cover

ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་དང་པོ།

གླེགས་བམ། ཀ༽

ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ།

ཞེ་ཆེན་མཁན་པོ་པདྨ་ཀུན་བཟང་ནས་པར་དུ་བསྐྲུན།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔེ་སྐྲུན་གསལ་བཤད།

བསྐལ་བཟང་སངས་རྒྱས་སྟོང་གི་གདུལ་ཞིང་། སྟོང་གསུམ་མི་མཇེད་ཀྱི་ཆ་ཤས་འཛམ་གླིང་གི་བྱང་ཕྱོགས། བོད་གངས་ཅན་གྱི་བསྟན་པ་རྒྱ་མཚོའི་ཕྱི་མོ། གསང་སྔགས་སྔ་འགྱུར་བའི་བསྟན་པའི་འབྱུང་གནས། སྟོད་ན་རྡོར་སྨིན་གཉིས། སྨད་ན་ཀཿདཔལ་གཉིས། བར་ན་ཞེ་རྫོགས་གཉིས་ཞེས་གྲགས་པའི་བྱེ་བྲག་གསང་སྔགས་རྙིང་མའི་གདན་ས་ཆེ་རྒུའི་ཡ་རྒྱལ། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ཞེས་སྔ་འགྱུར་བཀའ་གཏེར་ཆོས་ཀྱི་རྒྱ་མཚོ་ཆེན་པོ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་རྗེས་བཀྲ་ཤིས་རེ་ཁ་ཆེས་ཆེར་བཀྲ་བར། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་བགྲང་ལས་འདས་པ་བྱོན་པའི་དབུས་སུ་མངོན་པར་འཕགས་པ། གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཤིང་རྟ་བཀའ་བབས་བདུན་ལྡན་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། མཁས་གྲུབ་དབང་པོ་མ་ཧཱ་པཎྜི་ཏ་འཇམ་དབྱངས་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྣམ་གཉིས་ཀྱི་ཐུགས་སྲས་ཐུ་བོ། ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོ་གང་གི་གསུང་འབུམ་མདོ་སྔགས་རིག་གནས་ཀྱི་མཛོད་ཆེན་འདི་ཉིད། སྔོན་ཆད་རྗེ་དེའི་སྲས་ཀྱི་ཐུ་བོ་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེས་གདན་སར་ཤིང་པར་དུ་བཀོད་པ་སྙིགས་དུས་ཀྱི་སྐྱེ་འགྲོ་བསོད་ནམས་དམན་རྐྱེན་ཉམས་རྒུད་རྩ་བརླག་ཏུ་སོང་ཡང་། ཕྱིས་རྒྱ་གར་འཕགས་ཡུལ་དུ་མགོན་པོ་གང་དེའི་དགོངས་བརྒྱུད་ཀྱི་བྱིན་རླབས་ཐོབ་ཅིང་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག ༧སྐྱབས་རྗེ་དིལ་མཁྱེན་རྡོ་རྗེ་འཆང་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་མཆོག་གིས་མ་དཔེ་འཚོལ་བསྡུས་ཀྱི་སླར་ཡང་པར་བསྐྲུན་མཛད་ཅིང་བཤད་ལུང་གི་རྒྱུན་ཡང་སྤེལ་བར་མཛད་དེ་རྒྱལ་བསྟན་སྤྱི་བྱེ་ལ་སྨན་པའི་སྐུ་དྲིན་བླ་མེད་བསྐྱངས་པ་དེ་ལྟར་ཡང་། ད་ཆ་མདོ་དབུས་ཁམས་གྱི་མཚོན་པའི་འཛམ་གླིང་མཐའ་གྲུ་ཀུན་ཏུ་རྒྱལ་བསྟན་སྤྱི་དང་། ཡང་སྒོས་སྔ་འགྱུར་བའི་ལྟ་གྲུབ་དྲི་མ་མེད་པ་ཐོས་བསམ་སྒོམ་པས་འཛིན་སྐྱོང་སྤེལ་བའི་བསྟི་གནས་དགོན་སྡེ་ཁག་གི་ནང་སློབ་གཉེར་བ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བ་ཚོར། འཁྲུལ་མེད་རྒྱལ་བ་དགྱེས་པའི་ལམ་གནད་གསལ་བོར་སྟོན་པའི་ལེགས་བཤད་རྨད་དུ་བྱུང་བ་རྣམས་གཟིགས་ཆོག་ཡོང་བ་དང་། དེང་གི་ཆར་སྔོན་མེད་འཕྲུལ་ཡིག་ལེགས་ཐོན་གྱིས་དཔེ་དེབ་སྤུས་དག་ཡོང་ངེས་དང་། འཇམ་མགོན་རྒྱལ་བ་ཡབ་སྲས་ཀྱི་རྡོ་རྗེའི་གསུང་གི་ཕྲིན་ལས་འཛམ་གླིང་ཕྱི་ནང་ཀུན་ཏུ་ཁྱབ་བརྡལ་ཡོང་བའི་རེ་འདུན་ཆེན་པོས། རྒྱལ་བསྟན་སྤྱི་དང་རང་བསྟན་ལ་ལྷག་བསམ་རྣམ་པར་དཀར་བ་ཞེ་ཆེན་དགོན་གྱི་མཁན་པོ་པདྨ་ཀུན་བཟང་མཆོག་ནས་དེང་རབས་ཀྱི་གློག་ཀླད་འཕྲུལ་འཁོར་ལ་བརྟེན་ནས་པར་བསྐྲུན་གནང་བཞིན་ཡོད་པར་ཡི་རང་བསྔགས་བརྗོད་བྱེད་པ་དང་ཆབས་ཅིག གསུང་རབ་འདིས་རྒྱལ་བའི་དགོངས་པ་དྲི་མ་མེད་པ་གསང་ཆེན་སྔ་འགྱུར་བའི་ལྟ་གྲུབ་ཀྱི་གནད་གསང་གསལ་བར་སྟོན་པ་ཀུན་གྱིས་མཁྱེན་རྟོགས་ཐུབ་པས་རང་གཞན་གྱི་འདི་ཕྱིའི་དོན་འབྲས་རླབས་ཆེན་ཡོང་རྒྱུའི་རེ་སྨོན་བཅས། ཞེ་ཆེན་རབ་འབྱམས་བདུན་པར་འབོད་པ། དགེ་སྦྱོང་ངག་དབང་ཆོས་དཔལ་རྒྱ་མཚོས་ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༤ བཟང་པོ་ལ།

གསལ་བཤད་ཉུང་ངུ་།

༈ དེ་ཡང་མི་རིང་བའི་འདས་པའི་ལོ་རབས་འགའི་ཡུན་ལ་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་ལ་ཉམས་རྒུད་ཚབས་ཆེན་ཐེབས་ནས། དེང་གི་དུས་འདིར་བོད་ཀྱི་རིག་གཞུང་ཟེར་བ་དེ་སྒྲ་གཅན་གྱི་ཁ་ནས་ཕྱེད་ཙམ་ཐར་པའི་ཟླ་བ་ལྟ་བུ་ཞིག་ཡིན་ལ། འདི་ཉིད་ཉམས་པ་སླར་གསོ་དང་མི་ཉམས་ཡུན་རིང་དུ་གནས་པའི་ཆེད་དུ་མཁས་པ་དང་ལྷག་བསམ་ཅན་གྱི་སྐྱེས་བུ་དམ་པ་དག་གིས་སྔ་རབས་ཀྱི་མཁས་པའི་གསུང་རབ་རྣམས་སྤུས་ལེགས་ཀྱི་ཡིག་གཟུགས་སུ་སྤེལ་ནས་འགྲེམ་སྤེལ་གནང་བཞིན་པ་འདི་དག་ནི་འཆི་ཁ་མ་ལ་སྲོག་བསྩལ་པ་ལྟ་བུའི་བསྟན་པའི་སྲོག་སྙིང་གསོ་བའི་བྱ་བ་གལ་ཆེན་ཞིག་ཡིན་ལ། འདིར་ཡང་ཁམས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་པདྨ་ཀུན་བཟང་ལགས་ཀྱིས་མཁས་པའི་དབང་ཕྱུག་ཞེ་ཆེན་རྒྱལ་ཚབ་སྐུ་ཕྲེང་བཞི་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་གསུང་རབ་འདི་དག་དེབ་ཏུ་བསྐྲུན་པ་འདི་བསྔགས་འོས་ཀྱི་མཛད་པ་བླ་ན་མེད་པ་ཞིག་ཏུ་ཤེས་ཏེ། དེ་ཡང་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་ནི་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་སྤྱི་དང་ཁྱད་པར་གསང་སྔགས་སྔ་འགྱུར་གྱི་མདོ་རྒྱུད་རྒྱ་མཚོའི་གནས་ལ་ཐུགས་སྤྱན་ནམ་མཁའ་ལྟར་ཡངས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཞིག་ཡིན་པར་མ་ཟད་འཇམ་མགོན་མི་ཕམ་རིན་པོ་ཆེས་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ་བའི་གསང་སྔགས་སྔ་འགྱུར་གྱི་བསྟན་པ་ལ་མཛད་རྗེས་བླ་ན་མེད་པའི་མཁས་པའི་དབང་ཕྱུག་ཆེན་པོ་ཞིག་སྟེ། རྗེ་འདི་ཉིད་ཀྱིས་འཇམ་མགོན་བླ་མའི་གསུང་གི་མཛད་པ་ལ་ཆེད་དུ་དམིགས་ཏེ་མཆན་འགྲེལ་དང་ཁ་སྐོང་། གཞན་ཡང་དེ་དག་གི་ཟབ་དོན་རྗེན་པར་ཕྱུང་བའི་ཡིག་ཆ་ངེས་དོན་བདེ་གཤེགས་སྙིང་པོའི་དོན་གཏན་ལ་ཕབ་པའི་ལེགས་བཤད་སོགས་བསྟན་བཅོས་མང་དུ་བཞག་ཡོད་པ་ཡིན་ལ། བཤད་སྲོལ་ལ་ཡང་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་དང་རྗེ་འདི་ཉིད་ཀྱི་བདེན་གཉིས་གློག་གི་སྒྲོན་མ་འདི་གཉིས་ཀྱི་དོན་ཤེས་ན་གསང་སྔགས་སྔ་འགྱུར་གྱི་མདོ་སྔགས་ཀྱི་ལྟ་གྲུབ་ཡོངས་རྫོགས་ཀྱི་གནད་ཟིན་པ་ཡིན་ཞེས་ཟེར་བ་ལྟ་བུ་ཡིན་ནོ། །དེས་ན་འཇམ་མགོན་བླ་མ་ཡབ་སྲས་གཉིས་ཀྱི་གསུང་དག་ནི་གསང་སྔགས་སྔ་འགྱུར་པའི་བསྟན་པའི་ཟབ་གནད་ཀྱི་ཉི་མ་རང་རྒྱུད་ལ་འདྲེན་པའི་སྐྱ་རེངས་དཀར་པོའི་འོད་སྣང་ལྟ་བུ་ཞིག་ཡིན་པས་འཇམ་པའི་དབྱངས་དངོས་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ཡིག་ཆ་དག་ལ་སྦྱང་བརྩོན་བྱེད་པའི་བློ་གསར་དག་གིས་ཀྱང་རྗེ་ཉིད་ཀྱི་མདོ་སྔགས་ཀྱི་གསུང་རབ་དག་ལ་ལྟ་ཀློག་ཡང་ཡང་བྱེད་པ་ཤིན་ཏུ་གལ་ཆེ་བའི་གནས་སུ་སེམས་སོ། །

གསེར་ལྗོངས་བླ་མ་རུང་དུ་འཆི་མེད་རིག་འཛིན་གྱིས་བྲིས།

ཐོག་མའི་སྙན་སྒྲོན།

དེ་ཡང་ཀུན་མཁྱེན་མི་ཕམ་རིན་པོ་ཆེས་བསྟན་བཅོས་བརྩམ་པ་བཀས་སྐུལ་ཞིང་། གསུང་རྩོམ་རིགས་བསྟན་པའི་གཙིགས་སུ་ཆེ་བས་འཐོར་ཟགས་སུ་མ་སོང་བར་ཕྱོགས་གཅིག་ཏུ་བསྡུ་དགོས་པར་ཡང་བཀའ་གནང་ལས་གྲུབ་པའི་བཀའ་འབུམ་འདི་ཉིད་འགྲེམས་སྤེལ་ཞུས་པའི་ཐོག་མའི་སྙན་སྒྲོན་ནི།
ལྷ་མོ་དྲི་མ་མེད་པའི་མདོ་ལས་ལུང་བསྟན་པ་ལྟར་ཆོས་རྒྱལ་ཡབ་མེས་རིམ་བྱོན་དང་འགྱུར་སྔ་ཕྱིའི་ལོ་པཎ་མཁས་གྲུབ་གོང་མ་རྣམས་ཀྱི་ཐུགས་རྗེ་དང་ཕྲིན་ལས་ཚད་མེད་པ་ལས་བྱུང་བའི་དེང་སང་བོད་བརྒྱུད་ནང་བསྟན་རིག་གཞུང་ཞེས་མི་རིགས་གཞན་དང་གཞན་གྱི་མི་སྣ་གཟུར་གནས་ཤེས་ཡོན་ཅན་རྣམས་འགྲམ་ཆུ་ལྡངས་ཏེ་ངོ་མཚར་བའི་གནས། སྔོན་བྱོན་དམ་པ་ཚོའི་མཁྱེན་ནུས་རྩལ་དགུ་ཡོད་ཚད་བོད་བརྒྱུད་ནང་བསྟན་ཆོས་དང་རིག་གཞུང་ནོར་བུ་མཐོན་ཀ་ལྟ་བུ་འདི་ཁོ་ནའི་ཆེད་དུ་འབད་འབད་དུང་དུང་གི་མཛད་འཕྲིན་ལ་གཞིགས་ན་བསམ་ཡུལ་ལས་འདས།
འོན་ཀྱང་འདོད་བྲལ་སྡུག་འཕྲད་ཀྱི་འཕོ་འགྱུར་ནི་སུ་ལའང་བྱུང་དང་འབྱུང་བཞིན་པ་ལྡོག་མེད་ཅིག་ཡིན་སྟབས། གཅིག་དགུ་ལྔ་དགུའི་ཛ་དྲག་ལས་འགུལ་གྱི་འཛིན་ཁྲིས་བདེ་ལྡན་ཁ་བའི་ལྗོངས་ཀྱི་ཆོས་དང་རིག་གཞུང་{སྔ་འགྱུར་པའི་གདན་ས་ཆེན་མོ་འདི་གའི་རིག་གཞུང་ལ་བསམས་ན་ཀུན་གཟིགས་རབ་འབྱམས་གཉིས་པའི་གསུང་འབུམ་པོད་དགུ་ལོངས་པ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་སྐུ་སྐྱེ་གོང་མ་གྲུབ་ཐོབ་ཆེན་པོ་ཤེས་རབ་ཡར་འཕེལ་གྱི་གསུང་འབུམ་པོད་ལྔ་ཙམ་དང་། རྒྱལ་དབང་བཅུ་བཞི་པས་མ་ཧཱ་པཎྜི་ཏ་ཞེས་མཚན་གྱི་ཅོད་པན་དཔྱངས་པ་མ་ཧཱ་པཎྜི་ཏ་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་གྱི་གསུང་འབུམ་པོད་དྲུག་ལྷག་དང་། རྒྱལ་ཚབ་རིན་པོ་ཆེའི་གསུང་འབུམ་སྤར་ཤིང་སོགས་ནི་ད་ལྟ་མིང་ཙམ་ལས་མེད། གསུང་འབུམ་འདིའི་མ་ཕྱི་ཙམ་ཞིག་ཆོས་བརྒྱུད་འདི་ལ་ལྷག་བསམ་སྟོན་ཟླ་ལྟར་དཀར་བའི་སངས་རྒྱས་བསྟན་འཛིན་ལགས་ཀྱིས་རང་ཉིད་ཀྱི་ལུས་སྲོག་དཀའ་ངལ་གང་ལའང་ལྟོས་མེད་དུ་ཧུར་འབུངས་ཞེ་བསྐྱེད་ཀྱི་དཀའ་དྲིན་ལས་རྣམ་པ་ཚོའི་སྤྱན་ལམ་དུ་འབུལ་ཆོག་ཆོག་བྱུང་འདུག}ཤིན་ཏུ་ཕངས་པ་མི་ཉུང་བ་ཞིག་གྱུར་མིད་གཏོང་བའི་ན་ཟུག་ཟློས་ན་སེམས་བློང་བློང་པོ་ལས་ཅི་ཡོད།
དེ་བས་བོད་བརྒྱུད་ནང་བསྟན་རིག་གཞུང་མྱུར་སྐྱོབ་དང་རྒྱུན་འཛིན་སླར་གསོའི་བྱ་གཞག་འུར་བཤད་ཙམ་དུ་མ་ལུས་པ། མིག་རྒྱང་རིང་པོས་དཔེ་སྐྲུན་འགྲེམས་སྤེལ་སོགས་ཞུས་ཏེ་རྒྱ་ཆེ་བའི་སློབ་གཉེར་བ། ཉམས་ལེན་པ། ཞིབ་འཇུག་པ་དག་གི་སྤྱན་ལམ་དུ་འབུལ་ཐུབ་ན་དོན་དམ་པ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ནམ་བསྟན་འགྲོའི་དོན་ཕན་འབྲས་མངོན་དུ་འགྱུར་བ་སོགས་ཀྱི་དགེ་མཚན་ལ་སུ་མི་རངས།
ད་ལམ་འདིར་རྙེད་གྲགས་ཀྱི་འདུ་ཤེས་རིང་དུ་དོར་ནས་ལྷག་པའི་བསམ་པ་ཁོ་ནས་མཁན་རིན་པོ་ཆེ་པདྨ་ཀུན་བཟང་མཆོག་གིས༧འཇམ་མགོན་མཁྱེན་ཀོང་ཟུང་དང་ཀུན་མཁྱེན་མི་ཕམ་རིན་པོ་ཆེ་རྣམ་གསུམ་གྱི་སྲས་ཀྱི་ཐུ་བོ་མཁས་གྲུབ་གཉིས་ལྡན༧རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་མཆོག་གི་གསུང་འབུམ༼ཆོས་ཚན་ཅི་ཡོད་ཨ་དུམ་ནང་བཞུགས་དཀར་ཆག་ནོར་བུའི་ཕྲེང་བར་གཟིགས།༽ འདི་ཉིད། བོད་བརྒྱུད་ནང་བསྟན་རིག་གཞུང་སྤྱི་དང་། ཁྱད་པར་དུ་སྔ་འགྱུར་པའི་ལྟ་གྲུབ་བམ་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་ཡིག་ཆ་འཛིན་པ་དག་ལ་མེད་དུ་མི་རུང་བ་ཞིག་ཏུ་དགོངས་ཏེ་རྒྱ་ཆེའི་དོན་གཉེར་ཅན་རྣམ་པའི་སྤྱན་ལམ་དུ་འགྲེམས་སྤེལ་གནང་བ་སྟེ། ཞུ་དག་ལག་བསྟར་བྱས་ཚུལ་ནི། དེ་ཡང་ཡིག་ནོར་ངེས་ཅན་རྣམས་ཐད་ཀར་བསྒྱུར་པ་དང་། ལ་ལ་{}གུག་རྟགས་ནང་ལ་དཔེར་ན་་་་་འཆུགས་{འཁྱུགས}འདི་ལྟ་བུ་བསྒྱུར་པའི་དེ་མ་ཐག་གུག་རྟགས་ནང་དུ་བསྒྱུར་ཡིག་དེ་ཁོལ་ཕྱུང་དང་། ཚིག་གཅིག་ཐེངས་མང་ནོར་རིགས་གུག་རྟགས་ནང་དུ་་་སྒེག་{སྒེགས་འདིའི་རིགས་འདི་ལྟར་ཞུས།} འདི་ལྟ་བུ་དང་། གསར་བཏགས་རིགས་[]གུག་རྟགས་ནང་དུ་[གྱིས་ཞུ་མཆན།] འདི་ལྟ་བུ་དང་། ལྷག་རིགས་{}གུག་རྟགས་ནང་དུ་{ལ་ལྷག}འདི་ལྟ་བུ་དང་། མ་ཕྱི་ནང་མི་གསལ་བའི་རིགས་གུག་རྟགས་ནང་དུ་[ཡང་མ་དཔེ་མི་གསལ།] འདི་ལྟ་བུ་དང་། ཞེས་མཆན་བླུགས་ཡོད། གཞན་ཡང་མ་ཕྱི་ནང་མི་གསལ་བ་དང་དོགས་ཅན་ཁ་ཤས་སྣང་ཡང་རང་སར་བཞག་པ་ལས་ཕྲི་བསྣན་རྔོ་མི་ཐོགས། དེ་མིན་དཔེར་ན་དགའ་བའི་ཞེ་ས་ལ་དགྱེས་པ་དང་དགེས་པ། ཆུ་བོ་ཆུང་ངུ་ལ་ཆུ་ཕྲན་དང་ཆུ་བྲན་ལྟ་བུ་དང་། བྱ་ཚིག་དང་བྱེད་ཚིག་གང་ལྟར་རུང་རིགས་མ་ཕྱི་ལྟར་རང་སར་བཞག་དགོས་པ་ལ་ཕན་ཚུན་བསྒྱུར་པ་དང་ཆད་ལྷག་གི་ནོངས་པ་སོགས་ནི་བཤགས་ཡུལ་རྣམས་ཀྱི་མདུན་དུ་མཐོལ་བཤགས་བཟོད་གསོལ་ཞུ།
འདི་ལ་ཐེངས་དང་པོ་མཁན་ཀུན་བཟང་བསོད་ནམས་དང་ཕྲན་གཉིས་ཀྱིས་མ་ཕྱི་དང་ལན་གཉིས་བསྡུར་པ་དང་། འཕྲུལ་པར་རྐྱང་ཐོག་ལན་གཅིགཐེངས་གཉིས་པར་དཔལ་ཡུལ་བཤད་གྲྭའི་དགེ་སློབ་རྣམས་ཀྱིས་མ་ཕྱི་དང་འཕྲུལ་པར་གཉིས་སྦྲགས་ཚར་གཅིག་དང་འཕྲུལ་པར་རྐྱང་ཐོག་ལན་གཅིགཐེངས་གསུམ་པ་ཞེ་ཆེན་བཤད་གྲྭའི་དགེ་སློབ་རྣམས་ཀྱིས་མ་དཔེ་དང་ཚར་གཅིག་གཏུགས་པ་དང་འཕྲུལ་པར་རྐྱང་ཐོག་ལན་གཅིགཐེངས་བཞི་པར་ཕྲན་པས་འཕྲུལ་པར་རྐྱང་ཐོག་ཚར་གསུམ་དང་ཞུས་མཐར་མ་ཕྱི་དང་འཕྲུལ་པར་གཉིས་སྦྲགས་ཚར་གཅིག་ཡང་འཕྲུལ་པར་རྐྱང་ཐོག་ཐེངས་གཉིས་བཅས་བསྡོམས་༡༤ལྷག་བསྐྱར་ཞིབ་ཞུས་པ་ཡིན། སྔར་ཤིང་པར་དུ་མ་འཁོད་པའི་ཕྲན་ཚེགས་དང་མ་དཔེ་ནང་མི་གསལ་བ་དང་ལྡེབ་ཆད་རིགས་མཁོ་འདོན་རྒྱབ་སྐྱོར་གནང་མཁན་དག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཕྲན་ནས་ལོ་གཅིག་ལྷག་རིང་ལ་རང་གི་སློབ་སྦྱོང་དང་དཀའ་ཚེགས་ལ་མ་ལྟོས་པ། ཡིད་བཞིན་གྱི་ནོར་བུ་འདི་ལྟ་བུ་ལ་ཞབས་ཕྱི་ཞུ་བའི་གོ་སྐབས་འཕྲད་པ་འདི་སྐལ་བ་རེ་བཟང་སྙམ་པའི་དགའ་སྤྲོ་དང་འགན་འཁྲི་ཞིག་ཏུ་བརྩིས་ཏེ། གཟབ་ཁུལ་གྱིས་སྙམ་འཇོག་དང་ཕོ་ཚོད་ཧམ་ཤེད་དུ་མ་སོང་བ་ཞིག་ཏུ་བསམས་ནས། ཚིག་གསར་གཉིས་སོགས་ལ་ཁུངས་བཅོལ་ཏེ་བརྡ་སྤྲོད་མཁས་དབང་དང་། ཞུ་དག་ཉམས་མྱོང་པ། ཆོས་གྲོགས་རྣམས་ལ་བཀའ་འདྲི་ཞུས་ཏེ་རང་ནུས་ཅི་ཡོད་ཀྱིས་ཞབས་ཕྱི་སེམས་གཏིང་ནས་ཞུས་ཀྱང་། སྐྱེས་སྦྱོང་གི་ཤེས་ཡོན་དང་ཉམས་མྱོང་ཞན་པ་བཅས་ཀྱི་དབང་གིས་སྐྱོན་ཆ་དང་ནོར་འཁྲུལ་རིགས་ཅི་ཡང་ཡོད་ངེས་པས་རྒྱ་ཆེའི་གཟིགས་པ་པོ་རྣམས་ནས་བཀའ་བཀྱོན་དང་བཅས་ལེགས་བཅོས་ཡོ་བསྲང་གི་དགོངས་འཆར་ལྷུག་སྩོལ་ཡོད་པ་ཞུ་རྒྱུ་བཅས། བསོད་ནམས་ཆོས་འཕེལ་གྱིས་ཁྲིན་ཏུའི་གྲོང་ཁྱེར་ནས། ༢༠༡༡ ལོའི་ཟླ་བ་ ༥ ཚེས་ ༣ ལ།

དཔལ་མགོན་བླ་མ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་རྣམ་ཐར་དཔལ་མགོན་བླ་མ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་རྣམ་ཐར་མདོར་བསྡུས་མཇམ་མགོན་རྣམ་གཉིས་ཀྱི་ཞལ་ལུང་མ་བཅོས་ཟླ་བའི་རང་མདངས།

