ་ཕོ་བྲང་དུ་བཀྲ་ཤིས་རྩེ་ཆོས་སྡེ་བ་གསུམ་གྱིས་གདུགས་དཀར་མདོས་ཆེན། རྒྱབ་ཆོས་བསམ་གྲུབ་དགའ་ལྡན་པ་ཅན་དགོན་ལྔ་རེས་སྐོར་གྱིས་ཤེར་སྙིང་། དགའ་ལྡན་ཕུན་ཚོགས་གླིང་སོགས་བཞི་རེས་སྐོར་གྱིས་སྨན་བླ། གསེར་མདོག་ཅན་སོགས་ལྔ་རེས་སྐོར་གྱིས་ཤེར་སྙིང་། རོང་བྱམས་ཆེན་པ་སོགས་བཞི་རེས་སྐོར་གྱིས་སྨན་བླ། དགའ་ལྡན་དོན་གཉིས་གླིང་པ་སོགས་གསུམ་རེས་སྐོར་གྱིས་སྨན་བླ། སྡེ་དྲུག་རེས་སྐོར་གྱིས་སྨན་བླ། རྩེ་ཚོགས་པ་སོགས་བཞི་རེས་སྐོར་གྱིས་སྨན་བླ། དྭགས་པོ་གྲ་ཚང་སོགས་བཞི་རེས་སྐོར་གྱིས་གདུགས་དཀར། སེར་འབྲས་སོགས་ལྔ་རེས་སྐོར་གྱིས་ཤེར་སྙིང་། གནས་རྙིང་སོགས་ལྔ་རེས་སྐོར་གྱིས་ཤེར་སྙིང་། བྱེ་རྫིང་ཚོགས་པ་སོགས་བཞི་རེས་སྐོར་གྱིས་ཤེར་སྙིང་། གངས་ཅན་ཆོས་འཕེལ་སོགས་བཞི་རེས་སྐོར་གྱིས་གདུགས་དཀར། ཆོས་འཁོར་ཡང་རྩེ་སོགས་བཞི་རེས་སྐོར་གྱིས་གདུགས་དཀར། རི་བོ་ཆོས་གླིང་སོགས་བཞི་རེས་སྐོར་གྱིས་གདུགས་དཀར་དང་བཅས་ཉེར་དགུ་ལ་བསྡེབས་མཚུངས་སུ་ཡོང་བའི་གྲ་བསྒྲིགས། འདི་ལོ་སྔ་མ་བསུས་ན་ཞང་ཚན་གྱི་བྱེད་སྒོ་ནས་གཙང་ཕྱོགས་སུ་འཛུགས་དགོས་རྣམས་ཡོང་རིགས་མིན་འདུག་རུང་མངོན་ཤེས་


GLG005_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་འདྲ་མོ་ཞིག་བྱུང་། ལོ་ཕྱི་མ་ནས་བཟུང་རྒྱ་ནག་གཙུག་ལག་གི་ལུགས་སྲོལ་ལ་ཟླ་བ་བཅུ་པས་ལོ་རྫོགས་པའི་གཤིས་འགྱུར་ཆེ་ཁྱད་ཀྱིས་སྨིན་དྲུག་ཟླ་བར་སྟར་ཆགས་སུ་བྱས། རྒྱ་ནག་གི་མི་སྣའི་ཁྲོད་དང་ཕྱོགས་འདུས་ཀྱི་རབ་བྱུང་བསྙེན་རྫོགས་བརྒྱ་ལྷག་བསྒྲུབས། ཨུ་ཁེ་རེའི་ཐའི་ཇི་དཔོན་གཡོག་བརྒྱ་སྐོར་འབྱོར་བའི་གསེར་དངུལ། གོས་དར། དཀར་ཡོལ་གྱིས་གཙོས་པའི་སྟེར་སྦྱིན་རྒྱས་པར་བསྟར། ཟླ་བ་བཅུ་པའི་འགོར་ལྕགས་ཟམ་སྤྲུལ་པའི་སྐུ་དང་ཇོ་གདན་མཁན་པོ་བྱོན་པ་དང་མཇལ། འབྲས་སྤུངས་ཀྱི་གཉེར་པ་དཀའ་བཅུ་ངག་དབང་སྨོན་ལམ་དང་གཤོང་ཁ་བ་བརྩོན་འགྲུས་རྒྱ་མཚོ་གཉིས་ཀྱིས་ཁུར་བླངས་ཏེ་ཚོགས་ཆེན་གྱི་ཞལ་གསིལ་རྒྱན་དྲུག་བཟོས་པའི་ཁ་བྱང་བྲིས། བདེ་གཤེགས་མཆོད་རྟེན་བརྒྱད་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བསྒྲིག་པར་འཕྱོང་རྒྱས་རབ་འབྱམས་པ་ཀུན་དགའ་བསྟན་འཛིན། མཁར་ལྡན་འཇམ་དཔལ། གྲོང་གསར་ནས་གསུམ་བཏང་བའི་རབ་གནས་ལ་ཁྲི་རིན་པོ་ཆེ་ལས་ཐོག་པ་གདན་དྲངས། མཆོད་ཁང་གསར་པའི་དེབ་ཀྱི་འགོ་བརྒྱངས་ལ་ཚིགས་བཅད་བི་ཝརྟ་དང་བཅས་པ་བཀོད། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་གསེར་སྐུ་སེ་ར་ཐེག་ཆེན་གླིང་དང་བཀའ་འགྱུར་དཔལ་ལྡན་འབྲས་སྤུངས་ཀྱི་གཙུག་ལག་ཁང་དུ་བཞུགས་སུ་གསོལ། ངམ་རིང་མཁན་ཆེན་ལོ་ཙཱ་བ། དཔལ་འཁོར་ཆོས་སྡེ་མཁན་པོ། སྡེ་དྲུག་མཁན་པོ་སྣ་མོ་ཤག་པ་སོགས་ཕྱོགས་ནས་འབྱོན་མཁན་མང་བར་བྱུང་། མཁན་ཆེན་ལོ་ཙཱ་བ་སྡེ་པ་ནོར་བུའི་དོན་སྐོར་ལ་ཕན་རེའི་གསུང་འཕྲོས་ཞར་བྱུང་གི་ཚུལ་གྱིས་སྡུག་རུས་ཐུག་ཙམ་མཛད་ཅིང་


GLG005_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་གླིང་གི་གྲུབ་ཆེན་གྱིས་ངེད་རང་ཚེ་མཚམས་པས་ཞུ་ནུས་པོ་ནི་མི་འདུག་ཀྱང་གད་ཁ་ས་པ་རོས་ཅན་དེ་འདྲར་བཀའ་བཀྱོན་གནང་ཕྱིན་དོག་སར་མི་འཇུག་པ་དེ་བློ་བདེ་པོ་མི་འདུག་ཅེས་སྡེ་དྲུག་མཁན་པོར་ནང་གཙང་གིས་མོལ་བ་སོགས་གནས་ཚུལ་མང་དུ་བྱུང་བ་དོན་ལ་གནས་པར་སྣང་། ཚེས་ལྔ་ལ་ཕན་བདེ་གཤེགས་བཤད་གླིང་པའི་འདུ་ཁང་དུ་འཆི་མེད་འོད་སྣང་གི་ཆོ་ག་ལ་རྟེན་འབྲེལ་བསྒྲིགས་ཤིང་བཞུགས་གྲལ་གྱི་གཞིས་ལེན་དང་སྟེར་ཆ་བཟབས། ཆོས་སྐྱོང་ཆེན་པོས་དགྲ་ལྷ་དཔངས་བསྟོད་འཕྲལ་དུ་གྱིས་གསུང་བ་ལྟར་འདི་ཉིན་གནས་ཆུང་ལྕོག་དང་བཅུ་གསུམ་ལ་པོ་ཏ་ལར་བཏང་། ཆོས་སྐྱོང་གི་གསུང་དེ་སྡེ་པ་ནོར་བུ་འབྲོས་པ་ལ་དགོངས་པ་འདྲ། ཚེས་བཅུ་ལ་རབ་བྱུང་བསྙེན་རྫོགས་དྲུག་ཅུ་སྐོར་བསྒྲུབས། འབྲས་སྤུངས་ནས་སྡེ་པ་འདར་པ་པཱ་ཎ་བྱཱ་ཀ་ར་ཎའི་རྩ་བ་བསྒྱུར་གྲུབ་པའི་འགྲེལ་བའི་ཟིན་བྲིས་གླེགས་བམ་དུ་ཕབ་ཟིན་པ་སྟོན་པར་བྱུང་། བུ་དཔེར་རྒྱལ་རྩེ་བ་དཔལ་ལྡན་ཕུན་ཚོགས་ཀྱིས་བཀོད་ཅིང་དཔེ་གཞན་ཡང་མང་དུ་བྲིས། ཚེས་བཅུ་གསུམ་ལ་ལྷོ་ངོས་ཡོང་སྡུད་པ་པད་རྡོར་དང་ཆུ་སྐོར་སྨད་པ་གཉིས་ཀྱིས་སྡེ་པ་ནོར་བུ་གཙང་ལ་བྲོས་པ་འདྲ་ཞེས་སཾ་ཊ་ཞིག་དང་དེ་མཚམས་སྟག་ལུང་ཕྱག་མཛོད་པས་ཀྱང་ལྷ་ས་ནས་ཡི་གེ་བྱུང་བ་བཀྲ་ཤིས་ལྷུན་པོ་ལྟ་བུར་བྲོས་སམ་ཞེས་གླིང་གཞི་སྣ་ཚོགས་ལབ་མཁན་སྣང་ཡང་སྒོ་སྣ་ཤག་པའི་ནང་མི་རྣམས་གཙང་དུ་བསྒྲིལ་ལུགས་དང་བཅས་ཕྱི་ལག་ནང་འབྲེལ་བྱུང་མ་བྱུང་ཆ་མི་ཐིངས་བསམ་པ་ཤར། གང་ལྟར་རྗེས་ཟིན་ལ་རེས་འཕྲལ་དུ་


GLG005_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་དཔོན་འོར་པ་ཉེ་ལེན་ལ་བཏང་བ་གོང་དཀར་དུ་བྱང་ཐང་རྒྱ་ལེ་བ་བརྒྱུད་པའི་སྐད་ཆ་ཁུངས་བཙུན་ལ་བརྟེན་ནང་སོ་སངས་རྒྱས་ཡར་འོངས་པ་དང་ལམ་དུ་ཕྲད་པའི་སངས་འོར་གཉིས་ཀ་ལྷན་དུ་ཚེས་བཅུ་བཞིའི་དགོངས་འབྱོར། སྡེ་པ་སྲས་པོ་རུལ་བས་གཞིས་ཀ་རྩེའི་སྡོད་རེས་ཀྱི་གཟིམས་ཆུང་བ་རྣམས་བསླུ་ཐབས་ཀྱིས་ཕྱིར་བཏོན། གདོང་ནས་བཀྲ་ཤིས་ལྷུན་པོར་འབུ་ཤུབས་བཏོན་དང་ཡོང་སྡུད་པ་ཚོར་དམ་གཅུར་བྱས་པའི་ཞང་ཚན་གཉིས་ཀྱིས་རྫོང་བཟུང་སྟེ་བདེ་གཟར་རྒྱ་ཆེར་བསླང་བའི་རྒྱུ་མཚན་ཞིབ་པར་བྱུང་། ཆོག་ཐུ་པཱ་རང་གིས་འབྱས་ཐིངས་སམ་བཀྲ་ཤིས་ལྷུན་པོ་ཕྱོགས་ཀྱི་སྐད་ཆ་འཁྱར་བ་བཞིན་ཚོར་བ་ཇི་ལྟར་ཀྱང་གདོང་ཁ་ནས་ལ་སྲས་པོ་འདི་ལེགས་པོ་མེད་འདུག་པས་བཅའ་ག་གྱིས་ཟེར་བ་ལབས་སྣང་ཡང་ཤེས་བཞིན་ཁྱད་གསོད་ལྟ་བུའི་འོན་གསེང་བྱུང་ཚོད་མིན་པ་འདྲ། གནས་སྐབས་སུ་གཡེང་བ་ཆེ་བ་མ་གཏོགས་སྲས་པོས་མངོན་གྱུར་བ་དེ་བཞིན་མ་བྱས་ན་དགྲ་མཁར་གྲོག་སྟོང་ལྟ་བུའི་ཕུགས་ལོད་པོ་ཞིག་ཡོང་རྒྱུར་དུས་གཟིངས་སློང་བ་འདི་ག་དཀོན་ཅོག་སྲུང་མའི་ནུས་མཐུར་འདུག །སང་ཞོག་ཇའི་སང་སྡེ་པ། མགྲོན་གཉེར་དྲུང་པ། སྟག་རུ་ནས། འོར་སངས་གཉིས་སོགས་དང་གྲོས་བསྡུར་པར་ཁེ་ཉེན་གྱི་གནས་ཚུལ་མང་དུ་བྱུང་རུང་ད་ཆ་རྒྱལ་ཕམ་སྔོན་གྱི་བསྐོས་ཚད་ལས་མེད་པས་འཕྲལ་དུ་དཔུང་འཇུག་པར་ཐག་བཅད། རྒྱལ་པོ་སྐུ་མཆེད་ཀྱི་སར་ཉ་ཤུར་སྐྱ་རིལ་རྒྱུ་མཚན་ལབ་པར་བཏང་། ཨུ་ཁེ་རིའི་ཐའི་ཇི་ལ་རྣམ་འཇོམས་ཀྱི་རྗེས་གནང་བསྐུར། ཐའི་ཇིས་ཁས་བླངས་པ་བཞིན་དམག་བརྒྱ་སྐོར་གྱི་སྣ་ཁྲིད་


GLG005_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་གཉེར་དྲུང་པས་བྱས་ནས་སྔོན་ལ་བརྫངས། སྙེ་ཐང་དྲུང་ཆེན་དང་མདའ་དཔོན་འོར་པ་གཉིས་དམག་དཔོན་དུ་བསྐོས་པའི་དབུས་དཔུང་ཧྲགས་བསྡུས་ཀྱང་འགྱངས་མེད་དུ་འགྲོ་བའི་གྲ་བསྒྲིགས། ཚེས་བཅུ་བཞི་ལ་གོང་དཀར་ཆོས་སྡེར་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་མཁའ་སྤྱོད་ཀྱི་གནས་སུ་གཤེགས་པའི་གནས་ཚུལ་བྱུང་འཕྲལ་ཐོས་མཆོད་དང་ཉེར་ལྔ་ལ་རང་བྱུང་འཕགས་པའི་དྲུང་དུ་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ་ལམ་ཟབ་ལ་བརྟེན་ནས་བླ་མ་ཡི་དམ་ཆོས་སྲུང་ཐམས་ཅད་རྡོ་རྗེའི་སློབ་དཔོན་དུ་ངེས་པ་རྙེད་ཅིང་དེའང་རང་གི་སེམས་དང་དབྱེར་མེད་པའི་གནས་ལུགས་རང་ངོ་ཤེས་པའི་རྣལ་འབྱོར་གྱིས་མཆོད། ཚེས་བཅོ་ལྔ་ནས་ཉིན་གསུམ་བཞིའི་བར་ནམ་མཁའ་གཡའ་དག་པ་ལ་གོང་དཀར་ཕྱོགས་ནས་འཇའ་སྤྲིན་པིར་གྱི་བྲིས་པ་ལྟ་བུའི་ངོ་མཚར་བ་བྱུང་། ཐུགས་དམ་གསལ་འདེབས་ཀྱི་རྟེན་སྐྱེལ་བ་ལ་ཤེས་རབ་རིན་ཆེན་འཕྱར་བར་སྐུ་གདུང་རིན་པོ་ཆེར་སྨོན་ལམ་བྲིས་པའི་སྙན་དར། དངུལ་གདུང་རིན་པོ་ཆེའི་ཐེབས་སུ་དངུལ་ལུག་རྨིག་མ་བཅུ་གཅིག །ཐ་ཕག་གཅིག །མདོང་མོ་གཅིག །གཡུ་པད་གཉིས་དང་གཙུག་གཡུ་གཅིག །དགོངས་རྫོགས་ཀྱི་ཐེབས་སུ་ཤ་མར་སྣུམ་སོགས་རྒྱ་ཆེ་བ་ཕུལ། སྐུ་སྣམ་སྦྱར་དང་ཁྱབ་བདག་དབང་རབ་ཁུ་དབོན་གཉིགས་ཨཱཥཱི་བསྙེན་ཆེན་གནང་བའི་ཕྱག་འཕྲེང་ནང་རྟེན་གྱི་ཁྲོད་དུ་བཅུག །འདི་ལོ་ནས་བཟུང་རིམ་ཙར་དུ་ལྡུམ་པོ་ནས་དོན་གྲུབ་དབང་རྒྱལ་གྱི་སློབ་མ་སྔགས་པ་ལྷུན་གྲུབ་ཀྱིས་ཀག་མྱུལ་དང་དེ་ནས་བཤད་པའི་


GLG005_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

གཏོ་ཆོས་བྱས། ཚེས་བཅོ་བརྒྱད་བཅུ་དགུ་ལ་སྔགས་སྡེབ་ཀྱི་མན་ངག་གིས་ངར་བཏགས་པའི་ལིངྒ་རྣམས་བྲིས། འཇམ་དཔལ་ལས་གཤིན་དམར་པོའི་བསད་མནན་གྱི་སྒྲུབས་པ་བཙུགས་པའི་རྡོ་རྗེ་སློབ་དཔོན་བྱིང་པ་སྔགས་རམ་པ་བློ་བཟང་དོན་གྲུབ་གྱིས་བྱས། ཟླ་མཇུག་ཏུ་ལས་མཐའ་མནན་པས་བསྡུས་པའི་མངོན་སྤྱོད་ཀྱི་རྟགས་ཀྱང་བཟང་། རྫོང་སྡོད་རྣམས་དང་བཀྲ་ཤིས་ལྷུན་པོའི་ཕྱག་མཛོད་བློ་བཟང་དགེ་ལེགས་ཅན་གྱིས་ཞང་ཚན་གྱི་བྱེད་བབས་ཀྱི་རྒྱུ་མཚན་ཆེད་བསྟད་སྐྱེལ་མི་བྱུང་ཤངས་བཀྲ་ཤིས་རྩེ་པ་ལྟ་གྲུབ་ཀྱང་གཙང་ཞིང་མནའ་མའི་སྐོར་ལ་སྡེ་པ་ནོར་བུ་དང་ཞེ་འགྲས་ཆེ་བ་སོགས་སྒོ་དུ་མ་ནས་གནས་ཚུལ་དང་ཤངས་སུ་ཁུར་ཆེ་བྱས་ལུགས། འཆར་སྟོན་དང་བཅས་ཆེད་བསྟད་བསྐྱལ་ཞིང་དམག་དཔོན་རྣམས་ཀྱི་རོགས་རམ་དུ་ཕན་པར་བྱུང་སྣང་། སྤེ་སེར་གྲུབ་ཆེན་དང་ཀུན་ལྷ་གཉིས་ཀྱིས་ལྐོག་ཏུ་གཞིས་རྩེར་གྲོས་ལ་ཕྱིན། དངོས་སུ་གནས་གསར་རྒྱལ་ཁང་དུ་བསྡད་དེ་ཁོང་ཞང་ཚན་གཉིས་ལ་འགངས་མི་ཡོང་ཡང་འདི་འདྲས་གཟེབ་བསླང་བའི་རྒྱ་ཆེན་དུ་ཅི་འགྱུར་མི་ཤེས་པས་ལབ་གནང་དགོས་ཚུལ་གྱི་ཡི་གེ་བྱུང་བར་ལྕགས་སྦྲུལ་བདེ་གཟར་བཤོལ་ཐུབ་ན་བྱ་བ་འདི་འདྲ་རྨི་ལམ་ཙམ་དུའང་བྱེད་དགོས་མེད་རུང་ད་ཆ་རང་དབང་འདུས་པ་ཞིག་མ་བྱུང་། འོན་ཀྱང་ས་སྐྱ་བདག་ཆེན་སྔགས་འཆང་ཆེན་པོ་དང་འབྲུག་པ་པདྨ་དཀར་པོ་གཉིས་ཀྱིས་བདེ་གཟར་ཡང་ཡང་བསླང་བས་ཁོང་གཉིས་བཻ་རོ་དང་ནཱ་རོའི་སྤྲུལ་པར་གྲགས་པ་ལ་བསྙད་རོ་འདི་གཉིས་ཀྱིས་རྒྱལ་ཁམས་འཕུང་འཇུག་པ་འདུག་ཟེར་བའི་སྐབས་བྱུང་སྣང་བས་བླ་ཆེན་གྱི་ཟླ་བོ་མང་གཤིས་མཚེར་


GLG005_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

མ་དགོས། མངའ་རིས་བལ་མོན་ཚོ་ནི་བོད་པ་ཕར་འོང་དོགས་པ་ལས་ཚུར་ཡོང་བའི་རེ་བའང་མེད་ཅིང་བྱུང་ན་ཁྱི་ཁར་ཟན་བསྐྱུར་ཡིན། ཀརྨ་པ་ཡབ་སྲས་ལྗང་ཕྱོགས་སུ་བཞུགས་ཀྱང་ཤར་རྒྱལ་པོ་མི་འགྱུར་བའི་གདེང་ཚད་ཡོད་པས་རེ་དོགས་མ་དགོས་གཤིས་བདེ་གཟར་བཤོལ་བའི་གག་ལ་མ་ཐུག་འདུག་ཚུལ་གྱི་ཡིག་ལན་བསྐུར། གྲ་ཚང་གི་སྤྱི་རིམ་དང་འགྲིག་པས་ཚེ་འཆར་གྱི་སྒྲུབ་འཁོར་རྣམས་ལ་མིང་བྱང་དམིགས་ཀྱིས་བཀར་བ་བཅུག །ཟོར་ཁ་ནུབ་ཕྱོགས་སུ་བསྒྱུར་བ་དང་ཆབ་ཅིག་པར་འཐོར་རླུང་དྲག་པོས་སྣ་དྲངས་པའི་མེ་ལྕེ་རྣམས་དུམ་བུར་ཆད། གསེར་ཡིག་པ་རྣམས་ལྡོག་པ་དང་མཉམ་དུ་གོང་དུ་ཞུ་ཡིག་འབུལ་སྐྱེལ་ལ་ཨེར་ཏེ་ནི་གསེར་ཏོག་ཐོ་ཡོན་ཆོས་རྗེ་དང་འཕྱོང་རྒྱས་འབུམ་ཐང་བསོད་ནམས་དབང་པོ་གཉིས་རྫོང་བདའ་བྱས། ཉེར་བདུན་ལ་ངེད་རང་གི་ཟླ་བོ་མཆོད་དཔོན་པས་བྱས་པའི་ཆེན་པོ་ཁྲི་འབེབས་བསོད་ནམས་རླུང་རྟ་བསྣུབས་པའི་ལས་ལ་སྦྱར་བ་དེ་ནུབ་རྨི་ལྟས་ཤིན་ཏུ་གསལ་བ་ཞིག་བྱུང་བ་ལོ་ངོ་གཉིས་ནས་དེ་ཁོ་ན་ལྟར་གྱུར། ཉེར་དགུ་ལ་དཔོན་སློབ་པཎ་ཆེན་རིན་པོ་ཆེའི་བཀའ་ཤོག་ཁྱེར་ཏེ་ཐོས་བསམ་གླིང་གི་སློབ་དཔོན་གཙང་ཉག་དང་རྡོ་རྗེ་རྒྱལ་མཚན་འབྱོར། བཀའ་ཤོག་དེར་གསལ་ཁ་མི་སྣང་ཞིང་དགོངས་བསྟད་ཀྱང་མེད་པར་བླ་བྲང་གི་ནང་ཟན་སོག་པོ་བློ་བཟང་ཆོས་འཕེལ་དང་སློབ་དཔོན་གཙང་ཉག་སོགས་འགའ་ཞིག་ཞང་ཚན་གཉིས་ཀྱི་ཞེན་པ་བ་ཡིན་འདུག་གཤིས་གཞིས་ཀ་རྩེ་ཕབ་པས་ཕེབས་པའི་ལན་གྲངས་མེད། འདིས་སུ་ཐོབ་རྟེན་འབྲེལ་གྱིས་རྒྱལ་བས་སྣེའུ་སྡོང་པ་དང་


GLG005_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

རིན་སྤུངས་པའང་ཞབས་འདྲེན་གྱི་ཐོག་མར་བྱུང་ཟེར་བས་ད་ཆ་དཔུང་འཇུག་བཤོལ་ཏེ་ཁོང་ཞང་ཚན་གཉིས་ལ་གསོལ་སྐལ་དུ་རྫོང་གཞིས་ཤིག་གནང་། གཞིས་ཀ་རྩེའི་གཉེར་ཁ་ཙམ་འཇགས་པའི་ལབ་དན་ལ་འཁྱོལ་བ་འགབ་ཚུལ་ཟེར་བར་རང་ཕྱོགས་རྣམས་ཆོས་མཐུན་བཞུགས་མཁས་མཛད་ཆོག་རྒྱུར་སྡེ་པ་དེ་ཉིད་ཀྱིས་དམག་འཐེན་སྐབས་བདུད་དང་རྗེས་སུ་དམག་མཛད་པས་སངས་རྒྱས་ལྟ་བུར་བསྟོད་མཁན་སློབ་དཔོན་པ་རང་གིས་མཚོན་པ་ཡིན་ཚུལ་དང་བཅས་སྔ་ཕྱིའི་སྐྱེ་རྒྱུས་ཞིབ་ཏུ་བཤད། བྱིས་པ་ལ་འབག་བསྟན་པའི་དཔེ་བཞིན་འཇིགས་སྐྲག་བསྐུར་ཡང་ད་ཆ་ལུགས་གཉིས་ཀ་ནས་ཡ་ཡུད་གཅིག་བསྲེས་ལས་མེད་པའི་སྒྱུར་སྦྱང་ནད་ཐོག་ཏུ་འཕྲོད་པ་བཏང་། པདྨ་གླིང་པའི་ཐུགས་སྲས་ཟླ་བའི་སྐུ་སྐྱེ་དགེ་ཚུལ་གྱི་དངོས་པོར་བསྒྲུབས། ཧོར་ཟླ་བཅུ་གཅིག་པའི་ཚེས་འགོ་ལ་དགའ་ལྡན་ཁྲི་གདན་ཟུར་གྱི་ཞབས་ཕྱིར་བྱང་རྩེ་ཆོས་རྗེ་དམ་ཆོས་རྣམ་རྒྱལ། ཤར་པ་ཆོས་རྗེ་རྩེད་ཐང་པ། སེར་འབྲས་དགེ་གསུམ་གྱི་སློབ་དཔོན། ཁམས་ཚན་གྱི་སྣ་ཆེན། དགེ་རྒན། ཉི་ལྡིང་ཏྲེ་བོ་སྐུ་སྐྱེ། སྟག་ལུང་ཕྱག་མཛོད་རྣམས་འབྱོར་བའི་སྡེ་པ་ནོར་བུ་དེ་ཉིད་ཀྱི་སྐུ་མཆེད་ཡིན་ཚུལ་སོགས་རྒྱུ་མཚན་རྒྱས་པར་བྱུང་ལན། སྡེ་པ་དེ་ཉིད་དང་སྐུ་རུས་གཅིག་པའི་མཆེད་དང་བུ་ཚ་བརྒྱུད་ནི་གཅིག་ཀྱང་མེད། ཕ་མ་མིང་སྲིང་དང་མ་སྤུན་སོགས་ལ་བསྙད་ན་སྡེ་པ་ནོར་བུ་ལས་ཁ་རབ་པའི་ནང་སོ་གཉིས་མི་ཉེ་རྒྱུ་མེད་ཅིང་ཕོའང་ཁོང་གཉིས་རྒོད། སྐྱིད་ཤོད་དང་ཤུན་གྱི་དྲུང་འཁོར་རྣམས་གཉེན་ལ་གཉེན་འཁོར་དུ་སོང་བས་གཉེན་ཚན་ཡིན་ཚད་ལ་བདག་རྐྱེན་བྱེད་དགོས་


GLG005_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་མགོའི་སྐྲ་ཕྱིའང་མི་ལང་། རྩེ་གདོང་བདག་ཆེན་ངེད་ཀྱི་ཚ་རིགས་ཡིན་པ་རྒྱུ་མཚན་དུ་བྱས་ནས་ལྷ་ས་སྨོན་ལམ་གྱི་ཚོགས་དབུར་ས་ཞུ་དམར་སིང་ངེ་གདན་དྲངས་ན་སྐབས་སུ་ཨེ་བབ། བོད་ཁྲི་སྐོར་བཅུ་གསུམ་འདི་བསྟན་འཛིན་ཆོས་རྒྱལ་གྱིས་ངེད་ལ་སྤྲད་པ་ལས་ཁོང་ཞང་ཚན་གཉིས་དང་ཐུན་མོང་དུ་མ་སྤྲད། ད་ལོའི་བྱེད་བབས་འབངས་གྱེན་ལོག་ཡིན་མིན་གྱི་རྒྱུ་མཚན་ཞིབ་ཏུ་མོལ། ཁྲི་རིན་པོ་ཆེ་ལས་ཐོག་པའི་ཞབས་ཕྱིར་སེར་འབྲས་ཀྱི་སློབ་དཔོན་རེ་དང་བཅས་པར་ཆིངས་སུ་འབྱོན་བཞེད་པ་བདེ་གཟར་གྱི་སྐབས་འདིར་ཕྱར་རྒྱག་ལྡིངས་གསུམ་དགོས་པ་ཞིག་འདུག་ཀྱང་ཐུགས་བསམ་དག་པ་ལས་གནད་འགག་ཆེན་པོ་རང་ཡོད་མདོག་མ་ཁ་རུང་ཐུགས་དང་བསྟུན། ཨེར་ཏེ་ནི་མཁན་པོ་དང་སྟག་ལུང་ཕྱག་མཛོད་གཉིས་ཀྱང་ཁྲི་རིན་པོ་ཆེ་དང་ཕྱོགས་མཐུན་དུ་བཏེག །ཁོང་རྣམ་གཉིས་འཇིག་རྟེན་ལ་གྲུབ་པ་ཐོབ་པ་ལྟ་བུར་གདའ། ཐོག་མར་རྫོང་རྐྱང་པ་ལས་མི་འཛིན་པའི་གོ་ཡུལ་ཡིན་འདུག་རུང་བཀྲས་སྒང་པ་ཕག་རི་ནས་འཁོར་བསྟུན་ཞོལ་བཅས་འཁྲ་འཛིན་གྱི་གྲ་བསྒྲིགས་པས་དབུས་དཔུང་འབྱོར་ནས་ཆུ་གསོར་གྱི་རེ་བ་མེད་པའི་ཞོལ་ལ་འཚངས་ཁ་དང་ཕྱིར་འདོན་གྱི་ལག་འཐབ་ཁ་ཡར་བྱུང་འདུག །བཀྲས་སྒང་པ་གསོད་སར་ཁྲིད་པའི་ལུག་ལྟ་བུ་བླུས་པ་རའི་སྒུར་ཐོག་ཁོ་ནར་སོང་། ཞང་ཚན་གཉིས་ལ་བརྟེན་པའི་རྒྱུ་མཚན་འདི་སྐོར་འདི་ག་ནས་བྱས་པ་ལས་ཇའི་སང་སྡེ་པ། མངའ་རིས་དྲུང་པ། སྟག་རུ་ནས། མདའ་དཔོན་འོར་པ་སོགས་གཞན་ལ་ཁག་ཡེ་མེད་ཀྱང་ཁོང་ཚོའི་འཕྲུལ་ཡིན་ཁུལ་ཞང་ཚན་གཉིས་ཀྱིས་ལབས་


GLG005_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཁྲུལ་ཏེ་རྒྱལ་པོ་སྐུ་མཆེད་གཉིས་ཀྱང་བར་པ་ཁྲབ་ཅན་འདྲ་མོ་ལས་འཁྲུག་པ་ཚད་ལྡན་མ་མཛད་སྣང་། མཛད་ན་གཙང་པ་རྣམས་སོག་པོར་འཇིགས་པའི་སྟབས་ཕལ་ཆེར་རྫོང་དུ་འཁྲ་གཟུང་མི་ནུས་པར་ཕྱིར་འདོན་རྒྱུ་ཡིན་འདུག་པས་ཁོང་ཁག་གཉིས་ཀྱིས་རྫོང་ག་ལ་ཟིན། རྡོ་རྗེ་བྲག་ནས་རིག་འཛིན་སྤྲུལ་པའི་སྐུ་དཔོན་སློབ་སུམ་ཅུ་སྐོར་ཇུས་རིམ་ལ་གོང་དཀར་དུ་ཕེབས་སུ་བཅུག །མནན་པ་དང་རླུང་འཁོར་གྱི་ལས་སྦྱོར་ཐུགས་ཁུར་ཆེ་བཞེས་གནང་། རླུང་འཁོར་ལ་མེ་འབར་བའི་རྟགས་ཀྱང་མྱུར་བར་བྱུང་ཚུལ་ཟེར་བ་དང་བདེ་གཟར་གྱི་བྱེ་སྒོའི་ཉེ་ལེན་ལ་སྒེམ་བུ་ནས་འབྱོར་བ་བསླབ་སྟོན་དང་བཅས་ཕྱིར་སློག །འཕྱོང་རྒྱས་སུ་དཔལ་རི་བ་རྣམས་ཀྱིས་ཀྱང་མནན་ཟོར་སོགས་དྲག་ལས་ཀྱི་ཇུས་རིམ་བཙུགས་ཤིང་རྟགས་ལེགས་ཚུལ་གྱི་སྤྲུལ་སྐུའི་ཡི་གེ་བྱུང་། སྣ་དཀར་རྩེ་ཞབས་དྲུང་སྐུ་བགྲེས་པས་ཀརྨ་གུ་རུའི་སྲོག་གཏད་དགོས་གསུང་བ་ལྟར་ཕུལ། སྡེ་དཔོན་རྫོང་གཞིས་གཉིས་ཙམ་ལ་བདག་མཛད་མཁན་དུས་གཟིངས་ཀྱི་སྐབས་གནང་སྒོ་བསྒྲིམས་བཅག་ཡོད་པ་དགོས་མདོག་ཁ་རུང་བྱ་ཁྲལ་བྱུང་ན་བྱི་སོ་དང་བྱི་ཁྲལ་བྱུང་ན་བྱ་གཤོག་ངོམ་པའི་མཛད་པ་ཁོ་ནར་རིངས་པ་ཞིག་སྣང་། སྦུས་སྲང་དྲུང་འཚོ་བ་བློ་བཟང་ནོར་བུས་དཔལ་ལྡན་དུང་སྐྱོང་མའི་བསྐང་གསོ་དང་བཅས་ཞང་ཚན་གཉིས་ཀྱི་ཐོག་ཏུ་དམོད་བསྐུལ་དྲག་ཏུ་བྱས་འདུག་པ་བློ་གསལ་གླིང་པ་དང་ར་བ་སྟོད་པའི་སློབ་དཔོན་པ་བྱེས་པའི་བླ་གྲ་ཅི་རིགས་ཀྱི་ཚོད་ན་དད་ཞེན་ཆེ་ངེས་ཡིན་འདྲ་སྙམ་པ་ཤར། ཚངས་པ་དུང་གི་ཐོར་ཚུགས་ཅན་གྱིས་རང་ཕྱོགས་དགེ་བསྟན་སྤྱི་བྱེ་བྲག་གི་ལ་རྒྱའི་སྐུ་རིམ་དང་


GLG005_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཧོར་སོག་གི་ཡུལ་གྲུར་འཚུབ་ལྷོངས་བཟློག་པའི་དགེ་ལུགས་ཆོས་སྡེ་སྔགས་གྲ་གཞི་དགོན་རྣམས་ཀྱིས་གཏོར་བཟློག་དང་མཚན་ཉིད་ཁ་གཙང་གིས་ཤེར་སྙིང་བདུད་བཟློག་བྱུང་ན་ལེགས་པའི་ལུང་བསྟན་ལྟར་དགོན་ཁག་ཕྱེད་སུམ་བརྒྱ་ཙམ་གྱི་སོ་སོའི་བླ་གཉེར་གྱིས་ཁུར་ཁུར་སྤྱི་བསྡུས་ཀྱི་ཉིན་ཆོག་ཐོག་གཞུང་གིས་མང་ཇ་གསུམ་རེའི་རྒྱུ་ཆ་རྩིས་སྤྲད་པའི་རྒྱུན་འདི་ལོ་ནས་སྟར་ཆགས་སུ་ཡོད། རྫོགས་ཆེན་པ་ལྷ་བཙུན་ཀུན་བཟང་རྣམ་རྒྱལ་གྱིས་འབྲས་མོ་ལྗོངས་ནས་གདན་དྲངས་པའི་ཡིད་བཞིན་ནོར་བུ་སའི་སྙིང་པོ་དཀར་ཆག་ལུང་བསྟན་དང་བཅས་མག་སོག་ཁང་པ་གནམ་ལྕགས་དྲག་འབེབས་ཀྱིས་ཆེད་བསྟད་སྐྱེལ་མི་བཏང་། གྲ་ཚང་གི་གྲ་པ་བེག་ཙེའི་རྗེས་གནང་མ་ཐོབ་པ་ཚོར་བསྐུར། ཚེས་ལྔ་ལ་གྲ་ཚང་དུ་གནོད་སྦྱིན་བེག་ཙེའི་གཏོར་མ་ལ་བརྟེན་པའི་ལས་སྦྱོར་བཙུགས། ནུབ་རེ་བཞིན་བཏབ་པ་ཟོར་གྱི་ཚུལ་དུ་བསྒུལ། འདི་དུས་དང་རླུང་འཁོར་བཙུགས་གྲུབ་བསྟུན་པོ་ཏ་ལའི་མཆོད་ཁང་ཐད་ནས་བཙོ་ཡང་ཡང་རྒྱུག་པ་དགོངས་མོ་སེ་རའི་རྡོ་གཅལ་སྐུ་རིམ་གྲོལ་མཚམས་སུ་གྲ་པ་མང་པོས་གཟིགས་པ་དང་ཟླ་བ་བཅུ་པའི་ཚེས་བཅུ་གཅིག་དང་ཟ་ལམ་ཉི་ཤུར་བསྐྱལ་དུས་ཀྱིས་མཚོན་པ་འགར་བཙོ་སྤེན་བད་ལ་ཕོག་པ་ཙམ་རྒྱུགས་པ་གཞིས་རྩེའི་ཕྱི་ནང་གི་དམག་མི་རྣམས་ཀྱིས་ཀྱང་མཐོང་ཞེས་གླེང་། གནོད་སྦྱིན་ཆེན་པོའི་འཁོར་གྱི་གཏོར་མ་ཕྱི་ལ་འཕར་བ་སོགས་རྟགས་ཡ་མཚན་པར་བྱུང་བས་ལས་སྦྱོར་དངོས་གཞི་མ་འགྱངས་པར་རྫོགས་པར་བྱས། འོན་ཀྱང་ཁོང་ཞང་ཚན་གཉིས་ཀྱི་ཞེན་པ་བ་རྫོང་ཞོལ། ལྷ་ས། གྲ་ས་ཕན་ཚུན་ཚོར་བག་ལ་ཉལ་བའི་ཚུལ་


GLG005_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མང་བ་ཡོད་ཚོད་དུ་འདུག་པས་ཟས་འབྲེལ་བྱུང་བ་བཞིན་ཡིན་ནམ་གྲ་ཚང་ནང་དུའང་འཚུབ་ལྷོངས་ཅུང་ཟད་ཆེ། བསམ་ཡས་ནས་གནོད་སྦྱིན་ཆེན་པོས་གཙང་ཉང་སྨད་ཀྱི་ཕྱོགས་སུ་ངེད་ལྷ་སྲིན་སྡེ་བརྒྱད་རྣམས་དམག་ལ་འགྲོ་དགོས་འདུག་པས་རྟེན་འབྲེལ་དུ་གོ་མཚོན་རོལ་ཆ་དགོས་ཚུལ་གསུང་བ་ལྟར་རྒྱས་པར་བསྟར་ཞིང་། ཞང་ཚན་གཉིས་བཀྲས་སྒང་པས་གཙོས་པའི་བསམ་སྦྱོར་ལོག་སྒྲུབ་མཁན་རྣམས་དྲེགས་པའི་སྡེ་དཔོན་ཚོགས་ཀྱི་ཟས་སུ་དམར་བསྟབ་ཀྱི་འཕྲིན་ལས་བཅོལ་ཞིང་འཕྲིན་ཡིག་ཏུའང་བཀོད། མིང་ཡིག་རྣམས་ཡུམ་རྡོ་རྗེ་ཕག་མོའི་ཀ་པཱ་ལར་བཅུག་ཟེར། བཙན་རྒོད་རྟ་ར་བས་རིམ་གྲོ་དམིགས་བསལ་དང་སྤྱན་གཟིགས་དགོས་ཚུལ་བྱུང་བ་དེ་ལན་གྱི་ཚིགས་བཅད་དང་བཅས་གོ་མཚོན་སྙན་དར་སྤེལ། གནམ་ལྕགས་ཨུར་མོའི་ལས་སྦྱོར་གྱི་གྲབས་ཡུལ་བྱེད་སྐབས་བྱང་ཆུབ་གླིང་ནས་ཆོས་རྗེ་བྲག་སྣ་བའི་སཾ་ཊ་བྱུང་བ་ལས་སྦྱོར་ཅི་འདྲ་བྱེད་དགོས་ཀྱི་རྒྱུ་མཚན་ཡིན་ཡོད་སྙམ་བལྟས་པས་ཁོང་ཞང་ཚན་གཉིས་བདེན་ཚུལ་གྱི་སྒྱུར་སྦྱང་ཁ་ཐག་རིང་བར་ལན་མེད་དུ་བསྐྱུར་བས་བང་ཆེན་དེ་ལྟོ་མ་བྱུང་བ་ཕྱིར་ལོག་འདུག །རྩེ་ཚོགས་མཁན་པོ་བློ་བཟང་བསྟན་འཕེལ། མངའ་རིས་གྲ་ཚང་གི་སློབ་དཔོན་རྒྱལ་སྲས་ཤེར་འཕེལ་བའི་སྤྲུལ་སྐུ་ལྔ་པ་ནོ་མོན་ཁན། སྤྱན་གཡས་སྤྱི་སོ། བླ་མ་དགེ་དར་བ། ཨེ་གཟིམས་ཤག་བྱང་པ་སོགས་སྐྱ་སེར་རེ་མང་གིས་ལུགས་གཉིས་ནས་ཤེད་གང་ཐོན་བྱེད་ཁུལ་གྱི་ཡི་གེ་བྱུང་བའི་ཁྲོད་ནས་བླ་མ་དགེ་དར་བ་དང་སྡེ་པ་ནོར་བུ་གཉིས་མི་གཉིས་སྙིང་གཅིག་ལྟ་བུ་ཡིན་ཞིང་མེ་སྤྲེལ་མཆོད་གཞིས་ཞུ་གྲོགས་བཅོལ་བར་ཁུར་ཆེན་མ་བྱུང་ཟེར་བའི་རེ་


GLG005_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

འཁང་ཞིག་ནི་འདུག །གང་ལྟར་འབག་མགོ་གཉིས་པ་ལས་ཚད་ལྡན་ཞིག་མིན་ཡོད་ཀྱང་བྲག་སྣ་ཆོས་རྗེའི་ཐད་དུ་སྙེ་ཕུ་ནས་ཆས་རས་རོལ་འདྲ་དང་བཅས་ལེགས་སོའི་དབུགས་དབྱུང་བྱས། སྣེའུ་སྡོང་རྩེ་དང་སྣ་དཀར་རྩེ་སྐུ་གཞོན་པ་གཉིས་ཀྱིས་བར་པ་བྱས་ཆོག་པ་དགོས་ཚུལ་གསུང་བ་ཐུགས་ཐུགས་ཏུ་མ་ཚད། ལར་མི་འདི་བསམ་པའི་འཁྱེར་སོ་མ་གཏོགས་ཟ་ཆེ་ཆུང་དང་གོ་ཡུལ་ལ་བལྟོས་པ་ཞིག་མི་སྣང་། ཚེས་བཅུ་གཅིག་གི་ཉི་ལྡོག་དང་བསྟུན་བྱིང་པ་སྔགས་རམས་པ་དང་མཆོད་དཔོན་ཅན་བཅུ་སྐོར་གྱིས་གནམ་ལྕགས་ཨུར་མོའི་ལས་ལ་སྦྱར་བ་ཟླ་བ་བཞི་ལྔ་ཙམ་ནས་རྟགས་རྣམས་མངོན་དུ་གྱུར། རླུང་དམར་དང་མིག་ཙེའི་རླུང་འཁོར་གཉིས་གཞིས་ཀ་ཤར་ཨ་གུར་དང་ངག་དབང་འཕྲིན་ལས་གཉིས་ཀྱིས་རི་མོ་བ་བྱས་ནས་ཟླ་སྨད་ལ་ཕྱག་ལེན་ཤིན་ཏུ་གཙང་བར་བཟོས། གྲ་ཚང་གི་གྲ་པ་བྲག་སྣ་ཆོས་རྗེས་གཙོས་གྲངས་བཅད་ཀྱིས་ཀླུ་ཕུག་ཏུ་ཉིན་ཁ་ཡར་བསྒྲུབས་ཏེ་ཟླ་བ་བཅུ་གཉིས་པ་སྔ་མའི་ཚེས་བདུན་ལ་རླུང་དམར་གཙང་ཕྱོགས་སུ་འཛུགས་པར་གྲ་ཚང་གི་གྲ་པ་བློ་གྲོས་ཆོས་དར་དང་རྡོ་པ་བཤེས་གཉེན་དཔལ་བཟང་གཉིས་བཏང་། གནོད་སྦྱིན་གྱི་འཁོར་ལོ་མཆོད་ཁང་གི་ཟུར་ནས་བཙུགས། འཁོར་ལོའི་སྒྲུབ་པ་བརྩམས་པ་ནས་བཟུང་རླུང་འཚུབ་ཉིན་ལྟར་གྱི་ཤིན་ཏུ་ཆེ། མས་ཆགས་འཇམ་དཔལ་དམག་དཔོན་རྣམས་ཀྱིས་དྲི་བ་བྱེད་པར་བཏང་བ་འཕྲོས་པ་བྱེད་སྐབས་ཕྱིང་གུར་རླུང་ཚུབ་ཀྱིས་འཇིག་ལ་ཁད་པ་འཛིན་དགོས་བྱུང་། སྟག་ལུང་ཕྱག་མཛོད་པ་དང་དཔོན་ཚང་བྱང་ངོས་པ་གཉིས་ཀྱི་སྐད་ཆར་གཙང་དུ་བདེ་གཟར་མ་གྲོལ་བར་ཉིན་རེ་


GLG005_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཚ་རྟིང་ཁ་ཡན་ལ་ཁ་ལག་འཕྲོད་པ་བྱས། དེ་ནས་ཉི་མཚམས་བར་གུར་གཡབས་རྣམས་གཏེབས་པའི་སྟེང་དུ་སྤོམ་དང་མིས་མནན་ཏེ་སྡོད་པ་ལས་ཐབས་གཞན་མ་རྙེད། སྟག་ལུང་ཕྱག་མཛོད་པའི་གནས་ཚང་མངའ་རིས་སྤྱི་ཁང་གི་སྦྲ་ཡོལ་ཉིན་མོའི་ཆ་ལ་ཕལ་ཆེར་ནམ་མཁའ་གཡབ་པ་ལས་མར་འབབ་རྒྱུ་ཆེར་མ་བྱུང་ཟེར། ལས་སྦྱོར་ཁག་གི་རྒྱབ་ཆོས་སུ་སེར་འབྲས་དགེ་གསུམ་དུ་ཕོགས་ཇ་ཚུལ་བཙུགས་ཤིང་མདོ་སྒྲུབ་ཀྱི་རྒྱུན། གསང་ནེའུ་ཐོག་གི་གྲ་ཚང་རྣམས་གསང་ཕུར་གདན་དྲངས་ཕོགས་ཇ་ཐུགས་འགྱེད་ཡོན་བཟབས་ཤིང་མདོ་སྒྲུབ་དང་བཞེས་སྒྲ་མཛད་བཅུག་པ་ར་བ་སྟོད་སློབ་དཔོན་སྤྱན་གཡས་བསྟན་འཛིན་ཙམ་མ་གཏོགས་རེ་མེད་པའི་ཐུགས་ཁུར་ཆེ་རབ་བྱུང་། བཀའ་འགྱུར་ཆ་ཚང་ཞིག་ཀྱང་ཕུལ། འབྲས་སྤུངས་བློ་གསལ་གླིང་བླ་མ་མི་ཉག་གིས་མཚོན་པ་དང་བྱེས་ཀྱི་བླ་གྲ་འགའ་ཞིག་གིས་ཚུལ་ལྡན་བྱས་འཕྲོས་མི་འདུག །བྲག་སྣ་ཆོས་རྗེ་བློ་བཟང་ངག་དབང་གིས་གཙོས་པའི་གྲ་པ་ཁ་ཤས་ཀྱིས་བསམ་ཡས་པེ་ཀར་ལྕོག་གི་ཤུག་སྡོང་འོག་ཏུ་ལིངྒ་ཧོཾ་ལ་བཏབ་ནས་བཞེས་སྒྲ་དྲག་ཏུ་ཕུལ། རྒྱལ་མེ་ཏོག་ཐང་དུ་དམག་ཟོར་མ་དང་ལས་གཤིན་གཉིས་ཀྱི་བསྐང་བ་འབུམ་ཐེར་བཙུགས་ཏེ་སོ་སོའི་གཏོར་རྒྱག་ཀྱང་རྒྱས་པར་མཛད། རྫོང་རི་བ་བློ་བཟང་པདྨ་ཁམས་མ་བདེ་སྐབས་གྲ་ཚང་དུ་སྙན་དར་ཕུལ་བར་ཁ་བྱང་དགོས་ཟེར་བ་བྲིས། གྲུབ་པའི་དབང་ཕྱུག་འདར་ཕྱ་རུ་བའི་གདུང་བརྒྱུད་ཆོས་རྗེ་སྙིང་རི་བ་བདེ་བ་བཟང་པོ་བྱོན་ནས་ཁྱབ་འཇུག་གི་མདོས་དང་སྲུང་བཟློག་ལས་སྦྱོར་རིགས་མི་གཅིག་པ་ཁ་ཡར་མཛད། ཁོང་པ་པདྨ་ཡང་གསང་གི་བསྙེན་སྒྲུབ་


GLG005_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་པའི་ནུས་པ་ཤིན་ཏུ་ཆེ་ཞིང་མ་བཅོས་ལྷུག་པའི་རྣམ་ཐར་སྐྱོང་བའི་ཆོས་མཐུན་ཞིག་ཡོད། བཅུ་གཉིས་པ་རྟིང་མའི་ནང་དུ་བྲག་སྣ་ཆོས་རྗེ་བློ་བཟང་ངག་དབང་གིས་རྡོ་རྗེ་སློབ་དཔོན་བྱས་པའི་འཇམ་དཔལ་མེའི་སྤུ་གྲིའི་སྲུང་བཟློག་བསད་མནན་ཚང་མའི་ལས་ལ་སྦྱར། ཆབ་མདོ་དབོན་དྲུང་ཞི་བ་བཟང་པོས་སྡེ་པ་དེ་ཉིད་མ་བཞུགས་པའི་སྟབས་ས་ཟིན་པ་ཞིག་ཡོང་ཤས་མི་ཁ་བས་དེ་རིགས་མཆིས་ཚེ་ཁམས་ཀོང་རྩེ་བསྟུན་གྱིས་རྒྱ་ཆེ་དཔངས་མཐོ་བ་བྱེད་འདུན་གྱིས་ངོ་བོ་ས་ཉལ་མ་ལ་རྣམ་པ་འགྲུལ་པར་བརྫུས་ནས་འབྱོར་བ་ཡིན་འདུག་རུང་གནས་ཚུལ་མ་ཐོས། ཁོང་པ་དགེ་བསྟན་ལ་རྒྱ་དང་སྒོས་སུ་དགའ་ལྡན་ཕོ་བྲང་པར་ཞེན་ཆེ་ཆེ་འདྲའི་རྒྱུ་མཚན་མང་དུ་ཟེར་བ་རྗེས་སུ་བྱས་ཚེ་ཕུབ་མའི་ཆུ་རོང་ཁོ་ནར་གདའ་གད་ཁ་ས་པར་འཕན་ཡུལ་མཁར་རྩེ་དང་སྒོ་སྣ་ཤག་པར་མལ་གྲོ་གུང་དཀར་གསར་སྤྲོད་བྱེད་རྒྱུ་ཡིན་འདྲ་ཟེར་བ་སོགས་བྱུང་བས་བསོད་ནམས་དབང་རྒྱལ་མཚོ་ཁ་ནས་འཁོར་འཕྲལ་ཡིན་ཀྱང་ཟླ་བོར་ཨུ་ལེམ་ཇི་ཁ་ཤ་ཁ་བཅས་དེ་རིགས་མནའ་ཁོངས་སུ་ཆུད་པའི་ཐལ་ཆ་མི་འགབ་ལུགས་རྒྱུ་མཚན་ཟེར་བར་རྒྱལ་པོ་མཆེད་ཀྱི་སར་བརྫངས། ཞང་ཚན་གཉིས་ཀྱིས་རྫོང་དམག་དཔོན་ཚོར་རྩིས་སྤྲད་པའི་སྐོར་ཞིག་རྫོང་དུ་ནང་སོ་དགོས་དགོས་ཅན་གྱིས་བསྡད། ཞང་ཚན་གཉིས་འདམ་བསམ་གྲུབ་བདེ་ཆེན་ཕྱོགས་སུ་སོང་འདུག་པ་བྲག་སྣ་ཆོས་རྗེ་བློ་བཟང་ངག་དབང་གིས་གཙོས་གྲངས་བཅད་སྒྲུབ་ཏུ་བཅུག་ནས་བསྐྲད་འཁོར་ཞིག་ཐང་འབྲོག་ཏུ་སྐྱེལ་བར་བཏང་བ་ཐོག་ཏུ་ཁེལ། བོད་དམག་རྣམས་གྱེས། སྐྱིད་ཤོད་ཕྱོགས་འདིར་ཁོང་གཉིས་


GLG005_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲེལ་ཆེ་བ་མངས་པས་དྲག་ཞན་ཀུན་ལ་ཁ་ལབ་འབྲེལ་བརྒྱུད་མི་བྱེད་པའི་བསྡམ་ར་བླངས། ཕུར་སྒྲུབ་སོགས་དུས་རིམ་རྣམས་ཚུགས་རུང་བྲེལ་བས་རྡོ་རྗེ་སློབ་དཔོན་དུ་འགྲོ་མ་ཐུབ། སྣེའུ་སྡོང་རྩེ་ནས་ཞབས་དྲུང་ཡབ་སྲས་ཕེབས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་དུས་ཀྱང་འཇིག་རྟེན་གྱི་ཐུགས་ཁུར་དུམ་པ་བཞེས་དགོས་བྱུང་བའི་བདེ་གཟར་སྐབས་གནང་བའི་བཀའ་ཤོག་འདི་བཞིན་ཡིན་ཞེས་སྡེ་དཔོན་ཚོར་བརྡ་རྙིང་ཡོད་པའི་སྔར་གྱི་རྙིང་པ་གཅིག་གཉིས་སྟོན་པ་གནང་གཡེང་བས་རྗེས་གནང་སོགས་འབུལ་མ་ཐུབ་པས་ཕྱག་དྲུག་པ་ལ་བརྟེན་པའི་བཀའ་བསྒོ་ཕུལ། ཚེས་བཅོ་ལྔ་ལ་རིན་པོ་ཆེ་སྨན་ལུང་པ་ཕེབས་ལོ་མཇུག་ཏུ་མཁའ་འགྲོ་གྲིབ་སེལ། སྡེ་བརྒྱད་གྲིབ་སེལ། འཆི་བླུ་རྣམས་མཛད། ཚེས་བཅུ་བདུན་ནས་ལས་འགོ་བཙུགས་ལྕགས་བྱི་ཟླ་བ་ལྔ་པའི་ཉེར་གཉིས་ལ་གྲུབ་པའི་དབུ་རྒྱན་དར་དཔྱངས་སྙན་རྒྱན་དང་བཅས་པ་གསེར་ཞོ་ལྔ་བརྒྱར་ཉེ་བ་ལྗང་བརྡུངས་ལ་རིན་པོ་ཆེ་བཻ་ཌཱུཪྻ་སེར་པོ་དཔངས་ལ་རྩེ་སོར་དོ་ཞེང་ལ་སོར་ཕྱེད་དོ་ཡོད་པ་གཅིག །གཡུ་གྲངས་བདུན་བརྒྱ་སྐོར། མུ་ཏིག་བརྒྱར་ཉེ་བས་སྤྲས་པ་གྲོང་གསར་བས་དོ་དམ་བྱས་ཏེ་ཆོས་རྒྱལ་ཀྲྀ་ཀྲིའི་མཆོད་རྟེན་བྱམས་པ་ཆོས་ཀྱི་འཁོར་ལོར་སྨོན་ལམ་ཚིགས་བཅད་གཟོང་རིས་སུ་བརྐོས་ཏེ་སྒྲོན། འོད་ཟེར་འཕྲོས་པའི་ལྷ་བརྒྱད་ཀྱི་ནང་ཚན་མར་མེ་མཛད་ལ་ཤིང་གི་དབུ་རྒྱན་ཞིག་ལས་མི་འདུག་པས་བྱམས་པའི་རྙིང་པ་དེ་ལ་མདོག་འདོན་དང་གསོ་བྲན་ཅུང་ཟད་བྱས་ནས་ཕུལ། ཚེས་བཅོ་བརྒྱད་ལ་འབྲི་གུང་དུ་རིག་འཛིན་ཆེན་པོ་ཆོས་ཀྱིས་གྲགས་པ་པདྨ་འོད་


GLG005_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞིང་དུ་སྐུའི་བཀོད་པ་བསྡུས་པའི་ཐུགས་དམ་གསལ་འདེབས་པ་འབྱོར། གདུང་འབུལ་ལ་བརྟེན་པའི་དགོངས་རྫོགས་མཐུན་རྐྱེན་གྱི་དངོས་པོ་གྱ་ནོམ་པའང་བསྟབས། གོང་དཀར་ཆོས་སྡེ་པ་ལ་གཞན་གྱི་ཞུ་ལོག་གི་འཕྲུལ་གྱིས་མཆོད་གཞིས་རྣམས་བཞེས་ཏེ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་སྒྲུབ་མཆོད་ཆག་པར་ཉེ་བར་བླ་མ་ནམ་མཁའ་མཛོད་པ་ཞུ་དོན་ལ་ཡོད་པ་བཞིན་ས་འབྱེད་ལ་ཁ་རག་སྒྲུབ་སྡེ་པའི་བྱེད་སྒོ་ལོག་པར་བརྟེན་སྡེ་པ་གོང་མས་བཞེས་པའི་མཆོད་གཞིས་རྟ་འོན་བསམ་གྲུབ་གླིང་གཞིས་ཀ་དུད་འཛིན་གཉིས། ལག་འབབ་བདུན་བརྒྱ། སྙེ་མོ་རྐ་སྟོད་དང་ཞུར་ལག་གི་གཞིས་ཀ་ཐེམ་འཛིན་སུམ་ཅུ། ལག་འབབ་ཆིག་སྟོང་བརྒྱད་བརྒྱ་སྐོར་དང་སྟོན་ཚབ་ཀྱི་གཤོར་འདེབས་བསྟན་རྒྱུན་ལ་བསམས་ནས་སྦྱར། སྡིངས་པོ་ཆེའི་གྲ་རིགས་བླ་མ་རྣམ་སྲས་ཀྱི་རྒྱུ་མཚན་ལ་བརྟེན་ས་རིས་རྣམས་ཤོར་བར་དཀའ་གཡེང་ཡང་མ་ནུས་པས་ཕྱིར་སློག་གི་བབ་ཐོབ་ཆེ་བ་རང་མི་འདུག་རུང་འཐོར་དོགས་ཡོད་འདྲ་ཟེར་བས་རྟགས་ཙམ་འཛིན་པ་ལའང་དགེ་འདུན་དཀོན་མཆོག་ཏུ་མོས་པར་བཤད་པའི་དབང་གིས་གྲ་ནང་དུད་འཛིན་སུམ་ཅུ། ལག་འབབ་ཉིས་སྟོང་དུ་ཉེ་བ་ཕྱིར་སློག །འབྲས་སྤུངས་བདེ་ཡངས་པའི་མཆོད་གཞིས་ཁ་རུ་གསེར་ཁང་གི་ཚབ་ཏུ་སྡེ་བཞི་སྐོར་ནས་དགོན་པ་གསར་པ་ཅན་ཐེམ་འཛིན་བརྒྱད། ལག་འབབ་ཕྱེད་བདུན་བརྒྱ། ཕ་བོང་ཁའི་ཇ་ཚུལ་ཐེབས་སུ་གྲ་བཞི་ཁང་གསར་ནས་དགུ་བརྒྱ་ཐོན་ཁུངས་ཀྱི་འཁྱར། དབུ་མཛད་དང་གཉེར་པ་སྦྱིན་པ་གཉིས་དང་གྲོས་བསྡུར་ངོས་མཆོད་དཔོན་པས་ལན་ཅིག་མ་ཡིན་པའི་ནན་ལབ་ཆེ་བར་
བརྟེན་འཕྲལ་ལག་འཐོགས་རང་མི་འདུག་རུང་འཕྲལ་ཕུགས་ཚང་མར་འཇགས་སོ་ཆེ་བར་གོ་དེ། ཕན་བདེ་ལེགས་བཤད་གླིང་པའི་མཆོད་ཐེབས་སུ་མཁར་རྔ་དུད་འཛིན་ལྔ་བཅུ། ལག་འབབ་སུམ་སྟོང་བཞི་བརྒྱ། རྩེད་ཐང་དོ་སྔོན་ཆོས་སྡེ་བས་འཛིན་ཤུལ་གཞིས་ཀ་དུད་འཛིན་བདུན་ཅུ། ལག་འབབ་དྲུག་སྟོང་ལྔ་བརྒྱར་ཉེ་བ། མཆོད་དཔོན་དབུ་མཛད་གཉིས་ལ་བདེ་སྐྱིད་དཔལ་འབྱོར་གྱི་གཞིས་ཀ་འཕྲང་འགོ་ཕུ་ཤར་དང་བཅས་པའི་ཐེམ་འཛིན་ཉེར་ལྔ། ལག་འབབ་ཆིག་སྟོང་ཕྱེད་དགུ་བརྒྱ། མངའ་རིས་དྲུང་པར་འཕྲང་འགོ་མཁར་ལྡན་ནུབ། སྒྲགས་མདའ་སྤང་ཆུང་དགོན་པ་བ་ཐེམ་འཛིན་བཅོ་བརྒྱད། ལག་ཡོང་ཕྱེད་དྲུག་བརྒྱ་སྐོར། སྟག་རུ་ནས་ལ་ཁྲོ་བོ་མཁར་གྱི་གཞིས་ཀའི་ཤུལ་དུད་འཛིན་བཅུ་དྲུག །ལག་འབབ་ཆིག་སྟོང་དྲུག་བརྒྱ་སྐོར་སྤྲད། ཉེར་ལྔ་ལ་རྒྱལ་པོ་སྐུ་མཆེད་བྱོན། ཞང་ཚན་གཉིས་ཀྱིས་དགྲ་བསྡོང་ལག་སྦྲེལ་གྱི་རྣམ་པས་ལྷོ་འབྲུག་གི་དམག་བསྐུལ་བར་ཆིངས་དན་སོགས་ལ་རྩིས་མེད་ཀྱིས་ཕག་རིར་འོངས་པར་ཁ་ཉེས་ཚན་ཆེན་བཏང་བའི་དཔའ་རྟགས་ཀྱི་ལག་མཚན་འབྱོར་བ་དང་ཉེར་དགུའི་འཇམ་དཔལ་དུས་དགྲའི་ཟོར་ཕྱིར་བཏོན་པ་དུས་མཚུངས་པས་རྟེན་འབྲེལ་འགྲིག་པར་བྱུང་།

དགུང་ལོ་ཞེ་བཞི་པར་འབྲས་སྤུངས་ཀུན་དགའ་ར་བའི་ལྷ་ཁང་གསར་བཞེངས་དང་། བོད་ཁམས་བདེ་ཐབས་ཀྱི་རིམ་གྲོ་མཛད་པ་སོགས་ཀྱི་སྐོར།


GLG005_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཕོ་བྱི་བའི་ལོ་གསར་གྱི་འདོད་ཁམས་དབང་ཕྱུག་མ་ཉེ་བར་བསྐང་བའི་ཚོགས་དབུར་ཕྱིན། རྟེན་འབུལ་གྱི་སྐབས་རྒྱལ་པོ་སྐུ་མཆེད་ཉུང་བསྡུས་དང་ཕྲད། དེ་ཉིན་བཞུགས་གྲལ་གྱི་ཚེ་སྔར་མ་གྲགས་ཀྱི་རླུང་དམར་ཆེན་པོ་ནམ་མཁའ་འགྲིབ་པ་བྱུང་བ་ཁོང་སྐུ་མཆེད་དང་ཞང་ཚན་ཟས་འབྲེལ་སོགས་ལུགས་ལེགས་བྱུང་འདུག་པས་ཆོས་སྐྱོང་གི་འཁུ་ལྡོག་གི་རྣམ་པ་ཡིན་འདྲ་


GLG005_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་། གླང་བུ་ནས་ཀྱི་འཕྲོས་གཏམ་གྱི་དྲི་མལ་བྱས་པའི་ལན་རིན་པོ་ཆེ་སྨན་ལུང་པས་ཤིན་ཏུ་རྒྱས་པར་གསུངས། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེས་འདི་ལོ་ནས་བཟུང་ཡང་རྫོང་དུ་ལོ་གསུམ་སྦྲེལ་པའི་སྐུ་མཚམས་ཤིན་ཏུ་དམ་པ་གནང་བའི་ཕྱག་རྒྱ་ཟིལ་གནོན། ཕུར་པ། དྲག་དམར། དྲེགས་འདུལ་རྣམས་ཀྱི་བསྙེན་ཡིག་དང་ལྡང་ལྷའི་གསོལ་མཆོད་དགོས་ཚུལ་རིམ་གྱིས་ཕེབས་པ་ལྟར་བྲིས་ཤིང་ལར་ནས་ཆོས་ཕྱོགས་སུ་མཁྱེན་དཔྱོད་བརྩོན་འགྲུས་ཤིན་ཏུ་ཆེ་བའི་དོགས་གཅོད་མང་དུ་བྱུང་བར་ཆོས་ཀྱི་བདག་པོར་བསམས་ཏེ་སྦ་བསྲི་མེད་པར་ཕུལ། སྨོན་ལམ་ཆེན་མོ་དུས་ཐོག་ཏུ་ཚུགས་པའི་ཚོགས་དབུར་ཁྲི་རིན་པོ་ཆེ་ཟུར་པ་གདན་དྲངས། ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དབུ་རྒྱན་རྙིང་པའི་སྟེང་དུ་གསེར་སྲང་ལྔ་བསྣན་པའི་བཀོད་པ་ལེགས་སུ་བཏང་ཕྲ་རྒྱན་རྙིང་པ་རང་གིས་གོ་བཅད་དེ་སྨོན་ལམ་གྱི་ཁ་ཡིག་གཟོང་བརྐོས་དང་བཅད་ཁྲ་འབྲུག་གི་ཇོ་མོ་སྒྲོལ་མར་ཕུལ། ཇོ་མོ་ལ་བུད་མེད་ཕལ་པའི་རྒྱན་ཆ་བཏགས་པའི་རྟེན་འབྲེལ་འཕྱུགས་ཏེ་ཕག་མོ་གྲུ་པའི་རྒྱལ་སྲིད་ཉམས་པའི་ལོ་རྒྱུས་འདུག་པ་ལྕགས་ཡོས་དེ་གའི་གླེང་བརྗོད་ལ་བརྟེན་སྣ་མོ་ཤག་མི་ཕམ་ཀརྨ་སངས་རྒྱས་ཀྱིས་གསེར་ཟངས་ཀྱི་མཚོན་དོན་ཞིབ་ཕུལ་ཡོད་འདུག་རུང་ད་ལམ་དངོས་པོ་བཟང་དུ་སོང་བས་བོད་ཀྱི་རྒྱལ་སྲིད་སུ་འཛིན་ལ་ཕན་ནམ་སྙམ། ཕག་ལོ་ཟླ་བ་བཅུ་གཉིས་པའི་ཉེར་ལྔ་ལ་གདན་ས་གོང་དུ་ཞབས་དྲུང་རིན་པོ་ཆེ་གྲུབ་མཐའ་སྙོགས་ཏེ་མཁའ་སྤྱོད་ཀྱི་ཞིང་དུ་གཤེགས་པའི་ཐུགས་དམ་གསལ་འདེབས་པ་འབྱོར། གདུང་འབུལ་དུ་གོས་དར་ཇ་དངུལ་འབྲུ་དང་བཅས་པའི་བདོག་པ་


GLG005_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་བར་ལྷ་ཁང་ནས་བློ་བཟང་དབང་རྒྱལ་རྫོང་བདའ་བྱས། ཆབ་མདོ་དབོན་དྲུང་། ཨུ་ཁེ་རེའི་ཐའི་ཇི། ཆོག་ཐུ་པཱ་རང་ཅན་ཉི་ཤུ་རྩ་ལྔ་ལ་འཇིགས་བྱེད་བཅུ་གསུམ་མའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བཞི་བསྐུར། དབོན་དྲུང་ལ་འཇིགས་བྱེད་མངོན་དཀྱིལ་སོགས་ལུང་ཉེར་མཁོ་ཁ་ཤས་བཀླགས། ཁམས་སུ་ལོག་མི་ཉི་ཤུ་ཙམ་རབ་བྱུང་དང་བསྙེན་རྫོགས་བསྒྲུབས། རྫོང་བ་གང་ལེགས་བྱས། ལོ་སྔ་མའི་ནང་དུ་ཤེ་ཕུག་གཉིས་ཕན་བདེ་བ་དང་འབྲུ་ལྷ་བའི་ཟློས་མཚམས་ལ་བཏང་བར་ཕན་བདེ་བས་ཉན་འཇོག་ཆེ་བ་མ་བྱས་འདུག་པ་ཁྱེད་ཀྱིས་མར་ལམ་བསླབ་བྱ་བྱེད་དགོས་ཚུལ་ལབས་པ་ཁས་ལེན་སོས་ཁྱག་བྱས་སོང་རུང་དོན་དུ་ཁོང་སྤུན་གཉིས་ཀྱིས་མ་སྐྱེས་དགྲ་དང་ལྷས་བྱིན་གྱི་གཏམ་རྒྱུད་བཞིན་གྲོས་གཤོམ་མང་དུ་བྱས་རིགས་སུ་སྣང་། ཨུ་ཁེ་རེའི་ཐའི་ཇི་ལོ་སྔ་མ་ཁོ་རང་གི་ནུས་སྟོབས་ལ་དཔགས་པའི་རེ་བ་བཞིན་བྱུང་བས་འཇིགས་བྱེད་ཀྱི་སྐུ་རྒྱ་ནག་མ་ཞིག་གིས་གཙོས་པའི་བྱིན་རླབས་རྟེན་གང་མང་བདོག་པའི་དངོས་པོ་བཟབས་རྒྱས་གྱི་རྫོང་བ་བྱས། ཧོར་ཟླ་གཉིས་པའི་འགོར་ཚངས་པ་དུང་ཐོད་ཅན་ལ་སྤྱན་གཟིགས་སྒྲོན་ཆས་ཚོགས་འཁོར་གྱ་ནོམ་པ་འཕྲིན་ཡིག་ཚིགས་བཅད་དང་བཅས་དཔོན་ཚང་བྱང་ངོས་པ་བླང་དོར་གྱི་དྲི་སྨེད་ཞུ་བར་བཏང་། ཕན་བདེ་ལེགས་བཤད་གླིང་པའི་འདུ་ཁང་དཀྱིལ་འཁོར་བྲི་བ་སོགས་སྒྲུབ་མཆོད་ཀྱི་སྐབས་ཤིན་ཏུ་ཁུལ་དོག་པ་ཞིག་ཡོད་པར་གསང་སྔགས་ཕོ་བྲང་རྒྱ་བསྐྱེད་དེ་ཀ་བ་སུམ་ཅུ་སྐོར་ཡོད་པའི་འདུ་ཁང་མགོན་ཁང་། ཤོད་དུ་གཤིན་རྗེ་དང་གཟའ་ཁང་། གྲོག་པོའི་ཕ་རིར་རྒྱུན་གྱི་མཚམས་ཁང་བརྒྱབ་པའི་


GLG005_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

སྟ་གོན་གྱིས་གཡུང་དར་རྒྱས་གླིང་གི་ཤིང་ཆ་རྣམས་འདྲེན་པའི་གཤོམས་ལ་བརྟེན་ཇའི་སང་སྡེ་པས་འུ་ལག་བསྐུལ་བའི་སྡེབས་སུ་འགྲོ་འདུག་གཤིས་ཀུན་དགའ་ར་བ་བརྩིགས་ན་ཡོང་བའི་འཆར་སྟོན་བྱུང་བ་འདོད་སྦྱར་བཞིན་གྲ་བསྒྲིགས་པའི་འདི་ལོ་ཡས་མས་ཀྱིས་ཨར་པོ་རྣམས་ཚུགས། ཀུན་དགའ་ར་བ་ཧང་བཟོའི་བཀོད་པ་ཇའི་སང་སྡེ་པས་འཆར་ཙམ་བསྟན་པའི་ཞིབ་ཆ་མཐའ་དག་གྲོང་གསར་བས་བྱས། ཚེས་བཅུ་བཞི་ནས་འཇམ་དཔལ་ཟིལ་གནོན་གྱི་སྔགས་རིང་བྱེ་བ་དང་འབྲེལ་བའི་བཟློག་པ་བཙུགས། དཔོན་ཚང་བྱང་ངོས་ནས་ཀྱིས་རྒྱུད་ཀྱི་དགོངས་པ་སོར་གནས་ལ་ཕྱག་ལེན་མན་ངག་གིས་ཟུར་བརྒྱན་ཏེ་རིན་ཅེན་ཚ་སྦྱོར་དངོས་གཙང་ཞིང་གཏོས་ཆེ་བ་སྦྱོར་བ་མཛད། སྨན་དཀོན་པའི་རིགས་རྣམས་ཀྱང་ཇའི་སང་སྡེ་པའི་རྩོལ་བས་དྲུང་འཚོ་ལྷག་བསམས་ལ་རིན་བསྐུར་ཏེ་འཚོལ་བར་མངགས་པ་འཛོམ་ཆེ་བ་བྱུང་། འོན་ཀྱང་དངུལ་ཆུ་ནི་གློ་བུར་དུ་འདུལ་མ་ཐུབ་པའི་གཤིས་མུ་ཟིས་བཤིག་པ་ཙམ་ལ་བརྟེན་པས་གཉན་རྒོད་ཆེན་པོ་དང་མཛེ་མ་གཏོགས་པའི་ནད་ལ་གདུགས་དཀར་ལ་སྔགས་ཀྱི་ཅུང་ཟད་འབགས་སོང་། རིན་པོ་ཆེ་སྨན་ལུང་པས་མཁའ་འགྲོ་བསུ་བཟློག་དང་འཆར་ཀའི་མདོས་ཆེན་མཛད། གྲོང་གསར་བས་བཟོ་བཀོད་བྱས་པའི་ཉེར་ལྔ་ནས་འགོ་བཙུགས་ཟླ་བ་བཞི་པའི་ཉེར་བརྒྱད་ལ་གྲུབ་པའི་དབུ་རྒྱན་དར་དཔྱངས་སྙན་རྒྱན་དང་བཅས་པ་གསེར་ཞོ་ལྔ་བརྒྱ་ལ་ལྗང་བརྡུང་ཐོགས་གཡུ་གྲངས་སུམ་བརྒྱར་ཉེ་བ། མུ་ཏིག་བཞི་བརྒྱ་སྐོར། ཤེལ་བདུན་ཅུ་ལྷག་བཅས་ཀྱིས་སྤྲས་པར་འཕྲིན་བཅོལ་གྱི་ཁ་བྱང་བརྐོས་ཏེ་དཔལ་ལྡན་དུང་སྐྱོང་རྒྱལ་མོར་