༄༅། །དཔལ་མགོན་བླ་མ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་རྣམ་ཐར་མདོར་བསྡུས་མཇམ་མགོན་རྣམ་གཉིས་ཀྱི་ཞལ་ལུང་མ་བཅོས་ཟླ་བའི་རང་མདངས། མཁས་ཤིང་གྲུབ་པ་བརྙེས་པའི་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་བསྟན་འཛིན་མཁས་གྲུབ་རྒྱ་མཚོའི་དབང་པོའི་སྡེ་ནི། དེ་ཡང་སྐུ་སྐྱེ་སྔོན་མ་ཨོ་རྒྱན་རང་བྱུང་རྡོ་རྗེ་དེ་ཉིད་དགོངས་པ་ཆོས་དབྱིངས་སུ་གཤེགས་ལ་ཉེ་བའི་སྐབས། ད་སྟེ་བདག་ནི་རྒ་དང་ན་བའི་ཟུག་རྔུས་མནར་བའི་ལུས་འདི་བོར་ནས། བྱིས་པ་ལུས་ཡང་ཞིང་གོམ་ཟོ་བདེ་བ་ནད་ཀྱིས་མི་གཙེར་བ་ཞིག་གི་སྐྱེ་བ་བླང་ན་དགའ་བར་འདུགཅེས་ཕེབས་པ་དང་། ཡང་ངེད་རང་ཚེ་མགོ་རྟིང་གཉིས་ཀར་བསྔོས་ཤ་ཟོས་པའི་རྣམ་སྨིན་ཤིན་ཏུ་ལྕི་བས་ཐར་པ་ཐོབ་དཀའ་བར་འདུགསང་ཕྱི་རེས་སྐྱེ་ངན་འདྲ་སྲིད་ན། ཤ་འདི་ཟ་མི་དགོས་པ་ཞིག་བྱུང་ན་ཨེ་རེ་ཤི་གསུངས་ནས་ཐུགས་སྐྱོ་བའི་རྣམ་པ་ཆེས་ཆེར་མཛད་པ་དང་། ཞབས་འབྲིང་བ་དག་ལ་སྒྲ་རམས་པའི་ཡོན་ཏན་འབའ་ཞིག་གསུངས་ཤིང་། ཁྱད་པར་གསོལ་དཔོན་པདྨ་རང་བྱུང་ལ། ད་ནས་ཁྱེད་རང་འདིར་སྡོད་དགོས་མེད། ལྷོ་ཁོག་ཏུ་སོང་ལ་ལོ་ཆེན་བི་ཛ་ཡའི་མདུན་ནས་རིག་གནས་ཕྲན་བུ་རེ་ཨི་ཤེས་ལྟོས། ང་དང་མྱུར་དུ་འཕྲད་འོང་ཞེས་གསུང་གི་ཐ་མ་ཞལ་ཆེམས་སྩལ། མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་གསུང་སྲས་ཨ་གྲོ་སྒྲ་རམས་པའམ་ལོ་ཆེན་བི་ཛ་ཡ། བཅུ་ཕྲག་རིག་པའི་གནས་ལ་མཁྱེན་རབ་ཀྱི་པདྨོ་རྣམ་པར་རྒྱས་ཤིང་ངེས་དོན་ཆོས་ཉིད་ཀྱི་དགོངས་པ་ལ་དབང་འབྱོར་པའི་དམ་པ་གང་ལ་ཞུ་ཡིག་དང་པཎ་ཞྭ་བཅས་གནང་བའི་ཟུར་འཛིན་ཕྱག་རྟགས་ཀྱིས་སྤྲས་པའི་ནང་དུ། ཨེ་མ་ཧོ། ངོ་བོ་ཀ་ནས་དག་སོགས། མ་འོངས་པ་ཡི་དུས་སུ། །རྩ་གསུམ་སྒྲུབ་པའི་རྣལ་འབྱོར། །ངུར་སྨྲིག་ཆ་ལུགས་འཛིན་པ། །རང་རང་མོས་འདུན་གར་གཏད། །སྐྱེ་སྲིད་བཟུང་བར་གདོན་མི་ཟ། །ཞེས་གྲུབ་དབང་སྦས་པའི་རྣལ་འབྱོར་མཁས་གྲུབ་ཆེན་པོ་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པ་དམ་པ་གང་གི་གཞིས་ཀར་ཐུགས་གཏད་དེ། སྐྱེད་པའི་ཡབ་ནི་སྦས་པའི་རྣལ་འབྱོར་པ་ལོ་ཆེན་བི་ཛ་ཡ་སྟེ་ཁོང་གི་དག་པའི་སྣང་བར། མཁའ་འགྲོ་ཤེལ་དཀར་རྡོ་རྗེ་མཚོ་ཡིན་ཟེར་བ་གྲི་ཐོད་འཛིན་ཅིང་གར་སྟབས་བསྒྱུར་བ་གཅིག་གིས་གླུ་དབྱངས་གསལ་མི་གསལ་ཐུང་ངུས། ཨ་ཧོ་མ་ཧཱ་སུ་ཁ་སིདྡྷི་ཧོ༔ སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ལས༔ འགགས་མེད་ཤར་བའི་བུ་མོ་ང༔ རིག་པའི་བུ་ཆུང་སྐྱོང་ཕྱིར་འོང༔ ཞེས་དང་། ད་དུས་བདུད་འཇོམས་རོལ་པ་རྩལ༔ རྟ་བདུན་ཆིབས་ནས་གླིང་བཞི་ཉུལ༔ གདུལ་བྱའི་ཞིང་ས་འཚོལ་སྐབས་སུ༔ ཞེས་སོགས། ༼བདུད་འཇོམས་རོལ་པ་རྩལ་ཞེས་ནམ་སྙིང་གི་གསང་མཚན་ཡིན།༽ གནུབ་བན་ནམ་མཁའི་སྙིང་པོ་ཁྱིམ་འདིར་སྐུ་འཁྲུངས་པས་བར་ཆད་སེལ་བ་དང་རྟེན་འབྲེལ་ལེགས་ཕྱོགས་སུ་ཁྱོད་ཀྱིས་སྤེལ་དགོས་ཚུལ་དང་། ཡང་རང་རེའི་ཁྱིམ་དུ་རྒྱལ་ཚབ་རིན་པོ་ཆེ་འབྱོན་རྒྱུ་རེད་ཟེར་ནས་མི་མང་པོས་ཁྲི་བཤམས་པ་དང་། གཞན་དང་མི་འདྲ་བའི་མི་སྨུག་པོ་དར་ཐོད་ཅན་ཤིན་ཏུ་འཇིགས་སུ་རུང་བ་གཅིག་གིས་དར་ཁ་དོག་སྣ་ཚོགས་ཁྲུ་གང་ཙམ་ཞིག་འདུག་པ་ཕྱག་མདུད་རྒྱུ་ཡིན། ད་ནི་རེ་ཞིག་ཁྱེད་ཉིད་ཀྱི་ཉར་ཚགས་དགོས་པ་ཡོད་ཟེར་ནས། ཕྱག་ཏུ་སྤྲོད་བྱུང་བའི་ཐུགས་སྣང་དང་། ཡུམ་ནི་དཔའ་རྩལ་སྟོབས་ཐུགས་ཆེ་ཞིང་ཡ་རབས་དྲ་མའི་རིགས་བརྒྱུད་འབྲོང་པ་དཔོན་ཚང་གི་བུ་མོ་ནམ་མཁའ་སྒྲོན་མ་ཞེས། ཨ་མི་དྷེ་བ་དུང་གཅིགམ་ཎི་དུང་གཉིས། སིདྡྷི་དུང་གཅིགབཛྲ་ས་ཏྭ་དུང་གཅིགབཀའ་ཐང་བསྡུས་པ་ལེའུ་བདུན་སོགས་རྒྱུན་དུ་ཁ་ཏོན་བྱེད་ཅིང་ཆོས་ལ་མོས་ཤིང་དད་པ་དང་དག་སྣང་ཆེ་བ། དམན་ལ་བརྩེ་ཞིང་བུད་མེད་ངན་པའི་སྐྱོན་གྱིས་མ་གོས་པ་གཏོང་ལ་གོམས་པའི་བློ་ཅན་དེ་ཉིད་དང་། ལྷུམས་སུ་ཞུགས་པའི་ཚེ་ཡུམ་ལ་ངོ་མཚར་བའི་རྟགས་མཚན་ཤར་རིའི་མཁའ་ངོས་ལ་དར་དཀར་པོ་དྲི་མ་མེད་པ་ཞིག་ཤར་གྱིས་བྱུང་བས་རང་གི་ལུས་ལ་དཀྲིས་པའི་མོད། དར་ཅིག་ཤེས་པ་བརྒྱལ་བ་ལྟར་གྱུར་པ་དང་། གཉིད་ལས་སད་པ་ནའང་ལུས་སེམས་ལ་སྔར་མེད་པའི་དགའ་བདེ་ཁྱད་པར་ཅན་སྐྱེས་ཤིང་ལུས་ཀྱི་ཟོ་མདོག་རྒྱས་པ་དང་། ལུས་མི་ངལ་ཞིང་། ཡང་བ་སོགས་གྱུར། དེ་ནས་ཕྱི་ལོ་༡༨༧༡རབ་བྱུང་༡༥པའི་བྱེ་བྲག་སྐྱེས་བདག་ཅེས་པ་ལྕགས་མོ་ལུག་གི་ལོར་ཧོར་ཟླ་བཅུ་གཉིས་པ་ལྷག་པའི་ཕྱི་མའི་ཚེས་༡༩ལྷ་ཐོག་དང་སྡེ་དགེའི་ཆར་གཏོགས་རྫོགས་ཀྱི་མཚོ་ལུང་ཞེས་པའི་གནས་སུ་རེས་གཟའ་ལྷའི་བླ་མ་ཤར་བའི་འཕྲོད་ཆེ་ཆུང་སོགས་སྦྱོར་བ་ཕུན་སུམ་ཚོགས་པའི་ཉིན་ལ་བྱང་ཆུབ་སེམས་དཔའ་མངལ་ལས་གྲོལ་བའི་མོད་ལ་། འཇའ་སྤྲིན་ཁ་དོག་དང་དབྱིབས་སྣ་ཚོགས་ཀྱིས་མཁའ་དབྱིངས་མཛེས་ཤིང་སྤྲིན་སྒྲའི་དབྱངས་སྙན་ཡུད་ཙམ་ལ་ལྷང་ངེར་གྲགས། དེ་ཡི་ཚེ་སྦས་པའི་རྣལ་འབྱོར་པ་ལོ་ཆེན་བི་ཛས་ཁྲུས་དང་ཤེས་རབ་འཕེལ་བའི་རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་དང་བར་ཆད་བསྲུང་བའི་རྫས་སྔགས་སོགས་ཕྱག་བཞེས་གནང་ནས་ཚེ་རིང་འབྲུག་རྒྱལ་ཞེས་མཚན་གྱི་ཅོད་པཎ་གསོལ་བ་སོགས་ཐོག་མའི་རྟེན་འབྲེལ་ལེགས་དགུའི་ཕྱོགས་སུ་བསྒྲིགས་པར་མཛད། དེ་ཡང་ཕྲུ་མས་ཆོས་གོས་ལྟར་དཀྲིས་པ་དང་། སྤྱན་ཟུང་རྡོ་རྗེའི་ལྟ་སྟངས་ཁྲ་ཧྲིག་གེ་བ། སྐུ་སྨད་ཐམས་ཅད་དུ་སྟག་རིས་བཀྲ་བ་སོགས་ངོ་མཚར་བའི་རྟགས་མཚན་ངོམ། དེ་ནས་ཡབ་ཡུམ་རྣམས་ཀྱི་བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས་པའི་ཞབས་འདེགས་བཅས་ནང་དུ་རྩ་རླུང་ཐིག་ལེའི་སྟོབས་འཕེལ་བའི་ཐབས་དང་ཕྱི་རུ་སྐུ་ཡི་དཀྱིལ་འཁོར་ལ་འཕྲོད་བཞེས་གང་ཆེའི་བསྐྱེད་བསྲིངས་ཤིང་། རྒྱལ་སྲས་སེམས་དཔའ་ཆེན་པོར་གདོད་ནས་གཞན་ཕན་བརྩེ་ཆེན་སྙིང་རྗེའི་ཁུར་ཆེན་ཅུང་ཟད་ཀྱང་བྲི་བ་དང་དོར་བ་མེད་པ་རང་གི་ཆོས་ཉིད་དུ་གྱུར་པས་སེམས་ཅན་བསད་པའི་ཤ་ཁྲག་ལ་མི་དགྱེས་ཤིང་། དངོས་སུ་བཞེས་པ་ལྟ་ཞོག་དྲི་ཙམ་བྲོ་བ་དང་། ཤ་ཡི་དྲི་མས་སྦགས་པའི་སྣོད་ཅན་གཙང་དག་མ་བྱུང་བར་གསོལ་ཐུག་ལ་སོགས་བསྐོལ་བ་ན་དེའི་རོ་ལྗགས་ལ་སྨིན་པས་ཀྱང་སྐུ་ཁམས་མི་དྭངས་བར་གྱུར་པ་དང་། སེམས་ཅན་གསོད་པ་སོགས་གཟིགས་པ་ནས་སྙིང་རྗེའི་ཤུགས་ཀྱི་གདུང་བའི་སྤྱན་ཆབ་ཆར་དྲག་པོ་ལྟར་བསིལ་ཞིང་ཐབས་ཅི་ནུས་ཀྱིས་ཟློག་པ་དང་། སྐུ་གཞིས་སོགས་ལ་ཤ་གཅོད་དུ་འཇུག་པ་སོགས་ཀྱིས་མཚོན། ཐ་མལ་བྱིས་པའི་སྤྱོད་པ་གཏན་ནས་མི་གནང་ཞིང་། པདྨ་འདམ་ན་གནས་ཀྱང་འདམ་གྱིས་མ་གོས་པའི་དཔེ་ལྟར་དམ་པའི་ངང་ཚུལ་ལ་ཉེས་དྲིས་གཞར་ཀྱང་མི་མཛའ་ཞིང་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཁོ་ནས་དུས་འདའ་བ་ཞིག་བཞུགས་པར་གྲགས་སོ། །དེ་ཡང་སྐུ་སྐྱེ་སྔོན་མས་ལུང་བསྟན་པ་ལྟར་བདེ་གཤེགས་མྱ་ངན་མེད་ཀྱི་རྣམ་རོལ་རབ་འབྱམས་ལྔ་པར། སྒྲིབ་བྲལ་མཁྱེན་པའི་དྭངས་ཤེལ་གྱི་ངོགས་སུ་མཆོག་སྤྲུལ་ལྷོ་རྒྱུད་དུ་འཁྲུངས་པའི་གསལ་སྣང་བརྟན་པོར་བྱུང་བ་དང་། སྔ་འགྱུར་བསྟན་པའི་གཙུག་རྒྱན་རྫོགས་ཆེན་བཞི་པ། སྨིན་གླིང་ཁྲི་རིན་པོ་ཆེ་འགྱུར་མེད་ཡིད་བཞིན་དབང་རྒྱལ་དང་། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་སོགས་ཡེ་ཤེས་གཟིགས་པ་རྣམས་ཀྱིས་ཀྱང་ཨོ་རྒྱན་རང་བྱུང་རྡོ་རྗེའི་ཡང་སྲིད་འཁྲུལ་མེད་དུ་བཀའ་བགྲོས་པ་བཞིན་དཔལ་གྱི་མགུལ་ནས་མགྲིན་གཅིག་ཏུ་ལུང་བསྟན། ཁྱད་པར་དུ་གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། དོན་འདི་ལ་ནི་ལན་བརྒྱར་བརྟགས་ཀྱང་ནོར་བ་མ་མཆིས་ཤིང་གདན་ས་ཆེན་པོར་ཞབས་སོར་བཀོད་ན་དོན་དང་ལྡན་པར་འགྱུར་རོ། །ཞེས་པའི་བཀའ་ལུང་རྡོ་རྗེ་རིན་པོ་ཆེའི་ཅོད་པཎ་སྤྱི་བོའི་གཙུག་ཏུ་བཅིངས་ནས་འགྱུར་མེད་པདྨ་བསྟན་འཛིན་མཁས་གྲུབ་རྒྱ་མཚོའི་དབང་པོའི་སྡེ་ཞེས་པའི་མཚན་འབུལ། ཞབས་བརྟན་གྱི་བདེན་ཚིག་ཤིས་དབྱངས་བཅས་སྩལ་པར་མཛད་པ་ལྟར། ཧོར་ཟླ་དགུ་པའི་ཚེས་གཟའ་སྐར་འཕྲོད་སྦྱོར་དགེ་ཞིང་ཤིས་པ་འཛོམས་ཉིན་སྔ་འགྱུར་བཤད་སྒྲུབ་བཀའ་གཏེར་གྱི་ཆུ་ཀླུང་འབུམ་ཕྲག་གཅིག་ཏུ་འཁྱིལ་བའི་གདན་ས་ཆེན་མོར་འཇིགས་མེད་གདོང་ལྔས་བཏེགས་པའི་ཆོས་ཀྱི་ཁྲི་ཆེན་པོར་ཞབས་པད་འཁོད། ཡོངས་འཛིན་སྐུ་གོང་མའི་ཉེ་གནས་ཁུ་བོ་པདྨ་དབང་ཆེན་ལས་ཡི་གེ་འབྲི་ཀློག་ནས་བརྩམས་སུམ་རྟགས་དག་གསུམ། སྒྲ་ཀཱ་ཙན་དབྱངས་གསུམ། རྩིས་དཀར་ནགསྡེབ་སྦྱོར་སྙན་ངག་སོགས་དང་། རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་དམ་ཆོས་འོད་ཟེར་ལས་རབ་ཏུ་བྱུང་བ་དགེ་ཚུལ་གྱི་དངོས་པོར་སྒྲུབ། མཚན་འགྱུར་མེད་པདྨ་རྣམ་རྒྱལ་ཞེས་གསོལ། ཚིགས་ཕྱི་མ་བསྙེན་རྫོགས་ནི་དགེ་མང་མཁན་རིན་པོ་ཆེ་ཡོན་ཏན་རྒྱ་མཚོ། ལས་སློབ་ཟུར་མང་དྲུང་སྤྲུལ་ཀརྨ་ཆོས་ཀྱི་ཉིན་བྱེད་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་སྔ་འགྱུར་བསྟན་པའི་ཤིང་རྟ་ཐུབ་དབང་གཉིས་པ་མཁན་ཆེན་ཞི་བ་མཚོའི་སྡོམ་རྒྱུན་ལོ་ཙཱ་བ་ཆེན་པོ་དྷརྨ་ཤྲཱིའི་བཀའ་དྲིན་ལས་བྱུང་བ་ཉིད་ལེགས་པར་བཞེས། དེའི་བསླབ་བྱ་ཕྲ་རགས་རྣམས་ཀྱང་ཉམས་པ་མེད་པ་མིག་གི་འབྲས་བུ་ལྟར་བསྲུངས་པས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་ཤིང་གནས་བརྟན་འདུལ་བ་འཛིན་པ་ཀུན་གྱི་གཙུག་རྒྱན་དུ་གྱུར། མེ་མོ་ཕག་གི་ལོའི་མགོ་ཟླ་བའི་ཚེས་དགུ་ལ་མཁས་དང་གྲུབ་པ་མང་པོས་བྱིན་གྱིས་བརླབས་པའི་གནས་རྫོང་སར་བཀྲ་ཤིས་ལྷ་རྩེ་ཤྲཱི་ནཱ་ལེན་དྲ་གཉིས་པར་བསྔགས་པའི་ཆོས་གྲྭ་ཆེན་པོ་ག་ལ་བར་ཆག་ཕེབས་ནས་ཟླ་བ་དེའི་དམར་ཕྱོགས་ཀྱི་དགའ་བ་དང་པོར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱི་གསེར་ཞལ་འཇལ་ཞིང་ཕྱག་རྟེན་མཎྜལ་རྣམས་ཕུལ་བ་དང་ཆབས་ཅིག་མདོ་རྒྱུད་བཀའ་གཏེར་སྨིན་གྲོལ་གྱི་བདུད་རྩིས་རྗེས་འཛིན་གུས་ཕྱག་དང་བཅས་ཏེ་གསོལ་བ་བཏབ་པས། འཇམ་མགོན་རྣམ་སྣང་ལོ་ཙཱ་བ་ཆེན་པོ་དེ་ཉིད་ཀྱིས་སྐུ་ཡི་ཕྲེང་བར་སྨོན་ལམ་འབྲེལ་བའི་ལས་ཅན་གྱི་རིག་པ་འཛིན་པ་ཆེན་པོ་ཡིན་པར་མཁྱེན་བཞིན་དུ་དེ་བཞིན་རྗེས་འཛིན་ཆོག་པའི་གསུང་མཆིད་ཨུ་དུམ་ཝཱ་ར་ཐོད་དུ་བཅིངས། དེ་བཞིན་དུ་མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་བསམ་བཞིན་སྐྱེ་བ་བཞེས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་མདུན་དུ་ཕེབས་པའི་ཚེ་ན་འཇམས་དབྱངས་བླ་མ་དེ་ཉིད་ཁྱུ་མཆོག་གི་སྟབས་ཀྱིས་གཟིམས་སྒོའི་ནང་ལོགས་སུ་དྲི་ཞིམ་པོའི་སྤོས་རིང་ཕྱག་ཏུ་བསྣམས་ནས་བསུ་བའི་ཚུལ་དང་བཅས་བྱོན་པའི་ཚེ། གུས་པའི་ལྷ་ཕྱག་གིས་བཏུད་པ་ན། བརྩེ་ཆེན་ཐུགས་རྗེའི་དབང་ཕྱུག་དེ་ཉིད་ཀྱིས་ཀྱང་ཕྱག་ལེན་དང་། མཇལ་དར་རྩེ་སྤྲོད་སོགས་སྔར་ནས་འདྲིས་པ་ལྟ་བུའི་གཟུགས་བཟོས་ཐུན་མིན་གྱིས་བསྐྱངས་པ་དང་། ཕྱག་རྟེན་མཎྜལ་སོགས་རྒྱ་ཆེར་ཕུལ་ཞིང་། ཐུན་མོང་ཐུན་མིན་གྱི་གསུངས་གླེང་ཞིབ་རྒྱས་གནང་བའི་ཉིན་དེ་ཉིད་ནས་ཁྲོ་བོ་ཐམས་ཅད་ཀྱི་སྤྱི་དཔལ་ཆེན་པོ་བར་ཆད་སེལ་བའི་ལྷག་པའི་ལྷ་མཆོག་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཀུན་མཁྱེན་རོང་ཟོམ་པ་ཆེན་པོའི་བཀའ་སྲོལ་ལས་བྱུང་བའི་སྨིན་དབང་ཟབ་མོའི་ཆོས་ཀྱི་སྒོ་འཕར་ཕྱེས། སྤྱིར་འཇམ་དབྱངས་བླ་མ་རྣམ་གཉིས་ཀྱི་མཚན་དང་པོ་ཐོས་པ་ཙམ་ནས་ཚེ་རབས་ནས་འབྲེལ་བའི་བླ་མར་སོང་གཤིས་རྗེ་འདི་སྐུ་ན་ཕྲ་ཡང་བཟོད་མེད་ཀྱི་མོས་གུས་ཆེན་པོ་རྒྱུན་ཆགས་སུ་ཡོད་པ་དང་། སྐུ་ཡི་དཀྱིལ་འཁོར་ཐོག་མར་མཇལ་བ་ཉིད་ནས་ཐ་མལ་གྱི་སྣང་ཤེས་རང་འགག་ཏུ་འགྲོ་བ་ལྟ་བུས་མོས་གུས་ཀྱི་རྐང་ཚུགས་པས་ཐོག་མའི་རྟེན་འབྲེལ་ལེགས་རྒུའི་ཕྱོགས་སུ་ངང་གིས་འགྲིགས་པར་གྱུར་ཏོ། །དེ་ཡང་གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞལ་སྔ་ནས་བཀའ་གདམས་བློ་སྦྱོང་གི་ཟབ་ཁྲིད་རྒྱ་ཆེར་དང་། རྒྱལ་སྲས་ཐོགས་མེད་གསུང་བློ་སྦྱོང་དོན་བདུན་མ། མན་ངག་རྫོགས་པ་ཆེན་པོའི་ལམ་གྱི་ཤིང་རྟ་གཅིག་པུར་གྱུར་པ་རིག་འཛིན་འཇིགས་མེད་གླིང་པའི་བཀའ་འབུམ། དགོངས་གཏེར་ཀློང་ཆེན་སྙིང་ཏིག་གི་རིགས་འདུས་རྩ་དབང་རྒྱས་པ་དང་མཐར་ཀློང་སྙིང་ཡོངས་རྫོགས་ཀྱི་བྱིན་རླབས་གདམས་གཏད་ཐུན་མིན་ཀྱང་མཛད། ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་རྩ་བ། དེའི་རྒྱས་འགྲེལ་ཤིང་རྟ་རྣམ་གཉིས་རྩ་འགྲེལ་སྦྲགས་མའི་སྟེང་ནས་བཤད་ལུང་རྒྱས་པ་དང་། ཁྱད་པར་རྡོ་རྗེ་ཕུར་པའི་བཀའ་གཏད་ཡོངས་རྫོགས་ཀྱི་དབང་ཁྲིད་ལུང་བཅས་རྗེ་ཉིད་ལ་ཆེད་དུ་བསྩལ་ནས་ཕྲིན་ལས་ཕུར་པའི་སྒྲུབ་སྡེའི་བཀའ་བབ་སློབ་དཔོན་པྲ་བྷ་ཧསྟི་དང་། བོད་ཡུལ་དུ་ཕུར་པའི་གྲུབ་བརྙེས་ཡོངས་ཀྱི་རྒྱལ་པོ་ལང་ལབ་བྱང་ཆུབ་རྡོ་རྗེ་དང་དབྱེར་མེད་པའི་སྤྲུལ་པ་སྐུའི་སྐྱེ་བ་ཐམས་ཅད་དུ་ལྷག་པའི་ལྷ་འདི་གྲུབ་པ་བརྙེས་པ་ཡིན་པས་གདན་སར་ཕེབས་པ་དང་འདིའི་བསྙེན་སྒྲུབ་ཚད་ལྡན་ཉམས་བཞེས་ཀྱི་རྟགས་རྣམས་རྫོགས་པ་དང་སྦྱིན་སྲེག་བཅས་གྲུབ་པར་གྱིས་ཞེས་བཀའ་སྩལ། འཇམ་མགོན་གཏེར་ཁ་ཚིག་བདུན་བླ་སྒྲུབ་ཀྱི་ཆོས་བདག་དུའང་ལུང་གིས་ཟིན་པ་དང་། གཞན་ཡང་རྗེའི་བྱང་ཆུབ་ལམ་རིམ། ནཱ་རོ་མཁའ་སྤྱོད། ཀརྨ་པ་དབང་ཕྱུག་རྡོ་རྗེས་ཁྲིད་ཡིགདྭགས་པོའི་ཐར་རྒྱན་བཅས་རྗེ་འདི་ལས་གསར་རྙིང་རིས་མེད་ཀྱི་བཀའ་གཏེར་མདོ་སྔགས་རྒྱ་མཚོའི་དབང་ལུང་ཁྲིད་གདམས་སོགས་གསན་རྒྱ་ཤིན་ཏུ་ཆེ། ༧རྒྱལ་བས་ལུང་བསྟན་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔ་ནས། རིན་ཆེན་གཏེར་གྱི་མཛོད་ཆེན་མོའི་ཆོས་འཁོར་གཉིས་པ་རྫོང་སར་བཀྲ་ཤིས་ལྷ་རྩེར་གནས་བཅུའི་ལྷ་ཁང་དུ་གསུངས་ཏེ། འཇམ་མགོན་མཁྱེན་བརྩེའི་དབང་པོས་མ་གསན་པ་ཐམས་ཅད་གཟིམས་ཆུང་དབང་ཁང་དུ་ཕེབས་ཏེ་གསན་པ་ནི། གཏེར་མཛོད་བཀའ་རྒྱ་པོད་གསུམ་དང་། རྙིང་མ་རྒྱུད་འབུམ་པོད་ཆེན་ཉེར་ལྔ། བཀའ་བརྒྱད་བདེ་འདུས་དབང་ཆེན་དང་གཏེར་གཞུང་པོད་དགུའི་ལུང་སོགས་གསན་སྐབས་མེ་ཏོག་ཤར་ཡང་དག་ལ་བབ་སྟེ་གསང་མཚན་རྡོ་རྗེ་དབང་མཆོག་ཕྲིན་ལས་འདུས་པ་རྩལ་ཞེས་གནང་། དེ་རྗེས་ཁ་སྐོང་གླེགས་བམ་སུམ་ཅུ་སྐོར་ཡོངས་རྫོགས་སྨིན་གྲོལ་རྒྱབ་རྟེན་བཅས་ཟུར་མང་དྲུང་པ་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད་མདུན་ནས་གསན་། བླ་མ་དགོངས་འདུས་གསེར་ཆོས་ཆེན་མོའི་སྒྲུབ་དབང་ཙ་འདྲ་རིན་ཆེན་བྲག་ནས་རྒྱལ་དབང་བཅོ་ལྔ་པ་དང་། སི་ཏུ་རིན་པོ་ཆེ་པདྨ་དབང་མཆོག་སོགས་སྟོན་འཁོར་རིག་འཛིན་འདུས་པས་གསན་སྐབས་འཇམ་མགོན་རིན་པོ་ཆེས་ཕུན་ཚོགས་ལྔ་ལྡན་གྱི་གསུང་བཤད་རྒྱས་པར་གནང་། རྫོགས་པ་ཆེན་པོ་སྙིང་ཐིག་ཡ་བཞིའི་དབང་ཁྲིད་ཡོངས་རྫོགས་གསན། ཤེས་བྱ་ཀུན་ཁྱབ་རྩ་འགྲེལ་དང་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་དཀར་ཆག་ཞིབ་གཟིགས་མཛོད་ཅེས་ཕྱག་དཔེ་གནང་བར་ཞིབ་མོར་གཟིགས་ནས་ཕྱག་དཔེ་སླར་ཕུལ་ཏེ་རྒྱལ་བསྟན་རིན་པོ་ཆེ་ཆོས་ཀྱི་དབྱིག་གཅེས་དགུ་ཐམས་ཅད་གཅིག་ཏུ་བསྡུས་པའི་སྔ་ན་མེད་པའི་གསང་མཛོད་ཆེན་པོར་ངེས་ཤེས་རྙེད་སོང་ཞུས་པས། ཐོག་མའི་མཆོད་བརྗོད་དང་། བརྩམ་པར་དམ་བཅའ་བ། མཇུག་གི་སྡོམ་བྱང་སྟེང་ནས་ལྗགས་བཤད་མདོར་བསྡུས་དང་། དཔེ་རྣམས་དབུ་ཐོག་ཏུ་བཞག་ནས་བཀའ་རྒྱ་གདམས་གཏད་སྨོན་ལམ་ཤིས་བརྗོད་རྒྱས་པར་དང་ཕྱིན་ཆད་དབང་ཁྲིད་གང་ལས་གསན་ཀྱང་བརྒྱུད་པ་ཁོ་བོ་ལ་གཏུགས་ཆོག་ཅེས་བཀའ་སྩལ། ཆོས་འབྱུང་ལེགས་བཤད་པད་དཀར་རྫིང་བུ་ལས། གདམས་མཛོད་སྤྲུལ་པའི་གླེགས་བམ་ཆེན་པོར་བཀའ་ཡི་བསྡུ་བ་མཛད་དེ་དུས་ཀྱི་མཐར་ཡང་ཉམས་པ་མེད་པར་བཀའ་གཙིགས་ཕྱག་རྒྱས་རེ་ཁ་བཏབ་སྟེ། བདག་གིས་ཀྱང་འཇམ་མགོན་རྡོ་རྗེ་མཆང་དངོས་ལས་གདམས་གཏད་ཐུན་མིན་དང་། ཡོངས་ཀྱི་འདྲེན་པ་ཆེན་པོ་རྒྱལ་སྲས་བཀྲ་ཤིས་འོད་ཟེར་གྱི་ཞལ་སྔ་ནས་སྨིན་གྲོལ་ཚང་སྤྲུགས་སུ་ཐོབ་པའི་སྐལ་བཟང་ཉམས་སུ་མྱོང་བས་དལ་རྟེན་སྙིང་པོར་བྱས་པ་ཡིན་ནོ། །ཞེས་གསུངས། གཞན་ཡང་འཇམ་མགོན་ཉིད་ཀྱི་ཟབ་གཏེར་ཡང་དག་ཧེ་རུ་ཀའི་གསང་བ་ཐུགས་ཀྱི་ཏནྟྲའི་རྩ་བའི་ཆོས་བདག་དང་། འཇམ་མགོན་ཟབ་གཏེར་གྲོ་ལོད་གསང་སྒྲུབ་ཀྱི་དབང་ཁྲིད། བཀའ་རྒྱུད་སྔགས་མཛོད། རྙིང་མ་རྒྱུད་འབུམ་གསན་པ་སོགས་རྒྱས་པར་རྟོགས་བརྗོད་དད་པའི་འཇུག་ངོགས་སུ་གསལ་། ༧ཀུན་མཁྱེན་མི་ཕམ་རིན་པོ་ཆེ་ལས། འཇམ་དཔལ་རྫོགས་ཆེན་སྐོར་དང་། བཀའ་བརྒྱད་རྣམ་བཤད་ཆེན་མོ་ཞུ་བསྐུལ་མཛད་དེ་བཤད་ཁྲིད་གསན་པ་དང་། འཇམ་དཔལ་ཚེ་བདག་གི་བསྙེན་སྒྲུབ་གྲོལ་སྐབས་དངོས་གྲུབ་ལེན་ཆོག་སྩལ་བ་དང་དབང་སྐུར་བྱིན་རླབས་ཐུན་མིན་མཛད། ཐུགས་དམ་འཇམ་དཔལ་ཡེ་ཤེས་སེམས་དཔའི་རྡོ་རྗེ་གསུམ་གྱི་དབང་སྐུར་དང་། མཁས་འཇུག་སོགས་རྗེ་བླ་མ་ཉིད་ཀྱིས་མཛད་པའི་བསྟན་བཅོས་རྣམས་ཀྱི་བཤད་ལུང་དང་། མདོ་སྔགས་ཀྱི་གཞུང་དོན་དཀའ་གནད་དོགས་གཅོད། ཉམས་བཞེས་སྐོར་གྱི་དོགས་སེལ་སོགས་གནང་ཞིང་། ཐུགས་དམ་ཉམས་རྟོགས་ཀྱི་བགྲོ་གླེང་སོགས་ཡང་ཡང་གནང་ཞིང་ཐུགས་ཡིད་གཅིག་འདྲེས་སུ་གྱུར། ཡང་དག་གསང་འགྲེལ་སོགས་གསུང་གནད་གལ་ཆེ་རིགས་བཤད་ལུང་མཛད་མ་ཐུབ་པ་དུ་མའི་གཏད་རྒྱ་བྱིན་རླབས་སོགས་གནང་བས་ཆེས་ཆེར་བཀའ་དྲིན་ཆེ་བའི་གཙུག་གི་བླ་མ་ཐུན་མིན་དུ་གྱུར། ༧འཁོར་ལོའི་མགོན་པོ་རབ་འབྱམས་ལྔ་པ་འགྱུར་མེད་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ལས་སྲོལ་གཉིས་ཀའི་ལུགས་ཀྱི་སེམས་བསྐྱེད་འབོགས་ཆོགརྒྱལ་བཀའ་རིན་པོ་ཆེའི་བཀླག་ལུང་ཡོངས་རྫོགས། བླ་མ་ཡང་ཏིག་གི་དབང་ལུང་ཁྲིད། རྡོར་སེམས་ཐུགས་སྒྲུབ། ཨ་ཏི་ཟབ་དོན། གཤིན་རྗེ་དྲེགས་འཇོམས་སོགས་སྨིན་གཏེར་ཕལ་ཆེར་གྱི་དབང་ལུང་ཁྲིད། འདོད་བུམ་དབང་ལུང་། སེམས་ཀློང་གི་དབང་ཁྲིད་ལུང་། ངལ་གསོ་སྐོར་གསུམ། ན་རག་དོང་སྤྲུགས། སྒྱུ་འཕྲུལ་ཞི་ཁྲོ། གཤེད་དམར་རྣམས་ཀྱི་དབང་ལུང་། རཏ་ཕུར། བཀའ་གདམས་ཕ་ཆོས་བུ་ཆོས། ཆོས་འབྱུང་རྒྱ་རྩ། སྤྱོད་འཇུགབྱམས་ཆོས་སོགས་དང་། ༧དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ་ཀུན་བཟང་མདོ་སྔགས་བསྟན་འཛིན་ལས་ཀར་གླིང་ཞི་ཁྲོའི་དབང་ལུང་ཁྲིད་གསུམ་དང་། མ་ཎི་བཀའ་འབུམ། རཏ་ཕུར། མ་ཏི་རཏྣའི་སེང་གདོང་མའི་དབང་ལུང་། ཆོས་དབང་གཏེར་བྱོན་བླ་མ་གསང་འདུས་ཀྱི་དབང་གཞུང་པོད་ཀྱི་ལུང་། བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་དབང་། གསང་རྫོགས་པོད་ལུང་སོགས་གསན་བཞེས་དང་། གཞན་ཡང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། ཀཿཐོག་སི་ཏུ་པཎ་ཆེན། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། ཉེ་གནས་འོད་གསལ། དགེ་མང་མཁན་ཡོན་ཏན་རྒྱ་མཚོ། དགེ་མང་མཁན་ཀུན་བཟང་དཔལ་ལྡན། ལྔ་རིག་སྨྲ་བ་ཆེན་པོ་བཀྲ་ཤིས་ཆོས་འཕེལ། ཁྲོ་ཤུལ་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ། ཐམས་ཅད་མཁྱེན་པ་ཀརྨ་བཀྲ་ཤིས་འོད་ཟེར་སོགས་ཡོངས་འཛིན་བཤེས་གཉེན་ཆེན་པོ་བཅུ་ཕྲག་གསུམ་ལྷག་ལས་། གསང་བདག་དགོངས་རྒྱན། གསང་འགྲེལ་ཕྱོགས་བཅུ་མུན་སེལ། སྤྱི་དོན་འོད་གསལ་སྙིང་པོ། དབུ་མ་རྩ་འཇུགམངོན་པར་མཛོད། དབུ་མ་རྒྱན། མི་ཕམ་རིན་པོ་ཆེའི་བཀའ་འབུམ། ཡིད་བཞིན་མཛོད། ཡོན་ཏན་མཛོད། རིན་ཆེན་གཏེར་མཛོད། ཇོ་ལུགས་དུས་འཁོར་གྱི་དབང་ཁྲིད། བཀའ་གདམས་དོལ་པོའི་བེ་བུམ་སྔོན་པོ། བྱམས་པའི་ཆོས་སྡེ་ལྔ། སྤྱོད་འཇུགཇོ་བོའི་ཆོས་ཆུང་བརྒྱ་རྩ། དཔལ་སྤྲུལ་ཤེར་ཕྱིན། སྡོམ་གསུམ་རྣམ་ངེས། རི་ཆོས་ངེས་དོན་རྒྱ་མཚོ། དྭགས་པོའི་བཀའ་འབུམ། འཇའ་ཚོན་པོད་དྲུག་སོགས་མདོར་ན་བསྟན་པ་རིན་པོ་ཆེ་ཚད་མ་གསུམ་གྱིས་དག་པའི་བཤད་རྒྱུན་ཀ་ཆེན་བཅུ་དང་། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་གཞུང་གདམས་མན་ངག་ཐམས་ཅད་བུང་བས་བཅུད་ཚོལ་བ་ལྟར་ཆོག་ཤེས་དང་ངོམ་པ་མེད་ཅིང་། དཀའ་ཚེགས་དང་སྐྱོ་དུབ་སྤངས་ནས་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན། དེ་ལྟར་ཐོས་པ་རྣམས་ཀྱང་བསམ་བྱུང་གི་ཤེས་རབ་ཀྱིས་ཚིག་དོན་གྱི་ཆ་ཐམས་ཅད་ཚད་མ་གསུམ་དང་། རིགས་པ་བཞི་དང་མི་འགལ་བར་དཔྱད་ཅིང་ངེས་ཤེས་ཁྱད་པར་ཅན་འདྲོངས་པས་མདོ་སྔགས་རིག་གནས་དང་བཅས་པའི་དཀའ་བའི་གནས་གང་ལའང་ཐེ་ཚོམ་གྱི་དྲྭ་བ་ཆོད་ཅིང་། ཁྱད་པར་དུ་ཀུན་མཁྱེན་རོང་ཀློང་རྣམ་གཉིས། ཆོས་རྒྱལ་གཏེར་བདག་གླིང་པ་སྐུ་མཆེད། ཀུན་མཁྱེན་འཇིགས་མེད་གླིང་པ། འཇམ་མགོན་རྣམ་གཉིས། ཀུན་གཟིགས་མི་ཕམ་རིན་པོ་ཆེས་མཚོན་སྔ་འགྱུར་རིག་འཛིན་བརྒྱུད་པའི་བཞེད་སྲོལ་ལྟར། ཤིང་རྟ་ཆེན་མོ་ཟུང་གི་དགོངས་པ་འགལ་མེད་གཅིག་དྲིལ་ངེས་དོན་ཟབ་མོ་དབུ་མ་གཞན་སྟོང་གི་ལྟ་བ་ལ་ཐུགས་ཤེས་འདྲོངས། དེ་ལྟར་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད་ནས། མདོ་ཁམས་གནས་ཆེན་ཉེར་ལྔའི་ཕྲིན་ལས་བཞི་ཡི་གནས་ཆེན་ལས་རྒྱས་པའི་གནས་ཆེན་ཞེ་ཆེན་རྒྱབ་རི་སེངྒེ་གནམ་རྫོང་རི་ཁྲོད་དུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚོགས་ཁང་དུ་གྲགས་པའི་སྒྲུབ་ཕུག་དང་། གཟིམས་སྤྱིལ་གསར་བསྐྲུན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་ཐེམ་པ་སྤངས་ནས་ཀུན་སྤངས་བྱ་བྲལ་བའི་ཚུལ་གྱིས་སྔ་ཕྱིར་བསྡོམས་པས་བགྲང་བྱ་ཉི་ཤུ་ལྷག་ཙམ་དུ་ལྷག་པའི་ལྷའི་བསྙེན་སྒྲུབ་རྒྱུད་ལུང་མན་ངག་རིག་འཛིན་གོང་མ་རྣམས་ཀྱི་ཕྱག་བཞེས་ལྟར་མཚན་བཅས་མཚན་མེད་ཀྱི་ཐུགས་དམ་ལ་ཆིག་དྲིལ་དུ་བརྩོན་པ་ཆུ་བོའི་རྒྱུན་བཞིན་གནང་བ་སྟེ། བསྙེན་སྒྲུབ་གནང་བའི་རིམ་པའང་། རྗེ་ཉིད་ཀྱི་རྩ་བའི་ཐུགས་དམ་ཕུར་པ་སྤུ་གྲི། གཞན་སྨིན་གླིང་རྡོར་སེམས་ལན་མང་པོ། སོ་ལུགས་ཡང་དགཆོས་དབང་ཡང་དག་གི་བསྙེན་པ་ལན་གྲངས་མང་པོ། བཀའ་བརྒྱད་བདེ་འདུས་བསྙེན་ཆེན་ཟླ་བ་བཅུ་དྲུགཡང་ཟླ་དྲུག་མ་སོགས་ཐེངས་ཁ་ཤས། རྗེ་མཁྱེན་བརྩེའི་ཟབ་གཏེར་ཡང་དག་ཕུར་པ་ཡང་ཕུར་སྦྲགས་མ། བཀའ་འདུས་ཆོས་རྒྱ། མཁའ་འགྲོ་གསང་འདུས། འཇམ་མགོན་རིན་པོ་ཆེའི་གྲོ་ལོད། གསང་ཐིག་ཡབ་བཀའ་ཡུམ་བཀའ། རཏྣའི་ཚེ་གསང་ཆོས་དབང་བླ་མ་གསང་འདུས། ཉང་གི་ཁྲོས་ནགབོ་དོང་སེང་གདོང་མ་བྱད་གྲོལ་གསེར་ལྡེ། འཇམ་དཔལ་སྨྲ་སེང་། འཇམ་དཀར། དབྱངས་ཅན་དཀར་མོ་རྣམས་ལན་ཁ་ཤས་སྒྲོལ་དཀར་ཡིད་བཞིན་འཁོར་ལོ། ནཱ་རོ་མཁའ་སྤྱོད། ཀར་ལུགས་དགྱེས་རྡོར་སོགས་གསར་རྙིང་གི་ལྷག་པའི་ལྷ་ཤིན་ཏུ་མང་པོའི་དུས་གྲངས་མཚན་མའི་བསྙེན་པ་མཐའ་རྒྱས་སུ་གནང་། ཁྱད་པར་དུ་འོད་གསལ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པ་མན་ངག་སྡེའི་སྙིང་ཐིག་ཆེན་མོ་མ་བུ་དང་། ཨ་ཏི་ཟབ་དོན་སྙིང་པོ། ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་སོགས་ཉམས་བཞེས་ཀྱི་སྙིང་པོར་གནང་བས་ཡིད་དཔྱོད་བློ་འདས་རིག་སྟོང་འོད་གསལ་ཆོས་སྐུ་ཆེན་པོའི་དགོངས་པའི་རྩལ་རྫོགས་ཤིང་ཉམས་ཀྱི་ཤུན་པ་དོར། མཉམ་རྗེས་རོ་གཅིག་ཏུ་གྱུར། བསྒོམ་བྱ་སྒོམ་བྱེད་ཀྱི་ཞེན་འཛིན་ཡལ། སྤྲོས་པའི་བརྫུན་ཕུག་རྡིབ། བྱར་མེད་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་ཆེན་པོ་ཟུང་འཇུག་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་སོ། །སྙན་བརྒྱུད་ཡང་ཕུར་སྦྲགས་མའི་བསྙེན་མཚམས་སྐབས་ཀུན་མཁྱེན་འཇིགས་མེད་གླིང་པ་ཡིན་གསུངས་པའི་རྣལ་འབྱོར་པ་སྐུ་མདོག་དམར་སྨུགརལ་པའི་ཐོར་ཅོག་གླེགས་བམ་གྱིས་མཛེས་པ། སྙན་གོང་དུང་གི་བརྒྱན་པ་ནང་གོས་དཀར་པོ་ཕུ་དུང་ཅན་སྟེང་གཟན་དཀར་དང་ཤམ་དཀར་ཅན། སྒོམ་ཐག་གསོལ་བ་ཞིག་དང་མཇལ། ཕྱག་གཉིས་ཁོ་བོའི་མགོར་བཞག་ནས་སྨོན་ལམ་དང་ཞལ་ཏ་མང་པོ་གནང་བ་དང་། ཉེར་དགུའི་ནུབ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མཁྱེན་བརྩེའི་དབང་པོ་དང་མཇལ། རྒྱུད་སྡེའི་དབང་མོ་ཆེ་ཐོབ། ཤིང་རྟ་ཆོ་འཕྲུལ་ཟླ་བའི་ཚེས་གཉིས་ནུབ་ཀུན་གཟིགས་བློ་གྲོས་མཐའ་ཡས་མཇལ། བཞེས་དཀར་ཞིག་གི་ནང་གསོལ་འབྲས་ཞིག་གསོལ་ཞིང་འདུག་པའི་ལྷག་མ་རྣམས་མཆོག་སྤྲུལ་རབ་འབྱམས་ཚང་ངེད་དཔོན་སློབ་གཉིས་ལ་གནང་ནས་རྟེན་འབྲེལ་ཞིག་ཡོད་པ་ཡིན་གསུང་གཞན་དགྱེས་པའི་གསུང་གླེང་མང་པོ་གནང་རང་གི་དོགས་གནས་ཀྱི་བཀའ་འདྲི་འགའ་ཞིག་ཞུས་མཐར་ཁྱེད་དད་དམ་རྣམ་པར་དག་ཅིང་བདག་ལ་མོས་པའི་མི་ཡིན་པས་སྐྱེ་བ་འདི་ནས་བཟུང་ཚེ་རབས་ཐམས་ཅད་དུ་འབྲལ་བ་མེད་པ་ཡིན་པས་ད་དུང་དད་མོས་དང་གསོལ་འདེབས་ལ་རེམ་མཛོད་གསུངས་པ་དང་། གཞན་ཡང་། རིགས་ཀུན་བདག་པོ་སྨྲ་བའི་སེངྒེ་ཡིས། །ཐུགས་ཀྱི་དགོངས་གཏད་ཐུན་མིན་བསླབ་གནང་མཛད། །རྩ་གསུམ་ལྷ་ཚོགས་ལུས་དང་གྲིབ་མ་བཞིན། །མི་འབྲལ་ལྷན་ཅིག་འགྲོགས་པའི་ལྟས་མཚན་ཤར། །ཞེས་པ་ལ་སོགས་པ་ནི་རྗེ་བླ་མ་ཉིད་གསང་བ་སྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་ཟུར་ཙམ་ཡང་བཀའ་གནང་བར་མི་མཛད་མོད་རྗེ་ཉིད་ཀྱིས་ཐོ་བཀོད་པར་ཉེ་གནས་པས་ལྐོགས་མཇལ་བྱུང་བ་དག་འདིར་མཚོན་ཙམ་ལས་རྒྱས་པ་རྟོགས་བརྗོད་ཆེན་མོར་གཟིགས། གཞན་ཡང་རབ་འབྱམས་ལྔ་པ་མགོ་ལོག་ཏུ་རིན་ཆེར་གཏེར་མཛོད་ཆེན་མོའི་ཆོས་མཁོར་གྲུབ་རྗེས་དགོངས་པ་རྫོགས་མ་ཐག་སྤྲུལ་གཞི་བི་མ་མི་ཏྲ་། རིགས་བདག་མཁྱེན་བརྩེའི་དབང་པོ། རབ་འབྱམས་རིན་པོ་ཆེ་ཉིད་བཅས་ཐོ་བརྩེགས་སུ་བཞུགས་པ་ཞལ་གཟིགས་ཏེ་འདས་རྗེས་ཚིགས་བཅད་དུ་མ་བབ་སྟེ་མཐར་ཉིད་ལ་ཐིམས་པས་དགོངས་པ་དབྱེར་མེད་དུ་གྱུར་པ་དང་། བསྟན་འགྲོའི་བདེ་སྐྱིད་འབྱུང་བའི་དོན་དུ་བདུད་རྩི་སྨན་སྒྲུབ་དང་། མྱོང་གྲོལ་རིལ་སྒྲུབ་སྐབས་སུ་རིལ་བུ་འཕེལ་བ་དང་འཕུར་བ། གཟུངས་ཐག་ལ་འཇའ་རིས་འཁྲིགས་པ་དང་། གཏོར་མ་དང་སྨན་ལས་བདུད་རྩི་བབས་པ། བཀའ་བརྒྱད་སྒྲུབ་ཕུག་ཏུ་བཞུགས་སྐབས་སྒྲོན་མེ་སོགས་གང་ཡང་མེད་ཀྱང་མཚན་མོ་མུན་སྲོས་སྐབས་ཕྱག་བྲིས་ཉིན་པ་བཞིན་གནང་བ་དང་སྐྱབས་རྗེེ་རབ་འབྱམས་ལྔ་པ་དང་སྐུ་རྩེད་ཀྱི་ཚུལ་དུ་ལྡུམ་བུ་གྲངས་བཀྱེ་མཛད་སྐབས་རྗེ་འདིས་རྡོ་རིལ་ཞིག་ཕྱག་གིས་དྲིལ་ནས་ཆངས་བུ་བཅངས་པ་དང་། རྡོ་ལ་ཞབས་རྗེས་འཇོག་པ་སོགས་གྲུབ་པའི་ལྟ་དགོངས་མཐོན་པོར་ཕེབས་ཤིང་། ནང་གི་ཏིང་ངེ་འཛིན་ལ་མངའ་བརྙེས་པའི་རྟགས་མཚན་གསལ་བ་དང་། མདོར་ན་ཐེག་པ་མཆོག་གི་གསེང་ལམ་སྒྲ་ཇི་བཞིན་དུ་སྙེག་པ་ཞིག་ལ་ཕྱི་མའི་དུས་འདིར་བདག་དིལ་མགོ་མཁྱེན་བརྩེ་གི་བླ་མ་ཙམ་ཞིག་ཡིན་པར་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མས་བསྔགས་པར་མཛད། གཞན་ཡང་འདིར་སྣང་གི་བྱ་གཞག་ལ་ཐུགས་གཏན་དུ་ལོག་ནས། ངེས་མེད་རྒྱལ་ཁམས་ཉུལ་བའི་བྱ་བྲལ་ལ་ཐུགས་དགྱེས་ནས་རིགས་བདག་འཇམ་མགོན་རྣམ་གཉིས་ལ་དེ་ཚུལ་ཞུས་པས། གོང་མ་རྣམས་ཀྱི་ཐུགས་བསྐྱེད་བསམ་ཡས་ཀྱིས་བསྐྲུན་པའི་ཞབས་འདེགས་མ་ཉམས་གོང་འཕེལ་དུ་སྒྲུབ་ན་རྒྱལ་བསྟན་ལུང་རྟོགས་གཉིས་ཀྱིས་འཛིན་མཁན་འདུས་པའི་སྡེ་ཡིན་པས་དེ་ཉིད་བསྡུ་བའི་གཞི་གྱུར་པ་དགོན་སྡེ་རྣམས་ཡིན་ཕྱིར་དེ་དག་ཉམས་གསོ་རེ་མཛད་གྲུབ་ན། ཡོན་གནས་མཆོག་དམ་པར་གྱུར་ནས་ཚོགས་ཆེན་བསགས་པ་རྒྱལ་བའི་བཀའ་དང་། གོང་མའི་ཕྱག་ལེན་ལྟར་ཡིན་པས། རྙེད་པ་རྣམས་ཀྱང་སུམ་ཆར་བགོས་པའི་ཆ་གཅིག་ཙམ་ལས་གཞན་རྟེན་རྩར་སྨིན་ངེས་མཛད་ཐོག་སུམ་ཆ་ལོངས་སྤྱོད་ན་དེ་ལྷག་མེད། ལོ་རེར་ཞག་བརྒྱ་རེ་བསྟན་འགྲོར་སྨན་པའི་སྐུ་མཚམས་དང་། གཉེར་ཕྱག་སོགས་འཁོར་རྣམས་ལ་དཀོར་ཟས་རྔམས་སྤྱོད་དང་སྲོག་བཅད་སོགས་ཀྱི་ཉེས་དམིགས་བཤད་ན་དད་རྫས་ཆུད་མི་ཟ་བ་ཡིན་ཞེས་བཀའ་ཕེབས་པ་ལྟར། དེ་ཡང་མཆོག་གསུམ་རིན་པོ་ཆེ་ལ་བརྟེན་པའི་བསོད་ནམས་ཀྱི་ལས་ནི། སྐུ་རྟེན་དུ་འཇམ་མགོན་མི་ཕམ་རིན་པོ་ཆེས་ཞེ་ཆེན་དུ་ས་ཡི་སྙིང་པོའི་སྐུ་བཞེངས་ན་སྣོད་བཅུད་ཀྱི་ཕྱྭ་གཡང་འཕེལ་བ་སོགས་དགོས་གནད་ཁྱད་པར་ཅན་དུ་བཀའ་ཕེབས་བཞིན་གསེར་ཟངས་ཀྱིི་འཕགས་པ་ས་ཡི་སྙིང་པོ་བྱོན་ལེགས་སྒྲོས་ལྡན་ཐོག་ཚད་ཅན་དང་། འཇམ་མགོན་མི་ཕམ་ཆོས་རྗེའི་ཐུགས་དགོངས་བཞིན་གསེར་ཟངས་ཀྱིི་རྗེ་བཙུན་འཇམ་དཔལ་དབྱངས་རྗེ་དེ་ཉིད་ཀྱི་ཐུགས་དམ་རྟེན་ཡེ་ཤེས་སེམས་དཔར་བཞུགས་པ་བདག་ཅག་གི་སྟོན་པ་དགུང་ལོ་བཅུ་དྲུག་པའི་སྐུ་ཚད་ཅན་ལ་ཕྲ་རྒྱན་ཁྱད་འཕགས། སྤྱན་གཟིགས་རྒྱང་མཐོ་བདུན་པ་ཟངས་གསེར་ལས་གྲུབ་པ་བཅས་ཀྱི་འཁོར་དུ་སངས་རྒྱས་ཀྱི་སྐུ་བརྒྱ་དང་ཉེར་གཉིས། སྒྲོལ་སྐུ་ལི་མ་དང་གསེར་སྐུ་འདྲེས་མ་བཅོ་བརྒྱད། ཙནྡན་གྱི་ཉེ་སྲས་བརྒྱད། གནས་བརྟན་བཅུ་དྲུག་སོགས་ཁྱོན་ཟངས་གསེར་དང་ལི་སྐུ་ཉིས་བརྒྱ་བཅུ་གསུམ། འཇམ་མགོན་མི་ཕམ་རིན་པོ་ཆེའི་གདུང་རྟེན་མཆོད་སྡོང་བཀྲ་ཤིས་འོད་འབར་། རང་དགོན་གྱི་གཙུག་ལག་ཁང་གསར་བཞེངས། ཀུན་མཁྱེན་མི་ཕམ་རིན་པོ་ཆེས། དྲི་བཟང་ཁ་ཆེ་ཤ་སྐམ་སིལ་མའི་མེ་ཏོག་ཕྱག་ཏུ་བསྣམས་ནས་ཉིད་ཀྱི་ཐུགས་དམ་གྱི་རྟེན་འཇམ་དཔལ་ཡེ་ཤེས་སེམས་དཔའི་མདུན་དུ་འཇམ་དཔལ་གྱི་བསྟོད་པ་གང་བློ་མ་གསུངས་ནས་མེ་ཏོག་དེ་ཉིད་འཇམ་དཔལ་གྱི་དབུ་ལ་གཏོར་ཏེ་བདེན་བརྗོད་དང་བཅས་ཆོས་སྡེ་འདིར་བཤད་གྲྭ་ཞིག་ཚུགས་ན་རྒྱལ་བསྟན་སྤྱི་དང་། ཁྱད་པར་སྔ་འགྱུར་གྱི་བསྟན་པའི་རྒྱན་དུ་གལ་ཆེ་བས་དེ་བཞིན་ངེས་པར་གྲུབ་པར་གྱིས་ཞེས་བཀའ་ཕེབས་པ་ལྟར་བཤད་སྒྲུབ་ཟུང་འབྲེལ་གྱི་སྡེ་བཙུགས། ཆུ་རྟ་ལོར་བཀའ་མའི་སྒྲུབ་མཆོད་དཀྱིལ་འཁོར་དྲུག་གསར་འཛུགས་དང་། བཀའ་མའི་སྒྲུབ་ཆེན་སོགས་དུས་མཆོད་རྣམས་ཀྱི་ཐེབས་རྩ་གྱ་ནོམ་པ་གནང་མཛད་པ་དང་། ཆོས་འཁོར་རྣམ་གསུམ་ལ་ཕྱག་མཆོད་སྨོན་ལམ་ཞིབ་རྒྱས་ཙཱ་རིའི་རྩེ་བསྐོར་དང་དུར་ཁྲོད་ལྷ་མོའི་བཞུགས་གནས་ཀྱི་རི་རྩེ་ནས་བསང་དུད་ལྟ་བུའི་ལྟས་ཡ་མཚན་པ་བྱུང་། བསམ་ཡས་སུ་སྨན་སྒྲུབ་སྐབས་སྨན་གྱི་ཕོ་བྲང་སྟེང་དུ་འཇའ་ཟུག་པ་དང་རྟེན་འབྱུང་ཤིས་མཚན་དང་། ལྷོ་གནས་རྒྱས་པ་མོན་དང་ཐུག་གི་བར་ཞབས་ཀྱིས་བཅགས། ལོ་ཕྱེད་གཉིས་ཙམ་ལ་གུ་རུ་པདྨའི་སྒྲུབ་གནས་སོགས་སུ་རྟོགས་པའི་བོགས་འདོན་ཕྱིར་ཕལ་ཆེར་ཆིབས་པ་སྤངས་ཏེ་གནས་བསྐོར་ཞིབ་རྒྱས་དང་། ཁམས་ཕྱོགས་ཕེབས་སྐབས་སུ་རབ་འབྱམས་ལྔ་པར་བཀྲ་ནང་ཆིབས་སྐྱེལ་བྱོན་པའི་གཟིགས་སྣང་དུ་ལུང་ཁོག་ཐམས་ཅད་མི་དང་མི་མིན་གྱི་སྐྱེལ་མས་གང་གསུང་པ་རྗེ་འདི་བས་ཀྱང་དེ་ནུབ་གཟིམས་ལམ་དུ་དེ་བཞིན་བྱུང་གསུང་། སྐབས་འདིར་འཕགས་ཡུལ་རྒྱ་གར་དང་བལ་ཡུལ་དུ་ཕེབས་པར་བཞེད་ན་ཡང་གྲྭ་སློབ་རྣམས་ཀྱི་བཤོལ་བས་རྟེན་འབྲེལ་འཕྲོ་ཅན་དུ་གྱུར། རྒྱུན་དུའང་ཐབས་ཀྱི་ཆ་ཐམས་ཅད་ཁྱད་དུ་མི་གསོད་པར་རྒྱལ་བའི་དུས་ཆེན་རྣམས་དང་སློབ་དཔོན་རིན་པོ་ཆེ་དང་རྗེ་ཉིད་ཀྱི་ཐུན་མིན་བླ་མ་རྣམས་ཀྱི་དུས་དྲན་མཆོད་པ་རྣམས་ལ་སྤོས་དང་མར་མེ་ཞལ་ཟས་ཚོགས་ཀྱི་མཆོད་པ་རྣམས་བཟང་ལ་གྱ་ནོམ་པ་མཛད། གཞན་དོན་དུ་དམ་པའི་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་བསྙེན་སྒྲུབ་གནང་བའི་སྐབས་མ་གཏོགས་ཞུ་བ་པོ་མོས་ལྡན་སུ་བྱུང་གིས་གསོལ་བ་གང་བཏབ་པ་ཐམས་ཅད་བརྩེ་ཆེན་ཡེ་ཤེས་ཀྱིས་གཟིགས་པས་བསྐྱངས་ཤིང་ཐུགས་རྗེས་ཡལ་བར་མི་འདོར་བས་སུམ་རྟགས། སྙན་ངགསྤྱོད་འཇུགམཁས་འཇུགསྡོམ་གསུམ་རྣམ་ངེས། རྒྱུད་བླ་སོགས་སྔ་ཕྱིར་ཐེངས་ཁ་ཤས། མཛོད་ཆེན་རྣམ་པ་ལྔ་ལས་སྔགས་མཛོད་མ་གཏོགས་གཞན་རྣམས་ལན་རེ་འཆད་མཛད་ཅིང་། ཉང་གུར་བྱང་གསུམ། སངས་གླིང་། རྡོར་གླིང་། པདྨ་ལས་འབྲེལ་རྩལ། ཀུན་མཁྱེན་སྔ་ཕྱི། སྨིན་གླིང་གཏེར་ཆེན། མཁྱེན་བརྩེ་རིན་པོ་ཆེ། རྗེ་གུ་ཎ་སོགས་ཀྱི་གཏེར་ཆོས་རྣམས་སྔ་ཕྱི་ལན་གྲངས་དང་། སྔ་འགྱུར་བཀའ་མ་འདུས་པ་མདོ་དབང་ཆེན་མོ་དང་། སྒྱུ་འཕྲུལ་ཞི་ཁྲོ་སོ་ལུགས་ཡང་དགསེམས་ཀློང་མན་ངག་སྡེ་གསུམ། ཀློང་ཆེན་མཛོད་བདུན་སྙིང་ཐིག་ཡ་བཞི་ངལ་གསོ་སྐོར་གསུམ། བཀའ་དགོངས་སོགས་ཚར་རེ་མ་འཆད་པ་མེད་པ་དང་འགའ་ཞིག་ནི་ལན་གྲངས་མང་པོར་འཆད། བཀའ་མ་གཞན་རྣམས་ཀྱང་ཚར་རེ། མདོར་ན་རྗེ་ཉིད་ལ་བཞུགས་པའི་སྨིན་གྲོལ་གསན་པ་རྣམས་ལས་རྒྱལ་བཀའ་རིན་པོ་ཆེ་དང་རྙིང་རྒྱུད་ཕྱེད་ཙམ་གསུངས་མཚམས་བསྙུན་པས་འཕྲོ་ལུས་པ་མ་གཏོགས་གཞན་རྣམས་ཚར་རེ་གསུངས་གྲུབ་པ་དང་། ཕལ་ཆེར་ལན་གྲངས་སྔ་ཕྱིར་སྩལ་པ་སོགས་ཆོས་འཁོར་བར་མེད་དུ་བསྐོར། ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེས་འཕྲིིན་ཡིག་རྣམས་སུ། སྔ་འགྱུར་བསྟན་པའི་རྩ་ལག་མཚུངས་བྲལ་རྒྱལ་བའི་མྱུ་གུ་མཆོག་གི་ཞབས་པད་དུ། ཅེས་པའང་ཕྱི་མཐར་གཟིགས་པའི་གསུང་གི་བདེན་ཚིག་བསླུ་བ་མེད་པ་དང་། གོང་སྨྲོས་ལྟར་ཕུར་པའི་བསྙེན་སྒྲུབ་ཟིན་རྗེས་རྗེ་མཁྱེན་བརྩེའི་མདུན་ཡབ་སྲས་ཞལ་འཕྲོས་ཞིབ་པར་གནང་རྗེས་ཞེ་ཆེན་རྒྱལ་ཚབ་མཆོག་སྤྲུལ་གྱིས་ཉིན་རེ་གསེར་ལྷུང་བཟེད་གང་རེའི་དད་ཟས་ལ་སྤྱོད་ཀྱང་ལོག་འཚོའི་སྒྲིབ་པས་གོས་མི་ནུས་པའི་དགོངས་སྤྱོད་ཐུགས་ལ་འཁྲུངས་འདུག་ཅེས་གསུངས་པ་དང་། རྗེ་ཉིད་ཀྱི་གཏེར་བྱོན་གུ་རུ་རིན་པོ་ཆེའི་ཕྱག་མཚན་རྡོ་རྗེ་ཁྱད་འཕགས་མགུལ་བསྲུང་དུ་གནང་བ་སོགས་དགོངས་གཏད་ཤིན་ཏུ་ཆེ་ཞིང་། དེ་བཞིན་འཇམ་མགོན་རྣམ་སྣང་ལོ་ཙཱ་བ་ཆེན་པོས་ཀྱང་དགོངས་གཏད་བརྩེ་བས་བསྐྱངས་ཤིང་། སྔ་འགྱུར་བསྟན་པའི་རྒྱལ་མཚན་བླ་ནས་བླར། །འདེགས་བཟོད་དེང་གི་དུས་ན་ཉིན་སྐར་བཞིན། །ཁྱོད་ཀྱི་སྙིང་སྟོབས་དཔུང་པ་དར་བར་ངེས། །ཞེས་སོགས་བསྔགས་ཤིང་སྨོན་ཤིས་གནང་བ་དང་། ཀུན་གཟིགས་མི་ཕམ་རིན་པོ་ཆེས་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་དགོངས་གཏད་མངའ་གསོལ་ཡང་ཡང་གནང་བ་ལས་ཕྱག་བྲིས་ཚན་གཅིག་ན་འདི་ལྟར་འབྱུང་སྟེ། ༧འཇམས་དབྱངས་མཁས་གྲུབ་རྒྱ་མཚོ་གང་གི་མཁྱེན་རབ་ཀྱི་རླབས་རྒྱ་ཆེ་བས། ད་དུང་གསན་བསམ་བསྒོམ་པ་རྒྱ་ཆེར་མཛད་དེ་ཐུབ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་པའི་བསྟན་པ་རིན་པོ་ཆེའི་གསོས་སུ་འཆད་རྩོད་རྩོམ་པའི་ཕྲིན་ལས་བཟང་པོ་ཟླ་བ་ཡར་ངོ་དང་དབྱར་གྱི་ཆུ་གཏེར་ལྟར་གོང་ནས་གོང་འཕེལ་གྱི་ཐུགས་དམ་རྡོ་རྗེའི་རི་བོ་སུས་ཀྱང་གཡོ་བ་མེད་པའི་ཁུར་བཞེས་པར་ནན་ཏན་གསོལ་བ་འདེབས་པ་ཞེས་སོགས། དེ་ལྟ་བུའི་བཞེད་དོན་གོང་འཕེལ་འགྲུབ་ཕྱིར་བདེན་ཚིག་གི་ཤིས་བརྗོད་དང། ཞུ་མཚོན་ལྷ་རེག་རབ་དཀར། སྐུ་རྟེན་འཆི་མེད་པདྨ་ཀཱ་རའི་སྣང་བརྙན། གསུང་རྟེན་བཀའ་གདམས་གླེགས་བམ། ཐུགས་རྟེན་རྡོ་རྗེ་དྲིལ་བུ། འཇམ་དབྱངས་བློ་འཕེལ་རིལ་བུ། མན་ཇུས་བུམ་བཅས་འཇམ་དབྱངས་རྣམ་པར་རྒྱལ་བས་གུས་པས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག་ཅེས་དང་། རྗེ་བླ་མ་འདི་ཞེ་ཆེན་སྒྲུབ་སྡེར་སྐུ་མཚམས་བཞུགས་པའི་སྐབས་ཀུན་མཁྱེན་མི་ཕམ་རིན་པོ་ཆེ་ཕེབས་སྟེ་འཇམ་མགོན་བླ་མ་ཡབ་སྲས་ཐུགས་རྒྱུད་ལ་རྟོགས་པ་འཁྲུངས་ཚུལ་གྱི་ཞལ་འཕྲོས་ཞག་དུ་མར་མཛད་ནས་ཕྱིར་ཕེབས་སྐབས་ཉེ་གནས་བླ་མ་འོད་གསལ་ནས་རྒྱལ་ཚབ་མཆོག་སྤྲུལ་རིན་པོ་ཆེ་ཐུགས་དམ་རྟོགས་པ་ཇི་ལྟར་ཞུས་པས་རྗེ་འདིའི་སྐུ་གསུང་ཐུགས་ཀྱི་མཛད་པ་གང་ལ་བརྟགས་ཀྱང་དམ་པའི་སྐྱེས་བུར་གྲགས་ཤིང་གྲུབ་པ་སྐུའི་སྐྱེ་བ་དུ་མར་གོམས་པའི་སྔོན་སྦྱངས་ལས་ཚེ་གཅིག་ཏུ་བསྒོམས་པས་ཉམས་རྟོགས་དེ་ཙམ་སུ་ལའང་སྐྱེ་བར་དཀའ་ངེས་ཞེས་སོགས་གསུངས། ཡང་འདས་ཁ་ཞལ་ཆེམས་སུ། ཞེ་ཆེན་རྒྱལ་ཚབ་སློབ་གཉེར་ཅུང་ཡོད་པས་དཔེ་ཆ་རྣམས་དེ་ལ་ཕུལ་ཅེས་གསུངས་པ་སོགས་རྗེ་ཉིད་ཀྱི་ཆོས་བདག་དང་བཀའ་བསྡུ་བ་པོའང་ལུང་བསྟན། དེ་ཉིད་གཤེགས་ཁར་ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོས་པ་དང་། ཡེ་ཤེས་ཀྱི་སྐུས་ཡང་ཡང་རྗེས་སུ་བཟུང་བས་མཁྱེན་རྟོགས་ཡེ་ཤེས་ཀྱི་རྩལ་ཕྱོགས་མེད་དུ་ཆེས་ཆེར་རྒྱས་པར་གྱུར་པ་ནི་ཀུན་གྱིས་མངོན་སུམ་དུ་གྱུར་པ་དང་། ཕྱིས་ཉིད་མདུན་བླ་མ་རིན་པོ་ཆེའི་བསྟན་བཅོས་དང་མན་ངག་གི་སྐོར་ཁྲིད་ལུང་སོགས་ཞུས་ཚེ་རྗེ་ཉིད་ནས་འཇམ་མགོན་མི་ཕམ་རིན་པོ་ཆེ་སྐུ་བཞུགས་པའི་སྐབས་སུ་མ་གསན་པ་དག་ཀྱང་ལུང་གནང་སྟེ་འཇམ་མགོན་བླ་མའི་འཕྲོར་ཁོ་བོའི་མིང་བྲིས་ཞེས་བཀའ་སྩལ་བ་དང། མི་ཕམ་རིན་པོ་ཆེའི་གསུངས་གཉུག་མ་འོད་གསལ་གྱི་དོན་གསལ་བར་སྟོན་པའི་བསྟན་བཅོས་ཆེན་མོས་མཚོན། ཟིན་བྲིས་རྣམས་ཕྱོགས་བསྒྲིགས་དང་བཀའ་བསྡུ་དང་། ཕྱི་མཐར་གཟིགས་ཏེ་གསུང་འབུམ་ཕལ་ཆེར་ཤིང་སྤར་བཞེངས་ནས་སྡེ་དགེའི་པར་ཁང་ཆོས་མཛོད་དུ་བཞག་པ་སོགས་མཛད་པས། དེང་གི་དུས་འདིར་ཀུན་མཁྱེན་མི་ཕམ་པའི་མཁྱེན་རབ་ཀྱི་ཞལ་སྐྱིན་ནོར་བུ་འབུམ་གྱིས་ཀྱང་བསྒྲུན་དུ་མེད་པ་བཀའ་འབུམ་རིན་པོ་ཆེ་འདི་ཉིད་སྐལ་ལྡན་ཚོས་སྤྱད་དུ་ཡོད་པ་འདི་ནི་རྗེ་བླ་མ་འདིའི་ཕྲིན་ལས་དང་བཀའ་དྲིན་ལས་བྱུང་བ་ཡིན་པར་ཆོས་སྤྱན་ལྡན་པ་རྣམས་ཀྱིས་བསྟོད་བསྔགས་དོན་ལ་གནས། སྐུ་གཞོན་དུས་ཀྱི་བསྟན་བཅོས་བརྩམས་པ་ཁ་ཤས་ཀུན་གཟིགས་མི་ཕམ་རིན་པོ་ཆེའི་སྤྱན་སྔར་འབུལ་བ་ན། ཐུགས་དགྱེས་པའི་རྩེར་སོན་པ་དང་། བསྟན་བཅོས་བརྩམ་པར་བཀས་བསྐུལ་ཞིང་། གསུང་རྩོམ་རིགས་བསྟན་པའི་གཙིགས་སུ་ཆེ་བས་འཐོར་ཟགས་སུ་མ་སོང་བར་ཕྱོགས་གཅིག་ཏུ་བསྡུ་དགོས་པར་ཡང་བཀའ་ཡི་གནང་བ་སྟེ། དེ་ཡང་བསྟན་པའི་གཙིགས་སུ་བཞག་པའི་གསུང་རབ་རིན་པོ་ཆེའི་མཆོད་སྡོང་ཡང་། རྡོ་རྗེ་ཐེག་པ་ཐུན་མོང་གི་སྔོན་འགྲོ་ཁྲིད་ཀྱི་རྒྱབ་ཡིགཐེག་དགུའི་རྣམ་བཤད། བདེན་གཉིས་གློག་སྒྲོན། སེམས་དོན་དངོས་གཞིའི་ཉམས་ལེན། ངེས་དོན་སྙིང་པོ། བསྟན་རྒྱས་སྨོན་འགྲེལ། བསྐྱེད་རིམ་རྣམ་གཞགབསྐྱེད་རྫོགས་གནད་བསྡུས། ཐེག་དགུའི་ཚོགས་བཤད། རྒྱུད་བླའི་སྤྱི་དོན་མཆོག་གསུམ་རྣམ་གཞགཡིད་བཞིན་མཛོད་འགྲེལ། སེམས་ཉིད་ངལ་གསོའི་མཆན་འགྲེལ། ཕུར་འགྲེལ་རྣམ་གཉིས། བསྙེན་ཡིགབསྟོད་ཚོགས་དང་གསུང་མགུར། ལས་འབྲས་རྣམ་གཞགསུམ་རྟགས། སྙན་ངག་དང་སྒྲ་རྩིས། ཆོས་འབྱུང་སོགས་བསྟན་བཅོས་ཆེན་པོ་རྣམས་ནི་༼མཚན་བྱང་རྒྱས་པ་དཀར་ཆགས་ནོར་བུའི་ཕྲེང་བར་གསལ།༽ ཀུན་མཁྱེན་བུ་རམ་ཤིང་པའི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲགཁྱད་པར་འཇམ་མགོན་མི་ཕམ་ཆོས་རྗེའི་ཞལ་ལུང་དང་ལེགས་བཤད་གསལ་བྱེད་དུ་གྱུར་པས། གསང་ཆེན་སྔ་འགྱུར་པའི་ཆོས་སྒོར་ཞུགས་པ་རྣམས་ཀྱི་སེམས་ཀྱི་སྒྲོན་མེ་དང་མིག་གི་དགའ་སྟོན་དུ་གྱུར། རྗེ་བླ་མ་འདིས་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་བསྐྲུན་པའི་ཐུགས་སྲས་བསྟན་འཛིན་གྱི་སློབ་བུ་ཡང་། ཇི་སྐད་དུ། ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་པར་ཡང་རང་ཉིད་འདུ། །དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་པ་ལྟར་ཕྱོགས་མཐའ་དག་ནས་གདུལ་བྱའི་སློབ་ཚོགས་རྒྱ་ཆེར་བྱུང་བ་སྨོས་ཀྱིས་མི་ལང་ཡང་ཆེ་ལོང་ཙམ་དུ་བརྗོད་ན། རྗེ་ཐམས་ཅད་མཁྱེན་པ་མི་ཕམ་རིན་པོ་ཆེ་ནས་ཚེ་དབང་དང་། ཐོག་སྲུང་སྐོར་སོགས་གསན་པར་མཛད། རབ་འབྱམས་ལྔ་པས་ཀྱང་དབང་ཆོས་མང་པོ་གསན། ཞལ་སློབ་གཙོ་ཆེ་བ་འགའ་ཞིག་ནི། མཇམ་མགོན་ཆོས་ཀྱི་བློ་གྲོས་དང་། སྔ་འགྱུར་བསྟན་པའི་ཉི་མ་རབ་འབྱམས་དྲུག་པ། རྗེ་ཉིད་ཀྱིས་ལུང་གིས་བསྟན་པ་དིལ་མཁྱེན་མངྒ་ལ། ཟུར་མང་དྲུང་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད། འཇམ་དབྱངས་བློ་གཏེར་དབང་པོ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ཡང་སྲིད་ཀརྨ་དཔལ་ལྡན་ཆོས་ཀྱི་དབང་ཕྱུག་བློ་གྲོས་དྲི་མེད་དང་། ཞེ་ཆེན་གདན་སར་བཞུགས་པ་རྗེ་བླ་མ་མཆོག་དང་ལུས་དང་གྲིབ་བཞིན་འགྲོགས་ཤིང་ཐུགས་ཀྱི་གསང་མཛོད་རྫོགས་པར་ཐོབ་པའི་མཆོག་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས། སངས་རྒྱས་མཉན་སྤྲུལ་དགུ་པ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ། རྫོགས་ཆེན་གླིང་བླ་སྤྲུལ་སྐུ། ཁྲོ་ཤུལ་མཁན་རིན་པོ་ཆེ་ཚུལ་ཁྲིམས་རྒྱ་མཚོ། བྱང་ཆུབ་སེམས་དཔའ་ཆེན་པོ་དགེ་མང་མཁན་ཡོན་ཏན་རྒྱ་མཚོ། མཁན་ཀུན་བཟང་དཔལ་ལྡན། རྫོགས་ཆེན་མཁན་བསོད་ཆོས། མཁན་ལྷ་སྒོང་། མཁན་བློ་གྲོས་སྒྲ་དབྱངས། ཚབ་ཚ་སྒྲུབ་སྤྲུལ། ཉ་འགེ་སྤྲུལ་སྐུ། གནམ་མཚོ་སྤྲུལ་སྐུ། སྒོ་མེ་དིང་ཀྱཱ་མཆོག་སྤྲུལ། ཕུ་ཁུང་མཆོག་སྤྲུལ། ཆུ་ངོགས་ཀརྨ་རྒྱ་མཚོ། ཁྱུང་སྤྲུལ་ཀར་རྒྱལ། གཡུ་ཁོག་སྤྲུལ་སྐུ། མཁན་འཇམ་དཔལ་རྡོ་རྗེ། དཔལ་ལྷུན་འགྲུབ་སྟེང་གི་མཁན་ཆེན་རྡོ་རྗེ་འཛིན་རྒྱལ་བསམ་གཏན་བློ་གྲོས། ཞེ་ཆེན་དགོན་གྱི་འབར་ཆུང་དབང་རིས་སྤྲུལ་སྐུ། འབར་བླའི་སྤྲུལ་སྐུ། དགོན་སྟོད་སྐུ་གོང་འོགསིབ་བཀྲ་ཤིས་ཆོས་གླིང་གི་སྤྲུལ་སྐུ་བླ་མ་རྣམས་དང་། ལྕང་བྲག་སྤྲུལ་སྐུ། ཀཿཐོག་མཁན་ནུས་ལྡན། མགོ་ཚའི་མཁན་ཤིས་ལུ་དང་ཨུ་རྒྱན་བསྟན་འཕེལ། གླིང་བླ་དཔོན་རིན་འཛིན་འོད་ཟེར་སོགས་བསྟན་པ་རིས་མེད་ཀྱི་བླ་སྤྲུལ། མཁན་པོ་རྡོར་འཛིན་མང་པོ་དང་། ༧ས་སྐྱོང་སྡེ་དགེ་ཆོས་རྒྱལ་ཡབ་སྲས། བོད་གཞུང་ཆེན་པོའི་སྐུ་དྲག་སྔ་ཕྱི་མང་པོ་སོགས་བསྟན་པ་སྟོབས་ཀྱིས་འདེགས་པའི་རྒྱལ་བློན་ཁྱིམ་བདག་གི་ཚོགས་རབ་ཏུ་མང་པོ་དང་། ཞལ་མཇལ་ཆོས་འབྲེལ་ཐོབ་པ་ནི་གྲངས་ལས་འདས་ཤིང་། ཞལ་སློབ་ཀྱི་ཐུ་བོར་གྱུར་པ་རྣམས་ཀྱིས་ཀྱང་། གཞན་ལ་དབང་བསྐུར་ཆོས་བཤད། སྒྲུབ་པའི་རྒྱལ་མཚན་འཛུགས་པ་སོགས་བདག་དོན་རྟོགས་པ་མངོན་དུ་གྱུར་ཅིང་། གཞན་དོན་ཐུགས་རྗེའི་དཔལ་དང་ལྡན་པས་བསྟན་འགྲོར་ཕན་བདེ་སྦྱིན་ནུས་པ་ཤ་སྟག་གོ །དེ་ལྟར་རྗེ་བླ་མ་འདི་ཉིད་ཀྱིས་རང་དོན་སྤངས་རྟོགས་ཀྱི་ཡོན་ཏན་རྒྱ་མཚོ་མཐར་ཕྱིན། གཞན་དོན་གདུལ་བྱ་ཡིད་ཅན་རྒྱ་མཚོ་སྨིན་ཅིང་གྲོལ་བར་མཛད་ནས་ཞིང་འདིའི་འགྲོ་བ་རྣམས་ཀྱི་ངོར་ཐ་མའི་མཛད་པ་སྟོན་ལ་ཉེ་བ་ན། རྗེ་ཉིད་ཀྱང་ཞལ་རིང་དུ་མི་བཞུགས་པའི་གསུང་འཕྲོས་སྔ་རྗེས་ཡང་ཡང་གནང་བ་དང་། སྐུ་གཤེགས་པའི་སྔ་ལོར་ཞེ་ཆེན་མདུན་རིའི་ཀླད་དུ་གཟིམ་སྦྲ་ཕུབ་སྟེ་ཟླ་བ་ཕྱེད་གཉིས་ཙམ་བཞུགས་ནས་སྐུ་མཚམས་གྲོལ་ཏེ་མཆོག་དམན་ཐམས་ཅད་ལ་ཞལ་མཇལ་ཆོས་འབྲེལ་སོགས་རེ་བ་རྫོགས་པར་བསྐངས་ནས། གསུང་གདངས་ཆེན་པོས་ༀ་བཛྲ་ཀཱི་ལི་ཀི་ལ་ཡའི་སྔགས་བརྗོད་པ་དང་ཉེ་གནས་པས་གཏོར་སྒྲོམ་ནས་ཕུར་པའི་སྒྲུབ་རྟེན་ཕྱག་ཏུ་འབུལ་བ་ན། ཀཱ་ཡ་སིདྡྷི་སོགས་དང་སྦྲགས་སྐུ་ཡི་གནས་གསུམ་དུ་བཞེས་པར་མཛད་ནས་ཕྱིར་གནང་། ཆོས་སྐྱོང་གཏོར་མ་རྣམས་ཕྱི་རོལ་དུ་གཤེགས་པའི་བརྡ་མཛད་བྱུང་བའང་དེ་བཞིན་ཉེ་གནས་པས་ཕུལ། འཇམ་མགོན་གུ་ཎའི་ཡང་སྲིད་ཀྱི་ཞབས་བརྟན་ཕུལ་བ་ན་ཐུགས་དགྱེས་ཉམས་དང་བཅས་ཚེ་མདའ་ཕྱག་ཏུ་བཞེས་ཤིང་ཚེ་རིལ་དྲུང་ན་གནས་པ་རྣམས་ལ་གནང་། མཁན་རིན་པོ་ཆེ་ཀུན་བཟང་དཔལ་ལྡན་ལ་རྗེ་ཉིད་ཀྱི་བསྟན་བཅོས་ཀྱི་ཐ་མ་སྔ་འགྱུར་བསྟན་རྒྱས་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་གི་འགྲེལ་ཆེན་དབུར་བཞག་ནས་ཐུགས་སྨོན་དང་དབུ་གཏུག་མཛད། མཐར་དགུང་གྲངས་ལྔ་བཅུ་རྩ་ལྔར་ཕྱི་ལོ་༡༨༧༡རབ་བྱུང་༡༥པའི་མེ་སྟག་ལོའི་ཧོར་ཟླ་ལྔ་པའི་ཚེས་བཅུ་བདུན་གྱི་ནམ་སྨད་བཅོ་བརྒྱད་ཀྱི་སྐྱ་རེངས་དང་པོ་ཤར་བ་ཉེ་ཙམ་ལ་སྐུ་གཅེར་བུར་བསལ། ཕྱག་གི་དབང་བཞི་མངོན་དུ་མཛད་པའི་བརྡ་ཐབས་སྣ་ཚོགས་ཀྱི་མཐར་སྐུ་རྒྱབ་ཅུང་བསྙེལ་ནས་ཕྱག་གཡོན་པས་རྡོ་རྗེ་ཁུ་ཚུར་ཐུགས་ཀར་གཏད། གཡས་པའི་ཁུ་ཚུལ་སྐུ་གཡས་པར་བརྟེན་པའི་ཚུལ་གྱི་གསུང་ཤིན་ཏུ་གསལ་བས་ཨ་གསུམ་བརྗོད་པ་དང་། སྐུ་དང་ཡེ་ཤེས་ལ་འཇུག་པའི་འོད་གསལ་སྦུབས་འཇུག་གིས་གདོད་མའི་ནང་དབྱིངས་ཀ་དག་ཁྱད་ཆོས་དྲུག་ལྡན་གྱི་གྲོལ་གཞི་སྐུ་གསུམ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཤིན་ཏུ་ཕྲ་བའི་ཡེ་ཤེས་ནང་གསལ་ཐིམ་ལ་མ་རྨུགས་པའི་ཆོས་སྐུའི་དབྱིངས་སུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། །རྒྱུད་ཉི་ཟླ་ཁ་སྦྱོར་ལས། སྐུ་དང་ཡེ་ཤེས་འཇུག་ལུགས་ནི། །རིག་པ་འདི་ལྟར་གཏད་པར་བྱ། །ཕུང་པོ་སེང་གེའི་ཉལ་ལུགས་ཀྱིས། །རིག་པ་ཉིད་ནི་མིག་ལ་གཏད། །ཡིད་ཙམ་བར་སྣང་ལམ་དུ་བྱ། །དབྱིངས་དང་རིག་པ་མ་འགྱུར་ན། །མི་དེ་བར་དོ་མེད་པ་ནི། །འཚང་རྒྱ་བ་ལ་ཐེ་ཚོམ་མེ། །ཞེས་གསུངས་པ་བཞིན་ལུས་རྒྱ་གྲོལ་མ་ཐག་གདོད་མའི་བཙན་ས་ཟིན་པ་བར་དོ་མེད་པར་གྲོལ་བའི་ལྟས་མངོན་དུ་གྱུར། སྐུ་གདུང་རིན་པོ་ཆེ་ལས་བྱང་སེམས་དཀར་དམར་དང་སྦྲང་རྩི་ལྟ་བུ་ཁ་དོག་སེར་ལ་རོ་མངར་བའི་བདུད་རྩི་ཀྱང་བབས་པ་མྱོང་གྲོལ་མཆོག་ཏུ་གྱུར་བ་དང་། ཞུགས་འབུལ་སྐབས་མེ་ལྕེ་རྣམས་བུམ་སྒོ་ནས་ཕྱིར་པདྨའི་འདབ་མ་ལྟར་མཆེད་པ་དང་། མདོག་དཀར་ཞིང་སྒྲ་ཡིད་དུ་འོང་བ། གཡས་སུ་འཁྱིལ་བ་དང་། གདུང་དུད་དྲི་ཞིམ་མདོག་དཀར་གསལ་བཀྲ་ཤིས་པའི་རྟགས་ཀྱི་རི་མོའི་རྣམ་པ་ཅན་དུ་འཕྲོ་བ་དང་། ཉི་མའི་འོད་ཟེར་ཀྱང་མ་སྒྲིབ་པའི་སྦྲང་ཆར་ཟིམ་བུར་འབེབ་ཅིང་། འཇའ་ཁ་དོག་ལྔ་ལྡན་འཁྱིལ་བའི་ནང་སྤྱན་རས་གཟིགས་བཅུ་གཅིག་ཞལ་དངོས་སུ་མཇལ་ཅིང་། པུར་གདན་ཞུས་ཀྱི་གླིང་བུ་འབུད་པས་རོགས་པ་ཡོད་དུ་མི་ཚོར་ནས་གཞན་ཞིག་ནས་གླིང་བུས་སྒྲ་གདངས་ཞིག་ལ་འཁྲི་དགོས་བྱུང་བའང་མཁའ་འགྲོ་མའི་གླིང་བུའི་སྒྲ་ཡིན་པར་སེམས། བཀའ་གདམས་གླེགས་བམ་ལས། བྱང་ཆུབ་སེམས་ལ་རིང་བསྲེལ་འཛག །བསྐྱེད་རིམ་ཅན་ལ་ལྷ་སྐུ་འབྱུང་། །འཁོར་བ་མི་སྤོང་སེམས་དཔའ་ལ། །ཐུགས་དང་ལྗགས་ནི་འབྱུང་བ་ཡིན། །ཞེས་གསུངས་པ་ལྟར། ཐུགས་ལྗགས་སྤྱན་གསུམ་རྒལ་ཚིག་ལ་འབྱར་ཞིང་དེ་སྟེང་དབུ་ཐོད་བབ་སྟེ་ཁྲུ་གང་མེད་ཙམ་བྱོན་པ་དང་། པུར་ཁང་ཕྱི་ནང་ཀུན་དང་། མགལ་དུམ་གྱི་གསེང་། གདུང་དུད་ཀྱི་གར་ཁྱབ་ཕལ་མོ་ཆེར་གདུང་དང་རིང་བསྲེལ་མུ་ཏི་ཀའི་མདོག་ལྟར་དཀར་བ་ཤས་ཆེ་ཞིང་དབྱིབས་མ་ངེས་པ་དུས་རིང་པོའི་བར་བཙལ་དུ་ཡོད་པ་དང་། གདུང་རུས་དཀྱིལ་འཁོར་གྱི་དབུས་སུ་འཇོག་པའི་ཉེ་སྐོར་དུའང་འཕེལ་གདུང་མང་ཤས་ཕེབས་པ་དང་། རྡོ་རྗེའི་གདུང་གི་རིགས་རྣམས་ནི་ཤིན་ཏུ་སྲ་ཞིང་མཁྲེགས་པ་འབྱུང་བ་སོགས་ངོ་མཚར་བའི་ལྟས་མང་པོར་སྣང་བ་ནི་འོད་གསལ་རྫོགས་ཆེན་གྱི་ལམ་རྟགས་མངོན་དུ་བརྙེས་པ་རྣམས་ལ་ལྟས་འདི་དག་འབྱུང་བ་ཆོས་ཉིད་དེ། རྡོར་སེམས་སྙིང་ཐིག་ལས། ཕྱིར་མི་ལྡོག་པའི་རྟགས་སུ་ནི། །རང་ལ་རང་བྱུང་ཡེ་ཤེས་འཆར། །བྱིན་རླབས་ལུང་བསྟན་བྱེད་པ་འབྱུང་། །རྟགས་སུ་འཇའ་འོད་ས་གཡོ་དང་། །དངོས་གྲུབ་མཁའ་འགྲོའི་གདན་འདྲེན་འབྱུང་། །སྤྲུལ་པའི་སྐུ་ཡི་ཞིང་དུ་འགྲོ། །གཞན་ཡང་ཕྱི་རྟགས་འཇའ་དང་འོད། །སྒྲ་དང་ས་གཡོ་མེ་ཏོག་འབབ། །ཅེས་འབྱུང་བ་ལྟར། སྐུ་གདུང་རིན་པོ་ཆེར་སྦྱིན་སྲེག་གི་ཆོ་ག་གྲུབ་ལ་ཉེ་བ་ན། པུར་ཁང་གི་ནམ་མཁའ་སྔོོ་སངས་ཤིན་ཏུ་དྭངས་པ་མཐིང་ཞུན་གྱི་མདོག་ལྟ་བུར་གྱུར་པ་ལ་འོད་ཁྱིམ་ཁ་དོག་སྣ་ལྔ་པའི་གུར་ཁང་འཁྱིལ་བ་དང་། ཕྱོགས་གཞན་ཐམས་ཅད་ལ་འཇའ་སྤྲིན་དཀར་པོ་རྣམ་འགྱུར་མཐའ་ཡས་པས་ཁེབས་པ་དང་། དགུང་ཞག་རྫོགས་ཀྱི་བར་མཁའ་ལ་འཇའ་སྤྲིན་རྣམ་པ་མི་འདྲ་བ་མང་པོ་དང་། ལོ་གསུམ་ཙམ་ལ་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅོ་བརྒྱད་ནམ་བྱུང་ལ་གདུང་ཁང་གི་ཉེ་ལོགས་སུ་འཇའ་གུར་འཁྱིལ་བ་དང་། གཤེགས་པའི་ནང་པར་ཁ་བ་མེ་ཏོག་གི་དབྱིབས་ཅན་ཤིན་ཏུ་ཆེ་བར་བབ་པ་དང་སྐབས་སུ་ནམ་མཁའ་གཡའ་ཐག་ཆད་པ་སྐུ་གདུང་ཞུགས་འབུལ་གྲུབ་པའི་དགོང་ཀ་ཞིག་ཏུ་འབྲུག་གི་སྒྲ་ལྟ་བུའི་ལྡིར་སྒྲ་འཇམ་ལ་རྒྱུན་རིང་ཙམ་ལན་གཉིས་བསྒྲགས་པ་བདག་གིས་མཇམ་མགོན་ཆོས་ཀྱི་བློ་གྲོས་དངོས་སུ་ཐོས་ཤིང་དེ་དག་ཀྱང་གདོད་མའི་གྲོལ་གཞི་ཆེན་པོར་མངོན་པར་བྱང་ཆུབ་པའི་རྟགས་སུ་འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་དང་མན་ངག་ལས་རྒྱ་ཆེར་བྱུང་བར་བློ་ཡི་ནེམ་ནུར་མ་དགོས་ཤིང་ཡིད་ཆེས་པའི་རྟགས་མངོན་སུམ་ཚད་མར་གྱུར་པའོ་ཞེས་གསུངས་སོ། །ཅེས་པའང་དཔལ་མགོན་བླ་མ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་ངོ་སྤྲོད་མདོར་བསྡུས་འདི་ནི་རྟོགས་བརྗོད་དད་པའི་འཇུག་ངོགས་དང་། ངོ་མཚར་ཟླ་བ་བདུད་རྩིའི་འཛུམ་ཕྲེང་གཉིས་ལས་བཏུས་པའི་ཚིག་སྣ་ཅུང་ཐུང་བ་ཙམ་ལས་འདིར་བཞུགས་རྣམས་ནི་ཕལ་ཆེར་འཇམ་མགོན་རྣམ་གཉིས་ཀྱི་རྡོ་རྗེའི་ཚིག་འབའ་ཞིག་ཡིན་པས་ཤིན་ཏུ་ཡིད་རྟོན་དུ་རུང་ངོ་། །
བསོད་ནམས་ཆོས་འཕེལ་གྱིས་ཁྲིན་ཏུའི་གྲོང་ཁྱེར་ནས་༢༠༡༡ཟླ་༧ཚེས་༨ལ