GLG005_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། ཟླ་བ་གསུམ་པའི་ཚེས་བརྒྱད་ལ་ལེགས་ལྡན་ནག་པོ་ཕྱི་ནང་གསང་བའི་མཆོད་པས་མཉེས་པར་བྱས། འཇམ་དབྱངས་སྨོན་འགྲོ་པཎ་ཆེན་གྱི་ཞལ་སློབ་མདོ་པ་ཡིག་མཁན་ཆེད་དུ་བཀུག་ནས་བླ་མ་གསང་འདུས་སོགས་དཔེ་ཁ་ཤས་བྲིས་ཤིང་ཤོག་ལས་ཀྱང་མང་ཙམ་བྱས་པ་ལཱཉྪ། ཝརྟུ། དབུ་ཆེན། འབྲུ་ཚ། ཟླུམ་རིས་གང་ལའང་གཟུགས་དང་བརྡ་དག་ཕུལ་དུ་ཕྱིན་པར་སྣང་བས་ལྕང་གསེབ་པ་འཇམ་དབྱངས་དཔལ་བཟང་འབྲུ་ཚ་བསླབ་ཏུ་བཅུག །ཨ་ཁ་ལི་ཐང་དུ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་ཆོས་སྡེ་གསར་འདིང་གནང་བ་ལྗངས་དུས་ཀྱང་གྲུབ་མཐའ་ཁ་ཕྱོགས་ལོག་པའི་སྟབས་ཀྱིས་རིམ་གུད་དུ་སོང་བའི་སྟེང་བི་རི་དོན་ཡོད་བནྡེ་སྤྱི་དང་ཁྱད་པར་དགེ་ལུགས་ཀྱི་བསྟན་དགྲར་སྨོན་ལམ་ཐེབས་པས་དམག་གིས་དགོན་པར་ལག་བརྒྱབ། ཐུབ་ཆེན་གྱི་གཟུངས་བཞུགས་བཏོན། པད་གདན་ཁྲི་བཅས་བཤིག །དགོན་པ་མིང་མེད་དུ་འགྲོ་བར་ཉེ་བ་ལ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་མཚན་དོན་མདོ་ཁམས་སྒང་དྲུག་ལ་སོང་བའི་མཇུག་ཚགས་ད་ལའི་ཧུང་ཐའི་ཇིས་མཛད་པའི་ཕན་ཡོན་གྱིས་ཨ་ཆི་ཁ་ཆོས་རྗེ་ཅན་གྱིས་དོ་དམ་བྱས་པའི་དགོན་པ་དར་རྒྱས་ཀྱི་འགོ་བཙུགས། ཤིང་རྟ་རྒྱལ་པོས་འབའ་དང་ལྷན་དུ་གཞུང་ནས་ཉིས་སྐྱོང་དགོས་པའི་སྡེ་པ་དང་བཀའ་བགྲོས། གཟེར་ཆེན་པ་རྣམ་རྒྱལ་ཚེ་རིང་རྫོང་བདའ་གནང་བའི་བརྗེ་ཚབ་ཏྲེ་བོ་དར་ཁན་དཀའ་བཅུས་དགོན་པའི་ཞིག་གསོས་ཀྱི་དོ་དམ་དང་ལས་དཔོན་གྱི་དཔུང་པ་ཞོར་འདེགས་རཏྣ་བྷ་དྲ། སྦྱིན་བདག་དཔོན་མཁའ་འགྲོས་བྱས་ཏེ་ཐུབ་ཆེན་གྱི་དྲི་གཙང་ཁང་དང་འདུ་ཁང་བསྐྱེད་པའི་ཀ་བ་དྲུག་ཅུ་རེ་བཞིའི་ས་རྣམས་གསར་


GLG005_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱག །འབའ་ནས་ཟངས་ཁལ་བརྒྱ་ལྷག་ཙམ་གྱི་ཁ་འདེབས་དང་བཅས་པའི་ཁྲི་པད་ཞིག་གསོས། འདུ་ཁང་གི་ལྡེབས་རིས་ལ་མཛད་བརྒྱ། གཙང་ཁང་སྦུག་ཀ་བརྒྱད་མར་བྱམས་པའི་སྨན་སྐུ་ཐོག་ཚད། གཟུངས་འབུལ་རབ་གནས་པ་དེ་མོ་སྤྲུལ་སྐུ། བན་ཁྲལ་གསར་བརྒྱབ་དང་འོག་ཚར་བསྡུས་པའི་གྲ་པ་ཕྱེད་ལྔ་བརྒྱ་ཙམ་ལ་ཆོས་ཐོག་བརྒྱད་ཀྱི་ཟླ་ཕོགས་དང་ཉིན་རེ་ཇ་ཚུལ་གཉིས་མ། ཆོ་འཕྲུལ་སྨོན་ལམ། ལྔ་མཆོད་དང་ཉེར་བདུན་མཆོད་པ་ཚུགས་པའི་དེང་སང་འཕེལ་རྒྱས་ཆེ་སྐབས་སུ་སྣང་། ཚངས་པ་དུང་ཐོད་ཅན་གྱིས་ཡུན་དུ་འཚོ་བའི་རྟེན་འབྱུང་བསྒྲིག་པར་ཆེད་བསྟད་ཚེར་གསེབ་བླ་མ་མངགས། ལུང་བསྟན་དུ་ཚེ་དཔག་མེད། སྤྱན་རས་གཟིགས་། སློབ་དཔོན་ཆེན་པོ་རྣམས་ཀྱི་ལྷ་ཁང་དང་ནུབ་ཕྱོགས་སུ་མཆོད་རྟེན་བཞེང་དགོས་ཚུལ་རྒྱས་པར་བྱུང་། གཙང་ཕྱོགས་སུ་བསྐྱར་ལངས་བྱེད་མཁན་ཚོ་རེ་ཞིག་རང་འཇགས་སུ་གནས་པ་དེ་མུས་སུ་ལུས་ཚེ་ཕུགས་ཡུལ་ཀྱང་ངན་པའི་སྲོལ་ལམ་ལམ་ངན་གྲོག་པོར་དོད་འགྲོ་སྣང་བས་མདོ་ནས་ཛམ་ལ་ཅན་ས་རིས་རྩིས་ལེན་དང་ཆད་ལས་སོགས་དྲན་འཛིན་བྱེད་པར་བཏང་། རོང་པ་རྫོགས་ཆེན་པའི་དབུ་མཛད་ཀརྨ་ཚེ་བརྟན་དང་ལྷ་ས་རྨི་རུ་བ་རྣམས་ཀྱིས་ཚན་གྲངས་དང་བཅས་པ་ཚེ་བསྲིང་བའི་རྟེན་འབྲེལ་བསྒྲིགས། ཚེས་བཅུ་གསུམ་ལ་བསྙེན་རྫོགས་བཅུ་དང་དགེ་ཚུལ་ཉེར་གསུམ་བསྒྲུབས། ཚེས་བཅོ་ལྔ་ལ་སྟག་ལུང་ཞབས་དྲུང་མ་ཆེན་ཕེབས། བཀུར་གཟོས་གཞིས་ལེན་སྔར་འཁྱུད་བཞིན་བཟབས་པ་ཞུས། ཉིན་ཁ་ཡར་གྱི་བར་མཇལ་ཞིང་ལུགས་གཉིས་དང་འབྲེལ་


GLG005_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གསུང་གླེང་གི་རིམ་པ་རྒྱས་པས་དུས་འདའ། ཞབས་དྲུང་དེ་མ་བཅོས་ལྷུག་པ་ལྟ་བུའི་ཕེབས་སྒོ་ཕྱི་ནང་མེད་པ་འདྲ་བ་ལ་ཆེན་པོའི་སྤྱོད་ཚུལ་ཤུགས་འབྱུང་གིས་མ་དོར་ཞིང་གཞན་ཕན་གྱི་ཐུགས་བསྐྱེད་བཟང་ཉམས་དང་ལྡན་པའི་ཞལ་འདྲིས་པ་ཙམ་གྱིས་དག་སྣང་སྐྱེ་བ་ཞིག་སྣང་། ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་གྱི་ཁྲོད་ནས་གསང་འདུས་དམར་འཁྲིད་ཀྱི་ལུང་ཕུལ། རྗེ་ཕ་བོང་ཁ་པར་ཐོབ་པ་བརྗེད་ནས་བརྒྱུད་ཡིག་འབུལ་རྒྱུ་མ་བྱུང་བས་དྲུང་འཁོར་འགས་འདི་འདྲའི་ལྗངས་ལུང་མོས་པ་ལམ་བྱེད་ཙམ་ཡིན་འདུག་ཅེས་སྨྲས་སྐད། དེ་སྐབས་མཁར་རྩེ་དང་མལ་གྲོ་གུང་དཀར་སྦྱོར་འཇགས་བྱས་ཚེ་སྒྲོག་རུས་ཆག་བརྒྱད་དུ་སོང་བའི་དཔེ་བཞིན་དོན་ལ་བཏུབ་ཀྱང་གཏམ་ལ་མ་བཏུབ་པས་དེ་འདྲ་ལས་ངེད་རྒྱ་སོག་གི་ཡུལ་དུ་འགྲོ་དགོས་བྱུང་ཡང་འཚེར་རྒྱུ་མེད་སྙམ་འཁྲ་བཞག་ཆེ་བ་བྱས་པས་གཏོད་མ་དགོས་ཀྱང་རྒྱལ་པོ་སྐུ་མཆེད་གཉིས་ཀྱི་གསུང་ནན་དང་བསྟུན་སོ་སོར་ས་རིས་འོས་འགབ་རྩིས་སྤྲོད་ཀྱང་གྲུབ་རུང་རྒྱལ་པོའི་སྐུ་ཞབས་སུ་བཀྲས་སྒང་ཚེ་རིང་སྒོར་ཏེ་གོང་དཀར་དུ་བསྐྱལ་བའི་གཏམ་གྱིས་རྐྱེན་བྱས། གཙོ་བོར་ཆོས་སྐྱོང་སྲུང་མའི་མཐུ་རྩལ་གྱིས་ཞང་ཚན་གཉིས་ལམ་ནས་དོན་མེད་ལ་སྟོང་འུར་གྱིས་སྟག་ལུང་དུ་བྲོས། རྒྱུ་མཚན་དེས་རྒྱལ་པོ་སྐུ་མཆེད་ལ་རྒྱབ་ལོག་བྱས་པ་ལྟ་བུར་སོང་བས་ཐུགས་ལ་ཕོག་སྟེ་ཕན་གྲོགས་མཛད་པའི་སྤྲོས་པ་དང་བྲལ། སྟག་ལུང་སྡེ་དགོན་ནས་གད་སྒོ་གཉིས་ཀྱི་ཁག་ཐེག་མཛད། ཞབས་དྲུང་རིན་པོ་ཆེ་ཕྱིར་ཐེགས་གདོང་འབུལ་ཆས་སྤམས་མཐོ་བ་བསྟར། འབྲི་གུང་ཞབས་དྲུང་སྐུ་འབྲིང་པོའི་སྤྲུལ་སྐུ་ཉང་པོར་འཁྲུངས་པ་མཁན་སློབ་ཆོས་


GLG005_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཕྱག་མཛོད་སོགས་དཔོན་སློབ་མང་རབ་ཕེབས། སྤྲུལ་པའི་སྐུ་དགེ་ཚུལ་གྱི་དངོས་པོར་བསྒྲུབས། མཚན་ཞབས་དྲུང་ཆོས་ཀྱི་གྲགས་པས་དཀོན་མཆོག་འཕྲིན་ལས་བཟང་པོར་གསོལ་བ་གནང་གྲུབ་འདུག་པ་ངེད་རང་གི་མིང་ཟུར་ཡང་བཟང་པོའི་མཐའ་ཅན་དུ་ཐོན་པས་བསྒྱུར་བཀོད་མ་བྱས། གུ་རུ་བདེ་བ་ཆེན་པོའི་སྐུ། སློབ་དཔོན་ཧཱུྃ་ཀཱ་རའི་ཕྱག་ཕུར་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱི་གཏེར་བྱོན། རྗེ་ཟུར་པའི་མགུལ་རུ་རྣམས་ཀྱི་ཞུ་རྟེན་དང་བཅས་དངུལ་གདུང་གི་མཐུན་རྐྱེན་དགོས་ཚུལ་ཕྱག་མཛོད་དཀོན་མཆོག་རྒྱལ་མཚན་གྱིས་སྨེད་པ་ལྟར་གང་ལེགས་སྤྲད། ཞབས་དྲུང་ཆོས་ཀྱི་གྲགས་པ་རྗེ་ཟུར་པའི་ཡང་སྲིད་ནས་སླར་གཏེར་ཁ་བཞེས་པའི་ལུང་བསྟན་དུས་བབས་ལྟ་བུའི་སྤྲུལ་སྐུ་འབྱོན་ན་མ་གཏོགས་ཕ་ཤུལ་བུས་འཛིན་གྱི་མཁོ་བྱེད་སྐུ་སྐྱེ་རང་ཡོང་མདོག་མ་ཁ་ནའང་ཕྱག་མཛོད་པས་བསྐུལ་བ་ལྟར་སྐུ་སྐྱེ་མྱུར་འབྱོན་གྱི་གསོལ་འདེབས་བྲིས། མངའ་རིས་པ་བླ་མ་དཀོན་མཆོག་ལྷུན་གྲུབ་དེ་གསང་སྔགས་གསར་རྙིང་ཐ་སྙད་གང་ལའང་ཐོས་རྒྱ་ཆེ་ཞིང་ཁྱད་པར་གསང་སྔགས་རྙིང་མ་ལ་མཁས་ཤིང་གྲུབ་པ་བརྙེས་པ་ཞིག་འདུག་པ་དང་གླེང་མོ་ཞིབ་ཏུ་མོལ། སྤྲུལ་པའི་སྐུ་དཔོན་སློབ་ལ་བདག་རྐྱེན་དང་རྫོང་བ་གང་ལེགས་བྱས་ཏེ་ཕྱིར་ཐེགས། རྒྱལ་པོ་དང་ཧུང་ཐི་མཆེད་གཉིས་བྱང་དུ་འབྱོན་གདོང་ཚེ་དབང་བརྒྱ་རྩ་ཕུལ། འབྲི་གུང་ནས་མངའ་རིས་རྒྱལ་སྲས་པ་འབྱོར་བའི་ཆོས་ཚན་ཉེར་ལྔའི་ལུང་དགོས་ཟེར་བ་དབུ་ཚུགས་ཙམ་ཞིག་བྱས། སླར་སྡེ་པ་ཁྲི་འདོན་གྲུབ་ནས་ཡོང་བའི་ཁས་བླངས་ཀྱང་རྗེས་སུ་རྩོལ་བ་བྱས་མ་སོང་།


GLG005_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

འབྲི་གུང་ཞབས་དྲུང་གི་ཕེབས་སྒོར་ཡང་ཁོང་པ་བཟླས་བརྗོད་འདྲ་བྱས་པའི་ངག་ནུས་ཆེ་ཁུལ་ལས་ཤེས་རབ་ཤིན་ཏུ་ཆུང་གསུང་བ་བཞིན་བཀའ་བརྒྱད་གཤིན་རྗེ་སོགས་ཀྱི་རྡོ་རྗེ་སློབ་དཔོན་ཡིན་འདུག་ཀྱང་དཀའ་བའི་ཟབ་གནད་ཀྱི་རིགས་ལ་དབུ་ཡོན་ལ་ཟིན་ནས་གསུང་རྒྱུ་གང་ཡང་མེད་པར་རྫོང་བཟུང་བའི་ཡོང་རྒྱུའི་ཁུལ་གྱི་སྦུབས་ཆེན་པོ་ཞིག་སྣང་། རྭ་སྒྲེང་མཁན་པོ་བསྟན་པ་དར་རྒྱས་ཨོ་རོད་ཀྱི་གཞུང་གི་བདེ་ཐབས་ལ་མངགས། ཁོང་པ་དད་མོས་ཆེ་བས་ཡོད་འབུལ་ལྟ་བུ་བྱེད་འདུག་ཅིང་ལྷག་ཏུ་འདི་རེས་རྒྱལ་བ་ཙོང་ཁ་པ་ཆེན་པོའི་ཞལ་དཀར་ཕྱག་རྗེས་ཡོད་པའི་ཡ་མཚན་ཅན་དེ་བྱིན། ཁོང་གི་རྗེས་སུ་མངའ་རིས་རབ་འབྱམས་པ་བསྐོས་པ་ལོ་སྔ་མ་བྱང་གི་རུ་ཐོག་ཏུ་ཡོད་སྐབས་ཕྱིང་གུར་ལ་ཐོག་བརྒྱབ་པས་དེ་ནང་དུ་གྲ་པ་གཉིས་འདས་ཀྱང་བླ་མར་སྐྱོན་མ་བྱུང་བས་ཐོག་རྡུགས་མར་གྲགས་པའི་སྙན་པས་འཕྲིན་ལས་བཀུག་པ་ལྟ་བུས་དགོན་པར་ཡང་ཕན་ཐོགས་པ་བྱུང་ཚོད་དུ་འདུག །མེརྒན་ཇི་ནོང་ཡན་ལག་མི་བདེ་བའི་ནད་ཡུན་རིང་ཙམ་བྱུང་བ་ཟླ་བ་བཞི་པའི་འགོར་ལྟག་སྒོར་སླེབས་མཚམས་སླེའུ་འདོར་བྱས་ཚོམས་སུ་ཁ་འབར་མ་དཀར་མོའི་འཆི་བླུ། འཆི་མེད་དཔལ་སྟེར་གྱི་ཚེ་དབང་། སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གྱི་བྱིན་རླབས་བྱས་པས་དེ་ནུབ་ནས་འགྲོ་འཆག་ཐུབ་པའི་བདེ་སྐྱེད་ཐོན་པ་ནད་ལ་གསོག་ལྡང་ཞི་གསུམ་ཡོང་བའི་དྲག་པར་ཉེ་བ་དང་མོས་པ་ཤིན་ཏུ་ཆེ་བ་ཞིག་འདུག་པ་ཉིས་འཛོམ་བྱུང་བ་འདྲ། བྱང་གཙང་དུས་གདན་ས་གོང་གི་གཏོང་སྒོ་ཡོད་བཞིན་པའི་ཚབ་ཏུ་ལྷ་ས་མཐིལ་དུད་བརྒྱར་ཉེ་བའི་མི་གྲ་ཡོང་འབབ་དང་བཅས་པ་ཆུ་ལུག་སྡེ་པ་བསོད་ནམས་རབ་བརྟན་གྱིས་སྦྱོར་


GLG005_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

འཇགས་གནང་བ་ལྕགས་སྤྲུལ་ལོ་ཕྱག་མཛོད་པས་མུས་པའི་བཙུན་པ་ཞིག་ལ་ཁྲིམས་ལུགས་བྱས་པའི་རྐྱེན་གྱིས་མཆོད་གཞིས་གསར་རྙིང་མང་དག་དགོངས་ཕོག་གིས་བཞེས་པར་རྙིང་པ་རྣམས་འགྱངས་མེད་དུ་སློག་པ་མཛད་འདུག་རུང་གསར་ཆོད་ལ་ཞུ་དོན་རིམ་པར་གནང་སོང་ཡང་ཕྱི་ནང་གསང་བའི་དགེ་སྐྱོན་འདྲས་སྐུ་དོན་མ་སྨིན་པ་འདི་ལོ་ཆོས་རྗེ་ཀོ་ཆག་པ་རྫོང་བདའ་གནང་བའི་བཀའ་ཤོག་ངག་བཅས་འབྱོར་བ་གསང་སྔགས་ཀྱི་ཚུལ་སྒྲུབ་མཆོད་ཆག་ན་ཉེས་པ་ཆེ་བར་མ་ཟད་ཁྱད་པར་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱི་བསྟན་པ་ལ་ཕན་དུ་རེ་བའི་ལྷ་ས་མཐིལ་ཡོངས་རྫོགས་གནས་འཇགས་ཞུས། རི་བོ་བདེ་ཆེན་པར་འཇུ་གྲོང་གསར་གཞིས་ཀ །ཐེམ་འཛིན་བཅུ་སྐོར། ལག་འབབ་བརྒྱད་བརྒྱར་ཉེ་བ། ར་བ་སྟོད་པ་རང་ཕྱོགས་འཆད་ཉན་གྱི་རྩ་བ་ལྟ་བུར་འདུག་པས་སྙེ་ཕུ་དགའ་ལྡན་གཞིས་ཀ །ཐེམ་འཛིན་བཅུ་བདུན། ལག་འབབ་སྟོང་ཕྲག་ཕྱེད་གཉིས། ས་ཕག་བདེ་གཟར་སྐབས་ཇུས་རིམ་ཁུར་ཆེན་བྱུང་བ་ནས་དགོས་ཚུལ་མ་བྱུང་ཡང་གསང་ཕུ་སྤྱི་སོའི་ཕོགས་ཐེབས་སུ་སྟོང་ཕྲག་ཕྱེད་གཉིས་ཐོན་ཁུངས་ཀྱི་སྙེ་འཕྲང་ནས་བོགས་ཤས། རི་བོ་ཆོས་གླིང་གི་ཁྲ་འབྲུག་སྨོན་ལམ་ཐེབས་སུ་བཀྲ་ཤིས་རྩེའི་དཔོན་ས་དབྱངས་ཅན་མས་འཛིན་ཤུལ་གྱི་ཤས། དགོན་ཁྲ་ནུབ་ཀྱི་བོགས་འཁྱར་བསྡོམས་པར་ཕྱེད་སུམ་བརྒྱ་ཕ་བོང་ཁའི་ཇ་ཚུལ་གྱི་ཐེབས་གྲ་བཞི་ནས་སྤྲད་པ་མི་སེར་མེད་པས་མ་འཁོལ་བའི་དེ་ཚབ་སྙེ་ཐང་བཀྲ་ཤིས་གླིང་གཞིས་ཀ །དུད་འཛིན་བཅུ། ལག་འབབ་དྲུག་བརྒྱར་ཉེ་བ། བཀྲ་ཤིས་བདེ་ཆེན་པར་ལྕོང་ཁར་བཞིས་འཁྱར་གྱི་ཚབ་དང་ས་སྣོན་སྦྲགས་


GLG005_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྔོད་ཚང་གཞིས་ཀ་ལག་འབབ་བཞི་བརྒྱར་ཉེ་བ། བཀྲ་ཤིས་ཆོས་སྡེ་བར་ཁ་རག་སྒྲུབ་སྡེ་པའི་ཁུངས་ཡར་ཀླུང་བྱ་ས་ནས་བོགས་ཤས་སུམ་བརྒྱ་སྐོར། རྩེད་ཐང་ལྔ་མཆོད་པར་ཁང་གསར་གྱི་ཁང་སྡོད་གཉིས་ཀྱི་ལས་ཁྲལ། ལག་འབབ་སུམ་བརྒྱར་ཉེ་བར། བྱིང་བསམ་གཏན་རྩེ་པར་སྡིངས་པོ་ཆེ་བའི་ཁུངས་གྲ་ཕྱི་རྒྱ་ཡགས་ཅན་དུད་འཛིན་གསུམ། ལག་འབབ་ཕྱེད་བཞི་བརྒྱ། ངམ་རུ་བ་མགོན་པོ་ཚེ་འཕེལ་ལ་འཕན་ཡུལ་གུ་ཤེལ་གཞིས་ཀ །ཐེམ་འཛིན་དགུ། ལག་འབབ་ལྔ་བརྒྱ། རོང་དཔལ་གླིང་པར་འཕྱིང་རུ་ཐོད་དཀར་གཞིས་ཀ །ཐེམ་འཛིན་ཉེར་དགུ། ལག་འབབ་ཕྱེད་བརྒྱད་བརྒྱ། གྲ་ལྡུམ་པོ་བརྩིས་ཀྱི་སློབ་དཔོན་དུ་སོང་བའི་གལ་ཆེ་བས་ས་བསྣོན་དུ་གྱང་ཁང་ནས་དུད་འཛིན་དྲུག །ལག་འབབ་བཞི་བརྒྱར་ཉེ་བ། གོང་དཀར་གནས་གསར་བར་ནང་ཆེན་པས་འཛིན་ཤུལ་སྲིན་པོ་རི་དང་ཤེལ་གྲོང་ཤག་པའི་གཞིས་ཀ །ཐེམ་འཛིན་དགུ། ལག་འབབ་ཕྱེད་ལྔ་བརྒྱ། འཕྱོས་ཕུ་གུ་ལུང་པར་སྤེལ་ནག་གཞིས་ཀ །ལག་འབབ་ཕྱེད་སུམ་བརྒྱ། བྱང་གླིང་བསམ་གྲུབ་རྒྱལ་པོར་གནམ་དགའ་ལ་སྤུག་གི་གཞིས་ཀ །ཐེམ་འཛིན་བདུན་ཅུ་དོན་གསུམ། ལག་འབབ་བཞི་སྟོང་། འཕྱོང་རྒྱས་སྤུ་ཤུད་པར་འཕགས་སྡེ་ཁུངས་ཀྱི་ཐེམ་འཛིན་དགུ། ལག་འབབ་བདུན་བརྒྱ། བསོད་ནམས་དབང་རྒྱལ་ལ་ཁྲི་སྨད་ནས་སྡེ་པ་སྔ་མས་གནང་འཕྲོས་ཀྱི་ཐེམ་འཛིན་བརྒྱད། ལག་འབབ་སུམ་བརྒྱ། ཞང་ཚ་དཀོན་མཆོག་རྣམ་རྒྱལ་ལ་སྡིངས་པོ་ཆེ་པ་དང་བོ་དོང་ཁུངས་ཀྱི་བོགས་ཁལ་ཕྱེད་ཉིས་བརྒྱ། ཇོ་རིག་ཐུ་དབོན་པོར་སྙེ་ཐང་གསེར་ཁང་ལྷོ་སྒོ་བ་རྐང་གཅིག་གི་ལག་འབབ་བཞི་བརྒྱ། ཉང་བྲན་སྦྱར་ར་


GLG005_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྐྱོར་ལུང་ཞོལ་པའི་ཞོལ་དང་སྒང་མཁར་གཞིས་ཀ །ཐེམ་འཛིན་བཅུ་དགུ། ལག་འབབ་སྟོང་ཕྲག་ཕྱེད་གཉིས། སྐྱར་པོ་ཆོས་མཛད་ལ་སྤར་ཁུངས་ཀྱི་དུད་འཛིན་བདུན། ལག་འབབ་བཞི་བརྒྱ། མས་ཆགས་ནས་ལ་ས་འབོར་གྱི་གླ་ཚལ། དར་རྒྱས་ཀྱི་ཁང་པ། ཞལ་ཕུ་བར་གླིང་། ལྟེ་བོ་སྒང་བཅས་པར་ཐེམ་འཛིན་བཅུ་དགུ །ལག་འབབ་སྟོང་། དྲུང་ཡིག་རྒྱ་མཚོ་ཡི་གེའི་ལག་གཡོག་ཏུ་འགྱུར་པའི་རྟེན་སོར་ལྷ་ས་ལྕང་སྲུང་ཁང་གི་ཁང་པ་ལག་འབབ་ཕྱེད་སུམ་བརྒྱ། ཕོ་བྲང་གེ་ར་བར་ཟེ་མོ་བ་ཅན་རྐང་གཉིས། ལག་འབབ་དགུ་བཅུ། ར་མ་རྩེ་ཡོན་ཏན་ལ་ལྷ་ས་གཤོངས་ཤག་ནུབ་ཀྱི་ཁང་པ། ཐེམ་འཛིནབཅུ་དྲུག །ལག་འབབ་བརྒྱད་བརྒྱར་ཉེ་བ། སྔགས་བན་ངག་དབང་འཕྲིན་ལས་འཁོར་ལོ་འབྲི་བའི་ལག་གཡོག་ཏུ་འགྱུར་བའི་རྟེན་སོར་གུར་རྩ་ཐེམ་འཛིན་གསུམ། ལག་འབབ་ཕྱེད་ཉིས་བརྒྱར་ཉེ་བ། ངག་དབང་སྐལ་བཟང་ལ་བོགས་ཁལ་ཉི་ཤུའི་ཐོན་ཁུངས། དོལ་ཁྱིམ་གསར་བསམ་གྲུབ་ལ་འདོན་རྐང་གཅིག་གི་དམག་ཁྲལ་ཆག་ཆ་དང་བོགས་ཁལ་ཉི་ཤུ། དྲུང་ཡིག་དར་རྒྱས་བཀྲ་ཤིས་ལ་གཙང་ཁ་ནས་འབྲུ་ཁལ་བརྒྱ་སྐོར་ཐོན་ཁུངས་ཀྱི་ཞིང་རྣམས་སྤྲད། གསང་ཕུ་དབྱར་ཆོས་ལ་སྔ་ཐོག་མང་ཇ་ཡོང་མི་ཡོང་སྣ་ཚོགས་ལ་འདི་ལོ་ནས་བཟུང་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་གྱི་བཞེད་པ་སྐོང་ཕྱིར་ལོ་ལྟར་གྱིས་བཅུ་ནས་སུམ་ཅུའི་བར་འཕེལ་འགྲིབ་ངེས་མེད་འཆར་ཅན་དུ་བཏང་། ཚེས་བཅུ་བཞིའི་ཉིན་སྔགས་འཆང་ཆེན་པོ་འདར་ནག་བདེ་བ་བཟང་པོ་ལ་གཏེར་ཁ་གོང་མའི་རྟ་མགྲིན་བདེ་གཤེགས་ཆིག་དྲིལ་


GLG005_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབང་ལུང་དང་ཁྱབ་འཇུག་གི་གཏོར་དབང་སོགས་འགའ་ཞིག་ཞུས། ངེད་ཀྱིས་ཆོས་ཕུལ་བ་གཞན་གྱིས་ཐོས་ནས་ཡེ་མི་འགབ་པས་གསང་བ་གནང་དགོས། བདག་ཕྱོགས་ནས་ཚིག་གཅིག་ཀྱང་མཆེད་མི་ཡོང་གསུང་བ་བླ་མ་གསང་བ་འདི་འཐད་པོ་ཞིག་མི་འདུག་ཀྱང་ཐུགས་དང་བསྟུན་ནས་ལོ་ཤས་མངོན་ཆུང་ཙམ་བྱས། ཆོས་རྗེ་རང་གིས་ཕྱིར་མཆེད་བཞིན་ཡེ་མ་བྱུང་འདུག །རབ་བྱུང་བསྙེན་རྫོགས་ཁ་ཤས་བསྒྲུབས། རིན་པོ་ཆེ་སྨན་ལུང་ནས་དང་རིག་འཛིན་ཆེན་པོ་སྙིང་རི་བ་གཉིས་ལ་གྲུ་གུ་ཡང་ཝཾ་གི་གཏེར་མའི་འཇོམས་བྱེད་ཉི་ཟླ་ནག་པོའི་བཀའ་གཏད་ལས་ཚོགས། གནོད་སྦྱིན་ཙེའུ་དམར་པོའི་སྲོག་དབང་ལུང་ཕྱག་ལེན་དང་བཅས་པ་ཞིབ་པར་ཕུལ། སྐྱིད་ཤོད་ཆོས་རྗེའི་སྤྲུལ་སྐུ་ཨོ་རོད་དུ་འདེགས་གདོང་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་རས་བྲིས་ལ་བརྟེན་པའི་དབང་། གསར་རྩོམ་ཁ་ཤས་ཀྱི་ལུང་། ཟངས་རི་དཔོན་སའི་ཞབས་དྲུང་དང་བྱ་ཞབས་དྲུང་གཉིས་ལ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་ཕུལ། པ་རྣམ་གྱི་རྫོང་ཐོག་ནས་རླུང་དམར་བཙུགས་ཡོད་པར་དེ་འོག་གི་བར་ཐོག་ཅིག་ཏུ་བཀྲས་སྒང་པའི་མ་དང་མནའ་མ་གཉིས་དམ་བཙིར་བཞག་འདུག་པའི་དམ་སེལ་གྱིས་ཧོར་ཟླ་བཞི་པའི་ཚེས་གསུམ་གྱི་སྲོད་ལ་རླུང་ཁང་ནས་འདོམ་གང་ཙམ་གྱི་སར་ཐོག་བརྒྱབ་སྟེ་བློ་གྲོས་ཆོས་དར་འདས། བཤེས་གཉེན་དཔལ་བཟང་དང་དེའི་འོག་ཐོག་ཏུ་ར་མ་རྩེ་ནས། མང་ར་ནས། དེ་འོག་ཏུ་བཀྲས་སྒང་པའི་མི་ཚོ་ཡོད་འདུག་པ་ཚང་མ་དྲན་མེད་དུ་བརྒྱལ་བའི་གནས་ཚུལ་བྱུང་བ་ཕ་རོལ་པོ་རྣམས་ལ་བརྟགས་ཀྱང་ཕལ་ཆེར་རྫོགས་སོང་བ་དང་རྫོང་སྡོད་ལས་ཚན་པ་རྣམས་རྟོག་པ་རྩིངས་པའི་འཚུབ་ཀྱང་ཡོང་


GLG005_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཡིན་འདུག་པས་དེ་གའི་རྟོག་འཇུག་དང་འཁོར་ལོ་ལེན་པར་སྔགས་བན་ངག་དབང་འཕྲིན་ལས་བཏང་། བེག་ཙེའི་རླུང་འཁོར་ཡང་ཧོམ་ལ་བསྲེགས་ནས་ཐལ་བ་རླུང་ལ་ཕྱར་བའི་དུས་གློ་བུར་དུ་རླུང་ཆེན་པོ་འཚུབས་ཏེ་ལྷ་སའི་དར་པོ་ཆེ་རྫོང་གི་དར་ལྕོག་ཁ་ཤས་བཅག །ཚངས་པ་དུང་ཐོད་ཅན་གྱིས་གསུངས་པའི་རྟེན་བཞེང་ཚོ་གྲ་ས་གཉིས་དང་པོ་ཏ་ལར་ས་ཡུལ་འོས་པ་ཞིག་མ་བྱུང་ཞིང་འགྲོ་དོན་ཀྱང་འཕྲུལ་སྣང་གཙུག་ལག་ཁང་རང་ཆེ་བར་མངོན་ཏེ། ཨེ་ནས་སྤྲུལ་སྐུ་ཧོར་དར་དང་བག་གྲོས་གཙོས་བཟོ་བོ་མཁས་པ་ཁ་ཤས་བཀུག །མཆོད་ཁང་རྣམས་ཀྱི་བར་ན་གནས་ཁག་སྒེར་འཛིན་གྱི་མཛོད་འདུག་པ་རྣམས་བཏོན་པའི་ཚེས་བཞི་ནས་ཚེ་དཔག་མེད་ལྷ་ཁང་དུ་ཛེ་ཏྲ་རི་ལུགས་ཀྱི་ཚེ་དཔག་མེད་ལྷ་དགུ། སྤྱན་རས་གཟིགས་ལྷ་ཁང་དུ་གཙོ་བོ་སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྲས་སྲས་མོ་བཞི། སེང་གེ་སྒྲ། སེམས་ཉིད་ངལ་གསོ། མཚན་བརྒྱད་ལྷ་ཁང་། ཆོས་རྒྱལ་ལྷ་ཁང་དུ་ཆོས་རྒྱལ་མེས་དབོན་གསུམ། གཉའ་ཁྲི་བཙན་པོ། ཐོ་རི་སྙན་ཤལ། རྒྱ་བཟའ། བལ་བཟའ། མགར། ཐུ་མི་རྣམས་དང་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྐུ་བྱིན་རླབས་ཅན་དེ་ཁྱམས་ཀྱི་ལྷ་དཀྱུས་མའི་གྲས་སུ་འདུག་པ་ལྷ་ཁང་ཟུར་པ་ཞིག་བྱུང་ན་ལེགས་འདྲ་སྙམ་དེས་གཙོ་བོ་བྱས་པའི་དགའ་ལྡན་ལྷ་ཁང་དུ་མཁན་ཆེན་ཕྱག་རྡོར་བ། དཔའ་བོ་རྡོ་རྗེ། རྒྱལ་ཚབ་རིན་པོ་ཆེ། རྗེ་ཤེས་རབ་སེང་གེ མཁས་གྲུབ་ནོར་བཟང་རྒྱ་མཚོ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། རྗེ་བསོད་ནམས་རྒྱ་མཚོ། རྗེ་ཡོན་ཏན་རྒྱ་མཚོ་རྣམས་བཞེང་བའི་དབུ་བཙུགས་


GLG005_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོ་དམ་དགའ་ལྡན་གསང་སྔགས་གླིང་གི་དགེ་སློང་བློ་བཟང་དཔལ་འབྱོར་གྱིས་བྱས། གནས་ཆུང་ཆོས་སྐྱོང་ཆེན་པོས་དགེ་སྦྱོར་གྱི་བཅད་རྒྱ་དམ་པ་ཞིག་གྱིས་གསུང་བ་སྲིད་སྐྱོང་གི་གཡེང་བས་དེ་རིག་མ་ཎི་དང་ཞབས་བྲོའི་དཔེ་ཁོ་ནར་འདུག་ཀྱང་བར་དེར་ཇའི་སང་སྡེ་པ། མངའ་རིས་དྲུང་པ། སྟག་རུ་ནས། འོར་ནས། བསམ་དར་ནས་ལྔ་པོ་གྲོས་བསྟུན་གྱིས་བྲེལ་བ་གཅོད་ཐུབ་པ་རྣམས་རིམ་གཅོད་དང་ཐག་མ་ཆོད་པའི་གལ་ཆེ་རིགས་ཚོ་སྔ་དགོང་གི་ཐུན་བར་གཉིས་ལ་ཇའི་སང་སྡེ་པས་ངག་ཐོག་ནས་མདོར་བསྡུས་ཙམ་རེ་ལབས་པའི་དོན་སྟོན་གསལ་ཆ་རེ་བྱས་པས་འཐུས་བརྩིས་ཀྱིས་ཧུང་རྒྱ། ཞུ་ཁྲ། སཾ་ཊ། རྟེན་བཅས་སོགས་མཐའ་དག་ནང་དུ་བླངས་ན་སྦུས་སྒོ་འདག་སྦྱར་བ་ཚོའི་སྐུ་མཚམས་ལྟར་སྙན་གྲགས་ཆེ་བ་ལ་དོན་མཚམས་རལ་བའི་ཐ་སྙད་ཆེར་མི་ཡོང་འདུག་གཤིས་དེ་རིགས་ཡེ་ནང་དུ་མ་ཐལ་བ་བྱས། ཧོར་ཟླ་ལྔ་པའི་ཚེས་བཅུ་དྲུག་ནས་བཟུང་བདུན་བཞིའི་བར་མཆོད་ཁང་གི་གཟིམས་ཆུང་ནུབ་མར་རང་བྱོན་འཕགས་པ་མཆེད་གཉིས་ཀྱང་གདན་དྲངས། གཏེར་བྱོན་གྱི་སློབ་དཔོན་ཆེན་པོའི་སྐུ་བརྙན་ཁ་ཤས་སོགས་བཤམས་པར་མཆོད་པ་རྒྱས་པ་ཕུལ། སྒོ་གསུམ་མི་འདའ་བའི་བཅད་རྒྱ་དམ་དུ་བགྱིས་ཏེ་ཐུན་བཞིར་བཅད་ནས་དགེ་སྦྱོར་གྱི་འཕྲང་ལ་བཅུར། དེ་སྐབས་ཉིན་ཁ་ཡར་མཆོད་ཁང་རྩེར་འཇའ་ཟུག་པ་དང་མེ་ཏོག་གི་ཆར་བྱུང་ཟེར་བ་འཕགས་པ་མཆེད་ཀྱི་འཕྲིན་ལས་གྱི་ཆ་ཤས་སུ་གོ །དེ་ཐོག་གྲ་ས་ཕན་ཚུན་དུ་ཇ་ཚུལ། འབྲས་སྤུངས་སྔགས་ཁང་དུ་རྒྱུད་སྟོད་པ་གྲངས་བཅད་ཀྱིས་སྔགས་རྒྱུན། ཕན་བདེ་ལེགས་བཤད་གླིང་པས་ཟིལ་གནོན་གྱི་སྔགས་


GLG005_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བྱེ་བ་དང་ཀཱི་ལཱ་ཡ་ས་ཡ། རིན་པོ་ཆེ་སྨན་ལུང་ནས་ཀྱིས་འཆར་ཀའི་ཟོར་ལས། བཀའ་འགྱུར་གསུང་སྒྲོག་ཁག་ཁ་ཤས། བོད་ཁམས་སྤྱིའི་བདེ་ཐབས་སུ་བསམ་ཡས། ཁྲ་འབྲུག །ཡུམ་བུ་བླ་མཁར་རྣམས་སུ་ཞལ་གསེར་བརྒྱ་མཆོད། རྟེན་གྱི་གཙོ་བོ་གསུམ་ལ་སྙན་དར་ཞལ་བྱང་དང་བཅས་པ། ཡུམ་བུར་ཟ་མ་ཏོག་བཀོད་པའི་མདོ་སྒྲོག་པ། རི་བོ་བཀྲ་བཟང་དུ་ཕུར་སྒྲུབ། ཟབ་ཕུར་བསམ་པ་ལྷུན་གྲུབ་མ་བརྒྱ་རྩ། མཆིམས་ཕུར་རྟ་མགྲིན། སྒྲགས་སུ་གཤིན་རྗེ། ཤེལ་བྲག་ཏུ་སྨན་སྒྲུབ། ཆུ་བོ་རིར་ཚེ་ཆོག །སྲོང་བཙན་བང་སོར་ཐང་ཡིག་དང་དཔལ་མགོན་མ་ནིང་གི་བྲིས་སྐུ་བྱིན་རླབས་ཅན་གྱི་དྲུང་དུ་འཕྲིན་བཅོལ་གྱི་ཚིགས་བཅད་བྲིས་པའི་སྙན་དར། གསོལ་མཆོད་བཟབས་རྒྱས་རྣམས་འཛུགས་པའི་བཀོད་པ་ཐུན་འཚམས་ཤིག་ལ་བྱས་ཤིང་འཕགས་པ་མཆེད་ལ་སོ་སོར་བསྟོད་པའི་ཚིགས་བཅད་དང་གླང་བུ་བ་དགྲ་འདུལ་ཚེ་རིང་གིས་རྒྱུན་དུ་ཁ་ཏོན་བྱས་ཆོག་པའི་སྨོན་ལམ་ཤློ་ཀ་གཅིག་དགོས་ཚུལ་བྱུང་བའང་བྲིས། ཧོར་ཟླ་དྲུག་པའི་ཚེས་བཅུ་གཉིས་ལ་ནང་མཚམས་གྲོལ། ཞག་གསུམ་གྱི་བར་ཕྱི་མཚམས་སུ་བསྡད་པའི་ཚེས་བཅུ་བཞིའི་ཞོགས་ཆོག་ཐུ་ཇའི་སང་ཅན་ལ་སྨྱུང་གནས་ཀྱི་གསོ་སྦྱོང་དང་མེར་གན་ཇི་ནོང་དཔོན་གཡོག་ཉུང་བསྡུས་ལ་ལི་མ་ལྷ་ཁང་དུ་བསྙེན་གནས་ཀྱི་སྡོམ་པ་ཕབ། ཆོས་འཁོར་རྒྱལ་མེ་ཏོག་ཐང་དབྱར་ཆོས་ཐོག་ཇ་ཚུལ་ཞིག་ལོ་ལོ་བཞིན་བྱུང་ན་འགབ་པའི་ཇའི་སང་སྡེ་པའི་འཆར་སྟོན་གྱིས་རྐྱེན་བྱས་བཅོ་ལྔ་ནས་སུམ་ཅུའི་བར་འཕེལ་འགྲིབ་སྐབས་དང་སྦྱར། དབོན་པོ་ཆོས་ལྷུན་པས་བསྐུལ་བའི་ལྷ་བཙུན་ཀུན་


GLG005_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་རྣམ་རྒྱལ་གྱི་སྐུ་སྐྱེའི་བརྟན་བཞུགས། དེ་མོ་དབོན་པོ་ཕུན་ཚོགས། ཁལ་ཁ་ཆོ་ཁུར་དབོན་པོའི་སྐྱེ་བ་བློ་བཟང་འཕྲིན་ལས་གཉིས་ཀྱི་ངོར་སྨོན་ལམ། བླ་མ་གངས་རས་དབང་ཕྱུག་གིས་ཡིག་དྲུག་དུང་ཕྱུར་བཙུགས་དུས་བསྐུལ་བའི་བསྟོད་པ། བྱང་གླིང་བསམ་གྲུབ་རྒྱལ་པོས་ཇོ་བོ་རིན་པོ་ཆེར་རྒྱུན་མཆོད་བཙུགས་པའི་ཀོང་གི་ཁ་བྱང་དང་ཨྱོན་རིན་པོ་ཆེའི་གསོལ་འདེབས། ཨ་ཡུ་ཤེས་རྒྱང་རིང་པོ་ནས་བསྐུལ་བའི་ཟབ་མོ་ལྟ་བརྒྱུད་ཀྱི་གསོལ་འདེབས། ལྕོག་གྲ་སྤྲུལ་སྐུས་ས་ཆ་ལྷོགས་པར་ལེགས་སོའི་ལུགས་ཀྱིས་དགོས་ཚུལ་ལྟར་རིང་འཚོའི་ཚིགས་བཅད། རྣམ་སྲས་གླིང་པ་འབྱོར་རྒྱས་སྤུན་གྱི་ངོར་སྨོན་ལམ་ལག་བྲིས་མ་སོགས་སོ་སོའི་འདོད་དང་སྦྱར་བའི་རྩོམ་པ་ཅི་རིགས་བྱས། པཎྜི་ཏ་བ་ལ་བྷདྲ་མཆེད་གཉིས་འཕགས་ཡུལ་ཝ་ར་ཎཱ་སིར་གེགས་མེད་དུ་འབྱོར་བའི་འཕྲིན་ལན་བསྲིངས། མཚན་བརྒྱད་ཀྱི་གོས་ཡོལ་རི་མོ་ཚོན་སྤེལ་མདངས་བཅས་སོགས་རྒྱུ་ཕུན་སུམ་ཚོགས་པ་དཀྱུས་ལ་འདོམ་ཕྱེད་བཅུ་གཉིས་དཔངས་ལ་འདོམ་དོ་མ་ལོངས་ཙམ་ཡོད་པའི་པུས་ལེགས་གཙང་དུས་ཁྱད་མཚར་དུ་བསྒྲུབས་པ་གྲ་ཚང་གི་སྤྱི་རྫས་སུ་སྦྱར།ཚེས་ཉི་ཤུ་སྐོར་ལ་ཧུང་ཐའི་ཇི་གཙང་ནས་འབྱོར། ཁ་སིང་དཔྱིད་ཀ་དཔོན་ཚང་བྱང་ངོས་པ། སེ་ཆེན་དབོན་པོ། མངའ་རིས་དྲུང་པ། སྟག་རུ་ནས། འོར་ནས་རྣམས་ཀྱིས་ད་ཆ་ཁྲི་འདོན་ཇའི་སང་སྡེ་པ་ལས་འོས་པ་ཞིག་མི་འདུག་ཚུལ་དང་ཤངས་བཀྲ་ཤིས་རྩེ་པས་ཀྱང་དེ་མཚུངས་ཡི་གེ་བསྐུར་བྱུང་བ་སོགས་རྒྱུ་མཚན་ལབ་མི་རྣམས་ཁྱམས་སྐྱུར་དུ་བཞག་པ་མིན་ཀྱང་བྱ་བ་འགངས་ཆེན་གྱི་རིགས་ལ་རྟབ་འགྲོས་ལས་ལྷུས་


GLG005_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཐིངས་པ་རང་བརླིང་པ་འདྲ་བསམས་ཇེ་འགྱངས་སུ་ལུས་པ་བྱང་ནས་རྒྱལ་པོས་ངེད་ལ་འཕྲིན་བསྐུར་བ་དང་ཕྱོགས་མཚུངས་སུ་ཇི་ནོང་དང་ཧུང་ཐའི་ཇི་གཉིས་ཀྱིས་ངེད་གཉིས་མཚོ་ཁར་མ་ཐོན་གོང་དུ་སྡེ་པའི་ཁྲི་འདོན་གྲུབ་པ་ཞིག་དགོས། དེའང་ཕྱི་ནས་ཤེས་བྱ་ཡོང་ཐང་ཡོད་པའི་མི་མང་པོ་ཡོད་མོད་ཀྱང་ངེད་དཔོན་པོ་རྣམས་ཀྱི་བློར་བབ་པ་མི་ཡོང་། སྡེ་པ་ནོར་བུ། སྲས་པོ། ཇའི་སང་སྡེ་པ་གསུམ་དྲག་ཤོས་སུ་བྱེད་འདུག་པ་གཞན་གཉིས་ནི་ཐག་ཆོད་ཟིན་སོང་། ད་ཆ་ཇའི་སང་སྡེ་པ་ལས་འོས་མེད་ཚུལ་ཞིབ་པར་མོལ་བ་ལྟར་ཁས་བླངས་པ་བཞིན་འགྱངས་མེད་དུ་རྒྱལ་པོ་འདམ་ནས་གདན་འདྲེན་པར་བཏང་། མགྲོན་གཉེར་དྲུང་པ་ཇའི་སང་སྡེ་པ་ལ་ཁུར་ལེན་བྱེད་དགོས་པའི་སྙན་གསན་འབེབས་བཅུག་པ་གང་ཅིའི་དགེ་སྐྱོན་དང་བཅས་དགོངས་པ་ཞུ་བའི་རྒྱུ་མཚན་ལན་གཉིས་ཙམ་བྱུང་རུང་གསུམ་པའི་ཐོག་ཁས་བླངས། ཞལ་དཀར་བ་བསྡེབས་མཚུངས་སུ་འདྲིལ་བའི་གྲ་བསྒྲིག་སྒྲོམས་ར་ཆེ་བ་ཞིག་དགོས་རྒྱུར་ཇི་ནོང་དང་ཧུང་ཐའི་ཇི་གཉིས་མཚོ་ཁར་མྱུར་འདེགས་ཀྱི་དུས་ཚེས་ཀྱིས་གཏུགས་པའི་གཟའ་སྐར་ཟིན་ཙམ་གྱི་གྲབས་ཡུལ་ལས་ལོང་ཆེ་བ་མ་བྱུང་ཞིང་། རྒྱ་ལེ་ནས་སྐུ་མདུན་ཆོས་མཛད་གོང་མ་དེ་དམའ་ས་ཟིན་ཅིང་ཐུགས་གཟོ་བ་ཞིག་ཡོད་འདུག་པའི་རྒྱུན་གྱི་སྟེང་སྡེ་པ་སྔ་མ་དེ་ཉིད་བར་ཁམས་མཚོ་ཁ་ཚང་མར་ཕེབས་པས་ཁམས་སོག་གི་ལུགས་འགོས་པའི་སྤྲོས་པ་ཆེན་པོ་ལ་ཡེ་མི་དགྱེས། དེ་གའི་སྤྱན་ལྟོས་ཀྱི་རྣམ་པས་སྡེ་པ་བར་པའང་མི་རྣམས་རིམ་གྱིས་སླེབས་ཡོང་བས་དུས་གཅིག་ཏུ་ཚོགས་པའི་ཡོ་ལང་


GLG005_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རིགས་མི་འགབ་ཅེས་ཅུང་ཟད་མཚེར་སྣང་མཛད་གཤིས་དེ་གའི་སྟབས་སུ་སོང་བ་འདྲའི་འབྲི་གུང་མན། ཆུ་ཤུར་ཡན་འདུས་པ་འདུག་རུང་དེའི་སྒོ་བསྒྲིག་པ་ཞིག་མ་ཤར་བས་ཚང་མས་གསངས་ནས་ཁྲི་འདོན་བྱས་ཟེར་བ་གླེངས་སྣང་། ཧོར་ཟླ་བདུན་པའི་ཚེས་བདུན་ལ་རབ་བྱུང་བསྙེན་རྫོགས་ཁ་ཡར་བསྒྲུབས། བཅུ་ལ་བྱིང་པ་སྔགས་རམས་པས་གཙོས་གྲ་པ་བཅུ་སྐོར། གཞིས་ཀ་ཤར་པ་དང་བཅས་བཏང་བའི་དགའ་ལྡན་ཕོ་བྲང་གི་ལྷོ་ནུབ་ཀྱི་གད་སྟེང་དུ་ས་ཆོག་དང་ལྟོ་འཕྱེའི་ཐིག་བཏབ་པས་ས་བརྐོས་པའི་ཤུལ་ནས་ཁ་དོག་དཀར་བ་དོན་པ་དང་ཁེངས་པའི་བཀྲ་རྟགས་ལེགས་པ་བྱུང་། དེར་བྱང་ཆེན་མཆོད་རྟེན་བཞེང་བའི་ཐིག་རྩ་དང་བཀོད་པ་གྲོང་གསར་བས་བྱས། ཚེས་བཅུ་གསུམ་གཟའ་ལྷག་པ་སྐར་མ་ཆུ་སྟོད། འཕྲོད་དཔལ་བེའུ། སྦྱོར་བ་མཛའ་བོ། སྦྱོར་ཆུང་བདུད་རྩི། རྟེན་འབྲེལ་སྐྱེ་བ། དུས་ཚོད་བུ་མོའི་དུས་སྦྱོར་ལ་དགའ་ལྡན་ཡང་རྩེར་གྲོ་མ་ཇ་ཐུག་བཞེས་སྤྲོ་དང་བཅས་པའི་ཐོག་ཇའི་སང་སྡེ་པར་ཁྲི་འདོན་གྱི་རྟེན་འབྲེལ་བསྒྲིགས་ནས་ས་སྐྱོང་འཕྲིན་ལས་རྒྱ་མཚོར་མངའ་གསོལ། རྒྱལ་པོ་ཇི་ནོང་། ཧུང་ཐའི་ཇི་སྐུ་མཆེད་གསུམ་གྱིས་ལེགས་སྐྱེས་ཀྱི་འབུལ་བ་བསྟར་ཏེ་ཕྱག་དང་ཞེ་ས་སོགས་ཀྱིས་བཀུར་ཞིང་གཟེངས་བསྟོད། རྒྱལ་པོའི་མཚན་ཁྲི་འདོན་གྱི་དུས་བཏགས་པ་དེ་ལ་བསྟན་འཛིན་གྱི་རྗེས་སུ་རྡོ་རྗེ་ཡོད་པར་དོགས་གཞི་ཞིག་བྱུང་བས་གཟའ་སྐར་ལེགས་ཐོག་དེ་གར་རྒྱལ་པོ་ལའང་བདོག་པའི་ཚན་གྲངས་སྤེལ་ཏེ་བསྟན་འཛིན་ད་ཡན་རྒྱལ་པོའི་ཆོ་ལོ་གསོལ། དེ་ཉིན་རིན་པོ་ཆེ་སྨན་ལུང་པས་དབུ་མཛད་རྫོང་ནང་གི་བླ་མ་


GLG005_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་འཁོར་སྐྱ་སེར་རྣམས་ཀྱིས་ཞལ་དཀར་བཏེག །དེ་ནས་བཟུང་ཉིན་རེ་བཞིན་ཆོས་སྡེ་ཆེན་པོ་ཕན་ཚུན་གྱི་སྤྱི་བླ་བྲང་ཁག །ལྷ་ས། ཉང་དོགས། སྡེ་བཞི་སོགས་རྙིང་ཁུངས་སྐོར། སྣེ་ཤུན་གྱིས་མཚོན་པའི་ལེགས་འབུལ་བ་ཆད་མེད་དུ་འོངས། སྡེ་པའི་ཐམ་ཀ་གསར་བསྐྲུན་གྱི་ཐམ་ཕུད་ཇོ་བོ་རིན་པོ་ཆེ། ལོ་ཀེ་ཤྭ་ར། འདོད་ཁམས་དབང་ཕྱུག་མ་གསུམ་ལ་ཕུལ་བའི་ཞལ་བྱང་དང་མཆོད་ཡོན་ཐུན་མོང་གི་ཐམ་ཀ་དམར་པོ་གསར་བཟོས་ཀྱི་ཕུད་དཔལ་ལྡན་དམག་ཟོར་མར་ཕུལ་བའི་འཕྲིན་བཅོལ་རྣམས་བྲིས། མདའ་དཔོན་འོར་པའི་སྦྲེལ་ཟླར་གྲ་བསམ་དར་བ་བློ་བཟང་བསྟན་འཛིན་བསྐོས། ཚེས་བཅོ་ལྔ་ལ་སྒམ་པོ་སྤྲུལ་སྐུར་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་ཨ་མདོ་ཞིང་སྐྱོང་ནང་སོ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། ཉང་ལུགས་དྲག་པོ་མེའི་སྤུའི་གྲིའི་དབང་། བཅུ་གཅིག་ཞལ་གྱི་རྗེས་གནང་རྣམས་བསྐུར། ཟླ་བ་སྔ་མའི་གནམ་གང་ནས་བཟུང་གྲ་ཚང་གི་གྲ་པ་གྲངས་བཅད་ཀྱིས་འཇམ་དཔལ་གཤིན་རྗེའི་སྒྲུབ་པ་བཙུགས་པ་བཅོ་ལྔའི་དགོངས་མཆོད་རྟེན་བཞེང་བའི་ས་ཡུལ་དུ་མནན་པ་བརྒྱབ། ཚེས་བཅུ་དྲུག་གི་ཉིན་མེརྒན་ཇི་ནོང་ལ་ཨེར་ཏེ་ནི་བི་ཤི་རེལ་ཐུའི་ཆོ་ལོ་དང་ཐམ་ཀ་བྱིན་ཟང་ཟིང་གི་དངོས་པོའི་རྫོང་བ་བྱས་ཏེ་ཐོན། ཉི་ཤུ་སྐོར་ལ་ཧུང་ཐའི་ཇི་དང་སྒོ་མངས་སློབ་དཔོན་འཕྲིན་ལས་རྒྱ་མཚོ་ཅན་ཉི་ཤུ་རྩ་ལྔ་ལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། ཟླ་མཇུག་ཏུ་བྱིང་པ་སྔགས་རམས་པས་གཙོས་གྲ་པ་བདུན་གྱིས་ཞག་ལྔའི་བར་མཆོད་


GLG005_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་གནོད་སྦྱིན་འཁོར་ལོ་བསྒྲུབས། ཧོར་ཟླ་བརྒྱད་པའི་ཚེས་གསུམ་ལ་ཧུང་ཐའི་ཇི་མཚོ་ཁར་ལྡོག་པར་རྫོང་བ་རྒྱས་པར་བསྟར། རབ་བྱུང་བསྙེན་རྫོགས་བཅུ་སྐོར་བསྒྲུབས། སྡེ་པ་ཁྲི་འདོན་གྱི་དགའ་སྟོན་དུ་ཚལ་གུང་གི་གྲ་ཚང་ཁག །ལྷ་ས་རྨི་རུ་བ། ཚེས་བཅུ་བ་རྣམས་ཀྱིས་འཆམ་ཕུད། ཡས་མས་ནས་བྲོ་གཞས་འབུལ་མིའང་མང་དུ་བྱུང་། ཚེས་དྲུག་ནས་བཟུང་ཞག་བདུན་གྱི་བར་ཡན་ལག་བརྒྱད་ལྡན་གྱི་ཆུ་ལ་ཁྲུས་བྱས། གྲ་ཚང་གི་གྲ་པ་བཅུ་སྐོར་གྱིས་མཆོད་རྟེན་ནང་བཞུགས་ཀྱི་འཁོར་ལོའི་རིགས་རྣམས་བསྒྲུབས། མཆོད་དཔོན་བློ་བཟང་མཐུ་སྟོབས་ཀྱིས་གཟུངས་འབུལ་གྱི་ཕྱག་ལེན་རུ་ང་བར་བསྟར། དར་རྒྱས་ཆོས་སྡིངས་པ་རིག་འཛིན་འཕྲིན་ལས་ལྷུན་གྲུབ་ཀྱིས་དབྱར་ཁ་ཤེལ་བྲག་ཏུ་བདུད་རྩི་སྨན་སྒྲུབ་མཛད་པ་སྐྱེལ་བར་བྱུང་། ཞག་ཤས་ཀྱི་བར་གདན་ས་གོང་འོག །བཀྲ་ཤིས་ལྷུན་པོ། འབྲུག་པ་སྤྲུལ་སྐུ་རྣམས་ཀྱི་མི་སྣ། དགེ་འདུན་སྒང་དང་བྱེ་རྫིང་ཚོགས་པའི་མཁན་པོ། ལྕགས་ཟམ་སྤྲུལ་པའི་སྐུ། སྡེ་དྲུག་མཁན་པོ། སྣ་དཀར་རྩེ་ཞབས་དྲུང་སྐྱིད་ཤོད་ཞབས་དྲུང་ཡས་མས། སྡིངས་པོ་ཆེ་སྤྲུལ་སྐུ། མཚུར་ཕུ་ཡང་ཟུར་སོགས་ཀྱི་ཞལ་དཀར་བ་བྱུང་བ་རྣམས་དང་ཕྲད། སྡིངས་པོ་ཆེ་བ་དང་དགེ་འདུན་སྒང་མཁན་པོ་མཁས་བཙུན་རིན་ཆེན་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཕུལ། ཚེས་བཅོ་བརྒྱད་ལ་བཙུགས་པའི་བདུན་ཕྲག་གཅིག་གི་རིང་བསྙེན་མཚམས་ཤིན་ཏུ་དམ་པ་ཞིག་བཅད། ཉེར་དྲུག་སྔ་མར་གྲོང་སྨད་སངས་རྒྱམ་པ་འོངས་པ་ནས་བཟུང་འཁྲིས་སུ་སྡོད་རྟག་ཙམ་བྱེད་པའི་འགོ་བརྩམས། ཉེར་དྲུག་ཕྱི་མའི་རེས་


GLG005_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་ཕུར་བུའི་འབྲས་བུ་དགེ་བར་རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བ་ཉང་སྟོན་སྨན་ལུང་པ་བློ་གྲོས་མཆོག་གི་རྡོ་རྗེའི་དྲུང་དུ་ཉང་ལུགས་དྲག་དམར་གྱི་ལུང་གི་དབུ་ཚུགས་ཏེ་ཉིན་ཞག་ཁ་ཤས་ཀྱི་བར་འཆར་ཀ་གནམ་སྐས་མ་སོགས་ཟབ་ཆོས་ཅི་རིགས་ཞུས། ཕར་སིནྡྷུ་རྒྱ་མཚོ་ཆེ་བའི་སྒྲུབ་སྐོར་གྱི་ལུང་ཕུལ། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱི་སྐུ་སྐྱེ་མྱུར་འབྱོན་གྱི་སྨོན་ལམ་དགོས་ཚུལ་བསྐུལ་མ་མཛད་པ་ལྟར་འཕགས་པ་མཆེད་དང་སློབ་དཔོན་ཆེན་པོའི་སྐུ་བརྙན་བསོད་ནམས་དཔལ་འབར་གྱི་དྲུང་དུ་བྲིས་ཤིང་གསོལ་བ་བཏབ་ནའང་གདུལ་བྱ་རྗེས་འཛིན་དུས་བབས་འདྲ་ལ་སྤྲུལ་པའི་ཟློས་གར་མི་སྒྱུར་བའི་མཐའ་ཅི་ལ་བཀག །མཁའ་སྤྱོད་གྲུབ་པའི་ཉེ་ལམ་གྱིས་རེ་ཞིག་རྡོ་རྗེ་བཙུན་མོའི་ཞིང་ཁམས་སུ་བཞུགས་པར་མངོན། ཚངས་པ་དུང་ཐོད་ཅན་གྱིས་བསྐུལ་མ་བྱུང་བར་བརྟེན་དབུས་གཙང་ཁྱོན་བསྡོམས་མཆོད་རྟེན་བརྒྱ་སྐོར་ལ་ཞིག་གསོས་གཟུངས་བཞུགས་རབ་གནས་ཀྱི་བཀོད་པ་བགྱིས་ཤིང་གཟུངས་འབུལ་དང་རབ་གནས་སློབ་དཔོན་བྱམས་པ་རིན་ཆེན་དང་དགེ་སློང་བློ་བཟང་རྒྱ་མཚོ་གཉིས་ཅི་རིགས་པས་བྱས། ཧོར་ཟླ་དགུ་པའི་ཚེས་གཅིག་གི་དགོངས་བྱིང་པ་སྔགས་རམས་པས་རྡོ་རྗེ་སློབ་དཔོན་བྱས་པའི་གྲ་པ་བཅུ་དྲུག་ཙམ་གྱིས་དཔལ་ཆེན་ཕུར་བའི་དཀྱིལ་འཁོར་ལ་བརྟེན་ནས་སྟ་གོན་དང་ཚེས་གཉིས་ལྷག་པ་ས་རི་འཕྲོད་པའི་ཐོག་རབ་ཏུ་གནས་པས་བདེ་བར་གཤེགས་པའི་ཐུགས་ཀྱི་རྟེན་བྱིན་རླབས་ཀྱི་འོད་དུ་འབར་བ་བསྒྲུབས། ཟླ་བ་འདིའི་ནང་དུ་ཕྱོགས་འདུས་ཀྱི་ཞལ་དཀར་


GLG005_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་མི་མངས་པའི་བདེ་འགྲོས་ངོས་སྟག་ལུང་ཕྱག་མཛོད། སྡེ་པ་ལྷུན་གྲུབ་རྫོང་པ། ངོར་དང་གསེར་མདོག་ཅན་གྱི་མཁན་པོ། ཆོས་རྗེ་འུག་བྱ་ལུང་པ་དང་རྟ་ནག་སྒྲོལ་མ་སྦུག་པ། ཞ་ལུ་དབུ་མཛད་རིན་པོ་ཆེ་སྨན་ཁང་པ། གྱང་རོ་གསེར་སྡིངས་བླ་མ། བང་རིམ་མཁན་པོ། སྡེ་པ་ཐོན་པ། རིན་ཆེན་རྩེ་པ། འབོག་གོང་ཁག །མདོ་མཁར་ནས། འབྲོང་རྩེ་བ་སོགས་ཆེ་ཕྲ་ཤིན་ཏུ་མང་བ་རིམ་བཞིན་འབྱོར། གསེར་མདོག་ཅན་མཁན་སློབ་དང་ཆོས་རྗེ་འུག་པ་ལུང་པ་ལ་ཆོས་ཚན་ཉེར་ལྔ་ནས་ཉེར་མཁོའི་ལུང་ཐོར་བུ་བཀླགས། ར་བ་སྟོད་ཚོགས་པས་ཚན་གྲངས་བཏེག་སྟེ་ཡུན་དུ་འཚོ་བའི་བདེན་ཚིག་བརྗོད་ཅིང་འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་ཕུལ། སྨད་རྒྱུད་གྲ་ཚང་གིས་ཟང་ཟིང་གི་སྐྱེས་དང་བཅས་ཚེའི་རྟེན་འབྲེལ་བསྒྲིག་པའི་སྨོན་ལམ་ཚིགས་བཅད་གསུངས། སྣར་ཐང་བརྒྱ་རྩའི་ནང་གི་མི་འཁྲུགས་པ་གཙོ་རྐྱང་གི་རྗེས་གནང་དང་རྒྱལ་བ་ཙོང་ཁ་པ་ཆེན་པོས་མཛད་པའི་གསང་འདུས་མི་བསྐྱོད་རྡོ་རྗེའི་མངོན་དཀྱིལ་གྱི་ལུང་ཕུལ། ལྷ་སའི་ཚེས་བཅུ་བ། མ་ཎི་བ། དམིགས་བརྩེ་མ། བསྙེན་གནས་མ་རྣམས་ཀྱིས་རིང་འཚོའི་ཚིགས་བཅད་དགོས་ཚུལ་བྱུང་བ་བྲིས། སེམས་དཔའ་ཆེན་པོའི་སྤྲུལ་སྐུའི་གཙུག་ཕུད་བླངས། མཚན་ཕུན་ཚོགས་བསོད་ནམས་དཔལ་བཟང་དུ་གསོལ། ཚེ་རྟ་ཟུང་འབྲེལ་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ། ལས་གཤིན་ཕྱི་སྒྲུབ་ཀྱི་རྗེས་གནང་རྣམས་ཕུལ། ཞལ་གྱི་རྗེས་གནང་དགོས་ཚུལ་བྱུང་བ་རྡོ་རྗེ་དང་རྡོ་འཇོང་གི་དཔེ་ཡིན་ཤས་ཆེའང་ལོ་བ་སྤྱན་སྔ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་འཚུབ་བྱུང་གི་དོགས་


GLG005_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྤམ་མེ་བཞག །ཆོས་འཁོར་རྒྱལ་ལྷུན་གྲུབ་དགའ་བའི་ཚལ་གྱི་དཀོན་གཉེར་རྣམས་ལ་གུར་མགོན་ལྷ་གསུམ་མ་དང་བྲམ་ནག་བཤན་པ་དྲུག་སྐོར་གྱི་རྗེས་གནང་བྱས། ཀོང་པོ་རྫོགས་ཆེན་པ་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་སྐུ་སྐྱེའི་སྐྲ་ཕུད་བླངས་མཚན་ངག་དབང་ཀུན་བཟང་འཇིགས་མེད་དུ་བཏགས། དབོན་པོ་ཆོས་ལྷུན་པས་བསྐུལ་བའི་ངེད་རང་དང་སྐུ་སྐྱེའི་བརྟན་བཞུགས་བསྡེབས་མཚུངས་སུ་ཡོད་པ་ཞིག་བྲིས། ངོར་ཨེ་ཝཾ་མཁན་ཆེན་དཔལ་གླིང་པ། གྲ་ཐང་མཁན་པོ་སངས་རྒྱས་དཔལ་བཟང་། རིན་པོ་ཆེ་སྨན་ཁང་ནས། གནས་གསར་དཔོན་མཁྱེན་རབ་རྣམ་རྒྱལ་ཅན་ལ་ཆག་ལུགས་ཚེ་དཔག་མེད་དཀར་པོའི་རྗེས་གནང་། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། རྟ་མགྲིན་སྐྱེར་སྒང་ལུགས། བཀའ་གདམས་ཐིག་ལེ་བཅུ་དྲུག །གླེགས་བམ་རིན་པོ་ཆེ་ཕ་ཆོས་བུ་ཆོས་ཆ་ལག་དང་བཅས་པ། སྤྱོད་འཇུག་རྣམས་ཀྱི་ལུང་ཕུལ། ཐིག་ལེ་བཅུ་དྲུག་དང་གླེགས་བམ་གྱི་བརྒྱུད་པ་ལ་བར་སྐབས་སུ་ཧོར་ཁོངས་ཡོད་པའི་སྟབས་རྒྱུ་ཡིག་ཁུངས་བཙུན་ཁྱད་ནས་ལོ་ཤས་སོང་རྗེས་རིན་པོ་ཆེ་སྨན་ཁང་པར་ངེད་རང་གིས་སླར་བསྐྱར་ནས་ཀྱང་ཞུས། གོང་གསལ་དཔོན་སློབ་ཚོའི་སྟེང་དུ་ཆོས་རྗེ་སྒྲོལ་མ་སྦུག་པ་སོགས་སུམ་ཅུ་སྐོར་ལ་ཚེ་དཔག་མེད་ལྕགས་སྡོང་མ། བོ་དོང་འཆི་མེད་སྤྲུལ་སྐུར་ཚེ་རྟ་ཟུང་འབྲེལ་དང་དབྱངས་ཅན་མ་དཀར་མོའི་རྗེས་གནང་། གྲ་ཐང་མཁན་པོ། རིན་པོ་ཆེ་སྨན་ཁང་ནས། གནས་གསར་པ་མཁྱེན་རབ་རྣམ་རྒྱལ་རྣམས་ལ་དམར་ཆུང་སྐོར་གསུམ་གྱི་རྗེས་གནང་དང་ལུང་། གནོད་


GLG005_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་བེག་ཙེའི་རྗེས་གནང་རྣམས་ཕུལ། ཉེར་གསུམ་ལ་ཨོ་རོད་གཡོན་རུའི་དཔོན་མོས་གོས་ཡུག་བརྒྱ་ལྷག་དང་དངུལ་སྲང་ཕྱེད་བཞི་བརྒྱའི་བདོག་པ། ཀོང་པོ་ཕན་བདེ་བའི་ངོ་ཚབ། སྒྲོམ་མདའ་མཁན་ཆེན་མཐུ་སྟོབས་དཔལ་འབྱོར་སོགས་དྭགས་པོའི་སྐྱ་སེར་རྣམས་ཁྲི་འབུལ་ལ་འབྱོར། སྒྲོམ་མདའ་མཁན་ཆེན་དེ་ཆོས་འཇིག་རྟེན་གཉིས་ཀ་ནས་མཁྱེན་པ་དང་བསྟན་པར་ཕོ་རུས་ཆེ་བས་སྡེ་པར་ཟབ་གནད་ཀྱི་སྙན་སྒྲོན་ཀྱང་མང་ཙམ་ཕུལ་འདུག །ཉེར་ལྔ་དྲང་སྲོང་ལྷའི་བླ་མ་རེས་གཟར་བྱོན་པའི་དུས་རིགས་ཀུན་ཁྱབ་བདག་རི་སྦུག་དབུ་མཛད་སྨན་ཁང་པ་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་དྲུང་དུ་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱིས་མཛད་པའི་རྣམ་སྲས་བཀའ་མི་འདྲ་བ་བཅོ་ལྔའི་ཆོག་ཁྲིགས་ཀྱི་ལྗགས་ལུང་ཞུས། སང་གསུང་ངག་འཁྲིད་ཡིག་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་རེག་ཟིག་མཛད་པའི་ལུང་ཕུལ། སྡེ་པ་དེ་ཉིད་ཀྱི་དགོངས་པར་ལེགས་བཤད་ཆོས་འཁོར་གླིང་པ་གྲངས་ཉུངས་ནས་འཕེལ་རྒྱས་ཆུང་ཞིང་མང་ན་སྤྱི་སོའི་ཕོགས་ལའང་གནོད་པ་དང་གུ་ཡུལ་དོག་པ་གང་སྤྱི་ནས་ཐོག་མར་ཆོས་ཐོག་ལ་བསྙད་ངོས་ཐབས་མཁས་ཀྱིས་རྟག་བརྟན་རང་དུ་བཞུགས་འཇུག་རྩིས་སྣང་བ་དེ་དོན་ཐོག་ཏུ་ཁེལ་ན་ནང་གི་དགོན་པ་དང་ཕྱིའི་མཆོད་གཞིས་གང་ས་ནས་གྲུ་བཞིར་འགྲོ་བ་འདུག་རུང་སྒྱེ་དོན་ཕད་ཞུགས་ལ་དགའ་བ་འདི་ཀུན་གྱི་སྲོལ་ལམ་ཡིན་གཤིས་བཙོན་ཐོན་ཐོན་མཛད་པར་ས་རིམ་གྱི་མཐུན་རྐྱེན་བཏང་བས་དཔལ་ལྡན་འབྲས་སྤུངས་སུ་འབྱོར་ངོས་པོ་ཏ་ལར་དཔོན་སློབ་ཚོ་དང་