འཇམ་དཔལ་ཀུན་འབྱུང་ནོར་བུའི་ལས་ཚོགས་ལ་བརྟེན་པའི་བཀྲ་ཤིས་སྤེལ་བའི་ཆོ་ག་བཀྲ་ཤིས་བདུད་རྩིའི་གཏེར་བུམ།

༄༅། །ཡུཀྟདྭམཎིནིཏཱནསྱབཡོདྷཱརམཧཱནཱམ་ཡུཀྟསཱངྷཀཀྲྀཡཱཔྲགྲཧབིཤྭསྱབརྒྒབིཧརཏིསྨ།
༄༅། །འཇམ་དཔལ་ཀུན་འབྱུང་ནོར་བུའི་ལས་ཚོགས་ལ་བརྟེན་པའི་བཀྲ་ཤིས་སྤེལ་བའི་ཆོ་ག་བཀྲ་ཤིས་བདུད་རྩིའི་གཏེར་བུམ་ཞེས་བྱ་བ་བཞུགས་སོ། །
ༀ་མངྒལ་སྭསྟི་བི་ཛ་ཡནྟུ། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། །བླ་མ་རྒྱལ་བ་སྲས་བཅས་ལ། །བཏུད་ནས་བཀྲ་ཤིས་ཆོ་ག་སྤེལ། །འདིར་འཇམ་དཔལ་ཀུན་འབྱུང་ནོར་བུའི་ལས་ཚོགས་ལ་བརྟེན་ནས་བཀྲ་ཤིས་སྤེལ་བའི་ཆོ་ག་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་མན་ངག་གི་སྣང་བ་ལ་བརྟེན་ནས་འགོད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། དུས་རྒྱུན་དུའམ་བྱེ་བྲག་ལས་གང་ཞིག་རྩོམ་པའི་ཐོག་མར་གཟའ་སྐར་འཕྲོད་སྦྱོར་སོགས་ཤིན་ཏུ་དགེ་བའི་སྔ་ཆར་ཁྲུས་དང་གཙང་སྦྲ་ལ་གནས་པའི་ཀུན་སྤྱོད་ཀྱིས། གནས་ཁང་ཕྱག་དར་དང་རྒྱན་གྱིས་བརྒྱན། གོང་དུ་གཞུང་མཐུན་བྲིས་སྐུ་སོགས་དཀོན་མཆོག་གསུམ་གྱི་རྟེན་བཤམས་པའི་སྤྱན་སྔར་ཅི་འབྱོར་པའི་མཆོད་པ་རྒྱས་པར་བཤམས། གསོལ་བ་འདེབས་པ་པོ་ཚུལ་ཁྲིམས་རྣམ་པར་དག་པའི་དགེ་སློང་བཞི་སྡེ་སོགས་ཡོད་ན་རབ། མིན་ཀྱང་རང་གཅིག་པུས་ཀྱང་རུང་སྟེ། གང་ལྟར་ཡང་། དད་པ་དང་ངེས་འབྱུང་དང་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ་སྟན་བདེ་བ་ལ་འཁོད་ནས། ཐོག་མར་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་གསལ་གདབ་ལ། ན་མོ། སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི། །ལན་གསུམ། སེམས་བསྐྱེད་པ་ནི། མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་ཀུན་ལ་སྨན་པ་དང་། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས་ཀྱིས་ཚད་མེད་བཞི་བསྒོམས་རྗེས་སྐྱབས་ཡུལ་རང་ལ་བསྡུ། དེ་ནས་གནས་ཡོ་བྱིན་གྱིས་བརླབ་པ་ནི། མཆོག་གསུམ་ཚོགས་གཉིས་ཆོས་དབྱིངས་བདེན་སྟོབས་ཀྱིས། །སྣོད་བཅུད་དག་པའི་ཞིང་གི་འབྱོར་པའི་དབུས། །རིན་ཆེན་ཁང་བཟང་བཀོད་མཛེས་གདན་ཁྲི་དང་། །ཕུལ་བྱུང་མཆོད་པའི་སྤྲིན་གྱིས་མཛེས་གྱུར་ཅིག །ཅེས་བདེན་སྟོབས་བརྗོད་ཅིང་། ན་མོ་རཏྣ་ཏྲཡཱ་ཡ། ༀ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡྷནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་ངྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤྭ་ངྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གཟུངས་དང་། སྤྲོ་ན་རྟེན་སྙིང་སོགས་ཀྱང་བཟླའོ། །གཉིས་པ་དངོས་གཞི་ལས། ཐོག་མར་ཚོགས་ཞིང་སྤྱན་འདྲེན་པ་ལ། སྤོས་བཏུལ་ཞིང་ཐལ་མོ་སྦྱར་བས་བཏུད་དེ། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་བྱེད་ཅིང་། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །དུས་ཤེས་སེམས་ཅན་དབང་པོ་ཤེས། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་དཔལ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། །དབུགས་འབྱིན་ཆེན་པོ་དགའ་དོན་དཔལ། །དགའ་ཆེན་རོལ་མོ་ཆེན་པོ་པ། །བླ་མ་རྒྱལ་བ་སྲས་བཅས་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །ཞེས་དགོངས་གསོལ་དང་། སྤྲོ་ན་ཚིག་བདུན་གསོལ་འདེབས་ལན་བདུན་སྔོན་དུ་འགྲོ་བས། མཚན་ཙམ་ཐོས་པས་བཀྲ་ཤིས་དཔལ་འཕེལ་བའི། །རྒྱལ་དང་དེ་སྲས་སེམས་དཔའ་སེམས་མའི་ཚོགས། །འཇིག་རྟེན་སྐྱོང་བ་སྡེ་དང་བཅས་པ་རྣམས། །ཐུགས་རྗེ་ཐུགས་དམ་དབང་གིས་འདིར་གཤེགས་ཤིག །གཙང་སྦྱར་མཆོད་ཡོན་དག་བྱེད་ཁྲུས་ཀྱི་ཆབ། །རྣམ་བཀྲའི་རྒྱན་ཆས་ཡིད་འོང་གདན་ཁྲིར་བཅས། །གུས་པས་འབུལ་ལོ་ཅི་བདེར་བཞེས་ནས་ཀྱང་། །བརྟན་པར་བཞུགས་ལ་བཀྲ་ཤིས་འཕེལ་བར་མཛོད། །ཅེས་བརྗོད་པས། ཕྱོགས་བཅུའི་ཞིང་རབ་འབྱམས་ནས་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་རྔ་ཡབ་གླིང་ནས་ཨོ་རྒྱན་རིན་པོ་ཆེ་འཁོར་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་ཁྱབ་བདག་འཇམ་པའི་རྡོ་རྗེའི་རྣམ་པར་བཞུགས་པར་མོས་ལ། ༀཿསྣང་སྲིད་རྣམ་དག་ཆོས་དབྱིངས་གཞལ་ཡས་སུ། །རང་བྱུང་ཡེ་ཤེས་འཇམ་དཔལ་གཞོན་ནུའི་སྐུ། །ཡིད་འོང་ཉི་མ་འཆར་ཀའི་ལང་ཚོ་ཅན། །དང་པོའི་ཕྱག་གཉིས་རལ་གྲི་ཨུཏྤ་ལ། །ཐ་མའི་ཕྱག་གཉིས་ནོར་བུ་བུམ་བཟང་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་གིས། །རབ་མཛེས་པདྨ་ཟླ་བའི་གདན་སྟེང་ན། །དཔག་བསམ་ཤིང་ལ་སྐུ་རྒྱབ་བརྟེན་ནས་བཞུགས། །བཀྲ་ཤིས་ལྷ་མོ་བརྒྱད་ལ་སོགས་པ་ཡིས། །རབ་འབྱམས་མཆོད་པའི་སྤྲིན་གྱིས་མཁའ་དབྱིངས་འགེངས། །དྲན་པ་ཙམ་གྱིས་ཕུན་ཚོགས་དཔལ་ཡོན་ཀུན། །ཡིད་བཞིན་ལེགས་པར་སྩོལ་བའི་བདག་ཉིད་ལ། །མ་ལུས་ཕྱོགས་དུས་ཞིང་གི་རྒྱལ་བ་དང་། །རྒྱལ་བ་སྲས་བཅས་ཏིལ་གང་ལྟར་བཞུགས་པས། །མེ་ཏོག་ཆར་འབེབས་ཤིས་པའི་གླུ་དབྱངས་སྒྲོགས། །ཡེ་ཤེས་འོད་ཟེར་སྣང་བས་མཁའ་ཁྱབ་གསལ། །ཞེས་མོས། སྐབས་འདིར་ཞི་སོགས་ལས་བྱེ་བྲག་པ་གཙོ་བོར་བྱེད་ན་དེ་བཞིན་མངོན་རྟོགས་ཁ་བསྒྱུར། གང་ལྟར་ཡང་། དེ་ནས་ཕྱག་མཆོད་སོགས་ཚོགས་གསོག་ཡན་ལག་བདུན་པ་དངོས་འབུལ་བ་ནི། ༀ༔ སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས། །ཀུན་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །བཀུར་སྟི་རིམ་གྲོ་ཕུན་ཚོགས་བྱ་བའི་འོས། །མཆོག་ཏུ་དགའ་བ་གྲགས་པའི་བདག་ཉིད་ཆེ། །མཆོག་ལྡན་མཆོག་སྦྱིན་ཀུན་གྱི་གཙོ་བོ་མཆོག །པདྨ་འཇམ་པའི་རྡོ་རྗེར་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ཐབས་མཁསཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་བཅོམ་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འགལ་རྐྱེན་ཐམས་ཅད་ཞི་བ་དང་། །ཕྱོགས་བཅུའི་མཐུན་རྐྱེན་ཐམས་ཅད་སྒྲུབ་པའི་ཕྱིར། །ཕྱོགས་བཅུའི་རྣམ་པར་དག་པའི་ཞིང་བཞུགས་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་། །ཤཱཀྱ་ཐུབ་པ་གཽ་ཏཾ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ་ཕྱག་འཚལ་ལོ། །མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་བསྒྲགས་མངོན་མཁྱེེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་མཛད་པའི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །མར་མེ་མཛད་སོགས་རྒྱལ་བ་འདས་པ་དང་། །བྱང་ཆུབ་ཆེན་པོ་ད་ལྟར་བཞུགས་པ་དང་། །བྱམས་པ་ལ་སོགས་སླད་ནས་འབྱོན་པ་ཡི། །དུས་གསུམ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་བྱུང་ཞིང་། །སྤྱད་པ་སྤྱོད་ཚེ་ན་ཡང་མཆེད་གྱུར་ལ། །སྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །སྒྲོན་མེའི་རྒྱལ་པོ་རྩལ་བརྟན་དོན་གྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམ་མཛད་པ་རྩལ་རབ་གྲགས་དཔལ་ཏེ། །མཚན་ཙམ་ཐོས་པས་བཀྲ་ཤིས་དཔལ་འཕེལ་བ། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན། །སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང་། །ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་། །ནོརབུ་ཟླ་བ་རལ་གྲི་ཉི་མ་ཡི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀ་མ་ལ། །སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ། །རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ། །སྒེག་སོགས་ངོ་བོ་དྲན་པས་དཔལ་སྤེལ་བའི། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཀུན་འབྱུང་མུན་པའི་ས་བོན་མཐར་མཛད་ཅིང་། །སྡུག་བསྔལ་ཟུག་རྔུའི་རྩ་བ་དྲུང་ནས་འབྱིན། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །ཐེག་གསུམ་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །ཐུབ་པ་མཆོག་གིས་ཐེག་མཆོག་སེང་གེའི་དབྱངས། །སྒྲོགས་ཚེ་ལྷར་བཅས་གདུལ་བྱའི་འཁོར་དབུས་སུ། །བསྟན་མཆོག་འཛིན་དང་སྐྱོང་བར་ཞལ་བཞེས་པའི། །རྒྱལ་སྲས་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོ་བུ་བཟང་པོ་དང་། །གསེར་བེའུ་བྷ་ར་དྷཱ་ཛ་གསེར་ཅན་མཆོག །འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན། །ལམ་བསྟན་བྷ་ར་དྷཱ་ཛ་བསོད་སྙོམས་ལེན། །ལམ་བསྟན་ཀླུ་སྡེ་སྦེད་བྱེད་མི་ཕྱེད་པ། །བསྟན་པ་སྲུང་ཞིང་བཀྲ་ཤིས་སྤེལ་མཛད་པའི། །དགྲ་བཅོམ་གནས་བརྟན་རྣམས་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང་། །འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང་། །རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང་། །ཏྲི་ཤུ་ལ་དང་མདུང་ཐུང་རྡོ་རྗེ་ཅན། །པི་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན། །ས་གསུམ་གནསསུ་དགེ་ལེགས་བཀྲ་ཤིས་སྤེལ། །འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །གཞན་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །དཀར་ཕྱོགས་སྐྱོང་ཞིང་བཀྲ་ཤིས་སྤེལ་བྱེད་པར། །ཞལ་བཞེས་གཟའ་ཀླུ་རྒྱུ་སྐར་ཚེས་ལྷ་སོགས། །ཕྱོགས་བཅུར་བཞུགས་པ་ཀུན་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡི་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་དང་། སྐབས་འདིར་སྤྲོ་ན་འཇམ་མགོན་བླ་མ་རིན་པོ་ཆེའི་གསུང་མཆོད་ཕྲེང་རྒྱས་བསྡུས་གང་རིགས་སྦྱར། དཀྱུས་ཙམ་དུ། དངོས་སུ་བཤམས་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །དྲི་མེད་ཡིད་འོང་ལྷ་རྫས་བཀོད་པའི་ཆར། །མེ་ཏོག་བདུགསྤོས་སྣང་གསལ་དྲི་ཡི་མཆོག །ཞལ་ཟས་རོལ་མོ་རྣམ་ལྔའི་འདོད་ཡོན་རྫས། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །ཉེ་བའི་རིན་ཆེན་བདུན་དང་གླུ་གར་མ། །མཛེསསྡུག་བཀོད་པའི་རོལ་མོ་མཐའ་ཡས་པ། །འབུལ་ལོ་བཞེས་ནས་བཀྲ་ཤིས་འཕེལ་བར་མཛོད། །ས་གཞི་སྤོས་ཆུ་ནས་སྤྱོད་པར་ཤོགཁྱད་པར་བདག་ལུས་ལོངས་སྤྱོད་དགེ་རྩར་ཅས། །རང་རང་ཡིད་ལ་གང་བསམ་འདོད་རྒུའི་སྤྲིན། །སྲིད་ཞིའི་འབྱོར་ཚོགས་མ་ཚང་མེད་པའི་ཆར། །མི་ཕྱེད་རོ་མཉམ་རྡོ་རྗེའི་དམ་ཚིག་རྫས། །ཀུན་བཟང་སྨོན་ལམ་སྟོབས་བཞིན་སྤྲུལ་ཏེ་འབུལ། །ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །ཇི་སྙེད་མཆོད་པ་འདི་བཞེས་ལ། །དོན་རྣམས་ཕུན་སུམ་ཚོགས་པར་མཛོད། །ༀ་བཛྲ་ངྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལེ། ཛྙཱ་ན་པ་ར་མི་ཏ་ནཱ་ད་སྭ་བྷ་ཝ། བཛྲ་ངྷརྨ་ཧྲྀ་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་པ་ཙམ་མམ་རང་གི་ཡིད་ལ་གང་འདོད་ཀྱི་དངོས་པོས་མཆོད་ནས། བདག་གཞན་ཐོག་མེད་དུས་ནས་ད་ལྟའི་བར། །མི་ཤེས་ཉོན་མོངསསྒྲིབ་པའི་ཚོགས་ཀུན་བཤགས། །བསོད་ནམས་ཀུན་ལ་དགའ་བས་ཡི་རངས་ཤིང་། །ཆོས་འཁོར་སྐོར་བཞིན་རྟག་པར་བཞུགས་གསོལ་འདེབས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་རྣམས། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བགྱིད་ཅིང་། །རྒྱལ་བ་སྲས་བཅས་དགྱེས་པའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་བཟུང་བར་བགྱི། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །ཐུགས་དམ་མ་བསྙེལ་དགོངས་པའི་རྩལ་བསྐྱེད་ལ། །ཇི་ལྟར་གསོལ་འདེབས་འབྲས་བུ་མཆིས་པར་མཛོད། །བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ། །བགེགས་དང་ཉེ་བར་འཚེ་བ་ཀུན་ཞི་ཞིང་། །འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད། །ཅེས་ལན་གསུམ་གྱིས་ཡན་ལག་བདུན་པ་འབུལ། སྐབས་འདིར་སྤྲོ་ཞིང་ནུས་ན་བཀྲ་ཤིས་པའི་གསོ་སྦྱོང་ལེན། དཀྱུས་སུ་འགལ་རྐྱེན་སྦྱོང་ཕྱིར་སྡོམ་པ་གསུམ་གྱི་ཉེས་ལྟུང་བཤགས་པ་ནི། གྲུབ་ཐོབ་ཐུག་ཐིག་གི་ཆོས་སྡེ་ལས་བྱུང་བ་འདི་ལྟར། ལུས་ཀྱི་ཉམས་ཆག་{ཆགས་འདིའི་རིགས་འདི་ལྟར་ཞུས།} བསྐང་བའི་ཕྱིར༔ གདུང་བའི་ཤུགས་བསྐྱེད་བརྐྱང་ཕྱག་འཚལ༔ ཧོཿདགོངས་ཀློང་དབྱེར་མེད་བརྡའ་ཡིས་མཚོན༔ སྙན་བརྒྱུད་བདུད་རྩིས་སྐལ་ལྡན་སྐྱོང༔ བྱིན་རླབས་ཐུགས་རྗེའི་བདག་ཉིད་ཆེ༔ རྩ་བརྒྱུད་བླ་མ་ལ་ཕྱག་འཚལ༔ ཆོས་སྐུའི་ངང་ལས་ལོངས་སྤྱོད་རྫོགས༔ སྤྲུལ་པའི་སྒྱུ་འཕྲུལ་ཅིར་ཡང་སྟོན༔ དངོས་གྲུབ་རྣམ་གཉིས་ཆར་བཞིན་འབེབས༔ ཡིད་དམ་ཞི་ཁྲོ་ལ་ཕྱག་འཚལ༔ ལྷན་སྐྱེས་ངང་ལས་མ་གཡོས་བཞིན༔ ཞིང་སྔགས་ཌཱ་ཀིའི་སྤྲིན་ཕུང་འཕྲོ༔ མཆོགཐུན་ཕྲིན་ལས་གློག་ལྟར་འཁྱུགས༔ གནས་གསུམ་མཁའ་འགྲོ་ལ་ཕྱག་འཚལ༔ རིག་འཛིན་བླ་མའི་བཀའ་བཞིན་དུ༔ རྣལ་འབྱོར་སྒྲུབ་མཆོག་བུ་བཞིན་སྐྱོང༔ ལེགས་ཉེས་སྟངས་འཛིན་བར་ཆད་སེལ༔ ཆོས་སྲུང་གཏེར་བདག་ལ་ཕྱག་འཚལ༔ ཕྱག་བྱར་འོས་པ་ཐམས་ཅད་ལ༔ སྒོ་གསུམ་གུས་པས་དད་ཕྱག་འཚལ༔ ཉམས་ཆག་སྡིག་སྒྲིབ་ཞི་བ་དང༔ ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས༔ ༀ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ཎ་མེ་ཎ་བནྡ་ནཾ་ཀ་རོ་མི༔ ངག་གི་ཉམས་ཆག་བསྐང་བའི་ཕྱིརཿརྡོ་རྗེ་སེམས་དཔའི་བསྒོམ་བཟླས་བྱཿཨཱཿབདག་གི་སྤྱི་བོར་པད་ཟླའི་སྟེང༔ བླ་མ་རྡོར་སེམས་ཧེ་རུ་ཀ༔ ཡབ་ཡུམ་ཐུགས་ཀའི་སྔགས་ཕྲེང་དང༔ སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན༔ སྦྱོར་མཚམས་ནས་བྱུང་ཚང་བུག་ཞུགས༔ ལུས་གང་སྡིག་སྒྲིབ་ཉེས་ལྟུང་རྒྱུ༔ འབྲས་བུ་ནད་གདོན་སྡུག་བསྔལ་ཀུན༔ དག་ཅིང་དྲི་མ་མེད་པར་བསམ༔ སྟོབས་བཞིའི་གནད་དང་ལྡན་པ་ཡིས༔ ཡི་གེ་བརྒྱ་པ་ཛབ་ཏུ་བཟླ༔ མཐར་ནི་གདུང་བས་སྨྲེ་བཤགས་བྱ༔ ༀ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདག་ལ་རེ་ས་ཁྱེད་ལས་མེད༔ ཐུགས་རྗེའི་སྤྱན་གྱིས་གཟིགས་མཛོད་ལ༔ ཉམས་ཆག་སྡིག་ལྟུང་སྦྱོང་མཛད་གསོལ༔ བདག་ཅག་ཉོན་མོངས་གཞན་དབང་དང༔ མི་ཤེས་བག་མེད་མ་གུས་པས༔ རང་བཞིན་ཁ་ན་མ་ཐོ་དང༔ བཅས་པའི་བསླབ་ལས་འགལ་བ་གང༔ དག་ཅིང་ཚངས་པར་སྩལ་དུ་གསོལ༔ སོ་སོར་ཐར་པ་རིགས་བརྒྱད་དང་། །བྱང་ཆུབ་སེམས་དཔའི་བསླབ་ཁྲིམས་ལས། །འགལ་བའི་ནོངས་པ་ཅི་མཆིས་པ། །སྙིང་ནས་འགྱོད་པས་བཤགས་ཤིང་སྡོམ། །འདིའི་ཚིགས་བཅད་གཅིག་འདི་གསར་དུ་བསྣན་པའོ། །མཆན། ཁྱད་པར་རྡོ་རྗེ་ཐེག་པ་ཡི༔ རྩ་བ་སྐུ་གསུང་ཐུགས་མཆོག་དང༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ མེད་ཕྱལ་ལྷུན་གྲུབ་གཅིག་པུ་སོགས༔ རང་བཞིན་ལྟ་བའི་དམ་ཚིག་ལས༔ ཉམས་འགལ་རལ་བར་གྱུར་པ་ཀུན༔ སྙིང་ནས་འགྱོད་པས་མཐོལ་བཤགས་ན༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ༔ ཉིད་དང་དབྱེར་མེད་བྱིན་རློབས་ཤིག༔ སྙིང་ནས་གདུང་བས་གསོལ་བཏབ་པས༔ བླ་མ་རྡོ་རྗེ་སེམས་དཔའ་ཡིས༔ སྡིག་ལྟུང་དག་པའི་གནང་བ་སྩལ༔ དགྱེས་པས་འོད་ཞུ་རང་ལ་ཐིམ༔ ཡིད་གྱི་ཉམས་ཆག་བསྐང་བའི་ཕྱིར༔ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ ཡེ་བསྲུང་ཐིག་ལེ་ཉག་གཅིག་ངང༔ སྤང་བླང་ལས་འདས་ཕྱལ་བ་ཆེ༔ རང་ཤར་རང་གྲོལ་ལྷུན་གྱིས་གྲུབ༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་གྲོལ༔ མ་བཅོས་རྫོགས་པ་ཆེན་པོའོ༔ ཨ་ཨ་ཨཱ༔ ཞེས་བརྗོད་གཉུག་མ་ཁྱབ་གདལ་ངང༔ སྤྲོ་བསྡུ་བྲལ་བར་མཉམ་པར་བཞག༔ དེ་ནི་བཤགས་པའི་ལས་རིམ་མོ༔ ཞེས་སོ། །མཐུན་རྐྱེན་སྒྲུབ་པའི་རྒྱུའི་གཙོ་བོ་བྱང་ཆུབ་སེམས་སྡོམ་ལེན་པ་ནི། དགོངས་གསོལ་བརྗོད་པ་སྔོན་དུ་འགྲོ་བས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོགས་ལན་གསུམ་གྱིས་སེམས་བསྐྱེད་ཀྱི་རྟེན་དུ་སྐྱབས་འགྲོ་དང་། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །སོགས་ལན་གསུམ་གྱིས་དངོས་གཞི་སྨོན་འཇུག་སྟབས་གཅིག་ཏུ་ལེན། དེང་དུས་བདག་ཚེ་འབྲས་བུ་ཡོད། །སོགས་ཀྱིས་མཇུག་རང་གཞན་དགའ་བ་བསྒོམ་ཞིང་སྨོན་ལམ་གདབ་པ་སོགསསྤྱི་ལྟར་རོ། །དངོས་གཞི་གསོལ་བ་གདབ་པ་ནི། སྤྲོ་ན་རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་གསོལ་འདེབས་སོགས་དང་། བསམ་ལྷུན་ཀྱང་འདོན། གང་ལྟར་ཡང་དད་མོས་རྩེ་གཅིག་པས། ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས། །འཇམ་དཔལ་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །བཀྲ་ཤིས་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཞེས་ཅི་ནུས་སུ་གསོལ་བ་གདབ། ཨེ་མ་ཧོ། རང་བྱུང་ཐུགས་རྗེའི་བདག་ཉིད་བཅོམ་ལྡན་འདས། །མཁྱེན་བརྩེ་ནུས་པ་མཚུངས་མེད་རྡོ་རྗེའི་སྐུ། །མ་ལུས་འགྲོ་བའི་གཏན་གྱི་མགོན་གྱུར་པ། །སྐྱབས་མཆོག་དམ་པ་བདག་ལ་དགོངས་སུ་གསོལ། །ཁྱོད་ནི་རང་བྱུང་ཡེ་ཤེས་བདེ་བ་ཆེ། །མ་ལུས་འགྲོ་ཀུན་ཁྱོད་ཀྱི་ངང་གྱུར་ཀྱང་། །མི་ཤེས་རྒུད་པས་མནར་བ་བདག་ཅག་ལ། །དེང་ནས་རྟག་པ་དམ་པའི་མཆོག་སྩོལ་ཅིག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་བླ་མེད་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ་མཚན་ལྡན། །དབུགས་འབྱིན་ཆེན་པོ་དགའ་སྟོན་རྒྱ་ཆེ་བ། །དགའ་ཆེན་རོལ་མོ་ཆེན་པོས་དབུགས་དབྱུང་སྩོལ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག་གྱུར་པ། །མཆོག་སྦྱིན་རྡོ་རྗེས་བདག་ལ་མཆོག་སྩོལ་ཅིག །དེ་བཞིན་བཤེགས་པཀུན་གྱི་ཡེ་ཤེས་སྐུའི། །ཡེ་ཤེས་རྡོ་རྗེའི་དབང་བསྐུར་བདག་ལ་སྩོལ། །འདོད་འབྱུང་དེ་བཞིན་ནོར་བུ་ཆེན་པོ་འཆང་། །དཔག་བསམ་ཤིང་ཆེན་རྒྱས་པ་འགྲོ་ཀུན་གསོས། །ཁྱབ་བདག་རིན་ཆེན་ཀུན་མཆོག་དབུལ་བ་སེལ། །བུམ་བཟང་ཆེ་མཆོག་བདག་ལ་དཔལ་གྱུར་ཅིག །དེང་ནས་བླ་མེད་བྱང་ཆུབ་མ་ཐོབ་པའི། །ཚེ་རབས་ཀུན་ཏུ་ཁྱོད་ཀྱིས་རྗེས་བཟུང་སྟེ། །མི་མཐུནརྒུད་པ་ཐམས་ཅད་རྒྱུན་ཆད་ནས། །དཔལ་དང་སྐལ་བཟང་བཀྲ་ཤིས་བདེ་ལེགས་མཛོད། །ཅེས་ལན་གསུམ་གྱིས་འདོད་དོན་གསོལ། སྐབས་འདིར་གྲངས་བསགས་པར་འདོད་ན། འཛོམས་ན་མཆོད་པ་གསར་དུ་བཤམས། མ་འཛོམས་ན་ཁ་གསོས་ཏེ་མཆོད་པའི་སྤྲིན་གཟུངས་ཀྱིས་བརླབས། ༀ། སྣང་སྲིད་རྣམ་དག་སོགས་ནས། ཕུན་སུམ་ཚོགས་པར་མཛོད། བར་ཡན་ལག་བདུན་པ་དང། གསོལ་འདེབས། ཕྱོགས་དུས་རྒྱལ་བ་སོགས་གོང་གསལ་ལྟར་རམ། ཡང་ན། ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་སྲས་བཅས་ཀྱི། །ཡེ་ཤེས་སྐུ་ཅན་གཉིས་མེད་མཉམ་པ་ཉིད། །འཇམ་དཔལ་ཡེ་ཤེས་སེམས་དཔར་གསོལ་བ་འདེབས། །ཉམས་རྟོགས་ཡེ་ཤེས་འཕེལ་བར་བྱིན་གྱིས་རློབས། །འདི་གཉིས་རང་གང་མོས་ལ། སྤྲོ་ན་ཚིག་ཕྱི་མ་གཉིས་ཀྱི་གནས་སུ། འཇམ་དཔལ་རྡོ་རྗེ་རྣོན་པོར་དང་། སྡུག་བསྔལ་ཉོན་མོངས་ཞི་བར་ལྟ་བུ་རང་གང་འདོད་ཀྱི་ལས་བྱེ་བྲག་པའི་ཁ་བསྒྱུར་བཅས་གསོལ་གདབ་མཐར། ཨེ་མ་ཧོཿརང་བྱུང་སོགས་ནས། བཀྲ་ཤིས་བདེ་ལེགས་མཛོད། །བར་བརྗོད་ཅིང་ཚུལ་དེས་གྲངས་བསགས། གང་ལྟར་ཡང་། མཐར། གདོད་མའི་མགོན་པོ་འཇམ་དཔལ་ཡེ་ཤེས་སྐུ། །སྣང་སྲིད་རྣམ་དག་ཆོས་སྐུའི་དཀྱིལ་འཁོར་ལ། །དབྱེར་མེད་མཉམ་ཉིད་ཆེན་པོར་གསོལ་བ་འདེབས། །འཇིགས་མེད་བདེ་ཆེན་ཐོབ་པར་བྱིན་གྱིས་རློབས། །ཞེས་དང། སྣང་སྲིད་རྣམ་དག་བདེ་བ་ཆེན་པོའི་ཞིང་། །མི་ཤིས་མཚན་མ་འགའ་ཡང་མ་དམིགས་པའི། །བདེན་པ་དེ་ཡིས་བདག་ཅག་དུསཀུན་ཏུ། །བཀྲ་ཤིས་བདེ་ལེགས་ཆེན་པོས་ཁྱབ་པར་མཛོད། །ཉིན་པར་བཀྲ་ཤིས་བགེགས་ཞི་བསམ་དོན་འགྲུབ། །མཚན་མོར་བཀྲ་ཤིས་རྨི་ལམ་བཟང་དགུ་མཐོང་། །དུས་ཀུན་བཀྲ་ཤིས་སྙན་གྲགས་རླུང་རྟ་སྤེལ། །རྣམ་ཀུན་བཀྲ་ཤིས་བདེ་ལེགས་ཆོས་འཕེལ་མཛོད། །རིང་འཚོའི་བཀྲ་ཤིས་འཆི་མེད་བཅུད་ལེན་གྲུབ། །ནད་མེད་བཀྲ་ཤིས་བདེ་བའི་ལང་ཚོ་རྒྱས། །དཔལ་འབྱོར་བཀྲ་ཤིས་འདོད་དགུ་ཆར་དུ་བསྙིལ། །མངོན་མཐོའི་བཀྲ་ཤིས་ཡོན་ཏན་བདུན་ལྡན་མཛོད། །ལྷ་ཡི་བཀྲ་ཤིས་ངོ་མཚར་འབྲུག་སྒྲ་སྒྲོགས། །ཀླུ་ཡི་བཀྲ་ཤིས་དཔལ་འབྱོར་མཚོ་ལྟར་བསྐྱིལ། །མི་ཡི་བཀྲ་ཤིས་དཀར་ཆོས་རྣམ་པར་འཕེལ། །ཀུན་ཀྱང་བཀྲ་ཤིས་ཆོས་སྲིད་བརྟན་པར་མཛོད། །རྟེན་གྱི་བཀྲ་ཤིས་འཁོར་ལོ་བཞི་ཡིས་འབྱོར། །གྲོགས་ཀྱིབཀྲ་ཤིས་དགེ་བའི་བཤེས་ཀྱིས་ཟིན། །རྒྱུ་ཡི་བཀྲ་ཤིས་དཀར་པོའི་རིགས་མཆོག་སད། །ནོར་མཆོག་བཀྲ་ཤིས་འཕགས་ནོར་བདུན་ལྡན་མཛོད། །བླ་མའི་བཀྲ་ཤིས་བྱིན་རླབས་སྤྲིན་ཆེན་འཁྲིགས། །ཡི་དམ་བཀྲ་ཤིས་གྲུབ་གཉིས་ཆར་དུ་བསྙིལ། །མཁའ་འགྲོའི་བཀྲ་ཤིས་ཕྲིན་ལས་རྩི་སྨན་རྒྱས། །རྩ་གསུམ་བཀྲ་ཤིས་དོན་གཉིས་མྱུར་འགྲུབ་མཛོད། །སངས་རྒྱས་བཀྲ་ཤིས་སྤངས་རྟོགས་མཐའ་རུ་ཕྱིན། །དམ་ཆོས་བཀྲ་ཤིས་བདེན་གཉིས་འདོད་པ་འཇོ། །དགེ་འདུན་བཀྲ་ཤིས་རིག་གྲོལ་སྤོབས་པ་དགེ། །མཆོག་གསུམ་བཀྲ་ཤིས་སྲིད་པའི་གདུང་སེལ་མཛོད། །རིགས་ཁམས་བཀྲ་ཤིས་ཆོས་གཟུགས་ཟག་མེད་གཏེར། །བྱང་ཆུབ་བཀྲ་ཤིསསྒྲིབ་བྲལ་མངོན་དུ་གྱུར། །ཡོན་ཏན་བཀྲ་ཤིས་བྲལ་སྨིན་འབྱོར་པས་མཛེས། །ཕྲིན་ལས་བཀྲ་ཤིས་རྩོལ་མེད་ལྷུན་གྲུབ་མཛོད། །གཞི་རྒྱུད་བཀྲ་ཤིས་སྒྲིབ་བྲལ་གཉུག་མའི་སེམས། །ལམ་རྒྱུད་བཀྲ་ཤིས་རིམ་གཉིས་མཐའ་རུ་ཕྱིན། །འབྲས་རྒྱུད་བཀྲ་ཤིས་དཀོར་བདུན་རང་དབང་བསྒྱུར། །རྒྱུད་གསུམ་བཀྲ་ཤིས་ཚེ་འདིར་མངོན་གྱུར་མཛོད། །ཆོས་སྐུའི་བཀྲ་ཤིས་ཟབ་ཞི་སྤྲོས་ལས་འདས། །ལོངས་སྐུའི་བཀྲ་ཤིས་འོད་གསལ་འཕོ་འགྱུར་བྲལ། །སྤྲུལ་སྐུའི་བཀྲ་ཤིས་གདུལ་བཞིའི་ཕྲིན་ལས་རྒྱས། །དབྱེར་མེད་བཀྲ་ཤིས་རྡོ་རྗེའི་སྐུ་འགྲུབ་མཛོད། །སྐུ་ཡི་བཀྲ་ཤིས་མཚན་དཔེ་མཐོང་བས་གྲོལ། །གསུང་གི་བཀྲ་ཤིས་ཅི་སྨྲས་གཞན་དོན་འགྱུར། །ཐུགས་ཀྱི་བཀྲ་ཤིས་མཁྱེན་བརྩེས་ཡོངས་ལ་ཁྱབ། །གསུང་གསུམ་བཀྲ་ཤིས་སྒོ་གསུམ་ལ་སྨིན་མཛོད། །བླ་མའི་བཀྲ་ཤིས་སྨིན་གྲོལ་གདམས་ཟབ་འཇོ། །སློབ་མའི་བཀྲ་ཤིས་དད་དམ་རྣམ་པར་དག །བླ་སློབ་བཀྲ་ཤིས་བཤད་སྒྲུབ་ཕྱོགས་སུ་མཐུན། །རྒྱལ་བསྟན་བཀྲ་ཤིས་སྲིད་མཐར་འཕེལ་རྒྱས་མཛོད། །རི་ཀུན་བཀྲ་ཤིས་བསམ་གཏན་སྡེ་ཡིས་འབྱོར། །ཀླུང་ཀུན་བཀྲ་ཤིས་ཀློག་པའི་གྲྭ་ཡིས་ཕྱུག །ཡུལ་ཀུན་བཀྲ་ཤིས་དགེ་བཅུའི་སྣང་བས་ཁྱབ། །དུས་ཀུན་བཀྲ་ཤིས་མི་ནུབ་བརྟན་པར་མཛོད། །སོ་ཐར་བཀྲ་ཤིས་ངེས་འབྱུང་ཞིང་ས་གཤིན། །བྱང་སེམས་བཀྲ་ཤིས་གཞན་ཕན་མྱུ་གུ་འཁྲུངས། །གསང་སྔགས་བཀྲ་ཤིས་དག་མཉམ་ཆེན་པོར་སྨིན། །སྡོམ་གསུམ་བཀྲ་ཤིས་འཆལ་ཚུལ་དྲི་བྲལ་མཛོད། །ཐོས་པའི་བཀྲ་ཤིས་མི་བརྗེད་གཟུངས་ཀྱིས་འཛིན། །བསམ་པའི་བཀྲ་ཤིས་རྟོན་པ་བཞི་དང་ལྡན། །སྒོམ་པའི་བཀྲ་ཤིས་ཉམས་རྟོགས་ཀློང་ནས་རྡོལ། །མཐར་ཕྱིན་བཀྲ་ཤིས་ཆོས་སྤྲིན་ལ་གནས་མཛོད། །འཆད་པའི་བཀྲ་ཤིས་ངེས་དོན་གཞུང་བརྒྱ་འགྲོལ། །རྩོད་པའི་བཀྲ་ཤིས་ལུང་རིགས་འབྲུག་སྟོང་ལྡིར། །རྩོམ་པའི་བཀྲ་ཤིས་ལེགས་བཤད་འཛད་པ་མེད། །ཀུན་ཀྱང་བཀྲ་ཤིས་ཟབ་དོན་སྣང་བར་མཛོད། །མཁས་པའི་བཀྲ་ཤིས་ཡོན་ཏན་ནོར་བུས་འབྱོར། །བཙུན་པའི་བཀྲ་ཤིས་བསླབ་གསུམ་རྒྱལ་མཚན་བརྟན། །བཟང་པོའི་བཀྲ་ཤིས་ཕན་བདེའི་འདོད་པ་འཇོ། །མཁས་ཚུལ་བཀྲ་ཤིས་གཞན་ཕན་མཁའ་ཁྱབ་མཛོད། །བཤད་པའི་བཀྲ་ཤིས་ལུང་གི་དར་དཔྱངས་གཡོ། །སྒྲུབ་པའི་བཀྲ་ཤིས་རྟོགས་པའི་རི་མོ་བཀྲ། །ལེགས་མཛད་བཀྲ་ཤིས་སྙན་གྲགས་ཕྱོགས་ཀུན་ཁྱབ། །གང་རྩོམ་བཀྲ་ཤིས་བསྟན་འགྲོར་སྨན་པར་མཛོད། །མཁྱེན་པའི་བཀྲ་ཤིས་ཤེས་བྱའི་དེ་ཉིད་རྟོགས། །བརྩེ་བའི་བཀྲ་ཤིས་འགྲོ་ཁམས་བུ་བཞིནསྐྱོང། །ནུས་མཐུས་བཀྲ་ཤིས་བདུད་བཞིའི་གཡུལ་ལས་རྒྱལ། །དོན་གཉིས་བཀྲ་ཤིས་ཉི་ལྟར་གསལ་བར་མཛོད། །མཆོད་གནས་བཀྲ་ཤིས་བསྡུ་བཞིའི་ཕྲིན་ལས་རྒྱས། །ཡོན་བདག་བཀྲ་ཤིས་སྡེ་བཞིའི་མངའ་ཐང་དར། །ཡོན་མཆོད་བཀྲ་ཤིས་རྣམ་དཀར་ཕྱོགས་སུ་གཅིག །ཀུན་ཀྱང་བཀྲ་ཤིས་བདེ་སྐྱིད་ཆོས་འཕེལ་མཛོད། །རྗེ་ཡི་བཀྲ་ཤིས་འབངས་འཁོར་བྱམས་པའི་སྐྱོང་། །འབངས་ཀྱི་བཀྲ་ཤིས་རྗེ་ཡི་བཀའ་ལུང་སྒྲུབ། །རྗེ་བློན་བཀྲ་ཤིས་ཡང་དག་ལྟ་བས་འཚོ། །རྒྱལ་ཁམས་བཀྲ་ཤིས་འཐབ་རྩོད་རྒྱུན་ཆད་མཛོད། །སྣོད་ཀྱི་བཀྲ་ཤིས་རྩི་སྨན་འབྲུ་བཅུད་སྨིན། །བཅུད་ཀྱི་བཀྲ་ཤིས་ཚེ་དཔལ་འབྱོར་ཚོགས་རྒྱས། །སྣོད་བཅུད་བཀྲ་ཤིས་རྫོགས་ལྡན་མགྲོན་དུ་འགུགས། །ཐར་གྲོལ་བཀྲ་ཤིས་རྟེན་འབྱུང་དགེ་བར་མཛོད། །ཞི་བའི་བཀྲ་ཤིས་ཉེས་བརྒྱའི་དྲི་མ་འཁྲུད། །རྒྱས་པའི་བཀྲ་ཤིས་འབྱོར་དྲུག་མཚོ་ལྟར་བསྐྱིལ། །དབང་མཛད་བཀྲ་ཤིས་བརྟན་གཡོའི་དཔལ་ཀུན་འཆིང་། །དྲག་པོའི་བཀྲ་ཤིས་མི་མཐུན་ཚར་གཅོད་མཛོད། །སྲུང་བའི་བཀྲ་ཤིས་རྡོ་རྗེའི་གུར་ཁང་བརྟན། །བཟློག་བསད་བཀྲ་ཤིས་བྱད་མ་རང་གཤེད་འབེབས། །ཤུགས་སྒྲོལ་བཀྲ་ཤིས་ཉམས་པ་རྩད་ནས་ཆོད། །བདག་ཅག་བཀྲ་ཤིས་ཕྱོགས་ལས་རྣམ་རྒྱལ་མཛོད། །དོན་བརྒྱུད་བཀྲ་ཤིས་དགོངས་བརྒྱུད་བུ་ལ་འཕོས། །ས་ལམ་བཀྲ་ཤིས་ཡོན་ཏན་གོང་དུ་འཕེལ། །རྣམ་ཀུན་བཀྲ་ཤིས་གཟུངས་སྤྲིན་སྙིང་པོས་བརྒྱན། །མཐར་ཐུག་བཀྲ་ཤིས་ཡེ་ཤེས་སྐུ་འགྲུབ་མཛོད། །ཅེས་འདོད་པའི་དོན་ལ་གསོལ་བ་རྩེ་གཅིག་ཏུ་གདབ་བོ། །དེ་ནས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་ཡབ་རྣམས་ཀྱིས་དབང་བསྐུར་པའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པའི་མེ་ཏོག་འཐོར། སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། ཁྲོ་བོའི་ཚོགས་ཀྱིས་བགེགས་བསྐྲད། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་མཆོད་ཅིང་བསྟོད་ནས་ཤིན་ཏུ་ཡང་བཀྲ་ཤིས་པར་མཛད་པར་མོས་ལ། སྤྲོ་ན་བླ་མ་དགོངས་འདུས་ལས་འབྱུང་བའི་སྨོན་ལམ་བཀྲ་ཤིས་ཀྱི་སྒྲོན་མེ་དང་། མདོ་ལས་འབྱུང་བའི་གང་སེར་མ་དང་། བྱ་རྒྱུད་ལེགས་སྒྲུབ་སོགས་ལས་འབྱུང་བས་མཚོན་མདོ་དང་རྒྱུད་ནས་གསུངས་པའི་བཀྲ་ཤིས་ཀྱི་ཚིག་ཅི་རིགས་པ་བརྗོད་ཅིང། དཀྱུས་ཙམ་དུ། ཕུན་སུམ་ཚོགས་པའམ། ཆེ་བའི་ཆེ་མཆོག་སོགས་ཞལ་ནས་གསུངས་པའི་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཚིགས་བཅད་གང་རུང་སྔོན་དུ་འགྲོ་བས། བཀྲ་ཤིས་མཆོག་གྲུབ་འདི་ཉིདབརྗོད་པར་བྱ་སྟེ། ༀ། དབུས་ཀྱི་ཕྱོགས་ནས་བཀྲ་ཤིས་ལྷ་ཡི་མཆོག་གྱུར་པ། །དཔལ་ལྡན་རྣམ་པར་སྣང་མཛད་ཡེ་ཤེས་གངས་ཆེན་མཚོ། །རྟག་ཏུ་ཏིང་འཛིན་མི་གཡོ་ཕྱག་ན་འཁོར་ལོ་བསྣམས། །དེས་ནི་དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག་གྱུར་ཅིག །ཧཱུྃཿཤར་གྱི་ཕྱོགས་ནས་བཀྲ་ཤིས་ལྷ་ཡི་མཆོག་གྱུར་པ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་རྡོ་རྗེ་བདེ་བའི་མཆོག །བདུད་བཞི་རབ་ཏུ་འཇོམས་མཛད་ཕྱག་ན་རྡོ་རྗེ་བསྣམས། །དེས་ནི་དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག་གྱུར་ཅིག །སྭཱཿལྷོ་ཡི་ཕྱོགས་ནས་བཀྲ་ཤིས་ལྷ་ཡི་མཆོག་གྱུར་པ། །རྒྱལ་བ་རིན་ཆེན་འབྱུང་ལྡན་དགོས་འདོད་ཀུན་གྱི་གནས། །ཡིད་བཞིན་རེ་བ་སྐོང་བས་ཕྱག་ན་རིན་ཆེན་བསྣམས། །དེས་ནི་དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག་གྱུར་ཅིག །ཨཱཿནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་ལྷ་ཡི་མཆོག་གྱུར་པ། །བདེ་གཤེགས་སྣང་བ་མཐའ་ཡས་བདེ་བ་ཆེན་པོའི་སྐུ། །ཀུན་ནས་མཆོག་ཏུ་ཡིད་འོང་ཕྱག་ན་པདྨ་བསྣམས། །དེས་ནི་དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག་གྱུར་ཅིག །ཧཱཿབྱང་གི་ཕྱོགས་ནས་བཀྲ་ཤིས་ལྷ་ཡི་མཆོགགྱུར་པ། །སངས་རྒྱས་དོན་ཡོད་གྲུབ་པ་ཕྲིན་ལས་ལྷུན་གྲུབ་དཔལ། །ཐོགས་མེད་བྱ་བ་གྲུབ་མཛད་ཕྱག་ན་རལ་གྲི་བསྣམས། །དེས་ནི་དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག་གྱུར་ཅིག །ཕྱག་ན་ཨུཏྤལ་བསྣམས་པ་ཡིད་འོང་དོན་གྲུབ་པ། །གཞོན་ནུའི་སྐུ་སྟེ་ཉེས་པའི་དྲི་མ་ཐམས་ཅད་སྤངས། །འཇིག་རྟེན་ཀུན་ན་དཔལ་གྱུར་ཐམས་ཅད་ཀུན་གྱི་དཔལ། །འཇམ་དཔལ་གཞོན་ནུས་ཁྱོད་ལ་བཀྲ་ཤིས་མཛད་གྱུར་ཅིག །ཕྱག་ན་པདྨ་བསྣམས་པ་ས་གསུམ་མགོན་གཅིག་པུ། །འཇིགས་དང་སྡུག་བསྔལ་ཀུན་སེལ་ཀུན་ཏུ་བདེ་མཛད་ཅིང་། །སྙིང་རྗེའི་ཐུགས་ལྡན་པདྨ་རྒྱས་པའི་སྤྱན་མངའ་བ། །སྤྱན་རས་གཟིགས་ཀྱིས་ཁྱོད་ལ་བཀྲ་ཤིས་མཛད་གྱུར་ཅིག །ཕྱག་ན་རྡོ་རྗེ་བསྣམས་པ་བགེགས་ཀུན་མཐར་བྱེད་ཅིང་། །འབར་བའི་མེ་ལྕེ་ཅན་ཏེ་བདུད་ཀྱི་ལུས་ཀུན་སྲེག །འཇིག་རྟེན་གསུམ་ལས་རྣམ་རྒྱལ་སྲིད་པ་ཡོངས་ཀྱི་མགོན། །རྡོ་རྗེ་འཛིན་པས་ཁྱོད་ལ་བཀྲ་ཤིས་མཛད་གྱུར་ཅིག །ཕྱག་ན་ཀླུ་ཤིང་བསྣམས་པས་བྱམས་པའི་སྤྲིན་ཆེན་གྱིས། །མཁའ་དབྱིངས་ཀུན་ཁྱབ་དམ་ཆོས་ཆར་ཆེན་རྟག་ཏུ་འབེབས། །བདེ་པའི་ལོ་ཏོག་སྨིན་པས་ས་གསུམ་རབ་དགའ་བ། །བྱམས་པ་མགོན་པོས་ཁྱེད་ལ་བཀྲ་ཤིས་མཛད་གྱུར་ཅིག །ཕྱག་ན་རལ་གྲི་བསྣམས་པ་ནམ་མཁའ་ལྟ་བུའི་སྐུ། །ནམ་མཁའི་དབྱིངསཀུན་དྲི་ཞིམ་འོད་ཟེར་དྲྭ་བས་ཁྱབ། །སྡིག་ལྟུང་མུན་པ་ཀུན་འཇོམས་ཕན་བདེའི་སྣང་བ་འགྱེད། །ནམ་མཁའི་སྙིང་པོས་ཁྱོད་ལ་བཀྲ་ཤིས་མཛད་གྱུར་ཅིག །ཕྱག་ན་ནོར་བུ་བསྣམས་པ་སྲིད་ཞིའི་དཔལ་གྱུར་སྐུ། །ཕུན་ཚོགས་བདེ་བའི་འབྱུང་གནས་ཡོན་ཏན་ཀུན་གྱི་ས། །མལུས་འདོད་པ་ཐམས་ཅད་ཡིད་བཞིན་སྩོལ་མཛད་པ། །ས་ཡི་སྙིང་པོས་ཁྱོད་ལ་བཀྲ་ཤིས་མཛད་གྱུར་ཅིག །ཕྱག་ན་ཟླ་བ་བསྣམས་པ་ཉོན་མོངས་གདུང་སེལ་ཞིང་། །སྲིད་པའི་རབ་རིབ་ཀུན་འཇོམས་སྒྲིབ་པའི་དྲི་མ་སེལ། །ཡེ་ཤེས་སྣང་བ་རབ་སྦྱིན་ཆོས་ཀྱི་ཆར་འབེབས་པ། །སྒྲིབ་ཀུན་སེལ་བས་ཁྱོད་ལ་བཀྲ་ཤིས་མཛད་གྱུར་ཅིག །ཕྱག་ན་ཉི་མ་བསྣམས་པ་མཁའ་ལྟར་ཁྱབ་པའི་སྐུ། །ཡེ་ཤེས་སྣང་བའི་འོད་ཟེར་ཆོས་དབྱིངས་རྒྱས་པར་འགེངས། །སངས་རྒྱས་ཆོས་དང་འཕགས་པའི་རྒྱལ་མཚན་མཆོག་གྱུར་པ། །ཀུན་ཏུ་བཟང་པོས་ཁྱོད་ལ་བཀྲ་ཤིས་མཛད་གྱུར་ཅིག །མ་ལུས་ཆོས་ཀུན་ཆོས་ཀྱི་དབྱིངས་ཉིད་དེ། །ཆོས་དབྱིངས་ཇི་བཞིན་རྒྱལ་བའི་ཡེ་ཤེས་སྐུ། །ཀུན་ཀྱང་ཁྱོད་ལ་དགེ་ལེགས་ཆེན་པོ་ཡི། །དབང་བསྐུར་དགོངས་པས་བཀྲ་ཤིས་མཛད་གྱུར་ཅིག །རིགས་ཀྱི་འཁོར་ལོས་སྒྱུར་བ་ཆེན་མོ་ནི། །སྤྱན་ལ་སོགས་པས་རིན་ཆེན་བུམ་པ་ནས། །བདུད་རྩིའི་ཆུ་རྒྱུན་གཙུག་ཏུ་འབེབས་པ་ཡིས། །ཁྱོད་ལ་དེ་རིང་བཀྲ་ཤིས་མཆོག་གྱུར་ཅིག །རྒྱལ་བའི་སྲས་པོ་ཕྱོགས་རྣམས་རབ་གྲགས་པ། །འཇིགས་མེད་ཞི་བའི་ཐུགས་ལྡན་དེ་དག་གིས། །སྣ་ཚོགས་མེ་ཏོག་སྤྲིན་གྱི་ཆར་འབེབས་པས། །ཁྱོད་ལ་བཀྲ་ཤིས་དམ་པ་མཆོག་གྱུར་ཅིག །རིགས་ཀྱི་སེམས་མ་མཆོག་ཏུ་ཡིད་འོང་བ། །བཀྲ་ཤིས་ལྷ་མོའི་ཚོགས་ཀྱིས་དགའ་བའི་གླུ། །འཇིག་རྟེན་ཀུན་ཏུ་ཁྱབ་པར་བསྒྲགས་པ་ཡིས། །དེང་ཁྱོད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །དུས་མཐའི་མེ་ལྟར་རབ་འབར་ཁྲོ་བོའི་ཚོགས། །འཇིགས་པའི་ང་རོ་དང་བཅས་གར་བྱེད་ཅིང་། །འབར་བའི་ལྟ་བས་བགེགས་རྣམས་མཐར་བྱེད་པས། །དེང་འདིར་ཁྱོད་ལ་བཀྲ་ཤིས་མཆོག་གྱུར་ཅིག །རིགས་ཀྱི་བཀའ་ཉན་འཇིག་རྟེན་སྐྱོང་བའི་ཚོགས། །ཕྱོགས་བཅུ་ཀུན་ནས་སྤྲིན་བཞིན་གཏིབས་བྱས་ཏེ། །བཀྲ་ཤིས་མཆོད་པའི་ཡོ་བྱད་སྣ་ཚོགས་ཀྱིས། །དེང་འདིར་ཁྱོད་ལ་བཀྲ་ཤིས་སྤེལ་གྱུར་ཅིག །ཡིད་ལ་ཇི་ལྟར་བསམ་པའི་དོན་གྲུབ་ཅིང་། །སྲིད་ཞིའི་དཔལ་ཡོན་ཀུན་ནས་ཕུན་སུམ་ཚོགས། །དཔལ་ལྡན་རྒྱལ་བའི་འབྱོར་པ་རྨད་བྱུང་དེས། །ཁྱེད་ལ་རྟག་ཏུ་བཀྲ་ཤིས་མཆོག་གྱུར་ཅིག །འགྲོ་དང་བྱ་བ་རྩོམ་སོགས་ལ། །ཐོག་མར་དྲན་ན་དོན་གྲུབ་ཅིང་། །དུས་སུ་ཡིད་ལ་བྱས་པ་ཡིས། །དཔལ་ནི་ཕུན་སུམ་ཚོགས་པ་ཐོབ། །ཅེས་སོ། །གཞན་ཡང་རྗེ་འདི་ཉིད་ཀྱི་གསུངས་བཀྲ་ཤིས་དོན་ཀུན་གྲུབ་པའི་དབྱངས་སྙན་སོགས་དང་། དམ་པ་སྔ་མ་རྣམས་ཀྱི་གསུངས་བཀྲ་ཤིས་ཅི་རིགས་པ་དང་། སྤྲོ་ན་ཁོ་བོས་བྱས་བའི་གནས་བཅུའི་བཀྲ་ཤིས་སོགས་ཀྱང་བརྗོད་མཐར་རྟེན་འབྲེལ་སྙིང་པོ་བཟླས་ཏེ་མེ་ཏོག་གི་ཆར་བསྙིལ་ཞིང་སྤོས་རོལ་སོགས་ཀྱང་བྱའོ། །གསུམ་པ་རྗེས་གཏང་རག་འབུལ་བ་ནི། མཆོད་པ་རྣམས་ཁ་གསོས་ཏེ། ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་དང་། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམས། །ཡོན་ཏན་ཆེན་པོ་འཇིག་རྟེན་གཙོ་ལ་འབུལ། །མཆོག་གི་མཆོད་པ་དམ་པ་བཞེས་སུ་གསོལ། །མཆོད་གཟུངས་བཟླ། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་དཔལ་གྱུར་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་ཆེན་པོ་དགེ། །དབུགས་འབྱིན་ཆེན་པོ་རྒྱལ་བ་སྲས་བཅས་ལ། །གུས་པས་བསྟོད་དོ་འདོད་དགུའི་དངོས་གྲུབ་སྩོལ། །བདག་གཞན་སྐྱེ་ཀུན་དགེ་བའི་བཤེས་ཀྱིས་ཟིན། །ཚུལ་གནས་ཐོས་བསམ་སྒོམ་པའི་ཡོན་ཏན་རྫོགས། །རྨད་བྱུང་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་གྱིས། །བསྟན་འགྲོའི་དོན་ཆེན་འགྲུབ་པར་མཛད་དུ་གསོལ། །ཚུལ་ཁྲིམས་དག་པས་ལྷར་བཅས་སྐྱེ་བོས་བཀུར། །བྱང་ཆུབ་སེམས་ཀྱིས་གཞན་སྣང་དབང་དུ་བསྒྱུར། །མཉམ་ཉིད་ལྟ་བས་གཉིས་འཛིན་འཁྲུལ་པ་ཞིག །སྤོབས་པའི་གཏེར་བརྒྱད་གྲོལ་བར་མཛད་དུ་གསོལ། །གང་ཞིག་ཚིག་དང་དོན་གྱི་གནས་རྣམས་ཀུན། །ནམ་ཡང་བརྗེད་པ་མེད་པ་ཉིད་གྱུར་ཕྱིར། །དྲན་པའི་གཏེར་དང་ལྡན་པ་དེ་ཡིས་ནི། །བསྙེལ་བས་མི་འཇིགས་བློ་མཆོག་གྲུབ་པར་མཛོད། །རང་དང་སྤྱི་ཡི་མཚན་ཉིད་ཀྱིས་བསྡུས་པའི། །ཆོས་ཀུན་མ་ནོར་རྣམ་པར་འབྱེད་པ་ཡི། །མི་འཕྲོག་བློ་གྲོས་གཏེར་དང་ལྡན་གྱུར་པས། །རྨོངས་པས་མི་འཇིགས་བློ་མཆོག་གྲུབ་པར་མཛོད། །དེའི་མཐུས་རྒྱལ་བའི་མདོ་སྡེ་ཐམས་ཅད་ཀྱི། །དོན་གྱི་རྣམ་པ་ལེགས་པར་ཁོང་ཆུད་པ། །རྟོགས་པའི་གཏེར་དང་ལྡན་པར་གྱུར་པ་ཡིས། །འཁྲུལ་པས་མི་འཇིགས་བློ་མཆོག་གྲུབ་པར་མཛོད། །དྲན་དང་བློ་གྲོས་རྟོགས་པ་དེ་ཡི་མཐུས། །ཐོས་པ་ཀུན་འཛིན་ཆུད་མི་ཟ་བ་ཡི། །མི་བརྗེད་གཟུངས་ཀྱི་གཏེར་དང་ལྡན་གྱུར་ནས། །བསྐྱུད་པས་མི་འཇིགས་བློ་མཆོགགྲུབ་པར་མཛོད། །གཟུངས་རྟོགས་བློ་གྲོས་མཐུ་ལས་ལེགས་བཤད་ཀྱིས། །སེམས་ཅན་ཐམས་ཅད་ཀུན་ནས་ཚིམ་བྱེད་པ། །མི་འཇིགས་སྤོབས་པའི་གཏེར་དང་ལྡན་པ་ཡིས། །ཞུམ་པའི་འཇིགས་བྲལ་བློ་མཆོག་གྲུབ་པར་མཛོད། །གཟུངས་སྤོབས་བློ་ཡིས་ཚུལ་བཞིན་སྨྲ་བ་དང་། །ཆོས་མིན་ཚར་གཅོད་དམ་ཆོས་ཡོངས་སྲུང་བས། །ཟབ་རྒྱས་ཆོས་ཀྱི་གཏེར་དང་ལྡན་པ་ཡིས། །ལམ་ངན་འཇིགས་བྲལ་བློ་མཆོག་གྲུབ་པར་མཛོད། །ཚུལ་དེས་མཚུངས་མེད་དཀོན་མཆོག་རྣམ་གསུམ་གྱི། །རིགས་རྒྱུད་ཡོངས་སུ་མི་གཅོད་པ་ཡི་སྒོ། །བྱང་ཆུབ་སེམས་ཀྱི་གཏེར་དང་ལྡན་པ་ཡིས། །ལམ་དམན་འཇིགས་བྲལ་བློ་མཆོག་གྲུབ་པར་མཛོད། །ཡོན་ཏན་བདུན་ལྡན་སྐྱེས་བུས་གནས་ལུགས་དོན། །སྐྱེ་མེད་ཆོས་ལ་བཟོད་པ་མཆོག་ཐོབ་པའི། །ཟབ་མོ་སྒྲུབ་པའི་གཏེར་དང་ལྡན་པ་ཡིས། །ཉམས་པས་འཇིགས་བྲལ་བློ་མཆོག་གྲུབ་པར་མཛོད། །འདི་ལྟར་རིག་སྟོང་དབྱིངས་ནས་གཏེར་ཆེན་བརྒྱད། །སྦས་པའི་སྒོ་འབྱེད་སྔགས་ཀྱི་ཐབས་མཆོག་ལ། །མཁས་པར་གྱུར་ནས་འཇམ་དཔལ་དཔའ་བོ་ཡིས། །འབྲལ་མེད་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །འཇམ་མགོན་སྲས་བཅས་རྒྱལ་བའི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །གཞན་ཡང་རིས་མེད་བསྟན་འཛིན་སྐྱེས་བུ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་སྐོར་བ་དང་། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་ཡིས། །ས་གསུམ་དགེ་ལེགས་འཕེལ་བར་བྱིན་གྱིས་རློབས། །བཀྲ་ཤིས་སྲིད་དང་ཞི་བའི་ཡོན་ཏན་གྱི། །དགེ་མཚན་སྣང་བ་ནུབ་པ་མེད་པའི་ཕུལ། །ཕུན་ཚོགས་འཆི་མེད་གྲུབ་པའི་ངོ་མཚར་དང་། །ལྷན་ཅིག་ཕན་བདེའི་འབྱོར་པ་རྒྱས་གྱུར་ཅིག །ཁྱེད་རྣམས་མཆོད་བསྟོད་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །བསླབ་པ་གསུམ་ལྡན་ངུར་སྨྲིག་འཆང་བ་ཡི། །འདུས་པའི་ཚོགས་ཀྱིས་གནས་འདི་ཡོངས་གང་ཞིང་། །རྟག་ཏུ་བཤད་སྒྲུབ་བྱ་བས་སྲིད་མཐའི་བར། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཅེས་འདོད་པའི་དོན་ལ་རྩེ་གཅིག་ཏུ་གསོལ་བ་གདབ། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །ཉེས་པ་བགྱིས་དང་བགྱིདསྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་ནོངས་པ་བཤགས། རྟེན་ཡོད་ན་རྟེན་བཞུགས་སོགས་སྤྱི་ལྟར་རམ། ཡང་ན། འཁོར་རྣམས་འོད་ཞུ་རིམ་གྱིས་གཙོ་ལ་ཐིམ། །གཙོ་བོའི་སྐུ་ལས་བདུད་རྩིའི་ཆར་རྒྱུན་བབ། །སྤྱི་བོ་ནས་ཞུགས་ལུས་གང་སྒྲིབ་ཀུན་ཞི། །བྱིན་རླབས་དབང་བསྐུར་རྡོ་རྗེའི་ཡེ་ཤེས་བསྐྱེད། །མཐར་ནི་འོད་ཞུ་རང་ཐིམ་གཉིས་མེད་ངང་། །འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུར་གྱུར་ནས། །སྣང་སྲིད་བདེ་ཆེན་མཉམ་ཉིད་བྱང་ཆུབ་སེམས། །མ་བཅོས་བློ་འདས་རྫོགས་པ་ཆེན་པོའོ། །ཞེས་མོས་ལ་མཉམ་པར་བཞག་ཅིང་། གཟུངས་སྔགས་ཨ་ར་པ་ཙ་དང་། ༀ་མཉྫུ་ཤྲཱི་བ་ར་ད་བཛྲ་མཾ་སྭཱ་ཧཱཿཞེས་ཅུང་ཟད་བཟླ་ཞིང་སྤྲོ་ན་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་རྒྱས་བསྡུས་དག་ཀྱང་བཀླག་པར་བྱའོ། །གང་ལྟར་ཡང་མཐར། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཞེས་དང་། འཕགས་པ་སྒོ་དྲུག་པའི་དོན་བསྡུས་ཀུན་མཁྱེན་བླ་མའི་གསུངས་འདི་ཉིད་སྨོན་ལམ་དུ་གདབ་པར་བྱ་སྟེ། ཀུན་མཁྱེན་སྟོན་པ་ཕྱོགས་བཅུར་གང་བཞུགས་དང་། །རྒྱལ་བའི་སྲས་པོ་ཡོན་ཏན་རྨད་བྱུང་བ། །མ་ལུས་ཀུན་ལ་གུས་པས་ཕྱག་འཚལ་ཏེ། །སྨོན་ལམ་འདི་བརྗོད་འགྲུབ་པར་བྱིན་གྱིས་རློབས། །འཁོར་བར་འཁོར་ཚེ་སྐྱེ་གནས་ཐམས་ཅདདུ། །བདག་གིས་སྡུག་བསྔལ་གང་དང་ཅི་མྱོང་བ། །སེམས་ཅན་ཀུན་དང་འདྲ་བར་ཤེས་གྱུར་ནས། །རང་གཞན་སྡུག་བསྔལ་ཞི་བའི་རྒྱུར་གྱུར་ཅིག །བདག་གིས་འཇིག་རྟེན་བདེ་བ་ཅི་མྱོང་ཡང་། །རང་དོན་ཁོ་ནར་ཆགས་པའི་བློ་སྤངས་ནས། །སེམས་ཅན་ཀུན་དང་ཐུན་མོང་ཉིད་བྱས་ཏེ། །སྲིད་འབྱོར་ལམ་གྱི་གྲོགས་སུ་འགྱུར་བར་ཤོག །བདག་གིས་སྡིག་པ་མི་དགེའི་ལས་གང་དག །ཅི་བགྱིས་དེ་ཀུན་གནོང་འགྱོད་དྲག་པོ་ཡིས། །སོ་སོར་བཤགས་པ་བླ་མེད་ཀྱིས་བཤགས་པས། །སྡིག་པའི་རྣམ་སྨིན་ཅུང་ཟད་མི་མྱོང་ཤོག །བདག་གིས་ཡང་དག་ལམ་གྱི་མི་མཐུན་ཕྱོགས། །བདུད་ཀྱི་ལས་གང་ཅི་དང་ཅི་བྱས་པས། །དེ་ཀུན་ཡོངསསུ་ཤེས་པ་བླ་མེད་ཀྱིས། །ཤེས་ཤིང་མ་སྤངས་ཅུང་ཟད་མེད་པར་ཤོག །བདག་གི་ཕ་རོལ་ཕྱིན་དང་ལྡན་པ་ཡི། །དགེ་རྩ་འཇིག་རྟེན་པའམ་འཇིག་རྟེན་འདས། །གང་ཅི་བསགས་པ་དེ་དག་ཐམས་ཅད་ཀུན། །བླ་མེད་ཡེ་ཤེས་འབྲས་བུར་སྨིན་གྱུར་ཅིག །བདག་གི་རྣམ་པར་གྲོལ་བ་གང་ལགས་པ། །དེ་ཡིས་སེམས་ཅན་ཐམས་ཅད་ཐར་བགྱིས་ཏེ། །བདག་ནི་འཁོར་བ་དང་ནི་མྱང་འདས་ལ། །མི་ནུས་སེམས་ཅན་དོན་ཀུན་བྱེད་གྱུར་ཅིག །ཅེས་དང་། གཞན་ཡང་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་དང་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་སོགས་ཐེག་པ་ཆེན་པོའི་ལམ་དང་འབྲེལ་བའི་སྨོན་ལམ་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །འདི་ལྟར་བགྱིས་པའི་ཁུངས་ནི། ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་གསུང་བཀྲ་ཤིས་ཆོ་ག་དཔལ་གྱི་བེའུ་དང་། བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ་གཉིས་རྩ་བར་བཟུང་། ཀུན་འབྱུང་ནོར་བུའི་ལས་ཚོགས་སོགས་ཀྱི་མན་ངག་གི་སྙིང་པོ་བསྡུས་ནས་ཁ་བསྐང་ཞིང་རང་ཚིག་ཅི་རིགས་པས་ཀྱང་བརྒྱན་ཏེ་བྲིས་པ་ཡིན་ལ། དེ་ལྟར་བརྩོན་པའི་ཕན་ཡོན་ཀྱང་། གཞུང་དེ་ཉིད་ལས། ལྡང་ཚེ་བརྗོད་ན་དེ་ཉིད་དོན་ཀུན་འགྲུབ། །ཉལ་ཚེ་བརྗོད་ན་རྨི་ལམ་བཟང་པོ་མཐོང་། །གཡུལ་དུ་འཇུག་ཚེ་བརྗོད་ན་ཕྱོགས་ལས་རྒྱལ། །བྱ་བ་རྩོམ་དུས་བརྗོད་ན་འདོད་དོན་འཕེལ། །རྒྱུན་དུ་བརྗོད་ན་ཚེ་དཔལ་གྲགས་འབྱོར་ཤིང་། །བདེ་ལེགས་ཕུན་ཚོགས་བསམ་དོན་ཡིད་བཞིན་འགྲུབ། །སྡིག་སྒྲིབ་ཀུན་བྱང་མངོན་མཐོ་ངེས་ལེགས་ཀྱིས། །དོན་ཀུན་གྲུབ་པར་རྒྱལ་བ་མཆོག་གིས་གསུངས། །ཞེས་གསུངས་ཤིང་། གཞན་ཡང་སྤྲོ་ན་འདི་ཉིད་ལ་དམིགས་པ་དང་གསོལ་འདེབས་ཀྱི་ཁ་བསྒྱུར་མན་ངག་བཞིན་བྱས་པས་ཞི་རྒྱས་དབང་དྲག་མཆོག་གི་དོན་ཐམས་ཅད་འགྲུབ་པར་འགྱུར་བས་ཡིད་བཞིན་ནོར་བུ་རིན་པོ་ཆེ་འབུམ་གྱིས་ཀྱང་མཚོནདུ་མེད་པ་འདི་སྔ་འགྱུར་པ་རྣམས་ལ་དཔལ་དུ་གནས་པ་ཡིན་ཏེ། འཇམ་དཔལ་ཀུན་འབྱུང་ནོར་བུའི་ལས་ཚོགས་ལས། བླ་མ་ཡི་དམ་དབྱེར་མེད་ངོ་བོ་ལ། །རྡོ་རྗེ་རྣོན་པོའམ་ཡེ་ཤེས་སེམས་དཔའ་སོགས། །གང་མོས་མཚན་སྦྱར་བདག་རྒྱུད་བྱིན་རློབ་པའི། །གསོལ་བ་རྩེ་གཅིག་བཏབ་ན་བྱིན་རླབས་འབེབས། །ཞི་སོགས་འདི་ཡི་ཚུལ་གྱིས་གང་འདོད་པའི། །དམིགས་འདོན་ཁ་བསྒྱུར་སྒྱུ་འཕྲུལ་དྲྭ་བའི་གར། །འདོད་པའི་འབྲས་བུ་ཡིད་བཞིན་རྗེས་སུ་འཇོ། །བརྒྱ་ཕྲག་རེས་ཀྱང་དངོས་ཉམས་རྨི་རྟགས་མཐོང་། །མྱུར་ལ་འདོད་པའི་འབྲས་བུ་ལག་ཏུ་སྨིན། །ཐེ་ཚོམ་མ་བྱེད་བདེན་རྫུན་རང་ཉམས་བསྡོར། །ཡིད་ཆེས་ངེས་སྐྱེ་ཐ་ཚིག་འདི་ལ་སོམས། །ཞེས་དང་། དུས་མཐར་པདྨ་འཇམ་པའི་རྡོ་རྗེ་ལ། །མོས་པའི་སྐལ་ལྡན་འགའ་ལ་ཕན་སྲིད་དགེ། །ཞེས་རྗེས་སུ་གདམས་པར་མཛད་པ་ཡིན་ནོ། །གང་མཚན་ནོར་བུའི་དོ་ཤལ་རྣ་ལུང་དུ། །དཔྱངས་བའི་མོད་ན་དོན་གཉིས་འདོད་པ་ཀུན། །ཡིད་བཞིན་འཇོ་བའི་ངོ་མཚར་ཤིས་པའི་དབྱངས། །ས་གསུམ་ཁྱབ་མཛད་བདེ་གཤེགས་སྲས་འཁོར་བཅས། །དྭངས་པའི་ཡིད་ལ་ཡུད་ཙམ་ཤར་བས་ཀྱང་། །འཇིགས་དང་སྡུག་བསྔལ་མཐའ་དག་གཞིལ་བྱེད་ན། །ཚུལ་བཞིན་མཆོད་ཅིང་གསོལ་བ་འདེབས་བྱེད་པ། །དེ་ལ་ནམ་ཡང་རྒུད་པའི་གནས་སྐབས་ཅི། །དོན་གཉིས་འདོད་པ་འཇོ་བའི་ཡིད་བཞིན་གཏེར། །ས་གསུམ་དགེ་མཚན་སྡུད་པའི་རིགས་སྔགས་འཕྲུལ། །བཀྲ་ཤིས་འཛད་མེད་སྐྱེ་ལྔའི་སྒྲ་དབྱངས་མཆོག །སྐལ་བཟང་རྣམས་ཀྱི་དགའ་སྟོན་འདི་མཚུངས་སུ། །འདི་ནི་བསླུ་མེད་རྒྱལ་གསུང་སྙིང་པོའི་བཅུད། །ཀུན་མཁྱེན་བླ་མའི་མན་ངག་བདུད་རྩིའི་གཏེར། །རང་གཞན་དོན་གཉིས་འགྲུབ་པའི་བཅུད་ལེན་སྨན། །མཆོག་རྣམས་དགྱེས་བསྐྱེད་ཀུན་བཟང་སྤྲིན་ཡང་ཡིན། །དེ་ཕྱིར་སྐལ་བཟང་བློ་ལྡན་དོན་མཐུན་རྣམས། །ཚུལ་འདིར་བརྩོན་དང་འདི་ཕྱིར་དགེ་བའི་དཔལ། །མ་ལུས་ལག་སྟེར་ཡིད་བཞིན་ནོར་ལས་ལྷག །མཐར་ཐུག་སྐུ་གཉིས་འབྱོར་པས་མངོན་མཛེས་འགྱུར། །འདིར་འབད་དགེ་བ་ཟླ་ལྟར་རབ་དཀར་བ། །ཡོངས་བསྔོ་སྲས་བཅས་རྒྱལ་པའི་རྗེས་སློབ་མཐུས། །ཐུབ་བསྟན་ཆུ་གཏེར་རྒྱས་པའི་རླབས་ཕྲེང་རྩེར། །དོན་གཉིས་ཀུ་མུད་བཞད་པའི་མཛེས་གྱུར་ཅིག །ཅེས་པའང་རང་གམ་ན་གནས་པའི་མཆོག་སྤྲུལ་རིན་པོ་ཆེ་རྟག་པར་གཞན་ཕན་ལ་ཐུགས་རྒྱུད་ཡོངས་སུ་འབྱོངས་པའི་རྒྱལ་བའི་སྲས་པོ་པདྨ་དྲི་མེད་ལེགས་པའི་བློ་གྲོས་དཔོན་སློབ་ནས་རང་རྩོམ་སྐོར་སྤརདུ་སྒྲུབ་བཞེད་གནང་བའི་ཐོག་མར་རྟེན་འབྱུང་དགེ་བའི་སླད་དུ་གསུང་བསྐུལ་གནང་བ་བཞིན། རྒྱལ་བའི་སྲས་ཀྱི་མིང་གིས་བསྙད་པའི་བྱ་བྲལ་བ་རྒན་པོ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས་བདེ་མཆོག་བཀྲ་ཤིས་དགེ་འཕེལ་གྱི་དབེན་སྤྱིལ་དུ། ཆུ་ཁྱི་ཧོར་ཟླ་དང་པོའི་འཕེལ་ཕྱོགས་ཀྱི་དགའ་བ་དང་པོའི་ཚེས་ལ་གྲུབ་པར་བགྱིས་པ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཕྱོགས་ཀུན་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག། །།