GLG005_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲད། གེ་རེ་ལྷ་པ་ཡབ་སྲས་དང་གཡོན་རུ་དཔོན་མོ་ཅན་བརྒྱ་སྐོར་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། རི་བོ་དགའ་ལྡན་གྱི་རྟེན་གསུམ་རྣམས་སླར་བསྒྲིག་བཀོད་བྱས་པའི་དེབ་ཀྱི་འགོ་བརྗོད་བི་ཝརྟ་ཅན་བྲིས། ཉེར་བརྒྱད་ནས་ཕྱི་མཚམས་ཀྱི་བཅད་རྒྱ་བྱས། དགུ་ལ་ཁྱབ་བདག་སྨན་ཁང་པར་ཉི་མ་མདུང་གང་མའི་བྱིན་རླབས་དང་སང་རིག་འཛིན་ཆེན་པོའི་དག་སྣང་མའི་འཆི་མེད་གྲུབ་པའི་ཞལ་ཤེས་ལུང་དང་བཅས་པ་ཞིབ་ཏུ་ཞུས་ཤིང་ཟླ་གཅིག་ལྷག་གི་བར་དགའ་ལྡན་ཁང་གསར་གྱི་ཟུར་ལྕོག་ཅིག་ཏུ་བསྙེན་མཚམས་མཛད། ཧོར་ཟླ་བཅུ་པའི་ཚེས་གཅིག་ནས་ཉེར་གསུམ་གྱི་བར་མཆོད་ཁང་གསར་པའི་གཟུངས་བཞུགས་ཀྱི་བྱིན་རླབས་རྟེན་གྱི་བཅའ་བསྒྲིག །གྲ་ཚང་གི་གྲ་པ་ཁ་ཤས་ཀྱིས་གནོད་སྦྱིན་འཁོར་ལོའི་སྒྲུབ་པ། ཞག་ལྔ་ནས་ཕ་བོང་ཁ་པ་འཇམ་དབྱངས་གྲགས་པས་ལྷ་ས་རྩེ་མོར་གཟུངས་པར་འདེབས་པ་དང་བསྒྲིལ་བའི་ཕྱག་ལེན་མཛད། ཉེར་དྲུག་ལ་ལྷ་སར་ཕྱིན། རི་ཁྲོད་དགའ་ལྡན་སློབ་དཔོན་བྱམས་པ་རིན་ཆེན་དང་གྲ་ཚང་གི་གྲ་པ་ཁ་ཤས་ཀྱིས་མི་ལག་བྱས་གནམ་གང་གི་བར་ཉིན་ལྔའི་རིང་གཟུངས་བཞུགས་ཕུལ། ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་གཉིས་ལ་སྐྱེད་ཚལ་མཁན་པོ་ཟུར་པ་འབུམ་རམས་པ་རྟ་ནག་ཐུབ་བསྟན་མཁན་པོ། ངོར་ཀླུ་སྡིངས་པ། ཆོས་རྗེ་ཟོ་ལུང་པ་སོགས་ལ་སྟོད་ཕྱོགས་ཀྱི་བླ་མ། སྔགས་པ། འདར་པ་བསོད་ནམས་ལྷུན་གྲུབ་རྡོ་རྗེས་གཙོས་པའི་དྲུང་འཁོར་གྱི་ཞལ་དཀར་བ་མང་དུ་འབྱོར་པ་དང་ཕྲད། ཚེས་གསུམ་


GLG005_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རེས་གཟའ་ཉི་མ། སྐར་མ་ཆུ་སྟོད་ལ་སྟ་གོན་དང་ཚེས་བཞི་ཟླ་བ་ཆུ་སྨད་ཀྱི་འཕྲོད་དགེ་བར་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་དང་ལྷན་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་རས་བྲིས་གྱི་དཀྱིལ་འཁོར་མཚན་མ་རྫས་ཀྱི་ཕུར་པ་ལ་བརྟེན་ནས་རབ་ཏུ་གནས་པ་འཕྲུལ་སྣང་གཙུག་ལག་ཁང་གི་རྟེན་བརྟེན་པ་ཡོངས་སུ་རྫོགས་པ་ལ་རྒྱས་པར་བྱས། དེའང་ཆོས་འཁོར་སྟོད་སྨད་ཀྱིས་གཙོས་པའི་གནས་ཆེན་རྣམས་སུ་རབ་གནས་བསྐྱར་ན་བོད་ཁམས་སུ་བདེ་ཐབས་འབྱུང་བར་གསུངས་འདུག་པ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་ཚང་བ་ཞིག་ལ་དགོངས་པས་ཚུལ་ལྡན་དཀའ་ཡང་རྗོད་བྱེད་ཀྱི་ཚིག་ཆད་ལྷག་མེད་པའི་ལུགས་ཡིན། ཉི་མ་སྔ་རྟིང་ཚོར་ནམ་མཁའ་གཡའ་དག་པར་རླུང་བསེར་བུ་ཙམ་ཡང་མི་ལྡང་ཞིང་འཇའ་སྤྲིན་འཁྲིགས་པའི་ཕྱིའི་གནམ་དཔྱད་ལེགས་པ་ནང་དུ་བག་དྲོ་ཉམས་ཀྱིས་ལྟས་བཟང་བ་བྱུང་། ལྷ་ཁང་གསར་པ་རྣམས་དང་ཇོ་ཤཱཀ རང་བྱོན་ལྔ་ལྡན། བྱམས་པ་ཆོས་འཁོར། དུང་སྐྱོང་རྒྱལ་མོ་བཞི་ལ་འདོད་གསོལ་གྱི་སྨོན་ལམ་བྲིས་པའི་སྙན་དར་ཕུལ། བསམ་ཡས་ནས་གནོད་སྦྱིན་ཆེན་པོས་རིམ་གྲོའི་བསྐུལ་མ་བྱུང་བའི་གསུང་ལན་གྱི་འཕྲིན་ཡིག་ཚིགས་བཅད་དང་བཅས་སྤྱན་གཟིགས་བཟབས་རྒྱས་སུ་བསྟར། སང་ནས་བཟུང་ཉིན་གསུམ་གྱི་བར་དུར་བོད་དཔོན་པོ་ལ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རྗེས་གནང་བྱས་ཤིང་དཔོན་པོའི་ངོར་རྒྱལ་བ་ཙོང་ཁ་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དང་དཔོན་མོས་བླ་མ་གསུམ་གྱི་མཚན་ཚང་བའི་བླ་མའི་རྣལ་འབྱོར་དགོས་ཚུལ་བྱུང་བ་བྲིས། སྲུང་བཟློག་མནན་


GLG005_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིམ་གྲོ་ཁག་རྣམས་བཙུགས། རོང་པ་རྫོགས་ཆེན་པ་དང་ཀོང་པོ་རྫོགས་ཆེན་པའི་སྐུ་སྐྱེ། ཆོས་རྗེ་ཟོ་ལུང་པ་ཅན་ཁ་ཤས་ལ་ཚེ་དབང་འཆི་མེད་དཔལ་སྟེར་བསྐུར། ཚེས་བརྒྱད་ལ་པོ་ཏ་ལར་སླེབས། བླ་མ་དུང་དཀར་བའི་སྐུ་སྐྱེ་རབ་བྱུང་དུ་བསྒྲུབས། མིང་ཚངས་དབྱངས་འབྲུག་སྒྲར་བཏགས། ལྷ་སར་ཕྱིན་པས་འཁྲུགས་པའི་ཉམས་ཀྱིས་རྐང་པ་ཅུང་ཞིག་མ་བདེ་བར་དྲུང་འཚོ་བ་ངག་དབང་ལྷག་བསམ་གྱིས་སྨན་སྦྱར་བའི་འཕྲོད་བསྟེན་ལ་ཚེས་དགུ་ནས་ཉེར་གཉིས་ཀྱི་བར་བདེ་མཚམས་བྱས། ཉེར་གསུམ་ལ་རྒྱལ་པོ་འདམ་ནས་ཕེབས་པ་དང་མཇལ། གདན་ས་འོག་གི་བཙུན་མོ། བྱ་པ་དཔོན་ས། གདན་ས་གོང་གི་ཕྱག་མཛོད་ཀྱིས་ཐོག་དྲངས་ཞལ་དཀར་འདེགས་མི་དང་ཁལ་ཁ་གཡས་རུ་རྒྱལ་ཁང་རྩེའི་སྤྲུལ་སྐུའི་མི་སྣ། སྟག་ལུང་ཕྱག་མཛོད་ཀྱིས་མཚོན་པའི་ཕྲད་མི་མང་དུ་བྱུང་། བྱ་པ་དབོན་ས་ལ་ཚེ་དབང་དང་ཕྱག་དྲུག་པ། ཇའི་སང་གུ་ཤྲི་ལ་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་བྱས། ཁམས་ནས་ཀར་ལུགས་ཀྱི་གྲ་རིགས་གླིང་དབོན་པོ་དགེ་ལུགས་སུ་འགྱུར་ཁུལ་གྱི་པད་ལས་ལ་མཁའ་འགྲོ་འཁྲུལ་བས་སྡིངས་ཐང་ནང་སོ་རང་ཕྱོགས་རྔ་མ་ནག་པོའི་ཚོས་མདོག་ཅན་གྱི་བསྐུལ་མའི་ལས་སྣ་ཕྲོགས་ཏེ་ཁོ་པར་སྤྲད། ནོ་པོ་དགེ་ཚུལ་སྒྲུབ་པར་བཏང་བྱུང་བ་ས་རུལ་གྱི་ཆུ་ཐུབ་བསམ་པ་མ་ཤར་ཡང་འདོད་སྦྱར་བཞིན་བྱས། རྗེས་སུ་ཁོ་པས་བསླུས་ནས་མཁའ་འགྲོའི་མི་བཟང་མང་དུ་བསད་པས་ཉོས་པའི་ཆང་སྐྱུར་གྱི་དཔེར་སོང་། རབ་བྱུང་བསྙེན་རྫོགས་ཁ་ཡར་བསྒྲུབས། ཉེར་བཞི་ནས་ཟླ་བ་བཅུ་


GLG005_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའི་ཚེས་བཅུ་དྲུག་གི་བར་འགོལ་མཚམས་ངོས་ཁྱབ་བདག་སྨན་ཁང་པར་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་ཉམས་འཁྲིད་ཡང་བསྐྱར་དང་གཞན་ཡང་ཟབ་ཆོས་ཅི་རིགས་ཞུས། འབྱུང་པོའི་འཚུབ་ལྷོངས་ཞི་བའི་ཆེད་དུ་ཡང་ཟབ་ནང་གི་རྡོ་རྗེ་གྲོ་ལོད་ཀྱི་དབང་ལུང་ཕུལ། ཚེས་དགུ་ལ་གོང་དཀར་ཆོས་སྡེར་ཕེབས་འཕྲལ་རྡོ་རྗེ་གྲོ་ལོད་ཀྱི་ལྗགས་བསྙེན་གནང་བས་བགེགས་ལས་རྣམ་པར་རྒྱལ་ཏེ་དགྱེས་པའི་རྩེར་སོན། དེ་མུས་ཨཥྚའི་བསྙེན་ཆེན་འཛུགས་པའི་མཐུན་རྐྱེན་དུ་རྫོང་ནས་ཟླ་བ་བདུན་བརྒྱད་བར་གྱི་གསོལ་ཆས་ཕུལ། བཅུ་བདུན་ནས་མཚམས་གྲོལ་བའི་རྒྱལ་པོར་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། འཇམ་དབྱངས་སྤྲུལ་སྐུ། ཤར་ཁང་ནོ་མོན་ཁན། ཐུ་ཤི་ཡེ་ཐུ་རྒྱལ་པོ། ནོ་མོན་ཨེ་ཇེན་གྱིས་གཙོས་ཁལ་ཁ་གཡོན་རུའི་དཔོན་དྲག་རིམ་རྣམས་ཀྱི་མི་སྣ་འབྱོར། གོས་དར་གསེར་དངུལ་གྱི་སྟེར་ཆ་དང་འཇམ་དབྱངས་སྤྲུལ་སྐུས་ཡུན་དུ་གནས་པའི་རྟེན་འབྲེལ་གྱི་ཚན་གྲངས་ཀྱང་ཟུར་དུ་བྱུང་། ཤངས་བཀྲ་ཤིས་རྩེ་བ་ཅན་ཁ་ཤས་ལ་ཕྱག་རྡོར་གོས་སྔོན་ཅན་དང་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་བྱས། ལ་སྟོད་ནས་མཚལ་དང་ཟངས་མང་དུ་ཐོན་པའི་རང་བྱུང་གི་ཟངས་ཤིང་ལོ་འདྲ་བ་ཡ་མཚན་པའང་སྣང་། ལ་ལ་ས་དེར་བུམ་གཏེར་སྦས་པའི་ཕན་ཡོན་ཡིན་ནམ་ཟེར། མཆིམས་ཕུའི་གྲ་རྙིང་ལྷག་ཧྲུལ་འགའ་ཞིག་འདུག་པར་སྡོད་གནས་དགོས་ཚུལ་ལྷ་མོ་རིག་འཛིན་མས་གཙོས་པའི་གནས་སྲུང་རྣམས་ཀྱིས་སྟག་རྩེ་ཐའི་ཇི་བརྒྱུད་མོལ་བ་བཞིན་དོན་སྨིན་དང་སྲུང་མ་ཚོར་གསོལ་མཆོད་རིག་འཛིན་མར་ཞལ་
བྱང་དང་བཅས་པའི་སྙན་དར་བསྲིངས་ཤིང་མཆོད་ཡོན་གོང་མ་གཉིས་ལ་སེལ་གྱི་རྣམ་པ་ཞིག་བྱུང་འདུག་པའི་མཇུག་ལུས་པའང་ལྷ་འཁོན་ཞི་བའི་དན་ཁ་མཛད། བསྟན་འཛིན་ད་ཡན་རྒྱལ་པོའི་ཐམ་ཀ་གསར་བརྐོས་ཀྱི་ཐམ་ཕུད་ཇོ་བོ་རིན་པོ་ཆེ་དང་མ་ཅིག་དཔལ་ལྷར་ཕུལ་བའི་ཁ་བྱང་བཀོད།

དགུང་ལོ་ཞེ་ལྔ་པར་ཇོ་བོ་ཤཱཀྱ་མུ་ནེའི་དབུ་རྒྱན་གསར་བཟོ་དང་། དབུས་གཙང་གནས་མཆོག་ཁག་ལ་མཆོད་རྒྱུན་རིམ་གྲོ་བཙུགས་པ་བཅས་ཀྱི་སྐོར།


GLG005_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་བཞི་ནས་བཟུང་རོང་གི་ཆུ་ཚན་བླངས་པས་རྐང་པ་གཡས་པའི་ལོ་མ་དང་ཚིགས་མཚམས་ཚོར་ཚིགས་བཤལ་བཏང་བ་ལྟ་བུའི་ཆུ་སེར་ཚན་ཆེ་བ་འདྲོངས་ཏེ་འཕྲལ་སྐྲངས་པོ་དང་ཆུ་བུར་གྱིས་འགྲོ་འདུག་དཀའ་བར་བརྟེན་ལྕགས་གླང་ལོ་གསར་གྱི་བསྐང་གསོ་དང་བཞུགས་གྲལ་ལའང་འགྲོ་མ་ཐུབ་པའི་ཚེས་བཅུ་གསུམ་གྱི་བར་འགོལ་མཚམས་ངོས་འཕྲོད་བསྟེན་བྱས་པས་ནད་རྩ་བ་ནས་ཐོན་པ་ལྟ་བུའི་ལོ་ཤས་བདེ་བ་བྱུང་ཞིང་ལོ་མ་གསར་བར་སྡེ་པ་རང་གིས་ནད་གཡོག་གང་ལྕོགས་དང་ལོ་གསར་གྲུབ་ནས་མཆོད་དཔོན་པས་བྱས། འདི་ནས་བཟུང་ལྕོག་གྲ་སྤྲུལ་སྐུས་ལོ་གསར་ཕུལ་བར་སྙན་ངག་ནས་དྲངས་པའི་འཕྲིན་ལན་ཚིགས་བཅད་བི་ཝརྟ་དང་བཅས་པ་རིམ་པར་བྱས། མཚོ་ཁའི་དོན་གཅོད་རྣམས་ཕལ་ཆེར་བསོད་ནམས་དབང་རྒྱལ་གྱིས་ཕྱིན་སྐབས་ཆོད་འདུག་ཀྱང་སླར་གསར་སྐྱེས་འདྲ་དང་གཡོན་རུ་ནང་གི་པཱ་རས་ཀྱི་སྡེའི་བགོས་མཚམས་དང་བཅས་བསོད་ནམས་དབང་རྒྱལ་གྱི་ཟླར་སྒོ་མང་སློབ་དཔོན་འཕྲིན་ལས་རྒྱ་མཚོ་བསྣན་ཏེ་རྫོང་བདའ་བགྱིས། ཁོ་ལས་དགོན་པ་གཟིམས་ཁང་སེར་པོར་སྤོས་པའི་བླ་མ་དམར་སྙུང་རབ་འབྱམས་པ་དང་དང་སྐྱ་བླ་མ་གཉིས་ཁོང་ནས་


GLG005_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

རྫོང་བདའ་གནང་བའི་ཟླར་འགྲུལ་པ་ཕོན་མི་ཆུང་བ་འབྱོར། བཀའ་ཤོག་གནང་སྦྱིན་རྣམས་སྤྲད་ཅིང་སོ་སོའི་རྒྱ་ཟོག་གི་དངོས་པོ་འགངས་ཆེ་བ་འདུག་པ་བླངས། ཕོགས་བདག་རྐྱེན་སྔར་འཁྱུད་བཞིན་བྱས། མི་སྣ་ཚོར་འཇམ་དབྱངས་ཨ་ར་པ་ཙ་ན། མ་ཏི་ལུགས་ཀྱི་འཇམ་དཀར། སེང་ལྡེང་ནགས་སྒྲོལ་གྱི་རྗེས་གནང་རྣམས་བསྐུར། ཨོ་རོད་དུར་བོད་ཀྱི་འགྲུལ་པ་གསར་སླེབས་རྣམས་ཀྱིས་གོས་དར་གསེར་དངུལ་ཇ་རས་སོགས་ཀྱིས་བརྒྱ་འབུལ་བསྟབས། དཔོན་མོ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་སེང་ལྡེང་ནགས་སྒྲོལ་གྱི་རྗེས་གནང་བྱས། བསྙེན་རྫོགས་དྲུག་ཅུ་ཙམ་དང་དགེ་ཚུལ་ལྔ་བཅུ། བར་མ་རབ་བྱུང་ལྔ་བཅུ་ང་གཉིས་བཅས་བསྒྲུབས། ས་སྐྱོང་ཐོག་རྒོད་རྣམ་རྒྱལ་སྨོན་ལམ་གྱི་ཚ་ར་གཏོང་བར་ཕེབས་ཞོར་ལ་ཚེ་དབང་གྲུབ་རྒྱལ་མ། རྣམ་འཇོམས་བ་རི་ལུགས། ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་རྣམས་ཕུལ། བཅུ་དྲུག་ལ་ས་ཕག་ཟླ་བ་གཉིས་པ་ནས་དབུ་གཙུགས་པའི་གསེར་སྐུ་བཅོ་བརྒྱད། ལིི་མ་གསར་བཞེངས་དགུ་བཅུ་ཐམ་པ་རྣམས་གྲུབ་པའི་རྩིས་བླངས། རྒྱལ་པོ། རྩེ་ཚོགས་མཁན་ཟུར་པ། གངས་ཅན་མཁན་པོ་སོགས་ཆེ་དགུ་མང་དང་མཇལ། ཉེར་གཉིས་ལ་དགའ་ལྡན་ཁྲི་རིན་པོ་ཆེ་མངའ་རིས་པའི་ཕྱག་ཕྱིར་བྱམས་གླིང་མཁན་པོ་བསམ་གྲུབ་སྒང་པ་དང་བདེ་ཆེན་ཆོས་འཁོར་བས་གཙོས་བཞི་བཅུ་སྐོར་ལ་ལམ་རིམ་གྱི་འཁྲིད་གསར་རྩོམ་གྱི་ལུང་ཕུལ།ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་བཟོ་ཐབ་བཙུགས་ཏེ་ཇོ་ཤཱཀ་ཡིད་བཞིན་གྱི་ནོར་བུར་གསེར་ཞོ་དྲུག་ཅུ་རེ་བརྒྱད། གཡུ་བརྒྱ་དང་བཞི་བཅུ། ཕུབ་སྐོར་གསུམ་རྣམས་


GLG005_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞལ་འདེབས་ཐེ་བའི་གསེར་ཞོ་སྟོང་བརྒྱད་བརྒྱ་དོན་གཉིས། ཕུབ་སྐོར་བཅུ་བདུན། ཨ་ཙར་སྦ་རིལ་གཅིག །སོག་རྣ་སོག་སྒོར་གཅིག །ཕྲོམ་རྫར་གཅིག །གསེར་སྤྱི་གཅིག །གཡུ་རིལ་གཅིག །ཕུད་ཀྱུ་བཅུ་བཞི། གཙུག་གཡུ་རྡོག་ཁམ་རློན་ཕྱེད་གཤགས་ཙམ་ནས་གཡུ་སྤྱང་ཁམ་སྐམ་ཙམ་འདྲེས་པ་ལྔ་བཅུ་ང་ལྔ། གྲི་ཆུང་མགོ་ཤུབས་ཀྱི་གཡུ་ཕྲ་སྤུས་ལེགས་པད་འདབ་བཞི་ལྡང་བ། མུ་ཏིག་ཆེ་བ་བྱུར་ཀོང་ནས་ཆུང་བ་རྒྱ་སྲན་ཙམ་གྱི་བར་ལྔ་བརྒྱ་ཉེར་བདུན། དངུལ་སྲང་ཞེ་གཅིག་སྐོར་ལས་བསྐྲུན་པའི་དབུ་རྒྱན་གྲོང་གསར་བ་པདྨ་རབ་བརྟན་གྱིས་བཟོ་བཀོད་དང་འཕྱོང་རྒྱས་རབ་འབྱམས་པ་ཀུན་དགའ་བསྟན་འཛིན་གྱིས་དོ་དམ་བྱས་ཏེ་ལྕགས་གླང་ཟླ་བ་བདུན་པའི་ཚེས་ལྔ་ལ་ལེགས་པར་གྲུབ་ནས་དབུ་རྒྱན་དང་སྙན་རྒྱན་གཡས་གཡོན་ལ་འབྲི་རྒྱུར་ཚིག་བཅད་ལྷུག་བརྩམས་པ་གཟོང་བརྐོས་བརྒྱབ་སྟེ་ཕུལ། དགེ་བ་བསྔོ་བའི་སྨོན་ལམ་བྲིས་པ་རྒྱུད་སྟོད་པ་དཔོན་སློབ་ཀྱིས་ཞལ་འདོན་དུ་མཛད་ནས་སྨོན་ལམ་གྱིས་མཚམས་སྦྱར། དེའང་རྒྱལ་བ་ཙོང་ཁ་བ་ཆེན་པོས་ཕུལ་བའི་དབུ་རྒྱན་རྙིང་པ་བརྟན་བཞུགས་ཀྱི་རྟེན་འབྲེལ་ཁྱད་ཀྱིས་བསྒྱུར་བཀོད་མ་བྱས་པར་དབྱར་ཆུ་ཉེན་གྱི་རིང་སྒྲོན། དགུན་དཔྱིད་མི་ཚོགས་ཆེ་སྐབས་རྒྱུ་དང་བཟོ་བཀོད་ཚང་མ་ལེགས་ཁུལ་ནས་གསར་པ་འདི་སྒྲོན་པའི་བཀོད་པ་བྱས། ཚེས་གཉིས་ལ་ཕན་ཅི་དཀའ་བཅུ་བ་ཅན་བསྙེན་རྫོགས་ཉི་ཤུ་རྩ་བརྒྱད་དང་དགེ་ཚུལ་བཅོ་ལྔ། རབ་བྱུང་ལྔ་བཅུ་སྐོར་བསྒྲུབས། བཞི་ལ་གྲ་ཚང་དུ་ཀཱི་ལཱ་ཡ་ས་ཡ་ཨར་གཏད་བྱེ་བ་


GLG005_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས། བརྒྱད་ལ་ཁྱབ་བདག་སྨན་ལུང་པ་ཕེབས། རེ་ཞིག་ཕྱག་དཔེ་ཞུས་དག་འདྲ་དང་སྦྲགས་སྐུ་ངལ་གསོའི་ངོས་རིམ་གྲོ་ཁ་ཡར་གནང་། ས་གྲོ་གཉིས་ཀྱི་བྱེད་འཛོལ་ལ་བརྟེན་ལོ་སྔ་མ་ནས་གཙང་ཚོ་ཆེན་གྱི་མདའ་དཔོན་ལ་གྱང་གྲོང་ནས་དང་གཟེར་ཆེན་ནས་གཉིས་འོས་གྲས་ཀྱིས་གླེང་གཞི་ཡོད་པ་ལྟར་སྡེ་པས་གཟའ་ཚེས་དང་བསྟུན་ནས་བསྐོ་བཞག་མཛད། བཅུ་དྲུག་ལ་མཆོད་དཔོན་དབུ་མཛད་གཉིས་ཀྱིས་གུང་གི་བཞུགས་གྲལ་བཟབས་རྒྱས་བདོག་པའི་ཚན་གྲངས་སྤམས་ཆེ་བ་བསྟར་ཕན་བདེ་ལེགས་བཤད་གླིང་པར་འདོད་ཁམས་དབང་ཕྱུག་མའི་བསྐང་བ་འབུམ་ཐེར། འབྲས་སྤུངས་སུ་འབུམ་བརྒྱ། སེ་རར་གདུགས་དཀར་འབུམ་ཐེར། འཕྱོང་རྒྱས་སུ་བཀའ་འགྱུར་བཅུ། ཕོ་བྲང་དུ་མཚན་བརྗོད་འབུམ། རྡོ་རྗེ་བྲག་པས་ཚེ་འཆར། དཔལ་རི་བ་དང་གནས་པས་ཁྲོ་རོལ། དབུས་གཙང་གི་ཆོས་སྡེ་རགས་བསྡུས་ཁ་ཤས་ལ་མང་འགྱེད་གྲ་བསྒྲིགས་ནས་བརྫངས། ཟླ་སྨད་དུ་པོ་ཏ་ལར་སྔགས་འཆང་བྲག་ལ་བས་ཚེ་བདག །ཆོས་རྗེ་ཆུ་མིག་པས་ཕུར་པའི་གཏོར་བཟློག་བཙུགས། ཨེ་པ་བོན་པོ་ལྷ་དྲུང་ཅན་གྱིས་ལོ་ཤས་ཀྱི་བར་བོན་ལུགས་ཀྱི་གཏོ་ཆོག་བཏང་། ཧོར་ཟླ་གསུམ་པའི་ཚེས་འགོ་ལ་བསྙེན་རྫོགས་བཅོ་བརྒྱད། དགེ་ཚུལ་དྲུག་ཅུ་རེ་གཅིག །རབ་བྱུང་བཅུ་དྲུག་རྣམས་བསྒྲུབས། བརྒྱད་ལ་ལེགས་ལྡན་ནག་པོ་གདོང་བཞིར་མཆོད་གཏོར་སྤྱན་གཟིགས་རྒྱས་པར་བསྟབ། འདི་ལོ་སྤྱི་སྒོས་སུ་རིམ་གྲོ་གལ་ཆེ་ཚུལ་ཚོང་འདུས་བྱ་ཁྲིད་མིག་གཅིག་པས་གསུང་བ་དང་གཞན་ཡང་མོ་རྩིས་འདྲར་ཤར་བས་དབུས་གཙང་རྫོང་གཞིས་ཁག་བཅུ་གཉིས་ཆ་བགོས་ཀྱིས་བཀའ་འགྱུར་ཚར་བཞི་


GLG005_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ལྔ་བཅུ། མཚན་བརྗོད་འབུམ་ཐེར་དྲུག །ཚེ་ཆོག་ཁག་གཉིས། ཆོས་འཁོར་རྒྱལ་དུ་དམག་ཟོར་མའི་བཀའ་འབུམ། ཞལ་དང་བེག་ཙེའི་ཁྲི། གཞན་རྣམས་ལ་སྟོང་རྩ་བྱས། ཉེར་དྲུག་ལ་གྲ་ཚང་དུ་དཔལ་ལྡན་རེ་མ་ཏཱི་མདོས་བཀང་འབུམ་གྱིས་མཆོད་པའི་དབུ་བཙུགས། གནས་ཆུང་ལྕོག་ཏུ་སློབ་དཔོན་ཆེན་པོ་ཟ་ཧོར་མ་ལ་མཚན་བརྒྱད་ཀྱིས་བསྐོར་བ། ཐུབ་པའི་དབང་པོ། འབྲོམ། རྗེ་བཙུན་ཙོང་ཁ་པ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་སོགས་རིམ་བརྒྱུད་རྣམས་ཆོས་སྐྱོང་ཆེན་པོའི་གསུང་བཞིན་ལྷ་བཟོ་བ་ཧོར་དར་དང་བག་དྲོ་གཉིས་ཀྱིས་གཙོས་པའི་བཅོ་ལྔས་བཞེངས། མཆོད་དཔོན་པས་ཐོག་དྲངས་ཕན་བདེ་ལེགས་བཤད་གླིང་པའི་གྲ་པ་ཁ་ཤས་ཀྱིས་གཟུངས་བཞུགས་ཕུལ་ཞིང་རབ་ཏུ་གནས་པ་བསྒྲུབས། ཧོར་ཟླ་བཞི་པའི་ཟླ་འགོ་ལ་རྒྱལ་པོར་རྣམ་འཇོམས་ཀྱི་བྱབ་ཁྲུས་དང་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་རྩ། རྒྱལ་པོ་རྒྱལ་མོ་གཉིས་ལ་ཚེས་དབང་། རྒྱལ་པོ། རྒྱལ་མོ། མི་བཟང་ཁ་ཡར་ལ་སྨོན་ལམ་རྣམ་གསུམ། ཐོག་མཐའ་པ། བདེ་བ་ཅན། མཚན་བརྗོད། རྗེ་དགེ་འདུན་རྒྱ་མཚོའི་གསུང་འབུམ་གྱི་སྨྱུང་གནས་ཆོ་ག །གསར་རྩོམ་གཏོར་མ་བརྒྱ་རྩ་དང་གསོལ་འདེབས་ཁ་ཡར་གྱི་ལུང་ཕུལ། རྒྱལ་པོའི་ཞལ་འདོན་དུ་གསོལ་འདེབས་ཡན་ལག་བདུན་པ་དང་བཅས་པ་དགོས་ཚུལ་བྱུང་བ། སྟག་ལུང་ཕྱག་མཛོད་ཀྱིས་བསྐུལ་ནས་ཞབས་དྲུང་མ་ཆེན་གྱི་བརྟན་བཞུགས། ལྷ་ས་སྤྱི་ཚོགས་ཀྱིས་ངེད་རང་དང་སྡེ་པའི་རིང་འཚོའི་ཚིགས་བཅད་བསྐུལ་བ་རྣམས་བྲིས་ཤིང་དེ་དང་འབྲེལ་བའི་རྟེན་འབྲེལ་


GLG005_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྒོ་བསྒྲིག་པར་རུ་བཞི་རགས་བསྡུས་ཚོགས་པའི་བདོག་པ་རིང་དུ་བརྐྱངས་ཏེ་བདེན་པ་བརྗོད། ཨྱོན་མཚོ་མོ་དང་བཀྲ་ཤིས་ལྗོངས་ཆོས་རྗེ་གཉིས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། བྱང་རྩེ་ཆོས་རྗེ་དམ་ཆོས་རྣམ་རྒྱལ་དང་རི་བོ་བདེ་ཆེན་གྱི་མཁན་པོ་མཁས་པའི་དབང་པོ་བློ་བཟང་མཁས་བཙུན་གཉིས་ལ་གསར་རྩོམ་ལམ་རིམ་གྱི་འཁྲིད་ལུང་། མཁན་པོ་སྒེར་དུ་སྣར་ཐང་བརྒྱ་རྩའི་ནང་གི་མི་འཁྲུགས་པའི་རྗེས་གནང་ཕུལ། ཚེས་བཞི་ལ་སྡེ་པ་ཕོན་མདོ་བ་བསྟན་སྲུང་སྐུ་ལུས་བསྒྱུར་ཅིང་མཚན་དགོས་གསུང་བ་བློ་བཟང་ཚེའི་དབང་པོར་གསོལ། ལུང་བསྟན་ཚོར་བོད་ཀྱི་མི་ཕྱེད་སེར་ཆས་གྱོན་ཞེས་པའི་དུས་བབས་ལས་སྡོམ་པ་མེད་པའི་སེར་གཟུགས་ལ་ཡ་མཚན་རྒྱུ་མི་འདུག །ཚེས་དྲུག་ལ་ཀར་ལུགས་ཆོས་རྗེ་ཏྲེ་ཆུང་སྤྲུལ་སྐུའི་གཙུག་ཕུད་བླངས་མཚན་བློ་བཟང་ཆོས་ཀྱི་དབང་པོར་བཏགས། བདུན་གྱི་རྒྱལ་ཕུར་འགྲུབ་སྦྱོར་ལ་གྲ་ཐང་མཁན་པོ་སངས་རྒྱས་དཔལ་བཟང་གིས་ཚེའི་རྟེན་འབྲེལ་བསྒྲིག་པའི་ཆོ་ག་མཛད་ཐོག་གདན་ས་གོང་ནས་ཀྱང་བཀའ་ཤོག་རྡོ་རྗེའི་རི་མོས་མཚན་པའི་རྟེན་གྱིས་གཙོས་གནང་ཆ་འབྱོར་པ་རྟེན་འབྲེལ་ལེགས་འགྲིག་ཏུ་བྱུང་། དེ་ཉིན་ནས་རིགས་ཀུན་བདག་པོ་ཉང་སྟོན་བློ་གྲོས་མཆོག་གི་རྡོ་རྗེའི་དྲུང་དུ་བླ་མ་གསང་འདུས་དང་ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱིས་ཐོག་དྲངས་གཏེར་ཁ་གོང་འོག་གི་ལྗགས་ལུང་དབུ་བཙུགས། ཚེ་བརྟན་རྒྱལ་མཚན་སོགས་གཏེར་ཆེན་དུ་མས་གདན་དྲངས་པའི་ཟབ་གཏེར་གཞན་འདྲ་དང་བླ་མ་གསང་འདུས་ཀྱིས་མཚོན་པའི་ཉམས་འཁྲིད། བསྐལ་བཟང་། བརྒྱད་སྟོང་པ། མདོ་ཕྲན་ཁ་


GLG005_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཡར། སྒྲུབ་དབང་། ཁྲོ་རོལ། སྨན་སྒྲུབ་ཀྱི་ཕྱག་ལེན་དམར་འཁྲིད་དང་བཅས་ཟླ་བ་བདུན་པ་སྔ་མའི་མཇུག་བར་ཕྲད་མི་འདྲ་གློ་བུར་བའི་བྲེལ་བ་ཐོར་བུ་བྱུང་དུས་མ་གཏོགས་སྟར་ཆགས་སུ་ཞུས། ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་གོང་གི་གསེར་ཡིག་པ་རྣམས་ལ་རྫོང་བ། ཡི་གེ་དྲུག་པ་གཙོ་འཁོར་གསུམ་པ། འཇམ་དབྱངས་ནག་པོ། སེང་གདོང་མ་སྔོན་མོ། ཕྱག་དྲུག་པའི་རྗེས་གནང་བར་ཆར་ཀུན་སེལ། ཨེལ་གེའི་དབང་གི་བླ་མ་དཔལ་འབྱོར་རྒྱ་མཚོ་དང་འོར་དུས་ལ་འགྲོ་མི་བྲག་ཏི་རབ་འབྱམས་པ་གཉིས་ལ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ཁྲོད་ཀྱི་ཡི་དམ་སྒྲུབ་སྐོར་དང་རྗེས་གནང་གི་ལུང་རྣམས་བྱས། བསྙེན་རྫོགས་བདུན་དང་རབ་བྱུང་སུམ་ཅུ་སྐོར་བསྒྲུབས། ཆ་གན་དར་ཁན་ཆོས་རྗེས་བཀའ་འགྱུར་གྱི་རྒྱུའི་ཤོག་སྔོན་སོགས་དངོས་པོ་གཏོས་ཆེ་བའི་སྟེར་ཆ་བསྐུར་བྱུང་བའི་ལན་ཚིགས་བཅད་དུ་བཀོད། གོང་དུ་ཞུ་ཡིག་འབུལ་སྐྱེལ་སེ་ར་ཧ་སྡོང་རབ་འབྱམས་པ་དང་རྟ་འབུལ་དབོན་ཆུང་བརྫངས། ཚེས་གསུམ་ལ་ནཱ་ལནྡཱ་ནས་རྩེ་གདོང་ཞབས་དྲུང་རིན་པོ་ཆེ་ཁྲི་ཐོག་པ་ཕེབས་བཀུར་གཟོས་སྔར་འཁྱུད་བཞིན་ཞུས། སྐུ་ན་ཕྲ་བས་གསུང་འཕྲོས་སྨར་བ་ནི་མི་གནང་འདུག །ཀོང་པོ་རྫོགས་ཆེན་པ་ནམ་མཁའ་འཇིགས་མེད་ཀྱི་སྐུ་སྐྱེར་དྲག་པོ་རྩལ་གྱི་བྱིན་རླབས་ཐུགས་རྗེའི་དབང་། རིག་འཛིན་སྲོག་སྒྲུབ་ཀྱི་དབུ་ནས་ཚུགས་ཙམ་གྱི་ལུང་བྱས། དུར་བོད་དབོན་པོ་རྡོ་རྗེས་བསྐུལ་བའི་བླ་མ་དང་ཚེ་དཔག་མེད་དབྱེར་མེད་ལ་གསོལ་འདེབས་པ། ཤངས་བཀྲ་ཤིས་རྩེ་བའི་ཁ་ཏོན་དུ་གསོལ་འདེབས། རི་


GLG005_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བོ་བདེ་ཆེན་གྱི་ཀྱེ་རྡོར་སྒྲུབ་མཆོད་ཀྱི་ཆོག་དཔོན་དགེ་སློང་རིན་ཆེན་དཔལ་བཟང་གི་ངོར་ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་གི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ། ཁྱབ་བདག་སྨན་ལུང་བའི་བཀས་བསྐུལ་བའི་གསོལ་འདེབས་རྣམས་བྲིས། ས་ཕག་བསམ་ཡས་ནས་ཆོས་སྐྱོང་ཆེན་པོ་རྣམ་གཉིས་ཀྱིས་ཞལ་གྱིས་བཞེས་པ་དང་མཐུན་པར་ཚུར་རྒོལ་མཁན་པོ་རྣམས་མིང་གི་ལྷག་མར་གྱུར་པའི་གཏང་རག་འབུལ་བ་དང་ཚོང་འདུས་བྱ་ཁྲིད་མིག་གཅིག་པར་ལུང་བསྟན་ཞུ་བར་བསམ་དར་ནས་དེ་མཚུངས་ཚངས་པ་དུང་ཐོད་ཅན་ལ་རྒྱལ་ཁམས་བདེ་ཐབས་འདྲི་བར་གྱང་གྲོང་ནས། རིགས་ཀྱི་སྲུང་མ་ཐང་ཆེན་བཤན་པ་ལག་དམར་ལ་འཕྲིན་བཅོལ་འབུལ་བར་པུ་ཤུད་པ་བློ་བཟང་དར་རྒྱས་རྣམས་བཏང་། མགྲོན་གཉེར་དྲུང་པས་མར་པའི་དབུ་ཀླད་རིང་བསྲེལ་མ་དང་འབྲི་གུང་ཞབས་དྲུང་ཆོས་ཀྱི་གྲགས་པའི་ཚེམས་རིང་བསྲེལ་ཅན། སྣ་མོ་ཤག་གྲུབ་ཆེན་པས་བླ་མ་ཞང་གི་བསམ་གཏན་ཨོག་སྟེགས། ཚར་ཆེན་རྡོ་རྗེ་འཆང་གི་ཚེམས། སྔགས་འཆང་བསོད་ནམས་ཆོས་འཕེལ་གྱི་དངོས་སློབ་རིན་པོ་ཆེ་དཀར་པོ་བ་ནས་ངོར་མཁན་པོ་དཔལ་གླིང་པ་བརྒྱུད་དེ་བྱུང་བ་རྣམས་ནང་རྟེན་ཁྲོད་དུ་ཡོད། ཟླ་བ་དྲུག་པ་སྔ་མའི་ཚེས་བཅུ་བཞི་ནས་དྲུག་པ་རྟིང་མའི་ཚེས་ལྔའི་བར་རང་བྱུང་འཕགས་པའི་གཙུག་ལག་ཁང་དུ་རིག་འཛིན་ཆེན་པོ་སྨན་ལུང་པ་བློ་མཆོག་རྡོ་རྗེར་མདོ་དབང་། བཀའ་བརྒྱད་གསང་བ་ཡོངས་རྫོགས་སོགས་སྔ་འགྱུར་བཀའ་གཏེར་གྱི་དབང་མང་དུ་ཞུས། ཚེས་བརྒྱད་ནས་མཚམས་གྲོལ་བའི་སེ་སྟོན་རིག་འཛིན་ཆེན་པོ་བཀྲ་བཟང་པ་ཐུགས་


GLG005_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འོད་འབར་ལ་ཆོས་རྒྱལ་བྱང་པའི་གཏེར་གསར་ཀརྨ་གུ་རུའི་ལུང་བཀླགས། རབ་བྱུང་བསྙེན་རྫོགས་སུམ་ཅུ་སྐོར་བསྒྲུབས། བསམ་ཡས་གནོད་སྦྱིན་ཙེའུ་དམར་བས་གཞུང་ནས་བཤད་པའི་སློབ་དཔོན་ཆེན་པོས་རྒྱལ་མཚན་ལྔའི་དབང་བསྐུར་བའི་གྲངས་དབྱིབས་དང་མཚུངས་པ་དགོས་ཚུལ་བྱུང་བ་བཞིན་ཟ་འོག་གསེར་ཏོག་སོགས་སོ་སོའི་མགོ་བརྙན་གྱི་ཏོག་རྒྱལ་མཚན་གྱི་མ་ལ་རི་མོ་བྲིས་ཏེ་ཕྱག་ལེན་འཁྲུལ་མེད་དུ་བཟོས་པ་ཆེད་དུ་འབུལ་བར་སྙེ་ཐང་དྲུང་ཆེན་ཤཱཀྱ་དབང་ཕྱུག་མངགས། ཟླ་སྟོད་ལ་འདོད་ཁམས་བདག་མོའི་མདོས་བཀང་བཏང་། གད་སྒོ་ཞང་ཚན་གྱིས་གཙོས་ས་ཕག་བདེ་གཟར་གྱི་རྩ་བ་རམ་འདེགས་སྡེ་དང་བཅས་པ་རྣམས་དམར་ཆའི་ཟླ་བ་ལྟར་གྱུར་པར་བརྟེན་མདོས་བསྐང་གི་མཇུག་དང་སྦྲེལ་ནས་འཇམ་དཔལ་གཤིན་རྗེ་གཤེད་པོ་གཙོ་བོར་གྱུར་པའི་ཡི་དམ་ཆོས་སྲུངས་སྤྱི་ལ་གཏང་རག་དང་ཁྱད་པར་གནོད་སྦྱིན་བེག་ཙེ་ལ་གཏོར་སྐྱོང་བཟབས་རྒྱས་བཏང་བའི་སྙན་དར་ལ་ལས་བསྒྲུབས་མངའ་གསོལ་གྱི་ཚིགས་བཅད་བྲིས་པ་ཕུལ། འོན་ཀྱང་སྙེ་མོ་བ་རྣམས་རྟོག་པ་རྩིངས་སྐྱོན་ནས་གཞིས་རྩེ་པ་རྣམ་གྱི་རྒྱ་ཁའི་ཕྱེ་གཏོར་རྩམ་དུ་འདྲེས་པའི་སྐྱོན་གྱིས་སེར་བ་དྲག་པོ་དང་ཐོག་འབེབས་ཁད་ཀྱི་གློག་འབྲུག་སོགས་འཇིགས་རྔམས་ཆེ་བ་བྱུང་བར་དམ་སེལ་གཞིལ་བའི་ཐབས་འཕྲལ་དུ་བྱས་པས་མྱུར་དུ་ཞི། རྩམ་པ་དེ་གའི་མུས་ནས་གྲ་ཁང་གི་གཏོར་མ་དང་ཁྱབ་འཇུག་གི་མདོས་ལའང་འདྲེས་པས་ཐོག་འཁྱུག་གི་འཇིགས་པ་ཡོང་དུ་ཉེ་བ་ཐེངས་གཉིས་ཙམ་བྱུང་བས་ཞིབ་ཆ་ཆེ་བ་


GLG005_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

གནད་དུ་སྣང་ཡང་གཏོར་རྒྱུ་སྒེར་དམིགས་དགོས་པ་དྲག་གཞན་སུ་ལ་ལབས་ཀྱང་རྒྱལ་པོའི་སྙན་དུ་བཙོང་གི་པི་པི་མི་འགྲོ་བ་འདུག །སྡེ་པས་ཁུར་བཞེས་ཏེ་གནང་བ་རྣམས་ཀྱང་ཕལ་ཆེར་ལ་དྲི་བ་མ་བྱས་པ་མ་བྱུང་བ་ནས་བཀྲ་ཤིས་ལྷུནཔོའི་བླ་བྲང་རྒྱལ་མཚན་མཐོན་པོར་ཁྱུང་རྩེ་བྲ་འོ་ལུང་གཞིས་ཀ །ཐེམ་འཛིན་ཉི་ཤུ་རྩ་བདུན། ལག་ཡོང་ཁལ་ཉིས་སྟོང་ཉིས་བརྒྱ་སྐོར། གངས་ཅན་ཆོས་འཕེལ་དུ་ལྔ་མཆོད་ཆེན་མོའི་ཐེབས་སུ་གཡུལ་སྤེལ་དམར་གཞིས་ཀ །ཐེམ་འཛིན་བཅུ་བདུན། ལག་ཡོང་ཁལ་ཆིག་སྟོང་བཞི་བརྒྱ། རྒྱ་ནག་མཆོད་རྟེན་བླ་མས་ཞུ་རྟེན་སྤམས་ཤིན་ཏུ་མཐོ་བ་དང་བཅས་བྱུང་བར་བརྟེན་ལྷུན་རྩེ་ཆོས་སྡེ་བར་རྟ་ནག་བཀྲ་ཤིས་སྡིངས་གཞིས་ཀ །ཐེམ་འཛིན་ང་གཉིས། ལག་ཡོང་ཁལ་སུམ་སྟོང་ཕྱེད་དྲུག་བརྒྱ་སྐོར། ཆོས་རྗེ་སྒྲོལ་མ་སྦུག་པར་ལྷབས་ཀྱི་ས་ཆབ་དང་ས་སྣོན་སྦྲགས་པར་རྟ་ནག་འོ་རློན་དང་ཞག་པའི་གཞིས་ཀ །ཐེམ་འཛིན་ཉེར་ལྔ། ལག་ཡོང་ཉིས་སྟོང་སུམ་བརྒྱ་སྐོར། སྣ་དཀར་རྩེ་ཞབས་དྲུང་ཟིལ་གནོན་པས་གསར་བཙུགས་ཀྱི་བན་ཚང་པར་རོང་ཁུ་ལུ་ཝག་དང་བཅས་པའི་ཐེམ་འཛིན་བཅུ་དྲུག །ལག་ཡོང་སྟོང་དང་ཕྱེད་ཉིས་བརྒྱ་སྐོར། ཆོས་རྗེ་ཆུ་མིག་པར་ལྷ་རི་རྩེ་པའི་ཁུངས་ཁྲབ་དང་ཉིན་སྦུབ་གཞིས་ཀ ། ཐེམ་འཛིན་བརྒྱད། ལག་ཡོང་ཕྱེད་དྲུག་བརྒྱ་སྐོར། གནས་རྙིང་ཞབས་དྲུང་དགའ་ལྡན་པའི་དངུལ་གདུང་དུས་མཆོད་དང་ལོ་མཆོད་ཐེབས་སུ་ཤངས་བྲེས་ཁ་ནོར་བུ་སྒང་དང་བདུད་འདུལ་གྱི་ཤུལ་བཅས་ཀྱི་ཕྱེད་ཡའི་གཞིས་ཀ །ཐེམ་འཛིན་བདུན། ལག་ཡོང་དྲུག་བརྒྱ། ཨེར་ཁེ་རབ་རྒྱས་དགོན་


GLG005_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

གསར་དུ་གནས་རྙིང་པར་སྦྱར་བའི་ཕྱེད་ཡའི་རྐང་འགྲོ་ལག་འདོན། ཐེ་པོ་ད་ཡན་ཆོས་རྗེའི་འབུལ་ཚན་བཟང་བ་དང་བཅས་དགའ་ལྡན་ཉང་རོང་གྲ་ཚང་བར་འཕན་ཡུལ་ཚེ་རུ་བ་ཐེམ་འཛིན་བརྒྱད། ལག་ཡོང་ཉིས་བརྒྱ་སུམ་ཅུ། གུ་ཤྲི་བླ་མའི་ཚ་བོ་ངག་དབང་འཕྲིན་ལས་སྤུན་ལ་འུ་ཡུག་གོས་སྔོན་གཞིས་ཀ །ཐེམ་འཛིན་དགུ །ལག་ཡོང་བདུན་བརྒྱ་སྐོར། གླང་བུ་ནས་ཡོན་ཏན་མཁན་པོར་སོང་བ་དང་བཅས་ས་སྣོན་དུ་ཐེམ་འཛིན་བདུན། ལག་ཡོང་སྟོང་དང་བཞི་བརྒྱ་སྐོར། ནོར་ཁྱུང་དབང་གྲགས་ལ་ཐེམ་འཛིན་བཞི། ལག་ཡོང་ཕྱེད་ལྔ་བརྒྱ། ཚགས་པ་བསོད་ནམས་དབང་རྒྱལ་ལ་ཁང་གསར་གོང་འོག་གཉིས་མི་བྲན་གྱི་ལས་ཁྲལ་དང་བཅས་པ་ལག་ཡོང་ཉི་ཤུ་སྐོར། འབྲོང་རྩེ་ལྷུན་གྲུབ་གླིང་པའི་སྟེང་ནས་ཚགས་པར་སོང་བའི་ཚབ་ཕར་བཅས་ལ་བྱང་ཁུད་པར་ཚོ་ནས་ཐེམ་འཛིན་བཞི། ལག་ཡོང་སུམ་བརྒྱ། ལྷོ་པ་ཚེ་དབང་རྡོ་རྗེ་ཅན་ལ་རྒྱལ་རྩེ་ཐང་སྤེ་བའི་གཞིས་ཀ །ཐེམ་འཛིན་ཉེར་གསུམ། ལག་ཡོང་སྟོང་དང་བརྒྱ་སྐོར། རྩེ་ཆེན་བཀྲས་སྡིངས་པར་སྤང་ཡུལ་བོན་གྲོང་པ་ཐེམ་རྐང་གཅིག །ལག་འབབ་སུམ་ཅུ་སྐོར། སྡིངས་ཆེན་པའི་ས་རིས་ལ་ཡོང་འབབ་སྟོང་ཕྲག་དྲུག་ཙམ་ཡོད་པར་གཡོག་གིས་མ་འཁོལ་བ་དང་ལག་ཐོག་ཏུ་འབབ་ངེས་བརྗེ་དགོས་ཚུལ་བྱུང་སོང་ཡང་སྡེ་པའི་ཐུགས་ལ་མ་བབས་པ་བདེན་པར་འདུག་ཅིང་གཙང་དུས་གཉལ་དུ་གོ་མ་ཆོད་པས་དགོངས་ཕོག་ལ་བརྟེན་ལྕགས་སྦྲུལ་རྒྱལ་པོའི་སྐུ་ཞབས་སུ་བྲོས་པ་བྱས་ཡུས་སུ་ཁུར་བའི་ཞུ་ནན་ཆེ་བས་ལྷུན་རྩེ་འབྲེང་ཁུད་པས་འཛིན་ཤུལ་


GLG005_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་སྤེ་ལྷོའི་ཐེམ་འཛིན་དྲུག །ལག་ཡོང་ཕྱེད་བཞི་བརྒྱ་སྐོར། སྙེ་ནམ་གནས་པོ་ཀོ་ཐང་འཛོམ་པར་ཕ་དྲུག་རབས་ཁའི་ཐོག་ནས་ཐེམ་བཅུ་གཅིག །ལག་ཡོང་ཉིས་བརྒྱ། སྡེ་པ་ལྷ་རྒྱ་རི་བ་དཔོན་བློན་གྱི་མཚམས་རི་པའི་རྦབ་དང་ཀླུངས་པའི་ཁུའི་དཔེས་རང་ཉེས་སུ་སོང་བ་ལས་གཞུང་ལ་འཁང་ར་མཛད་རྒྱུ་མེད་ཀྱང་གཉེར་ཚང་མ་ཟིན་པའི་ཞལ་ལང་ཆེ་བར་བརྟེན་དྭགས་སྟོད་སྦ་ཇོ་སྦམ་མདའ་དྲིལ་བའི་ཐེམ་འཛིན་ལྔ་བཅུ་ལྷག །ལག་ཡོང་སྟོང་ཕྲག་ཕྱེད་གཉིས་སྐོར། གྲོང་སྨད་ནས་སྡེ་པ་བསོད་ནམས་རབ་བརྟན་གྱི་དུས་མཚོ་སྨད་དང་དཔལ་གྲོང་ས་བརྗེས་ཞུས་འདུག་པ་སྡེ་པ་འཕྲིན་ལས་རྒྱ་མཚོ་ཁྲིར་མ་བཏོན་གོང་གཞན་གྱི་སྟེར་སྦྱིན་འདྲའི་ཡོང་སྒོས་ནང་དུ་ཕན་ཐོགས་ཆེ་བ་ཁྲིར་བཏོན་ནས་མ་སྤྲད་པའི་གཤིས་དེ་གའི་ཐབ་འཛིན་ཐེབས་སུ་སྡེ་པས་ཚུར་འཆར་མ་བྱུང་རུང་འདི་ཁ་ནས་བློས་བཅད་ཀྱིས་དཔལ་གྲོང་དང་གྲིབ་ལུང་གཞིས་ཀ །ཐེམ་འཛིན་ལྔ་བཅུ་ཙམ། ལག་ཡོང་སྟོང་ཕྲག་ཕྱེད་གསུམ་སྐོར་རྣམས་སྦྱོར་འཇགས་བྱས། གནས་རྙིང་ཞབས་དྲུང་སྐུ་འབྲིང་པ་ཞིང་བརྗེས་པས་གདུང་བརྒྱུད་གཞུང་རྫོགས་པའི་གནས་རྙིང་ཤོལ་ར་བའི་སྐུ་རྟོལ་རོང་བྱམས་ཆེན་གྱི་ཆོས་གྲ་འགྲིམ་པ་མཛད་མཁན་བློ་བཟང་བསྟན་འཛིན་ཁྲི་འདོན་གྱི་སྒོ་ཤར་བའི་བསྙེན་རྫོགས་སྒྲུབ་པར་བྱོན་བྱུང་བ། རྒྱ་འཇམ་དཔལ་གསང་བ་ནས་བཟུང་ཟམ་མ་ཆད་པའི་གདུང་བརྒྱུད་ཁུངས་བཙུན་ཞིང་རྗེ་ཀུན་དགའ་བདེ་ལེགས་དང་ཞབས་དྲུང་རྗེས་མའི་སྐུ་མཆེད་གཉིས་མ་གཏོགས་རབ་བྱུང་གི་རྟེན་ཅན་ཆེར་མ་བྱུང་ལྷག་ཏུ་ཞལ་ངོའང་ཁྲོལ་ཡེ་མི་སྣང་བས་


GLG005_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་པ་དང་གདུང་བརྒྱུད་སྔར་སྲོལ་བཞིན་སྦྲགས་ན་བསམས་རུང་ཚང་མ་བསྙེན་རྫོགས་བསྒྲུབས་ན་ལེགས་གྲས་སུ་འདུག་པས་ཐུགས་དང་བསྟུན་ནས་མཁན་པོ་བྱས། ཕྱིས་སུ་ལྷོ་མོན་གྱི་སྦྱིན་བདག་ཞེན་པ་བ་རྣམས་ཕུགས་ཞལ་ངོ་ཆད་ན་བསྟན་པར་བསམ་རྒྱུ་མེད་ཚུལ་ལབས་པས་མཐའ་ཚེས་པ་མཛད་ཐེབས་བྱུང་མ་སོང་། ཁྱབ་བདག་སྨན་ལུང་ནས་ཀྱིས་ཁ་འབར་མ། གྲིབ་སེལ། བསུ་བཟློག་གི་རིམ་གྲོ་འགའ་ཞིག་མཛད། གོང་རའི་ས་རིས་ཤམྦྷར་གྱི་ས་ཚབ་ཕྱེ། གོང་ར་ལོཙཱ་བའི་སྐྱེ་བ་ཟུང་མཁར་ཀླུ་སྦུག་པར་ཡོད་པའི་གྲགས་ལ་བརྟེན་སྐུ་སྐྱེ་གོང་རར་གདན་དྲངས་ཆོག་པ་དགོས་ཚུལ་ནན་ཆེར་གསུང་བར་དེ་བཞིན་མ་མཛད་ན་གྲ་རིགས་སྦྱིན་བདག་གིས་གནང་བསྟད་ཡོང་ཤས་ཆེ་བས་དབུས་ནས་དགོན་པ་མཆོད་གཞིས་གྲ་རྒྱུན་དགེ་ཁོངས་གང་ལེགས་སྤྲོད་པས་ཚུར་བསྒྲིལ། གོང་རར་དགོན་པ་རང་པར་བཀབ་དགོས་དོན་མི་འདུག་གཤིས་རོང་གི་ཚོ་རིན་སྤུངས་སུ་རྩིས་སྤྲོད་མཛད་ན་ཡོང་འདྲ་ཚུལ་མོལ་ཡང་དགོན་པ་འཐོར་བའི་གཏམ་ཆ་ལ་ཐུགས་འཛེམ་གནང་བས་ལོ་ཙཱ་བའི་སྐྱེ་བ་མ་བོས་ཕྱིན་ཅི་འགབ་བཞེད་པ་དང་སྦྱར། ཟང་ཟིང་གི་བདོག་པ་རྒྱས་པར་ཕུལ་ནས་རོང་ཕྱོགས་སུ་བྱོན། བདུན་གཅིག་གི་བར་འཆི་མེད་གྲུབ་པའི་རླུང་སྦྱོར་གྱི་མཚམས་དམ་དུ་བཅད། ཟླ་བ་བདུན་པའི་ཚེས་བདུན་ལ་ལྷ་ལྡན་གཙུག་ལག་ཁང་གི་དེབ་ཐེར་གསར་བརྗེས་ཀྱི་འགོ་བརྗོད་བིཝརྟ་ཅན། གསེར་མདོག་ཅན་མཁན་པོ་ཀུན་དགའ་བསོད་ནམས་ཀྱིས་བསྐུལ་བའི་རང་བསྟོད། ཀུན་དགའ་ར་བའི་སྒོ་འགྲམ་དུ་ཆོས་ཀྱི་རྒྱལ་པོ་ཙོང་


GLG005_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་པ་ཆེན་པོ་དང་གསང་སྔགས་ཕོ་བྲང་གི་སྒོ་འགྲམ་དུ་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་རིམ་པ་ལ་བརྟེན་པའི་ཀུན་བཟང་འཁོར་ལོ་བོད་རྒན་ཚོའི་རྩོམ་རྙིང་དང་འདྲ་བ་རྣམས་བྲིས། དེའང་སྙན་ངག་གི་གཞུང་དང་བསྟུན་པའི་ཀུན་འཁོར་གོ་དཀའ་བས་ཕལ་ཆེར་གྱིས་ཡ་མཚན་དུ་མི་བརྩི། བོད་ཀྱི་ཀློག་ཚུལ་དང་མཐུན་པ་འདི་ལ་ཁུངས་མེད་ཀྱང་དམངས་ཀྱི་བློ་ལ་འཐད་པས་བཀོད་པ་ཡིན། གོར་གྷས་གླང་བུ་མཁར་དུ་ཚུར་རྒོལ་བྱས་པར་ཤངས་བཀྲ་ཤིས་རྩེ་ནས། གྱང་གྲོང་ནས། མས་ཆགས་ནས་གསུམ་གྱིས་གཙོས་པའི་གཙང་གི་ཚོ་ཆེན་གཏོང་བ་མཛད་སོང་བར་གཡུལ་ལས་རྣམ་པར་རྒྱལ་བའི་གཏང་རག་གི་དུས་བསྟན་སྲུང་སྤྱིར་ཕུལ་བའི་སྙན་དར་ལེ་ཚན་ལ་ཞལ་བྱང་དང་ཏྲེ་བོ་སྐུ་སྐྱེ་ནམ་མཁའ་བསམ་གྲུབ་ཀྱིས་བསྐུལ་ནས་སེམས་དཔའ་ཆེན་པོའི་སྐུ་སྐྱེའི་བརྟན་བཞུགས་བྲིས། ཚེས་བཅུ་གསུམ་ལ་ལས་གྲ་བཙུགས་ཏེ་དངུལ་སྲང་དྲུག་བརྒྱ། གསེར་ཞོ་ཕྱེད་སུམ་བརྒྱ་ལྷག་ལས་གྲུབ་པའི་མཎྜལ་རི་རབ་མངོན་པ་ལུགས་སུ་བྱས་པ་ཕྱེད་ལྷག་ཙམ་གྱི་བཟོ་བཀོད་གྲོང་གསར་བ་ཡིན་ནའང་དེ་ནས་དུས་ཀྱིས་གཞན་དབང་དུ་གྱུར་པར་བརྟེན་རིག་བྱེད་པ་གླང་བུ་ནས་དགྲ་འདུལ་ཚེ་རིང་གིས་འཕྲོ་འཐུད་དེ་ཚིགས་བཅད་ལྷུག་མུ་རན་སྟོད་སྨད་ལ་གཟོང་རྐོས་བརྒྱབ་པ་ཆུ་སྟག་ཟླ་བ་གསུམ་པའི་ནང་དུ་གྲུབ་ནས་ཕུལ་ཚེས་གསུམ་ནས་བཟུང་ཉིན་གསུམ་གྱི་བར་རྀ་ཥིའི་ཆུ་ཞུགས་བྱས། སྐྱར་པོ་ནས་བློ་བཟང་ལེགས་ལྡན་ཁོང་རཏྣ་དང་ནོར་བུ་རྒྱ་མཚོའི་རྒྱུ་མཚན་ལ་བརྟེན་དོན་གལ་ཆེ་བ་ཁ་ཤས་གཅོད་པར་ཚེས་བཅོ་ལྔ་ལ་མཚོ་ཁར་རྫོང་བདའ་བྱས། ཉེར་གསུམ་


GLG005_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་སྐོར་ལ་ཁལ་ཁ་ཁུན་དུ་ལེན་དུར་གེ་ཆི་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། རིགས་གསུམ་མགོན་པོ་དང་ཕྱག་དྲུག་པའི་གཏོར་དབང་། སྣར་ཐང་བརྒྱ་རྩ་ནས་བཤད་པའི་རྗེས་གནང་ཅི་རིགས་དགོས་ཚུལ་བྱུང་བ་ལྟར་དང་ཨ་མདོ་ཕྱོགས་ཀྱི་བླ་མ་གསར་སླེབས་འགའ་ལ་ཚེ་དབང་དང་རིགས་གསུམ་མགོན་པོའི་རྗེས་གནང་བྱས། ཉེར་དགུ་ལ་པད་གླིང་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་ཕྲད་པར་བྱོན། མ་ཏི་ལུགས་ཀྱི་འཇམ་དཀར་དང་མི་གཡོ་བ་དཀར་པོ་གཉིས་ཀྱི་རྗེས་གནང་ཕུལ། ཁོང་དཔོན་སློབ་ཀྱི་རྟེན་སྒམ་ནས་པདྨ་གླིང་པས་སྨན་མདོ་ནས་གདན་དྲངས་པའི་པདྨ་མཐོང་གྲོལ། མེ་འབར་མཚོ་ནས་བཏོན་པའི་མ་རྒྱུད་ཤོག་སེར། མཆིམས་ཕུ་ནས་བཏོན་པའི་ཚེ་ཆུའི་སྣོད། ཁྲི་སྲོང་ལྡེ་བཙན་གྱི་མགུལ་གཡུ། ཉང་དང་ཨྱོན་གླིང་པའི་ཁྲོས་ནག་ཤོག་སེར། ཙནྡན་སྦྲུལ་སྙིང་ལས་སྒྲུབ་པའི་དུག་སྦྲུལ་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ཀླུ་སྒྲུབ་ཀྱི་ཕྱག་བཟོ་འོད་ཟེར་གོ་ཆས་བལ་མོ་བཟར་གནང་བ་ཆོས་རྒྱལ་གྱིས་ཀ་བ་བུམ་པ་ཅན་དུ་སྦས་པ་རྡོ་རྗེ་གླིང་པས་བཏོན་པ། ཆོས་དབང་ལ་སྣེ་སྔོན་བྲག་ཕུག་ཏུ་མཁའ་འགྲོས་དངོས་སུ་གནང་བའི་ཐོད་པ་དཔལ་ལྡན་འཇའ་ཚོན་མ། མོན་མོ་བཀྲ་ཤིས་ཁྱེ་འདྲེན་དང་བལ་འབངས་ཀ་ལ་སིདྡྷིའི་དབུ་ཐོད། བདེ་ཆེན་གླིང་པས་དགོས་བསྟོད་སྲིན་བུ་བྲག་ནས་བཏོན་པའི་པདྨ་མཐོང་གྲོལ་དང་ཚེ་འཁྲིད་ཀྱི་ཤོག་སེར། པདྨ་དབང་ཆེན་གྱི་ཐུགས་དང་མེ་ལོང་རྡོ་རྗེའི་ཞལ་འགྲམ། ཀླུ་སྒྲུབ་ཀྱི་ཕྱག་བཟོའི་རྡོ་ནག་གི་ཐུགས་རྗེ་ཆེན་པོ། རཏྣ་གླིང་པའི་ཚེམས་དང་ཀློང་


GLG005_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པའི་ཕྱག་འཕྲེང་སོགས་ནང་རྟེན་རྣམས་མཇལ་ཞིང་སྨོན་ལམ་བཏབ། སྐུ་རྣམས་ལ་དབང་བཞི་བླངས། སྣ་མོ་ཤག་མཁན་པོའི་བསྔོ་རྟེན་དུ་གྲུབ་ཆེན་པས་མཚན་ལྡན་དབུ་ཐོད་ཐོག་མཐའ་བར་གསུམ་བྱུང་བའི་དང་པོ་རྗེ་ཤམ་པོའི་ཐུགས་གཙིགས་མ་སྣེའུ་སྡོང་རྩེའི་ནང་རྟེན་ཁྱད་འཕགས། དཔོན་ས་གཡང་དཔལ་གྱི་བསྔོ་རྟེན་དུ་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཞལ་ཐང་འཇམ་དབྱངས་མཁྱེན་བརྩེའི་ཕྱག་བྲིས་མ། ཐོན་ནས་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་སྣམ་སྦྱར་དང་རྗེ་མར་པས་རྒྱ་གར་ནས་གདན་དྲངས་པ་དཔལ་རེག་པ་མེད་པའི་མཆོད་རྟེན་གྱིས་ཐོག་དྲངས་སྲས་ཀྱི་ནང་རྟེན་འགའ་ཞིག་སྟག་ལུང་ཕྱག་མཛོད་བརྒྱུད་ནས་ལག་ཏུ་སོན། སྦྱོར་ར་སྤྲུལ་སྐུ་དང་དཔལ་རི་སྤྲུལ་སྐུ་གཉིས་ཀྱིས་ཡུན་དུ་གནས་པའི་ཚིགས་བཅད་ཀྱི་རྩོམ་པ་མཛད། ཧོར་ཟླ་བརྒྱད་པའི་ཚེས་གཉིས་ལ་རྫོང་སྡོད་རྣམ་སྲས་གླིང་པས་གཙོས་གཉལ་སྐྱ་སེར་ཡུན་འཚོའི་རྟེན་འབྱུང་བསྒྲིག་པར་འབྱོར། གསེར་ཞོ་བརྒྱ་སྐོར་དང་བཅས་པའི་སྐྱེས་བཟབས། བསྙེན་རྫོགས་ལྔ་བཅུ་དང་རབ་བྱུང་བརྒྱ་སུམ་ཅུ་བསྒྲུབས། ཀོང་པོ་རྒྱལ་སྐོར་པ་ཕ་བུ། རྣམ་སྲས་གླིང་པ། ཀྲ་པ་ཁྲོ་བོ་དཀར་པོ་སོགས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར། ཀོང་པོའི་དཔོན་ཁག་རྣམས་ལ་ཕུབ་སྒོར་སོགས་སྟེར་ཆ་གང་ལེགས་བྱས། ཚེས་བཅུ་གཅིག་ལ་བྱེ་རྫིང་མཁན་པོ་སངས་རྒྱས་དཔལ་བཟང་ཡུན་འཚོའི་རྟེན་འབྲེལ་བསྒྲིག་པར་བྱོན། བཅུ་གསུམ་ལ་རྟ་བསུ་སེར་སྦྲེང་སོགས་བཟབས་རྒྱས་དང་བཅས་དཔལ་ལྡན་འབྲས་སྤུངས་སུ་ཕྱིན། དེ་ནུབ་ཚ་བ་སྤྱི་སོས་དཀར་


GLG005_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་བཏེག །སང་སྔ་དྲོ་ཚོགས་ཆེན་དུ་ཁྲིམས་ལྡན་འདུས་པ་རྒྱ་མཚོས་ཐུགས་བསམ་རྩེ་གཅིག་པ་མཛད་དེ་བདོག་པའི་སྐྱེས་བཟབས་རྒྱས་དང་བཅས་དུས་ཀྱི་ཕོ་ཉ་ལས་རྒྱལ་བའི་ཤིས་པ་བརྗོད། སྤྲུལ་པའི་ཆོས་རྒྱལ་ཆེན་པོའང་ཕེབས། དགེ་འདུན་འདུས་པའི་བྱིན་རླབས་ཀྱིས་མེ་ཏོག་གི་ཆར་བབས། ལ་ལ་མེ་ཏོག་གི་ཆར་ལ་རྣམ་རྟོག་བྱེད་མཁན་འདུག་ཀྱང་སྐྱོན་དུ་གྱུར་པ་ནི་མ་བྱུང་། བྲ་ཡག་སྐུ་སྐྱེས་ཇ་གཙོ་བོར་གྱུར་པའི་བདོག་པ་བཏེག །མཆོད་ཁང་རྩེར་སྤྱི་སོས་གུང་ཚིགས་དང་ཕྱི་དྲོ་ཧ་སྡོང་གིས་དཀར་སྤྲོའང་བཤམས། ཨར་པོ་ལམ་ཙམ་ལས་མ་གྲུབ་ཀྱང་ཆོས་སྐྱོང་ཆེན་པོའི་གསུང་བཞིན་ཚེས་བཅོ་ལྔ་ལ་ཀུན་དགའ་ར་བ་དང་གསང་སྔགས་ཕོ་བྲང་ལ་བཀྲ་ཤིས་ཀྱི་མེ་ཏོག་འཐོར་བར་ཕྱིན། ཀུན་དགའ་ར་བར་དཀར་སྤྲོའི་བཞུགས་གྲལ་བཤམས་ཤིང་སྟེང་འོག་རྣམས་ཤིན་ཏུ་སྤྲོ་ཉམས་ཆེ་བ་ཞིག་འདུག །བཅུ་དྲུག་ལ་བསམ་བློ་སྤྱི་ཁང་དུ་གུང་གི་བསྙེན་བཀུར། ཕན་བདེ་ལེགས་བཤད་གླིང་པའི་གྲ་ཤག་མཆོད་དཔོན་དབུ་མཛད། གཉེར་པ་སྦྱིན་པ་རྣམས་ཀྱིས་ཁུར་ཁུར་བའི་བཀྲ་ཤིས་ཁང་གསར་དུ་པོ་ཏ་ལར་འདེགས་པའི་ལམ་ཞོར་ལ་བོས་ཏེ་དཀར་སྤྲོ་བཤམས་མེ་ཏོག་གཏོར། ཚེས་བཅོ་བརྒྱད་ནས་བཟུང་ཟླ་ཕྱེད་བར་ལོང་གང་བྱུང་ལ་བྱེ་རྫིང་མཁན་པོ་གནས་གསར་ཆོས་མཛད། སྨན་སྒོམ་འབྲང་རྒྱས་པ་ཅན་ལ་དམར་པོ་སྐོར་གསུམ་གྱི་ཆོས་འཁོར་ཡོངས་རྫོགས་དང་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་འབུམ། འཇམ་དབྱངས་མཁྱེན་བརྩེས་མཛད་པའི་རྗེ་སྒོ་རུམ་པ་དང་རང་ཉིད་ཀྱི་རྣམ་ཐར་


GLG005_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འབྲས་ཁོག་འབུག་གསང་ཆེན་བསྟན་པའི་པདྨ་རྒྱས་བྱེད་རྣམས་ཀྱི་ལུང་དང་མཇུག་ཏུ་སྙན་བརྒྱུད་པོ་ཏི་ནས་དབུ་བཙུགས། གནས་གསར་མཁྱེན་རབ་རྣམ་རྒྱལ་གྱིས་བསྐུལ་བའི་བདག་བསྟོད་བརྩམས། རིང་འཚོའི་རྟེན་འབྱུང་ཚན་གྲངས་དང་སྦྲགས་ཚིགས་བཅད་ཅིག་བྲིས་ནས་སྤྲད་བྱུང་། པཱ་རས་ཀྱི་འགྲུལ་པ་མང་དུ་འབྱོར་བས་རྟ་བརྒྱ་སྐོར་བྱུང་། བསྙེན་རྫོགས་དགུ་བཅུ་གོ་དྲུག་དང་དགེ་ཚུལ་དྲུག་ཅུ་ལྷག་བསྒྲུབས། ཉེར་གཅིག་ལ་བར་ཁམས་ནས་ཏྲེ་བོ་ཧོར་ཚང་ཆོས་རྗེ་ངག་དབང་ཕུན་ཚོགས་འབྱོར་བ་དང་ཕྲད། བྲ་ཡག་སྐུ་སྐྱེ་ཅན་དགེ་ཚུལ་སློང་ཉི་ཤུ་ལྷག་ཙམ་བསྒྲུབས། སྐུ་སྐྱེ་ལ་སྨེ་བརྩེགས་ལྗང་ནག་གི་རྗེས་གནང་བསྐུར། ཧོར་ཟླ་དགུ་པའི་ཚེས་གཅིག་ལ་ཁལ་ཁའི་རྒྱལ་བརྒྱུད་དྷརྨ་ཀཱིརྟི་དང་དྷརྨ་ཀཱ་ཡ་སོགས་ལྔ་བརྒྱ་སྐོར་དང་ཕྲད། ཉིན་ཁ་ཤས་ཀྱི་བར་གསར་འགྲུལ་རྣམས་གནངས་ཆག་གི་ཡོང་ཆོག་པ་དགོས་ཚུལ་བྱུང་བ་བློ་དང་བསྟུན། དཔོན་པོ་གཉིས་ཀྱིས་གོས་དར་གསེར་དངུལ་ཇ་རས་སོགས་ཀྱི་སྟོང་འབུལ་བཏེག །བསྙེན་རྫོགས་ཉི་ཤུ་ལྷག་དང་དྷརྨ་ཀཱ་ཡ་དང་སྐུ་སྐྱེ་བློ་བཟང་འཕྲིན་ལས་ཅན་དགེ་ཚུལ་སུམ་ཅུ་ཙམ་བསྒྲུབས། ཕ་བོང་ཁ་དཔོན་སློབ་ཚོར་བླ་མ་མཆོད་པ་དང་ཆོས་དབང་གི་གདུང་བཞད་པ་ཨྱོན་འབྲས་སྤུངས་པར་མཚོ་རྒྱལ་ཕྱི་ནང་གསང་གསུམ་གྱི་སྒྲུབ་པའི་ལུང་བྱས་བཅུ་གསུམ་ནས་ཉིན་གསུམ་གྱི་བར་མཚམས་ཁོག་ཏུ་དྲི་ཟའི་རྒྱལ་པོ་མཆོད་ཅིང་གྲ་ཚང་གིས་ཀྱང་མདོས་བསྐང་བཏང་། དབུས་གཙང་གི་ཆོས་སྡེ་ཁག་ཁ་ཤས་ལ་བཀའ་འགྱུར་བརྒྱ་སྐོར། མཚན་བརྗོད་འབུམ་ཐེར་བདུན། འབུམ་བརྒྱ། མང་


GLG005_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

འགྱེད་སོགས་ཚོགས་གསོག་རྒྱ་ཆེར་བསྟབས། ཁལ་ཁ་དཔོན་ཁག་དང་ཏྲེ་བོ་ཆོས་རྗེ་སོགས་གྲངས་བཅད་ལ་འཇིགས་བྱེད་བཅུ་གསུམ་མའི་དབང་། གྲངས་མེད་ལ་བྱང་ཆུབ་ལམ་རིམ་ཆུང་བའི་ལུང་གིས་གཙོས་པའི་འདོད་ཆོས་ཀྱིས་བཞེད་པ་བཀང་། ཁལ་ཁ་རྣམས་ལ་བྱིན་རྟེན་བདོག་པའི་སྟེར་ཆའི་རྫོང་བ་བྱས་ཏེ་གཙང་ལ་སོང་། ཏྲེ་བོ་ཧོར་ཚང་ཆོས་རྗེར་རིག་འཛིན་གདུང་སྒྲུབ་ཀྱི་ཟླུམ་པོ་བཞི་དབང་། ཐུགས་སྒྲུབ་དྲེགས་པ་ཚར་གཅོད་ཀྱི་དབང་། གཞི་གསུམ་ཆོ་ག་དང་བརྩམས་ཆོས་ཁ་ཤས་ཀྱི་ལུང་ཕུལ། ཟླ་མཇུག་ལ་རྒྱལ་པོ་བྱང་ནས་ཕེབས་པ་དང་མཇལ། ཧོར་ཟླ་བཅུ་པའི་ཚེས་དགུ་ལ་ཁལ་ཁ་རྒྱལ་ཁང་རྩེ་སྤྲུལ་སྐུ་བྱོན། གསེར་དང་གོས་དར་གྱི་སྣ་དྲངས་སྟེར་ཆ་དངོམ་ཆེ་བ་བསྟར། སྤྲུལ་པའི་སྐུ་གཙོ་བོར་གྱུར་པའི་དོན་གཉེར་ཅན་ཁ་ཤས་ལ་བརྩམས་ཆོས་སོགས་ལུང་སྣ་ཚོགས་ཐུགས་དང་བསྟུན། དམིགས་བརྩེ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དམིགས་བརྩེ་མ་རྒྱ་སྐད་དུ་བསྒྱུར་བ་དང་བཅས་དགོས་ཚུལ་བྱུང་བ་བརྩམས་མཚོ་ཁ་ནས་སེ་ཆེན་ཧུང་ཐའི་ཇི་མ་འཚམས་པའི་བསྔོ་རྟེན་སྐྱེལ་མི་འབྱོར་ཞིང་དགེ་བ་རྫོགས་བྱང་དུ་བསྔོས། ཚོགས་གསོག་ཏུ་རྫོང་གཞིས་བཅུ་གཉིས་ཆ་དགོས་ཀྱིས་བཀའ་འགྱུར་ཚར་བརྒྱ་ཉི་ཤུ། བརྒྱད་སྟོང་པ་སྟོང་ཕྲག །དཀོན་བརྩེགས། ཏིང་འཛིན་རྒྱལ་པོ། བསྐལ་བཟང་། གསེར་འོད་རྣམས་བརྒྱ་རྩ། མཚན་བརྗོད་འབུམ་ཐེར། སེར་འབྲས་གཉིས་སུ་ཟླ་ཕྱེད་བར་ཇ་ཚུལ་ཐོག་གདུགས་དཀར། སྔགས་ཁང་དང་དཔལ་ལྷ་ལྕོག་ཏུ་བསྐང་བ་སྟོང་རྩ། ཆོས་འཁོར་རྒྱལ་དུ་དམག་ཟོར་


GLG005_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཁྲི། ཞལ་དང་བེག་ཙེར་སྟོང་། གཞན་ཚོར་བརྒྱ་རྩ་བཙུགས། འདི་ལོའི་དབྱར་ལ་སྟོད་ཤེལ་དཀར་དང་བཞད་ཕྱོགས་སུ་འབྲུམ་ནག་ཅིག་བྱུང་བ་སྡེ་པས་བཀོད་འདོམས་མཛད་པར་བརྟེན་མཆེད་མཆེད་བཞིན་མ་བྱུང་རུང་ནད་ཡམས་མུ་གེ་འཐབ་རྩོད་ཞི་བའི་ཆེད་དུ་རྫོང་མགོ་སོ་སོ་ནས་དགྲ་ལྷ་དཔངས་བསྟོད། ཡུལ་གྲུ་ཆེ་ཆུང་དང་བསྟུན་པའི་གསུང་སྒྲོག །མ་མདོས། ཁ་འབར་མ། རྣམ་འཇོམས་ཀྱི་ཁྲུས་སོགས་སྤྱི་རིམ་སྟར་ཆགས་སུ་ཡོང་བའི་བརྡ་འགྲེམས་ཀྱི་བཀོད་པ་བྱས། ད་ལའི་ཧུང་ཐའི་ཇིས་ཁུར་ཆེ་བཞེས་ལ་བརྟེན་སྡེའི་བགོས་འགྲེམས་ཀྱི་དོན་སྐོར་ཆོད་ནས་སྒོ་མང་སློབ་དཔོན་དང་བསོད་ནམས་དབང་རྒྱལ་གཉིས་ཀྱང་འཁོར། ཉེར་བཞི་ནས་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཙམ་གྱི་བར་མཚམས་ཁོག་ཏུ་སྔ་དགོངས་དགེ་སྦྱོར་དང་ཉིན་མོ་རིམ་གྲོའི་གྲབས་ཡུལ་རྣམས་སྦྲགས་གྲ་ཚང་ནས་གྲངས་བཅད་ཀྱིས་མཚམས་ཁག་བཙུགས་པའི་བསྲུང་བཟློག་ཨར་གཏད་དང་ཚོགས་སུ་ཨྱཱཻ་རིང་བྱེ་བ་དང་ཀཱི་ལཱ་ཡ་ས་ཡ་བཏང་། ཟླ་བ་དགུ་པའི་མཇུག་ཏུ་སྡེ་པ་བད་སྨུག་གི་སྙུན་རོ་ལངས་པར་སྨན་བཅོས། བྱིན་རླབས། སྐུ་རིམ་གང་རྒྱས་བྱས་པས་ཟླ་བ་འདི་ནང་ལ་གཞི་མེད་དུ་གདངས། ཆབ་མདོ་དབོན་དྲུང་ཞི་བ་བཟང་པོ་དང་གཉེར་པ་རྣམ་སྲས་གཉིས་ཀྱིས་གྲོས་ཐོག་ནས་དེ་མོ་བར་དམག་བཏང་བས་འཁྲུག་ལོང་ཚན་ཆེར་བསླང་བའི་ཁྲིམས་འགལ་གྱི་བག་ཡངས་བྱས་པར་མི་སྣ་འཕྱོང་རྒྱས་རབ་འབྱམས་པ་ཀུན་དགའ་བསྟན་འཛིན་དང་གང་ཚང་ནས་གཉིས་རྫོང་བདའ་མཛད། དཔོན་སློབ་པཎ་ཆེན་རིན་པོ་ཆེས་ཞ་ལུའི་མཁན་པོ་ཀུན་


GLG005_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་གནང་། མཁན་ཐོག་ཏུ་རྡོ་རྗེ་འཛིན་པ་རི་སྦུག་དབུ་མཛད་སྤྱི་མཐུན་བཞིན་གོང་དཀར་ཆོས་སྡེར་སྐུ་མཚམས་ལ་བཞུགས་ཐོག་མཛད་དགོས་པའི་སྡེ་པའི་ཕྱག་ཐམ་གནང་ཞིང་ཞལ་གྱིས་བཞེས། ཆོས་སྡེ་ནས་པོ་ཏ་ལར་ཕེབས། རྡོར་དབྱིངས་ཀྱི་དབང་དང་ལམ་འབྲས་པོད་ནག་གི་ལུང་གིས་མཚོན་པའི་ཟབ་ཆོས་སྤྱི་རིགས་ཞུས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་འདུལ་བའི་བསླབ་བྱའི་ལུང་ཕུལ། ཕེབས་རྫོངས་དང་མཁན་པོའི་བསྐོ་འཇའ་སྔར་རྒྱུན་ལྟར་བསྒྲིགས། དཔོན་སློབ་པཎ་ཆེན་རིན་པོ་ཆེ་ཞ་ལུར་དགོངས་པ་བསྟད་ཅིང་ཕྱག་མཛོད་ལྷུན་གྲུབ་གླིང་པ་བློ་ཚད་པའི་ཆོས་ལུགས་སྔར་བབས་ལས་བསྒྱུར་བཀོད་མི་འགབ་པར་གླེང་བའི་མཁན་སློབ་ཀྱི་རྣམ་པར་ཐར་པ་ཚུལ་ལྡན་ཡོད་མུར་བླ་མའི་ཞབས་འདྲེན་ཞབས་ཏོག་ཏུ་རློམ་པའི་ཕྱགས་ཕྱི་འགས་བུ་སྟོན་རིན་པོ་ཆེར་བླ་མ་དམ་པས་ཕུལ་བའི་མཆོད་གཞིས་དཔོན་ཐོག་མང་དུ་སོང་བ་ཁ་ཤས་ཀྱང་བསྡམས་པའི་བླ་དགོན་སྤྱིའི་དཔེ་སྲོལ་ལ་གནོད་པ་བྱུང་སོང་། བསམ་ཡས་ནས་གནོད་སྦྱིན་ཆེན་པོས་གསུང་འཕྲིན་དཔྱད་དཀའ་བ་ཞིག་བྱུང་བར་དྲི་མལ་གྱི་ཚུལ་དུ་འཕྲིན་ཡིག་ཚིགས་བཅད་ཕུལ། ཚེས་བཅུ་བཞི་ལ་ཏྲེ་བོ་ཆོས་རྗེ་ཏའི་སི་ཏུ་དུ་དབེན་ཤའི་ལུང་ལས་ཐམ་ཀས་གཟེངས་བསྟོད། ཟང་ཟིང་གི་སྟེར་སྦྱིན་དང་བཅས་རང་ཡུལ་དུ་བྱོན། རྒྱལ་ཁང་རྩེ་སྤྲུལ་སྐུས་བཀའ་བརྒྱད་ཀྱིས་ཐོག་དྲངས་རྙིང་མའི་ཆོས་མང་བ་དགོས་གསུང་བ་དེ་རིགས་སོག་ཡུལ་དུ་འཕྲོད་ལམ་ཤིན་ཏུ་ཆུང་བ་འདུག་ཚུལ་མོལ། སྤྲུལ་སྐུ་གཙང་ཕྱོགས་ལ་བྱོན་
ཁལ་ཁ་རྣམས་གཙང་ནས་འཁོར་བའི་ཉུང་བསྡུས་བྱུང་བར་དྷརྨ་ཀཱིརྟི་ལ་ནང་རྟེན་གྱི་མཇལ་ཁ། དྷརྨ་ཀཱ་ཡ་བསྙེན་པར་རྫོགས། སྐུ་སྐྱེ་བློ་བཟང་འཕྲིན་ལས་ལ་བྱམས་ཆོས་སྡེ་ལྔའི་ལུང་བྱས་ཤིང་བདག་བསྟོད་བསྐུལ་བའང་བརྩམས། བར་ཁམས་ནས་སྡེ་པ་རི་བོ་ཆེ་བ་རིན་ཆེན་རྒྱལ་མཚན་རི་ཆབ་བར་གྱི་ས་རིས་ཁ་མཆུའི་སྐོར་ལ་བྱོན་པར་ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་དང་སྒྲུབ་བརྒྱའི་ནང་གི་གཤེད་དམར་གྱི་རྗེས་གནང་ཕུལ། འབྲུག་སྒར་པས་ས་འོག་དར་བཏགས་ཀྱི་འཕྲུལ་ལ་བརྟེན་མངའ་རིས་ལ་དྭགས་པས་ཁྱི་གུ་ཟེར་བའི་བློན་པོ་དྲག་ཁུལ་ཞིག་མི་སྣར་བཏང་། འབྲུག་པར་ཕན་རེས་མཆོད་ཡོན་དུ་ཡིག་བསྐུར་གྱོང་ཞིང་ཚིག་རྩུབ་ཀྱི་རྣམ་པ་བཏང་བ། བློ་ཆུང་རྣམས་ཀྱིས་ཕན་བཏགས་པ། འགའ་ཞིག་གནོད་པ་ཆེན་པོར་འགྱུར། ཞེས་པའི་ལུང་ལྟར་སོང་། ཧོར་ཟླ་བཅུ་གཉིས་པའི་ཕུར་སྒྲུབ་གྲོལ་ནས་ཟླ་བ་སྔ་མའི་དོགས་སེལ་གྱི་དྲི་སྨེད་ལ་བསམ་ཡས་སུ་འཕྲིན་ཡིག་ཚིགས་བཅད་དང་བཅས་མཆོད་དཔོན་པ་བཏང་བར་མགྱོགས་ཙམ་སྡུག་འདྲེ་དང་ཕྲད་དགོས་ཡོད་ཚུལ་གསུངས་པར་སྣང་།

དགུང་ལོ་ཞེ་དྲུག་པར་འབྲས་སྤུངས་ཀུན་དགའ་ར་བའི་ལྡེབས་བྲིས་གསར་བཞེངས་དང་། གསང་སྔགས་ཕོ་བྲང་གི་འབུར་སྐུ་བཞེངས་བསྐྲུན་བཅས་ཀྱི་སྐོར།


GLG005_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གཤིན་རྗེའི་དུས་རིམ། ཆུ་སྟག་གནམ་ལོ་གསར་པའི་སྲིད་གསུམ་དབང་མོ་མཆོད་ཅིང་ལོ་གསར་གྱི་དགའ་སྟོན་སྔར་འཁྱུད་བཞིན་རྒྱས་པར་བྱས། རྒོད་པོ་རྟ་ར་བས་བླང་དོར་བསྐུལ་བའི་འཕྲིན་ལན་ཚིགས་བཅད། སྡེ་དྲུག་མཁན་པོ་བློ་བཟང་དར་རྒྱས་ཀྱིས་བསྐུལ་བའི་སྨན་བླའི་མདོ་ཆོག་གི་མཇུག་ཏུ་འདོགས་རྒྱུའི་འདོད་གསོལ། མཆོད་དཔོན་དབུ་མཛད་གཉིས་ཀྱིས་བསམ་ཡས་ཀྱི་གཙུག་ལག་ཁང་སོ་སོར་གོས་འཕན་


GLG005_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་དར། དཀར་མེ། ཆོས་སྐྱོང་ཆེན་པོར་ཁྲབ་གདན་ཕུལ་བའི་དུས་ཀྱི་སྙན་དར་ཞལ་བྱང་རྣམས་བྲིས། ཚེས་བརྒྱད་ལ་བསྙེན་རྫོགས་བརྒྱ་ལྷག་དང་རབ་བྱུང་དྲུག་ཅུ་ཙམ་བསྒྲུབས། སྤོ་འབོར་བླ་མ་འཇམ་དབྱངས་ཀྱི་ཤུལ་འཛིན་སྔགས་རམས་པ་ཅན་ལ་ཚེ་རྟ་ཟུང་འབྲེལ་བསྐུར། གྲ་ཚང་དུ་ཕྱིར་བཟློག་འཁོར་ལོ་འབར་བ་དང་གཤིན་རྗེ་ཐམས་ཅད་འདུས་པའི་དྲག་སྔགས་བཟློག་པ་དང་བཅས་པ་བྱེ་བ་རེ་བཙུགས། བཅུ་དྲུག་ལ་རྒྱལ་ཁང་རྩེ་སྤྲུལ་སྐུར་ཚེ་རྟ་ཟུང་འབྲེལ་ཕུལ། བོད་ལུགས་ལ་བརྟེན་པའི་རྫོང་བ་བཟབས། ཁྲི་རིན་པོ་ཆེ་རྩེད་ཐང་པ་བློ་བཟང་རྒྱལ་མཚན་སྨོན་ལམ་ཆེན་མོའི་མགོན་དུ་ཆིབས་ཁ་བསྐྱོད་པའི་ཞར་ལ་པོ་ཏ་ལར་ཕེབས། ལམ་རིམ་གྱི་འཁྲིད་གསར་རྩོམ་གྱི་ལུང་ཕུལ། ཉེར་གཉིས་དང་གསུམ་ལ་སྡེ་པ་རི་བོ་ཆེ་པ། སྒོ་མང་སློབ་དཔོན་པ། བདེ་ཡངས་སློབ་དཔོན། སྤོ་འབོར་སྔགས་རམས་པས་གཙོས་ཉེར་ལྔའི་གྲངས་སུ་བཅད་པར་རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇིགས་བྱེད་བཅུ་གསུམ་མའི་དབང་བསྐུར། སང་ཉིན་རྒྱལ་སྐོར་བ། ཨོ་རོད། སྒ་ཆག །བཅོས་མི། སྟོང་ཤོད། སྤྱང་གི་གྲོང་པ་སོགས་ཀོང་པོའི་དཔོན་ཁག་དང་མངའ་རིས་ཀྱི་མི་སྣ་ཁྱི་གུ་སྦྲེལ་པོར་དྲག་དམར་གྱི་བྱིན་རླབས་ལུ་གུ་རྒྱུད་བྱས། ཉེར་དྲུག་ནས་ཧོར་ཟླ་གཉིས་པའི་ཚེས་དྲུག་གི་བར་ཕྱི་མཚམས་བྱས་ཏེ་མཚན་བརྒྱད་གསེར་སྐུ་དང་སྔགས་སྐུ་སོགས་འབུར་སྐུ་ཉི་ཤུ་རྩ་འདྲེན་ལ་འབུལ་རྒྱུའི་བྱིན་རླབས་རྟེན་གྲ་བསྒྲིགས། ཚེས་བདུན་ལ་རྟ་བསུ་སེར་སྦྲེང་བྲོ་གཞས་ལྟད་མོ་བའི་ཁྲོམ་ཤིན་ཏུ་ཆེ་བ་བརྒྱུད་


GLG005_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

སེ་ར་ཐེག་ཆེན་གླིང་དུ་ཕྱིན་སྤྱི་སོ་དང་བྱེས་སྨད་ནས་བསྙེན་བཀུར་བཟབས། རྟ་མགྲིན་ཁང་གི་སྐུ་བརྙན་ལ་དབང་བཞི་བླངས། ཚེས་བདུན་ལ་ཚོགས་ཆེན་དུ་མཚན་བརྗོད། གདུགས་དཀར། སྒྲོལ་མ། ཤེར་སྙིང་། བཟང་སྤྱོད། བྱམས་སྨོན། ལྟུང་བཤགས། བདེ་བ་ཅན། ཐོག་མཐའ་པ། ས་ལམ་སོགས་ཆོས་སྤྱོད་རགས་རིམ་གྱི་ལུང་ཕུལ། དགུ་ལ་ཕ་བོང་ཁ་བྱང་ཆུབ་ཤིང་གི་ནགས་ཁྲོད་དུ་ཕྱིན། གདན་ས་བ་འཇམ་དབྱངས་གྲགས་པས་དཀར་སྤྲོ་དམར་སྤྲོའི་གཞིས་ལེན་དང་སྟེར་སྦྱིན་བཟབས་པར་བསྟབས། ཁོང་གིས་གསར་བཞེངས་ཀྱི་རིགས་གསུམ་མགོན་པོས་གཙོས་པའི་རྟེན་རྣམས་ལ་མེ་ཏོག་གཏོར། དངུལ་གདུང་རིན་པོ་ཆེ་མཇལ་སྨོན་ལམ་བཏབ་ཅིང་དབང་བཞི་བླངས། གྲོང་སྨད་དུ་གུང་ཚིགས་བྱས་ནས་པོ་ཏ་ལར་འབྱོར། བསྙེན་རྫོགས་ཉི་ཤུ་དང་རབ་བྱུང་སུམ་ཅུ་ལྷག་ཙམ་བསྒྲུབས། རྒྱལ་མོ་ཆེ་བར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར། བསམ་ཡས་དང་གནས་ཆུང་ཆོས་སྐྱོང་ཆེན་པོ་གཉིས་ཀྱིས་བསྐུལ་མ་བྱུང་བ་ལྟར་རྫོང་ཁག་བཅོ་ལྔ་ཆ་བགོས་ཀྱི་བཀའ་འགྱུར་ཚར་བརྒྱ་ཉི་ཤུ། མཚན་བརྗོད་འབུམ་ཐེར་དྲུག །གདུགས་དཀར་འབུམ་ཐེར་གཉིས། སྨན་བླ་དང་སྒྲོལ་མ། ཤེར་སྙིང་འབུམ་ཐེར་གསུམ་རེ། བཛྲ་གུ་རུ་བྱེ་བ། སཱ་ཙྪ་འབུམ་ཐེར་གཉིས། ལྷ་ས། བསམ་ཡས། ཡུམ་བུ་རྣམས་སུ་བརྒྱ་མཆོད་ཞལ་གསེར། སྤྱན་འབྱེད། ཁྲུས་གསོལ། གྲ་ས་ཕན་ཚུན་དུ་ཇ་ཚུལ་ཉི་ཤུ་རེ། དཔལ་རི་བས་ལྟ་སར་ཁྲོ་རོལ། གོང་དཀར་དུ་དཀོན་གཉེར་བས་གདུགས་དཀར། རྡོ་རྗེ་བྲག་པས་


GLG005_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཏ་ལར་འཆར་ཀའི་མདོས། རྒྱལ་དུ་དམག་ཟོར་མའི་བསྐང་འབུམ་དང་ཆོས་སྐྱོང་སྤྱི་ལ་སྟོང་རྩ་བཏང་། མངའ་རིས་ཀྱི་མི་སྣ་རྫོང་བདའ་མཛད། འདི་སྐོར་ལ་བདེ་ཆེན་ཆོས་འཁོར་བ་སྡེ་པའི་སར་བྱོན་པའི་ཞར་བྱུང་དུ་ཕྲད། འབྲུག་ནང་མཚམས་མཛོ་ཁལ་གླང་ལ་འདོ་རེས་ཀྱིས་སྟོང་ཆེན་ཕྱག་རྒྱ་ཆེན་པོའི་རང་ཚུགས་འཇིག་པར་ཉེ་བའི་སྐབས་སུ་སྣང་། པཎ་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་མགུར་དུ། གནས་འདི་ལས་དགའ་ལྡན་ལྷ་ཡུལ་སྐྱིད། །ཅེས་ཞལ་གྱིས་འཆེས་པ་ལྟར་ཟླ་བ་འདིའི་ཚེས་བཅུ་གཉིས་ལ་མཛད་པ་ཐ་མ་བསྟན་ཏེ་དགའ་ལྡན་གྱི་ཞིང་དུ་གཤེགས་པའི་ཐུགས་དམ་གསལ་འདེབས་ཀྱི་སྔན་མགྱོགས་པ་འབྱོར། དཔལ་ལྡན་བླ་མ་དམ་པ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བྱས་ཏེ་མཆོད་པ་རྒྱ་ཆེར་བཤམས། མཁའ་ཁྱབ་ཀྱི་འགྲོ་བ་རྣམས་འདྲེན་པར་མཛད་པའི་བཞེད་པ་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ནན་ཏན་དུ་བཏབ། བསམ་ཡས་ནས་ཆོས་སྐྱོང་ཆེན་པོས་འཕྲལ་དུ་ཡོང་དགོས་ཚུལ་དང་ས་སྐྱོང་རྡོ་རྗེ་རྣམ་རྒྱལ་གྱིས་ཞིག་གསོས་ཕལ་ཆེར་གྲུབ་པར་རབ་གནས་ཅིས་ཀྱང་བྱེད་དགོས་གསུང་བར་གཟའ་སྐར་གྱིས་གཏུགས་པས་བརྒྱད་གཏོར་ཆེན་མོ་ཉེར་གསུམ་ལ་སྔ་བསྣུར། སྐུ་གདུང་རིན་པོ་ཆེར་སྨོན་ལམ་གྱི་ཚིགས་སུ་བཅད་པའི་སྙན་དར་དང་གདུང་འབུལ་དགོངས་རྫོགས་སུ་དམིགས་པའི་བཀྲ་ཤིས་ལྷུན་པོར་མང་འགྱེད་ཚ་ར་གཏོང་བར་ལྷ་ཁང་ཆོས་མཛད་དང་ཆེ་གསུམ་ནས་གཞོན་པ་གཉིས་བཏང་། སྤྲུལ་པའི་སྐུ་མྱུར་དུ་ཕེབས་པའི་སྨོན་ལམ་ཚིགས་བཅད་བྲིས་ཏེ་སེར་འབྲས་ཀྱི་ཚོགས་


GLG005_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དུ་བཙུགས། ཉེར་དགུ་ལ་པོ་ཏ་ལ་ནས་བཏེག །ལྷ་གདོང་ཤན་ཁར་ས་སྐྱོང་ཐོག་རྒོད་རྣམ་རྒྱལ་དཔོན་གཡོག་ཐབ་བསུ་ལ་ཕེབས། ཚལ་ཟུར་ཁང་དུ་བསྙེན་བཀུར་བཟབས། ཡང་དགོན་དབུས་གླིང་གཉིས་ནས་འཆམ་གྱི་རིམ་པ་ཅི་རིགས་བརྒྱབ། དེ་ནུབ་ཆོས་ལུང་མདར་བསྡད། གནམ་གང་གི་ཞོགས་བདེ་ཆེན་རྩེ་སྡེ་དགོན་གྱི་རྟ་རགས་དང་ཡུལ་མིའི་ཁྲོམ་གྱིས་བསུས་ཏེ་མདའ་རར་གུང་ཚིགས་ལ་འབྱོར། སྔགས་མཁར་ཚོགས་པར་བློ་སྦྱོང་དོན་བདུན་མའི་རྩ་བའི་ལུང་བཀླགས། དེ་ནུབ་རྒྱབ་ཡོལ་ཐང་དུ་བསྡད་ནང་པར་མཆོད་ཡོན་གཉིས་ལྷ་སར་ཕྱིར་ཐེགས། ངེད་རྣམས་ཀྱིས་གསེར་ལ་བརྒྱུད་མདོ་སྔགས་གླིང་པའི་སེར་སྦྲེང་གི་སར་བཙན་རྒོད་ཁ་ཆེ་དམར་པོའང་ཁོག་ཏུ་ཞུགས་འདུག་པར་སྙན་དར་ཕུལ་ཡས་ཕྱིན་གྱི་ལམ་ཚོར་ཆོས་རྗེ་བདེ་ཆེན་གླིང་པ་དང་མཐོངས་ཁ་རུ་བ་སོགས་ཕྲད་མི་ཁ་ཡར་དང་བྲོ་ཤོན་མང་ཙམ་སྣང་། ཕུན་ཚོགས་གླིང་དུ་ཞག་སྡོད་བྱས། གྲ་ཚང་གིས་དཀར་སྤྲོ་བཟབས། འདི་ནས་བཟུང་བཞུགས་གྲལ་ཚོར་གླང་བུ་བ་དགྲ་འདུལ་ཚེ་རིང་དང་ལྷ་ཁང་པ་རྡོ་རྗེ་ནོར་བུ་གཉིས་ཀྱིས་ཆོས་ཀྱི་འཕྲོས་གླེང་མོལ། ཧོར་ཟླ་གསུམ་པའི་ཚེས་གཉིས་ཀྱི་ཞོགས་རྟ་བསུར་ས་སྐྱོང་རྡོ་རྗེ་རྣམ་རྒྱལ་དཔོན་གཡོག་བརྒྱ་སྐོར། མངའ་རིས་གྲ་ཚང་དཔོན་སློབ་རྒྱལ་སྲས་ཤེར་འཕེལ་བའི་སྤྲུལ་སྐུ། དཀར་པོ་ཞབས་དྲུང་ཐུགས་སྲས་ཆེ་བ། དཔལ་རི་སྤྲུལ་སྐུ། རབ་བྱུང་པའི་བླ་མ། མཁན་ཚང་རབ་འབྱམས་པས་མཚོན་སྐྱ་སེར་གྱི་བཞུགས་གྲལ་ལ་གྲ་ཚང་ནས་ཚ་བཞེས་ཀྱིས་བསྙེན་བཀུར། འདི་ཕན་ཆད་བཀྲ་ཤིས་ལྷུན་པོའི་


GLG005_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གཤིས་སྟབས་ཀྱིས་རྒྱས་རྒྱས་མ་བདེ་རུང་སྔོན་ནས་གནོད་སྦྱིན་ཆེན་པོ་དང་གནས་ཆུང་ཆོས་རྒྱལ་གཉིས་ཀས་རྡོ་མཆོད་ཐང་གི་ཐད་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་དྲན་ཐུབ་པའི་སྤྲོས་པ་ཆེ་བ་དགོས་ཚུལ་གསུང་བ་རྟེན་འབྲེལ་གྱི་སྒོ་ནས་གདུགས་རྒྱལ་མཚན་གྱིས་མཚོན་པའི་དར་ཆ་རྣམས་བསླངས། རྒྱ་དཀར་ནག་གི་རོལ་མོ་དང་བཅས་སྐྱ་རགས་རྣམས་དལ་འགྲོས་ཀྱིས་ཕྱིན་པའི་ཙེ་དམར་ཐང་གི་རྟེན་མཁར་ཡོད་སར་གསེར་སྐྱེམས་རྒྱས་པར་བསྔོས། མངའ་རིས་གྲ་ཚང་། དཔལ་རི་སྒྲུབ་སྡེ། རབ་བྱུང་པ་གསུམ་གྱི་སེར་སྦྲེང་། རྔ་ཤོན། བྲོ་ཤོན། འབག་ཤོན། གཞས་མ་སོགས་རྣམ་གྲངས་ཤིན་ཏུ་མང་བ་དང་བཅས་པས་མདུན་བསུས་ཕོ་བྲང་འོག་ཏུ་འབྱོར། ཚོམས་ཆེན་དུ་གུང་གི་བཞུགས་གྲལ་རྒྱས་པར་བཤམས། ཕྱི་དྲོ་དབུ་རྩེ་རིགས་གསུམ། མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོའི་དབུ་ཐོད། གཡུའི་ཐུབ་པ་རྣམས་མཇལ། དངུལ་གྱི་མཎྜལ། མཐོངས་གཞི་ནག་ལ་གནས་བཅུའི་སིའུ་ཡོད་པའི་བླ་བྲེ། གོས་ཡུག །འཁོར་གྱི་ལྷ་ཀུན་ལ་བཀྲས་བཏགས་ཀྱི་སྙན་ཤལ་བཅས་ཕུལ། འདི་ནས་བཟུང་ལྷ་ཁང་སོ་སོར་ཕྱིན་སྐབས་བསྟན་འགྲོའི་ཕན་བདེ་རྒྱས་པའི་སྨོན་ལམ་ཚིགས་སུ་བཅད་པ་བྲིས་པའི་ལྷ་རྫས་ཀྱི་མཆོད་སྤྲིན་སྤྲོས་བྱང་ཆུབ་ཆེན་པོའི་དྲུང་དུ་ཡན་ལག་བདུན་པ་སྔོན་དུ་འགྲོ་བའི་བཟང་པོ་སྤྱོད་པའི་སྨོན་ལམ་གྱིས་མཚམས་སྦྱར། བསམ་པ་ལྷུན་གྲུབ་མའི་གསོལ་འདེབས་བྱས། ཚེས་གསུམ་གྱི་སྔ་དྲོ་པེ་ཧར་ལྕོག་ཏུ་གནོད་སྦྱིན་ཆེན་པོ་སྐུ་ཕེབས་ཞུས།


GLG005_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ལྕོག་གི་རྡོ་གཅལ་དུ་ཁྲབ་གདན་དབུ་སྡོམ་དང་བཅས་བསུ་བར་བྱོན། གཙང་ཁང་གི་མདོའི་དཀར་ཕིབས་སུ་སྒམ་གཤིབས་པའི་ཁྲི་ཁྲུ་དོ་ཙམ་བརྒྱབ་འདུག་པའི་ཁར་བསྡད། སྤྱན་གཟིགས་མཐུན་རྫས་སུ་བཀྲས་བཏགས་གསུམ། གསེར་སྐྱེམས་ཞོ་སུམ་ཅུ། དཀར་ཡོལ་ཉིན་མོ་བདེ་ལེགས་དངུལ་སྟེགས་དང་བཅས་པ། གན་གོས་གསེར་མ་དམར་པོའི་དབུ་སྡོམ། ཉ་ཇུས་ཀྱི་ཁྲབ་གདན། གོས་དམར་གྱི་ཞབས་དོར། རྒྱ་སྦུག་ལེགས་པ། བླ་བྲེ། སྨན་ཙེ་ཡུག་གཉིས། ལིང་ཚོས་ན་ལྔ་སོ་སོར་ཡུག །ཁྲབ་རྨོག །རལ་གྲི། སག་ཐག །རྟ་ར་མ་ལུག་གི་སྒ་བཅས། རས་ཡུག་གཉིས་སོགས་ཕུལ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཕྱག་གི་རྡོ་རྗེ་ཆོས་རྒྱལ་བྱང་པའི་བླ་རྡོ་ཁྱད་ཅན་དེ་དབུ་གཙུག་ཏུ་བཞག་ཆོས་སྨན་བཏབ་པའི་བདུད་རྩི་སྦྲེངས་ཏེ་དཔལ་ཨྱོན་སངས་རྒྱས་གཉིས་པ་ནས་རིམ་པར་བརྒྱུད་རིག་འཛིན་མངའ་རིས་པ་ཆེན་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེ་ཡབ་སྲས། གདམས་པའི་བཀའ་བབས་དྲིན་ཅན་བླ་མ་དམ་པ་དང་བཅས་པའི་བར་གྱི་མཚན་བརྗོད་དེ་བསྟན་འགྲོའི་ཕན་བདེ་སྤེལ་བ་དང་འཕྲིན་ལས་རྣམ་བཞི་སྒྲུབ་པའི་དམ་ཚིག་བསྒྲགས་པས་དམ་ལས་འདས་ན་རྡོ་རྗེ་དམྱལ་བར་སྐྱེ་བའི་འཇིགས་པ་ཡོད་སྔར་ཡང་འདའ་མ་མྱོང་གསུང་བ་དང་སྦྲགས་བདུད་རྩི་ཞལ་དུ་གསོལ། སྔོན་གསང་བའི་བདག་པོ། དཔལ་རྟ་མགྲིན། ཨྱོན་པདྨ་འབྱུང་གནས་ཀྱི་སྤྱན་སྔར་སྲོག་སྙིང་ཕུལ་བ་ནས་བཟུང་སྔར་ནས་ད་བར་གྱི་ལོ་རྒྱུས་ཤིན་ཏུ་རྒྱས་པར་མཛད། གསོལ་འདེབས་བསམ་པ་ལྷུན་གྲུབ་མ་ཞིག་ཐོན་གསུང་བ་ལྟར་


GLG005_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

གྲྭ་ཚང་ནས་གདངས་དང་བཅས་ཏེ་གསུངས། ཆོས་སྐྱོང་ཆེན་པོས་ཚུར་བུ་རམ་ཟས་སྣ་སོགས་བཞེས་སྤྲོའི་རྣམ་གྲངས་ཁ་ཤས། ཁ་བཏགས་གཉིས། ཇུས་སྔོ་དམར་དཀར་གསུམ་ཡུག་རེ། གོས་ལུ་ཧང་ཡུག །མ་ཧཱཉྩེ་ཡུག །རས་ཡུག་གཉིས་རྣམས་གཞིས་ལེན་གྱི་ཚུལ་དུ་སྟེར་ཆ་མཛད། ལྷོ་ནུབ་ཀྱི་རབ་གསལ་གསར་པ་བླ་མ་ལྷ་ཁང་དུ་གྲགས་པ་དེར་མཆོད་དཔོན་པ་མ་གཏོགས་ཟླ་བོ་གཞན་མ་ཚོ་ཕྱིར་བསངས་ནས་ལུང་བསྟན་ཞིབ་རྒྱས་ཇ་ཡུན་གཅིག་གི་བར་གསུངས། དེར་བྱང་ཆུབ་གླིང་སྐུ་སྐྱེས་བཙུགས་པ་ཡིན་ཟེར་བའི་མདོས་འདུག་པ་ཕྱག་ལེན་ལྟ་ཞོག་མདོས་མིག་གིས་ཀྱང་མཐོང་མ་མྱོང་བ་ཞིག་གིས་འོལ་ཚོད་བྱས་པ་ཡིན་འདྲ། ཚེས་བཞིའི་ཉིན་མངའ་རིས་གྲ་ཚང་པ་དཔོན་སློབ་ལ་བླ་མའི་རྣལ་འབྱོར་ཕུལ། རས་ཆུང་ཕུག་སྤྲུལ་སྐུ། བྱེ་རྫིང་ཚོགས་མཁན་པོ་སངས་རྒྱས་དཔལ་བཟང་། ཚོགས་པ་དང་གྲ་ཐང་པའི་གྲ་པ་རགས་བསྡུས། ལྗངས་དབོན་པོ་སོགས་ཕྲད་མི་མང་དུ་བྱུང་། དར་རྒྱས་ཆོས་སྡིངས་ནས་རིག་འཛིན་འཕྲིན་ལས་ལྷུན་གྲུབ་གྲོངས་པའི་བསྔོ་རྟེན་སྐྱེལ་བར་གདུང་བརྒྱུད་བགྲེས་པ་དང་རྩིས་རིག་སྨྲ་བའི་དབང་ཕྱུག་ལྡུམ་པོ་བ་དོན་གྲུབ་དབང་རྒྱལ་བྱུང་བའི་དྲི་མལ་ལ་བསླབ་བྱ་སྟེར་སྦྱིན་དང་བཅས་འཕྲལ་དུ་ཐོན། ཚེས་ལྔ་ལ་རབ་བྱུང་པ་རྣམས་ཀྱིས་གདན་ས་གོང་གི་ཕྱག་ལེན་པུ་ཏྲ་མིང་སྲིང་དང་རུ་འདྲེན་སྡེ་བཞིའི་འཆམ། དྲུག་ལ་དཔལ་རི་སྒྲུབ་སྡེ་བ་ཚོས་ཚེས་བཅུའི་གར་འཆམ་བྱས། དེའང་པཎ་ཆེན་ཆོས་ཀྱི་རྒྱལ་པོ་དེ་ཉིད་དགུང་ལོ་གོ་གསུམ་དུ་ཕེབས་ནའང་རེ་ཞིག་གཟུགས་


GLG005_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་དཀྱིལ་འཁོར་མ་བསྡུས་ན་བསྟན་འགྲོའི་སྨན་ཡོན་ཆེན་པོར་འགྱུར་བ་བདུད་སྡེའི་ཚོགས་ཀྱིས་མ་བཟོད་པའི་བཀྲ་ཤིས་ལྷུན་པོའི་གྲ་པ་དཀྱུས་ཤར་བ་ཞིག་གི་རྨི་ལམ་དུ་རྗེ་བཙུན་ཙོང་ཁ་པའི་སྣང་བརྙན་ཐང་སྐུར་བྲིས་པ་ཇི་ལྟ་བར་བརྫུས་པས་བརྟན་བཞུགས་ཤླཽ་ཀ་ལྔ་པ་ཞིག་ཤར་མར་བཏོན་ནས་འདི་ཚུགས་ན་བར་ཆད་ཐམས་ཅད་སེལ་ཟེར་བ་གཉིད་སད་ཚེ་ཚིག་རྣམས་བློར་ངེས་ཀྱང་དགེ་རྒན་གྱིས་གཞན་ལ་བསྒྲག་ཏུ་མ་བཅུག་པ་ཞག་ཁ་ཡར་ནས་རྨི་ལམ་དུ་གླེགས་རལ་མེད་པ་ཞིག་གིས་ད་ཆ་དུས་ལ་བབས་ཡོད་ཚུལ་བྱུང་བར་བརྟེན་དགེ་རྒན་གཞོན་གཉིས་ཀྱི་བློས་མ་བཟོད་པར་བླ་བྲང་དུ་རྒྱུ་མཚན་ཞུས་པར་དེ་གའི་ལོ་རྒྱུས་དང་བཅས་རུང་ཁང་གི་གོ་ལ་སྦྱོར་བའི་བསླབ་སྟོན་གནང་བ་བཞིན་བྱས་པ་ན་ཚང་མའི་ཁ་ཏོན་དུ་མཆེད་པའི་དེ་ག་གཅིག་པུས་ཆོག་པ་ལྟ་བུས་སྐུ་རིམ་གྱི་ལེ་དབར་ཤོར་ཏེ་ཚོགས་པ་ཕལ་ཆེར་ཆམ་ཡམས་ཀྱིས་མནར་བའི་ཐོག་གློ་བུར་དུ་བསྙུན་པའི་སྐུ་རིམ་ལ་འཚོག་མི་མེད་པ་ལྟ་བུ་བྱུང་འདུག །དེ་ནས་བཟུང་ཡམས་དེ་མངའ་རིས་ནས་བར་ཁམས་ཀྱི་བར་ལྷོ་བྱང་ཀུན་ཏུ་ཁྱབ་པ་དང་ཐུག་པའི་བསམ་ཡས་སུ་ཕལ་ཆེར་ཆམ་རིམས་ཀྱིས་ཟིན་ནའང་དཀོན་མཆོག་གི་ཐུགས་རྗེས་ཧ་ཅང་ལྕི་བ་མ་བྱུང་བས་རབ་གནས་ཀྱི་གེགས་སུ་མ་གྱུར་པའི་ལྷ་བྲག་གཏེར་བྱོན་ཕུར་པ་དྲག་སྔགས་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཚེས་བདུན་ལ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་དང་ཆབས་ཅིག་པས་སྟ་གོན་དང་ཐོ་རེངས་ནས་འཛུགས་དགོས་ཀྱང་ཆོས་སྐྱོང་སྤྱན་འདྲེན་གྱི་དགོས་དབང་སྟབས་ནམ་ཕྱེད་ཡོལ་ནས་དངོས་


GLG005_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་དབུ་བཙུགས། ཚེས་བརྒྱད་ཀྱི་ཚ་རྟིང་སྔ་ཕྱོགས་ཚེ་བརྟན་བཞུགས་ལ་ཐུག་པའི་བར་བྱས། དེ་ནས་ཚ་རྟིང་ཁར་ལྕོག་ཏུ་ཆོས་རྒྱལ་ཆེན་པོ་དང་ལས་མཁན་གཉིས་ཀ་ཕེབས་པའི་འབོད་མི་བྱུང་བ་ལྟར་ཕྱིན། གནམ་ལྷ་བྱང་ཆུབ་དང་རྡོ་རྗེ་ཕག་མོའི་སྐུ་གསོབ་གཉིས་ལ་རན་པའི་གན་གོས་ཀྱི་ཕོད་ཀ་དང་དར་ཚོན་སྣ་ལྔའི་སྙན་དར་ཕུལ། སྔར་བཞིན་གནམ་ལྕགས་ཀྱི་རྡོ་རྗེ་དང་བདུད་རྩིར་བཅས་ཆོས་རྒྱལ་ཆེན་པོར་དམ་ཚིག་བསྒྲགས་པས་སྐུ་ཁོག་བུད་མེད་ཡིན་ཀྱང་ཙེའུ་དམར་པའི་དུས་ལས་ཟིལ་ཅུང་ཟད་ཆེ་བར་སྣང་། ཁྲོམ་ཚོགས་ཀྱི་དབུས་སུ་དགྱེས་པའི་རྣམ་འགྱུར་གྱི་གསུང་ཅུང་ཟད་བྱོན། གཙང་ཁང་སྦུག་ཏུ་མཆོད་དཔོན་པ་བརྒྱུད་ནས་བླང་དོར་གྱི་བསླབ་བྱ་འགའ་ཞིག་གསུངས། ལས་མཁན་གྱིས་སྔར་བྲག་ཁ་རྙིང་དུས་སྐུ་ཁོག་སྒྲོ་སྡོང་འོག་པའི་སྐབས་སྒར་གཙང་མཆོད་ཡོན་ལ་དུས་འགྱུར་ཡོང་བའི་ལུང་བསྟན་ལྕོག་པ་བའི་ལག་ནས་བླངས་ཏེ་ངེས་ཤེས་བསྐྱེད་ཕྱིར་སྟོན་པར་མཛད། སློབ་དཔོན་ཆེན་པོའི་ཕྱག་མཚན་ཛྷཻ་ཀྵིམ་གྱི་རྡོ་རྗེ་རྩེ་གསུམ་པ་དེ་དེར་ཡོད་ཁྲོམ་པ་ཀུན་ལ་མཇལ་ཁ་གནང་། བསེ་འབག་སྨུག་ཆུང་ཞལ་འབྱེད་སྐབས་བྷ་ད་ཧོར་ནས་བྱོན་ཚུལ་གྱི་བསྐུལ་ཞིག་ཀྱང་གཏོང་གིན་འདུག །བཀའ་གཉན་པས་དར་གྱིས་གྲིལ་ཏེ་དམངས་ཀྱིས་མ་མཐོང་བ་གྱིས་གསུང་ངེད་ལ་གཏད། བན་ཆུང་རྣམས་ལ་སྟོན་གསུང་ཡང་གྲ་ཚང་གི་གྲ་པ་དང་ཁྲོམ་པ་འདྲེས་པའི་དབྱེ་བ་མ་ཐུབ་པར་ལུས། ས་སྐྱོང་རྡོ་རྗེ་རྣམ་རྒྱལ་དང་མཆོད་དཔོན་པ་གཉིས་ལ་ལས་མཁན་རང་གིས་བྱིན་རླབས་


GLG005_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་མཛད་སོང་བ་དེ་སྐབས་ནི་དོགས་པ་ཆེར་མ་བྱུང་ཡང་རྟིང་སོར་བསམས་ཚེ་ཁྲི་འདོན་ཡོང་རྒྱུར་སྟག་རྩེ་བར་ཕན་ལ་རེའམ་ཡང་ན་ཚེ་རབས་མང་པོའི་སྐྱེ་བརྒྱུད་ཅིག་ལ་དགོངས་པ་འདྲའོ། །གུང་ཚིག་གྲོལ་འཕྲལ་སྡེ་པ་ལྷ་རྒྱ་རི་བའི་སྲས་ཆུང་བའི་གཙུག་ཕུད་བླངས། ཕྱི་དྲོ་དབུ་རྩེ་རིགས་གསུམ་ནས་བཟུང་གླིང་བཞི་གླིང་ཕྲན་ཉི་ཟླའི་གླིང་སོགས་ལ་རབ་གནས་ཀྱི་གཙོ་བོ་བརྟན་བཞུགས་ཀྱི་མེ་ཏོག་འཐོར་བར་ཚོགས་པ་རྣམས་ཀྱིས་རྡོར་དྲིལ་ཐོགས། དུང་དཀར་གྱིས་སྣ་དྲངས་རོལ་མོ་སྣ་ཚོགས་དང་བཅས་རིམ་པར་ཕྱིན་པའི་གངས་ཅན་ཕན་བདེའི་རྩ་ལག་ཏུ་རིང་པོར་བཞུགས་པའི་གསོལ་བ་བཏབ། ཞར་ལ་གནས་རྟེན་རྣམས་མཇལ་ཞིང་སྨོན་ལམ་གྱིས་མཚམས་སྦྱར། གཙོ་འཁོར་སོ་སོར་སྙན་ཤལ་སྒྲོན། དེ་ནུབ་དཔལ་ལྡན་འདོད་ཁམས་ཀྱི་དབང་ཕྱུག་གཙོ་བོར་གྱུར་པའི་ཆོས་སྐྱོང་གཏེར་སྲུང་གི་བསྐང་གསོ། ཁྱད་པར་རྒྱལ་པོ་པེ་ཧར་དང་གནོད་སྤྱིན་ཙེའུ་དམར་བས་ཐོག་དྲངས་གཙུག་ལག་ཁང་གི་སྲུང་མ་རྙིང་པ་ཀུན་ལ་གཏོར་མ་ཕུལ་ཞིང་ཆོས་འཁོར་སྐྱོང་བར་ཡང་སྐྱོར་དུ་དམ་བསྒྲགས། ཚེས་དགུའི་སྔ་དྲོ་དཀར་ཆལ་ཐང་ན་གཙུག་ལག་ཁང་དང་ཞལ་སྤྲོད་དུ་གུར་ཕུབ་ཅིང་ཁྲི་བརྩིགས་པའི་གཞུང་གྲལ་གཡས་གཡོན་ལ་གྲ་ཚང་། གུང་དང་རྒྱབ་ཀྱི་གཡོན་གྲལ་ལ་དྲུང་འཁོར་སྐྱ་སེར། གཡས་སུ་ཚོགས་ཆས་དང་ས་སྐྱོང་རྡོ་རྗེ་རྣམ་རྒྱལ་དཔོན་གཡོག །མཐའ་སྐོར་དུ་ཁྲོམ་ཤིན་ཏུ་ཆེ་བས་བསྐོར་བའི་དབུས་སུ་ཐོག་མར་སྦྱིན་བདག་བསྐོ་བའི་ཆོ་ག་རྒྱས་པར་བཏང་། ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ཀྱི་དགའ་སྟོན་ལ་རོལ། གོས་


GLG005_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཡུག་སུམ་ཅུ་ཙམ་དང་རྟ་བཞི་བཅུ་ལྷག །སོག་ཆས་ཀྱི་ན་བཟའ་ཆ་འགྲིག་གིས་གཙོས་པའི་སྟེར་ཆ་དཔངས་མཐོ་བ། གྲ་ཚང་ལ་རབ་ཡོན། དྲུང་འཁོར་ལ་གནང་ཆ་སོགས་ལྷ་མཆོད་མི་མཆོད་རྒྱ་ཆེར་མཛད་ལྕགས་ཡོས་ཡོང་སྐབས་ཀྱང་སྔར་དང་མི་འདྲ་བའི་ཞིག་གསོས་རེ་མང་ཟིན་པའི་མཇལ་ཉམས་སྤྲོ་བ་ཞིག་ཡོད་རུང་འདིའི་དུས་ཕལ་ཆེར་གྲུབ་འདུག་པས་ངོ་མཚར་ཆེ་སྙམ་པའི་རྗེས་སུ་ཡི་རང་ཤར། ཕྱི་དྲོ་མཁན་སློབ་གཉིས་ཀྱི་བཞུགས་འཁྲིའི་སྟེང་ནས་ཁྲོམ་ལ་བྱིན་རླབས་བྱས། གུ་རུ་མཚོ་སྐྱེས་རྡོ་རྗེ་སྔར་མཇལ་དུས་ཆུ་ལྟེ་རི་གསུམ་ཙམ་ལུགས་དགོས་བྱུང་བར་ད་ལམ་ལྟེ་རི་ཆུང་ངུ་ཞིག་བླུགས་མཚམས་པདྨའི་སྤུབས་བྱེ་སྟེ་ཕེབས་སླ་བ་རྟེན་འབྲེལ་ལེགས་ཚུལ་དཀར་པོ་ཐུགས་སྲས་གསུང་། ཚེས་བཅུ་ལ་གཞིས་ཀའི་ནུབ་ཀྱི་ཀླུ་སྡིངས་སུ་གུར་ཕུབ་སྟེ་ས་སྐྱོང་རྒྱ་རི་བའི་སྲས་སྐུ་མཆེད་སྐྱ་སེར་གཉིས། ཟངས་རི་དཔོན་སའི་ཞབས་དྲུང་། འབྲས་ཡུལ་སྐྱེད་ཚལ་གྱི་མཁན་ཟུར་པ་རྩེད་ཐང་ཆེན་མོ་བྱང་མ་བ། རི་བོ་བདེ་ཆེན་མཁན་པོ་མང་ཐོས་བློ་བཟང་མཁས་བཙུན། སྤྱན་གཡས་མཁན་པོ། བཀྲ་ཤིས་བདེ་ཆེན་བླ་མ་ལས་ཆེན་པ། བྱམས་གླིང་རྨི་རུ་ཟུར་བ། རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲའི་སྐུ་སྐྱེ། ཕོ་བྲང་སྣེའུ་སྡོང་རྩེའི་མི་སྣ། བྱིང་རྣམ་གཉིས། སྨྱུང་གནས་རས་པ། རབ་བརྟན་ཤར་པ། འཕྱོས་གྲོང་སྟེང་པ། རྡོ་དགོན་པ་བ། ཕུ་གུ་ལུང་པ་སོགས་ཡར་ཀླུངས་ཤར་ནུབ་མཐིལ་གསུམ་བྱང་ཁ་དང་བཅས་པའི་སྐྱ་སེར་ཤིན་ཏུ་མང་བ་བྱུང་བར་དྲག་ཞན་


GLG005_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྟུན་པའི་ཇ་གྲལ་བྱིན་རླབས་སྟེར་སྦྱིན་གྱིས་རེ་བ་བཀང་། མདོ་སྔགས་གླིང་གི་སྲུང་མ་ཁ་ཆེ་དམར་པོས་སྤྱན་གཟིགས་དགོས་ཚུལ་བྱུང་བ་འཕྲིན་ཡིག་དང་བཅས་སྐྱེལ་བར་བཏང་། འཕྱོང་རྒྱས་ནས་མ་མ་འབྱོར་བར་སྟེར་སྦྱིན་ཁ་ལག་གི་བདག་རྐྱེན་བཟབས། རྫིང་ཕྱི་མཁན་པོ་རིན་ཆེན་བློ་གྲོས་ལམ་ནས་བསྙུང་བའི་བསམ་ཡས་སུ་འགྲོ་ཁར་དེ་བཞིན་གཤེགས་པའི་འཕེལ་གདུང་དང་དམ་རྫས་ཀྱི་ཕན་པ་བསྒྲུབས། འདི་སྐབས་ཡར་ཀླུངས་ཚོར་ཆམ་རིམས་ཀྱིས་མ་སླེབས་པས་རྩེད་ཐང་ལྔ་མཆོད། ས་མཆོད། བཀྲ་ཤིས་ཆོས་སྡེ། རི་བོ་ཆོས་གླིང་། བཀྲ་ཤིས་བདེ་ཆེན། དར་རྒྱས་གླིང་པ་རྣམས་ཀྱི་ཚོགས་པ་ཕལ་ཆེར་བྱུང་བར་བླ་མའི་རྣལ་འབྱོར་དང་མཚན་བརྗོད་ཀྱི་ལུང་སོགས་འདོད་ཆོས་ཕྲན་བུ་ཕུལ། འོན་ཀྱང་ཆམ་རིམས་དེ་གྲེ་བར་བབས་ནས་སྐད་འགགས་པས་དབང་ཆོས་ཀྱིས་འགྲོ་ཕན་ཆེར་མ་ཐུབ། གྲ་ཚང་དང་དགོན་ཁག་ཚོར་མང་འགྱེད་ཀྱང་བཏང་། སློབ་དཔོན་རིན་པོ་ཆེས་གུང་ཐང་ལ་ཁར་བཞག་པའི་ཞབས་རྗེས་དང་བཻ་རོའི་ཕྱག་བཟོའི་རྟ་མགྲིན་གྱིས་མཚོན་གཟིམས་ཆུང་དེ་གར་ཡོད་པའི་ནང་རྟེན་རྣམས་ཡང་ཡང་མཇལ་ཞིང་གཙུག་ལག་ཁང་ཡོངས་རྫོགས་ཀྱི་རྟེན་ལ་གསེར་ཆབ། དཀར་མེ། སྲུང་མ་སོ་སོར་མདའ་དར། དབུ་རྩེ་རིགས་གསུམ་ལ་བརྒྱ་མཆོད། བསམ་ཡས་མཆིམས་ཕུར་གསེར་ཆབ། སྙན་དར། མཆོད་པ། གནས་སྲུང་ལ་མདའ་དར་རྣམས་ཕུལ། སྔར་རྒྱ་ནག་ཏུ་འགྲོ་གདོང་བྱས་པའང་ལེགས་པ་བྱུང་བས་ཚེས་བཅུ་གཅིག་ལ་ཧས་པོ་རིར་ཕྱིན་རྒྱགས་རྔན། བག་ཆགས་སྟོབས་


GLG005_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་ཀྱི་ཁྲུས་སྔོན་དུ་འགྲོ་བའི་སློབ་དཔོན་ཆེན་པོའི་ཆས་སུ་ཞུགས་ཏེ་བྱང་ཆུབ་གླིང་པའི་གཏེར་བྱོན་བཞིན་བཀའ་ནན་རབ་བརྗིད་ཀྱི་སྒོ་ནས་ལྷ་སྲིན་སྡེ་བརྒྱད་རྣམས་དམ་ལ་བཏགས་ཤིང་ཕན་བདེ་སྐུ་སྐྱེ་སྤུན་གཉིས་ཀྱི་བྱེད་བབས་བལ་པོས་སིའུའི་དཔེར་མཐོང་བས་སྤུན་སྡེ་བྲན་གཡོག་བཅས་པ་ཡལ་བར་མི་འདོར་བའི་དྲེགས་པའི་སྡེ་དཔོན་སུམ་ཅུར་གཉེར་གཏད་ཀྱང་དྲག་ཏུ་བྱས། ཐོག་མར་འཚུབ་ལྷོངས་ཅུང་ཟད་ལ་གཟི་བྱིན་དང་བག་དྲོ་ཉམས་ཆེ། མེ་ཏོག་གི་ཆར་སོགས་ལྟས་ལེགས་པའང་བྱུང་ཟེར། ལམ་ཞོར་ལ་ཇོ་མོའི་གླིང་གསུམ་མཇལ་ཞིང་མེ་ཏོག་གཏོར། བྲག་དམར་རོང་བཙན། རྒོད་པོ་རྟ་ར་གཉིས་ཀྱི་འཕྲིན་ལན་མཐུན་རྫས་ཀྱི་སྤྱན་གཟིགས་གྱ་ནོམ་པ་ཕུལ། ཐའི་ཇི་ཡབ་སྲས་ལ་སྒྲོལ་དཀར་ཚེ་སྦྱིན་མའི་རྗེས་གནང་དང་སྡེ་པ་རྒྱ་རི་བའི་སྲས་པོ་གཞོན་པ་རབ་བྱུང་བསྒྲུབས། ཚེས་བཅུ་གཉིས་ཀྱི་གུང་ཚིགས་ཐོག་གཞིས་ལེན་གྱི་བཞུགས་གྲལ་བཤམས། ས་སྐྱོང་རྡོ་རྗེ་རྣམ་རྒྱལ་དཔོན་གཡོག་གི་སྐྱེས་ལན་གྱི་བདོག་པ་བསྟར། ཚེས་བཅུ་གཉིས་རྟིང་མ་ལ་བསམ་ཡས་ནས་བཏེག །ཟུང་མཁར་མདར་གུང་གི་དྲོ་བྱས། སྐྱིད་ཤོད་ཞབས་དྲུང་ཡབ་སྲས། རྒྱ་རི་བའི་སྲས་ཞབས་དྲུང་བགྲེས་པ། དཀར་པོ་ཐུགས་སྲས། དཔལ་རི་སྐུ་སྐྱེ། རབ་བྱུང་བའི་བླ་མ་ཅན་སྐྱེལ་མི་ཀུན་ཕྱིར་བྱོན། ལ་ལ་ཁ་བ་ཆེས་པས་ཀླུངས་བརྒྱུད་སྒྲགས་མདར་འབྱོར། རྒྱལ་གླིང་ཚོགས་པ། སྔགས་ལྕོག་རྣམས་ཀྱིས་སེར་སྦྲེང་བསྟར། བྱམས་པ་གླིང་པ་དང་ལྕོག་གྲ་བ་ཕལ་ཆེར་ཆམ་རིམས་ཀྱིས་བཏབ་


GLG005_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

པས་མང་བ་མ་སླེབས་འདུག །རྒྱལ་གླིང་མཁན་པོ་མཁས་བཙུན། སྡིངས་པོ་ཆེ་སྐུ་སྐྱེ། སྔགས་ལྕོག་བླ་མ་སོགས་དྲག་རིགས་རྣམས་དང་ཕྲད། རྡོ་རྗེ་བྲག་སྤྲུལ་པའི་སྐུ་ཡང་རྫོང་དུ་ལོ་གསུམ་གྱི་བཅད་རྒྱ་དང་འགྲིག་པའི་ཇ་འདྲེན་དུ་མི་ཆེད་བསྟད་མངགས་ཏེ་ཆབ་ཤོག་རྟེན་སྐྱོང་གླིང་པའི་སྙིང་ཐིག་གི་ཤོག་སེར་ཞིག་བསྐུར་བར་མཛད། གྲ་ཕྱི་ནང་གི་དྲུང་འཁོར་ཕལ་ཆེར་ཕྲད་པར་འོངས། བཅུ་གསུམ་གྱི་ཞོགས་བསམ་དར་ནས་ཀྱིས་གྲ་ཚང་དྲུང་འཁོར་ཚང་མར་ཚ་བའི་ཐོག་བཞུགས་གྲལ་བཤམས། སྔ་དྲོ་དགའ་ལྡན་གླིང་གཞི་བ་དང་ལྷ་ལུང་གྲ་ཚང་པ་གཉིས་ཀྱི་སེར་སྦྲེང་དང་བཅས་འཕྲང་འགོ་གཞིས་ཀའི་ཀླུ་སྡིངས་སུ་སླེབས། མགྲོན་གཉེར་དྲུང་པས་སྒར་པ་ཚང་མར་གུང་གི་དྲོ་དྲངས། རོང་པ་སྐུ་མདུན་ལ་དོགས་གཅོད་ཀྱི་མོལ་མཆིད་དང་བདག་རྐྱེན་གང་ལེགས་བྱས། ཞབས་དྲུང་དབྱངས་ཅན་སོགས་དོལ་ཕྱོགས་ཀྱི་སྐྱ་སེར་ཁ་ཡར་འབྱོར། བཅུ་བཞི་ལ་ཨེ་ཝཾ་ལྕོག་སྒར་པས་མདུན་བསུས་ཐུབ་བསྟན་རྡོ་རྗེ་བྲག་གིས་འདུ་ཁང་དུ་བསྙེན་བཀུར། ལུམ་པ་ལྕང་གསེབ་ཏུ་བདེ་ཆེན་ཆོས་འཁོར་བ། ཆོས་རྗེ་དཀོན་གཉེར་དཔོན་པ། བཤད་སྒྲུབ་གླིང་སློབ་དཔོན་པ། གོང་དཀར་ཆོས་སྡེའི་ནམ་མཁའ་མཛོད་པ་དང་རྣམ་མཁྱེན་གྲོང་པ། གོང་དཀར་ཁུལ་གྱི་དྲུང་འཁོར་ཁ་ཤས་རྣམས་དང་ཕྲད། བཤད་སྒྲུབ་གླིང་པ་ཡོངས་རྫོགས་ཀྱིས་གསོལ་འདེབས་དང་སྨོན་ལམ་ཁ་ཡར་གསུངས། དཀོན་གཉེར་དཔོན་དགེ་སྟེང་པ་དང་སྒེར་གྱི་འཕྲོས་པ་ཞིབ་པར་བྱུང་། བཅོ་ལྔ་ལ་བྱེ་ལ་བརྒྱབ། ལ་གཤམ་དུ་མཆོད་ཡོན་


GLG005_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བསུ་བ་ལ་བྱོན། ར་བ་སྟོད་པའི་སེར་སྦྲེང་། སྙེ་འཕྲེང་ཕུ་མདའི་བྲོ་ཤོན་རྣམས་ཀྱིས་བསུས་ཏེ་འཕྲང་གོང་ལྕང་གསེབ་ཏུ་བསྡད། གེ་རེ་ལྷ་པ་ཡབ་སྲས་དང་མཇལ། བཅུ་དྲུག་ལ་ལམ་དུ་རྣམ་རྒྱལ་གསེར་ཁང་པ་དང་ཟུལ་ཕུ་བ། སྣོན་དུ་སྦེ་སེར་ཉི་ཐང་གི་སེར་སྦྲེང་། གླིང་སྟོད་ཆོས་རྗེ། གྲ་ཚང་གཉིས་ཀྱི་བླ་མ། འབྲུག་ཕྱག་མཛོད་ངག་དབང་ཡེ་ཤེས་ཅན་ཕྲད་མི་མང་། སྟར་སྡོང་ནས་ཀྱིས་གུང་ཚིགས་ཀྱི་བཞུགས་གྲལ་བཤམས་གླིང་སྟོད་ཆོས་རྗེ་བློ་བཟང་རྒྱ་མཚོ་ཕྲད་པར་བྱོན་ཞིང་དཔོན་སློབ་པཎ་ཆེན་རིན་པོ་ཆེའི་དགོངས་རྫོགས་སུ་ཁ་བཏགས་འདོམ་འཁོར་མ་ཞིག་བྱུང་། དེ་དགོངས་སྣེའུ་གླིང་ཁར་ཞག་ས་བྱས། བཅུ་བདུན་ལ་དཔལ་ལྡན་འབྲས་སྤུངས་པའི་རྟ་བསུ་བར་རིན་ཆེན་སྒང་དུ་ཇ་སྦྱོར་སྦྲེལ་ཞིག་བཏང་སྟེ་གུང་ཚིགས་ལ་པོ་ཏ་ལར་སླེབས། རྡོ་རྗེ་རྒྱལ་མཚན་དཔོན་སློབ་ཞབས་དྲུང་གི་དགོངས་རྫོགས་གཏོང་བ་སླེབས་འདུག་པའི་ཐུགས་དམ་གསལ་འདེབས་རྟེན་རྣམས་ཟག་མེད་ཀྱི་དགོངས་པ་ཁྱད་པར་ཅན་རྫོགས་པའི་རྒྱུར་བསྔོས། བཀྲ་ཤིས་ལྷུན་པོ་སྤྱི་ཚོགས་ནས་སྤྲུལ་པའི་སྐུ་མྱུར་འབྱོན་གྱི་ཚིགས་བཅད་དགོས་ཚུལ་བྱུང་བ་བྲིས། ད་ལའི་ཧུང་ཐའི་ཇིས་མཚོ་ཁྲི་ཤོག་རྒྱལ་མོའི་ཁུལ་གྱི་ལྷ་ཀླུ་རྣམས་ཀྱི་བསངས་མཆོད་བསྐུལ་བ་བཞིན་བསྐུར། ཉེར་གཉིས་ནས་ཟླ་བ་བཞི་པའི་ཚེས་བཅུའི་བར་ཕྱི་མཚམས་ཁོག་ནས་གསང་སྔགས་ཕོ་བྲང་གི་མགོན་ཁང་བསིལ་བའི་ཚལ་གྱི་འབུར་སྐུ་སོ་སོའི་སྲོག་འཁོར་དང་གུར་ཞལ་ལ་མན་ངག་ཟུར་པའི་ཁྱད་ཆོས་ཀྱི་དགོས་


GLG005_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཚོ་གྲ་བསྒྲིགས། གྲ་པ་ཁ་ཤས་ཀྱིས་བདུན་ཕྲག་གཅིག་གི་རིང་འཁོར་ལོ་རྣམས་བསྒྲུབས། དེ་སྐབས་འགོང་པོའི་ཆོ་འཕྲུལ་ཆེ་བར་གྲ་ཚང་གིས་ཞག་ཁ་ཡར་ཨར་ལ་གཏད་པས་འཚུབ་ཞི། འཕྱོས་རྫོང་བཙན་བཤན་པ་དམར་པོས་རིམ་གྲོའི་བསྐུལ་མ་དང་མཐུན་རྫས་དགོས་ཚུལ་བྱུང་བ་འཕྲིན་ལས་དང་བཅས་བསྐུར། ཚེས་བཅུ་གཅིག་གི་སྔ་དྲོ་འབྲས་སྤུངས་སུ་ཕྱིན། ཉི་མ་མེ་བཞིའི་འགྲུབ་སྦྱོར་ལ་གསང་སྔགས་ཕོ་བྲང་སྟེང་གི་ཉི་འོད་དུ་རྡོ་རྗེ་གཞོན་ནུ། ཕྱག་དྲུག་པ། ལས་གཤིན་ནང་སྒྲུབ། དམག་ཟོར་ལྷ་མོ། གུར་ཞལ། རྣམ་སྲས་སེར་ཆེན། གནོད་སྦྱིན་བེག་ཙེ་རྣམས་ཀྱི་རུ་ཤིང་བསླངས་ཏེ་མན་ངག་ཟུར་པའི་རིགས་འབྲི་དགོས་མཐའ་དག་འཁྲུལ་མེད་དུ་བཀོད། སྦྱང་གསུམ་སྔོན་དུ་འགྲོ་བའི་ཁྲུས་གསོལ། སྤྱི་འགྲོའི་རྒྱས་བཀབ་མ་ཡིན་པའི་སོ་སོའི་གཞུང་མན་ངག་ནས་བཤད་པའི་ཕྱག་ལེན་བཞིན་གཟུངས་རྣམས་མ་ནོར་བར་ངེད་རང་གིས་བཀོད་པ་བྱས། མཆོད་དབོན་པ། དགེ་སློང་དོན་གྲུབ་པ། བྱིང་པ་སྔགས་རམས་པ་ཅན་གྲ་པ་རྒན་པ་ཁ་ཤས་ཀྱིས་ལག་དར་ཏེ་རིམ་གྱིས་ཕུལ། ཆར་ཆེན་པོ་ཞིག་ཀྱང་གློ་བུར་དུ་བབས། འདི་ནས་བརྩམས་ཏེ་གཟུངས་པར་རབ་གནས་དང་བཅས་པའི་ཕྱག་ལེན་སྔགས་རམས་པ་དཀོན་མཆོག་རིན་ཆེན། དགེ་སློང་འཇམ་དབྱངས་གྲགས་པ། སྔགས་རམས་པ་བསོད་རྣམས་རྒྱལ་མཚན། ཆོས་རྗེ་ཁ་རག་པ། སྔགས་རམས་པ་དགའ་བ་གདོང་པ། སྔགས་རམས་པ་བློ་བཟང་སྐྱེས་མཆོག་རྣམས་ཀྱིས་གྲ་ཚང་གི་གྲ་པ་ཁ་ཤས་ཀྱི་འགོ་པ་བྱས་ཏེ་རིམ་པར་བསྟར། གཟིམས་ཁང་གོང་བཤིག་ཤུལ་དུ་ལོ་སྔ་མའི་ནང་ལྷ་


GLG005_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་གསར་དུ་བཞེངས་པར་ཐུབ་པའི་དབང་པོ་ནས་བཟུང་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་བར་གྱི་ལམ་རིམ་བཤད་བརྒྱུད་ལྔ་བཅུ་རྩ་དྲུག །བྱམས་ཁང་དུ་བསྒྲིག་རྩིས་ཀྱིས་མཁན་བརྒྱུད་བཅུ་བཞི་རྣམས་ཀྱི་གཟུངས་འབུལ་གྱི་སྔོན་འགྲོའི་སྦྱང་བ་དང་མེ་ཏོག་འཐོར་བ་ངེད་ཀྱིས་བྱས་ཤིང་གཟུངས་བཞུགས་ཞལ་སྔ་ནས་ཕ་བོང་ཁ་པ་འཇམ་དབྱངས་གྲགས་པ། རི་ཁྲོད་དགའ་ལྡན་ཟུར་པ་བྱམས་པ་རིན་ཆེན། གྲ་ཚང་གི་གྲ་པ་འགའ་ཞིག་དང་བཅས་པས་ཕུལ། བཅུ་གསུམ་གྱི་ཉིན་སྤེན་སྡོམས་མ་བྱས་གོང་དུ་མན་ངག་ལུགས་ཀྱི་རབ་གནས་དང་གཏོར་བསྔོས་འཕྲིན་ལས་བཅོལ། ཞལ་བཞི་ཡོངས་རྫོགས་ཀྱི་བྲིས་འབུར་ཇི་མི་སྙམ་པར་བཞེང་བ་གནད་མ་གོ་བའི་རང་མཚང་ལས་གཞན་དུ་མ་མཆིས་ཤིང་ལ་ལ་འཚུབ་ཆ་མ་བྱུང་ཟེར་བ་ནི་ཆོས་སྐྱོང་མ་འཁོར་བའི་ནང་རྟགས་ཕྱིར་ཤར་བར་སྣང་། འདིར་བདག་ཆེན་རྡོ་རྗེ་འཆང་གི་ཞལ་གཟིགས་མའི་བྲམ་ཟེ་སྔོན་པོ་དེ་བཀྲ་ཤིས་པས་བཞེང་བའི་བཀོད་པ་བྱས། སྔགས་སྐུ་དང་ལམ་རིམ་བརྒྱུད་པ་སོགས་སྔ་ཕྱིའི་ལྷ་བཟོ་བ་སྤྲུལ་སྐུ་ཧོར་དར་ཅན་དང་དོ་དམ་ལ་དབུ་མཛད་ངག་དབང་བཀྲ་ཤིས་བསྐོས་ཤིང་སྐུ་རྒྱུ་བཟོ་བོ་ལག་ཆ་སོགས་ལ་རྒྱུད་ནས་བཤད་པ་ལྟར་བྱིན་རླབས་བགྱིས། བཅུ་བཞི་ལ་པོ་ཏ་ལར་འོངས། ས་སྐྱོང་ཐོག་རྒོད་རྣམ་རྒྱལ་བགྲེས་པ་ཁྱིམ་བདག་དཔལ་སྐྱེས་ཀྱི་བརྟུལ་ཞུགས་ཅན་དེ་བསྙེན་པར་རྫོགས། དཔོན་ས་ཧོར་མོ་བཙུན་མར་བསྒྱུར་བའི་སྐྲ་ཕུད་བླངས། གོང་ར་བར་ཤམ་བྷར་འཇགས་འོས་མ་བྱུང་བ་ཆོས་རྗེ་བྲག་ལ་བར་ཆོད་བར་བརྟེན་


GLG005_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་གསང་རྡོ་རྗེ་གླིང་པ་རྣམས་ཀྱི་ཕོགས་ཐེབས་སུ་གནས་རྙིང་ཤོལ་ར་བས་བཟུང་ཤུལ་རྒྱལ་མཁར་ནས་ལག་འབབ་བཞི་བརྒྱ་སྐོར། དབེན་ས་དགོན་པར་མཆོད་གཞིས་ཁ་འཐོར་བ་སྡེབ་མཚུངས་ནས་ས་བརྗེས་སྣོན་མ་བཅས་པར་མཐོང་སྨོན་སྒོ་བཞིའི་གཞིས་ཆུང་། བྲམ་ཟེ་གོང་པ་རྐང་གཅིག །ཐེམ་འཛིན་གསུམ། པན་རྟ་ཚོ་བ་དང་བྲག་དམར་ཁུངས་ཀྱི་ཤས་བོགས་བཅད་ལག་ཡོང་ཕྱེད་དྲུག་བརྒྱ་སྐོར། ཤེལ་དཀར་ཆོས་སྡེའི་དགོན་ལག་བྲང་སོ་ཟེར་མཁར་བར་ཞོ་ལུང་གཞིས་ཀ་ཐེམ་འཛིན་ལྔ། ལག་ཡོང་བརྒྱ་སྐོར། གེ་རེ་ལྷ་པའི་དོན་གྲུབ་བཀྲ་ཤིས་ལ་ལྕང་ར་གཞོན་ཚང་ཁུངས་བརྒྱ་གྲོང་སྤྱིལ་མཁར་གཞིས་ཀ་ཐེམ་འཛིན་བཞི། ལག་ཡོང་ལྔ་བརྒྱ། ཡར་ཀླུངས་སྡེ་པ་བྱིང་པ་གྲུབ་མཐའ་གཙང་ཞིང་གཙང་དུས་ནས་གུས་ཞབས་ཆེ་བར་བདེ་གཟར་གྱི་རྗེས་སུ་ས་སྣོན་དྲག་ཙམ་ཡོང་འོས་འདྲའང་ཤན་དང་ཆུ་ཁ་ཏ་སྦད་ཆོད་དུ་སོང་བར་འདི་ལོ་སྐྱིད་རུ་གཞིས་ཀ །ཐེམ་འཛིན་བཅུ་བཞི། ལག་འབབ་སྟོང་ལ་ཉེ་བ། གྲི་མཛོད་པའི་བུས་སྡེ་པ་སྲས་པོའི་ཟི་བུན་དུས་བྱ་གདོང་ཁུལ་བྱས་པར་དམ་རྩི་ཞིག་ཀྱང་བྱུང་འདུག་པས་ལྷོ་བྲག་ཡུག་བ་ཐེམ་འཛིན་ལྔ། ལག་ཡོང་ཉིས་བརྒྱ་སྐོར་རྣམས་སྦྱོར་འཇགས་བྱས། གསོ་བ་རིག་པའི་གཙུག་ལག་འདི་རིག་པའི་གནས་ལྔའི་ནང་གི་ཡ་གྱལ་གཅིག་ཡིན་པར་མ་ཟད། ལུས་ཅན་ཀུན་ལ་རིས་སུ་མ་ཆད་པའི་སྤྱི་ནོར་བླ་ན་མེད་པ་ཡིན་ཡང་བྱང་པ་རིགས་ལྡན་དང་ཟུར་མཁར་བ་ལུགས་ཐ་དད་པའི་ནང་ནས་སྨད་ལུགས་ལ་གྲ་ཐང་གི་པར་ཁུངས་བཙུན་དེ་འཕྲིན་ལས་ཆེས་སྐྱོན་གྱིས་མི་གསལ་ཞིང་


GLG005_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

སྒམ་པོ་སྤྲུལ་སྐུ་ནོར་རྒྱན་པས་མཆན་བུ་ལོགས་སུ་བཀོད་དེ་གསར་བརྐོས་དེས་ཀྱང་གོ་དཀར་སོང་། རྟག་བརྟན་དུ་གྲ་ཐང་གི་བུ་དཔེ་ཡིན་ཁུལ་ལ་བྱང་པ་རིགས་ལྡན་ཆེན་པོའི་ལུགས་དང་བསྲེས་ཏེ་དོན་དུ་ཕན་ཚུན་གཉིས་ཀར་ཐེ་བའི་སྤྲུལ་སྐུ་རང་གི་ཆོས་ལུགས་དང་མཚུངས་པ་འཚོ་བྱེད་ལྷུན་སྡིངས་པས་དོ་དམ་བྱས་ཏེ་རྗེས་སུ་བརྐོས་པ་ནོར་བཏུབ་པ་ཞིག་མི་འདུག་པར་བརྟེན་བརྐོ་བའི་འདུན་པ་ཡོད་སྟེང་དྲང་སྲོང་བྱང་ངོས་པ་ནང་སོ་དར་རྒྱས་ཀྱིས་བསྐུལ་བས་མཚམས་སྦྱར་ཏེ་ཧོར་ཟླ་གཉིས་པའི་ནང་དུ་རྒྱུད་བཞིའི་མ་དཔེ་བསྐུར་ཟིན་པའི་པར་བྱང་ཆེ་ཆུང་རྣམས་བྲིས། ཚེས་བཅུ་དྲུག་ནས་ཧོར་ཟླ་ལྔ་པའི་ཚེས་བརྒྱད་ཀྱི་བར་ཕྱི་མཚམས་ཁོག་ཏུ་གཞིས་ཀ་ཤར་པ་ཨ་གུར་དང་ངག་དབང་འཕྲིན་ལས་གཉིས་ཀྱིས་ཤོག་ཁྲའི་རི་མོ་བ་བྱས་ཏེ་ཀུན་དགའ་ར་བའི་ཉི་འོད་ལྡེབས་རིས་ལ་རྒྱལ་རབས་དང་མཁས་གྲུབ་ལོ་པཎ་གྱི་རྣམ་པར་ཐར་པ་ཆེ་ལོང་ལས་བཏུས་པའི་གཞི་མི་ཆོས་སྐྱེ་བོའི་བྱུང་ཚུལ། རྒྱན་དམ་པ་ཆོས་འབྱུང་གི་ལོ་རྒྱུས་རགས་རིམ་གྱི་དཔེ་དོན་ཙམ་བཀོད་པའི་དོ་དམ་སྡེ་པ་འདར་གཞོན་ངག་དབང་འཕྲིན་ལས་དང་སྡིངས་ཆེན་ནས། རི་མོ་བ་དབུ་ཆེན་སྐུ་མདུན་སྨན་ཐང་པ་དང་སྤྲུལ་སྐུ་དཔལ་མགོན་གཉིས་ཀྱིས་གཙོས་པའི་དྲུག་ཅུ་རེ་གཅིག་གིས་ཤིན་ཏུ་དངོས་གཙང་བ་སྒྱུ་མའི་ཁེངས་པ་འཕྲོག་ནུས་པ་བྲིས། གོང་གི་ཤོག་ཁྲ་འབྲི་མུས་ནས་ཕན་བདེ་ལེགས་བཤད་གླིང་པའི་འདུ་ཁང་གསང་སྔགས་ཕོ་བྲང་དུ་འགྲེམ་རྒྱུར་རེ་གཉིས་མ་གཏོགས་གྲ་ཚང་གི་ཞལ་འདོན་དུ་རྒྱུན་ཚུགས་དང་བསྟུན་


GLG005_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྔགས་གསར་རྙིང་གི་ཡི་དམ་སྲུང་མའི་བྲིས་ཐང་སོ་གཅིག་བཞེང་རྩིས་ཀྱིས་བླ་མ་དང་མངོན་རྟོགས་ཀྱིས་མི་ཐོན་པའི་ལྷའི་རིགས་ཀྱི་ཤོག་ཁྲ། ཡི་གེས་འཐུས་པ་རྣམས་ཀྱི་མངོན་རྟོགས་ཤོག་དྲིལ། མ་དཔེར་འོས་པའི་ཐང་རྙིང་འཚོལ་བ་སོགས་གྲབས་སུ་ཆུད་པར་བྱས། བཙུན་མོ་ཚལ་གྱི་དགོན་པ་ཆུས་ཞིག་པས་གསར་དུ་སྤོས་པ་གྲུབ་པའི་གཙུག་ལག་ཁང་གི་རྩེར་རྒྱལ་མཚན་དགོས་ཚུལ་ཚངས་པ་ཆེན་པོས་གསུང་བ་འཛུགས་རྒྱུ་བཀྲ་ཤིས་པའི་འཕྲིན་ཡིག་དང་ལྷན་དུ་ཕུལ། ཚེས་དགུ་ལ་མཚམས་གྲོལ་བའི་བསྙེན་རྫོགས་བཅུ་དགུ་དང་དགེ་ཚུལ་ཉིས་བརྒྱ་བསྒྲུབས། ཚེས་བཅུ་གཉིས་ཀྱི་གཟའ་སྐར་ལེགས་པའི་ཐོག །དངུལ་སྲང་དྲུག་བརྒྱ། གསེར་ཞོ་སུམ་བརྒྱ་སྐོར་གྱི་དངོས་པོ་ལས་ཉེ་བར་བསྐྲུན་པའི་མཎྜལ་རི་རབ་དུས་འཁོར་ལུགས་སུ་བྱས་ཚིག་བཅད་ལྷུག་མུ་རན་སྟོད་སྨད་ལ་གཟོང་བརྐོས་བརྒྱབ་པ་བཞེངས་པའི་དོ་དམ་ལྷ་ཁང་ནས། མཁར་ལྡན་ནས། ལྷ་སྦུག་པ། ཛྱེ་དྷ་ན་ཅན་བལ་པོ་མཁས་པ་བཅུ་བཞི་རྣམས་ཀྱིས་ཧོར་ཟླ་བཅུ་པའི་ཚེས་ཉི་ཤུའི་རྒྱལ་ཕུར་གྱི་འགྲུབ་སྦྱོར་ཐོག་གྲུབ་པ་དེ་ཉིན་ཕུལ་བའི་སྨོན་ལམ་གྱི་མཚམས་སྦྱོར་སྐྱོར་ལུང་གསུང་སྒྲོགས་པ་བརྒྱ་ལྷག་གིས་མཛད་རྒྱུར་ཞལ་འདོན་གྱི་ཚིགས་བཅད་ཀྱང་བཀོད། དེ་ཐོག་བརྒྱ་མཆོད་བཤམས། ལྷ་ས། ར་མོ་ཆེ། པོ་ཏ་ལའི་མཆོད་ཁང་ཚོར་གསེར་ཆབ་ཀྱང་སྒྲོན། ཇོ་ཤཱཀ་སོགས་ཀྱི་དབུ་རྒྱན་དང་མཎྜལ་རྣམས་འགྲུབ་ན་ཅི་མ་རུང་སྙམ་པའི་སྐོམ་པ་ཆུ་འདོད་ལྟར་ཡོད་རུང་ལག་ཐོག་ཏུ་མ་ཁེལ་བ་སྡེ་པ་གླེགས་བམ་མང་པོ་མཐོང་ཐོས་ཀྱིས་ཆོས་ཉམས་ཅུང་ཟད་


GLG005_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པ་འདུག་པས་དང་སྤྲོ་བའི་ཁུར་ལེན་ཆེ་བ་མཛད། བསྙེན་རྫོགས་དང་དགེ་ཚུལ་སོ་སོར་བཞི་བཅུ། དགེ་བསྙེན་གཉིས་རྣམས་བསྒྲུབས། ཁྱབ་བདག་སྨན་ལུང་པའི་དྲུང་དུ་རྒྱ་ཆེ་རོལ་པས་ཐོག་དྲངས་གསུང་རབ་ཁ་ཡར་གྱི་ལུང་དང་སངས་རྒྱས་མཉམ་སྦྱོར་གྱི་འཁྲིད་ཞུ་བའི་དབུ་བཙུགས། རྒྱལ་པོ་སྔར་ནས་ཕྱག་དཔེ་འཛིན་མ་མྱོང་ཞིང་ལྷག་པར་སྐུ་ན་ཕེབས་པའི་དཔེ་ཆ་མང་བ་ཐུགས་སུ་ཆུད་དཀའ་བས་བཞེད་པ་དང་བསྟུན་སྨྱུང་གནས་ཀྱི་ཆོ་ག་ཤོག་ལྡེབས་གསུམ་ལ་ཚང་བ་ཞིག་དང་ཁྱབ་བདག་སྨན་ལུང་ནས་ཀྱིས་སྨྱུང་གནས་ཀྱི་ལྷན་ཐབས་དགོས་ཚུལ་ཕེབས་པའང་བརྩམས། མེ་བྱ་བྲིས་འབུར་བསླབས་ནའང་ཉུང་སྐྱོན་བྱུང་གཤིས་འདི་ལོ་སྤྲུལ་སྐུ་ཧོར་དར་ཅན་ལ་འབུར་དང་ལགས་ཨ་གུར་ལ་བྲིས་གྲ་པ་ཁ་ཤས་བསླབ་བཅུག་ཅིང་བྲིས་ཏིག་འཆམ་དབྱངས་གཏོར་མདོས་སོགས་ཡོན་ཏན་གྱི་རིགས་གསར་བུ་བ་བྱུང་རིམ་གྱིས་བསླབ་སྦྱོངས་བྱེད་བཅུག་པ་སྔགས་པའི་རིགས་ལ་གྱོལ་ལེ་བཅུ་གསུམ་ཤེས་ན་གནད་ཆེན་པོ་ཡོད་དོ། ། ཧོར་ཟླ་དྲུག་པའི་ཚེས་གཅིག་ལ་དཔལ་ལྡན་ལྷ་མོ་དུང་སྐྱོང་མར་གསེར་ཟངས་ལས་གྲུབ་པའི་འཁོར་ལོ་རྩིབས་སྟོང་ཅན་འཕྲིན་བཅོལ་གྱི་ཚིགས་སུ་བཅད་པའི་སྙན་ཤལ་བཟབས་གསོལ་རྒྱས་པའི་ཐོག་ཕུལ། སྔགས་སྐུ་གཉན་པའི་སྟབས་ཚེས་བརྒྱད་ལ་སྤྲུལ་སྐུ་བ་རྣམས་ལ་རྡོ་རྗེ་དྲག་པོ་རྩལ་གྱི་བྱིན་རླབས་ཐུགས་རྗེའི་དབང་དང་མགོན་པོ་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། བཟོ་བོའི་ཚོན་རས་ལག་ཆ་ལ་རྒྱུད་སྡེ་རིན་པོ་ཆེའི་ཕྱག་ལེན་ལྟར་བསྐྱེད་ཆོག་བྱས། སྨན་ཐང་ནས་དང་སྟག་ལུང་དཔལ་མགོན་གྱིས་


GLG005_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

གཙོས་དབུ་ཆེན། དབུ་ཆུང་མཁས་བསྒྲུགས་ཉི་ཤུས་ཀུན་དགའ་ར་བའི་ཞིང་བཀོད་ཀྱི་སྐྱ་རིས་ཐེབས་ཐོག །སྔགས་ཐང་ལ་གཙོ་ཆེར་དྲིལ་ཏེ་ཚེས་བཅུ་དྲུག་ཟླ་བ་གྲོ་བཞིན་གྱི་འགྲུབ་སྦྱོར་ནས་སྐྱ་རིས་ཀྱི་དབུ་བཙུགས། སྐྱ་རིས་ལམ་ཙམ་དོད་པའི་ཚེ་ཚོན་འོག་ཏུ་འགྲོ་རྒྱུའི་གནས་ཡིག་གཟུངས་སྔགས་ཁྱད་པར་ཆོས་སྐྱོང་རྣམས་ཀྱི་སྲོག་འཁོར་འཁྲུལ་མེད་བརྒྱུད་པའི་ཕྱག་བཞིན་བཀོད། དམ་རྫས་དང་མཐུན་རྫས་སོགས་ཀྱང་མན་ངག་བཞིན་ཚང་བས་ཆེན་པོ་རྣམས་ཀྱིས་ཐང་གྲལ་དུ་ནི་ཆུང་རིགས་སུ་མི་འདུག །གཙོ་ཐང་གི་རྒྱབ་ཏུ་ཆེ་བརྗོད་སྨོན་ལམ་ཚིགས་བཅད། བཟོ་རིགས་སོ་སོའི་མིང་ཚིག་ལྷུག་བཅས་པ་ཐང་ཁ་རྣམས་སྡེ་ཚན་གསུམ་དུ་ཕྱེ་བའི་སོ་སོའི་བརྒྱུད་པའི་བཀའ་བབས་ཀྱི་དམ་རྫས་དཀར་ཆག །སྡེ་ཚན་གང་ཡིན་གྱི་ཐོག་མའི་རྒྱབ་ཏུ་འདྲི་བའི་ཚིག་ལྷུག་ཐོག་མཐའ་གཉིས་སུ་ཚིགས་བཅད་ཀྱིས་མཐའ་བརྟེན་པ། རེ་མ་ཏཱི་ལ་ཟུར་གསལ་ཚིགས་བཅད་དང་བཅས་པ་རྣམས་བྲིས། འཛུགས་པ་འཕྱིས་ཤིང་བྲིས་པ་རྣམས་ཐང་ཁ་དང་ལྡེབས་བྲིས་གཉིས་ཀ་སྦྲགས་པས་ཟླ་བ་དགུ་པའི་ཉེར་བདུན་ལ་མཚམས་བཞག །སླར་ཆུ་ཡོས་ཧོར་ཟླ་བཞི་པའི་ཚེས་བཅུ་གཅིག་ནས་དབུ་བཙུགས་བརྒྱད་པའི་ཉེར་དྲུག་ནམ་ལངས་རྒྱལ་ཕུར་འཛོམ་པའི་འགྲུབ་སྦྱོར་ལ་ཟིན་ཞིང་ངོས་ཀྱིས་ཕུར་བའི་དཀྱིལ་འཁོར་ལ་བརྟེན་ནས་རབ་གནས་ཀྱང་ནན་ཏན་དུ་བྱས། བསྙེན་རྫོགས་ཉེར་བརྒྱད་དང་དགེ་ཚུལ་བཅོ་བརྒྱད་བསྒྲུབས། ཚེས་བཅུ་བདུན་ལ་དུ་རི་ཡལ་གྱི་དཔོན་མོ་གཉིས་འཕྱོར་དཔོན་པོའི་དགེ་རྩར་དམིགས་པའི་ཆས་ཀ་སྔོན་སླེབས་ཀྱི་སྟེང་ནས་གྲ་ས་ཕན་ཚུན་དུ་མང་


GLG005_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

འགྱེད་དང་སྨོན་ལམ་རྟེན་རྒྱས་པར་བསྟར་ཞིང་དགེ་བ་རྫོགས་བྱང་དུ་བསྔོས། དཔོན་མོ་གཉིས་ཀྱིས་རབ་བྱུང་དང་མི་བཟང་ཁ་ཤས་ཀྱིས་བསྙེན་རྫོགས་བསྒྲུབས། དཔོན་པོའི་དགེ་རྩར་ཁེབས་ཆེ་བ་ཞིག་བྱེད་འདོད་འདུག་པ་ལྟར་དབུས་ཁུལ་གྱི་དགེ་ལུགས་ཆོས་སྡེ་ཁག་རྣམས་སུ་མང་འགྱེད་གཏོང་བའི་འཆར་སྟོན་དང་ཞལ་འདོན་དམིགས་བསལ་གང་ལ་གང་འཚམ་བསླབ་སྟོན་བྱས་ཤིང་མང་སྐོལ་བ་རྣམས་ཐོན་གདོང་སྡེ་པ་གོ་བརྩིར་བྱོན་པའི་གཤིས་དགོན་སོ་སོར་ཡིག་རྒྱ་བསྐུར། ཕན་བདེ་སྐུ་སྐྱེ་སྤུན་ཁམས་ཀོང་རྩེ་བསྟུན་གྱི་བྱེད་ངན་རྩད་མ་ཆོད་པའི་རང་ཕྱོགས་ནང་ཁུལ་དུ་དཔུང་འཇུག་གནང་བ་མི་འགབ་ཞུ་མཁན་ཡང་མང་ཞིང་ཕལ་ཆེར་ནི་ཚག་པ་རྡོ་རྗེ་རྣམ་རྒྱལ་གྱིས་སྣེའུ་སྡོང་རྩེར་འོག་གཞི་ཆུ་དཀྱིལ་གྱི་དཔེ་ཁོ་ནའི་ཁེ་ཉེན་མངས་པར་བརྟེན་སྡེ་པའང་ཐེ་ཚོམ་དུ་གྱུར་པ་དཔྱིད་ཀ་ངེད་ལ་བརྟག་པ་དགོས་ཚུལ་བྱུང་བ་རང་ལ་ཐུགས་དམ་མེད་པའི་བརྟག་པ་དེ་བྱེད་ཁུལ་བྱས་ཀྱང་རང་གཞན་གཉིས་ཀ་བསླུ་བ་ལས་མི་འདུག་པས་དབྱངས་འཆར་གྱི་མོ་ཆེན་བརྒྱབ་པས་ད་ལོ་དཔུང་འཇུག་བཏང་ན་བཏང་རྒྱལ་ཡིན་ལོ་ཕྱི་མ་ཚོར་འགྱངས་ན་མོན་འདྲ་རུང་བ་ཞིག་ཡོང་བའི་དཔྱད་དང་མོ་ཟུར་དུ་དགོན་པ་དང་བླ་མའི་རིགས་ལ་ནང་ཞིག་ཡོང་བ་སོགས་རྣམ་གྲངས་ཁ་ཡར་ཤར་བའང་རྗེས་སུ་མངོན་ཤེས་འདྲ་བའི་ངེས་པ་རྙེད་པ་བྱུང་། ལོ་སྔ་མ་མགྲོན་གཉེར་དྲུང་པ་གནས་ཆུང་ལྕོག་ཏུ་བཏང་སྐབས་ཤིག་ཆོས་སྐྱོང་ཆེན་པོས་བསླབ་སྟོན་མང་དུ་གནང་བའི་ཟུར་ཞིག་ལ་ཀོང་པོ་ཕྱོགས་ལ་བཤེར་ཙམ་བྱེད་དགོས་ཡོང་གསུང་བ་ཞིབ་ཏུ་དཔྱད་ན་ད་ལམ་གྱི་འདི་ལ་དགོངས་


GLG005_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་། བདེ་གཟར་གྱི་སྒོ་དོད་སོང་བའི་སྟབས་ཀྱིས་གྲ་ཚང་གིས་གཤིན་རྗེ་དམར་པོའི་ལས་སྦྱོར། རྫོང་གཞིས་ཁ་ཤས་ནས་བཀའ་འགྱུར་ཚར་ལྔ་བཅུ། ཤེར་སྙིང་འབུམ་ཐེར་ཉི་ཤུ། རྡོ་རྗེ་བྲག་དཔལ་རི་བ་ཅན་གྱིས་ཁྲོ་རོལ་འཆར་ཀའི་གཏོར་མདོས་བཏང་། ངེད་རང་ནས་ཕ་རོལ་གྱི་བསོད་ནམས་དབང་རླུང་བསྣུབ་པའི་ལས་སྤྱོར་སྡེ་པ་ཡུག་སྔགས་འཆང་གི་རལ་གྲི་ཕྱུང་བརྡེག་དེའང་བྱས། ཉེར་དགུ་ལ་སྡེ་པ་དཔལ་འབྱོར་ལྷུན་པོར་དམག་གི་སྐར་འཛིན་ལ་བྱོན། ཧོར་ཟླ་བདུན་པའི་ཚེས་གཅིག་གི་ཉིན་སྡེ་པ་དཔོན་གཡོག་ལྷ་ས་ནས་བཏེག །རྒྱལ་པོར་བཀའ་བགྲོས་དང་དམག་དཔོན། རུ་དཔོན། ལས་པ་ཚོར་བསླབ་སྟོན་གོ་བརྩི་མཛད་པ་རྣམས་སྦྲགས་ཏེ་གཟི་ཆེན་ཐང་བར་བྱོན། ལུ་མ་འགོ་པ་ངག་དབང་། སྤང་རྩ་བ་ཕུན་ཚོགས། དགོས་དགོས་ནོར་བུ། ཐོག་ལེགས་པ། ཟླ་བ། བློ་བཟང་ཚངས་ལྡན་རྣམས་ཀྱིས་འདར་པ་ལོ་ཙཱ་བའི་རྩར་རྩིས་བསླབས་ཤིང་ལྕགས་ཁྱི་ནས་བཟུང་རྩིས་པ་ངག་དབང་གིས་སློབ་དཔོན་ལྷུན་གྲུབ་དང་ལྷན་དུ་སྐག་མྱུལ་དང་གཏོ་བཅོས་བྱས། ཚེས་ལྔ་ལ་དུ་ཡི་ཡལ་གྱི་གཞི་མ་རྟིང་མ་ཚོ་སླེབས་པའི་གོས་ཡུག་བརྒྱས་ཐོག་དྲངས་པའི་སྟེར་སྦྱིན་སྤམས་མཐོ་བ་བཏེག །དཔོན་མོ་གཉིས་དང་མི་བཟང་རྣམས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། སྤྱན་རས་གཟིགས་གཙོ་རྐྱང་དང་ཕྱག་དྲུག་པའི་རྗེས་གནང་བྱས། གསེར་མདོག་ཅན་མཁན་པོ་གཏིང་སྐྱེས་པ་ཀུན་དགའ་བསོད་ནམས་ལེགས་པ་དང་ཆོས་རྗེ་འུག་བྱ་ལུང་པ་གཉིས་ཀྱིས་ནན་ཏན་དགོས་ཚུལ་བྱུང་བ་ལྟར་ཁོང་དཔོན་སློབ་གཉིས་ཀྱི་ཟླར་ཁྱབ་བདག་སྨན་ལུང་པ་དང་གྲ་ཚང་གི་གྲ་པ་གསར་


GLG005_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

སླེབས་དབང་མ་ཐོབ་པ་རྣམས་ལ་བསྡེབས་སུ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བྱང་གཏེར་ཐུགས་སྒྲུབ་རྡོ་རྗེ་དྲག་པོ་རྩལ་གྱི་དབང་རྒྱས་འབྲིང་བསྡུས་གསུམ་དང་ཉིན་ཕྱི་མ་གཉིས་དཔོན་སློབ་ཉུང་བསྡུས་ལ་ཆོས་ཚན་ཉེར་ལྔའི་ལུང་ཡོངས་རྫོགས་ཕུལ། བྲག་སྣ་ཆོས་རྗེ་བློ་བཟང་ངག་དབང་གིས་རྡོ་རྗེ་སློབ་དཔོན་བྱས་གྲ་གྲངས་ཀྱིས་ཆུ་གཏད་ཀྱི་སྒྲུབ་པ་བཙུགས། བརྒྱད་པའི་ཚེས་གཉིས་ལ་གྲོལ་བའི་རྡོ་རྗེ་བྲག་གི་རགས་ཟུར་དུ་རྒྱག་པར་མཆོད་དཔོན་པ་དང་མཚམས་པ་བ་རྣམས་བཏང་བར་དེ་ཉིན་སྔར་མ་གྲགས་ལྟ་བུའི་རླུང་འཚུབ་ཀྱིས་ཤིང་སྡོང་ཡང་ཁ་ཤས་བསྒྱེལ། རོང་པ་སྐུ་མདུན་གྱིས་མཆོད་དཔོན་པར་ཁྱེད་དཔོན་སློབ་ཀྱི་ཕྱག་ལས་དེ་བྱང་པ་བདག་པོའི་འཇིགས་འཇིགས་མ་ཞིག་ཡོད་པ་དེ་ཡིན་པ་འདྲ་ཞེས་ཉམས་འཆར་གྱི་འཕྲོས་པའང་མཛད་འདུག །ཕུང་པོ་རི་བོ་ཆེ་དང་ཕག་རི་སོགས་སུའང་འཇམ་དཔལ་དམར་པོའི་སྒོ་ནས་དགྲ་སྲི་མནན། སྐྱར་པོ་ཆོས་མཛད་མཚོ་ཁ་ནས་ཚེས་བཅུ་ལ་འབྱོར། དོན་རིགས་རྣམས་ཕལ་ཆེར་ཐོག་ཏུ་འཁྱོལ་སྣང་། བསྙེན་རྫོགས་ལྔ་དང་དགེ་ཚུལ་དགུ་བསྒྲུབས། ཐང་པོ་ཆེའི་དགག་དབྱེའི་དུས་རིགས་ཀྱི་སྲུང་མ་བཤན་པ་ལག་དམར་ལ་གསེར་སྐྱེམས། གོས་ཆེན་གྱི་ཁྲབ་གདན། གོ་མཚོན། གོས་ཕྱི་ནང་། རྟ་རྣམས་འཕྲིན་བཅོལ་ཚིགས་སུ་བཅད་པའི་རི་མོ་དང་བཅས་སྐྱེལ་བར་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེ་བཏང་། སྐྱོར་མོ་ལུང་ཆོས་སྡེ་སྤྱི་སོས་རིང་འཚོའི་རྟེན་འབྱུང་བསྒྲིག་པ་དང་ལྷན་དུ་གནས་སྲུང་ཁྱི་མཇུག་རྒྱལ་པོས་ཆེད་དུ་བཟོས་པའི་གདན་གྱི་རྟེན་དང་བཅས་


GLG005_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ཡིག་བྱུང་བའི་ལན་ཚིགས་བཅད་དུ་བྲིས། སྡེ་པ་དཔོན་གཡོག་ཀྱང་ཕྱིར་ཕེབས། ཉེར་བརྒྱད་ནས་བཟུང་ཉིན་གསུམ་གྱི་བར་རྀ་ཥྀའི་ཆུ་ཞུགས་བྱས། ཧོར་ཟླ་བརྒྱད་པའི་ཚེས་གཅིག་ལ་གོང་ནས་མི་སྔར་བསམ་བློ་མེརྒན་ཆོས་རྗེ་དང་ཨེར་ཁེ་དཀའ་བཅུས་གཙོས་འགྲུལ་པ་གཏོས་ཆེ་བ་འབྱོར། འཇམ་དབྱངས་གོང་མ་ཤུན་ཙི་གནམ་གྱི་མཐོངས་ནས་མཐོ་རིས་ཀྱི་སྐས་ལ་འཛེགས་པའི་མང་པོས་བཀུར་བའི་ཁྲི་ཆེན་པོར་རིགས་ཀྱི་སྲས་ཁང་ཤི་རྒྱལ་པོ་ཕེབས་པའི་ཐོག་མའི་བཀའ་ཤོག་གནང་སྦྱིན་བསྩལ་བ་རྣམས་སྤྲད། མེརྒན་ཆོས་རྗེས་གོས་དར་དངོས་གཙང་བའི་བདོག་པ་དངོམ་ཆེ་བ། ཡེར་བ་ཆོས་རྗེ། བྱ་ཁྱུང་ཆོས་རྗེ་གཉིས་ཀྱིས་བརྒྱ་འབུལ། ཆ་གན་བླ་མ་དང་མཁར་སྔོན་ཐ་ཡན་ཆེ་ཁག་གིས་མངགས་པའི་དགེ་རྩ་བྱེད་མིས་ཟང་ཟིང་གི་བདོག་རྒྱས་པར་བསྟབས། གོང་མའི་དགོངས་རྫོགས་སུ་མཛོད་ནས་གསར་དུ་བཏོན་ཏེ་སེར་མོ་བ་ཚོར་བཏང་བའི་ནན་ཅིང་ཁ་བཏགས་སུ་གྲགས་པའི་ཁྱད་ཅན་ཞིག་ཀྱང་འདི་ལོ་ནས་དོན་པའི་བྱ་ཁྱུང་ཆོས་རྗེས་གཏོས་ཆེ་བ་བྱིན། གསེར་ཡིག་པ་རྣམས་ཀྱི་ཟླར་པ་ཤི་སན་ཆག །སྦོར་ཁོན། བནྡེ། མི་གལ་ཐུ། ཀརྨ་ཤི། སྲི་ཡན། ཨུལ་ཇེའི། སྦོ་རོས་རྣམས་བོད་ཀྱི་སྐད་དང་བརྡ་དག་ལོ་ཙཱ་བསྒྱུར་ལུགས་བསླབ་པར་རྫོང་བདའ་གནང་འདུག་པ་བཞིན་ཕོགས་མཐུན་རྐྱེན་རྒྱལ་རྩེ་ནས་སྤྲད་དཔལ་འཁོར་ཆོས་སྡེའི་མཁན་པོ་ཨེར་ཏེ་ནི་སོག་བོད་ཀྱི་ལོ་ཙཱ་ལ་ཤིན་ཏུ་མཁས་པས་སློབ་དཔོན་མཛད། རྗེས་སུ་སྙན་ངག་ལ་ཤེས་འདོད་འདུག་པ་ངམ་རིང་མཁན་ཆེན་ལོ་ཙཱ་བའི་སློབ་མ་


GLG005_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

འབྲོང་རྩེ་བ་བློ་བཟང་ནོར་བུས་འཁྲིད་པའི་བཀོད་པ་བྱས། རོང་བྱམས་ཆེན་པའི་གྲ་པ་བརྒྱད་ཀྱིས་ཚད་མ་སོགས་ཡིག་ཆ་ཁ་ཡར་དང་གསར་རྩོམ་དབུ་ཕར་མཛོད་གསུམ་ཅི་རིགས་པ། དགའ་ལྡན་གསུང་རབ་གླིང་གི་གྲ་པ་ཆོས་བཀྲ་ཤིས་ཅན་ལྔས་གསར་རྩོམ་རྣམས་གོང་དང་འདྲ་བ་རྒྱུགས་སྤྲད། ཟླ་བ་གསུམ་པའི་ནང་དུ་ཚོང་འདུས་ཆོས་སྐྱོང་གིས་ད་ལོའི་གོ་གསོལ་དུས་སྡེ་བརྒྱད་ཐམས་ཅད་འཚོག་རྒྱུ་ཡིན་པས་དགོས་གསུང་བ་བཞིན་ཚེས་ལྔ་ལ་བཟང་གོས་དམར་པོའི་ཁྲབ་གདན། ཐོད། ཞབས་དོར། ལྷམ། གོས་ཕྱི་ནང་། གསེར་སྐྱེམས། འཁོར་གསུམ། མདུང་དམར། རྟ། བཟང་ཇ་སོགས་ཀྱི་སྤྱན་གཟིགས་དང་འཕྲིན་བཅོལ་གྱི་རི་མོ་འབུལ་བར་ལྕང་ལོ་ཅན་པ་བསྟན་འཛིན་དཔལ་བཟང་བཏང་། ཚངས་པ་དུང་ཐོད་ཅན་གྱིས་རིམ་གྲོའི་བླང་དོར་གྱི་གསུང་འཕྲིན་བྱུང་བའི་ལན་ཚིགས་བཅད་དུ་ཕུལ། ཆོས་འཁོར་སྟེང་ལྷ་བཙན་གྱིས་རྟ་སོགས་དགོས་ཚུལ་བྱུང་བ་ལན་དང་བཅས་ཏེ་མཐུན་རྫས་བསྲིངས། ཨར་དགེ་རྒྱལ་པོས་མོན་བུ་ཀླུ་བཙན་གྱི་ཁོག་པ་གཡར་ནས་ཐོག་བབས་ཡིན་ཚུལ་གྱི་གསོལ་མཆོད་གསར་རྩོམ་དང་མཐུན་རྫས་དགོས་ཟེར་བ་དེ་དོན་བཞིན་བསྲིངས་པའི་འཕྲིན་ལན་བསྐུར། བསྙེན་རྫོགས་བརྒྱད་ཅུ་གྱ་གཅིག་དང་དགེ་ཚུལ་དགུ་བཅུ་གོ་དྲུག་བསྒྲུབས། གསང་སྔགས་ཕོ་བྲང་གི་སྔགས་སྐུ་རྣམས་ལ་ཚོན་འབྱུག་གོང་དུ་ཟླ་བ་སྔ་མར་རབ་གནས་གསང་པའི་རྫས་འབྱུག་དང་ད་ལམ་སྤྱན་འབྱེད་རབ་གནས་ལ་མཆོད་དཔོན་པས་རྡོ་རྗེ་སློབ་དཔོན་བྱས་པའི་དབུ་མཛད་བློ་བཟང་བསྟན་འཛིན་སོགས་གྲ་པ་བཅོ་ལྔ་བཏང་ཞིང་


GLG005_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་འབུར་བ་རྣམས་གླ་ཡོན་གྱིས་ཚིམ་པར་བྱས། ཁྱབ་བདག་སྨན་ལུང་པས་ཇུས་རིམ་ལ་དམིགས་པའི་འཆར་ཀ་སེང་ཞོན་མའི་མདོས་ཆེན་མཛད་པ་ལུང་རྟགས་དང་ཟོར་བཀྲ་ལེགས་པ་བྱུང་། བཅུ་བདུན་ལ་མ་མ་མཚོ་སྨན་འདས་པའི་བསྔོ་རྟེན་སྐྱེལ་མི་བྱུང་བས་འཕགས་པ་མཆེད་ཀྱི་དྲུང་དུ་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་དཀྱིལ་འཁོར་ལ་བརྟེན་ནས་རིགས་དྲུག་གནས་འདྲེན་བྱས་ཤིང་། ཕུན་ཚོགས་རབ་བརྟན་དགོས་པ་དཔུང་ཐོག་ཏུ་འདས་འདུག་པའི་བྱང་བུའང་ལྷན་དུ་བསྲེགས། བསྙེན་རྫོགས་བཞི་བཅུ་དང་དགེ་ཚུལ་བརྒྱད་ཅུ་གྱ་གསུམ་བསྒྲུབས། ཞ་ལུ་སྤྱི་སོས་འཕགས་པ་རིན་པོ་ཆེའི་ཐུགས་དམ་པའི་མི་གཡོ་པ་ཐགས་གྲུབ་མས་གཙོས་བདོག་པ་དང་རིང་འཚོའི་རྟེན་འབྱུང་། བྱམས་ཆེན་གཉེར་པ་བར་ཚོ་བས་ཆོས་དབང་རིན་པོ་ཆེའི་གཏེར་མའི་བྱེ་མ་ཨ་ཀྲོང་གི་ཨྱོན་རིན་པོ་ཆེའི་སྐུ་ཚབ་པདྨ་མཐོང་གྲོལ་གུ་རུ་ལྷ་ཁང་ནས་ཆོས་མཛད་རྒྱལ་པོ་དོན་གྲུབ་བརྒྱུད་པའི་ཁུངས་བཙུན། ཁའུའི་རྡོ་ལ་ས་པཎ་གྱི་ཕྱག་བརྐོས་མའི་ཞལ་གྱི་སྐུ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་གོང་དཀར་ཞབས་དྲུང་ངག་དབང་གྲགས་པའི་སྐུ་བསྲུང་དུ་ཕུལ་བ་བདེ་ཆེན་ཆོས་འཁོར་ནས་སྡེ་པ་ཞུ་ཡིག་རྟེན་དུ་མཛད་པའི་འགངས་ཆེ་བ་རིམ་གྱིས་འབྱོར། ཁྱབ་བདག་སྨན་ལུང་པར་སྙན་བརྒྱུད་རྡོར་ཟམ་གྱི་སྨིན་བྱེད་སོགས་དབང་ཁ་ཤས་ཞུས། གྲིབ་སེལ་བསུ་བཟློག་གིས་མཚོན་པའི་རིམ་གྲོ་ཅི་རིགས་གནང་ཞིང་ཕེབས་རྫོངས་བཟབས་ཏེ་ཆུ་བོ་རི་ཕྱོགས་སུ་དལ་འགྲོས་ཀྱིས་གཤེགས། བསྙེན་རྫོགས་དང་དགེ་ཚུལ་ཉི་ཤུ་རེ་བསྒྲུབས།


GLG005_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་ཟླ་དགུ་པའི་ཚེས་གསུམ་ལ་བདེ་མཆོག་བླ་མས་སྦྱིན་བདག་བྱས་ནས་གྲ་ཚང་གིས་དཀྱིལ་འཁོར་དང་འབྲེལ་བའི་ཚེ་ཆོག་གི་སྒོ་ནས་རྟེན་འབྲེལ་བསྒྲིགས། ཡན་ལག་བདུན་པ་དང་འབྲེལ་བའི་བསག་སྦྱང་བྱེད་པའི་རིམ་པ་དགོས་ཚུལ་བྱུང་བ་བརྩམས། སྔགས་པ་སེ་ཆེན་ཞབས་དྲུང་ལམ་དུ་གྲོངས་པའི་ཕྱག་མཛོད་འབྲས་མོ་ནམ་མཁའ་རིན་ཆེན་གྱིས་གཙོས་གྲ་རིགས་རྣམས་འབྱོར་ཏེ་འདོད་སྦྱར་བཞིན་ཆུ་སྐོར་སྨད་གླིང་ཁར་ཕྱིན། དངུལ་སྲང་སྟོང་ཕྲག་བདུན། གོས་ཡུག་ཉིས་བརྒྱ། དར། ཇ། རས། བལ་གཟར་གྱི་ས་གདན། རྟ། རྔ་མོང་གཙོས་རྒྱ་སོག་སྟོད་ཧོར་གྱི་བདོག་པ་དངོམ་ཆེ་བའི་ཁྲི་འབུལ་བཏེག །ཆོས་རྗེའི་དགོངས་པ་རྫོགས་པའི་བསྔོ་སྨོན་གྱིས་རྒྱས་བཏབ། གླིང་སྟོངས་དེ་ཅ་པོས་ཁེངས་པ་ལྟ་བུའི་ཚང་མ་ཧ་ལས་ལས་སུ་བྱེད་འདུག །ཆ་གན་ཨུའི་ཆིང་གི་བུ་རབ་འབྱམས་པ་དགེ་འདུན་བསྟན་པ་དར་རྒྱས་ཀྱི་སྐུ་སྐྱེ་དེ་སོག་ཡུལ་ནས་འབྱོར་བའི་གོས་ཡུག་བརྒྱ་སྐོར་བྱུང་། ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། ཚེས་དྲུག་ལ་བསྙེན་རྫོགས་བརྒྱ་སུམ་ཅུ་དང་དགེ་ཚུལ་དགུ་བཅུ་གོ་གཅིག་བསྒྲུབས། བདེ་ཆེན་ནས་ཞབས་དྲུང་ཆོས་རྗེ་མ་ཆེན་བློ་བཟང་ཆོས་རྒྱལ་དབང་ཕྱུག་དང་དཔོན་ས་ཧོར་མོ་དཔོན་གཡོག་པོ་ཏ་ལར་བྱོན་ཞག་བཅོ་ལྔ་སྐོར་བཞུགས། སྤྱན་རས་གཟིགས་ཚེམ་བུ་ལུགས་ཀྱི་དམར་འཁྲིད་ཉམས་འཁྲིད་དུ་ཕབ། ཆོས་རྗེ་བློ་བཟང་ཆོས་རྒྱལ་བ་དཔོན་གཡོག་གི་ཐོག་སྡེ་པ་གྲགས་པ་དང་རྒྱལ་སྲས་ཤེར་འཕེལ་བ་སོགས་མི་ཉེར་ལྔ་ལ་རས་


GLG005_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་ཀྱི་དཀྱིལ་འཁོར་དུ་འཇིགས་བྱེད་བཅུ་གསུམ་མའི་དབང་བཞི་ཕུལ། དཔོན་ས་ཧོར་མོས་དགེ་ཚུལ་བསྒྲུབས། ཕུད་ཀྱུ་དང་སྤོས་ཤེལ་གྱི་སྒེར་འབུལ་མཛད། བཀྲ་ཤིས་བདེ་ཆེན་གྱི་དགེ་སློང་རིན་ཆེན་རྒྱ་མཚོས་ལྟ་བ་ལ་སྦྱར་བའི་ཚིགས་བཅད་དགོས་ཚུལ་བཞིན་རྡོ་རྗེ་འཆང་ཕ་བོང་ཁ་པའི་གསུང་ལྟ་བ་སྤྱི་ཁྱབ་ངོ་སྤྲོད་ཀྱི་དགོངས་པ་དང་མཐུན་པར་བྲིས། དཔུང་འཇུག་གི་ཇུས་རིམ་དང་བཅས་རྫོང་གཞིས་ཁག་བཅུ་གསུམ་བསྡོམས་པར་བཀའ་འགྱུར་ཚར་དྲུག་ཅུ། འབུམ་བརྒྱ་གཉིས་དཀོན་བརྩེགས། ཏིང་འཛིན་རྒྱལ་པོ། གཟུངས་བསྡུས་རྣམས་བརྒྱ་རྩ། བརྒྱད་སྟོང་པ་དང་གསེར་འོད་སུམ་བརྒྱ། མཚན་བརྗོད་ཁྲི། ཤེར་སྙིང་འབུམ་ཐེར་ཉི་ཤུ། གོང་དཀར་དུ་དཀོན་གཉེར་གྲ་ཚང་གིས་གདུགས་དཀར་མདོས་ཆེན། ཆོས་སྡེ་བས་གུར་གྱི་དམར་ཆེན་གཏོར་བཟློག །རྒྱུད་སྟོད་པས་དྲུག་ཅུ་པ། གསང་སྔགས་གླིང་པས་ཟླ་གཅིག་པར་གཤིན་རྗེའི་སྔགས་བཟློག །བཀྲ་ཤིས་ཆོས་སྡེ་བས་ཞལ་གྱི་གཏོར་ཆེན། རྡོ་རྗེ་བྲག་པས་འཆར་ཀའི་མདོས། དཔལ་རི་བས་ཁྲོ་རོལ། རྒྱལ་དུ་དམག་ཟོར་མའི་བསྐང་འབུམ་དང་སྤྱི་བསྐང་སྟོང་རྩ། ཕྱུགས་ལུག་བརྒྱའི་སྲོག་བླུ་རྣམས་བྱས། ཚེས་བཅུ་གཅིག་ལ་བསྙེན་རྫོགས་དྲུག་དང་དགེ་ཚུལ་དགུ་བསྒྲུབས། བཅུ་གཉིས་ལ་སྨད་རྒྱུད་གྲ་ཚང་གིས་ཚན་གྲངས་བསྟར་ཞིང་། ཚེའི་རྟེན་འབྲེལ་དུ་དམིགས་པའི་ཚིགས་སུ་བཅད་པའི་ཞལ་འདོན་གྱི་སྨོན་ལམ་མཛད། ཚོགས་པ་ལ་བླ་མའི་རྣལ་འབྱོར་ཕུལ། གསང་སྔགས་ཕོ་བྲང་དང་དེའི་སྦུག་མགོན་ཁང་ཞི་ཁྲོ་རྣམ་རོལ་གཉིས་ཀྱི་མིང་ཡིག་ཤིང་བཟང་ལ་སྦྱོར་རྒྱུའི་


GLG005_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་བཅད་བྲིས། ཁལ་ཀ་འཇམ་དབྱངས་སྤྲུལ་སྐུའི་མི་སྣ་སྤྱན་གཡས་ལྷ་བྲིས་པ་ཅན་སླེབས། ཡེར་པ་གྲ་ཚང་ལ་སྣར་ཐང་བརྒྱ་རྩའི་ནང་ཚན་གྱི་མི་འཁྲུགས་པའི་རྗེས་གནང་ཕུལ། སེ་ཆེན་ཆོས་རྗེ་རྒྱལ་བའི་འཕྲིན་ལས་པའི་བླ་ཚབ་ཨེར་ཏེ་ནི་གུ་ཤྲི་དང་ནོ་ཡོན་དབོན་པོ་ཅན་འབྱོར། དངུལ་སྲང་སྟོང་ཕྲག་གིས་གཙོས་པའི་དངོས་པོ་བསྟར། བསྙེན་རྫོགས་དགུ་བཅུ་གོ་དྲུག་དང་དགེ་ཚུལ་གྱ་བཞི་བསྒྲུབས། རྨི་རུ་བ་དང་ནེའུ་ཆུང་རི་པ་གཉིས་དྲིལ་བས་ཟང་ཟིང་གི་སྐྱེས་དང་བཅས་ཡུན་དུ་འཚོ་བའི་སྨོན་ལམ་བཏབ། ཉེར་གཅིག་ལ་བསྙེན་རྫོགས་སོ་གཉིས་དང་དགེ་ཚུལ་ཉི་ཤུ་སྐོར་བསྒྲུབས། ཁལ་ཁ་གཡས་རུའི་རྒྱལ་པོ་བི་ཤི་རེལ་ཐུ་སྟོང་འཁོར་བའི་དགོན་པར་གློ་བུར་དུ་གྲོངས་པའི་རྒྱལ་ས་ཚོ་པ་བདུན་ལ་གྲོས་མེད་པ་དེ་གའི་གཅུང་པོས་འོས་མེད་རིག་པ་མཛད་པ་ལ་བསྙད་སྟོང་འཁོར་བ་ཕྱོགས་ཀྱི་གཡོ་འཕྲུལ་ལ་བརྟེན་སན་ཧུང་ཐའི་ཇིས་གཞུང་བཤིག་པའི་གནས་ཚུལ་ནོ་མོན་ཨེ་ཇེན་མཚོ་ཁ་འབྱོར་ཐོག་བྱུང་བས་དཔོན་པོ་རང་ཡུལ་ལ་ལོག་པའི་མེརྒན་ཆོས་རྗེ་དང་དགེ་ཚུལ་མ་རྒན་པ་ཡོན་མཆོད་གཉིས་བོད་དུ་དགེ་རྩ་བྱེད་པར་འབྱོར། བསྙེན་རྫོགས་དགུ་བཅུ་གོ་གཉིས་དང་དགེ་ཚུལ་བཞི་བཅུ་ཞེ་དགུ་བསྒྲུབས། ཧོར་ཟླ་བཅུ་པའི་ཚེས་གསུམ་ལ་བསམ་བློ་མེརྒན་ཆོས་རྗེས་སྦྱིན་བདག་བྱས་ཏེ་གྲ་ཚང་གིས་འཆི་མེད་འོང་སྣང་གི་དཀྱིལ་འཁོར་དང་འབྲེལ་བའི་ཚེ་ཆོག་བཏང་། ཞག་གསུམ་བཅད་རྒྱ་བགྱིས་པའི་ཚེས་དྲུག་ལ་ད་ལའི་ཧུང་ཐའི་ཇི་མཚོ་ཁ་ནས་འབྱོར་བ་དང་ཕྲད།


GLG005_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་རྫོགས་བརྒྱ་བཅུ་གཅིག་དང་དགེ་ཚུལ་བརྒྱ་བཞི་བཅུ་སྐོར་བསྒྲུབས། ལྷ་ས་སྤྱི་ཚོགས་ཀྱིས་ངེད་རང་དང་སྡེ་པའི་རིང་འཚོའི་ཚིགས་བཅད་དགོས་ཚུལ་བྱུང་བ་བྲིས། མཆོད་དཔོན་དབུ་མཛད་གཉིས་ཀྱིས་རིགས་ལྔ། སངས་རྒྱས་སུམ་ཅུ་སོ་ལྔ། ཐུགས་རྗེ་ཆེན་པོ་རྣམས་ཀྱི་གསེར་ཐང་གྲ་ཚར་བཞེངས་པའི་དཀར་ཆག་བསྐུལ་བ་ལྟར་བཀོད། ཚེས་བརྒྱད་ལ་མེརྒན་ཆོས་རྗེ་ཉང་ལུགས་དྲག་དམར་གྱི་བྱིན་རླབས་ལུ་གུ་རྒྱུད། བྲམ་ནག་བཤན་པ་དྲུག་སྐོར། རྣམ་སྲས་སེར་ཆེན་སྨད་ལུགས་རྣམས་ཀྱི་རྗེས་གནང་བྱས། གཏོར་སྒྲུབ་དུས་རྣམ་སྲས་ཀྱི་ཁང་བརྩེགས་དེ་མ་ཆག་ཀྱང་མཉྫིའི་སྟེང་ནས་ལྷུངས་པ་ཁོ་རང་གི་ཨ་ཞང་ཆོས་རྗེར་བཀའ་བཀྱོན་ཡོང་བར་བལྟ་བ་འདྲ། སང་ཉིན་རྒྱ་ནག་གི་འགྲུལ་པ་སྐྱ་སེར་བསྡོམས་པར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ། ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་རྣམས་བསྐུར། སེ་ཆེན་ཧུང་ཐའི་ཇིའི་བུ་རྡོ་རྗེ་ཕའི་དགེ་རྩ་གཏོང་བར་འབྱོར། དངུལ་སྲང་སྟོང་ཕྲག་དང་གོས་དར་ཁ་ཤས་ཀྱི་བསྔོ་རྟེན་བྱུང་བ་དགེ་བ་རྫོགས་བྱང་དུ་བསྔོས། དངུལ་སྲང་ཉིས་བརྒྱའི་ཡོ་བྱད་ལ་བརྟེན་ཕན་བདེ་ལེགས་བཤད་གླིང་པས་ཕྱག་ལེན་ཚད་ལྡན་གྱི་རུས་ཆོག་དང་འབྲེལ་བས་སཱཙྪ་བཏབ། སྐྱེ་རྟགས་དགོས་ཚུལ་ཟེར་བ་རང་བྱུང་འཕགས་པའི་དྲུང་དུ་འགྲོ་བ་ཀུན་སྒྲོལ་གྱི་དཀྱིལ་འཁོར་ལ་བརྟེན་ནས་བྱང་བུ་བཞུ། ཀླུ་འབུམ་མེརྒན་ཆོས་རྗེས་གོས་ཡུག་བརྒྱ་དང་ཇ་ཀོ་དྲ་བརྒྱས་གཙོས་པ། དཔོན་མོས་གོས་དར་ཇ་དངུལ་གྱིས་སྣ་དྲངས་


GLG005_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཟང་ཟིང་རྒྱ་ཆེར་བྱུང་། བསྙེན་རྫོགས་ཉི་ཤུ་རྩ་བཞི་དང་དགེ་ཚུལ་བཅུ་གསུམ་བསྒྲུབས། གྲ་ཚང་དུ་གཤིན་རྗེ་དམར་པོ་རླུང་གི་སྒྲུབ་པ་བཙུགས། སྤྱི་སྒོས་ཀྱི་རིམ་གྲོར་རྫོང་གཞིས་ཁག་བཅུ་དྲུག་བསྡོམས་པར་བཀའ་འགྱུར་ཚར་བརྒྱ་དང་སུམ་ཅུ་སོ་ལྔ། འབུམ་བརྒྱ། བརྒྱད་སྟོང་པ་སྟོང་རྩ་གསུམ། བསྐལ་བཟང་སྟོང་རྩ་གཉིས། དཀོན་མཆོག་བརྩེགས་པ་སྟོང་རྩ། ཏིང་འཛིན་རྒྱལ་པོ། གསེར་གཟུངས་རྣམས་བརྒྱ་རྩ། མཚན་བརྗོད་འབུམ་ཐེར་ལྔ། གདུགས་དཀར་འབུམ་ཐེར་གཉིས། སྒྲོལ་མ་འབུམ་ཐེར་གཅིག །ཤེར་སྙིང་འབུམ་ཐེར་གསུམ། རྣམ་རྒྱལ་འཇོམས་གྱི་གཟུངས་འབུམ་ཐེར་རེ། གཤིན་རྗེ་ཐམས་ཅད་འདུས་པའི་གཟུངས་རིང་བྱེ་བ་གསུམ། མ་ཎི་དུང་ཕྱུར་ལྔ། སཱཙྪ་འབུམ་ཐེར་གཅིག །ལྷ་ས། བསམ་ཡས། ཁྲ་འབྲུག །ཡུམ་བུ་བཞིར་བརྒྱ་མཆོད་ཞལ་གསེར། སྤྱན་འབྱེད། ཕྱུགས་ལུག་བརྒྱའི་སྲོག་བླུས། རྒྱུད་བཞི་གསར་དུ་བརྐོས་པའི་པར་ཕུད་འབྱོར། གསང་སྔགས་ཕོ་བྲང་གི་འབུར་སྐུ་རྣམས་གྲུབ་བསྟུན་བྲག་སྣ་ཆོས་རྗེ་བློ་བཟང་ངག་དབང་ཅན་གྲ་པ་ཁ་ཤས་ཀྱིས་རོ་གདན་འོག་ཏུ་མནན་པ་བརྒྱབ་ནས་དེ་སྟེང་སྣང་བརྙན་རྣམས་བསྒྲིགས་པའི་སྔོན་འགྲོ་བརྟན་བཞུགས་ཀྱི་རབ་གནས་དང་ཀུན་དགའ་ར་བར་བགེགས་སྐྲོད་ཀྱི་མེ་ཏོག་འཐོར་བར་མཆོད་དཔོན་པས་རྡོ་རྗེ་སློབ་དཔོན་བྱས་པའི་དབུ་མཛད་བློ་བཟང་བསྟན་འཛིན་ཅན་གྲ་པ་བཅོ་ལྔ་སྐོར་བཏང་། སྡེ་པས་དོན་གལ་པོ་ཆེར་མཛད་དེ་ཁུར་བཞེས་དོ་དམ་ལྷ་རྩེ་ལྷུག་པ། བལ་པོ་སིདྡྷི་ཅན་ལྔས་ཉེར་ལྔ་ལ་འགོ་བཙུགས་ས་སྤྲེལ་ཟླ་བ་དྲུག་པའི་ཚེས་ཉི་


GLG005_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་ལ་གྲུབ་པའི་སངས་རྒྱས་སྟོང་སྐུའི་རྒྱུར་ཟངས་མཁར་རྒྱའི་ཁལ་སུམ་བརྒྱ་ཉི་ཤུ། ཏི་ཚ་སོ་གཉིས། བཤའ་དཀར་བཅུ། གསེར་བཙོ་མ་ཞོ་སུམ་བརྒྱ་བརྒྱད། གྲང་གསེར་ཞོ་ཉི་ཤུ། དངུལ་སྲང་བཅུ་གསུམ་སོང་བའི་ཕོགས་གླ་ཡོན་སྟོན་མོ་རྣམས་ཀྱི་དགོས་ཆ་འབྲུ་ཐོག་ཏུ་དྲིལ་བར་མཁར་ཁལ་ཆིག་ཁྲི་དགུ་བརྒྱ་སོང་། ཉེར་དྲུག་ལ་བསྙེན་རྫོགས་བདུན་ཅུ་དོན་གཉིས་དང་དགེ་ཚུལ་ཞེ་ལྔ་བསྒྲུབས། ཨེར་ཏེ་ནི་ཐ་ཡན་ཆིས་བསྐུལ་བའི་གསོལ་འདེབས་སྨོན་ལམ་གོ་བདེ་བ། མགོན་ཁང་དགེ་སློང་དཔལ་འབྱོར་རྒྱ་མཚོའི་ངོར་སྨོན་ལམ། ཡངས་པ་ཅན་སྤྱན་སྔ་ཀརྨ་ཉི་མ་བསྙུན་པའི་དུས་བར་ཆད་སེལ་བའི་ཚིགས་བཅད། ལྷ་ས་བྱམས་རྒྱབ་བཞི་དགའི་ཁ་ཏོན་དུ་སྨོན་ལམ་རྣམས་བྲིས། ཧོར་ཟླ་བཅུ་གཅིག་པའི་ཚེས་གཉིས་ལ་ཨེར་ཏེ་ནི་གུ་ཤྲི་ཅན་གྱིས་སྦྱིན་བདག་བྱས་གྲ་ཚང་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་འཆི་མེད་ཚེའི་ཆོ་ག་བཏང་། རྒྱལ་པོ་ཀོང་པོར་དཔུང་ཐོག་ཏུ་བཞུགས་པའི་སྟབས་གོང་གི་བཀའ་ཤོག་གནང་སྦྱིན་སྐྱེལ་བར་མི་སྣ་གཞོན་པ་ཨེར་ཁེ་དཀའ་བཅུ་བས་ཀོང་པོར་ཕྱིན། ཚེས་བཞི་ནས་དུས་ཀྱི་དགྲ་བོ་མེའི་སྤུ་གྲིའི་སྒྲུབ་པ་བཙུགས། ཁྲི་འབེབས་གཤིན་རྗེའི་ལས་སྦྱོར་ཀྱང་བྱས། ཆབ་མདོ་བ་རོད་ལྗིས་པའི་སྟབས་ཀྱིས་དཀར་གཡེང་སོགས་ཁ་མཆུ་ཡོ་གལ་བྱས་པ་འགབ་མི་འགབ་རབ་འབྱམས་པ་ཅན་གྱིས་བློ་ཐག་མ་ཆོད་པར་དྲི་བ་ཞུ་བར་སྟོན་ཀ་བཏང་འདུག་པ་གླེང་གཞི་མང་དུ་བྱུང་སོང་རུང་དོན་བར་ཁམས་ཀྱིས་ཁྲིམས་བདག་མཛད་མི་མཛད་ལ་རག་ལུས་འདུག་པས་དཀར་ས་ནག་ཁུང་གང་ཡིན་དུ་སྐྱེལ་


GLG005_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

བ་འགབ་ཚུལ་མོལ་བ་ལྟར་ཐག་གཅོད་ཀྱི་བསླབ་སྟོན་མཛད་སོང་བ་ལྟར་དཔོན་མཁའ་འགྲོ་དགུ་གཏོར་དང་བཅས་ཚོགས་ཐོག་དབོན་དྲུང་ཞི་བ་བཟང་པོས་རྡོ་མ་ལོན་པར་བརྟེན་ཁོ་རང་སྒོར་ཏེ་ལག་སྦྲེལ་སྲིད་ཚོ་མཐའ་དག་གདོང་དམད་པས་མདོ་ཁམས་དར་འཇམ་ཡུག་གཅིག་ལ་སོང་བའི་གནས་ཚུལ་འབྱོར་བས་གྲ་ཚང་གིས་ཚེས་བརྒྱད་ནས་ཉིན་གསུམ་གྱི་བར་སྲུང་མ་སྤྱི་དང་ཁྱད་པར་ཟིལ་གནོན་རེ་མ་ཏཱི། འཆི་བདག་བྷེ་བ་ས་ཏྭ། ཁྱབ་འཇུག །རྒྱལ་བཙན་རྣམས་ལ་གཏང་རག་བཟབས་རྒྱས་རྒྱགས་རྔན་ལྷ་བསངས་དང་བཅས་པ་བཏང་། ཉི་ལྡོག་གི་ལས་སྦྱོར་ཡང་ཕན་བདེ་བ་ལ་གཙོ་བོར་བྱས། སེར་འབྲས་གཉིས་ནས་ཚོགས་ཆེན་གྱིས་ཕན་བདེ་བའི་ཐོག་ཏུ་མདོ་སྒྲུབ་དང་ཚོགས་ཁྲོ་ཁ་སྤུབ། དེ་ནུབ་ཕན་བདེ་སྤྲུལ་སྐུ་སྡོད་སའི་སྒོ་མང་ནང་དུ་ལོག་སྟེ་རྡབས་འུར་རེ་ཆེ་བྱུང་འཕྲོས་ཟེར། རྩེད་ཐང་རྒྱ་ཕྲུག་རབ་འབྱམས་པས་གཙོས་པའི་བསྙེན་རྫོགས་སོ་གཉིས་དང་ཏྲེ་པོ་ཧོར་ཚང་ས་སྐྱོང་སོགས་དགེ་ཚུལ་ཉེར་བདུན་བསྒྲུབས། དགེ་ཚུལ་དང་བསྙེན་རྫོགས་བསྒྲུབས་པའི་སྒང་ལ་མེ་ཏོག་གི་ཆར་བབས་སོང་བ་དེ་ཁྲོད་དུ་གང་ཟག་སྦས་པའི་རྣལ་འབྱོར་བ་ཞིག་ཡོད་པ་འདྲ། ད་ལའི་ཧུང་ཐའི་ཇིར་ཚེ་དབང་། ཕྱག་དྲུག་པའི་རྗེས་གནང་། རྣམ་འཇོམས་ལྗང་སྔོན་གྱི་སྒོ་ནས་བྱབས་ཁྲུས་ཕུལ། བཅུ་དགུ་ཉི་ཤུ་སྐོར་ལ་ཨ་པ་ལའི་བན་ཆུང་དང་རྡོ་རྗེ་ཅན་དབང་ཆ་གཅིག་ལ་རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇིགས་བྱེད་བཅུ་གསུམ་མའི་དབང་བསྐུར། ཉེར་གཉིས་ལ་པཱ་རས་ཀྱིས་སྡེའི་བགོས་འགྲེམས་སོགས་འཁྲུན་གཅོད་རྣམས་ལ་ཁུར་ཆེན་


GLG005_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ལེགས་བྱར་ད་ལའི་ཧུང་ཐའི་ཇི་ལ་གོན་པ། ཤལ་དཀར་དམར། སྣམ་ཕྲུག་གིས་སྣ་དྲངས་པའི་སྟེར་ཆ་བྱས། དངོས་པོ་དེ་མཚུངས་ཀྱི་སྒོ་ནས་རྡོ་རྗེ་ལ་མེརྒན་ཧུང་ཐའི་ཇིའི་ཆོ་ལོ་བྱིན། དེས་བསྐུལ་ཏེ་བསངས་མཆོད་ཅིག་བྲིས། མེརྒན་ཧུང་ཐའི་ཇི་དང་ངོར་སྒྲུབ་ཁང་དབོན་པོ་ཅན་ཁ་ཤས་བཟང་སྤྱོད་དང་སྒྲོལ་མ་ཉེར་གཅིག་གི་ལུང་བཀླགས། གཉགས་ཛྙ་ན་ཀུ་མཱ་རས་གངས་ལྗོངས་བསྟན་འགྲོའི་ཕན་བདེ་སྤེལ་བའི་སྨོན་ལམ་གྱི་མཐའ་མ་རྫོགས་པས་ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ་གྱི་སྤྲུལ་སྐུ་དུས་བབས་ཤིག་ལ་འབྱོན་པ་ལས་འོས་མེད་རུང་རེ་ཞིག་པདྨ་འོད་ཀྱི་ཞིང་ཁམས་སུ་མི་བཞུགས་པའི་ངེས་པ་མི་འདུག །དགོན་གཞིས་འཛིན་པའི་ས་སྟོང་དགོག་པར་རིངས་པའི་གཟུགས་མེ་ལ་གཟུགས་འཆོས་མ་དགོས་རུང་སྨན་སྒོམ་འབྲང་རྒྱས་པ་དད་གདུངས་ཧ་ཅང་ཆེས་པས་ཡར་ཀླུངས་ཤེལ་བྲག་ཏུ་སྤྲུལ་སྐུ་མྱུར་འབྱོན་གྱི་རྟེན་འབྲེལ་བསྒྲིགས་པའི་དུས་ཐུགས་རྗེ་བསྐུལ་བའི་ཚིགས་བཅད་དགོས་ཚུལ་བརྩམས། ཧོར་ཟླ་བཅུ་གཉིས་པའི་ཚེས་གསུམ་ལ་གསེར་ཡིག་པ་སོགས་འགྲུལ་པ་རྣམས་ཐོན་པ་དང་ལྷན་ཅིག་གོང་དུ་ཞུ་ཡིག་རྟེན་སྦྲགས་འབུལ་བར་བསམ་བློ་ལམ་པ་སྤྱན་སྔ་དང་རྒྱ་ཚེ་རིང་གཉིས་བཏང་། སྔར་རྒྱུན་གྱི་འབུལ་བར་མི་ཐེ་བའི་རྒྱལ་པོ་ཁྲིར་གསར་ཕེབས་ཀྱི་ལེགས་བྱའི་ཞུ་ཡིག །ཤལ་དཀར་དམར། མུ་མེན་གྱི་འཕྲེང་བ། ཝ་མོ་ནག་པོའི་ད་ཁོ། སྣམ་ཕྲུག་རྣམས་ཀྱི་རྟེན་ཕུལ། ཚེས་བརྒྱད་ལ་ཚུགས་པའི་ཕུར་སྒྲུབ་སྔར་རྒྱུན་བཞིན་དང་བཅུ་བདུན་ནས་བཟུང་
ཉིན་གསུམ་གྱི་བར་ཇུས་རིམ་ལ་དམིགས་གྲ་ཚང་ནས་གཤིན་རྗེའི་རང་གཤེད་འབེབས་པའི་སྦྱོར་བ་མཛད། དེ་མཚུངས་ངེད་ཀྱིས་བན་བོན་གྱི་ངན་སྦྱོར་གཤེད་འབེབས་དང་རེ་མ་ཏཱི། བསྟན་མ་བཅུ་གཉིས། འཆི་བདག་རྒྱལ་པོ་པེ་ཧར་རྣམས་ཀྱི་ཟས་སུ་བསྟབས་དྲག་སྔགས་དམོད་པའི་མཚོན་ཆར་ཕབ། ཉི་ཤུ་དང་ཉེར་གཅིག་ལ་རང་བྱུང་འཕགས་པ་མཆེད་ལ་མཆོད་པ་ཕུལ་ཞིང་གསོལ་འདེབས་བྱས། སྦེ་སེར་ཉི་ཐང་གཉིས་ཀྱིས་བརྒྱད་སྟོང་པ་ཀློག་སྒྲོགས་སྟོང་ཚར་མཛད། འཇམ་དཔལ་གཤིན་རྗེའི་ཟོར་ལས་ཀྱི་དུས་རིམ་གྱི་རྡོ་རྗེ་སློབ་དཔོན་བྱིང་པ་སྔགས་རམས་པས་བྱས། ཟོར་ལམ་ཐེབས་དང་ཡང་འགྲིག་པས་ཀོང་པོ་ཕྱོགས་སུ་ཁ་བསྒྱུར་བ་གཏོར་མ་བཏོན་པ་དང་ལྷན་དུ་བཙོ་བན་ཙམ་པ་འགའ་ཞིག་བརྒྱུགས་ཤིང་མེ་ལྕེ་རྣམས་ཀྱང་དུམ་བུར་ཆད་དེ་མཆོང་བའི་ལྟས་ཤིན་ཏུ་ལེགས་པ་བྱུང་། ཨོ་རོད་ཨོ་ཆིར་ཐུ་ཐའི་ཇིའི་མི་སྣ་ཆེད་བསྟད་མངགས་པ་འབྱོར། རྒྱལ་པོ་པཎྜི་ཏའི་རྣམ་ཐར་འཛིན་པ་མངའ་རིས་རུ་ཐོག་དབང་པོ་ཕུན་ཚོགས་རྣམ་རྒྱལ་གྱིས་མདོ་སྡུད་པ། བྱམས་ཆོས་བཞི་རྣམས་སྐད་ཤན་སྦྱར་ཐམས་ཅད་མཁྱེན་པ་ཞ་ལུ་ལོ་ཙཱ་བའི་ཞུས་དག་མ། གསོ་དཔྱད་ཀྱི་གཅེས་བསྡུས་རིན་ཆེན་འཕྲེང་བ། མཁྱེན་བརྩེ་ལོ་ཙཱ་བའི་སྡེ་ཚན་བདུན་པ་རྣམས་མ་ཕྱིར་བསྲིངས་པའི་སྙན་ངག་གི་འཕྲིན་ཡིག་བྱུང་བའི་ལན་དེ་དང་མཐུན་པར་བསྐུར།

དགུང་ལོ་ཞེ་བདུན་པར་འབམ་དྲེག་གི་སྙུན་ལྕི་བཞེས་པ་དང་། བོད་ཁམས་བདེ་ཐབས་ཀྱི་རིམ་གྲོ་དང་གཞན་ཕན་འཕྲིན་ལས་བསྐྱངས་ཚུལ་སོགས་ཀྱི་སྐོར།


GLG005_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཡོས་གནམ་ལོ་ཚེས་པའི་འདོད་ཁམས་དབང་ཕྱུག་མའི་མཆོད་གཏོར་དང་དགའ་སྟོན་སྔར་འཁྱུད་བཞིན་བྱས། ཚེས་བཞི་ལ་ཨ་པ་ལའི་བན་ཆུང་གིས་གཙོས་པའི་བསྙེན་རྫོགས་སོ་གཉིས་དང་དགེ་ཚུལ་སུམ་ཅུ་བསྒྲུབས།


GLG005_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཡས་ཆོས་སྐྱོང་ཆེན་པོས་གཟུགས་མེད་ཀྱང་གཟུགས་ཅན་ལ་བརྟེན་དགོས་པས་ད་ལྟའི་ཁོག་པ་འདི་ཆོས་ལ་དཀར་ཞིང་གཙང་སྦྲ་ཆེ་བ་བྱུང་བས་དགེ་བཤེས་ཀྱིས་དཀྱིལ་འཁོར་ཞིག་ཏུ་དབང་བསྐུར་དགོས་ཚུལ་གསུངས་པ་བཞིན་རིག་འཛིན་རཏྣ་གླིང་པའི་གཏེར་བྱོན་རྟ་ནག་ལྕགས་རལ་ཅན་གྱི་དཀྱིལ་འཁོར་དུ་སྨིན་པར་བྱས་ཤིང་ཕུབ་སྒོར་ལེགས་ཙམ་ཞིག་ཀྱང་བྱིན། ལྔ་ལ་ཡར་འབྲོག་ཞབས་དྲུང་ལྷུན་པོ་རྫོང་པ་ཕེབས། ཨེར་ཁེ་དང་མན་ཇིས་གཙོས་པའི་སོག་པོ་ཁ་ཤས་ལ་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་བསྐུར། ཀླུ་འབུམ་མེརྒན་ཆོས་རྗེ། བསྟན་དར་སྐུ་སྐྱེ། རི་ཁྲོད་དགའ་ལྡན་བླ་མ་བྱམས་པ་རིན་ཆེན། མངའ་རིས་འོད་མཆོད་སྐུ་སྐྱེ། ཀླུ་འབུམ་རབ་འབྱམས་པ་ལུང་རིགས་སོགས་ཉི་ཤུ་ཙམ་ལ་འཕགས་པ་བརྒྱད་སྟོང་པ། རྒྱུད་རྟོག་པ་བདུན་པ་ཕྱག་མཚན་སོ་བཞིའི་ལས་ཚོགས། སྨན་བླའི་མདོ་ཆོག་གི་ལུང་རྣམས་བྱས། མཆོད་དཔོན་པས་བསྐུལ་བའི་རི་བོ་ཆོས་གླིང་གི་བསྟན་མ་དང་ཀླུ་བདུད་གསོལ་མཆོད། ཐོན་ལེགས་ལྡན་དབང་པོའི་ངོར་སློབ་དཔོན་ཆེན་པོ་པདྨ་དང་རྩ་བའི་བླ་མ་ཐུན་མོང་དུ་གསོལ་བ་འདེབས་པ་བརྩམས། དགའ་ལྡན་ཁྲི་རིན་པོ་ཆེ་སྨོན་ལམ་ཚོགས་དབུའི་ཞར་ནས་ངོས་ཕྲད་ལ་ཕེབས། བརྒྱད་ལ་གྲ་ཚང་གིས་ཟང་ཟིང་གི་སྐྱེས་དང་བཅས་འཆི་མེད་འོད་སྣང་གི་དཀྱིལ་འཁོར་ལ་བརྟེན་པའི་ཚེའི་རྟེན་འབྲེལ་བསྒྲིགས། ཞག་གསུམ་བཅད་རྒྱ་བསྡམས་པའི་བསྙེན་མཚམས་བྱས། བཅུ་གཅིག་ལ་ད་ལའི་ཧུང་ཐའི་ཇིར་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་རྩ། མཁའ་འགྲོའི་མ་དང་ཨ་ག་དགེ་ཚུལ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། ཁལ་ཁའི་གསར་འགྲུལ་ཡོན་མཆོད་རྣམས་ལ་སྐྱེར་སྒང་


GLG005_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱི་ཐུགས་རྗེ་ཆེན་པོ། ཨ་ར་པ་ཙ་ན་གཙོ་རྐྱང་། ཛེ་ཏཱ་རི་ལུགས་ཀྱི་རྣམ་རྒྱལ་མ། འོད་ཟེར་ཅན་མ། དུར་ཁྲོད་བདག་པོ། འཇམ་དབྱངས་ཆོས་སྐོར་གྱི་བདེ་མཆོག་དཀར་པོའི་ཚེ་དབང་རྣམས་བསྐུར། ཀོང་པོ་ཨེམ་ཆི་སྒེར་དུ་ཕྱག་རྡོར་འགྲོ་བཟང་ལུགས་ཀྱི་རྗེས་གནང་དང་རྣམ་འཇོམས་གྱི་བྱབ་ཁྲུས་བྱས། མེརྒན་ཆོས་རྗེས་བཀའ་འགྱུར་ཞིག་གསར་བཞེང་གི་མ་དཔེར་དགོས་ཚུལ་ནན་ཆེ་བར་བསྟན་རྒྱུན་ལ་ཕན་དུ་རེ་བས་སྐྱ་ཆོས་དངོས་གཙང་ཞིག་བསྐུར། འགྲུལ་པ་རྣམས་ལ་བྱིན་རླབས་རྟེན་དང་ཟང་ཟིང་གི་དངོས་པོ་གྱ་ནོམ་པའི་རྫོང་བ་བྱས། བསྙེན་རྫོགས་སོ་གསུམ་དང་དགེ་ཚུལ་ཉེར་བརྒྱད་བསྒྲུབས། བཅུ་བཞི་ལ་ཀོང་པོ་ཕན་བདེ་བས་བབ་ཁ་ཕུལ་བའི་གནས་ཚུལ་འབྱོར། བཅུ་བཞི་བཅོ་ལྔ་གཉིས་ལ་འཕགས་པ་མཆེད་ལ་བརྒྱ་མཆོད་ཕུལ། ཉེར་བདུན་ནས་ཉིན་བཞིའི་བར་གྲ་ཚང་དུ་གཡུལ་ལས་རྣམ་པར་རྒྱལ་བའི་གཏང་རག་གི་མཆོད་གཏོར་བཟབས་རྒྱས་ཕུལ་ཞིང་ཆོས་སྐྱོང་སོ་སོར་ལེགས་གསོལ་གྱི་ཚིགས་བཅད་བྲིས་པའི་སྙན་ཤལ་སྒྲོན། ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་རྒྱགས་རྔན་རྒྱས་པར་བཏང་ནས་གཏང་རག་གྲོལ། རིགས་ཀུན་བདག་པོ་ཁྲ་ཚང་པ་བློ་གྲོས་མཆོག་གི་རྡོ་རྗེའི་དྲུང་དུ་མདོ་སྡེ་དཀོན་མཆོག་བརྩེགས་པ་དང་ཐང་ཡིག་སྡེ་ལྔ་སོགས་ཟབ་ཆོས་མང་དུ་ཞུ་བའི་དབུ་བཙུགས། ཚེས་བཞིའི་དམག་དཔོན་ཐ་སྐར་གྱི་འགྲུབ་སྦྱོར་ཐོག་གྲ་ཚང་དུ་གཤིན་རྗེ་ཐམས་ཅད་འདུས་པའི་དྲག་སྔགས་ཟློག་པ་དང་བཅས་པ་གྲངས་བཅད་ལ་གཤིན་རྗེ་མེའི་སྤུ་གྲིའི་སྒྲུབ་པ་བཙུགས། ས་ཁྱི་ནས་ཆུ་སྟག་གི་བར་མང་འགྱེད་གཏོང་བའི་ཐོ་སྡེ་པ་བསོད་ནམས་


GLG005_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བརྟན་གྱི་དུས་ཐོར་ཆགས་གནང་འདུག་པར་གཞི་བྱས་པ་གན་པ་ལ་ཡན་རྩ་ཁུ་ནས་དང་སྐྱོང་ང་ནས་གཉིས་ཀྱིས་སྤྲད་པ་ཡིན་འདྲ་ཟེར་བ་གང་ལྟར་ཁ་ཅུང་ཞིབ་པ་ཙམ་བྱུང་སྣང་། དབུས་ཁུལ་རགས་རིམ་ལས་མེད་ཅིང་དེའང་བན་རྩའི་ཁྱད་ཀྱིས་གྲ་མི་གཙང་བ་དང་གཙང་བའི་དབྱེ་གསལ་མེད་པའི་འདྲེས་མ་ལ་དྲག་ཞན་གྱི་གོ་རིམ་བཞིན་ཡང་མི་འདུག་ཅིང་ལ་ལ་དག་སེར་ཁྱིམ་པ་ཚུགས་ཁ་ཤིན་ཏུ་ངན་པ་དང་སྒྲུབ་པ་ཕོ་མོའི་གླིང་ཟུང་དུ་འབྲེལ་བ་སོགས་ལས་མི་སེར་ཁྱེར་ཞན་པ་རྣམས་ཞིང་ས་དག་ཅིང་ཕན་ཡོན་ཆེ་བར་གླེང་བ་རྣམ་པ་གཅིག་ཏུ་མི་བདེན་པའི་ངེས་པ་མ་མཆིས་རུང་འདི་ལོ་ནས་བཟུང་དགོན་པའི་རིགས་སུ་གཏོགས་ཚད་ཐོར་བཀོད། གྲ་གཙང་ཞན། གནས་བཟང་ངན། ཐོས་བསམ་འཕེལ་མི་འཕེལ་ཞིབ་ཏུ་དཔྱད། ས་ཁྱི་ཕན་སྔགས་སྡེའི་རིགས་ལ་མང་འགྱེད་བཞིན་ཡེ་མ་བྱུང་འདུག་པ་རྒྱུད་སྡེའི་དགོངས་པའང་དགེ་སློང་མཆོག །དགེ་ཚུལ་འབྲིང་། ཁྱིམ་ན་གནས་པ་ཐ་མ་ཞེས་ཁྱིམ་པའི་རྡོ་རྗེ་འཛིན་པ་གསུངས་ཤིང་། རྗེ་ཁྲི་སྲོང་ལྡེའུ་བཙན་གྱི་དུས། རབ་བྱུང་ངུར་སྨྲིག་དབུ་ཟླུམ་དང་། །སྔགས་པ་གོས་དཀར་ལྕང་ལོ་ཅན། ཞེས་མཆོད་གནས་དེ་གཉིས་སུ་མཛད་པས་ཡང་འུག་སོགས་སྔགས་སྡེ་རྣམས་ངེས་པར་དགོས་གྲས་སུ་འདུག་གཤིས། ཨངྐི་དང་པོར་དགེ་ལུགས་གཙོ་བོར་གྱུར་པའི་གཙང་དགོན་ཤས་ཆེ་བ་དགོན་ཁག་ཕྱེད་བརྒྱད་བརྒྱ་སྐོར་ལ་དགེ་འདུན་གྲངས་ཁྲི་ཚོ་ལྔར་བཅར་པ། ཨངྐི་གཉིས་པར་གཙང་ཞན་འདྲེས་མ་དགོན་ཁག་བཞི་བརྒྱ་སྐོར། ཨངྐི་གསུམ་པ་བཙན་བཙུན། སྒྲུབ་པ་ཕོ་མོ་སོགས་དགོན་ཁག་ཕྱེད་བདུན་བརྒྱ་སྐོར། གྲ་བཙུན་བྱ་བྲལ་བསྡོམས་པ་ཁྲི་ཚོ་གཉིས་ལ་བཅར་བ། ཁྱོན་བསྡོམས་དགོན་ཆིག་སྟོང་བརྒྱད་བརྒྱ་ལྷག་


GLG005_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

གྲ་གྲངས་འབུམ་དུ་ཉེ་བ་བྱུང་བའི་ཨངྐི་དང་གཉིས་གཉིས་ལ་འགྱེད་དྲག་ཞན་གྱི་མཐོ་དམའ་ཡོད་ཙམ་གྱི་ངོས་དགུན་དཔྱིད་གཉིས་མང་ཇ་སྦྱོར་སྦྲེལ་དང་འགྱེད་གསེར། དངུལ། ཇ། འབྲུ། རྟ། བུ་རམ། ལྕགས། རས་ཀྱིས་མཚོན་པའི་སྤུས་ཆ་ངེས་མེད་སྒྲིགས་ཆུག །བྱང་ཆུབ་ལམ་རིམ་དུ་ལྷན་པ་སེར་པོ་རེ་ཙམ་གྱོན་པའང་དགེ་འདུན་དཀོན་མཆོག་ཏུ་གསུངས་ཤིང་ཁྲིམས་ཁང་ལོ་ཙཱ་བ་སོགས་མཁས་པ་མང་པོས་གཙུག་ལག་གི་ཚིགས་སུ་བཅད་པའི་ཤློ་ཀ་རེ་བློར་ཡོད་པའང་མཆོད་པའི་ཡུལ་དུ་གསུངས་པས་ཨངྐི་གསུམ་པ་རྣམས་ལ་ལོ་གཞེས་ཆག་གི་མང་འགྱེད། ཨངྐི་དང་གཉིས་ཀྱི་ཁྲོད་ནས་དམིགས་བསལ་རགས་བསྡུས་དགོན་སུམ་བརྒྱ་ཚུན་སྤར་གཅོག་ཅི་རིགས་པར་སྟོན་མང་ཇ་སྦྱོར་སྦྲེལ་འགྱེད་བཅས་བཏང་བ་ཤས་ཆེ་བ་ཡོད། ཚེས་བཅུ་ལ་རྒྱལ་པོ་དཔོན་གཡོག་དམག་ཐོག་ནས་ཕེབས་པའི་བསུ་བར་སྡེ་པ་ལྷ་ས་ནས་བཏེག །ཉེར་གཅིག་ནས་གྲ་ཚང་དུ་ཀཱི་ལཱ་ཡ་ས་ཡ་བཙུགས། སང་ཉིན་མཆོད་ཡོན་ལྷན་དུ་ཕེབས་པའི་རྒྱལ་པོ་དཔོན་གཡོག་རྣམས་དང་ཇ་སྦྱོར་སྦྲེལ་གྱི་རིང་མོལ་མཆིད་ཞིབ་པར་བྱུང་། གནམ་གང་ལ་སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་ལེགས་གྲུབ་ཕེབས། བཀུར་གཟོས་སྔར་རྒྱུན་ལྟར་ཞུས། སིལ་སྙན། ཇུས་བསྒྲིལ་བཏགས་ཀྱི་བླ་བྲེ་སོགས་སྟེར་སྦྱིན་ཆེ་བ་གནང་། མི་སྡེ་དང་ལྷ་སྡེའི་གྲ་རིགས་ཚོར་ཐུགས་ཁ་མ་གྱང་བའི་གསུང་གཅོང་སྤྱན་ཆབ་བསིལ་བ་དང་བཅས་ཞིབ་ཏུ་གསུང་། དགུང་སྐག་གི་རྐྱེན་སེལ་དགོས་ཚུལ་ཕེབས་པ་བཞིན་འཆི་མེད་དཔལ་སྟེར་གྱི་ཚེ་དབང་དགུང་གྲངས། བ་རི་ལུགས་ཀྱི་རྣམ་འཇོམས་ཀྱི་བྱབ་ཁྲུས། ཕྱག་དྲུག་བའི་དབང་བཞི་བྱིན་


GLG005_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཀྱི་ཚུལ་རྣམས་ཕུལ། ཤིང་བཟོ་གྲ་ཕྱི་འཛོམ་འཛོམ་དང་བྱེ་མདའ་ལྷ་ཕུག་པ་གཉིས་ཀྱིས་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཕུར་ཆ་དངོས་གཙང་བར་བརྐོས། ཧོར་ཟླ་གསུམ་པའི་ཚེས་གཅིག་ལ་རྒོད་ཚང་བླ་མ་མངའ་རིས་རྒྱལ་ཚབ་པ། ལྷ་པ་སྐུ་སྐྱེ། གཅེན་ལུང་བླ་མས་གཙོས་རི་ཁྲོད་པ་བཞི་བཅུ་སྐོར་བྱུང་བར་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ནས་སྨོན་ལམ་བདུན་ཅུ་པའི་ཊཱིཀྐ། ཞལ་གདམས་མགུར་མའི་སྐོར། འདུལ་འཛིན་བློ་གྲོས་སྦས་པའི་ཉམས་མགུར་ཊཱིཀྐ། གཏོར་མ་བརྒྱ་རྩ་རྣམས་དང་གསར་རྩོམ་ལམ་རིམ་གྱི་འཁྲིད་ཀྱི་ལུང་བྱས། བསྙེན་རྫོགས་ཞེ་གཉིས་དང་དགེ་ཚུལ་གོ་གཉིས་བསྒྲུབས། སྟག་ལུང་ཞབས་དྲུང་ལ་ཕེབས་རྫོངས་ཞུས། ཁྱབ་བདག་མཁན་ཆེན་ཞ་ལུ་པ་ཆེན་པོས་ལུགས་གཉིས་དང་འབྲེལ་བའི་བསླབ་བྱ་དགོས་ཚུལ་བྱུང་བའང་བཞེད་པ་དང་སྦྱར་ཏེ་བྲིས། ཞལ་གྱི་ཕྱག་མཚན་འབུལ་ཚིག་གཉན་ལོ་དང་ཚར་ཆེན་གྱིས་མཛད་པ་གང་རུང་འཛུགས་པར་ཐེ་ཚོམ་པའི་དུས་བྱ་རོག་ཅིག་ཉེ་སྐོར་གྱི་ཐོག་ཏུ་བབས་ནས་ཡུན་རིང་པོར་སྐད་སྙན་ལ་སྒྲ་དྲག་པོ་བསྒྲགས་པར་བརྟེན་ཁྱབ་བདག་ཁྲ་ཚང་པས་གསར་རྩོམ་གྱིས་ཤིག་པར་གསུང་བ་ལྟར་བྲི་བའི་དབུ་བཙུགས་པ་དང་དུས་མཉམ་དུ་འཕུར་སོང་བ་ངོ་མཚར་རམ་སྙམ། མངའ་རིས་གྲ་ཚང་སློབ་དཔོན། དགའ་ལྡན་ཕུན་ཚོགས་གླིང་སློབ་དཔོན། འབྲི་གུང་ཕྱག་མཛོད། ཆག་བྱང་ཆུབ་གླིང་གི་སྐུ་སྐྱེ་སོགས་ཕྲད་མི་ཤིན་ཏུ་མང་། རྒྱལ་པོ་སྐུ་མཆེད་ལ་ཚེ་དབང་། ཁལ་ཁ་ཇ་མ་ཇའི་སང་ལ་ཚེ་དབང་དང་སེང་ལྡེང་ནགས་སྒྲོལ་གྱི་རྗེས་གནང་བསྐུར། རྫོང་གཞིས་བཅུ་གཅིག་བསྡོམས་པར་བཀའ་འགྱུར་ཚར་བརྒྱ་དང་སུམ་ཅུ། འབུམ་


GLG005_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཏིང་འཛིན་རྒྱལ་པོ་བརྒྱ་རྩ། མཚན་བརྗོད་ཉིས་འབུམ། གདུགས་དཀར་དང་ཤེར་སྙིང་སྒྲོལ་མ་གསུམ་ཆིག་འབུམ་རེ། གྲ་ཚང་གིས་ཨྱཱཻ་རིང་བྱེ་བ་དང་བརྒྱ་བཞི། རྒྱུད་སྟོད་པས་དྲུག་ཅུ་པ། རྒྱལ་ནས་དམག་ཟོར་མ་དང་བེག་ཙེའི་གཏོར་བཟློག་བཏང་། དཔོན་ཚང་ཚ་རོང་ནས་ཚེ་བརྟན་རྡོ་རྗེས་རྒྱུད་བཞིའི་རྒྱུགས་སྤྲད་པའི་རྩ་རྒྱུད་འདི་ག་ནས་བླངས་པ་ཡེ་ནོན་རྒྱུ་མེད་པ་ལྟ་བུའི་བྱང་བ་འདུག་ཅིང་ལྷག་མ་འཕགས་པའི་སྐུ་གཞོགས་སུ་ཆོས་རྗེ་ན་བཟའ་གླིང་པ་ལེན་བཅུག །ཚེས་ལྔ་ལ་སྤྲུལ་སྐུ་གསུང་སྤྲུལ་ལ་དགོས་ཚུལ་མོལ་བ་ལྟར་རྡོ་རྗེ་གླིང་པའི་གཏེར་མའི་ཙནྡན་སྦྲུལ་སྙིང་གི་སྒྲོལ་མ་ཁྱད་འཕགས་དང་། ཆོས་དབང་ཡབ་སྲས་ཀྱི་སྐུ་ཤ་བསྐུར་བའི་འཕྲོད་ལན་གོས་ཡུག་གི་རྟེན་ལྡན་བསྲིངས། གཟུངས་བསྡུས། འདུས་པ་རིན་པོ་ཆེའི་ཏོག་གཟུངས་གཉིས་དགའ་ལྡན་ཕུན་ཚོགས་གླིང་དུ་བརྐོས་པ་འབྱོར་ཞིང་གསར་རྩོམ་སྨོན་ལམ། སྙན་དར། དཀར་ཆག་གསུམ་དང་དྲི་མེད་གཤགས་རྒྱུད་པར་གྱི་མ་དཔེ་བསྐུར། བརྒྱད་ལ་ལེགས་ལྡན་ནག་པོ་གདོང་བཞི་པ་རྒྱ་ཆེར་མཆོད་ཅིང་སང་ནས་མུ་འཐུད་གྲ་ཚང་གིས་བསྐང་བ་ཁྲི་ཚར་བསགས། དགུ་ལ་གོང་དཀར་ནས་ཆོས་རྗེ་དཀོན་གཉེར་དཔོན་པ་ཅན་གྱིས་མཁའ་འགྲོ་མ་འགྲོ་བ་བཟང་མོ་ལུགས་ཀྱི་བསུ་བཟློག་དང་འབྲེལ་བའི་རྟེན་འབྲེལ་ཚན་གྲངས་དང་བཅས་བསྒྲིགས། ཁྱབ་བདག་སྨན་ལུང་པ་ཚེ་ཆོག་གནང་བར་ཆུ་བོ་རིར་ཕེབས། རྒྱལ་པོ་ལ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་རྩ་ཕུལ། སྡིངས་ཆེན་པ་ཚོང་འདུས་སུ་ཕྱིན་སྐབས་ཆོས་སྐྱོང་གིས་མཚམས་བྱེད་དགོས་པའི་བསླབ་བྱ་མཛད་པ་ལྐུགས་མའི་རྨི་ལམ་འདྲ་བ་ཞིག་ལས་གསལ་


GLG005_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཤོད་རྒྱུ་མི་འདུག་པས་བསྐྱར་ཏེ་ཆང་ཁྱིམ་པ་བཏང་བ་འཁོར་བར་བརྟེན་བཅུ་དྲུག་ལ་འབྲས་སྤུངས་སུ་ཕྱིན། བཅུ་བདུན་ནས་གཟིམས་ཆུང་མངོན་དགར་འཕགས་པ་ལོ་ཀི་ཤྭ་ར་གདན་དྲངས་ཏེ་མཆོད་པ་བཤམས། ཉང་གི་ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱི་བསྙེན་མཚམས་བྱེད་པའི་སྟ་གོན་གྱི་དུས་རྩེ་གདོང་ཞབས་དྲུང་རིན་པོ་ཆེས་ཚེ་དཔག་མེད་ཀྱི་སྐུ་རྒྱ་ནག་མ་དང་རྡོ་རྗེའི་རི་མོ་ཅན་གྱི་གདན་གྱིས་གཙོས་པའི་ཚན་གྲངས་དང་བཅས་བཀའ་ཤོག་གནང་བ་འབྱོར་པས་རྟེན་འབྲེལ་ལེགས་པར་མངོན། ས་ག་ཟླ་བའི་ཚེས་བདུན་གྱི་བར་བདུན་ཕྲག་གསུམ་གྱི་རིང་བསྐྱེད་རྫོགས་ཀྱི་ཉམས་ལེན་གཏོར་བསྔོ་སོགས་ཆག་མེད་དང་རྒྱུན་གྱི་བཟླས་བརྗོད་བརྒྱ་སྟོང་དགོས་པ་རྣམས་བདུན་རེ་ཙམ་དུ་བསྡུས། སྲོད་དང་ཐོ་རངས་ཀྱི་ཐུན་ཚད་ལྡན་སྔ་དགོང་གི་ཐུན་གུང་ཚིགས་ཟ་བས་མཚམས་བཅད་པ་ལས་སྦྲེལ་མ་ལྟ་བུར་ཡིག་དྲུག་གི་བཟླས་པར་འབུངས་པས་ཉིན་སྟར་ཁྲི་ཚོ་ལྔ་རེ་སོང་བ་ནས་བྱེ་ཆུང་ཞིག་འགྲོ་ཉན་ཙམ་བྱུང་། གུང་གསེང་སོགས་རྣམ་གཡེང་གི་ངང་ནས་ཉིན་རེ་མ་ཎི་ཁྲི་ཚོ་ལྔ་དྲུག་ཙམ་སོང་ཟེར་བ་ནི་མ་པད་ཧཱུྃ་ཞེས་བཏོན་ཚོད་དུ་འདུག །སྔར་ཟུར་ཁྱབ་བདག་བླ་མའི་དྲུང་དུ་རྒྱལ་པོ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་ཉམས་འཁྲིད་ཞུས་སྐབས་ཕྱག་སྲོལ་ལྟར་ཡིག་དྲུག་འབུམ་ཚོ་བཅུ་རེའི་དམ་བཅའ་འབུལ་དགོས་ཀྱིན་འདུག་པའང་ད་ལམ་འགྲུབ། སྡེ་པས་དགའ་ལྡན་ཕོ་བྲང་དང་ཀུན་དགའ་ར་བའི་ཚོམས་ཆེན་དུ་ལི་མ་ཆེ་གྲ་དང་ཕོ་བྲང་གསར་རྙིང་གི་གཟིམས་ཆུང་ཚོར་བླ་མ་ལི་སྐུ། རྒྱ་ནག་མ་སོགས་ཆུང་འབྲིང་གི་རྟེན་མཆོད་གྲ་བསྒྲིགས། དོ་དམ་གླང་བུ་བ་དགྲ་འདུལ་ཚེ་རིང་ཅན་གྱིས་བྱས། མཚམས་ཀྱི་རིང་ཚོགས་ཆེན་དུ་ཇ་ཚུལ་བཙུགས་


GLG005_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡིག་དྲུག་དུང་ཕྱུར་ཕྱེད་གཉིས་ཙམ་སོང་། གྲ་ཚང་གིས་རྣམ་འཇོམས་ཞག་བཞི་དང་ཆོས་སྐྱོང་རྣམས་ཀྱི་བསྐང་བཤགས་ཉིན་བཞི་བཏང་། དེ་ཉིན་འདུ་ཁང་དུ་ཕྱིན་པའི་དགེ་འདུན་ཚོགས་པས་བདེན་ཚིག་གི་སྨོན་ལམ་དང་ཤིས་བརྗོད་མཛད། སྤྲུལ་པའི་ཆོས་སྐྱོང་ཆེན་པོའང་ཁོག་ཏུ་ཞུགས་ཏེ་ཕེབས། ཀུན་དགའ་ར་བའི་ཚོམས་ཆེན་དུ་གུང་ཚིགས་ཀྱི་བཞུགས་གྲལ་བཤམས། དེ་གྲོལ་ནས་ཚོགས་ཆེན་དུ་ལམ་རིམ་གྱི་ཆོས་ཐུན་གཅིག་ཕུལ་ཏེ་རྟེན་འབྲེལ་བསྒྲིགས། བརྒྱད་ལ་སྤྱི་སོས་ཀུན་དགའ་ར་བར་བསྙེན་བཀུར། བཅུ་གཅིག་ལ་གསང་སྔགས་དགའ་ཚལ་གྱི་འབུར་སྐུ་ཚོར་རབ་གནས་བསྡུས་ཙམ་ཞིག་བྱས། སྔགས་པ་སེ་ཆེན་ཞབས་དྲུང་གི་ཕྱི་རྟེན་དུ་བྱམས་པའི་དངུལ་སྐུ་གསར་བཞེངས་སྒོ་མང་གྲ་ཚང་དུ་བཞུགས་པར་བྱིང་པ་སྔགས་རམས་པས་གཙོས་པའི་གྲ་ཚང་གི་གྲ་པ་འགས་གཟུངས་འབུལ་དང་རབ་གནས་བྱས་ཤིང་བསྟོད་པ་སྨོན་ལམ་དང་རྟེན་ལ་བརྟན་བཞུགས་བཅས་སྒོ་མང་ཟུར་པ་ག་རུ་བས་དགོས་ཚུལ་བྱུང་བ་བཞིན་བྲིས། བཅུ་བཞི་ལ་པོ་ཏ་ལར་འཁོར། སང་ཉིན་སེམས་དཔའ་སྤྲུལ་སྐུ་ཅན་དགེ་ཚུལ་དུ་བསྒྲུབས། སེང་གདོང་མ་སྔོན་མོའི་རྗེས་གནང་བསྐུར། གསེར་མདོག་ཅན། ཐར་པ། ལྷུན་རྩེ་ཆོས་སྡེའི་མཁན་པོ་རྣམས་དང་ཆོས་རྗེ་གནས་གཞི་བ། བྱ་བ་དང་མདོ་མཁར་བའི་ལེགས་སྐྱེལ་བ་སོགས་ཕྲད་མི་མང་། བསྙེན་རྫོགས་ལྔ་དང་དགེ་ཚུལ་གོ་གཅིག་བསྒྲུབས། བཅུ་དྲུག་ལ་ཟངས་རི་དཔོན་སར་ཚེ་དབང་འཆི་མེད་དཔལ་སྟེར་དང་ཁྱུང་ཁྲའི་རྗེས་གནང་ཕུལ། ཀོང་པོ་ནས་འོར་སྟར་གཉིས་འཁོར་བའི་


GLG005_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་དཔོན་འོར་པས་ཕན་བདེ་བའི་རྟེན་གྲལ་གྱི་ཟངས་ཐང་མ་ཞིག་རྫོང་དུ་ཁྱེར་ཡོང་བའི་རྐྱེན་གྱིས་སེར་བ་ཤིན་ཏུ་ཆེ་བ་གློ་བུར་དུ་བབས། གསང་ཕུའི་ཆོས་རྗེ་གཉིས་ཀྱིས་གཙོས་ཆོས་འཆད་རྣམས་ཀྱིས་གྱ་ནོམ་པའི་དངོས་པོ་མཎྜལ་གྱི་ཚུལ་དུ་བསྟར་ནས་ཡུན་འཚོའི་རྟེན་འབྱུང་མཛད་ཅིང་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་བཟླས་ལུང་བཞེད་པ་དང་སྦྱར། སྟོད་རྒྱུད་གྲ་ཚང་དང་ཀོང་པོར་འགྲོ་མིའི་མོན་པ་སོགས་བྱིན་རླབས་ཞུ་མི་མང་དུ་བྱུང་། ལྕགས་ཟམ་སྤྲུལ་སྐུར་གཏེར་ཁ་འོག་མའི་གུ་རུ་དར་ནག་བེར་ཆེན་དང་མཚོ་རྒྱལ་སྐོར་གསུམ་གྱི་ལུང་ཕུལ། ཉི་ཤུ་ལ་རྡོ་རྗེ་བྲག་སྤྲུལ་པའི་སྐུས་བདོག་པའི་ཚན་གྲངས་བསྟར་ཏེ་ཚེའི་རྟེན་འབྲེལ་བསྒྲིག་པ་མཛད། བཞེད་པ་དང་བསྟུན་པའི་ཆོས་ཕྲན་བུ་ཕུལ། བསྙེན་རྫོགས་བཅུ་དང་དགེ་ཚུལ་སུམ་ཅུ་ལྷག་པ་བསྒྲུབས། ཉེར་གསུམ་ལ་ཁྱབ་བདག་སྨན་ལུང་པ་དཔོན་སློབ་ཀྱིས་རིག་འཛིན་རཏྣ་གླིང་པའི་ཕྱག་ནས་མའི་གུ་རུ་ཞི་དྲག་མ་ནིང་གསུམ་གྱི་ཐང་ཁ་བྱིན་རླབས་ཅན་གྱིས་ཐོག་དྲངས་པའི་སྐྱེས་དང་བདུད་རྩི་འཁྱིལ་བའི་སྒོ་ནས་ཉི་བུའི་གཡུལ་ལས་རྒྱལ་བའི་ཆོ་ག་མཛད་ཅིང་མདོ་སྡེ་དཀོན་མཆོག་བརྩེགས་པའི་འཕྲོ་མུས་ནས་བཙུགས། ཟླ་སྨད་དུ་རྒྱལ་པོ་སྐུ་མཆེད་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། དབེན་ས་སྤྲུལ་པའི་སྐུར་འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་ཁ་ཤས། ཕྱག་དྲུག་པ། ལས་གཤིན། རྣམ་སྲས་གསུམ་གྱི་རྗེས་གནང་། དཔོན་སློབ་པཎ་ཆེན་རིན་པོ་ཆེའི་ཐུགས་རྩོམ་གྱི་དྲུག་ཅུ་པའི་ལུང་ཕུལ། སོག་ཡུལ་ནས་སྐྱིད་ཤོད་ཆོས་རྗེའི་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱི་བསླབ་བྱ་དང་སྨོན་ལམ་བསྐུལ་མ་མཛད་པ་ལྟར་བསྐུར། ལྷོར་ཟླ་ལྔ་པའི་ཚེས་


GLG005_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་དགའ་ལྡན་ཁྲི་གདན་ཟུར། རྩེ་ཤར། རྒྱུད་སྟོད་སྨད། སློབ་ཆུང་གཉིས། ལྔ་མཆོད་པ། བཀྲ་ཤིས་ལྷུན་པོའི་གྲ་ཚང་གསུམ་གྱི་སློབ་དཔོན། མགྲོན་གཉེར་དཀའ་ཆེན་དགེ་འདུན་ཚུལ་ཁྲིམས་ཅན་འབྱོར་བའི་སོ་སོ་ནས་དངོས་པོ་གྱ་ནོམ་པ་བཏེག་སྟེ་ལྷན་ཅིག་ཏུ་བརྟན་སྟོད་དང་འབྲེལ་པའི་སྨོན་ལམ་རྒྱས་པར་གནང་། སང་ཉིན་བཀྲ་ཤིས་ལྷུན་པོ་བ་ཚོར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར། དགའ་ལྡན་དོན་གཉིས་གླིང་གྲ་ཚང་ལ། སྨོན་ལམ་རྣམ་གསུམ། མཚན་བརྗོད། གདུགས་དཀར། སྒྲོལ་མ། ཤེར་སྙིང་སོགས་ཆོས་སྤྱོད་རགས་རིམ་གྱི་ལུང་ཕུལ། བསྙེན་རྫོགས་ཉེར་དྲུག་དང་དགེ་ཚུལ་སོ་བཞི་བསྒྲུབས། ཚེས་བཞི་ནས་གྲ་ཚང་དུ་མདོས་བསྐང་འབུམ་ཐེར་བཙུགས། ལྔ་ལ་སྒོ་མང་ཟུར་པ་ག་རུ་བས་ཐོག་དྲངས་སེ་ཆེན་ཞབས་དྲུང་གི་གྲ་རིགས་རྣམས་ཀྱིས་སྦྱིན་བདག་བྱས་མདོས་བསྐང་མ་ཆག་ཙམ་གྱི་སྒོ་ནས་ཚེ་ཆོག་རྒྱས་པར་བཏང་། གོས་དཀར་ཐོག་ལྷན་ཐབས་ཀྱི་མཆོད་ལྷ་བཅུ་གཉིས་ཡོད་པའི་ཁ་ཅིག་ལ་གསེར་ལྗང་བརྡུངས་ཀྱི་པྲོག་ཞུ་མགུལ་རྒྱན་སྙན་རྒྱན་གདུ་བུར་མུ་ཏིག་བྱུ་རུ་གཡུའི་ཕྲས་བརྒྱན་པ་དཀྱུས་ལ་འདོམ་ཕྱེད་དྲུག་ལྷག་ཙམ་ཞེང་ལ་ཁྲུ་དོ་སོར་བརྒྱད་པ་གཅིག །ཡང་དབྱིབས་གོང་དང་མཚུངས་པའི་རྒྱལ་སྲིད་སྣ་བདུན་ཡོད་པ་མདོས་ཀྱི་སྤྱན་གཟིགས་ལ་ཕུལ་ཞིང་གྲྭ་ཚང་གི་སྤྱི་རྫས་སུ་སྤྲད། སྤྲུལ་སྐུ་བ་དགོས་སྐྱེས་དང་དགོས་ནོར་ཕ་བུ་གཉིས་ཀྱིས་ཆོ་འཕྲུལ་མཆོད་པའི་ཞིང་བཀོད་བཟབས་བྲིས་སུ་བཞེངས་པའི་རྒྱབ་ཡིག་དཀར་ཆག །འདར་པ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་


GLG005_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྐུལ་བའི་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་མ་དྲོས་ཆུ་ཀླུང་། མཆོད་དཔོན་དབུ་མཛད་གཉིས་ཀྱིས་གསང་སྔགས་ཕོ་བྲང་གི་ཀ་གླིང་གཅིག་གི་གནམ་རྒྱན་དང་འཕན་སུམ་ཅུ། ཕྱེ་ཕུར་གཅིག་རྣམས་ཕུལ་བའི་ཁ་ཡིག །གྲ་ནང་བླ་མཁྱེན་ལྷུན་གྲུབ་ཀྱིས་བསྐུལ་བའི་གསོལ་འདེབས། ཇོ་རིག་ཐུ་དབོན་པོ་ངག་དབང་བློ་གྲོས་དང་འབྲི་ལུང་པ་བློ་བཟང་དཔལ་འབྱོར་གཉིས་ཀྱི་ཁ་ཏོན་གྱི་སྨོན་ལམ་རྣམས་བྲིས། ཁྲ་འབྲུག་ཆོས་སྐྱོང་ཚངས་པ་ཆེན་པོས་མེ་ཏོག་མཆོད་པའི་དུས་འཕན་གདུགས་བླ་བྲེ་དགོས་ཚུལ་བྱུང་བའི་འཕྲིན་གསོལ་ཚིགས་བཅད་དུ་སྤེལ། དགའ་ལྡན་གསང་སྔགས་ཡང་རྩེའི་སློབ་དཔོན་ཟུར་པ་ཉང་རེ་བློ་བཟང་རྣམ་རྒྱལ་གྱིས་བླ་མ་རྒྱང་འབོད་དགོས་ཟེར་བ་བསྲིངས། བསམ་ཡས་ནས་དྲེགས་པའི་སྡེ་དཔོན་ཙེའུ་དམར་པོས་བོད་ཁམས་བདེ་ཐབས་སུ་བྱང་ཆུབ་ཆེན་པོར་དཀར་མེའི་རྒྱུན་བཙུགས་པའི་མཐུན་རྐྱེན་དུ་མར་གྱི་ཁལ་དང་བཅས་པའི་དྲེའུ་གསུམ་སྐུར་གསུང་བ་བཞིན་ལན་ཚིགས་བཅད་སྤེལ་ཏེ་བླ་མ་མ་ཎི་བ་རྫོང་བདའ་བྱས། ཙནྡན་གྱི་ཐམ་ཤུའི་ཕུད་ཁ་བྱང་བྲིས་པ་མ་ལུས་བཀང་སྐབས་ཕུལ། བདེ་ཡངས་སློབ་དཔོན་ཕུན་ཚོགས་ཆོས་ལྡན་མིག་ལ་འགྲིབ་སྐྱོན་སླེབས་པའི་འཆད་ཉན་མ་ཐུབ་པས་ཁྲོལ་ཆ་དགོས་ཚུལ་ནན་ཆེས་པར་བརྟེན་རབ་འབྱམས་པ་དངོས་གྲུབ་རྒྱ་མཚོ་ཚེས་བཅུ་གསུམ་གྱི་ཉིན་བླ་མར་བསྐོས་པ་འཆད་ཉན་ལ་དཀའ་གནས་མེད་པའི་ཡོན་ཏན་དང་ལྡན་ཡང་རིགས་གྲའི་འཇིགས་པས་དཔའ་ཞུམ་སྟེ་ཟླ་བ་དྲུག་ཙམ་ལས་ཁུར་ལེན་བྱེད་མ་ཉན་པའི་ཚ་རན་བལྟས་རྗེས་ལོ་འདི་གའི་ཟླ་བ་བཅུ་གཉིས་པའི་ཉེར་གསུམ་ལ་ཀླུ་འབུམ་རབ་འབྱམས་པ་ངག་དབང་བློ་གྲོས་རྒྱ་མཚོ་བསྐོ་དགོས་


GLG005_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གྲ་རིས་ཚོར་བརྡབས་གསིགས་ཕྲན་ཚེགས་བྱུང་སྣང་། བླ་མ་ཕུན་ཚོགས་ཆོས་ལྡན་རྗེས་སུ་ར་བ་སྟོད་པའི་འཆད་ཉན་བྱས་སོང་བ་གསར་དུ་ཡེ་ཤེས་ཀྱི་སྤྱན་ཞིག་ཐོབ་ཚོད་དུ་འདུག་འཇིག་རྟེན་གྱི་སྐྱེ་བོ་ཡ་རབས་ཀྱི་གདོང་པ་ལའང་ཁྲག་ཅུང་ཟད་ཡོད་མོད། ཆོས་པར་རློམ་པ་ལ་ལ་ནི་རྗེས་སུ་ཐུ་གཤམ་བསྲེ་དགོས་བསམ་པ་མི་གདའ། སེ་ཆེན་ཞབས་དྲུང་གི་གྲ་པ་རྣམས་ལ་ཚེ་དབང་། བཅུ་གཅིག་ཞལ་དང་སྤྱན་རས་གཟིགས་ཕྱག་བཞི་པ། མགོན་པོ་ཕྱག་དྲུག་པ་གསུམ་གྱི་རྗེས་གནང་བསྐུར། དེ་ཁྲོད་ནས་ཁ་ཤས་ལ་བཅུ་བཞིའི་ཞོགས་སྨྱུང་གནས་ཀྱི་གསོ་སྦྱོང་དང་སང་ཉིན་ཧུང་ཐའི་ཇི་དཔོན་གཡོག་བཅོ་ལྔ་སྐོར་ལ་བསྙེན་གནས་ཀྱི་སྡོམ་པ་ཕབ། ཧུང་ཐའི་ཇིས་བསྐུལ་ངོར་བླ་མའི་རྣལ་འབྱོར་ལུས་དཀྱིལ་གྱི་ལྷ་ཚོགས་གསལ་བར་བཀོད་པ་ཤིན་ཏུ་རྒྱས་པ་དང་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྲིས། ཚེ་དབང་བརྒྱ་རྩ། མདོ་སྡུད་པ། བཀྲ་ཤིས་བརྩེགས་པ། རྡོ་རྗེ་གཅོད་པ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། དཔང་སྐོང་ཕྱག་བརྒྱ་པ། གཙུག་ཏོར་རྣམ་རྒྱལ་རྣམས་ཀྱི་ལུང་། མི་བཟང་ཚོར་ཚེ་དབང་། དམངས་མར་སྤྱན་རས་གཟིགས་ཀྱི་རྗེས་གནང་། རྡོ་རྗེ་སེམས་དཔའི་སྒོམ་བཟླས། སྐྱབས་འགྲོའི་དམིགས་པ་ཕབ། མཚོ་སྔོན་པོ་འདི་རྒྱ་བོད་ཧོར་གསུམ་ཐམས་ཅད་འདུ་བའི་ས་གནས་ཡིན་པས་ཉེ་ལེན་དང་ཁུར་འཁུར་གལ་ཆེ་གཤིས་རྫོང་བ་བཟབས་རྒྱས་སྟབས་ཏེ་ཧུང་ཐའི་ཇི་ཉེར་གསུམ་ལ་ཐོན། བདེ་ཆེན་ཡངས་པ་ཅན་མཁན་པོ་གསར་བསྐོས་ལ་ཤིས་པ་བརྗོད། ལྷུན་གྲུབ་སྒང་ཆེན་པས་ལྕགས་གླང་གོར་གྷས་སྐྱིད་གྲོང་ལ་བསྐོར་དུས་འཁྲ་བཟུང་ལས་ཚན་


GLG005_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིའི་མིག་ལྟོས་ལ་ཕན་པའི་མཚར་ཁར་ཕ་དྲུག་ནས་བོར་བོག་ཁི་ཡས་བཟུང་ཤུལ་གཞིས་ཀ །ཐེམ་འཛིན་བདུན། ལག་ཡོང་སུམ་བརྒྱ་སྐོར། ཀོང་པོ་ཕན་བདེ་བ་རྣམས་ཀྱིས་རང་ཉེས་ཀྱི་བྱེད་པར་བབ་འབྲེལ་མི་འདུག་རུང་དགེ་ལུགས་ཀྱི་གྲས་སུ་སོང་བས་འོར་ཤོད་ཆུ་སྐོར་གཞིས་ཀ །ཐེམ་འཛིན་དྲུག་ཅུ་སྐོར། ལག་ཡོང་སྟོང་ཕྲག་ཕྱེད་གཉིས། སྣོན་ཉི་མ་ཐང་པ་བྱ་བྲལ་གྲ་ས་མཆོད་ཐེབས་ཆེར་མེད་པ་ཕྱིས་སུ་གྲ་ཚོགས་འཕེལ་བ་དང་བཅས་གླིང་སྟོད་ཆོས་རྗེ་ལྷ་རྗེ་བློ་བཟང་རྒྱ་མཚོས་ཞུ་རྟེན་གྱི་མཐུན་རྐྱེན་མཛད་པས་མཚམས་སྦྱར། མགོན་པོ་གདོང་ཁུལ་ནས་ཕག་གདོང་ཁུངས་ཀྱི་བོགས་ཤས་ཀྱི་ལག་ཡོང་ལྔ་བརྒྱར་ཉེ་བ། དྭགས་པོ་བང་རིམ་སྔ་ཕྱིར་བྱས་པ་ཆེ་གྲས་ཀྱིས་ཀོང་སྟོད་དཔོན་ཚོ་བས་བཟུང་ཤུལ་གཞིས་ཀ །ཐེམ་འཛིན་བཅུ། ལག་ཡོང་སྟོང་དང་བརྒྱ་སྐོར་རྣམས་སྦྱོར་འཇགས་བྱས། བསྙེན་རྫོགས་བཅུ་གཉིས་དང་དགེ་ཚུལ་ཉི་ཤུ་བསྒྲུབས། སྟག་ལུང་ཞབས་དྲུང་རིན་པོ་ཆེ་མ་ཆེན་རི་བོ་ཆེའི་ཞིག་གསོས་ལ་ཕེབས་བཞེད་ཆེ་བ་ཧུང་ཐའི་ཇི་འབྱོར་བ་དང་བཅས་མཆོད་ཡོན་བཀའ་གྲོས་ཐོག་ནས་ལོ་གྲངས་བཅད་ཀྱི་ཁྲོལ་ཆ་གནང་བར་བརྟེན་ཟླ་བ་དྲུག་པའི་ཚེས་བདུན་ལ་ཞབས་དྲུང་མ་ཆེན་ཕེབས་པ་དང་མཇལ། ཉིན་ཁ་ཤས་ཀྱི་བར་གསུང་འཕྲོས་ཞིབ་མོལ་དུ་བྱུང་། རྗེ་བཙུན་ཙོང་ཁ་པ་ཆེན་པོས་མཛད་པའི་བདེ་མཆོག་འདོད་འཇོའི་ལུང་། ཞང་བཀའ་རྒྱའི་ནང་གི་ཡང་དག་གི་བྱིན་རླབས། ཐང་སྟོང་རྒྱལ་པོ་ལུགས་ཀྱི་ཚེ་དབང་འཆི་མེད་དཔལ་སྟེར་ཚར་བདུན་བཅས་ཕུལ། བར་ཁམས་སུ་ཆིབས་ཁ་བསྒྱུར་བའི་ཕེབས་རྫོངས་བཟབས་རྒྱས་ཀྱི་ལུགས་ཚེས་བཅུ་གཉིས་ལ་གྲུབ་པ་ཞུས། གྲ་ཁང་བཀྲ་


GLG005_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་ཁང་གསར་གྱི་བཀྲ་ཤིས་ཀ་བཞིར་མཆོད་དཔོན་དབུ་མཛད་གཉིས་ཀྱིས་རྟེན་མཆོད་བསྒྲིགས་པའི་དེབ་ཀྱི་འགོ་བརྗོད། བྱེས་པ་དཀའ་བཅུ་མཁས་བཙུན་གྱི་ངོར་ཚོགས་ཚ་མིག་མཁན་པོ་བསོད་ནམས་རྒྱལ་མཚན་གྱི་བསྟོད་པ། སྤྱན་གཡས་མཁན་པོ་དམ་ཆོས་རིན་ཆེན་གྱིས་བསྐུལ་བའི་བདག་བསྟོད་རྣམས་བརྩམས། བཅུ་གསུམ་ལ་དབེན་ས་སྤྲུལ་སྐུ་སོགས་བསྙེན་རྫོགས་བཅུ་གསུམ་དང་དགེ་ཚུལ་བཅུ་གཅིག་བསྒྲུབས། མངའ་བདག་སྨྲ་བོ་ལྕོག་པ། བདེ་ཆེན་གླིང་པ། ཟུར་རི་བླ་མ། འབོག་གོང་ནས། མདོ་མཁར་ནས། ལྕང་ར་ནས། བླ་མ་ཞང་སྟོན་པ་སོགས་ཕྲད་མི་མང་དུ་བྱུང་། དར་རྒྱས་ཆོས་སྡིངས་ཀྱི་རྒྱལ་སྲས་བསྟན་པའི་ཉི་མར་བརྡ་དོན་ལམ་ཟབ་ཀྱི་བླ་མའི་རྣལ་འབྱོར། བཻ་རོ་ཙ་ན་དང་ལྕང་ར་ནས་ལ་ཚེ་མགོན་གྱི་བྱིན་རླབས་བྱས། ལྷ་ས་རུ་བཞི་སྤྱི་ཚོགས་ཀྱིས་བསྐུལ་བའི་ངེད་རང་དང་སྡེ་པ་ཐུན་མོང་དུ་བཏོན་ཆོག་པའི་བརྟན་བཞུགས་ཀྱི་ཚིགས་བཅད་དང་། དཔལ་གྲོང་ཤག་བློ་བཟང་རྣམ་རྒྱལ་མི་དཔོན་བྱེད་རིང་དུང་སྐྱོང་རྒྱལ་མོར་སྙན་དར་འབུལ་རེས་ཀྱི་བྲིས་ཆོག་པའི་ཞལ་ཡིག་བྱ་བརྒྱ་འུར་གཅིག་མ་ཞིག་དགོས་ཟེར་བ་བྲིས། གནམ་གང་ལ་ལྷ་སའི་བསྙེན་གནས་མ་ཚོར་ཡན་ལག་བརྒྱད་པའི་སྡོམ་པ་ཕབ། ཟླ་བ་བདུན་པའི་ཚེས་བཞི་ལ་སྡེ་པ་དང་ལྷན་བརྒྱས་སུ་ལྷ་ས་སྤྱི་སོས་ཚེའི་རྟེན་འབྲེལ་བསྒྲིགས། འདི་ནས་བཟུང་རིང་འཚོའི་རྟེན་འབྱུང་སྡེ་པ་དང་ཕྱོགས་མཐུན་དུ་བྱས་པ་དང་སོ་སོར་བགྱིས་པ་སྣ་སོགས་སུ་ཡོད། དུར་བོད་དཔོན་མོར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་རྗེས་


GLG005_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བྱས། བསྙེན་རྫོགས་བཞི་དང་དགེ་ཚུལ་དགུ་བསྒྲུབས། སྤྱི་སྒོས་ཀྱི་རིམ་གྲོར་རྫོང་གཞིས་ཁག་བཅུ་བསྡོམས་པར་བཀའ་འགྱུར་ཚར་ཆིག་བརྒྱ། བརྒྱད་སྟོང་པ་ཆིག་སྟོང་། མཚན་བརྗོད་ཉིས་འབུམ། གདུགས་དཀར་ཆིག་འབུམ། སཱ་ཙྪ་འབུམ། ལྷ་ས། བསམ་ཡས། ཁྲ་འབྲུག །ཡུམ་བུ་བཅས་པར་བརྒྱ་མཆོད། གསེར་ཆབ། སྙན་ཤལ་ཁ་ཡིག་དང་བཅས་པ། གསང་སྔགས་གླིང་དུ་གཤིན་རྗེ་ཐམས་ཅད་འདུས་པའི་སྔགས་རིང་བྱེ་བ་གཉིས། སེར་འབྲས་དགེ་གསུམ་དུ་ཟླ་ཕྱེད་བར་ཇ་ཚུལ། རྒྱལ་དུ་དམག་ཟོར་མའི་བསྐང་བ་ཆིག་འབུམ། ཞལ་དང་བེག་ཙེ་སོ་སོར་ཁྲི་ཚར། ཕྱུགས་ལུག་ཉིས་བརྒྱའི་སྲོག་བླུ་རྣམས་བཏང་། དཔོན་པོ་བཻ་རོ་ཙ་ནའི་ཁ་ཏོན་ཚིགས་བཅད། ལྕོག་སྦུག་པ་ཚེ་བརྟན་རྡོ་རྗེས་བསྐུལ་བའི་བདག་བསྟོད། མཁན་ཆེན་བསམ་སྒང་པ་བློ་བཟང་ངག་དབང་གི་ཕྱི་རྟེན་དུ་སྟོང་ཕྲག་བརྒྱ་པ་རིགས་རྒྱུད་ཕུན་ཚོགས་དར་རྒྱས་དང་ཉེ་གནས་བློ་བསྟན་གཉིས་ཀྱིས་བཞེངས་པའི་དཀར་ཆག །དགེ་སློང་འཇམ་དབྱངས་དཔལ་བཟང་གིས་བསྐུལ་བའི་ཟུར་རྡོ་རྗེ་འཆང་དང་ཕ་བོང་ཁ་གདན་ས་འཇམ་དབྱངས་གྲགས་པ་གཉིས་ཀྱི་གསོལ་འདེབས། མཆོད་དཔོན་དང་གཉེར་པ་བློ་བཟང་སྦྱིན་པ་གཉིས་ཀྱི་ངོར་བཀྲ་ཤིས་ཁང་གསར་དུ་འབྲི་རྒྱུའི་ངེད་རང་གི་རྟོགས་བརྗོད་ལས་བརྩམས་པའི་ཀུན་བཟང་འཁོར་ལོ་རྣམས་བྲིས། ཀུན་འཁོར་གྱི་རིགས་འབྲི་བར་སྙན་ངག་མཁན་པོ་རྣམས་དཀའ་དཀའ་ལྟར་མཛད་ཀྱང་ད་ལམ་ཇ་ཡུན་གཉིས་ལ་འཕྲལ་དུ་གྲུབ་པ་བྱས། ཁྱབ་བདག་སྨན་ལུང་པར་རྫོགས་ཆེན་ཀློང་གསལ་གྱི་དབང་བཞི། ཚེ་དབང་བདུད་རྩིའི་བུམ་པ། ལུང་རགས་རིམ། ནཱ་ག་རགྴའི་ཆོས་


GLG005_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་གྱི་ལུང་། རྣམ་སྲས་སེར་ཆེན། དྲག་པོ་སྲིན་པོ་བཞི་བསྐོར། ལས་མཁན་མདུང་དམར་ཅན་གསུམ་གྱི་རྗེས་གནང་། རྣམ་སྲས་བཀའ་བཅོ་ལྔའི་ཆོག་ཁྲིགས་ཁྱབ་བདག་བཀའ་འགྱུར་བས་མཛད་པ་རྣམས་ཀྱི་ལུང་ཕུལ་གྲིབ་སེལ་དང་བསུ་བཟློག་གི་རིམ་གྲོ་གནང་ནས་ཉི་ཤུ་ལ་ཆུ་བོ་རིར་ཕེབས། རབ་བྱུང་བསྙེན་རྫོགས་ཁ་ཤས་བསྒྲུབས། བསམ་ཡས་དཀར་པོ་བའི་ཐུགས་སྲས་གཞོན་པར་མཚན་ཀུན་དགའ་ཆོས་དབང་རྒྱ་མཚོར་བཏགས། ཉེར་ལྔ་ནས་ཞག་བཅུ་ལྷག་གི་བར་གནས་གསར་མཁྱེན་རབ་རྣམ་རྒྱལ་ལ་ཚེམ་བུ་ལུགས་ཀྱི་དམར་ཁྲིད་ཕབ། ཁོང་པ་ཤེས་རབ་དང་བརྩོན་འགྲུས་གཉིས་ཀ་ཆེ་བ་འདུག་པས་ཉིན་མཚན་ལ་བལྟོས་མེད་ལྟ་བུའི་སྡུག་རུས་ཐུབ་པར་བསྒོམས་པས་སྣང་ཉམས་ལེགས་པའང་ཅི་རིགས་བྱུང་འདུག །བཀའ་བརྒྱད་གསང་རྫོགས་ཀྱི་ལས་བྱང་རྩེ་ལེའི་པར་མ་ལ་ལྷན་ཐབས་ཀ་ཐོ་སྤྲད་ཆོག་པ་དངོས་གཞི་གཏེར་བྱོན་བཅོས་ལྷད་མེད་པ་ལ་ཚིག་ལྷུག་འདོན་མི་བདེ་བའི་རིགས་རྣམས་ལ་བཟོ་བསྐྱར་བྱས་པའི་མ་བུ་བསྡེབས་པ་ཧོར་ཟླ་བརྒྱད་པའི་ཚེས་ལྔ་ལ་གྲ་ཚང་དུ་བཙུགས།སང་ནས་ཉིན་གསུམ་གྱི་བར་ཆུ་ཞུགས་ལ་ཕྱིན། བཅུ་གཅིག་ལ་སྡེ་དྲུག་མཁན་པོ་བློ་བཟང་དར་རྒྱས་ཅན་དང་ཕྲད། གཉལ་ཆོས་ཉིད་གླིང་གི་བཻ་རོ་ཙ་ནའི་ཡབ་ཡུམ་གཉིས་ཀྱི་དབུ་ཐོད་གཙང་དུ་ཡར་གདན་འདྲེན་རྩིས་ལ་འཚུབ་བྱུང་ནས་བཞག་པ་ཡིན་ཟེར་བ་དེ་རྫོང་སྡོད་རྣམ་སྲས་གླིང་པ་ཕུན་ཚོགས་དབང་པོས་དོ་དམ་བྱས་སྡེ་དྲུག་མཁན་པོར་བསྐུར་འདུག་པ་རྗེས་འབྲང་བཞིན་ཡོད་པ་ཡིན་ནམ་སླེབས་གདོང་སེར་དྲག་ཆེ་བའི་འཚུབ་ཀྱི་རྣམ་པ་ཞིག་བྱུང་། ཡུམ་གྱི་དབུ་ཐོད་གཞིས་ཀ་རྩེའི་གནྡྷོ་ལའི་ཁྲོད་དུའང་


GLG005_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པས་ཙ་རིའི་མཚན་ལྡན་དབུ་ཐོད་བཞིན་མང་དྲགས་ནས་ཐེ་ཚོམ་གྱི་གཞི་ཆེ། བདེ་ཆེན་གྱི་ཞལ་ངོ་ནང་མཚམས་སུ་ཐུགས་མ་མཐུན་པར་སྐུ་ཉེ་དང་དྲུང་འཁོར་འགས་ནང་ལབ་ཀྱི་གཟུ་བཏང་བའི་རྒྱུ་མཚན་སོགས་གསུང་བར་སྟག་རྩེ་ཐའི་ཇི་སྡེ་པའི་སར་བྱོན་ཞོར་དང་ཚེས་བཅུ་གཉིས་ཀྱི་སྔ་དྲོ་མཇལ་ཞིང་ནང་སོ་དཀོན་མཆོག་དར་རྒྱས་ཅན་དང་ཡང་ཕྲད། རྐང་པ་གཡས་པར་འབམ་དཀར་པོའི་རིགས་ཡང་བ་ཞིག་ཞུགས་པའི་དེ་ཉིན་ནས་འཕྲོད་བསྟེན་གྱི་མཚམས་བྱས་ཤིང་ནད་གཡོག་མཆོད་དཔོན་དབུ་མཛད་གཉིས་ཡིན། དྲང་སྲོང་ཆེན་པོ་བྱང་ངོས་ནང་སོ་དར་རྒྱས་ལ་རྩ་ཆུ་རྣམས་གཟིགས་སུ་ཕུལ་བས་འབམ་མ་ཡིན་པའི་ཆུ་སེར་གྱི་ནད་དཀྱུས་མ་ཞིག་ཏུ་ངོས་བཟུང་བའི་ཁོང་སྨད་དང་འབྱུག་སྨན་མཛད་པ་འཕྲོད་ངོ་ཆེ་བའི་ཞག་བཅུ་སྐོར་ལ་ལམ་ཙམ་བདེ་བས་ཁྲོ་རོལ་གྱི་ཆོག་ཁྲིགས་བཀོད། བཀྲ་ཤིས་ལྷུན་པོའི་ཕྱག་མཛོད་ཐོན་པ་འདས་པའི་ཚབ་མ་སུ་བསྐོའི་སྐོར་ལ་མགྲོན་གཉེར་གཞོན་པ་བྱུང་བར་འོས་ཐོ་ལྟར་ད་ལྟའི་ཕྱག་མཛོད་ཕུན་ཚོགས་རབ་བརྟན་བསྐོས་ན་ལེགས་པའི་རྒྱུ་མཚན་ངེད་རང་དང་སྡེ་པ་གཉིས་ཀས་བྱས། ཧོར་ཟླ་དགུ་པའི་ཚེས་གཉིས་ལ་ཁྱབ་བདག་ཞ་ལུ་མཁན་ཆེན་ལ་རྭ་ལུགས་ཀྱི་དུག་དབང་སོགས་ཆོས་བཀའ་ཅི་རིགས་ཞུས། ཕར་འཇིགས་བྱེད་ཀྱི་སྔགས་བཏུ་དང་ཚེ་དབང་འཆི་མེད་དཔལ་སྟེར་ཕུལ། འདི་ལོ་མ་ཧེའི་མཆོད་པ་ཡིན་པར་མཁན་རིན་པོ་ཆེ་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ་ནང་བྱན་ཆུད་ཅིང་ལྗགས་བསྙེན་མཐར་ཕྱིན་པའི་སྟབས་དམ་བཞག་གནང་རྩིས་འདུག་རུང་བསམ་ངན་སྦྱོར་རྩུབ་འཆང་བའི་མ་རུངས་པ་འདྲས་མང་ཇ་ཉུང་ཇ་སྐོལ་བ་བྱུང་ཚེ་དམ་སེལ་གྱིས་འཚུབ་ལྷོངས་ཅི་ཡོང་ཐིངས་དཀའ་བས་དེ་


GLG005_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བསྟན་པའི་བཙས་སུ་སྨིན་གྲོལ་རྒྱུད་བཤད་མན་ངག་གི་འཆད་ཉན་ཡུན་རིང་པོའི་བར་དུ་གནང་བར་རང་ཕན་ཆེ་བར་གོ་ནས་ད་ལམ་རེས་མི་མཛད་པར་ནན་དུ་གསོལ་བ་བཞིན་ཞལ་གྱིས་འཆེས། ཞ་ལུའི་མ་ཧེའི་སྐད་གཏོང་གི་ལམ་ཡིག་བྲིས་ཤིང་ལས་གཤིན་ཡབ་ཡུམ་གྱི་ཞལ་འབག་ལ་འཕྲིན་བཅོལ་གྱི་ཚིགས་སུ་བཅད་པའི་སྙན་དར་འདོགས་རྒྱུ་ཕུལ་བ་མཆོད་པའི་དུས་ཞལ་བརྙན་ཅུང་ཟད་འཆུས་པ་སྙན་དར་བཏགས་པ་དང་འདྲོངས་ཞེས་གླེང་། ཝ་ར་ཎཱ་སི་ནས་པཎྜི་ཏ་གོ་ཀཱུ་ལས་རྒྱ་ནག་ཏུ་ཚོང་པ་བཏང་བའི་འཕྲིན་ལན་བི་ཝརྟ་བཀོད། འཕྲོད་བསྟེན་མཇུག་སྐྱོང་སྟབས་ཚེས་ལྔ་ལ་སྣེའུ་སྡོང་ཞབས་དྲུང་གདུང་བརྒྱུད། རྒྱལ་པོའི་སྲས་རྡོ་རྗེ་དང་ནོར་བུ་རྒྱ་མཚོ། དྲུག་ལ་སྒམ་པོ་སྤྲུལ་སྐུ། རྟ་ཚག་སྤྲུལ་སྐུ། མཁའ་འགྲོ་བློ་བཟང་བསྟན་སྐྱོང་རྣམས་སྐུ་རྐྱང་དང་མཇལ། རྟ་ཚག་རྗེ་དྲུང་གིས་རྒྱལ་བ་ཙོང་ཁ་པའི་ཕྱག་དྲིལ་གྱིས་གཙོས་པའི་སྟེར་སྦྱིན་མཛད། གཏེར་སྒྲོམ་གྱི་ཆུ་ཚན་ལ་འགྲོ་བའི་གྲབས་ཡུལ་གྲུབ་རུང་གློ་བུར་དུ་བློ་ལ་སྦུབས་འཐུམས་ཤར་བས་གནས་ཆུང་ཆོས་སྐྱོང་ཆེན་པོར་ཞུས་པས་བཤོལ་འདེབས་མཛད་པར་བརྟེན་ཚུར་ཆུ་ཚན་ལེན་པའི་སྒོ་ཤར་བ་སྔར་རྒྱུན་བཞིན་རོང་ནས་བླངས། ཆུ་ཚན་སླེབས་པ་དང་རྐང་པ་གཡོན་པའི་མཐིལ་ཡང་ཅུང་ཟད་ན་བའི་འགོ་ཚུགས། བྱང་ངོས་ནང་སོས་སྐྱོན་མི་ཡོང་གསུང་བ་ལྟར་ཆུ་ཚན་བརྒྱབ་པ་གཡོན་མར་གཉན་ཁ་ཞིག་ཞུགས་ཚོད་ནས་ཇེ་ལོད་དུ་སོང་ཞིང་སྔར་དང་མི་འདྲ་བའི་ལུས་རིལ་པོ་བཅུག་པ་ཁྲག་ལ་བརྒྱབ་སྐྱོན་གྱིས་གཡས་པའི་འབམ་དྲག་ཟིན་པའང་སླར་བལྡབས་ཏེ་ཁམས་ནན་ཏར་མི་བདེ་བ་ཞིག་བྱུང་བས་ཆོས་སྐྱོང་ཆེན་


GLG005_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གསུང་བཙན་པའི་ཐོག་ཁོ་ནར་སོང་། ཆུ་ཚན་རྒྱག་སྐབས་མགྲོན་གཉེར་དྲུང་པས་བག་སྟོན་གྱི་སྐལ་བའི་གཞིས་ལེན་བཟབས། དེ་སྐབས་ནོར་བུ་རྒྱ་མཚོ་དང་འཕྲལ་དུ་ཕྲད་པའི་སྐྱོན་ཡིན་ནམ་ཞེས་ལབ་མི་མང་བ་འདུག་རུང་རང་ངོས་ནས་སྨྱོན་པ་མི་ཁྱུར་འཇུག་པ་ཞིག་ཡོང་ལ་རེའི་རྒྱལ་པོ་གོང་འོག་ལ་གོང་བརྒྱབ་པའི་ཤེར་སྙིང་ཚར་གཅིག་བཏོན་པ་ཙམ་ཡང་མེད་པས་དམ་སེལ་གྱི་དོགས་པ་མེད། འོན་ཀྱང་བསམ་ངན་སྦྱོར་རྩུབ་ཅེས་པའི་ཚིག་འདི་ཁྱབ་ཆེས་པས་ཁ་མཚོན་ནི་ཆོད་དཀའོ། བླ་མ་དགེ་སྟེང་པས་གཙོས་གོང་དཀར་དཀོན་གཉེར་རྣམས་ཀྱིས་གདུགས་དཀར་གྱི་མདོས་ཆེན་པོ་ཏ་ལ་ཚོམས་ཆེན་དུ་བཙུགས་པའི་ཉེར་དགུ་ལ་བཏང་། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཞལ་ཐང་ཕྱག་ཞབས་ཀྱི་རྗེས་འོན་མདའ་གསས་ཁང་རྩེར་གནང་བ་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པའི་ཐུགས་དམ་རྟེན་ཡར་ཀླུངས་བསམ་གཏན་གླིང་གི་ནང་རྟེན་ཁྱད་འཕགས་གོང་དཀར་ནས་ཆོས་རྗེ་དཀོན་གཉེར་དཔོན་པར་བྱུང་འདུག་པ་དེ་སྟེར་སྦྱིན་མཛད། བླ་མ་དམ་པའི་སྣམ་སྦྱར་རིན་སྤུངས་པའི་ནང་རྟེན་འོད་མཆོག་པས་དབུ་མཛད་བློ་བཟང་ཡོན་ཏན་ལ་བསྐུར་བ་ལག་ཏུ་འབྱོར། ཧོར་ཟླ་བཅུ་པའི་ཚེས་གཅིག་ལ་དཀོན་གཉེར་གྲ་ཚང་པས་ཞལ་གྱི་བསྐང་མདོས་དང་གྲ་ཚང་དུ་འགོང་པོ་ཨར་གཏད་བྱེ་བ། གྲངས་བཅད་ཀྱིས་དྲི་ཟའི་རྒྱལ་པོར་མདོས་མཆོད་ཕུལ། རྫོང་གཞིས་ཁག་བཅུ་གཅིག་བསྡོམས་པར་བཀའ་འགྱུར་ཚར་བརྒྱ་དང་སོ་གཅིག །བརྒྱད་སྟོང་པ། བསྐལ་བཟང་། གཟུངས་བསྡུས་གསུམ་སྟོང་རྩ་རེ། མཚན་བརྗོད་ཉིས་འབུམ། ཤེར་སྙིང་འབུམ་ཐེར་བཅུ་གཅིག །ཚེ་ཆོག་བཞི། སཱཙྪ་འབུམ། ལྷ་ས། བསམ་ཡས།


GLG005_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲ་འབྲུག་རྣམས་སུ་བརྒྱ་མཆོད། ཕྱུགས་ལུག་བརྒྱ། ཉ་འབུམ་ཚོ་གཅིག་གི་སྲོག་བླུ། སྟར་ཆགས་ཀྱི་མང་འགྱེད་དུ་མི་ཐེ་བའི་གྲ་ས་ཕན་ཚུན་དུ་ཇ་ཚུལ་ཐོག་སྤོང་དག་བཏང་། གྲ་ཚང་ནས་གྲངས་བཅད་ཀྱིས་འབྱུང་བ་རིན་ཆེན་ཀུན་འདུས་ལ་བརྟེན་པའི་སྲི་འབྲས་སྤུངས་དང་འཕྱོང་རྒྱས་སོགས་འགའ་ཞིག་ཏུ་མནན། སྤྲུལ་སྐུ་པདྨ་གླིང་པས་བུམ་ཐང་སྨད་ཀྱི་སྐྱིར་ཚོགས་སེང་གེ་ཁྲི་ཙོག་བྲག་ནས་འགྲོ་བ་ཀུན་འདུལ་གྱི་ཆོས་སྐོར་དང་ལྷན་དུ་གདན་དྲངས་པའི་དྲག་དམར་གྱི་སྐུ་ཁྱད་ཅན་དེ་ལྷོ་བྲག་བྷཉྫ་དགོན་པ་ནས་བླུས་མི་བཏང་བྱུང་བ་བླུ་ཡོན་གང་ལེགས་བྱིན་བར་ཆད་ཞི་བའི་རྟེན་འབྲེལ་གྱི་སྒོ་འགྲིག །ཚངས་པ་དུང་ཐོད་ཅན་གྱིས་ཚེར་གསེབ་བླ་མ་མངགས་ཏེ་ཡུན་དུ་གནས་པའི་རྟེན་འབྲེལ་དུ་སྟག་གདན་ལེགས་པ་ཞིག་གི་རྟེན་དང་བཅས་པའི་གསུང་འཕྲིན་བྱུང་བའི་ལན་དུ་རྒྱལ་ཁམས་སྤྱིའི་ལུང་བསྟན་དགོས་པའི་རྒྱུ་མཚན་གསོལ། ཆོས་སྐྱོང་གི་རིགས་ཀྱིས་གདན་འདིང་བ་ལ་རྣམ་རྟོག་བྱེད་ཟེར་གྱིན་འདུག་ཀྱང་སྟག་ལོ་བསམ་ཡས་གནོད་སྦྱིན་ཆེན་པོར་བྱུང་བ་དང་འདི་གཉིས་ཀ་བཏིང་བས་མ་འཕྲོད་པ་མ་བྱུང་། ཚོང་འདུས་ཆོས་སྐྱོང་ཆེན་པོ་བྱ་ཁྲིད་མིག་གཅིག་པས་གསོལ་མཆོད་འཁྱེར་བདེ། སྦུག་ཆོལ། རྔ་གཉིས་རྣམས་དགོས་གསུང་བ་དེ་དོན་ཕུལ་ཞིང་རྒྱལ་ཁམས་སྤྱིའི་ལུང་བསྟན་དགོས་ཚུལ་འཕྲིན་ལན་དང་བཅས་ཆང་ཁྱིམ་པ་བཏང་། གདོད་ཁ་ཆོས་མཛད་ཕ་མེས་ས་ལུགས་ཀྱི་སྦྱིན་བདག་ཏུ་སོང་བས་ཁ་ཏོན་དུ་མགོན་པོ་ཆེ་ཆུང་གི་གཏོར་ཆོག་འཁྱེར་བདེ་དགོས་ཚུལ་བཀོད། ཟུར་ཁྱབ་བདག་བླ་མ་དག་ཞིང་དུ་གཤེགས་རྗེས་སྐྱིད་ཤོད་ཕྱོགས་སུ་ཁྲོ་རོལ་ཚད་ལྡན་གཏོང་མཁན་མ་རྙེད་པས་དཔལ་རི་སྒྲུབ་


GLG005_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་པའི་གྲ་གྲངས་བོས་པ་ཡིན་རུང་ལ་ཆུ་བགྲོད་དཀའ་བ་དང་བཅས་དཔལ་རི་བས་འཕྱོང་རྒྱས་རྫོང་དུ་བཏང་བའི་རྒྱབ་ཆོས་རི་བོ་བདེ་ཆེན། བཀྲ་ཤིས་བདེ་ཆེན། ལམ་རིམ་པ་གསུམ་རེས་སྐོར་བྱས་ཏེ་ད་ལམ་གྱི་ཁྲོ་རོལ་འདི་ནས་བཟུང་ཕན་བདེ་ལེགས་བཤད་གླིང་པ་གྲ་པ་བཞི་བཅུ་སྐོར་གྱིས་ཕོ་བྲང་པོ་ཏ་ལ་ནས་སྟར་ཆགས་སུ་བཏང་ཞིང་དམངས་མས་འཇམ་དཔལ་ཟིལ་གནོན་གྱི་ཟོར་སྒྲུབ་མཛད། བླ་མ་མངའ་བདག་ཆེན་པོའི་གཏེར་བྱོན་མགོན་པོ་གཡུལ་བཟློག་དེ་ཟུར་འཇམ་དབྱངས་བླ་མས་ཕྱག་ལེན་དུ་གནང་གིན་འདུག་ཀྱང་དེང་སང་འུག་བྱ་ལུང་པ་ཙམ་ལས་མཛད་མི་གཞན་དཀོན་པས་འདི་ལོ་ནས་སྟར་ཆགས་སུ་འུག་བྱ་ལུང་པ་དཔོན་སློབ་སྒྲུབ་ཞག་ཁྲོ་རོལ་དང་དབྱིབས་མཚུངས་པ། རྒྱབ་ཆོས་དཔལ་འཁོར་ཆོས་སྡེ་བ་རེས་སྐོར་གྱིས་ཤེར་སྙིང་གསུངས། རིམ་གྲོ་ཚན་ཆེས་པ་དང་བྱང་ངོས་ནས་ཀྱིས་འཕྲོད་བསྟེན་མུ་འཐུད་མཛད་པས་ཧོར་ཟླ་བཅུ་གཅིག་པ་ཚེས་ནས་འབམ་དྲེག་གི་ནད་གཉིས་ཀ་རིམ་བདེ་བྱུང་། འོན་ཀྱང་སྨན་དཀར་དང་བཙོང་བཅོས་སོགས་འབམ་གྱི་འཕྲོད་བསྟེན་སོར་བཞག་རྗེས་གཅོད་གཏར་ཁ་དང་བཅས་པ་ཞིག་མཛད་ན་དྲག་སླ་ཞིང་ནད་གསར་པར་སོང་བས་རྗེས་སུ་མི་བལྡབས་པ་འོང་ཚོད་དུ་འདུག་རུང་བཙུན་མོ་ཆེ་བས་ཀྱང་སྤྲང་པོའི་བུ་ཆུང་ཞིག་ཉོས་ནས་ཤ་ལ་སྦྱར་ཏེ་ང་ལའང་མདང་འདི་སྐྱེས་པ་ཡིན་ནོ་ཟེར་བར་བློན་པོ་རྣམས་ན་རེ་མདང་སྐྱེས་པའི་བུ་ཆུང་ལ་སོ་མི་འབྱུང་སྟེ་ཡུམ་གྱི་བཀའ་བཙན་དུ་ཆུག་བྱས་པས་མངའ་བདག་ཡུམ་བརྟན་ཞེས་ཟེར་བའི་དཔེ་ལྟར་ད་ལྟའི་བར་དུ་ནད་རོ་ལུས་པར་དོགས་ཀྱང་རང་ཉིད་ཀྱིས་ཚེ་རབས་མང་པོར་གཞན་གྱི་ཡན་ལག་བཅད་གཏུབས་སོགས་བསོད་ནམས་མ་ཡིན་པ་བསགས་པའི་ལས་ནད་གཙོ་ཆེ་བ་ཞིག་
མིན་པའི་ངེས་པ་ཅི་ལ་ཡོད། སྒོ་མང་གྲ་ཚང་གི་གྲ་པ་དགོན་ལུང་པ་ཞིག་གིས་གསར་རྩོམ་མཛོད་ཀྱི་རྒྱུགས་སྤྲད། དཔོན་མཁའ་འགྲོ་བློ་བཟང་བསྟན་སྐྱོང་གིས་བསྟན་འཛིན་ཆོས་རྒྱལ་གྱི་དགོངས་རྫོགས་ལ་དམིགས་ནས་ཇོ་ཤཱཀ་གི་སྤྱན་སྔར་དངུལ་གྱི་མཎྜལ་ཆེ་ལེགས་ཀྱི་ཁ་བྱང་ལ་འབྲི་རྒྱུའི་སྨོན་ལམ། རྒྱལ་ལེགས་བཤད་གླིང་སློབ་དཔོན་པས་བསྐུལ་བའི་མི་འགྱུར་བར་གནས་པའི་ཚིགས་བཅད། ངམ་རིང་མཁན་ཆེན་ལོ་ཙཱ་བའི་སློབ་མ་འབྲོང་རྩེ་ལྷུན་གྲུབ་གླིང་པ་བློ་བཟང་ནོར་བུས་སྙན་ཚིག་གི་ཡི་གེ་བསྐུར་བའི་འཕྲིན་ལན་རྣམས་བྲིས། གྲ་ཚང་ནས་གྲངས་བཅད་ཀྱིས་གཤིན་རྗེ་མེའི་སྤུ་གྲིའི་ལས་སྦྱོར་དང་ཉི་ལྡོག་གི་རིམ་གྲོ་རྣམས་དཀྱུས་བཞིན་བཙུགས། བཀྲ་ཤིས་ལྷུན་པོའི་དངུལ་གདུང་གྲུབ་པའི་བླ་བྲེ། བརྒྱ་མཆོད། གོས་ཡུག་དམར་སེར་སྨོན་ལམ་གྱི་འདོད་གསོལ་དང་བཅས་འབུལ་བར་གདོང་ཁ་ནས་ཉེར་བདུན་ལ་ཐོན། བདག་ཏུ་མ་བཟུང་བའི་རི་རྒྱ་ཀླུངས་རྒྱ་རྒྱུན་ལྡན་དུ་ཡོད་པར་མ་ཟད་འདི་ལོ་སོ་སོས་བདག་ཏུ་བཟུང་བའི་སྲོག་ཆགས་རྣམས་ཀྱང་མི་གསོད་པའི་དབུས་གཙང་ཀུན་ཏུ་བསྡམ་ར་བྱས་ཏེ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་སྤེལ། ཧོར་ཟླ་བཅུ་གཉིས་པའི་ཚེས་ལྔ་ནས་གྲ་ཚང་གི་གྲངས་བཅད་ལ་སྲི་གནོན་བཙུགས། དགའ་ལྡན་ཆོས་འཁོར་ཡང་རྩེའི་གྲ་པ་བརྒྱད་དང་དགའ་ལྡན་གསུང་རབ་གླིང་གི་གྲ་པ་གཅིག་དང་བཅས་པས་དབུ་ཕར་མཛོད་སོགས་ཀྱི་རྒྱུགས་སྤྲད། ལོ་མཇུག་གི་དུས་རིམ་ལེ་ཚན་རྣམས་དེབ་ཤར་བཞིན་བཏང་། ཆོས་དབང་རིན་པོ་ཆེའི་ཚེམས་ལྷ་བྲོ་གདུང་བརྒྱུད་པའི་བསྔོ་རྟེན་དུ་འབྱོར།

དགུང་ལོ་ཞེ་བརྒྱད་པར་བསྒྲུབ་བྱ་མང་པོར་དགེ་ཚུལ་སློང་གི་སྡོམ་པ་སྩལ་པ་དང་། འབྲི་གུང་གཏེར་སྒྲོམ་ནས་ཆུ་ཚན་བླངས་ཏེ་འཕྲོད་བསྟེན་གནང་བ་བཅས་ཀྱི་སྐོར།


GLG005_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཧ་ཅང་ཡུན་རིངས་པས་ཐག་རིང་དུ་མ་ཟད་ཉེ་སྐོར་རྣམས་ཀྱང་གསང་སྒོ་ལྟ་བུ་བྱས་པར་


GLG005_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་མཁན་ཡོད་འདུག་པ་ཤིང་འབྲུག་འདོད་ཁམས་དབང་ཕྱུག་མ་མཆོད་པའི་ཚོགས་དབུར་ཕྱིན་པར་ཐེ་ཚོམ་གྱི་མདུད་པ་གྲོལ། ཚོམས་ཆེན་དུ་དགའ་སྟོན་གྱི་བཞུགས་གྲལ་བཤམས། ཚེས་གསུམ་ལ་བྲག་དབར་གྲ་ཚང་སློབ་དཔོན་ངག་དབང་ནོར་བུ་གྲ་དམངས་དང་བཅས་པ་བརྟན་སྡོད་ཀྱི་སྨོན་ལམ་བཏབ་ཅིང་ཞལ་འདོན་གྱི་ཚིགས་བཅད་བསྐུལ་བའང་བྲིས། བསྙེན་རྫོགས་ང་དྲུག་དང་རྟ་ཚག་སྤྲུལ་པའི་སྐུས་གཙོས་དགེ་ཚུལ་དོན་བཞི། དགེ་བསྙེན་གཉིས་རྣམས་བསྒྲུབས། རྟ་ཚག་སྤྲུལ་པའི་སྐུར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། ཕྱག་རྡོར་འབྱུང་འདུལ། ཨ་ར་པ་ཙ་ན་གཙོ་རྐྱང་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ། བ་རི་ལུགས་ཀྱི་རྣམ་འཇོམས། སྣར་ཐང་བརྒྱ་རྩའི་ནང་གི་མི་འཁྲུགས་པའི་རྗེས་གནང་། ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ། ཆོས་སྤྱོད་རགས་བསྡུས་ཀྱི་ལུང་། མཁའ་འགྲོར་ཕྱག་དྲུག་པའི་རྗེས་གནང་། རྒྱལ་བ་ཙོང་ཁ་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར། འབྲས་སྤུངས་ཀྱི་སློབ་དཔོན་རྣམས་ལ་སྤྱན་འདྲེན་ཁྲུས་གསོལ་གྱི་ལུང་རྣམས་ཕུལ། རྗེ་དྲུང་དཔོན་སློབ་ཁམས་སུ་འབྱོན་གདོང་རྫོང་བ་གང་ལེགས་བྱས། དགེ་པའི་རིགས་འདི་འདི་ཕྱིའི་འཁོར་བའི་འཁོར་ལོ་བསྐོར་བའི་རྒྱུར་མ་སོང་བ་གལ་ཆེ་འདུག་རུང་དེང་སང་ཆོས་བརྒྱད་འཆིང་བའི་རེ་དོགས་ཀྱིས་བྱང་ཆུབ་ཀྱི་ཆེད་དུ་སྒྲུབ་མཁན་རང་གཞན་ཀུན་ལ་དཀོན་པར་སྣང་། དེ་མཚུངས་སྟག་རུ་ནས་ཀྱིས་འཕྱོང་རྒྱས་ཡབ་གཞིས་སུ་སོང་བས་དེར་སྐུ་རིམ་བཙུགས་ན་འགྱུར་ཆེ་ཟེར་བ་བདག་གཅེས་འཛིན་གྱི་དབང་གིས་དེ་དོན་ལྷུར་བླངས་ལོ་སྟར་ཆགས་སུ་ཁད་ཉེ་འབྲེལ་མཚུངས་ཀྱི་དགོན་ཁག་ནས་རེས་སྐོར་གྱིས་དགེ་འདུན་བརྒྱ་དང་བརྒྱད་རེ་གདན་དྲངས་པའི་


GLG005_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་དང་པོར་ཐོས་བསམ་དར་རྒྱས་གླིང་པས་གདུགས་དཀར་འབུམ་ཐེར། གཉིས་པར་རི་བོ་བདེ་ཆེན་པས་འབུམ་བརྒྱ། གསུམ་པར་དཔལ་རི་བས་གཤིན་རྗེ་ནག་པོ་སུམ་དྲིལ། བཞི་པར་བཀྲ་ཤིས་བདེ་ཆེན་པས་མཚན་བརྗོད་འབུམ་ཐེར། ལྔ་པར་བཀྲ་ཤིས་རྩེ་ཆོས་སྡེ་བས་རྣམ་རྒྱལ་སྟོང་མཆོད། དྲུག་པར་རི་བོ་ཆོས་གླིང་པས་མཚན་བརྗོད་འབུམ་ཐེར། བདུན་པར་ཚ་མིག་ཚོགས་པས་སྨན་བླ། བརྒྱད་པར་རྩེད་ཐང་ལྔ་མཆོད་པས་ཤེར་སྙིང་། དགུ་པར་འབྲས་བུ་གླིང་པ། བསམ་གཏན་རྩེ་བ། སྤྱན་གཡས་དགོན་སྟོད་པ་གསུམ་དྲིལ་བས་ཚེ་གཟུངས། བཅུ་པར་ལམ་རིམ་པས་མཚན་བརྗོད་འབུམ་ཐེར། བཅུ་གཅིག་པར་མངའ་རིས་གྲ་ཚང་པས་འབུམ་བརྒྱ། བཅུ་གཉིས་པར་ཆད་དཀར་ཆོས་སྡེ་པ་ཡིན་ཀྱང་བར་སྐབས་སུ་རྫོང་དཔོན་དང་མ་མཐུན་པའི་རྗེས་སུ་གྲ་རི་བོ་རྣམ་རྒྱལ་བ་དང་འཕྱོས་ཆོས་འཁོར་སྟེང་པ་བསྡོམས་པས་གདུགས་དཀར་འབུམ་ཐེར་རྣམས་ལྷག་བཅས་བཏང་བའི་མཆོད་ཆས། ཇ་ཐུག །ཕོགས་ཡོན་སོགས་གཏོང་སྒོ་ཁྱོན་བསྡོམས་ལོ་རེར་འབྲུ་ཐོག་ཏུ་ཕབ་པར་མཁའ་རུའི་ཁལ་ཉི་ཁྲི་བདུན་སྟོང་སུམ་བརྒྱ་ལྷག་བཅས་འགྲོ་བར་སྣང་། ཨོ་རོད་ཤེས་རབ་སེང་གེས་ཟང་ཟིང་གི་བདོག་པ་བསྟབས་ཤིང་ཕྱག་དྲུག་པའི་རྗེས་གནང་དང་རྒྱལ་མོ་ཆེ་ཆུང་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར། བསྙེན་རྫོགས་ང་ལྔ། དགེ་ཚུལ་རེ་གཉིས། རབ་བྱུང་མ་གཉིས་རྣམས་བསྒྲུབས། འདི་ལོ་ནས་བཟུང་གྲ་ལྡུམ་པོ་ནས། འདར་པ་ལོ་ཙཱ། འཕྱོས་ཕུ་གུ་ལུང་པ་སྐྱ་སེར་རྣམས་ཀྱིས་ལོ་བརྒྱད་བར་ཀྱི་ཕུག་པ་མན་ངག་ལུགས་ལྟར་ལེའུ་ཐོ་བཟོས། ཚེས་བརྒྱད་ནས་བདུན་


GLG005_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་བར་འཕགས་པ་མཆེད་ཀྱི་དྲུང་དུ་མཆོད་པ་རྒྱས་པར་བཤམས། གསོལ་འདེབས་སྨོན་ལམ་སྡིག་བཤགས་ནན་ཏན་དུ་བྱས། བཅུ་བཞི་ལ་ཕན་བདེ་ལེགས་བཤད་གླིང་པས་བདོག་པ་མཎྜལ་གྱི་ཚུལ་དུ་བསྟར་ཏེ་འཆི་མེད་འོད་སྣང་གི་དཀྱིལ་འཁོར་ལ་བརྟེན་ནས་ཚེའི་རྟེན་འབྲེལ་བསྒྲིགས། ཡེར་པ་སློབ་དཔོན་ཟུར་པ་ཉང་རེ་རབ་འབྱམས་པ་དང་ཕུ་ལུང་སྐྱ་རྒྱལ་ནོར་བུ་གཉིས་ཀྱིས་བསྐུལ་བའི་བདག་བསྟོད་རེ། ར་ཁོ་ཆོས་རྗེའི་ངོར་སྨོན་ལམ། ཤམྦྷར་ཆོས་རྗེ་སྔགས་འཆང་བྲག་ལ་བས་བསྐུལ་བའི་རིང་འཚོའི་ཚིགས་བཅད། དཔོན་མཁའ་འགྲོས་ཇོ་བོ་རིན་པོ་ཆེར་དངུལ་ཀོང་ཕུལ་བའི་ཁ་བྱང་རྣམས་བརྩམས། ཚངས་པ་དུང་ཐོད་ཅན་གྱིས་ལྐོག་གྱུར་གྱི་ལུང་བསྟན་གསལ་བར་མཛད་པའི་ལན་ཚིགས་བཅད་དུ་ཕུལ། བཅུ་བདུན་ལ་མཆོད་དཔོན་པས་གཙོས་པའི་གྲ་པ་ཁ་ཤས་ཆོས་འཁོར་རྒྱལ་དུ་བྱམས་ཆེན་ལ་བརྒྱ་མཆོད། མགོན་ཁང་སོ་སོར་གཏོར་གསོ། སྤྱན་གཟིགས་འབུལ་བར་མངགས་པར་འདོད་གསོལ་སྨོན་ལམ་བྲིས་པའི་སྙན་ཤལ། མཆོད་དཔོན་པ་སྒེར་གྱིས་སྙན་དར་འགའ་ཞིག་འབུལ་བའི་ཁ་བྱང་དགོས་ཟེར་བ་བྲིས། དེ་ནུབ་ནས་བཟུང་བདུན་གཅིག་གི་བར་མཚམས་ཤིན་ཏུ་དམ་པས་བཅད་དེ་རྡོ་རྗེ་གྲོ་ལོད་བསྙེན། འབྱུང་པོའི་རྩུབ་ལྟས་རྣམས་མར་ལ་ལྕགས་བསྲེགས་བཞིན་གྱུར། སྔོན་ནས་མཚམས་ཁོག་ཏུ་བཅུག་པ་ལྟར་ཁྱབ་བདག་སྨན་ལུང་པ་དང་མཇལ་ཞིང་བདུད་རྩི་ཆོས་སྨན་གྱི་ཕུད་གནང་བ་རྟེན་འབྲེལ་འགྲིག །མཁའ་འགྲོས་ཆོས་སྡེ་ཚོར་འཛུགས་རྩིས་ཀྱིས་བསྟན་པ། བསྟན་འཛིན། སྦྱིན་བདག་


GLG005_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཀུན་ལ་འཇུག་པའི་སྨོན་ལམ་གང་གིས་བཏོན་ཀྱང་རིས་བཅད་དུ་མི་འགྲོ་བ་ཞིག་དུས་ཀྱིས་གཏུགས་པས་མྱུར་དུ་དགོས་ཚུལ་བྱུང་བ་ཐུན་འཚམས་ཤིག་ལ་བརྩམས་པ་མཚམས་གྲོལ་ནས་གཏད། ཉེར་བཞི་ལ་མཁའ་འགྲོས་གསེར་དངུལ་ཇ་པགས་རིགས་སོགས་ཁྲི་འབུལ་བཏེག །སང་ཉིན་དགའ་ལྡན་ཁྲི་རིན་པོ་ཆེ། བྱང་རྩེ་བ། ནཱ་ལནྡཱ་བཅོ་བརྒྱད་པ། སྐྱོར་ལུང་མཁན་པོ་རྣམས་དང་མཇལ། བདེ་ཆེན་ཆོས་རྗེ་བློ་བཟང་ཆོས་རྒྱལ་དབང་ཕྱུག་ཡབ་སྲས་ལ་ཚེ་རྟ་དང་བཀྲ་ཤིས་ལྗོངས་ཆོས་རྗེར་སྤྱོད་འཇུག་གི་ལུང་ཕུལ། བསྙེན་རྫོགས་དོན་གཅིག །དགེ་ཚུལ་ཞེ་བདུན། དགེ་བསྙེན་གསུམ་རྣམས་བསྒྲུབས། སྦྱར་ར་ཨའོ་ངག་དབང་ཚེ་བརྟན་གྱིས་རིག་འཛིན་ཆེན་པོ་རཏྣ་གླིང་པའི་གཏེར་མའི་པདྨ་གུ་རུ་ཡབ་ཡུམ་ལྷུན་གྲུབ་ཕོ་བྲང་གི་ནང་རྟེན་ཁྱད་ཅན་དེ་བྱིན་བྱུང་བར་དེ་བཞིན་གཤེགས་པའི་འཕེལ་གདུང་གིས་ཐོག་དྲངས་བྱིན་རླབས་རྟེན་དང་དངུལ་སྲང་ལྔ་བཅུ་ལྷག་ཙམ་གྱི་སྟེར་སྦྱིན་བྱས། སྤྱིར་ཡང་གཏེར་བྱོན་གྱི་རིགས་ལ་སྲུང་མ་རྣམས་འཁྲེན་ཞིང་ཁྱད་པར་རྟེན་འདི་ལ་སྡེ་དགུ་འཁོར་ཉམས་ཆེ་བ་སྣང་བས་དེ་ནུབ་གསོལ་མཆོད་བཟབས་རྒྱས་དང་གསེར་སྐྱེམས་བཏང་བས་འཇམ་པ་བྱུང་། དགའ་ལྡན་གསང་སྔགས་གླིང་གི་སློབ་དཔོན་ངག་དབང་ཕུན་ཚོགས། རིག་འཛིན་སྟོབས་ལྡན་དབང་པོའི་སྲས་ཟིལ་གནོན་དབང་དྲག་རྡོ་རྗེ། རྡོ་རྗེ་བྲག་པའི་ཁམས་སུ་འགྲོ་བའི་འབུལ་དཔོན་ཞིག་དང་བཅས་པར་བྱང་གཏེར་ཐུགས་རྗེ་ཆེན་པོ་དང་རིག་འཛིན་གདུང་སྒྲུབ་ཀྱི་ཆོས་སྐོར་ཡོངས་རྫོགས་ཀྱི་ལུང་ཁམས་པ་འོད་ཟེར་བླ་མར་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་རྗེས་གནང་བྱས། བསྙེན་


GLG005_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སུམ་ཅུ་དང་དགེ་ཚུལ་རེ་བདུན་བསྒྲུབས། མཁའ་འགྲོར་ཚེ་དབང་བརྒྱ་རྩ་དང་སྟག་རྩེ་ཐའི་ཇིར་ཚེ་དབང་ཕུལ། གདན་ས་འོག་གི་བཙུན་མོ་ནོར་བུ་བུ་ཁྲིད་གཤེགས་པའི་བསྔོ་རྟེན་དུ་ཕྲོམ་རྫར་འབྱོར་ཞིང་བདོག་པའི་སྐྱེས་ཀྱི་ལན་བསྲིངས། ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་རྭ་བསྒྲེང་མཁན་པོ། བྱམས་གླིང་མཁན་པོ། མཁའ་འགྲོའི་གྲ་ཚང་རྣམས་ལ་ཆོས་སྤྱོད་རབ་གསལ་ནས་ལུང་གང་ཐོབ་བཀླགས། གཉིས་ལ་དཔོན་མཁའ་འགྲོས་རིང་འཚོའི་རྟེན་འབྱུང་བསྒྲིགས་ཐོག་རྒྱལ་པོ་དཔོན་གཡོག་ཀྱང་ཕེབས། གསུམ་ལ་ཁྱབ་བདག་ཁྲ་ཚང་བའི་དྲུང་དུ་ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་ལུང་གི་དབུ་བཙུགས་ཤིང་མུ་འཐུད་དུ་ཉི་ཁྲི་སོགས་ཀྱང་ཞུས། རི་སྒོ་གཟིམས་ཤག་ལྷོ་པའི་བན་བཙུན་གཉིས་ཀྱིས་བསྐུལ་བའི་བདག་བསྟོད་དང་། དྲུག་བརྒྱ་བ་དཀོན་མཆོག་ཚེ་དབང་གི་ངོར་འཁྲུངས་རབས་གསོལ་འདེབས་བྲིས། ངམ་རིང་མཁན་ཆེན་མང་ཡུལ་ལོ་ཙཱ་བ་དང་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་གྲགས་པའི་བསྟི་གནས་འོལ་དགའ་རིན་ཆེན་སྒང་གི་བླ་མ་མང་ཐོས་བློ་བཟང་མཁས་བཙུན་གཉིས་ཀྱིས་བདོག་པའི་ཚན་གྲངས་སྤེལ་ཏེ་ཡུན་དུ་འཚོ་བའི་ཁས་ལེན་དགོས་ཚུལ་བྱུང་བ་སྒྲིབ་པའི་ལུས་ཅན་གྱིས་ཚེ་བྱིན་གྱིས་བརླབས་ཞེས་སྨྲ་བ་གཞན་ཁྲེལ་གྱི་རྫུན་ཟོག་ག་ལ་ནུས་ཀྱང་ཚེ་རིང་བ་མི་འདོད་པ་ཆེར་མི་འབྱུང་བས་ཡུན་དུ་འཚོ་བའི་ཐབས་ལ་གང་བརྩོན་བྱེད་ཚུལ་སྙན་ངག་གི་ལམ་ནས་དྲངས་པ། དེ་མཚུངས་བྱིང་པ་བདེ་ལེགས་ཀྱི་རྩོམ་ལན། རུ་ཐོག་དབང་པོའི་དཔེ་ཆ་གཡར་པོ་རྣམས་སྐྱེལ་བར་འཕྲིན་ཡིག་ཚིགས་བཅད་རྣམས་བསྲིངས། འབྲོག་བྲག་ར་བས་རྒྱལ་མཁར་རྩེའི་ནང་རྟེན་མཽངྒལ་གྱི་ཚེམས། ལྷོ་བྲག་རཏྣའི་དབོན་བརྒྱུད་


GLG005_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྲགས་པ་ཞིག་གིས་སློབ་དཔོན་ཆེན་པོས་ཉིན་གཅིག་ལ་ཆང་ཁལ་ལྔ་བརྒྱ་བཞེས་པའི་ཞལ་སྐྱོགས་དུང་ཤ་ཁྲ་ཅན། སྲིན་མོའི་སེན་མོ་ཕན་བདེ་བའི་ནང་རྟགས་ཕྱིར་ཤར་ལ་བརྟེན་གཉེར་པ་ཐོས་བསམ་གྱིས་གཞུང་ཆིངས་རས་སུ་བོར་བའི་གནམ་གོང་དགོན་རང་འཚམས་ཀྱིས་ཧབ་ལེན་བྱས་པར་ཇོ་མོ་རྫོང་མི་རྟག་སྒྱུ་མའི་རང་མཚང་གིས་ཐོས་བསམ་ཕྲད་པར་ཡོང་དུས་སངས་རྒྱས་གླིང་པས་མཆིམས་ཡུལ་འོར་ཤོད་རླུང་སྒྲོམ་འབར་བ་ནས་གདན་དྲངས་པའི་རིག་འཛིན་ཧཱུྃ་དགའི་སྲས་མོ་དཔལ་མོ་འཛོམ་པ་སྐྱིད་ཀྱི་དབུ་ཐོད། ཐང་ཡིག་ནས་བཤད་པའི་བྲམ་ཟེ་སྐྱེ་བ་བདུན་པ་དྲི་མེད་སྙིང་པོའི་དབུ་ཐོད་དྭགས་པོ་སྒྱེར་བྱེ་མ་དཀར་པོ་ནས་སངས་རྒྱས་གླིང་པས་སྤྱན་དྲངས་པ་དང་། ལོང་པོ་བྱང་དེ་འབུམ་པའི་མཆོད་རྟེན་ཁྲི་འཕང་བདུན་པའི་ཤར་ཕྱོགས་ནས་བཏོན་པའི་སངས་རྒྱས་ཀྱི་འཕེལ་གདུང་། འཛམ་བུ་གླིང་གི་ས་སྣ་རྡོ་སྣ་ལ་བརྟེན་པའི་ཨྱོན་རིན་པོ་ཆེའི་ཕྱག་བཟོ་ཟིལ་གནོན་སེང་གེ་གནས་ཆེན་མང་པོར་ཡོད་པའི་ནང་ནས་བུ་ཆུ་གཟི་ཁྱི་གུར་གྲགས་པ། ཁྱབ་བདག་ཞ་ལུ་པ་ཆེན་པོས་རིང་པོར་གནས་པའི་རྟེན་འབྲེལ་དུ་ཚར་ཆེན་གྱི་སྨན་སྐུ་ཕྱག་ནས་མ་བྱིན་རླབས་ཅན། འདར་པ་ལོ་ཆེན་གྱིས་ཚར་ཆེན་གྱི་ཕྱག་ནས་མའི་སྒྲོལ་དཀར་གྱི་སྐུ་ཐང་རྣམས་རིམ་གྱིས་ལག་ཏུ་སོན། འབྲི་ཁུང་སྤྲུལ་པའི་སྐུ་དང་ལྕོག་གྲ་བ་གཉིས་ཀྱིས་ཡུན་དུ་གནས་པའི་ཤིས་བརྗོད་ཀྱི་རྩོམ་པ་མཛད། མཆོད་དཔོན་དབུ་མཛད་གཉིས་ཀྱིས་གསེར་ཚགས་རྒྱུའི་གསེར་རྣམས་བཏོན་དོ་དམ་གཉེར་པ་སྦྱིན་པས་བྱས་ནས་ཕན་བདེ་ལེགས་བཤད་གླིང་པའི་སྤོས་ཕོར་ར་མ་ལུག་གཉིས་བཟོས་པའི་ཁ་ཡིག་དང་། ཕོ་བྲང་


GLG005_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཏ་ལའི་ལི་མ་ལྷ་ཁང་གི་དེབ་ཀྱི་མཆོད་བརྗོད་བརྩམས། ཤངས་བཀྲ་ཤིས་རྩེ་པས་དད་རྟེན་དུ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་ལག་བྲིས་སུ་བཀོད། རྒྱལ་པོ་དང་མཁའ་འགྲོ་དཔོན་གཡོག་ཁ་ཤས་ལ་བཅུ་གཅིག་ཞལ་གྱི་རྗེས་གནང་ཕུལ་ཞིང་བཅུ་བཞིའི་ཞོགས་སྨྱུང་གནས་ཀྱི་གསོ་སྦྱོང་ཕབ། ཉེར་བརྒྱད་ནས་ལོ་སྔ་མའི་རྐང་པའི་ནད་རོ་ཅུང་ཞིག་འཕར་བའི་ཁར་ལག་གཡས་གཡོན་གྱི་གྲུ་མོར་སྐྲངས་ཆེ་བ་ཞིག་བྱུང་བ་དཔོན་ཚང་བྱང་ངོས་ནས་ཀྱི་ཕྱག་གཡོག་འཚོ་བྱེད་ལྷག་བསམ་གྱིས་བྱས་པའི་སྨན་བྱུག་དང་ཁོང་སྨན་བཏང་ལྷ་རྗེ་དང་ཟླ་བོ་ཚང་མས་རྣག་ཅིག་བརྡོལ་ཡོང་བ་འདྲ་ཞེས་གླེང་ཡང་ཟླ་བ་གསུམ་པ་སྔ་མའི་ཚེས་གཅིག་ལ་ཁྱབ་བདག་སྨན་ལུང་པས་གདོན་འགྲོལ་དང་འཆི་བླུའི་རིམ་གྲོ་གནང་། ཚེས་བརྒྱད་ལ་གྲ་ཚང་ནས་ཞིང་སྐྱོང་དབང་པོར་མཆོད་གཏོར་རྒྱས་པར་བཏང་བ་སོགས་ཀྱིས་ཞག་གསུམ་བཞི་ནས་སྐྲངས་པོ་རྣམས་རང་ཞིར་སོང་། བྱང་ངོས་ནས་ཀྱིས་མི་རྣམས་ཀྱི་སར་བརྡབས་ཆག་དང་ལྷོག་སྐྲངས་མ་གཏོགས་ལག་པ་ན་མཁན་ཆེར་མི་ཡོང་འདི་འདྲ་སྐུ་རིམ་འདོད་པའི་རྐང་འཐེང་ལག་འཐེང་ཡིན་འདུག་གསུང་བ་སྡེ་པས་གསན་པའི་མ་མཉེས་པ་བྱུང་འདུག །དངོས་གཞི་རྒྱུད་ལས། རྐང་པའི་མཐེབ་མོ་ལག་པའི་གྲུ་མོར་གནས། དང་པོ་ཁོལ་བུ་རྙིངས་ནས་མཆེད་པར་འགྱུར། །ཞེས་པའི་ལག་པའི་དེ་ཡང་དྲེག་ནད་ཡིན་སྣང་བས་སྔར་མ་གྲགས་པ་ལྟ་བུའི་བརྡབས་ཞོགས་ཀྱང་དགོས་རྒྱུར་མི་འདུག །ནད་གཡོག་རྐང་མ་མཆོད་དཔོན་པ་དང་མ་ལྕོགས་དུས་དབུ་མཛད་ཀྱིས་བྱས། རྫོང་གཞིས་ཁག་བཅུ་གཉིས་བསྡོམས་པར་བཀའ་འགྱུར་ཚར་ཆིག་བརྒྱ་བརྒྱད་ཅུ། མཚན་བརྗོད་ཆིག་འབུམ། ལྷ་ས་


GLG005_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཡས། ཁྲ་འབྲུག་རྣམས་སུ་བརྒྱ་མཆོད་སྣ་ལྔའི་ཐོག་དགེ་འདུན་ཚུལ་ལྡན་བཅུ་སྐོར་གྱིས་སྨན་བླའི་མདོ་ཆོག་ཆེན་མོ། འཇམ་དཔལ་ཟིལ་གནོན་གྱི་གཏོར་བཟློག་གཉིས། ལས་གཤིན་དུག་སྡོང་ནག་པོ་གཅིག །འཇོམས་བྱེད་འཆར་ཀ་ནག་པོའི་མདོས་ཆེན་གསུམ། ཕུར་བཟློག་གཉིས། གྲ་ས་ཚུན་དུ་ཇ་ཚུལ་ཉི་ཤུ་སྐོར། གྲ་ཚང་དུ་འཁོར་ལོ་འབར་བ་དང་འགོང་པོ་ཨར་ལ་གཏད་པ་སོ་སོར་བྱེ་བ། དགོན་ཁག་རྣམས་ཀྱི་འགྱེད་ཀྱང་གསེར་དངུལ་གྱི་དངོས་པོ་སྤམས་ཆེ་བ་སྲེ་བས་ཐུགས་ཁུར་ཆེ་བཞེས་ཀྱིས་བཏང་བས་རིམ་གྲོས་ངོ་བླངས་པ་ལྟ་བུའི་བྱང་ངོས་ནས་ཀྱིས་སྨན་དཔྱད་མཛད་པ་རྣམས་ཀྱང་འཕྲོད་ལམ་ཆེ་བའི་ཟླ་མཚམས་ནས་ནད་མཇུག་ཕྲན་བུ་ཙམ་མ་གཏོགས་གཞི་མེད་དུ་སོང་། མདའ་དཔོན་བསམ་དར་བས་བསྐུལ་བའི་ཞང་བློན་གྱི་ལས་བྱང་དང་གོང་དཀར་རྫོང་སྡོད་གེར་སྒོམ་གཉིས་ཀྱིས་བསྐུལ་བའི་རིང་འཚོའི་ཚིགས་བཅད་སྨོན་ལམ་བྲིས། ཚེས་བཅུ་བདུན་ནས་སངས་རྒྱས་ཕལ་པོ་ཆེའི་ལུང་ཞུ་བའི་དབུ་བཙུགས། རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་འདི་རྗོད་བྱེད་ཀྱི་ཚིག་སྙན་ངག་ཀུན་གྱི་ནང་ནས་འགྲན་ཟླ་དང་བྲལ་ཞིང་བརྗོད་བྱའི་དོན་དེ་བཞིན་གཤེགས་པའི་སྐུ་ཚེ་འདི་དང་སྔ་མའི་རྣམ་པར་ཐར་པ་ཡིན་ནའང་རྒྱ་གར་ཁ་སྤུ་ཅན་གྱི་རྒྱན་གྱི་སྒོ་ལྕགས་དམ་པས་བོད་རྒན་རྣམས་ཀྱི་ལྡེ་མིག་གིས་མ་ཁྲོལ་བ་ཕལ་ཆེར་གསན་གཟིགས་མེད་པ་མང་ཞིང་རྒྱལ་ཚབ་དྲུང་པ་གྲགས་པ་དོན་གྲུབ་སོགས་བླ་ཆེན་མང་པོས་རྒྱལ་པོས་བརྩམས་པའི་བསྟན་བཅོས་ལ་བྱིན་རླབས་མི་འབྱུང་གསུང་བ་རང་ཉིད་ཀྱིས་མ་དགོངས་པའི་སྒྲིབ་གཡོགས་ལས་དེ་ལྟར་ན་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཚོན་


GLG005_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལའང་བྱིན་རླབས་མི་འབྱུང་ཞིང་རབ་བྱུང་དུ་ཁས་འཆེ་བ་ཙམ་གྱིས་འགངས་ཆེ་ན་དགེ་སློང་ལྷ་ཆེན་པོའི་ལོ་རྒྱུས་ཀྱིས་ཀྱང་རྟོགས་པར་ནུས་པས་གསུང་རིགས་མཐའ་དག་ལ་ངེས་གཟུང་ག་ལ་ཡོད། འཇམ་དབྱངས་ས་སྐྱ་ལོ་ཙཱ་བས་ཞལ་ཆེམས་སུ་བཞག་པ་ལྟར་ཆོས་ཀྱི་རྒྱལ་པོ་འཕགས་པའི་བདག་རྐྱེན་ལ་བརྟེན་ཤོང་ལོས་བསྒྱུར་བ་ནས་བཟུང་འཇིག་རྟེན་གྱི་མིག་གཅིག་པུ་རིམ་པར་བྱོན་པ་རྣམས་ཀྱིས་ཐུགས་གཙིགས་སུ་མཛད་པ་དེང་སང་རྡུལ་དང་མུན་པས་བསྒྲིབས་པ་མ་བཟོད་པས་རྟོགས་བརྗོད་རིན་པོ་ཆེ་སྐད་ཤན་སྦྱར་པར་དུ་བརྐོ་བའི་སྟ་གོན་གྱིས་དཔེ་རྙིང་ཁུངས་བཙུན་མང་པོ་གོ་བསྡུར། རྒྱ་སྐད་མ་ཚང་བ་དང་སཾ་སྐྲྀ་ཏའི་སྐད་ཡོད་པ་ལ་བོད་སྐད་དུ་མ་འགྱུར་བ་ཐོར་བུ་སྣང་བ་རྒྱ་དཔེ་མ་རྙེད་ཅིང་བོད་དཔེ་རྣམས་ཀྱང་ཆད་མཉམ་ལས་མི་འདུག་པས་ངེད་རང་དང་འདར་པ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་གཉིས་ཀྱིས་བློའི་ནུས་པ་གང་ཡོད་ཀྱིས་སྡེབ་སྦྱོར་བསྒྲིག་པ་དང་འགྱུར་བྱས་པར་སླར་དཔེ་ཚང་བ་རྙེད་ན་ཞུས་དག་བཏང་ཆོག་རྩིས་ཀྱིས་མཆན་བུ་བཏབ། མ་དཔེ་པར་བྱང་དང་བཅས་ཧོརཟླ་གསུམ་པ་རྟིང་མའི་ཚེས་བཞི་ལ་དགའ་ལྡན་ཕུན་ཚོགས་གླིང་དུ་བརྫངས། ལྔ་ལ་མཆོད་དཔོན་དབུ་མཛད་གཉིས་ཀྱིས་སྦྱིན་བདག་བྱས་ཏེ་གྲ་ཚང་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཚེ་ཆོག་བཏང་། བེར་གཉིས་ཀྱིས་གཙོས་པའི་གོས་སྣ་ཆ་འགྲིག་ཚར་གསུམ་གྱིས་ཐོག་དྲངས་པའི་སྟེར་སྦྱིན་བྱས། འགྲོ་འདུག་མར་ལམ་ཅུང་ཟད་འཁྱོག་པ་ཙམ་ལ་ཡར་ལམ་དེ་རིགས་མི་འདུག་ཅེས་གྲ་ཚང་གི་གྲ་པ་འགའ་ཞིག་གླེང་། ངེད་རང་ལ་རྣམ་རྟོག་ཆུག་པ་ནི་མ་བྱུང་། སང་ནས་ཉིན་བཞི་ཙམ་གྱི་བར་གྲ་ཚང་


GLG005_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མཁའ་འགྲོ་སྡེ་ལྔ་ལ་བརྟེན་པའི་རིང་འཚོའི་སྨོན་ལམ་མཛད། དེ་ནས་ཉིན་གསུམ་གྱི་བར་མཚམས་བྱས། བླ་མ་མཆོད་པ་སྔར་རྒྱ་ནག་ཏུ་འགྲོ་སྐབས་བྲིས་པ་དེ་ཚིག་དོན་གཉིས་ཀ་ལེགས་པོ་ཡོད་པས་དེའི་འགྲོ་དོན་ལ་གནོད་པ་འདུག་ཀྱང་གསོལ་དཔོན་གེ་ར་བས་གོ་སླ་ཞིང་འཛིན་བདེ་ལ་ཚིག་ཉུང་བ་ཞིག་དགོས་ཚུལ་བྱུང་བ་ལྟར་བླ་མ་མཆོད་པ་དངོས་གྲུབ་འདོད་འཇོ་བྲིས། གླིང་སྨད་ཆོས་རྗེ་བསྟན་འཛིན་རྒྱ་མཚོ། བྲ་ཡག་སྤྲུལ་སྐུ། མི་ཉག་འགྲི་བ་ཁ་པ་སོགས་ཀྱིས་གསང་ཕུའི་ཆོས་སྐྱོང་བསེ་ཁྲབ་པའི་མཆོད་གཏོར་འབུལ་ཚིག་བསྐུལ་བར་ཡིག་རྙིང་གི་ཁུངས་ཤིག་དགོས་ཞེས་གླེངས་པས་ཡེར་པའི་གཏེར་མ་ཡིན་ཟེར་བ་ཡིད་བརྟན་དུ་མི་རུང་བའི་འགོ་རྩེ་མེད་པ་ཞིག་ལས་མ་བྱུང་བས་ཡོངས་གྲགས་ཀྱིས་བྲིས་ཐང་དང་ཕྱོགས་མཚུངས་པ་ཞིག་འོལ་ཚོད་ཀྱིས་བཀོད། སྲུང་མ་འདི་བཙན་རྒོད་འབར་བ་སྤུན་བདུན་གྱི་ཁྲོད་དུ་མི་གཏོགས་པའི་ངེས་པ་ནི་མི་འདུག །ད་ལྟར་ན་དགོངས་འདུས་སོགས་ཀྱིས་སྲུང་མའི་སྒྲུབ་སྐོར་ལ་ཁུངས་བཅོལ་ཀྱང་མི་འགལ་བར་སེམས། གཞན་དུ་ལོ་ཙཱ་བ་ཆེན་པོས་རྒྱ་གར་ནས་གདན་དྲངས་པས་དཔང་ལོའི་རྗེས་སུ་འབྲངས་པའི་བོ་དོང་པའི་ཆོས་བདག་བཀྲ་ཤིས་འོད་འབར་བ་དང་དབྱིབས་མཚུངས་སུ་སྣང་བས་གཏེར་མའི་ཡིག་ཆ་ཡོད་རིགས་སུ་མི་འདུག །གསང་ཕུ་བ་དཔོན་སློབ་ནི་རྣམ་སྲས་མདུང་དམར་ཅན་དང་རྒྱུད་གཅིག་ཏུ་མཛད་པ་བདག་ཆེན་སྔགས་འཆང་བས་ཡེ་ཤེས་ཀྱི་མགོན་པོ་གུར་དང་རྒྱལ་བོ་པེ་ཀར་རྒྱུད་གཅིག་ཏུ་གསུངས་པ་དང་འདྲའམ་སྙམ། ཀ་བརྒྱད་སྤུག་པས་དཀའ་བཅུ་བསོད་ནམས་ཕུན་ཚོགས་ཀྱི་དོན་དུ་རྨི་རུར་ལྡེབས་བྲིས་བྱས་པའི་སྨོན་ལམ་ཚིགས་བཅད་


GLG005_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་གོང་ནས་མི་སྣ་མཆོད་རྟེན་བླ་མ་དང་དགེ་སློང་ཆོས་འཕེལ་གཉིས་ཀྱིས་གཙོས་འགྲུལ་པ་མང་བར་འབྱོར། ཚེས་བཅུ་གསུམ་ལ་ཕྲད་པའི་བཀའ་ཤོག་གནང་སྦྱིན་སྔར་རྒྱུན་ལྟར་གྱི་སྟེང་དུ་ཧོར་དུས་ཀྱི་མཛོད་ནས་བཏོན་པའི་གོས་ཆེན་གྱི་རུ་དར་ཁྱད་མཚར་སུམ་བརྒྱ་སྐོར་གྱི་གནང་ཆ་དང་བཅས་སྤྲད། དར་ལྕོག་རྣམས་དམ་ཅན་སྲུང་མའི་མཐུན་རྫས་ལ་ཤིན་ཏུ་མཁོ་བར་བྱུང་། མཆོད་རྟེན་བླ་མས་དངུལ་སྲང་སྟོང་ཕྲག་གིས་གཙོས་པའི་བདོག་པ་དང་དགེ་སློང་བསམ་གྲུབ་ཆོས་འཕེལ་གྱིས་གོས་དར་ཤས་ཆེ་བའི་དངོས་པོ། བང་རིམ་ཚེ་བརྟན་དབང་གི་བླ་མས་གསེར་དངུལ་དར་ཟབ་ཀྱི་བརྒྱ་འབུལ་སོགས་རྒྱ་ཟོག་གི་སྟེར་ཆ་མང་དུ་བྱུང་། སྤྲུལ་པའི་ཆོས་སྐྱོང་ཆེན་པོས་འབྲས་སྤུངས་ཚོགས་ཆེན་གྱི་ཞལ་འདོན་དུ་རིང་འཚོའི་ཚིགས་བཅད་རྩོམ་དགོས་པའི་གསུང་འཕྲིན་སྐྱེལ་བར་སློབ་དཔོན་རྣམས་འབྱོར་དོན་བཞིན་བྲིས། བཅུ་བཞིའི་ཞོགས་རྒྱལ་མོ་ཆེ་བར་སྨྱུང་གནས་ཀྱི་གསོ་སྦྱོང་ཕབ། རྫོང་སྡོད་གེར་སྒོམ་གཉིས་ཀྱིས་བརྡ་འགྲེམས་བྱས་པའི་གོང་དཀར་མངའ་ཁུལ་གྱི་ལྷ་སྡེ་མི་སྡེ་སྤྱི་ཚོགས་ཀྱིས་རིང་འཚོའི་རྟེན་འབྱུང་བསྒྲིག་པར་ལྕགས་ཟམ་སྤྲུལ་པའི་སྐུ། དགའ་ལྡན་ཆོས་འཁོར་ཡང་རྩེ་བ། གསུང་རབ་གླིང་པ། བཤད་སྒྲུབ་གླིང་པ་གསུམ་གྱི་སློབ་དཔོན། ཆོས་རྗེ་དཀོན་གཉེར་དཔོན་པ། གོང་དཀར་ཆོས་སྡེ། རྒྱལ་གླིང་ཚོགས། བྱེ་རྫིང་ཚོགས་བྱམས་པ་གླིང་། གྲ་ཐང་། རི་བོ་རྣམ་རྒྱལ། བདེ་ཆེན་ཆོས་འཁོར། སྡིངས་པོ་ཆེ་པ་སོགས་དགོན་ཆེ་ཆུང་། ཞལ་ཕུ་ལྕམ་དང་སྡེ་པ་བྱིང་པས་གཙོས་དྲུང་འཁོར་རགས་རིམ་གྱི་དོ་དམ་སྒོམ་བུ་ནས་ཀྱིས་བྱས་ཏེ་འཇམ་ཕྲུག་གཙོ་བོར་གྱུར་པའི་བདོག་པའི་དངོས་པོ་སྤམས་


GLG005_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་བསྟར་ཞིང་དགོན་ཁག་སྤྱི་བསྡུས་ཀྱི་གྲ་པ་ཕྱེད་ཉིས་བརྒྱ་ཙམ་གྱིས་སྨོན་ལམ་བཀྲ་ཤིས་ཀྱི་ཚིགས་བཅད་གསུངས། གསུང་རབ་གླིང་གི་དབུ་མཛད་ཕུག་རོན་གདོང་པས་མཎྜལ་གྱི་སྔོན་དུ་བརྟན་བཞུགས་ཀྱི་ཕན་ཡོན་དང་གྲ་བསྒྲིགས་ཚུལ་གི་གཏམ་རྒྱས་པར་བཏང་། དེ་ཉིན་ཕྱོགས་མཚུངས་སུ་ཡུན་དུ་གནས་པའི་སྐྱེས་སྤེལ་བར་སྤྱན་གཡས་མཁན་པོ། བཀྲ་ཤིས་ལྷུན་པོའི་ལྷན་པ་གསོལ་དཔོན་དང་མགྲོན་གཉེར་ཆོས་འཕེལ། ངོས་ཕྲད་དུ་འོངས་པ་ཆོས་འཁོར་ལྷུན་པོའི་མཁན་པོ། ལམ་པ་སྤྱན་སྔའི་བརྒྱ་འབུལ་སོགས་མི་ཚོགས་ཤིན་ཏུ་ཆེ། སང་ཉིན་ལྕམ་དབྱངས་ཅན་བསྟན་འཛིན་ཡན་ལག་བརྒྱད་པའི་སྡོམ་པར་བཀོད། གོང་དཀར་སྐྱ་སེར་རྣམས་དང་ཆོས་རྗེ་ཆུ་མིག་པ། སྡེ་པ་ས་ལུང་པ། བཀྲ་ཤིས་རྩེ་ནས། བསམ་གྲུབ་གླིང་ནས་རྣམས་ལ་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བཟླས་ལུང་དང་བརྟན་སྡོད་གསར་རྙིང་གི་ལུང་བྱས། དེ་སྐབས་མེ་ཏོག་གི་ཆར་པ་བབས་ཟེར། སྤོས་ཁང་མཁན་པོ་སྒང་འགོ་རབ་འབྱམས་པ་དང་ཕྲད། འབྲི་གུང་སྤྲུལ་པའི་སྐུས་སྨོན་ལམ་ཚིགས་བཅད་དགོས་ཚུལ་བྱུང་བ་ཕུལ། ད་ལའི་ཧུང་ཐའི་ཇི་དང་ཨེར་ཏེ་ནི་དའི་ཆིན་གཉིས་ཀྱི་མི་སྣ་སླེབས། མགོན་པོ་ཚེ་དབང་གི་དགེ་རྩ་གཏོང་མི་རྣམས་འབྱོར་ཞིང་དཀོན་མཆོག་མཆོད་པ་དང་དགེ་འདུན་བསྙེན་བཀུར་བ་སོགས་ལེགས་བྱས་ཀྱི་འབྲས་བུ་ཆུད་མི་འཛའ་བའི་སྨོན་ལམ་བྱས། ཨོ་རོད་ནས་ཚ་བ་སྐུ་སྐྱེ་དང་རྭ་བསྒྲེང་མཁན་པོ་བསྟན་པ་དར་རྒྱས་ཀྱི་མི་སྣ་སླེབས་པའི་ཟང་ཟིང་གི་རྙེད་པ་བསྟབས། གོང་དཀར་ཆོས་སྡེའི་སློབ་དཔོན་རྣམ་མཁྱེན་གྲོང་པ་ཅན་བཅོ་ལྔ་སྐོར་ལ་གཉན་སྒྲོལ་ཡན་ལག་དྲུག་པའི་


GLG005_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གནང་དང་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་ལུང་། ལྕམ་དབྱངས་ཅན་མ། ཞང་སྟོན་ལྷུན་གྲུབ་ཡབ་སྲས། རྒྱལ་པོའི་སྲས་རྡོ་རྗེ། སྡེ་པ་ས་ལུང་པ། མངའ་རིས་ལྭ་དགས་པའི་མི་སྣ་ཁྱི་གུ་རྣམས་ལ་ཚེ་དབང་གྲུབ་རྒྱལ་མ། ཆོས་འཁོར་ལྷུན་པོའི་མཁན་པོ་དང་ཡར་འབྲོག་བྲག་ར་སྐུ་སྐྱེ་ལ་ཁྱུང་ཁྲའི་རྗེས་གནང་། ཤངས་བཀྲ་ཤིས་རྩེ་པ་ཕ་བུ་ལ་ཚེ་དབང་འཇམ་ལུགས་བརྒྱ་རྩ། མཁའ་འགྲོ་དགེ་ཚུལ་མར་དཔོན་སློབ་པཎ་ཆེན་རིན་པོ་ཆེའི་ཐུགས་རྩོམ་བླ་མའི་རྣལ་འབྱོར། གསར་རྩོམ་སྤྱན་རས་གཟིགས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་ལུང་རྣམས་བྱས། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་སྐུ་གདུང་རིན་པོ་ཆེ་གྲ་བྱམས་པ་གླིང་གི་མཆོད་རྟེན་ནང་དུ་བཞུགས་པ་གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་ལྕགས་ཁྱི་བདེ་གཟར་ལངས་པའི་ཡར་རྒྱབ་ཏུ་བྱོན་སྐབས་སྔར་གྱི་ཞེ་འཁོན་ལ་བསྙད་པའི་ཡར་འབྲོག་དཔལ་དེ་བས་གཙོས་པའི་དྲུང་གཟིམས་ཁ་ཤས་མངགས་པའི་དངུལ་གདུང་ནས་སྐུ་གདུང་གདན་དྲངས་ཏེ་ཆུ་ལ་གཤེགས་པའི་རྗེས་མེད་བྱེད་ཁུལ་གཙང་པ་རྣམས་ཀྱིས་འཆང་མ་ནུས་པར་བྱམས་གླིང་ས་མཆོད་པ། དཀའ་བཅུ་ངག་དབང་དཔལ་བཟང་གིས་ཁུར། དཔལ་དེ་བ་སོགས་ཀྱིས་ཆུ་འགྲམ་དུ་མ་ཕྱིན་པར་བརྟེན་དཀའ་བཅུ་བས་དབུ་ཐོད་ཞུས་པའི་ངོ་བོ་ཁོ་རང་གིས་ཁྱེར། དཔལ་དེ་བས་ངན་དོགས་སེལ་བྱེད་ལ་གཉེར་པར་ཐོན་ཡན་ཚལ་པ་ཞིག་གཏད། དབུ་ཐོད་གཙང་དུས་སུ་ཡོད་པའི་འཕྲོས་ཡེ་གཏོང་མ་ནུས་པར་སྦས་ནས་བཞག་པ་དཀའ་བཅུ་པའི་ཚ་བོ་དགེ་སློང་མཁས་མཆོག་བརྟན་པས་དད་རྟེན་དུ་བྱིན་བྱུང་བར་ཇ་ནས་སོགས་ཀྱིས་སྟེར་ཆ་སྤམས་མཐོ་བ་བྱས། བསྙེན་རྫོགས་བརྒྱ་དང་བཅུ་དགུ། དགེ་ཚུལ་ཕྱེད་སུམ་


GLG005_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་རབ་བྱུང་བཅུ་གསུམ། དགེ་བསྙེན་གསུམ་རྣམས་བསྒྲུབས། ཆོས་རྗེ་ཆུ་མིག་པ་དང་རིགས་འཛིན་སྟོབས་ལྡན་དབང་པོའི་སྲས་ཟིལ་གནོན་དབང་དྲག་རྡོ་རྗེ་གཉིས་ལ་བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། དར་ཁན་དཀའ་བཅུའི་ཚ་བོ་ངག་དབང་ནམ་མཁའ་དྲུང་འཁོར་དུ་བསྡད་པ་ཡིག་རྩིས་ལེགས་སྦྱར་སོགས་ལ་བརྩོན་པ་ཆེ་ཞིང་ལག་གཡོག་ཏུ་འགྱུར་བ་བྱུང་། ཉི་ཤུ་ལ་མཆོད་རྟེན་རབ་འབྱམས་པས་ཆུ་ཞུགས་ཀྱི་ཉེར་སྤྱད་ལ་དམིགས་ནས་གོས་ཆེན་གྱི་གུར་ཡོལ་སྒོར་དང་བཅས་པ། ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་གསེར་ཐོག་ཐེབས་སུ་གསེར་སྲང་བརྒྱ། དངུལ་ལྔ་བཅུ་མ་བདུན། གོས་ཡུག་དགུ །ལ་སྟོད་བྱང་པའི་ཁྱད་ནོར་གྱི་དུང་ཆོས་རྣམས་བསྟར། ཉེར་གཅིག་ལ་ཐོན་ལེགས་ལྡན་དབང་པོར་ཚེ་རྟ་ཟུང་འབྲེལ། མཁའ་འགྲོ་གྲ་ཚང་དང་བཅས་པར་འཇིགས་བྱེད་གྱི་སྒྲུབ་ཐབས་ཟ་མ་ཏོག །ཕྱག་དྲུག་པ་དང་ལས་གཤིན་གྱི་རྗེས་གནང་། གཏོར་ཆོག་བསྐང་བ་གཉིས། གསར་རྩོམ་བསངས་དཔེ་རྣམས་ཀྱི་ལུང་བཀླགས། ཉེར་གཉིས་ལ་ཁྱབ་བདག་སྨན་ལུང་པ་དཔོན་སློབ་ཀྱི་བདོག་པ་སྤེལ་ཞིང་ཚེ་དཔག་མེད་བདུད་རྩི་འཁྱིལ་བའི་སྒོ་ནས་ཚེའི་རྟེན་འབྲེལ་བསྒྲིགས། ཧོར་ཟླ་བཞི་པའི་ཚེས་གཅིག་ལ་མདོས་བསྐང་བཙུགས་པའི་འདོད་ཁམས་དབང་ཕྱུག་མ་མདོས་མཆོད་འབུམ་ཐེར་གཉིས་ཀྱིས་མཉེས་པར་བྱས་ཤིང་འཕྲིན་བཅོལ་གྱི་ཞལ་བྱང་བཀོད་པའི་སྙན་དར་ཕུལ། ཚེས་བཞི་ལ་དཔལ་ལྡན་འབྲས་སྤུངས་པ་སློབ་དཔོན་གྲ་བཅས་ཉིས་བརྒྱ་སྐོར་བྱོན་པའི་བདོག་པ་སྤམས་མཐོ་བ་བཏེག་སྟེ་འཕགས་པ་


GLG005_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཀེ་ཤྭ་ར་གདན་དྲངས་པར་སྤྱན་འདྲེན་ཁྲུས་གསོལ་སྔོན་དུ་འགྲོ་བའི་གསོལ་འདེབས་སྨོན་ལམ་བཀྲ་ཤིས་ཀྱི་སྒོ་ནས་བདེན་ཚིག་གསུངས། ཞར་བྱུང་འཕྲུལ་སྣང་གཙུག་ལག་ཁང་རྟེན་བརྟེན་པར་ཁྲུས་གསོལ་མཛད་སོང་བ་དེ་སྐབས་ཐན་པས་ཚང་མ་ཆར་པའི་རེ་བ་བྱེད་སྐབས་ཡིན་གཤིས་ཕྱི་དྲོ་ས་སྦང་ངེས་ཤེས་པ་བབས་པ་དགེ་འདུན་གྱི་བྱིན་རླབས་སུ་སྣང་། དྲུག་ལ་རྒྱལ་པོར་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་རྩ་ཕུལ། བྱང་དུ་ལོག་མིའི་སོག་དམངས་རྣམས་ལ་བྱིན་རླབས་བྱས། ཇོ་བོས་འབྲོམ་ལ་གནང་བའི་སྒྲོལ་མའི་སྒྲུབ་ཐབས་སྲས་དོན་མའི་བཤད་ཁུངས་ལ་བརྟེན་ཁྱབ་བདག་ཞ་ལུ་པ་ཆེན་པོའི་བསླབ་སྟོན་བཞིན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཉིན་ཐང་ཚེས་བརྒྱད་ལ་བྲིས། འདི་ནས་བརྩམས་ཟླ་རེ་བཞིན་ཆག་མེད་དུ་སྔགས་འཆང་གཞིས་ཀ་ཤར་པ་བཞེང་བཅུག་བསྙེན་རྫོགས་གསུམ་བསྒྲུབས། ཚེས་བཅུ་དགུ་ནས་འདུལ་བ་ལུང་ཞུ་བའི་དབུ་བཙུགས། གོང་ནས་བོད་དུ་ཡོན་ཏན་བསླབ་པར་མངགས་པའི་ཁྲོད་ནས་སན་ཆག་བཤིར་ཤེས་རབ་བསྐྱེད་པ་ལ་ཕན་པའི་ངག་འདོན། མདའ་དཔོན་གཟེར་ཆེན་པ། སྟོད་རྒྱུད་སློབ་དཔོན་བྱམས་པ་བཀྲ་ཤིས། གསང་ཕུ་མཁན་སློབ་སྤྱི་ཚོགས་གསུམ་གྱིས་བསྐུལ་བའི་ངེད་རང་དང་རྒྱུད་པ་སློབ་དཔོན་པས་སྒེར་དུ་སྡེ་པའི་བརྟན་བཞུགས། སྟག་རུ་ནས་རྒན་པས་ཡར་ཀླུངས་དང་འོལ་དགའི་གཙུག་ལག་ཁང་ཁ་ཤས་དང་གླིང་སྟོད་ཆོས་རྗེ་བློ་བཟང་རྒྱ་མཚོའི་ཕྱི་རྟེན་སྨན་བླར་དྲུང་འཚོ་བ་ངག་དབང་ལྷག་བསམ་གྱིས་སྙན་དར་ཕུལ་བའི་ཁ་ཡིག །འདར་པ་གཞོན་པ་ངག་དབང་འཕྲིན་ལས་ཀྱིས་བསྐུལ་བའི་མགོན་པོ་ཆེ་ཆུང་ལས་མཁན་གཉིས་དང་བཅས་པའི་བསྐང་བ། བྷྲུཾ་


GLG005_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་དབང་གི་ཁ་ཏོན་དུ་གསོལ་འདེབས་རྣམས་བརྩམས། བསམ་ཡས་ནས་ཆོས་སྐྱོང་ཆེན་པོས་བོད་འབངས་བདེ་ཐབས་སུ་རབ་གནས་ལ་སྤྲུལ་སྐུ་གསུང་སྤྲུལ་རང་འབོད་དགོས་ཚུལ་གསུང་བར་དེ་གའི་རྒྱུ་མཚན་མོལ་བ་ན་སྤྲུལ་སྐུ་བད་ཀན་གྱི་སྙུན་དམ་པོ་ཞིག་གིས་བཏབས་ཏེ་འབྱོན་བཞུད་ཤིན་ཏུ་དཀའ་ནའང་ཆོས་སྐྱོང་གི་གསུང་མ་བཟློག་པས་གོམ་རེ་ཞག་རེ་ལྟ་བུས་འབྱོན་ཐུབ་པ་བྱེད་ཚུལ་གྱི་ལན་བྱུང་བ་ལྟར་ལྷོ་བྲག་ནས་བསམ་ཡས་བར་གྱི་གཟན་ཤིང་ས་རིམ་གྱི་མཐུན་རྐྱེན་བསྐུལ་བར་སྡེ་པས་མི་ཆེད་བསྟད་བཏང་། བསམ་ཡས་སུ་ཕོགས་ཞབས་ཏོག་དངོས་གཞི་སྟག་རྩེ་ནས་མཛད་རྒྱུ་ཡིན་འདུག་རུང་ཧོར་ཟླ་ལྔ་པའི་ཚེས་གསུམ་ལ་ཟུར་གསོས་དུ་ཇ་ཁོར་དྲུག་མ་བདུན་སྤྲད། ཆུ་ལམ་སྡིངས་གསུམ་དང་ལྷ་ས་རུ་བཞིས་བསྐུལ་བའི་ངོར་རིང་འཚོའི་ཚིགས་བཅད། མཁའ་འགྲོའི་རྟ་ཐུག་དཀར་པོ་ལ་བརྟེན་པའི་དགྲ་ལྷའི་གསོལ་མཆོད། དམིགས་བརྩེ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་རྣམས་བྲིས། བཅུ་གསུམ་ལ་གསང་ཕུ་གླིང་སྟོད་སྨད་ཀྱི་ཆོས་རྗེ་རྣམ་གཉིས། ཆོས་འཆད་སྤྱི་ཚོགས་དང་ལྷ་ལྡན་རུ་བཞི་རྣམས་ཀྱིས་ཟང་ཟིང་གི་རྙེད་པ་དང་བཅས་སོ་སོས་ཚོམས་ཆེན་དུ་ཉི་བུའི་གཡུལ་ལས་རྒྱལ་བའི་སྨོན་ལམ་ནན་ཏན་ཏུ་བཏབ་ཅིང་ཤིས་པ་བརྗོད། གསང་ཕུ་བ་དཔོན་སློབ་ཀྱིས་སྒྲོལ་མའི་རྗེས་གནང་གློ་བུར་དུ་དགོས་གསུང་བ་གུང་ཚིགས་ལ་རྡོར་དམར་སོང་གཤིས་བྱ་རྒྱུད་ཀྱི་རིགས་སྟབས་མ་འགྲིག་པས་གཉན་སྒྲོལ་ཡན་ལག་དྲུག་པའི་རྗེས་གནང་དང་བརྟན་སྡོད་ཚིགས་བཅད་ཀྱི་ལུང་ཕུལ། བཅུ་དྲུག་ལ་བསྙེན་རྫོགས་ཞེ་གཅིག །དགེ་ཚུལ་ང་གསུམ་རབ་བྱུང་བཞི་རྣམས་


GLG005_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས། བཅུ་བདུན་ལ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོའི་རིགས་ཀྱི་དབོན་ནམ་མཁའ་བསོད་ནམས་དབང་གི་རྒྱལ་པོ་དགེ་བསྙེན་དུ་བསྒྲུབས། གནས་གསར་དབོན་མོ་མཁྱེན་རབ་བློ་ལྡན་དང་དབོན་མཁྱེན་རབ་རྣམ་རྒྱལ་སྲས་བཅས་ལ་གསར་རྩོམ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་ལུང་། འཕྱོང་རྒྱས་ལྕམ་ནོར་བུ་ཁྲ་སྒོར་དང་གཟེར་ཆེན་པ་རྣམ་རྒྱལ་ཚེ་རིང་ལ་སྒྲོལ་དཀར་སྤྱན་བདུན་མའི་རྗེས་གནང་དང་གསར་རྩོམ་ཨྱོན་རིན་པོ་ཆེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་ལུང་རྣམས་ཕུལ། ཕོ་བྲང་སྣེའུ་སྡོང་རྩེ་ནས་ལྷ་གཟིགས་གོང་མ་ཆེན་པོའི་མི་སྣ། རྩེ་ཚོགས་པ། བཀྲ་ཤིས་ཆོས་སྡེ། བཀྲ་ཤིས་བདེ་ཆེན། རི་བོ་ཆོས་གླིང་སོགས་ནས་བདོག་པའི་ཚན་གྲངས་དང་བཅས་ཏེ་རིང་འཚོའི་རྟེན་འབྱུང་འབྱོར། མཁའ་འགྲོ་དགེ་ཚུལ་མར་ཚེ་དབང་དང་མཁའ་འགྲོར་རིག་འཛིན་རྒོད་ལྡེམ་གྱི་གཏེར་མའི་དུག་དབང་རྡོ་རྗེ་ཕ་ལམ་བསྐུར་བར་གསེར་ཞོ་བརྒྱའི་ཡོན་བྱིན། ཨོ་ཆིར་ཐུ་ཐའི་ཇིའི་སྲས་དགའ་ལྡན་པའི་དཔོན་མོའི་བསྔོ་རྟེན་དུ་དངུལ་སྲང་སྟོང་ཕྲག་གིས་གཙོས་པའི་བདོག་པ་དང་ཚ་བ་སྐུ་སྐྱེའི་བསྐུར་མ་འབྱོར། ཁྱབ་བདག་སྨན་ལུང་པ་སྐུ་ན་སྨིན་ཞིང་སྤྱན་ཤས་ཀྱང་ཧ་ཅང་བཟང་རྒྱུ་མི་འདུག་པས་མདོ་མང་ནས་ཐོར་བུ་ལས་མི་ཐུབ་འདྲ་སྙམ་པའི་སྒྱིད་ལུག་སྐབས་མཆོད་དཔོན་པས་ད་ཆ་བཀའ་འགྱུར་ནས་རྒྱུད་ཀྱི་ཁ་གསོ་ཙམ་མ་གཏོགས་ཚང་མ་འདྲིལ་འགྲོ་བ་འདུག་པས་ཅིས་ཀྱང་ཞུས་པ་འགབ་ཅེས་བསྐུལ་བས་སྤོབས་པ་རྙེད་པ་ལྟ་བུར་སྔར་ཞུས་གྲུབ་པ་རྣམས་མ་གཏོགས་པའི་ཉེར་དགུ་ལ་མདོ་མང་བྱིངས་ཀྱི་དབུ་བཙུགས། ས་ཁྱིའི་ནང་དུ་བཞེངས་པའི་ཐུབ་དབང་། ཚེ་དཔག་མེད། མཚན་


GLG005_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། རྒྱལ་བ་ཙོང་ཁ་པའི་གསེར་སྐུ་རྣམས་སྐུ་ཚད་ཆུངས་པས་གཟུངས་འབུལ་ནད་ཆེ་རུ་ང་དགོས་གཤིས་རིམ་འགྱངས་སུ་ལུས་པ་ཧོར་ཟླ་དྲུག་པའི་ཚེས་དྲུག་ནས་བཟུང་ཉིན་གསུམ་གྱི་བར་ཞིབ་རྒྱས་སུ་ཕུལ། ལོ་སྔོན་མར་སྡེ་པས་ཇོ་བོ་རིན་པོ་ཆེའི་ཞབས་ཏོག་ལ་དམིགས་ནས་ལྷ་ས་བར་སྐོར་ལ་ཞིག་གསོས་ཤིན་ཏུ་དངོས་གཙང་བ་མཛད་པ་འདི་ལོ་ཧོར་ཟླ་དྲུག་པའི་ཟླ་སྟོད་ནས་འགོ་བརྩམས་རི་མོ་བ་དབུ་ཆེན་སྨན་ཐང་ནས་དང་སྟག་ལུང་དཔལ་མགོན་གཉིས་ཀྱིས་ཐོག་དྲངས་དབུ་འབྲིང་དབུ་ཆུང་བསྡོམས་པ་བཅུ་བཞི། བྱིངས་གྱ་དྲུག །སློབ་མ་བཅུ་རྣམས་ཀྱིས་ལས་རྒྱུན་ཟླ་བ་ཕྱེད་བཞིའི་བར་འབད་པར་བསྒྲུབས་པའི་དོ་དམ་སྡེ་པ་འདར་གཞོན་དང་སྒོ་སྤེ་རབ་འབྱམས་པ་ཆོས་གྲགས་རྒྱ་མཚོ་གཉིས་ཀྱིས་བྱས་པའི་བྱང་ངོས་སུ་སངས་རྒྱས་ཕལ་པོ་ཆེའི་ཞིང་ཁམས་རྒྱ་མཚོ། ཤར་དུ་འབུམ་གྱི་གླེང་གཞི། བྱམས་པའི་མཛད་བཅུ། བྲིས་སྐུ་མཐོང་བ་དོན་ལྡན། བདེ་བ་ཅན་གྱི་ཞིང་བཀོད། ལྷོར་ཆོ་འཕྲུལ་གྱི་བཀོད་པ་རྣམས་བྲིས་པའི་སོ་སོར་དོན་བསྡུའི་ཞལ་བྱང་སྙན་ངག་གི་ལམ་ནས་དྲངས་པ་བི་ཝརྟ་དང་བཅས་པ་བཀོད། སྟག་ལུང་དཔལ་མགོན་རི་མོ་མཁས་པར་མ་ཟད་བློ་གཟུ་བོར་གནས་པའི་ཉམས་ཀྱིས་བཀོད་པ་ལེན་པས་ཞིང་བཀོད་ཚོགས་ཆེ་ཞིང་དངོས་གཙང་བའི་དཔེར་འོས་པས་ཕྱི་ནང་གོ་ལྡོག་པ་ཙམ་བྱུང་སོང་། འདི་ལོ་དབུ་མཛད་མཆོད་དཔོན་གཉིས་ཀྱིས་ངག་བཀོད་བྱས་པའི་གསེར་རྔ་ཆེ་བ་དང་ཆུང་བ་སོ་སོ་ནས་དྲུག་ཅུ་རེ། གིང་རྔ་བཅུ་དྲུག་བཟོས་པའི་ཤིང་བཟོ་བ་སྤུས་སྡེ་ཚེར་གསེབ་པ་ཅན། ཚོན་རྩི་མཁན་རྣམ་རྒྱལ་ཚེ་རིང་བཀྲ་ཤིས། དོ་དམ་ལྷ་ཁང་ཆོས་མཛད་དང་སྡིངས་


GLG005_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པ། པགས་པ་བློ་བཟང་ངག་དབང་། སྤྱན་གཡས་ལེགས་ལྡན། ངག་དབང་འཇམ་དབྱངས། བློ་བཟང་བསོད་ནམས་བཞི་བཏང་། ཁྱམས་རའི་གཞུང་སྒོ་ཕྱི་ནང་གི་བར་དུ་རྒྱལ་ཆེན་བཞི་བཞེང་འདུན་སྡེ་པར་འདུག་པ་བཀོད་པ་ལེགས་པར་མངོན་ཞིང་ཧོར་དར་དང་བག་དྲོ་ཅན་འབུལ་སྐུ་བ་བརྒྱད་ཀྱིས་བཞེང་བའི་དོ་དམ་བློ་བཟང་ཚེ་རིང་གིས་བྱས། དེ་ཞོར་ཉང་བྲན་ཆུ་བཟང་དུ་སྡེ་པས་ལྷ་ཁང་གསར་པ་བརྩིགས་པར་སྤྲུལ་སྐུ་ཧོར་དར་ཅན་གྱིས་བཞེངས་པའི་ཐུབ་དབང་ལྷ་ཁང་དུ་སངས་རྒྱས། ཀླུ་དབང་གི་རྒྱལ་པོ། སྨན་རྒྱལ། སྤྱན་རས་གཟིགས་ཡབ་ཡུམ་སྲས་གསུམ། སེང་གེ་སྒྲ། སེམས་ཉིད་ངལ་གསོ། འདི་གའི་འདྲ་འབག།འཆི་མེད་ལྷ་ཁང་དུ་ཚེ་དཔག་མེད་ལྷ་དགུ། སྒྲོལ་མ་ལྷ་ཁང་དུ་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་ལ་འཇིགས་པ་བརྒྱད་སྐྱོབ་ཀྱིས་བསྐོར་བ་རྣམས་ལ་ལོ་འདིའི་དགུན་སྨད་ངེད་རང་གི་འགོ་བྱས་གྲ་ཚང་གི་གྲ་པ་ཁ་ཤས་ཀྱིས་མི་ལག་བགྱིས་ཏེ་གཟུངས་བཞུགས་རྒྱས་པར་ཕུལ་ཞིང་རབ་ཏུ་གནས། འབའ་རྫོང་སྡོད་དར་ཁན་དཀའ་བཅུས་བསྐུལ་བའི་ལི་ཐང་ཐུབ་བསྟན་བྱམས་ཆེན་གླིང་དང་འབའ་དགའ་ལྡན་ཕན་བདེ་གླིང་། མཁའ་འགྲོའི་ངོར་དགའ་ལྡན་ཐུབ་བསྟན་རབ་རྒྱས་གསུམ་གྱི་བཅའ་ཡིག །གོང་ར་ངེས་གསང་རྡོ་རྗེ་གླིང་པའི་ཚོགས་འདོན་དུ་ཁྱབ་བདག་སྨན་ལུང་པའི་བརྟན་བཞུགས་རྣམས་བྲིས། མཁའ་འགྲོ་བློ་བཟང་བསྟན་སྐྱོང་ལ་ཐམ་ཀ་དམར་པོ་བྱིན་པ་ཇོ་བོ་རིན་པོ་ཆེར་ཐམ་ཕུད་ཕུལ་བའི་ཁ་བྱང་དགོས་ཚུལ་བྱུང་བ་བྲིས། ཚེས་བཅུ་ལ་རྒྱ་ནག་མི་སྣ་ཚོས་སྟེར་ཆ་འགྱེད་ཚོགས་འཁོར་སྤམས་བསྟོད་པའི་སྦྱིན་བདག་བྱས་ཏེ་གྲ་ཚང་གིས་རྡུལ་ཚོན་དང་འབྲེལ་བའི་ཚེ་ཆོག་བཏང་། མི་སྣ་གཉིས་ཀྱིས་བསྐུལ་བ་


GLG005_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཚིགས་བཅད་ཀྱང་བརྩམས། ལྷོ་བྲག་ཉི་ལྡེ་བ་དྷཱི་ཚ་སྤྲུལ་པའི་སྐུ་དགེ་ཚུལ་དུ་བསྒྲུབས་པའི་མཚན་སྔ་སོར་བློ་བཟང་གར་དབང་ཆོས་གྲགས་དབང་པོར་ཕུལ་ཟིན་པ་བཞིན་གསར་དུ་བསྒྱུར་བཀོད་མ་དགོས། བཟང་སྤྱོད། བྱམས་སྨོན། ཕུང་པོ་གསུམ་པའི་མདོ་རྣམས་ཀྱི་ལུང་ཕུལ། བར་ཁམས་ནས་འཕགས་པ་ལྷའི་སྤྲུལ་པའི་སྐུ་ཕེབས་པ་དང་ཚེས་བཅུ་གཅིག་ལ་མཇལ། ཕྱི་དྲོ་བསྙེན་རྫོགས་ཉེར་གཅིག་དང་དགེ་ཚུལ་བཅུ་གསུམ་བསྒྲུབས། ཝ་ར་ཎཱ་སིའི་པཎྜི་ཏ་གོ་ཀུ་ལ་བྱོན་པའི་ལམ་ཞོར་དུ་གོར་གྷས་འཇོན་དམར་གྱི་ག་ཊུ་བུམ་པའི་རྟེན་བཅས་བྱས་པའི་ཡི་གེ་བསྐུར་འདུག་པའི་ནང་དུ་ཁ་བ་ཅན་ན་འགྲོ་མགོན་འབྲུག་པ་ཞེས་སོགས་ཀྱི་ཚིགས་བཅད་དང་ངེད་རང་གཉིས་ཕྱོགས་གཅིག་བྱེད་ཟེར་བའི་བརྗོད་བྱ་སྣང་བ་རང་ཕྱོགས་ཀྱི་སྟེང་དུ་ཁོང་གཉིས་ལག་སྦྲེལ་རྒྱུའི་ལུགས་ཡིན་འདུག་པ་པཎྜི་ཏས་མ་ཧཱ་གུ་རུའི་སར་འགྲོ་གསུངས་པ་འབྲུག་པ་ཡིན་སྙམ་ནས་ནོར་བ་འདྲ། དབུས་གཙང་གཉིས་ཀར་གསོ་དཔྱད་ཀྱི་བཤད་གྲྭ་ཚུགས་པ་གཙང་པ་ཚོ་བློ་གསལ་བའམ་བརྩོན་འགྲུས་ཆེ་བ་གང་ཡིན་ཡང་ཚ་རོང་ནས་ཀྱི་སློབ་མ་བསྟན་འཛིན་དང་དར་རྒྱས་ཅན་གྱིས་རྒྱུད་བཞིའི་རྒྱུགས་སྤྲད། ཚེས་བཅུ་གཉིས་ལ་འཕགས་པ་ལྷའི་སྤྲུལ་སྐུ་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས། བཅུ་དྲུག་གི་ཉིན་ཕུར་པའི་དཀྱིལ་འཁོར་ལ་བརྟེན་ནས་མཚན་བརྒྱད་སོགས་ཀྱི་གསེར་སྐུ་རྣམས་ལ་རབ་གནས་རྒྱས་པར་བྱས། དེའང་སྟག་ལོ་བསམ་ཡས་སུ་ཕྱིན་སྐབས་མཆིམས་ཕུ་གསུང་གི་གནས་ཀྱི་སྲུང་མ་ཨེ་ཀ་ཛཱ་ཏིས་མཆིམས་ཕུ་གསང་ཕུག་ཏུ་རབ་ཞག་བདུན། འབྲིང་ལྔ། ཐ་མ་གསུམ་བཅད་རྒྱ་ཞིག་ཐུབ་ན་ཚེའི་རྟེན་


GLG005_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་འགྲིག་ཅིང་དམངས་ཀྱི་བདེ་ཐབས་ལ་ཕན་ཚུལ་གསུངས་པ་ཚང་མ་གཡེང་བས་ཁྱེར་ནས་ངེད་རང་གི་རྣ་བར་མ་བྱུང་བས་འགྲོ་བར་མ་ཤར། དེའི་དབྱར་མེ་ཏོག་མཆོད་པའི་དུས་ལྷ་མོ་རིག་འཛིན་མས་ཁ་སང་རྟེན་འབྲེལ་མ་འགྲིག་པས་སྦྲུལ་ལམ་རྟའི་ནང་དུ་དགེ་བཤེས་ཀྱི་ཚེ་ལ་བར་ཆད་ཡོང་ཞིང་དེ་རྗེས་ནད་འཁྲུག་མུ་གེ་སོགས་འཇིག་རྟེན་མི་བདེ་ཞིང་བསྟན་སྲིད་ལ་རྒྱར་འཕོ་འགྱུར་བྱུང་དོགས་འདུག་པས་སྐུ་ཚབ་ཏུ་འདྲ་འབག་གཅིག་གསང་ཕུག་ཏུ་བཞུགས་ན་དེས་ཉེས་པ་རྣམས་སེལ་བའི་གོ་ཆོད་མི་ཆོད་བརྟག་པས་སྲུང་མ་རྣམས་བཀའ་བགྲོས་ཏེ་དར་དམར་པོ་ཁ་གང་རྡོ་ཛམ་བུ་ཏི་བའི་ཞལ་ཟས་ཀྱི་དབྱིབས་འདྲ་བ་ལག་པ་ཙམ་ཞིག་ལ་དཀྲིས་ཏེ་གསེར་འབུམ་མཐིལ་དུ་སྦས་པ་མི་ཁ་ཤས་ཀྱིས་མཐོང་ཐོས་བྱུང་འདུག །འདི་ལོ་མེ་ཏོག་མཆོད་པའི་ཉིན་སྲུང་མ་རྣམས་ཁོག་ཞུགས་ཀྱིས་གསེར་འབུམ་མཐིལ་གྱིས་བརྐོས་པའི་འོག་ནས་མི་ཕལ་ཆེར་ལ་རྒྱུས་མེད་པའི་དར་དམར་པོ་ཞིག་བཏོན་བྱུང་བས་དེར་འཁོད་ཀུན་ཧ་ལས། ངར་དེ་ཉམས་པ་དང་རུལ་ཚེ་རྟེན་འབྲེལ་མི་འགྲིག་པ་ཡོད་སྣང་ཡང་ཁ་དོག་མ་ཉམས་པའི་སྐྱོན་མེད་དུ་བྱུང་བར་བརྟེན་ཆོས་སྐྱོང་ཚོས་དཔལ་རི་སྤྲུལ་སྐུ་དང་སྒྲོམ་པ་འཇམ་དབྱངས་དབང་པོར་བསླབ་སྟོན་མཛད་ནས་སྒྲོམ་པས་རྒྱུ་མཚན་གྱི་ཡི་གེ་ཆེད་གཉེར་འབྱོར་བ་ལྟར་བལ་པོ་མཁས་པ་སིདྡྷི་དང་དྷ་ན་སོགས་ཉི་ཤུས་དངོས་གཙང་ཞིང་མགྱོགས་རྩོལ་གྲུབ་རྩིས་ཀྱིས་བཟོ་ཐབ་བཙུགས། ཧོར་ཟླ་བདུན་པའི་ཚེས་བཞི་ལ་འཕགས་པ་ལྷ། དཔོན་མཁའ་འགྲོ། ལྷོ་པ་རབ་འབྱམས་པ་གསུམ་ལ་རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇིགས་བྱེད་བཅུ་གསུམ་མའི་དབང་། ལྔ་ལ་མཁའ་འགྲོ་གྲ་ཚང་བཅས་པས་རྡོ་རྗེ་


GLG005_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་སྒོམ་བཟླས། རྣམ་འཇོམས་དང་སེང་གདོང་མའི་གཟུངས་སྔགས། སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ། ཆ་གསུམ། གསར་རྩོམ་གྱི་ཀླུ་གཏོར་དང་གཏོར་མ་བརྒྱ་རྩ་རྣམས་ཀྱི་ལུང་། སྐྱེས་པ་ཚོར་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ་དང་བུད་མེད་ཀྱི་རིགས་ལ་སེང་ལྡེང་ནགས་སྒྲོལ་གྱི་རྗེས་གནང་བསྐུར། རྫོང་བ་བཟབས་པར་བྱས་ནས་བར་ཁམས་སུ་ཐོན། དྲུག་ལ་གོང་གི་མི་སྣ་ཚོར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་གསང་འདུས་རྩ་རྒྱུད་ལེའུ་བཅུ་བདུན་ཕྱི་མ་རྒྱུད་དང་བཅས་ལེའུ་བཅོ་བརྒྱད་ཀྱི་ལུང་། བརྒྱད་ལ་བསྙེན་རྫོགས་ལྔ་བཅུ། དགེ་ཚུལ་བཞི་བཅུ་ཞེ་གསུམ། རབ་བྱུང་མ་གསུམ། དགེ་བསྙེན་བཅུ་རྣམས་བསྒྲུབས། ཞ་ལུར་མཁན་ཆེན་ཁྱབ་བདག་རིན་ཆེན་བསོད་ནམས་མཆོག་གྲུབ་སྐུ་ཅུང་ཞིག་བསྙུན་པར་བརྟན་བཞུགས་ཀྱི་བདེན་ཚིག་བརྗོད་པ་བྲིས་ཤིང་རིང་པོར་གནས་པའི་སྨོན་ལམ་དགོས་ཕེབས་པའང་ལྷན་དུ་ཕུལ། དགུ་ལ་གསེར་ཡིག་པ་ཚོར་གཞིས་ལེན་དང་རྫོང་བ་བཟབས། གོང་དུ་ཞུ་ཡིག་དང་འབུལ་ཆས་སྔར་འཁྱུད་ཀྱི་ཐོག་དར་ལྕོག་ཁྱད་ཅན་གནང་བའི་ལན་དང་བཅས་དབུལ་བར་ཨེར་ཏེ་ནི་གུ་ཤྲིའི་ཚ་བོ་དཀའ་བཅུ་བློ་བཟང་བཀྲ་ཤིས་དང་སེ་ཆེན་དར་རྒྱས་གཉིས་རྫོང་བདའ་བྱས། ཆ་ཁར་དབང་གི་བླ་མར་རྩེད་ཐང་ལས་ཆེན་པ་བཏང་བ་ཁོང་པ་དགེ་བཤེས་བཟང་བས་འདོད་ཡོན་ཆེ་རབ་བྱུང་འདུག་ནའང་ཆ་ཁར་དབང་དང་ལུགས་ལེགས་རྒྱུ་མེད་པ་དང་སེར་མོ་བ་མང་པོ་རྒྱལ་པོས་ཕྱིར་ཕུད་པ་སོགས་ཀྱི་རྩ་རྐྱེན་བྱས་པའི་བརྗོད་རིགས་སྣ་ཚོགས་སྣང་། པོ་ཏ་ལའི་གཉེར་ཚང་སྡེར་སྤྱད་དེབ་ཀྱི་འགོ་བརྗོད་དང་འབྲོང་རྩེ་ལྷུན་གྲུབ་གླིང་པ་བློ་བཟང་ནོར་བུའི་སྙན་ངག་གི་འཕྲིན་ལན་


GLG005_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྨོན་ལམ་དགོས་ཟེར་བ་ལྟར་བྲིས། སང་ཉིན་བསམ་བློ་སེ་ཆེན་ཆོས་རྗེར་རིགས་གསུམ་མགོན་པོའི་རྗེས་གནང་། རྒྱལ་སྲས་རཏྣ་ལ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་རྩ་དང་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་། རཏྣ་དང་སེ་བུ་སུན་དཔོན་པོ་གཉིས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། ཆབ་ནག་བླ་མ་མཚོ་སྨད་བློ་བཟང་ཆོས་འཕེལ་ལ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ཁྲོད་ནས་རྗེས་གནང་གི་ཡི་གེ་དང་གསོལ་མཆོད་ཐོར་བུའི་ལུང་རྣམས་བྱས། སྣ་དཀར་རྩེའི་ཡུམ་ལྕམ་བསོད་ནམས་བུ་ཁྲིད་གཤེགས་པའི་སྨོན་ལམ་རྟེན་ཤལ་དཀར་པོ་སྤུས་གཙང་ཞིག་བྱུང་བ་ལྟར་དེ་ལན་ཀྱང་བསྲིངས། ཧོར་ཟླ་བརྒྱད་པའི་ཚེས་གཉིས་ཀྱི་འགྲུབ་སྦྱོར་ཐོག་འཕགས་པ་ལྷས་ཚོགས་ཆས་སྟེར་ཆ་དང་འགྱེད་གྱ་ནོམ་པའི་སྦྱིན་བདག་མཛད་དེ་གྲ་ཚང་གིས་འཆི་མེད་འོད་སྣང་གི་ཚེ་ཆོག་བཏང་། རཏྣ་ལ་རྫོང་བ་ཟླ་བ་སྔ་མའི་མཇུག་ལ་གྲུབ་ཀྱང་གཟའ་སྐར་ཁྱད་ཀྱིས་འདི་ཉིན་ཐམ་ཀ་དམར་པོ་སྤྲད། སྒམ་སྨྱོན་སྤྲུལ་སྐུ་ཕྱག་རྡོར་ནོར་བུ་ཞིང་གཞན་དུ་གཤེགས་པའི་ཐུགས་དམ་འདོགས་རྟེན་དུ་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་ཡབ་གཙུག་ལག་དཔལ་ཆེན་གྱི་དབུ་ཐོད་མངའ་རིས་གུང་ཐང་ཆོས་ཀྱི་རྒྱལ་པོའི་ནང་རྟེན་ཡོལ་མོ་སྤྲུལ་སྐུའི་ཕྱག་ཏུ་བྱུང་བ་དེས་གཙོས་པའི་བདོག་པ་འབྱོར་དོན་བཞིན་ས་ལམ་གྱི་བར་ཆད་སེལ་བའི་བསྔོ་སྨོན་གྱིས་མཚམས་སྦྱར་ཞིང་བླ་མ་མངའ་བདག་པ་དང་སྐྱི་སྟོན་པ་གཉིས་ཀྱིས་བསྐུལ་བ་ལྟར་སྤྲུལ་སྐུ་མྱུར་འབྱོན་གྱི་སྨོན་ལམ་བརྩམས། ཚེས་གསུམ་ནས་བཅུ་བདུན་གྱི་བར་མཚམས་དམ་པར་བཅད་དེ་མདོ་མངས་ཀྱི་འཕྲོས་ནམ་ལངས་ས་རུབ་ལྟ་བུར་གནང་བས་ཚང་བར་འདྲིལ། གོང་ར་ངེས་གསང་རྡོ་རྗེ་གླིང་པ་སྤྱི་ཚོགས་ཀྱིས་བསྐུལ་བའི་བཅའ་ཡིག་དང་། སྣེའུ་རྫོང་སྡོད་མངའ་ཁུལ་བཅས་པའི་


GLG005_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ངོར་རིང་འཚོའི་ཚིགས་བཅད་བྲིས། ཚེས་དགུ་ནས་ཞག་བདུན་གྱི་བར་གྲ་ཚང་གིས་མདོས་བསྐང་སྒྲིགས་ཆུག་བཏང་། བཅུ་དགུ་ལ་ཁྱབ་བདག་ཁྲ་ཚང་པས་གྲིབ་སེལ་དང་འཆི་བླུ། ཉེར་གཅིག་ལ་མཁའ་འགྲོ་བསུ་བཟློག་དང་སྦྲག་པའི་བརྟན་སྡོད་བདོག་པའི་སྐྱེས་བཅས་མཛད། དེ་ཕན་ནམ་མཁའ་འཚུབ་པར་ཡོད་ཀྱང་འདི་ཉིན་ནས་བཟུང་གནམ་གཤིས་འཇམ་ཞིང་རྟེན་འབྲེལ་འགྲིག་པར་བྱུང་། ཉེར་གསུམ་ལ་ཆོས་ཀྱི་ཡོན་དུ་གོས་དར་ཡུག་ཁ་ཤས། རྒྱ་སིལ། རྒྱ་རྔ། གསེར་ཞོ་སུམ་ཅུ་དང་དངུལ་ལྔ་བཅུ་མ། ཇ་ཀོ་དྲ་དང་ཁོར་དྲུག་མ་འགའ་ཞིག །རྟ་སྒ་བཅས། བླ་བྲེ། རྟེན་ཁེབས། རས་ཆ། འབྲུ་འཛིན་སོགས་སྤམས་མཐོ་བར་ཕུལ་ཏེ་གཙང་དུ་ཐེགས། དེ་ཉིན་མཆིམས་ཕུར་འཇོག་རྒྱུའི་འདྲ་འབག་ལ་གཟུངས་བཞུགས་ཕུལ། སང་ཟླ་བ་རྒྱལ་གྱི་གཟའ་སྐར་ཐོག་མཚམས་བཅད་དེ་དཔལ་ཆེན་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་རབ་ཏུ་གནས། ཕྱི་ཉིན་ནས་བཟུང་བདུན་གཅིག་གི་བར་འཆི་མེད་དཔལ་སྟེར་གྱི་བསྙེན་པ་དང་བཅས་སྔ་ཐུན་གྱི་འགོར་རབ་གནས་བསྡུས་པའི་སྒོ་ནས་དམ་ཚིག་པ་ལ་ཡེ་ཤེས་པ་བསྟིམས། ཧོར་ཟླ་དགུ་པའི་ཚེས་གཉིས་ནས་ཉིན་གསུམ་གྱི་བར་མེའི་སྤུ་གྲི་གཤིན་རྗེ་དམར་པོ་སོགས་ཀྱི་འཁོར་ལོ་བྲིས་ཏེ་གྲ་ཚང་གི་གྲ་པ་གྲངས་བཅད་ལ་རིམ་གྲོ་རྣམས་རིམ་པར་བཙུགས། བཞི་ལ་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེ་དང་སྡེ་པ་ཞང་མཁར་རྫོང་པ་དབང་འཛིན་ནོར་བུ་གཉིས་མཆིམས་ཕུར་རྟེན་སྐྱེལ་བར་བཏང་། དེ་མོ་སྤྲུལ་པའི་སྐུ་བར་ཁམས་ནས་བྱོན་པ་དང་མཇལ། ཇ་ཁོར་དྲུག་མ་ལྔ་བརྒྱ། དྲེའུ་བརྒྱ། རྟ་སུམ་ཅུ་སྐོར་གྱི་སྟེར་ཆ་གྱ་ནོམ་པ་བྱས། དྲུག་ལ་ཨ་རིག་


GLG005_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་འོངས་པའི་རྟ་ཉིས་བརྒྱ་ཙམ་བྱུང་། ཆོས་སྐྱིད་དང་མགོན་པོ་ཚེ་དབང་གི་དགེ་རྩ་གཏོང་བར་ཆོག་ཐུ་ཇའི་སང་དང་མེརྒན་པ་ཤིས་གཙོས་པ་སླེབས། དགེ་བ་རྣམས་རྫོགས་བྱང་དུ་བསྔོས། རས་ཆུང་ཕུག་སྤྲུལ་སྐུ། བདེ་ཆེན་ཆོས་རྗེ་བློ་བཟང་ཆོས་རྒྱལ་དབང་ཕྱུག་སྟག་རྩེ་ཐའི་ཇི་རྡོ་རྗེ་རྣམ་རྒྱལ་ཅན་མཇལ། ནཱ་ལནྜཱ་ཆོས་རྗེ་བཅོ་བརྒྱད་པར་གུར་གྱི་མགོན་པོ་ལ་བརྟེན་པའི་བཀའ་བསྒོ་ཕུལ། ལ་མོ་ཚེར་གསེབ་དགོན་པ་བས་ཕུར་པའི་འཆམ་ཕུད་དང་སྣེའུ་ཁུལ་མི་སེར་རྣམས་ཀྱིས་ཟང་ཟིང་གི་བདོག་པ་དང་བཅས་ཡུན་དུ་གནས་པའི་རྟེན་འབྱུང་བསྒྲིགས། བརྒྱད་ལ་སྟག་རྩེ་ཐའི་ཇིས་ཚོགས་ཆས་བདོག་པ་སྤམས་བསྟོད་པའི་སྦྱིན་བདག་མཛད་དེ་གྲ་ཚང་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་ཚེ་ཆོག་བཏང་། ཆང་ཁྱིམ་པ་ཅན་ཚེས་བཞི་ལ་ཐོན་པ་ནས་བཟུང་མཆིམས་ཕུ་གཞིས་ཀར་མ་སླེབས་པར་སྔུན་དུ་རླུང་གི་འཚུབ་མ་ཞིག་བྱུང་འདུག་པ་སྲུང་མ་རྣམས་ཀྱིས་བསུ་བ་བྱས་ཞེས་ལྷ་མོ་རིག་འཛིན་མ་ཁོག་ཞུགས་ཀྱི་དུས་ཞལ་གྱིས་འཆེས་པར་སྣང་། ཚེས་བདུན་གྱི་ཞོགས་གཞིས་ཀ་ནས་བཏེག་པའི་གནས་ཀྱི་གཤམ་དུ་སླེབས་པ་དང་དཔལ་རི་སྒྲུབ་སྡེ་བ་རྣམས་ཀྱིས་རོལ་མོ། འཕན་གདུགས། སྤོས་ཕོར་སོགས་ཐོགས་ཏེ་སེར་སྦྲེང་བསྟར། སྤོས་དང་བསངས་དུད་བསུ་བའི་ཚུལ་ཐུར་དུ་དལ་གྱིས་ཆགས་པ་བརྟེན་དང་ཕྲད་མཚམས་ནས་གྱེན་དུ་ལྡོག་པ་དེ་འཁོད་ཀུན་གྱིས་མཐོང་བས་ཡ་མཚན་གྱི་གནས་སུ་གྱུར། ཚེས་བརྒྱད་ཀྱི་ཟླ་བ་གྲོ་བཞིན་འཛོམ་པའི་འགྲུབ་སྦྱོར་གྱི་ཐོག་གསང་ཕུག་བྲག་དམར་ཀེའུ་ཚང་དུ་འདྲ་འབག་བསྒྲིགས་པ་གསེར་མདངས་ཀྱི་ཕན་ཡོན་ཡིན་ནམ་རྟེན་གཞན་རྣམས་ཟིལ་གྱིས་གནོན་པ་ལྟ་བུའི་


GLG005_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་བརྗིད་དང་ཕུག་པའི་ནང་འོད་དུ་གསལ་ཞིང་མཁའ་ལ་འཇའ་སྤྲིན་འཁྲིགས་པ། རླུང་བསེར་བུ་མི་ལྡང་བས་ས་ལ་དྲོད་སོས་ཀའི་དུས་ལྟར་ཕེབས་པ་བྱུང་ཞེས་གླེང་། དེ་འཕྲལ་དུ་དཔལ་རི་སྤྲུལ་སྐུ་ཅན་དགེ་འདུན་བརྒྱད་ཅུ་སྐོར་གྱི་སྤྱན་འདྲེན་ཁྲུས་གསོལ་བརྟན་བཞུགས་སྨོན་ལམ་བཀྲ་ཤིས་ཚིགས་སུ་བཅད་དེ་མེ་ཏོག་གཏོར། ཕྱི་དྲོ་གསེར་འབུམ་མཐིལ་དུ་ཚོགས་ཀྱི་འཁོར་ལོ་རྒྱས་པར་བཤམས་ཏེ་ཚེས་བཅུའི་གར་འཆམ་གྱིས་རོལ། གནས་སྲུང་གཙོ་མོ་རིག་འཛིན་མ། གནམ་ལྷ་བྱང་ཆུབ། ནོར་བུ་འཛིན་པ། གེ་གོང་ཆེན་པོ་རྣམས་ཁོག་ཏུ་ཞུགས་ཐོག་ཆས་ཕྱག་མཚན་སྙན་ཤལ་ཕུལ་ཞིང་དམོད་ནས་གཏོར་བས་རིག་འཛིན་མས་སྐུ་འདི་ཁྱེད་གཟུགས་ཅན་ཁོ་ནས་དྲངས་པ་མིན། ངེད་གཟུགས་མེད་ཚོ་དང་ལྷན་ཅིག་པའི་མཐུ་ལས་བྱུང་། རྟེན་གནས་སུ་ཕེབས་པའི་ཚེ་རྩི་ཤིང་ནགས་ཚལ་རྣམས་ཀྱང་མགོ་ཕྱོགས་པ་མ་མཐོང་ངམ་གསུང་། དེར་འཁོད་ཀུན་ཀྱང་རྣམ་རྟོག་ཏུ་དེ་འདྲ་བ་ཞིག་བྱུང་ཟེར་སྐད། བོད་འབངས་བདེ་བའི་རྟེན་འབྲེལ་འགྲིག་ཚུལ་གསུངས་པའི་རམ་ཆོས་སྐྱོང་གཞན་ཚོས་བཏེག་པའི་ལེགས་ཚོགས་ཀྱི་སྙན་པ་དང་བཅས་ཆང་ཁྱིམ་པ་འཁོར་ཞིང་ཞང་མཁར་པ་ཚེ་ཆོག་གི་དོ་དམ་ལ་རྗེས་སུ་བསྡད། བརྒྱད་ཀྱི་དགོངས་མོ་ནས་བཟུང་དཔལ་རི་བ་དཔོན་སློབ་ཁ་ཤས་ཀྱིས་གསང་ཕུག་ཏུ་བདུན་གཅིག་གི་རིང་འཆི་མེད་སྐུ་གསུམ་འདུས་པའི་སྒྲུབ་པ་དང་གྲ་དམངས་ཀྱིས་ཞག་གསུམ་གྱི་བར་དྲི་མེད་བཤགས་རྒྱུད་སྒྲོགས། ཚེས་བཅུ་གཅིག་ལ་སྡེ་པ་བྱ་བ་ཡབ་ཡུམ་སྲས་བཅས་བྱོན། རས་ལྕགས་ཁྲོ་བཙོང་། གསེར་རྔ་ཉི་ཤུས་ཐོག་དྲངས་པའི་སྟེར་ཆ་དཔངས་མཐོ་བར་མཛད། ཞལ་ངོ་རྣམས་ལ་འཆི་མེད་


GLG005_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སྟེར་གྱི་ཚེ་དབང་བརྒྱ་རྩ་ཕུལ། བསྙེན་རྫོགས་ཉིས་བརྒྱ་དོན་བདུན་དང་། དགེ་ཚུལ་ཉིས་བརྒྱ་དྲུག་བཅས་བསྒྲུབས། ལྷ་ཁང་པ་རྡོ་རྗེ་ནོར་བུ་དང་ཁལ་ཁ་སྐུ་སྐྱེ་བློ་བཟང་བསྟན་འཛིན་གཉིས་ཀྱིས་བསྐུལ་བའི་སྨོན་ལམ། དགེ་འཕེལ་དབོན་པའི་ངོར་བརྟན་སྡོད། འཕགས་པ་ལྷའི་སྤྲུལ་སྐུའི་བཞེད་པ་ལྟར་བདག་བསྟོད། གྲ་དམངས་ཀྱིས་བསྐུལ་ནས་སྒོ་མང་སློབ་དཔོན་འཕྲིན་ལས་རྒྱ་མཚོའི་གསོལ་འདེབས་རྣམས་བྲིས། འཕགས་པ་ལྷའི་སྤྲུལ་པའི་སྐུར་རྒྱལ་བ་ཙོང་ཁ་པའི་གསུང་འབུམ་ནས་ལམ་རིམ་ཆུང་བ། འདུས་པ་དང་བཅུ་གསུམ་མ་གསུམ་གྱི་དཀྱིལ་ཆོག །འཇིགས་བྱེད་ཟ་མ་ཏོག །སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ། བདེ་མཆོག་ལུས་དཀྱིལ། མཆོད་འཕྲེང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ནས་བླ་མའི་རྣལ་འབྱོར་དང་མཆོད་པ། སྙིང་པོ་དོན་གསུམ། ཚེམ་བུ་དམར་འཁྲིད་དང་ལྟ་འཁྲིད་ཚིགས་བཅད། མཁའ་སྤྱོད་དཀར་མོ་དང་མགོན་པོ་སྙིང་ཞུགས་ཀྱི་འཕོ་བ། འདུས་པའི་དཀའ་གནད། བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་རྣམས་དང་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པའི་དྲུག་ཅུ་པའི་ལུང་། སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ། བ་རི་ལུགས་ཀྱི་སྒྲོལ་དཀར། སྒྲུབ་ཐབས་རྒྱ་མཚོའི་ནང་གི་སེང་གེ་སྒྲ་དང་ཤེར་ཕྱིན་དཀར་མོ། སྣར་ཐང་བརྒྱ་རྩའི་བཅུ་གཅིག་ཞལ་རྣམས་ཀྱི་རྗེས་གནང་ཕུལ། ཆོས་གྲལ་དུ་སྨན་རྒྱུད་དབུ་མཛད་ཨེ་པ་བློ་བཟང་མཁས་གྲུབ་ཡོད་པར་བཅུ་གསུམ་མ་གསུམ་གྱི་དཀྱིལ་ཆོག་ན་ས་ཆོག་གི་སྔོན་དུ་བདག་བསྐྱེད་སྒོམ་པར་བཤད་པའི་དུས་བདག་མདུན་འཇུག་པ་ཨེ་གཅིག་དྲིས་པ་ལ་གཅིག་ཟེར་བར་མདུན་


GLG005_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་སྒྲུབ་མཆོད་ཀྱི་ཆེད་དུ་ས་ཆོག་བྱས་པ་ཡིན་པས་ཐོག་མ་ནས་འཇུག་པ་གཅིག་ཕྱིན། ས་ཆོག་གི་ངལ་བ་མི་དགོས་འདྲ་གླེངས་པས་དབུ་ཡོན་ལ་ཟིན་ནས་ལབ་རྒྱུ་མི་སྣང་། རྗེ་བཙུན་ཙོང་ཁ་པའི་གསུང་རབ་ལས་ལྷག་པ་རང་གཞན་ཀུན་ལ་དཀའ་རུང་ཡིག་ནག་གི་དཔེ་ཆས་སྨྲ་མི་ཤེས་པས་ཕ་པདྨའི་རྫིང་བུར་བུ་སྟག་མའི་མེ་ཏོག་འདི་མང་བར་སྣང་། སྐྱེས་དང་བསྟུན་པའི་གསེར་དངུལ་གོས་དར་གྱིས་མཚོན་པའི་བདོག་པ་དང་བཅས་རྫོང་བདའ་ཞུས། དགའ་ལྡན་གསང་སྔགས་གླིང་སློབ་དཔོན་གྲ་པ་བཅོ་ལྔ་སྐོར་གྱིས་སྟེར་ཆ་དང་བཅས་མཁའ་འགྲོ་སྡེ་ལྔ་ལ་བརྟེན་པའི་རིང་འཚོའི་རྟེན་འབྱུང་བསྒྲིགས། བཀྲ་ཤིས་ལྷུན་པོའི་དངུལ་གདུང་གི་དཀར་ཆག་དགོས་ཚུལ་སྨེད་པར་ཚ་རོང་དགེ་སློང་དེབ་དང་བཅས་པ་འབྱོར། དེ་ནང་དུ་བཻ་ཌཱུཪྻ་སྔོན་པོ་མཐོ་ཚད་དུ་ཉེ་བ་ལྟ་བུ་ཞིག་སྣང་བ་ཞིབ་ཏུ་དཔྱད་པས་བླུག་ཤེལ་སྔོན་པོའི་བུམ་པ་ཡིན་འདུག་པ་དང་ལྷ་བྲིས་པ་ཆོས་དབྱིངས་ཀྱིས་ཕུལ་བའི་ནོར་བུ་ཁྱུང་མིག་ཟེར་བ་དཔྱད་དོན་དང་མཁས་པ་རྣམས་ཀྱི་གསུང་རྒྱུན་ལ་མ་གྲགས་ཤིང་གཟི་ཡིན་པ་འདྲ་ཟེར་བས་དེ་རིགས་ཀྱི་མིང་གསལ་རྒྱག་མ་བདེ་བའི་གཤིས་ཚང་མ་ཚིགས་བཅད་དུ་བསྡེབས་པའི་བསྔགས་བརྗོད་སྨོན་ལམ་དང་འབྲེལ་བ་བརྗོད་བྱ་གང་ལེགས། ཞར་བྱུང་དེབ་ཀྱི་འགོ་བརྗོད་འཕྲལ་དུ་བྲིས་པའི་དཔོན་ཚང་ཕྱིར་སློག །ཉེར་དགུ་ལ་རྒྱལ་པོ་དཔོན་གཡོག་འདམ་ནས་ཕེབས་པ་དང་མཇལ། སྟག་ལུང་ཞབས་དྲུང་ཁྲི་ཐོག་པ་ངག་དབང་རྣམ་རྒྱལ་ལེགས་གྲུབ་ཀྱིས་གནམ་གང་གི་ཉིན་ལེགས་སྐྱེས་སྔོན་དུ་འགྲོ་བའི་སྟག་ལུང་ཐང་པའི་ཕྱག་ལེན་གྱི་བརྟན་བཞུགས་ཕྱོགས་སོ་སོ་ནས་གསུང་ཆོག་


GLG005_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་སྲོལ་ཡོད་འདུག་པ་བཞིན་བསྟར་བའི་ཚིགས་བཅད་ཀྱི་ཐུགས་རྩོམ་གསར་པ་ཞིག་ཀྱང་འདུག །སླར་སྒེར་དུ་མཇལ་ཞིང་བཀའ་བསྒོ་དགོས་ཚུལ་ཕེབས་པ་ཕུལ་ནས་ཐེགས་རྫོངས་ཞུས། ཧོར་ཟླ་བཅུ་པའི་ཚེས་གསུམ་ལ་ལྷ་ཁང་ཆོས་མཛད་ཀྱིས་མཁོ་མཐིང་ལྷ་ཁང་དུ་འབུལ་རྒྱུའི་སྙན་དར་ཞལ་ཡིག་བྲིས། འབྲི་གུང་གཏེར་སྒྲོམ་ནས་ཆུ་ཚན་དྲངས་ཏེ་ཞག་བདུན་ཙམ་གྱི་བར་འཕྲོད་བསྟེན་བྱས། ནད་ཀྱི་རིགས་གང་ལའང་མི་གནོད་ཅིང་ཕལ་ཆེར་ལ་ཕན་པའི་ཡ་མཚན་ཅན་ཞིག་འདུག །འདི་སྐབས་དང་སྦྲུལ་ལོ་གཉིས་ཀར་སྐར་མ་དུ་བ་མཇུག་རིང་ཞག་མང་ཙམ་ཤར་བར་འཕྲལ་ལྟར་སྣང་དུ་སེམས་ལ་གཟན་ཞིང་ཕུགས་རྒྱལ་ཁམས་མི་བདེ་བའི་དུས་རྟགས་སུ་མངོན། ཚོགས་གསོག་ཏུ་རྫོང་གཞིས་ཁག་བཅུ་བདུན་བསྡོམས་པར་བཀའ་འགྱུར་ཚར་སུམ་བརྒྱ་མཚན་བརྗོད་ཉིས་འབུམ། ཡིག་དྲུག་དང་བཛྲ་གུ་རུ་སོ་སོར་དུང་གཉིས་རེ། སྒྲོལ་མ་ཤེར་སྙིང་སོ་སོར་འབུམ། གོང་དཀར་ཆོས་སྡེ་དང་བཀྲ་ཤིས་ཆོས་སྡེ་གཉིས་སུ་ཚེ་ཆོག །རྒྱལ་དུ་དམག་ཟོར་མ་དང་ཕྱག་དྲུག་པ་ལས་གཤིན་གསུམ་གྱི་བསྐང་གསོ་ཁྲི་ཚར། སྤྱི་བསྐང་སྟོང་རྩ། ལྷ་ས། བསམ་ཡས། ཁྲ་འབྲུག་གསུམ་གྱིས་གཙོས་པའི་གཙུག་ལག་ཁང་བཅུ་ལ་བརྒྱ་མཆོད་སྣ་ལྔ། སྙན་དར་རེ། འཕན་ཆ་རེ། དགྲ་མནན་ཁག་བདུན་སྨན་བླ་དང་བཅས་པ། གསང་སྔགས་གླིང་དུ་ཟླ་གཅིག་གི་བར་གཤིན་རྗེ་ཐམས་ཅད་འདུས་པའི་སྔགས་རིང་། ལྷ་ས་སྤྱི་པར་སྒོ་འགྱེད་བཏང་། དེ་མོ་བ་དཔོན་སློབ་ཀྱིས་ཚོགས་འཁོར་སྟེར་ཆ་འགྱེད་བཅས་གཟེངས་བསྟོད་པའི་སྦྱིན་བདག་མཛད་ནས་གྲ་ཚང་གིས་འཆི་མེད་འོད་སྣང་གི་ཚེ་ཆོག་རྒྱས་པར་གསུངས། ཚེས་


GLG005_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་ནས་ལྕགས་ཟམ་སྤྲུལ་སྐུ་དང་རྡོ་རྗེ་བྲག་སྤྲུལ་སྐུ་གཉིས་ལ་རྡོར་འབུམ་ཆོས་གྲགས་ཀྱི་གཏེར་མའི་བདུད་རྩི་བུམ་པའི་དབང་ལུང་ཡོངས་རྫོགས། རིག་འཛིན་ལེགས་ལྡན་རྗེའི་གཏེར་གསར་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་དབང་ལུང་ཆ་ཚང་། དྲི་མེད་བཤགས་རྒྱུད། གཏེར་སྟོན་ཚེ་བརྟན་རྒྱལ་མཚན་གྱི་སྤྱན་མང་ཞི་དྲག་ཕྱེད་གསུམ་གྱི་ལུང་རྣམས་ཕུལ། གྲོང་སྨད་པ་སངས་རྒྱམ་པར་བདུད་རྩི་བུམ་པའི་དབང་བསྐུར། རིན་པོ་ཆེ་ལྕགས་ཟམ་པ་ཐེགས་རྗེས་རྡོ་རྗེ་བྲག་སྤྲུལ་སྐུར་རཏྣ་གླིང་པའི་འཚོ་རྒྱལ་སྐོར་གསུམ། གསར་རྩོམ་གྱི་ཚེ་བདག །དྲག་དམར། དྲེགས་འདུལ་གསུམ་གྱི་བསྙེན་ཡིག་སོགས་ཐོར་བུ་ཕུལ། མགར་བའི་ཁོག་ཏུ་དམ་ཅན་དངོས་སུ་ཞུགས་ནས་ཆོས་དབང་རིན་པོ་ཆེའི་ཐུགས་དམ་རྟེན་དུ་བརྡུངས་པའི་ཕུར་པ་དུས་གསུམ་མཆོག་དད་རྟེན་དུ་སྟེར་བ་མཛད། ནཱ་རོ་པའི་ཕྱག་གི་རྡོར་དྲིལ་མར་པས་བོད་དུ་བསྣམས་ནས་མེས་སྟོན་ཚོམ་པོར་གནང་། དེའི་གདུང་བརྒྱུད་ཐོབ་རྒྱལ་སྡེ་པ་ནས་གཙང་སྡེ་སྲིད་ལ་བྱུང་། གཙང་པའི་སྐྱས་ཁྲོད་ནས་བོར་བ་རིམ་པར་བརྒྱུད་ཞ་ལུ་མཁན་རིན་པོ་ཆེས་ཕྱག་བྲིས་རྟེན་དུ་བསྩལ། དེ་མོ་སྤྲུལ་བའི་སྐུར་བཀའ་གདམས་ཐིག་ལེ་བཅུ་དྲུག །རྡོ་རྗེ་དྲག་པོ་རྩལ་གྱི་བྱིན་རླབས་ཐུགས་རྗེའི་དབང་། གཏེར་ཁ་གོང་མའི་དྲག་དམར་གྱི་ཆོས་སྐོར་ཡོངས་རྫོགས་ཀྱི་ལུང་། གཤིན་རྗེ་ཁ་ལ་རྒྱས་འདེབས་ཀྱི་ཕྱག་ལེན་དང་བཅས་པ། རྒྱལ་པོ་བྱེས་ཆས་ཀྱི་ལུང་ཕྱག་འཁྲིད་རྣམས་ཞིབ་རྒྱས་སུ་ཕུལ། བོད་ཁམས་བདེ་ཐབས་སུ་ཁམས་ཕྱོགས་ཀྱི་ས་གནད་འཆོས་པའི་ཁུར་བཞེས་མཛད་གསུང་བ་བཞིན་དེ་གའི་བྱེད་ལུགས་


GLG005_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུ་མཚན་ཞིབ་པར་མོལ། ཐུགས་བརྩོན་པ་ཆེས་པས་མ་འགྱངས་པར་ཚང་མ་གྲུབ་པའི་གནས་ཚུལ་བྱུང་། སྙིགས་མ་ལྔ་ཆེས་ཆེར་བདོ་བའི་དུས་འདིར་བོད་འབངས་བདེ་ཐབས་བསྒྲུབ་པ་ལ་བར་ཆད་ཆེ་བ་འོང་འདུག་པར་སྐུ་ཚེར་མ་གནོད་པའི་ངེས་པ་མི་སྣང་བས་འདི་རིགས་ཀྱི་སྐབས་རང་གི་བར་ཆད་སེལ་བྱེད་ཀྱི་རིམ་གྲོའང་གལ་ཆེ་བར་གདའ། ཀོང་པོ་བུ་ཆུའི་ཇོ་བོ་ལ་པྲོག་ཞུ་ཞིག་སྒྲོན་ཡོད་ཚུལ་གྱི་གསུང་གླེང་བྱུང་བར་བརྟེན་འཕགས་པ་ལྷའི་ཕྱག་གི་སྦོོ་ཆབ་ལ་གཡུ་ཕྲ་རྒྱག་མཁན་གྱི་བལ་པོ་མཁས་པ་ཞིག་ཡོད་འདུག་པ་དེ་མོ་བས་གཡུ་པད་ཅིག་འཕྲལ་དུ་བཟོ་བཅུག་པའི་མར་ལམ་བུ་ཆུའི་ཇོ་བོར་དབུ་རྒྱན་ཀྱང་འབུལ་བའི་ཞལ་ལེན་མཛད་སོང་། ཚུར་བྱུང་དང་བསྟུན་པའི་བདོག་པའི་དངོས་པོ་བསྟར། སྣ་དཀར་རྩེའི་ཞབས་དྲུང་ཕེབས་པ་ཞབས་འབམ་བསྙུང་བ་དང་ཐུག་པས་ཟླ་གཅིག་ལྷག་གི་བར་བཞུགས་མཚེར་དུ་སྟན་ཆགས་ངོས་ཕྱིར་ཐེགས་གདོང་རྐྱེན་སེལ་གྱི་རྗེས་གནང་འདྲ་ཕུལ། ཧོར་ཟླ་བཅུ་གཅིག་པའི་ཚེས་དྲུག་ལ་བསྙེན་རྫོགས་ཉི་ཤུ་དང་དགེ་ཚུལ་སུམ་ཅུ་བསྒྲུབས། དཔལ་འཁོར་ཆོས་སྡེ་ནས་མཁན་པོ་ཤེས་རབ་ཡོན་ཏན་གཤེགས་པའི་བསྔོ་རྟེན་དཔངས་བསྟོད་པར་བསྟར་བར་ས་ལམ་གྱི་བར་གཅོད་སེལ་བའི་བསྔོ་སྨོན་དང་དགེ་བའི་ཐེབས་ཀྱི་མཐུན་རྐྱེན་གྱ་ནོམ་པ་བྱས། བསམ་ཡས་ནས་ཆོས་སྐྱོང་ཆེན་པོས་སྤོ་བོ་གཏེར་སྟོན་བདུད་འདུལ་རྡོ་རྗེ་འབོད་པར་གཏོང་དགོས་ཚུལ་སྟག་རྩེ་ཐའི་ཇི་བརྒྱུད་ཕེབས་པར་ངེད་རང་དང་སྡེ་པ་སྟག་རྩེ་ཐའི་ཇི་གསུམ་གྱིས་ཡི་གེ་དོན་གཉེར་ཆེན་པོས་ལན་གསུམ་ཙམ་ལོ་རིམ་ཙར་གྱིས་བཏང་བར་སྔ་མར་ང་ལ་བོད་ན་གཏེར་གྱི་སྐལ་བ་མེད་ཟེར། བར་པར་གཏེར་འདོན་


GLG005_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའང་ཡོད་ལ་ཡོང་རྩིས་ཀྱང་བྱེད་ཟེར། རྟིང་མ་ང་བོད་དུ་ཤོར་ན་རི་བོ་དགའ་ལྡན་པའི་བསྟན་པ་ཉི་མ་ཤར་པ་ལྟར་ཡོང་འདུག་ཅེས་རྩེ་ལྷ་སྒང་པ་སོགས་བཀག་པོ་རྣམས་ཀྱིས་དུག་བཏང་ནས་ད་ཆ་ཡོང་མི་ཐུབ་པའི་ཡིག་ལན་བྱུང་བ་ཆོས་སྐྱོང་ཆེན་པོར་སྤྱན་འབེབས་ཞུས། གྲ་ཚང་ནས་གྲངས་བཅད་ཀྱིས་སྒྲུབ་ཁག་ཀྱང་སྔར་རྒྱུན་བཞིན་བཙུགས། འཕྱོང་རྒྱས་པ་བོན་པོ་ཐོག་ལེགས་བཀྲ་ཤིས་ཚེ་བརྟན། ལྡུམ་ར་བ་ཟླ་བ་རྒྱལ་མཚན། སྤྱན་གཡས་དགོན་པ་བ་བློ་བཟང་ཚང་ལྡན་གསུམ་གྱིས་བོན་གྱི་གཏོ་འཆོས་རྣམས་ལོ་རིམ་ཙར་གྱིས་བྱས། བཅུ་གཅིག་ནས་བཟུང་ཧོར་ཟླ་བཅུ་གཉིས་པའི་སྨད་བར་བཅད་རྒྱ་དམ་ཙམ་གྱི་ངོས་སྔ་དགོངས་དགེ་སྦྱོར་དང་ཉིན་མོ་དཔེ་ཆ་བལྟས། འཕྱོང་རྒྱས་རབ་འབྱམས་པ་ཀུན་དགའ་བསྟན་འཛིན་གྱིས་ཆོས་སྐྱོང་སྤྱི་བྱེ་བྲག་ལ་འབུལ་རྒྱུའི་སྙན་དར་ཞལ་ཡིག །འཕྱོས་ཆོས་འཁོར་སྟེང་གི་ཆོས་སྐྱོང་གིས་བསྐུལ་བའི་རྒྱལ་གསོལ། ཚངས་པ་དུང་ཐོད་ཅན་ལ་དོགས་སེལ་གྱི་ལུང་བསྟན་ཞུ་བའི་ཆེད་དུ་གསོལ་བའི་འཕྲིན་ཤོག་སྤྱན་གཟིགས་ཚོགས་ཆས་འབུལ་བར་མདའ་དཔོན་གྱང་གྲོང་པ་བཏང་། སྨད་རྒྱུད་དབུ་མཛད་དགེ་སྐོས་གཉིས་ཀྱིས་བསྐུལ་བའི་སློབ་དཔོན་བློ་བཟང་དོན་ཡོད་དང་བདེ་ཡངས་གྲ་དམངས་ཀྱི་ངོར་འཆད་ཉན་པ་རིམ་བྱུང་གི་གསོལ་འདེབས། ར་བ་སྟོད་སྤྱི་ཚོགས་དང་ཉ་ཤུར་སྐྱ་རིལ་གྱིས་དགའ་ལྡན་ལྷུན་པོར་འཛུགས་རྒྱུར་ཡུན་འཚོའི་ཚིགས་བཅད་རྣམས་བརྩམས། པད་ཚལ་བས་གད་སྒོ་ཞང་ཚན་གྱི་བདེ་གཟར་སྐབས་ཁ་ཕྱོགས་མ་ལོག་པར་བརྟེན་རྟ་ནག་གུང་རྒྱལ་མ་ཟིན་པའི་ས་བརྗེས་འཕར་ཁ་བཅས་པར་ཕོད་དཀར་བའི་ས་ལག་དལ་འབྱོར་ཀུན་རའི་
ཤས་བོགས། དར་རྒྱས་ཆུ་བཏགས་ཀྱི་གཞིས་ཀ །ཐེམ་འཛིན་དགུ །ལག་འབབ་བརྒྱད་བརྒྱ་སྐོར། འཕྱོང་རྒྱས་ལྕང་གླིང་པ་བདེ་སྐྱིད་གླིང་སོགས་ཀྱི་ཞུ་ཧམ་ཆེ་བར་འདུག་ཀྱང་རྫོང་སྟོང་དུ་བཞག་པ་མ་འགབ་པས་ཁེ་རུ་རྒྱ་ཕུ་བསྡོམས་པའི་ཐེམ་འཛིན་དྲུག །ལག་འབབ་དྲུག་བརྒྱ་སྐོར་འཇགས་གནས་བྱས། བདེ་ཆེན་ཆོས་རྗེ་བློ་བཟང་ཆོས་རྒྱལ་དབང་ཕྱུག་གཤེགས་པའི་བསྔོ་རྟེན་རྣམས་བླ་མེད་བྱང་ཆུབ་མཆོག་ཏུ་རྒྱས་བཏང་། དགོངས་རྫོགས་ཀྱི་མཐུན་རྐྱེན་དུ་གོས་དར་གསེར་དངུལ་སོགས་བདོག་པ་སྤེལ་བར་ཆང་ཁྱིམ་པ་བློ་བཟང་མཁྱེན་བརྩེ་དང་པུ་ཤུད་པ་བློ་བཟང་དར་རྒྱས་བཏང་། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་དབུ་ཞྭ། རྗེ་བསོད་ནམས་རྒྱ་མཚོའི་ཚེམས་ཞྭ་ཐུལ་གསོལ་པང་། མཁས་གྲུབ་ནོར་བཟང་རྒྱ་མཚོའི་ཚེམས། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་དབུ་ཞྭ་སོགས་བྱིན་རླབས་རྟེན་ཁུངས་བཙུན་པ་ཁ་ཤས་རྟ་ནག་ས་པའི་ལག་ནས་དགེ་སློང་བློ་བཟང་རྣམ་རྒྱལ་གྱིས་དོ་དམ་བྱས་བྱུང་བར་བླུས་མ་བཟབས་བར་བྱིན། དངོས་གྲུབ་སྡིངས་པས་གྲུབ་ཐོབ་ཞི་བ་བཟང་པོས་སྤྱན་རས་གཟིགས་བསྒྲུབས་པའི་མཎྜལ་བྱུང་།

དགུང་ལོ་ཞེ་དགུ་པར་གསན་ཡིག་གངྒཱའི་ཆུ་རྒྱུན་འབྲི་བའི་འགོ་ཚུགས་ཤིང་བོད་ཁམས་བདེ་ཐབས་ཀྱི་རིམ་གྲོ་མཛད་པ་སོགས་ཀྱི་སྐོར།


GLG005_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

དུས་རིམ་ལེ་ཚན་དང་ཤིང་སྦྲུལ་ལོ་གསར་གྱི་བསྐང་གསོ་བཞུགས་གྲལ་རྣམས་སྔར་འཁྱུད་བཞིན་བཏང་། ཆོས་རྣམ་གྲངས་མང་བ་ཐོབ་པར་ཐོབ་ཡིག་གི་ཟིན་བྲིས་པོ་ཏི་ཆེ་ཚད་ཙམ་ཡོད་རུང་། གང་བྱུང་ནས་བྲིས་པའི་གོ་རིམ་འཚོལ་བདེ་བ་ཞིག་མེད་ཅིང་ཆོས་ཀྱི་རྒྱལ་པོ་འཕགས་པ། ཐམས་ཅད་མཁྱེན་པ་བུ་སྟོན། རྒྱལ་བ་གཉིས་པ་ཙོང་ཁ་པ་རྣམས་ཀྱིས་གཙོས་པའི་རིས་སུ་མ་ཆད་པའི་མཁས་གྲུབ་ཆེན་པོ་ཚོར་གསན་ཡིག་འདུག་པས་ཡིད་ཕྲོགས་མིག་ཡར་


GLG005_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

བལྟའི་ཁུལ་གྱི་ཐོབ་ཡིག་ཆོས་ཀྱི་བཞུགས་ཚུལ་གྱི་གོ་རིམ་དང་སྡེ་ཚན་རང་བློས་གང་སྤོབས་ཀྱིས་འབྲི་བའི་འགོ་བཙུགས། ཡིག་མཁན་གོང་དཀར་གནས་གསར་བ་འཇམ་དབྱངས་བསྟན་འཛིན་གྱིས་བྱས།ལོ་འདི་ནང་དུ་གྲུབ་ལ་རེ་ཙམ་བྱུང་རུང་ཁུངས་འཚོལ་བ་དང་ཞིབ་ཏུ་དཔྱོད་དགོས་པ་རྩོམ་པ་དཀྱུས་མ་ལས་རྣམ་གྲངས་མང་བའི་མགོ་འཁྲུགས་པའི་སྟེང་དོན་མེད་ཀྱི་རྣམ་གཡེང་ཆུ་གཉེར་ལྟར་ཟད་པ་མེད་ཅིང་བསོད་ནམས་མ་ཡིན་པའི་འབྲས་བུ་ལན་མང་པོར་བྲོ་འཚལ་བ་སོགས་མི་མཐུན་པའི་ཕྱོགས་སྒོ་དུ་མས་བར་གསེངས་པར་བརྟེན་ཕྱོད་ཤིན་ཏུ་ཆུང་བས་ལྕགས་ཁྱིའི་སྟོན་མཇུག་སྦྱར་བྱང་ཐེབས་པ་ཙམ་ལ་ཡ་མཚན་དུ་བཟུང་། འབའ་དར་ཁན་དཀའ་བཅུས་བདོག་པའི་ཚན་གྲངས་དང་བཅས་གྲ་ཚང་ནས་གྲ་པ་བཅུ་གཉིས་ཀྱིས་རིང་འཚོའི་ཚིགས་བཅད་གསུངས། ཚེ་དབང་འཆི་མེད་དཔལ་སྟེར་ལོ་གྲངས་ཤིག་བསྐུར། བྲག་སྣ་ཆོས་རྗེ་བློ་བཟང་ངག་དབང་དང་དགེ་སློང་འཇམ་དབྱངས་གྲགས་པ་གཉིས་ཀྱིས་བཀའ་བརྒྱད། དགའ་གདོང་སྔགས་རམས་པ་དོན་གྲུབ་རྒྱ་མཚོས་ཕུར་པ། ཆོས་རྗེ་ཁ་རག་པ། སྐྱམ་པ་ངག་དབང་ཆོས་འཛིན། གྲམ་པ་བློ་བཟང་ངག་དབང་། ཡར་འབྲོག་པ་འཕྲིན་ལས་རྒྱ་མཚོ་བཞིས་ཕྱག་རྒྱ་ཟིལ་གནོན་གྱི་གཞི་བསྙེན་ལ་འཇུག་འདོད་པས་སོ་སོར་དམིགས་སྐོར་ཕྱག་ལེན་ཞིབ་ཏུ་བསླབས་པའི་ཟླ་བ་དྲུག་གི་བར་བཅད་རྒྱ་ཤིན་ཏུ་དམ་པ་ཚད་ལྡན་ཁ་སྐོང་གི་སྦྱིན་སྲེག་དང་འབྲེལ་བ་བྱེད་དུ་བཅུག །བོད་འབངས་བདེ་ཐབས་སུ་གསུང་སྒྲོག །ཁྲོ་རོལ། སྨན་བླས་མཚོན་པ་བན་སྔགས་བོན་གསུམ་གྱིས་སྒྲུབ་དགོས་དཀྱུས་ལྟར་དང་འཕར་མ། དབུས་དྭགས་ཀོང་གི་


GLG005_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་པ་ཚོར་མང་འགྱེད། མི་སེར་ལ་འབྲུ་འགྱེད་སྟར་ཆགས་སུ་གཏོང་བ། དེ་མཚུངས་གཡས་རུ་གཙང་གི་དེབ་རྣམས་ཀྱི་འགོ་བརྗོད། དགའ་ལྡན་འཕེལ་རྒྱས་གླིང་སློབ་དཔོན་པས་བསྐུལ་བའི་སྨོན་ལམ། ཐོན་ལེགས་ལྡན་དབང་པོས་གཡའ་མང་རྡོ་རྗེ་སྤུན་གསུམ་དང་ཇོ་བོ་གཉེར་པ་སེང་གདོང་གི་གསོལ་མཆོད་ཐོན་པ་ཐུ་རིགས་ཡིན་པའི་བརྗོད་བྱ་དང་བཅས་དགོས་ཚུལ་བྱུང་བ་ཡར་རྒྱབ་དང་གདུང་རུས་གཅིག་པའི་ཁུངས་མ་ཚོར་རུང་སྡེ་སྲིད་གཙང་པའི་དཔལ་ལྡན་གཉགས་ཀྱི་གདུང་དང་མཐུན་པར་བྲིས། བསམ་ཡས་ཆོས་སྐྱོང་ཆེན་པོ་དཔོན་བློན་གྱིས་ལུང་བསྟན་གནང་བར་དེ་ལན་དོགས་སེལ་གྱི་ཚིགས་བཅད་དང་བཅས་མཆོད་སྤྲིན་སྟོབ་པར་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེ་བཏང་། ཧོར་ཟླ་གཉིས་པའི་ཚེས་གཉིས་ལ་ཉེ་སྐོར་དུ་འཁོད་པའི་དྲུང་འཁོར་རྣམས་ཀྱིས་བདོག་པའི་སྐྱེས་སྤེལ་ཏེ་ཡུན་དུ་གནས་པའི་རྟེན་འབྲེལ་བསྒྲིགས་ཤིང་ངེད་རང་དང་སྡེ་པ་སོ་སོར་བརྟན་སྡོད་ཀྱི་ཚིགས་བཅད་དགོས་ཚུལ་བྱུང་བ་བྲིས། དེ་ནུབ་ས་གཡོས་མངོན་པ་ཞིག་བྱུང་འདུག་པ་སྤྱིར་ས་གཡོས་ལ་ལེགས་ཉེས་ཀྱི་རྣམ་གྲངས་མང་ཞིང་སངས་རྒྱས་ཀྱི་མཛད་པ་སོགས་ལ་ནི་མདོ་ལས་ལེགས་པར་བཤད་བྱ་སྐལ་བཟང་པ་བསྙེན་པ་རྫོགས་དུས་སྡོམ་པ་ཐོབ་ཅེས་བརྡ་སྤྲད་པ་དང་ལྷན་ཅིག་པར་ས་གཡོས་པས་ས་དང་པོ་ཐོབ་པར་མཁན་པོས་དབུགས་དབྱུང་བར་སྣང་། གང་ལྟར་དེ་ལོ་ཕྱི་ནང་ཀུན་ཏུ་མི་བདེ་བའི་རིགས་མ་བྱུང་བས་རྟེན་འབྲེལ་ལེགས་པར་གཏོགས་འདུག །དྲུང་འཁོར་སྤྱི་བསྡུས་ནས་ངེད་རང་དང་སྡེ་པའི་རིམ་གྲོར་འབྲས་སྤུངས་སུ་མང་ཇ་དྲུག །སེ་རར་གསུམ། རྒྱུད་པ་དང་གྲ་ཚང་ལ་གྲ་ཇ་ཁ་ཤས་ཀྱིས་བསྙེན་བཀུར། ཁྲོ་ཕུ་སློབ་


GLG005_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ངག་དབང་བསྟན་འཛིན་གྱིས་སྙན་ངག་ནས་དྲངས་པའི་ཡི་གེ་བྱུང་བ་དེ་ལན་བསྲིངས། ཐུགས་སྲས་སྤྲུལ་སྐུས་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེའི་སྤྲུལ་སྐུ་མྱུར་འབྱོན་གྱི་སྨོན་ལམ་དང་རི་མོ་བ་ཆོས་དབྱིངས་རྒྱ་མཚོས་ཤར་གླིང་ཆོས་སྡེའི་གནས་བཅུ་ཞིག་གསོས་བྱས་པའི་དགེ་བ་བསྔོ་བ་བརྩམས། བྲག་དམར་རོང་བཙན་གྱིས་ལུང་བསྟན་དང་སྤྱན་གཟིགས་དགོས་ཚུལ་བྱུང་བ་ལན་དང་བཅས་ཏེ་ཕུལ། སྒོ་མང་སློབ་དཔོན་འཕྲིན་ལས་རྒྱ་མཚོ་ཨོ་ཆིར་ཐུ་ཐའི་ཇིའི་བླ་མར་འགྲོ་དགོས་པའི་བསླབ་སྟོན་སྡེ་པས་མཛད་སོང་རུང་ཁོང་པའི་ནད་གཅོང་ལོད་གཤིས་མི་ཕེར་བའི་རྒྱུ་མཚན་ཞུས་ནས་དང་དུ་མ་བླངས། ཤ་ཁོག་བོ་ཁོག་རྒྱ་སོག་བོད་འབྲོག་ཚང་མ་འཛོམ་པའི་ལུང་པར་སོང་བླ་མ་བཙན་པོའང་འཆི་མེད་རྡོ་རྗེའི་སྐུ་བརྙེས་པ་སོགས་ཕྱོགས་དེར་སྐྱེ་རྒ་ན་འཆིའི་རིགས་ཡོང་གིན་མེད་འདུག་པས་འདེགས་པའི་རྟ་གོན་དུ་སྒོ་མངས་ཀྱི་ཁུར་བཞག་པར་བརྟེན་ཚེས་བཅུ་ལ་བདེ་ཡངས་སློབ་དཔོན་ངག་དབང་བློ་གྲོས་རྒྱ་མཚོ་སྒོ་མངས་སུ་བསྐོ་བ་དང་དུས་མཚུངས་པར་བདེ་ཡངས་ཀྱི་བླ་མར་འཕྱོས་པ་རབ་འབྱམས་པ་ངག་དབང་བསྟན་འཛིན་བསྐོས་པ་ར་བ་སྟོད་པའི་དཔའ་རྒན་པར་སོང་བས་ཤིང་སྟག་གི་བར་ཆོས་འཕེལ་བར་བྱུང་། བསམ་ཡས་ནས་ཆོས་རྒྱལ་ཆེན་པོ་དང་ལས་མཁན་གཉིས་ཀྱི་ལུང་བསྟན་ལྟར་བོད་ཁམས་བདེ་ཐབས་སུ་ལྷ་ས། བསམ་ཡས། ཁྲ་འབྲུག །ཀ་ཚལ། གཙང་འགྲམ་ལྷ་ཁང་། གྲུམ་པ་རྒྱང་། ལྷོ་བྲག་མཁོ་མཐིང་ལྷ་ཁང་། བྱང་པྲ་དུན་ཙེ། ཀོང་པོ་བུ་ཆུ། ཡང་རྫོང་། མཆིམས་ཕུ། མཁར་ཆུ། ཤེལ་བྲག །འོན་ཕུ་སྟག་ཚང་། ཞོ་སྟོད་གཏེར་སྒྲོམ། ཡེར་པ། ཕུང་པོ་རི་བོ་ཆེ། ཟབ་བུ་ལུང་། རི་བོ་བཀྲ་བཟང་


GLG005_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་རི་སོགས་ཆོས་རྒྱལ་ཨྱོན་ཆེན་པོའི་གནས་སུམ་ཅུ་སོ་གཅིག་བསྡོམས་པར་བཀའ་འགྱུར་ཚར་ཉིས་བརྒྱ་དང་བཅུ། འབུམ་དཀོན་མཆོག་བརྩེགས་པ། ཟ་མ་ཏོག་གསུམ་སོ་སོར་བརྒྱ་རྩ། བརྒྱད་སྟོང་པ་དང་བསྐལ་བཟང་སྟོང་རྩ་རེ། མཚན་བརྗོད་སུམ་འབུམ། གདུགས་དཀར་ཆིག་འབུམ། སྨན་བླ་བདུན་སྟོང་ཆིག་བརྒྱ། སྒྲོལ་མ་ས་ཡ་གཅིག །ཤེར་སྙིང་ས་ཡ་གཉིས་དང་དགུ་འབུམ། འཇམ་དབྱངས་ཕྱག་རྡོར་གཉིས་ཀྱི་གཟུངས་སོ་སོར་ས་ཡ་གསུམ་རེ། མ་ཎི་དུང་ཕྱུར་གཉིས་བྱེ་བ་གཉིས་ས་ཡ་བཞི། བཛྲ་གུ་རུ་དུང་ཕྱུར་གཅིག་བྱེ་བ་གཅིག་ས་ཡ་གཅིག་སུམ་འབུམ། བསམ་པ་ལྷུན་གྲུབ་མ་བརྒྱ་རྩ། སཱ་ཙྪ་སུམ་འབུམ། ལྷ་ས་བསམ་ཡས་དང་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱད་ལ་བརྒྱ་མཆོད། དར་པོ་ཆེ་བཞི། དར་ལྕོག་བཅུ་དྲུག །ཁྲོ་རོལ་བཅོ་ལྔ། འཆར་ཀའི་མདོས། མགོན་པོ་གཡུལ་བཟློག །གུར་མགོན་གྱི་དམར་ཆེན་གཏོར་བཟློག །དགྲ་མནན་ཁག་བཅུ་གཉིས། ཚེ་དཔག་མེད་ལྷ་དགུའི་སྒྲུབ་མཆོད་བཞི། ཞི་བའི་སྦྱིན་སྲེག་ཆིག་སྟོང་ཆིག་བརྒྱ། རྒྱས་པའི་སྦྱིན་སྲེག་ཆིག་བརྒྱ། ཚོགས་བརྒྱ་བཅུ་དྲུག །ཞི་ཁྲོའི་སྐོང་བཤགས་བཅུ་གཉིས། ཕྱུགས་ལུག་བརྒྱ་དང་ཉ་འབུམ་གྱི་སྲོག་བླུ། ཡུལ་སོ་སོར་རྡོ་རྗེ་རྣམ་འཇོམས་ཀྱི་ཁྲུས་གསོལ་རྣམས་བཏང་། ངག་དབང་རབ་བརྟན་དང་ངག་དབང་སྨོན་ལམ་གཉིས་ཆོས་འཁོར་རྒྱལ་དུ་གཏོར་གསོ་ལ་བརྫངས། རྟ་ནག་རྡོ་རྗེ་གདན་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཡབ་གཞིས་ཀྱི་དགོན་གནས་ཁྱད་ཅན་ཡིན་ཀྱང་སྔར་ཕན་བདག་རྐྱེན་བཞིན་མ་བྱུང་འདུག་པས་འདི་ལོ་ནས་བཟུང་མཐུན་རྐྱེན་དུ་མཁའ་རུའི་ཁལ་བརྒྱ་ཐམ་པ་རེ་ཐོན་པའི་ཤས་ཞིང་། དར་ཁན་


GLG005_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བཅུ་བར་རྒྱལ་མོ་གཞིས་ཀ །རྒྱལ་མོ་སླར་བརྩམ་དྲིལ་བར་དུད་འཛིན་བཅོ་ལྔ། ལག་འབབ་ཆིག་སྟོང་ཕྱེད་སུམ་བརྒྱ། ཤིང་བཟོ་གྲ་ས་བས་ཀུན་དགའ་ར་བ་སོགས་ལ་ཁུར་བསམ་ཆེ་བར་བརྟེན་གདོང་སྣ་བ་ཅན་དུད་འཛིན་བཞི། ཞིང་འཁྱར་ཤས་བཅས་ཀྱི་ལག་ཡོང་ཁལ་ཕྱེད་ཉིས་བརྒྱ། འབྲེང་ཁུད་པའི་རྟོལ་རྡོ་རྗེ་ཚེ་བརྟན་ལ་ལྡིང་དཔོན་གྱི་རྟེན་སོ་དང་གྲུབ་མཐའ་ཁ་ཕྱོགས་མ་ལོག་པར་བར་སྡིངས་ཤར་གྱི་ཁང་པ། ལྷུན་རྩེ་ཆོས་སྡེའི་གྲ་ཁང་། ཐེམ་འཛིན་གཅིག །ལག་ཡོང་ལྔ་བརྒྱ་སྐོར། བསོད་ནམས་དབང་རྒྱལ་ལ་བ་དེ་ཁྲི་སྨད་ཀྱི་ས་རིས་རྒྱ་མི་ཆུང་ཙམ་ཡོད་རུང་ས་ཆ་གཉན་པར་དོགས་པའི་སྡོད་གནས་ལ་སྙེ་ཐང་རྒྱལ་གྲོང་ནས་ནག་ཚང་རྐང་གཅིག་གི་ས་ཞིང་ཁང་། ཆུ་ཤུར་ཨ་རྒྱ་བསྟན་འཛིན་ལ་བོགས་ཁལ་ཉི་ཤུའི་གསར་འཇགས། ཕྱི་འགྲོ་མར་ཁལ་དྲུག་གི་ཆག་ཆ། འོར་སྦུག་པར་སྡེ་པ་བསོད་ནམས་རབ་བརྟན་གྱིས་སེ་ཐོག་ལྕགས་ཕུར་བ་དང་ཤུག་ར་ཁང་གསར་གཉིས་གནང་བ་མ་འཆམ་པར་བརྟེན་ས་ཆ་འོར་སྦུག་པར་འཇགས་པའི་བདག་པོ་གཉིས་ལ་ས་ཚབ་ཞོལ་ནས་སྤྲད། ཧོར་ཟླ་གསུམ་པའི་ཚེས་གཅིག་ལ་དར་མོ་བ་བློ་བཟང་ཆོས་གྲགས་ཀྱིས་ཕྱི་རོལ་ཏུ་རྒྱུད་བཞི་ཡོངས་རྫོགས་རྒྱུགས་ཕུལ་ན་གནང་སྦྱིན་ཞུས་པ་འདྲ་ཞིག་ཡོང་འདུག་པས་སྐལ་བ་བཟང་ཕྱིར་ངེད་རང་གི་འཁྲིས་སུ་བྱེད་ཅེས་རྩ་རྒྱུད་ཡོངས་རྫོགས་དང་རྒྱུད་གཞན་རྣམས་ཤོག་བུ་ཁ་ཡར་ཁ་ཡར་སྐྱུར་མཚམས་ནས་ཡིག་འཕྲེང་གཉིས་གསུམ་རེའི་རྒྱུགས་དང་གཞུང་དོན་ས་བཅད་རྩེད་ཐང་དུ་འདི་ལོ་གྲ་སྐོར་བྱེད་པའི་བཤད་ཕུད་བྱུང་། ཚེས་གསུམ་ལ་ར་བ་སྟོད་པས་ཚན་


GLG005_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་དང་བཅས་ཚེར་གསེབ་དགོན་པ་བ་ལུགས་ཀྱི་རྟེན་འབྱུང་མཛད་སོང་བ་ཞལ་འདོན་ཀྱང་ཆད་གྲབས་དང་གཏོར་མ་སོགས་རྣམ་དབྱེ་ཡེ་མི་འདུག །རང་ལ་བབ་ཐོབ་གང་ཡོད་དེ་ག་གནད་ཆེ་བར་སྣང་། བཀྲ་ཤིས་ལྷུན་པོ་ནས་གྲ་ཚང་གསུམ་གྱི་སློབ་དཔོན། བླ་བྲང་གི་སྐུ་ཚབ་རྡོ་རྗེ་རྒྱལ་མཚན། སྡེ་པ་སྲད་པ། རྩེ་ནས། ཇོ་མོ་རྫོང་པ། ལྷུན་གྲུབ་རྩེ་བ་སོགས་ཀྱིས་སྦྱིན་བདག་བྱས་ཚོགས་ཆས་སྟེར་ཆ་འགྱེད་སྤམས་བསྟོད་པ་དང་བཅས་གྲ་ཚང་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཚེ་ཆོག་བཏང་། བཀྲ་ཤིས་ལྷུན་པོ་བ་ཚོར་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་བྱས། བོ་དོང་མེ་ལོང་དགོན་པ་བ་ཆོས་རྗེ་པདྨ་གར་དབང་དེ་མཁའ་འགྲོ་སེང་གདོང་མས་རྗེས་སུ་བཟུང་ཞིང་གདམས་པ་གནང་བའི་གྲགས་ཆེ། དེའི་སྐུ་སྐྱེ་བསྟན་འཛིན་ངག་དབང་དཔལ་བཟང་མཁྱེན་དཔྱོད་ཡངས་ཤིང་དཔལ་ལྡན་དམག་ཟོར་མའི་གདམས་སྐོར་ལ་མངའ་བརྙེས་པས་འབྲུག་པ་སྤྲུལ་སྐུ་པདྨ་དཀར་པོ་དང་ཁལ་ཁ་ཨ་ས་ལང་སོགས་ལ་མངོན་སྤྱོད་མཛད་པ་རྟགས་ཐོན་བྱུང་བར་སྣང་། ཁོང་པ་མེ་གླང་གཤེགས་ནས་སྐུ་སྐྱེ་ངེད་འདྲོངས་མ་བྱུང་འདུག་རུང་གཡག་སྡེ་ནས་པོ་ཏ་ལའི་ཨར་པོར་འོངས་པའི་འུ་ལག་ཞིག་རྒྱབ་འདེད་པས་རྒྱུག་རྡེག་བཏང་བའི་རྐྱེན་གྱིས་བྲོས་ཏེ་ཆུ་ཤུར་ཕག་གདོང་དུ་བཙུན་པ་བྱས། དེར་རྐུན་མ་བརྐུས་པས་དབྱུང་སྟེ་ས་སྐྱར་ཕྱིན་དེར་ཡང་ལག་མི་གཙང་བ་བྱུང་བར་བརྟེན་སྡོད་མ་ཐུབ་པར་ཧོར་ལ་བྱོན་པའི་འབྲོག་ཁྲི་ལྕམ་གྱི་ཨ་དྲུང་རྒད་བུ་སྡུག་ཆོས་བྱས་པ་ཞིག་གི་གཡོག་ལ་ཕྱིན་མཚམས་ནས་སེམས་ལ་འབྱུང་པོ་ཞུགས་ཉམས་ཀྱིས་པདྨ་གར་དབང་གི་སྐྱེ་བ་ཡིན་ཞེས་གླེང་ཞིང་མིག་འཕྲུལ་ལྟ་བུའི་རྟགས་མཚན་འདྲས་མི་མགོ་བསྐོར་བའི་ཟོག་པོ་དེ་འོངས་པ་ཐོག་མར་དེ་འདྲའི་རྒྱུ་མཚན་མ་


GLG005_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པས་ཕྲད་ནའང་ཇ་གྲལ་གྱི་སར་དཔལ་འཁོར་ཆོས་སྡེའི་སློབ་དཔོན་པ་འགའ་ཞིག་ཡོད་པ་ལ་འཕྲོས་པར་གཡེངས་ནས་ཁོ་པ་དང་གཏམ་མ་འདྲེས་པ་རྗེས་སུ་བསམ་ཚེ་བདུད་སྤྲུལ་དེ་རིགས་ལ་བག་ཟོན་ཆུད་པ་རང་གནད་དུ་ཆེ་བར་མངོན། ལྷ་ས་རྡོ་ཁང་དུ་སྤྲུལ་སྐུ་དཔལ་མགོན་ཅན་མཁས་བསྒྲུགས་བཅུས་གསོལ་འདེབས་ཀྱི་རྟེན་མདོ་ཆོག་ལས་ཇི་ལྟར་འབྱུང་བའི་སྨན་བླ་བདེ་གཤེགས་བརྒྱད་ཀྱི་ལྷ་ཚོགས་ཡོངས་སུ་རྫོགས་པ་གཙོ་ཐང་བཟང་པོ་སྤྱོད་པ་ལས་བྱུང་བའི་ཉལ་སྒོམ་དང་འབྲེལ་བའི་བདེ་བ་ཅན་གྱི་ཞིང་བཀོད་དང་བཅས་ཚོན་ཐང་དགུ་དེང་སང་སླ་ཆོས་ཀྱི་ནག་ཐང་ཚོན་ཐོར་རེ་བ་ལས་མེད་པའི་རི་མོ་བ་རྣམས་ཀྱི་ཆང་རིན་དང་མི་འདྲ་བའི་སྨན་ཐང་པའི་ཕྱག་སྲོལ་གྱི་ནག་ཐང་ཚོན་ཐང་ལས་ཀྱང་བཀྲག་ཆེ་བའི་ལུགས་ལྟར་ཡི་དམ་ཆོས་སྐྱོང་གི་སྐུ་བརྙན་ཉེར་མཁོ་བདུན་ཚར་ཟླ་བ་ཕྱེད་བརྒྱད་ཙམ་གྱི་ཁོངས་སུ་གེགས་མེད་དུ་གྲུབ་པའི་སྐྱ་རིས་སྤྱན་འབྱེད་ཀྱི་རབ་གནས་དགེ་སློང་འཇམ་དབྱངས་གྲགས་པས་བྱས། བདེ་གཤེགས་བརྒྱད་ཀྱི་གཙོ་ཐང་རྒྱབ་ཏུ་ཆེ་བརྗོད་སྨོན་ལམ། གཞན་བརྒྱད་པོའི་རྒྱབ་ཏུ་ཚིགས་བཅད་ཤློ་ཀ་རེ་བི་ཝརྟ་དང་བཅས་པ། གོང་དཀར་ཆོས་སྡེ་ནས་རི་མོ་བ་མཁས་པ་ཁ་ཤས་ཀྱིས་བྲག་སྒོ་ཀཀྞིའི་གནམ་རྒྱན་ལ་ངན་སོང་སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཉིས་དང་དབུས་སུ་ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་རྣམས་བྲིས། དེ་མུས་ནས་འབྲས་སྤུངས་མཚམས་ཁང་གསར་པར་ཕན་བདེ་ལེགས་བཤད་གླིང་པའི་ཞལ་འདོན་དང་མཐུན་པའི་སྔགས་སྐུ་འབྲི་བ་དང་ཤིང་རྩི་གཏོང་བའི་དོ་དམ་འདར་གཞོན་


GLG005_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དབང་འཕྲིན་ལས་ཀྱིས་བྱས། སྔར་ཟུར་ཁྱབ་བདག་བླ་མའི་དྲུང་དུ་གསར་མ་རྒྱུད་འབུམ་གྱི་པོ་ཏི་ལྔ་ཙམ་ཅིག་ལས་མ་ཐོབ་པས་རྒྱུད་འབུམ་གྱི་ལུང་རྒྱུན་ངོར་ལུགས་ཁུངས་བཙུན་པའི་གཤིས་སྔར་ཐོབ་པ་རྣམས་དང་བརྒྱུད་པ་གཅིག་ཁྱད་ནས་རིགས་ཀུན་བདག་པོ་ཁྲ་ཚང་པ་ཆེན་པོས་གོང་དཀར་རྡོ་རྗེ་གདན་དུ་རབ་འབྱམས་ཆོས་རྗེ་ལ་རྫོགས་པར་གསན་ཏེ་ཚེས་བཅོ་ལྔ་ནས་རྒྱུད་འབུམ་ལྗགས་ལུང་གི་དབུ་བཙུགས། སྟག་རུ་བ་ནོར་བུ་སྤུན་གྱིས་ཡིག་དྲུག་དུང་ཕྱུར་བཙུགས་སྐབས་སྨོན་ལམ་ཚིགས་བཅད་དགོས་ཚུལ་བཞིན་བརྩམས། བསྙེན་རྫོགས་དོན་བཞི་དང་དགེ་ཚུལ་སོ་བདུན་བསྒྲུབས། ཧོར་ཟླ་བཞི་པའི་ཚེས་གསུམ་ལ་ཕན་བདེ་ལེགས་བཤད་གླིང་པས་སྤྱི་སྒེར་གྱི་ཚོགས་ཆས་ཟང་ཟིང་གི་སྐྱེས་དང་བཅས་འཆི་མེད་འོད་སྣང་གི་དཀྱིལ་འཁོར་ལ་བརྟེན་ནས་ཚེ་ཆོག་བཏང་ཞིང་རྟེན་འབྲེལ་བསྒྲིགས། སེ་ཆེན་དབོན་པོས་ཁོ་རང་གི་གོན་པར་བཟོས་པའི་ལྷ་ས་དང་ར་མོ་ཆེར་ཕྱེ་ཕུར་ཕུལ་བའི་ཁ་བྱང་བཀོད། རྒྱ་རག་གི་ཡ་མགུ་མ་མགུ་གཏོར་ཆ་ལྔ་ཚར་ལེགས་པ་ཞིག་གྲ་ཚང་གི་ཉེར་སྤྱད་དུ་སྤྲད། ཚེས་བཅུ་བཅུ་གཅིག་སྐོར་ལ་གྲ་ས་ཕན་ཚུན་གཉིས་སོ་སོ་ནས་དགེ་འདུན་ཉིས་བརྒྱ་ལྷག་བཅས་ཕེབས་པའི་བདོག་པ་གཟེངས་སྟོད་དེ་འཆི་བདག་གི་གཡུལ་ལས་རྒྱལ་བའི་བདེན་པ་བརྗོད། རྒྱལ་བ་སྲས་བཅས་སྤྱན་དྲངས་པར་ཁྲུས་གསོལ་མཛད་པའི་ཕན་ཡོན་གྱིས་ཆར་དབའ་ཐོན་པ་བབས། འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོ་དང་དགའ་མགུ་བ་བཀྲ་ཤིས་དབང་ཕྱུག་གཉིས་སྡོམ་གཅོད་པར་བསྡད། ལྐོག་པ་བས་རྒྱ་བོད་ཀྱི་ཡིག་རིགས་


GLG005_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྩིས་སོགས་ཡོན་ཏན་ལ་བརྩོན་པ་བྱས་པས་ལག་གཡོག་ཏུ་འགྱུར་བ་བྱུང་། བསྙེན་རྫོགས་སོ་བདུན་དང་དགེ་ཚུལ་ང་དྲུག་བསྒྲུབས། གངས་ཅན་ཆོས་འཕེལ་གྱི་མཁན་པོ་སྐྱོང་ང་བ་བློ་བཟང་ཕུན་ཚོགས་བདོག་པ་ཚན་གྲངས་བཅད་རིང་འཚོའི་རྟེན་འབྲེལ་བསྒྲིག་པ་དང་སྦྲགས་ངོས་འཕྲད་ལ་བྱོན། ཉེར་གསུམ་ལ་མཁས་གྲུབ་སྨན་ལུང་པ་ཆེན་པོས་སྐྱེས་དང་བཅས་བསུ་བཟློག་དང་འབྲེལ་བའི་ཚེའི་རྟེན་འབྲེལ་བསྒྲིགས། འཆི་བླུའི་རིམ་གྲོ་མཛད་ནས་བདུད་རྩི་འཁྱིལ་བའི་སྒྲུབ་མཆོད་ལ་ཆུ་བོ་རིར་ཕེབས། རྒྱལ་པོ་འདམ་དུ་འབྱོན་ཁར་ཚེ་དབང་བརྒྱ་རྩ་ཕུལ། རི་བོ་ཆེ་ནས་སྟག་ལུང་ཞབས་དྲུང་མ་ཆེན་གྱི་ཞུ་ལན་ཚིག་ལྷུག་གི་བི་ཝརྟ། གླང་བུ་བ་དགྲ་འདུལ་ཚེ་རིང་གིས་བསྐུལ་བའི་སྨོན་ལམ། འབྲས་སྤུངས་ཀུན་དགའ་ར་བའི་རྟེན་དེབ་ཀྱི་འགོ་བརྗོད་རྣམས་བྲིས།། །