ཚོགས་གསོག་ཡན་ལག་བདུན་པ་དང་འབྲེལ་བར་སྡོམ་གསུམ་གསོ་སྦྱོང་ལེན་པའི་ཚུལ་ཀུན་མཁྱེན་ཞལ་ལུང་།

༄༅། །ཚོགས་གསོག་ཡན་ལག་བདུན་པ་དང་འབྲེལ་བར་སྡོམ་གསུམ་གསོ་སྦྱོང་ལེན་པའི་ཚུལ་ཀུན་མཁྱེན་ཞལ་ལུང་དག་བྱེད་བདུད་རྩིའི་སྨན་ཆར་ཞེས་བྱ་བ་བཞུགས་སོ། །ༀ་སྭསྟི། གང་མཚན་ཐོས་དང་དྲན་པས་ཀྱང་། །ཉེས་ལྟུང་དྲི་མ་འཁྲིད་མཛད་པའི། །བླ་མ་རྡོ་རྗེ་སེམས་དཔའ་ལ། །བཏུད་ནས་སྡོམ་གསུམ་གསོ་སྦྱོང་བྲི། །འདིར་བདག་རྐྱེན་དགེ་བའི་བཤེས་གཉེན་ལ་བརྟེན་ནས་རང་རྒྱུད་སྡོམ་པ་གསུམ་ལྡན་དུ་སྒྲུབ་པའི་གང་ཟག་ལས་དང་པོ་པ་རྣམས་ལ་མེད་དུ་མི་རུང་བ་ནི། རང་རྒྱུད་ལ་བཅས་འགལ་གྱི་ཉེས་པ་བྱུང་བ་རྣམས་ཕྱིར་བཅོས་ཤིང་བཤགས་པ་ཉིད་ཡིན་ལ། དེའི་ཚུལ་མདོ་རྒྱུད་ཀྱི་ཁུངས་དང་འབྲེལ་བར་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་བཞིན་མདོར་བསྡུས་སུ་འགོད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི་དུས་ཆེན་བཞི་དང་ཉ་སྟོང་བརྒྱད་གསུམ་ཡར་མར་གྱི་ཚེས་བཅུ་ལྟ་བུའི་དུས་བཟང་ངམ། འགྲུབ་ན་དུས་རྒྱུན་དུ་བྱ་བ་གལ་ཆེ་བས། ཐོག་མར་གནས་ཁང་བྱི་དོར་བྱ། གུང་དུ་དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་རྟེན་ཁྱད་འཕགས་བཤམས་པའི་སྤྱན་སྔར་ཅི་འབྱོར་པའི་མཆོད་པའི་ཡོ་བྱད་གཙང་ཞིང་དག་པར་བཤམས། གལ་ཏེ་རྒྱུན་གྱི་ཉམས་ལེན་ལྟ་བུར་རྟེན་སོགས་དངོས་སུ་མ་འབྱོར་ཡང་ཡིད་ཀྱིས་བསམ་པས་རུང་། གང་ལྟར་ཡང་རང་ཉིད་ཁྲུས་དང་གཙང་སྦྲ་ལ་གནས་པས་ཆོས་གོས་སོགས་ཡོད་ན་ལེགས་པར་བགོཁྲིམས་གྲོགས་གཞན་ཡོད་ན་བསླབ་པ་དང་ཡེ་ཤེས་ཀྱིས་རྒན་གཞོན་གྲལ་རིམ་པར་བསྒྲིགས་ཏེ། ཐོག་མར་ངེས་འབྱུང་གི་བློ་བཅོས་པ་ནི། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་འགྱུར་ལ། །ལོངསསྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། ལས་ནི་ལུས་དང་གྲིབ་མ་བཞིན་དུ་འབྲང་། །སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེད་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་བ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །དེ་ལྟའི་འཇིགས་རུང་སྲིད་པའི་སྡུག་བསྔལ་ལས། །མར་གྱུར་མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར། །བླ་མ་མཆོག་དང་དཀོན་མཆོག་རྣམ་གསུམ་ལ། །མི་ཕྱེད་དད་པས་སྐྱབས་སུ་འགྲོ་བར་བགྱི། །ཞེས་བརྗོད་ཅིང་དོན་ཡིད་ལ་བསམ། དེ་ནས་སྐྱབས་ཡུལ་གསལ་གདབ་ཅིང་སྐྱབས་སེམས་བྱ་བ་ནི། རྒྱས་པར་སྨིན་ལུགས་ཆོས་སྤྱོད་སོགས་ལས་འབྱུང་བ་ལྟར་རམ། བསྡུ་ན། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་དྲུག་གུས་པས་སྐྱབས་སུ་འཆི། །ལན་གསུམ་གྱིས་སྐྱབས་འགྲོ་དང་། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས་ཀྱིས་ཚད་མེད་བཞི་བསྒོམ་མཐར་ཚོགས་ཞིང་རང་ལ་བསྡུ། དེ་ནས་གནས་ཡོ་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་། །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་མཐུ། །ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་དཔལ། །ཆོས་དབྱིངས་རྣམ་པར་དག་པའི་བདེན་སྟོབས་ཀྱིས། །སྣོད་བཅུད་བདེ་ཅན་ཞིང་གི་འབྱོར་བ་ལྟར། །ཡིད་འཕྲོག་ངོ་མཚར་བཀོད་པ་འབྱམས་ཀླས་གཞིར། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །ཅེས་བདེན་སྟོབས་དང་། མཆོད་པའི་སྤྲིན་གཟུངས་ལན་གསུམ་བརྗོད་ལ་བརླབ་བོ། །གཉིས་པ་དངོས་གཞི་ལ། ཚོགས་རྟེན་གསལ་གདབ་པ་ནི། ༀ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཆོས་ཀུན་གདོད་ནས་སྤྲོས་བྲལ་འོད་གསལ་དབྱིངས། །སྟོང་དང་རྟེན་འབྱུང་ཟུང་འཇུག་སྒྱུ་མའི་གར། །སྣོད་བཅུད་རྣམ་དག་རང་བྱུང་གཞལ་མེད་ཁང་། །ཕུལ་བྱུང་བཀོད་པས་མངོན་པར་མཛེས་པའི་དབུས། །རིན་ཆེན་སེང་ཁྲི་པད་ཟླའི་གདན་གྱི་སྟེང་། །རིགས་ཀུན་ཁྱབ་བདག་རྩ་བའི་བླ་མ་མཆོག །རྣམ་རོལ་མ་འགགས་བཅོམ་ལྡན་རྡོ་རྗེ་སེམས། །དཀར་གསལ་ཕྱག་གཉིས་ཐབས་ཤེས་རྡོར་དྲིལ་བསྣམས། །རང་འོད་ཡུམ་འཁྱུད་ལོངས་སྐུའི་རྒྱན་གྱིས་སྤྲས། །སྤྱི་བོར་བརྒྱུད་པ་དྲུག་ལྡན་བླ་མ་དང་། །མཐའ་སྐོར་མདོ་སྒྱུ་སྒྲུབ་སྡེ་བཀའ་དགོངས་སོགས། །རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ་ཡིས་བསྐོར། །གཡས་སུ་མདོ་ཡི་སྟོན་མཆོག་ཤཱཀྱའི་སྲས། །མཆོག་གི་སྤྲུལ་སྐུ་མཚན་དཔེའི་གཟི་བྱིན་འབར། །གསེར་གྱི་མདོག་ཅན་ས་གནོན་མཉམ་བཞག་མཛད། །མཐའ་བསྐོར་སྐལ་བཟང་སངས་རྒྱས་སྟོང་རྩ་གཉིས། །ཉེ་བའི་སྲས་བརྒྱད་གནས་བརྟན་དགྲ་བཅོམ་ཚོགས། །སོ་ཐར་བྱང་སེམས་བརྒྱུད་པའི་བླ་མས་བསྐོར། །གཡོན་དུ་སྔགས་ཀྱི་སྟོན་མཆོག་མཚོ་སྐྱེས་རྗེ། །དཀར་དམར་མདངས་ལྡན་རྡོ་རྗེ་ཐོད་བུམ་འཛིན། །རང་འོད་དབྱིངས་ཕྱུག་མཚོ་རྒྱལ་ཡུམ་དང་འཁྲིལ། །མཐའ་བསྐོར་མཁན་ཆེན་ཆོས་རྒྱལ་བི་མ་ལ། །སྤྲུལ་པའི་ལོ་པཎ་གཏེར་སྟོན་བརྒྱ་རྩ་སོགས། །རིག་འཛིན་དཔའ་བོ་མཁའ་འགྲོ་བྱེ་བས་བསྐོར། །གཞན་ཡང་མཐའ་བསྐོར་གཙང་རིས་དཔལ་མགོན་སོགས། །བཀའ་གཏེར་བསྟན་སྲུང་དཀར་ཕྱོགས་སྐྱོང་བའི་ཚོགས། །དངོས་གཅིག་དུ་མར་འཆར་བའི་ཡེ་ཤེས་སྤྲིན། །གྲངས་མེད་ཏིལ་གྱི་གོང་བུ་བཞིན་གང་བའི། །གནས་གསུམ་འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །ཆོས་དབྱིངས་དང་མཉམ་རྒྱལ་བའི་ཞིང་རྣམས་ནས། །ཡེ་ཤེས་སེམས་དཔའ་འཁོར་བཅས་སྤྱན་དྲངས་གྱུར། །ཞེས་མོས་ལ། སྤོས་དང་བཅས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེནགྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་པའམ་ཚང་བར་བརྗོད་པའི་མཐར། ༀ་སརྦ་ཏ་ཐཱ་ག་ཏ་བུངྔྷཱ་བོ་ངྷི་སཏྭ་བྷྱཿགུ་རུ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་སྤྱན་དྲངས། ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱས་མཆོད་ཡོན་འབུལ། ཨ་བྷི་ཥེ་ཀ་ཏེས་སྐུ་ཁྲུས་གསོལ། ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་ངྷ་ནེ་སྭཱ་ཧཱས་སྐུ་ཕྱི། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ་ནས། མདུན་རྟེན་དང་དབྱེར་མེད་དུ་དགྱེས་བཞིན་བཞུགས་པར་བསམ། སྤྲོ་ན་ཚིགས་བཅད་དང་སྤེལ་བ་སྤྱི་ལྟར་བྱ། དེ་ནས་ཡན་ལག་བདུན་པ་ནི། སྤྲོ་ན་སྨིན་ལུགས་ཆོས་སྤྱོད་ལྟར་རྒྱས་པར་བྱ། བསྡུ་ན་ཀུན་མཁྱེན་བླ་མ་བརྩེ་བ་ཆེན་པོའི་གསུངས་འདི་ལྟར་བྱ་སྟེ། དང་པོ་ཕྱག་འཚལ་བ་ནི། ཕྱོགས་བཅུ་དུས་གསུམ་སྐྱབས་གནས་ཐམས་ཅད་དང་། །མི་ཕྱེད་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས། །མོས་པའི་ཡིད་མཁར་མངོན་སུམ་གཤེགས་ནས་ཀྱང་། །མགོན་མེད་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བདག་གཞན་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན། །ཞིང་གི་རྡུལ་སྙེད་ལུས་རབ་སྤྲུལ་ནས་སུ། །སྒོ་གསུམ་དད་དང་གུས་པས་ཕྱག་འཚལ་ཞིང་། །བྱང་ཆུབ་བར་དུ་སྐྱབས་ཀྱི་སྙིང་པོར་བཟུང་། །གང་གི་དྲིན་གྱིས་གནས་སྐབས་མཐར་ཐུག་གི། །དགེ་ལེགས་མཐའ་དག་གཅིག་ཅར་སྦྱིན་མཛད་པ། །སྲས་བཅས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་བཅོམ་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཆེ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་དངོས་རིགས་བརྒྱའི་བདག །ཕྲིན་ལས་རྣམ་བཞིའི་འཁོར་ལོས་སྒྱུར་བ་པོ། །སྣང་སྲིད་དབང་དུ་སྡུད་པའི་མཐུ་སྟོབས་ཅན། །པདྨ་འབྱུང་གནས་ཞབས་ལ་ཕྱག་འཚལ་ལོ། །སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་དང་། །འདུལ་བ་མངོན་པ་མདོ་སྡེ་རིན་པོ་ཆེ། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་གྱི། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉན་རང་བྱང་སེམས་བྱ་སྤྱོད་རྣལ་འབྱོར་རྒྱུད། །རྣལ་འབྱོར་ཆེ་དང་ཨ་ནུ་ཨ་ཏི་སོགས། །ཐེག་པ་རིམ་དགུའི་ཆོས་ཚུལ་རྒྱ་མཚོ་ཡི། །རྩ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་རྣམ་རོལ་གྱིས། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བ། །རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཆེན་པོ་བཞིའི། །ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །ཚོགས་གཉིས་མཐར་ཕྱིན་སྐུ་གསུམ་མངོན་དུ་གྱུར། །མཁྱེན་བརྩེ་ནུས་པའི་ཕྲིན་ལས་བསམ་མི་ཁྱབ། །ལྷར་བཅས་འཇིག་རྟེན་ཀུན་གྱི་སྐྱབས་གཅིག་པུ། །རྫོགས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །བསླབ་པ་གསུམ་སྟོན་ངག་ཚིག་དྲི་མ་མེད། །ཚད་མ་གསུམ་ལྡན་ཐོག་མཐའ་བར་དགེ་བ། །ལམ་དང་འགོག་པའི་བདེན་པས་བསྡུས་པ་ཡི། །ལུང་རྟོགས་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །རིག་དང་གྲོལ་བའི་ཡོན་ཏན་རྨད་བྱུང་བ། །རྒྱལ་སྲས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། །བདེན་བཞིའི་ལམ་གྱིས་སྲིད་ལས་རྣམ་གྲོལ་བའི། །ཉན་རང་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཡེ་ཤེས་འབར་བའི་སྣང་བ་ཆེས། །བདུད་དང་ལོག་པར་འདྲེན་པ་ཀུན་བསྲེགས་ནས། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་མཛད་པ། །མཁའ་འགྲོ་ཆོས་སྲུང་རྣམས་ལ་ཕྱག་འཚལ་ལོ། །གང་གི་སྨོན་ལམ་རྫོགས་ལྡན་སྤྲིན་ཆེན་ལས། །ཚེ་དཔལ་འབྱོར་བའི་ནོར་བུའི་གྲུ་ཆར་གྱིས། །དོན་གཉིས་འདོད་རྒུ་ཡིད་བཞིན་སྩོལ་མཛད་པའི། །གནོད་སྦྱིན་ནོར་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །མདོར་ན་གདུལ་བྱའི་ཁམས་དབང་བསམ་པ་བཞིན། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་བ་ཅན། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་རྣམས་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་དང་། ན་མོ་མཉྫུ་ཤྲཱི་ཡེ། ན་མཿསུ་ཤྲི་ཡེ། ན་མ་ཨུཏྟ་མ་ཤྲི་ཡེ་སྭཱ་ཧཱ། ཞེས་སྔགས་ལན་གསུམ་བཅས་ཀྱིས་ཕྱག་བྱ། གཉིས་པ་མཆོད་པ་འབུལ་བ་ནི། དངོས་སུ་བཤམས་པ་རྣམས། སྤྲོ་ན། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །སོགས་ཀྱི་འབུལ། བསྡུ་ན། དྲི་མེད་ཡིད་འོང་ལྷ་རྫས་ལས་བྱུང་བའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད་པར་བགྱི། །ༀ་སརྦ་ཏ་ཐཱ་ག་ཏ་བུདྡྷ་བོངྷི་ས་ཏྭ་བྷེ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ། པཏྱཾ་པུཥྤེ་ངྷཱུཔྤེ་ཨ་ལོ་ཀེ་གནྡྷེེ་ནཻ་ཝིདྱ་ཤཔྟ་རཱུ་པ་ཤཔྡ་གནྡྷེ་རཱ་ཱས་སྤཪྴེ་ངྷརྨ་དྷཱ་ཏུ་སརྦ་མ་ཧཱ་པཱུ་ཛ་ས་མ་ཡ་ཧོ། ཞེས་རོལ་མོ་དང་བཅས་བས་མཆོད་ཅིང་མཎྜལ་རྒྱས་བསྡུས་གང་རིགས་འབུལ། ཡིད་སྤྲུལ་རྒྱུར་བྱས་ཏེ། བདག་གཞན་ལུས་དང་ལོངས་སྤྱོད་དགེ་ཚོགས་དང་། །ཕྱོགས་བཅུ་རབ་འབྱམས་ཞིང་གི་རྡུལ་སྙེད་ཀྱི། །རི་རབ་གླིང་བཞི་ལྷ་མིའི་ལོངས་སྤྱོད་བཅས། །དཔག་ཡས་ནམ་མཁའ་ཁྱབ་པའི་སྤྲིན་གྱིས་མཆོད། །བསོད་ནམས་ཆེན་པོའི་དགེ་མཚན་རྨད་བྱུང་བ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་དང་། །ཉེ་བའི་རིན་ཆེན་བདུན་སོགས་རྒྱ་ཆེ་བ། །ཐུགས་རྗེའི་བདག་ཉིད་རྒྱལ་བ་སྲས་བཅས་མཆོད། །ཡིད་འཕྲོག་སྣ་ཚོགས་ནོར་བུའི་རི་བོ་དང་། །བསམ་ཀུན་ཡོངས་སུ་རྫོགས་བྱེད་ལྗོན་པ་མཆོག །འདོད་འཇོའི་བ་དང་མ་རྨོས་དགའ་ཚལ་སོགས། །གླིང་བཞིའི་འབྱོར་པའི་ཁྱད་པར་རྣམས་ཀྱིས་མཆོད། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དང་། །སྲིད་ན་སྣང་བྱེད་ཉི་ཟླའི་དཀྱིལ་འཁོར་ཟུང་། །སྤྲིན་བྲལ་འོད་ཟེར་རབ་ཏུ་འབར་བས་མཆོད། །ལྷ་དང་དྲང་སྲོང་གྲུབ་པའི་སྐྱེད་མོས་ཚལ། །དབེན་ཞིང་ཉམས་དགའི་ཕུག་དང་བྲག་རིའི་སྐྱིབས། །ཙནྡ་ལྗོན་ཤིང་འཁྲིགས་པའི་སྨན་ལྗོངས་སོགས། །མེ་ཏོག་འབྲས་བུས་བརྒྱན་པ་རྣམས་ཀྱིས་མཆོད། །ཡན་ལག་བརྒྱད་ལྡན་རྫིང་བུའི་འབབས་སྟེགས་ནི། །པུཎྜ་རི་ཀའི་དོ་ཤལ་འཛིན་པ་ན། །ངང་པ་ཤིན་ཏུ་ཞི་བས་རོལ་པའི་འཛུམ། །བུང་བ་མྱོས་པའི་སྒྲ་དབྱངས་སྒྲོགས་པས་མཆོད། །ཨུཏྤལ་མནྡ་ར་དང་ཀུ་མུཏ་སོགས། །མཚར་སྡུག་རྫོགས་པའི་པདྨོའི་ནགས་ཚལ་དང་། །ལྷན་ཅིག་སྐྱེས་དང་སྦྱར་བ་ལས་བྱུང་བའི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱིས་མཆོད་པར་བགྱི། །ཉི་ཟླ་ནོར་བུ་སྒྲོན་མེའི་སྣང་བ་ཡིས། །མུན་པ་སྟུག་པོའི་འཐིབ་བུ་འཇིལ་བ་དང་། །ག་བུར་ཙནྡན་དྲི་ཡིས་ཆུ་རྒྱུན་གྱིས། །གདུང་བ་མཐའ་དག་འཕྲོག་པའི་བསྙེན་བཀུར་སྟོབས། །བཟའ་བཅའ་བཏུང་བའི་ཁྱད་པར་ཇི་སྙེད་ཀུན། །བདུད་རྩིའི་བཅུད་ལྡན་རོ་བརྒྱའི་ཞལ་ཟས་དང་། །བཻཌཱུར་རྒྱུད་མངས་སྦྲེང་བའི་སྙན་འགྱུར་སོགས། །དབྱངས་བདུན་རྫོགས་པའི་རོལ་མོའི་ཚོགས་ཀྱིས་མཆོད། །དབང་པོའི་ཚོན་གྱིས་བསྒྱུར་བའི་རེག་བྱ་མཆོག །སྲབ་འཇམ་ཡང་པ་ལྷ་ཡི་ན་བཟའ་དང་། །གདུ་བུ་དཔུང་རྒྱན་ཅོད་པཎ་ཕྲེང་བ་སོགས། །རྣམ་མང་རྒྱན་གྱི་ཁྱད་པར་དུ་མས་མཆོད། །དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་བ་ཡི། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད་པ་དང་། །རྒྱལ་བ་སྲས་བཅས་དགྱེས་པའི་བརྟུལ་ཞུགས་ནི། །སྲོག་གི་ཕྱིར་ཡང་མི་གཏོང་གཟུང་བར་བགྱི། །ཞེས་དང་། ན་མཿསརྦ་བུངྔྷཱ་བོངྷི་ས་ཏྭ་བྷྱཿསརྦ་བིད་པཱུ་ར་པཱུ་ར། སཱུ་ར་སཱུ་ར། ཨ་ཝརྟ་ཡ་ཨ་ཝརྟ་ཡ་སྭཱ་ཧཱ། ཞེས་མཆོད། གསུམ་པ་བཤགས་པ་ནི། སྟོབས་བཞིའི་དམིགས་གནད་དང་ལྡན་པས་ལྟུང་བཤགས་ཚར་གསུམ་སོགས་དང་། བདག་ཅག་ཐོག་མེད་དུས་ནས་ད་ལྟའི་བར། །ལས་དང་ཉོན་མོངས་སྒྲིབ་པའི་དབང་གྱུར་པས། །སྒོ་གསུམ་མི་དགེ་བགྱིས་དང་བགྱིད་སྩལ་དང་། །རྗེས་སུ་ཡི་རངས་བགྱིས་ཀུན་མཐོལ་ཞིང་བཤགས། །ཁྱད་པར་སྡོམ་པ་ཚུལ་བཞིན་མ་ཐོབ་དང་། །ཐོབ་ཀྱང་སྲུང་མཚམས་ཕྲ་རགས་ལས་འགལ་ཞིང་། །ཉམས་ན་ཕྱིར་བཅོས་ཐབས་དང་མི་ལྡན་སོགས། །བཅས་པའི་ལྟུང་བས་གོས་པ་མཐོལ་ཞིང་བཤགས། །མངོན་མཐོ་ངེས་ལེགས་ཡོན་ཏན་ཀུན་གྱི་གཞི། །ངེས་པར་འབྱུང་བའི་ཚུལ་ཁྲིམས་རྨད་བྱུང་བ། །དགེ་བསྙེན་དགེ་ཚུལ་དགེ་སློང་ཕ་མ་སོགས། །སོ་ཐར་སྡོམ་པ་ཉམས་པ་མཐོལ་ཞིང་བཤགས། །བླ་མེད་རྫོགས་སངས་རྒྱས་ཀུན་འབྱུང་བའི་གཞི། །རྒྱལ་སྲས་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ། །སྡོམ་དང་ཆོས་སྡུད་སེམས་ཅན་དོན་བྱེད་ཀྱི། །བྱང་སེམས་བསླབ་པ་ཉམས་པ་མཐོལ་ཞིང་བཤགས། །མ་རྨོངས་ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་རྡོ་རྗེའི་ཐེག །བྱ་སྤྱོད་རྣལ་འབྱོར་བླ་མེད་ལམ་གྱི་སྲོག །གསང་སྔགས་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །དངོས་གྲུབ་འབྱུང་གནས་དཔལ་ལྡན་བླ་མ་ལ། །བརྙས་དང་ཐུགས་དཀྲུགས་ལ་སོགས་རྩ་བ་དང་། །དབང་གིས་མ་སྨིན་རིགས་མ་བསྟེན་{བརྟེན}པ་སོགས། །ཡན་ལག་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །བླ་མ་ཡི་དམ་ཆོས་སྲུང་ནོར་ལྷ་རྣམས། །སྒོམ་བཟླས་ཏིང་འཛིན་དམ་བཅའ་གཡེལ་བ་དང་། །བསྙེན་སྒྲུབ་སྐོང་བཤགས་ཚོགས་གཏོར་ཆག་པ་སོགས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། །སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་གདོད་མ་ནས། །ལྷ་སྔགས་ཡེ་ཤེས་ངོ་བོར་རྣམ་དག་ཀྱང་། ཐ་མལ་རྣམ་པར་རྟོག་པས་རབ་བཅིངས་ནས། །བུམ་དབང་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །འགྲོ་འོང་སྲོག་དང་རྩོལ་བའི་རྒྱུ་བ་ཀུན། །གྲག་སྟོང་རྡོ་རྗེའི་བཟླས་པར་མ་ཤེས་ཤིང་། །རླུང་དང་གཏུམ་མོའི་རྣལ་འབྱོར་མི་ལྡན་པས། །གསང་དབང་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །ལྷན་སྐྱེས་ཡེ་ཤེས་འབྱུང་བའི་དཔྱིད་གཅིག་པུ། །དངོས་དང་ཡིད་ཀྱི་ཕྱག་རྒྱ་སྤངས་པ་དང་། །བདེ་སྟོང་དགའ་བཞིའི་ཉམས་མྱོང་དང་བྲལ་བས། །ཤེར་དབང་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །གཟུང་འཛིན་འཁྲུལ་པ་ལས་འདས་འོད་གསལ་དབྱིངས། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟར་རྣམ་དག་ཀྱང་། །གློ་བུར་སྤྲོས་པ་དུ་མའི་གཞན་དབང་གིས། །ཚིག་དབང་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །དབང་བཞིའི་ལམ་གྱི་རྗེས་ཐོབ་རྣལ་འབྱོར་དང་། །བཟའ་དང་སྲུང་བ་མི་འབྲལ་དམ་ཚིག་སོགས། །བླ་མེད་གསང་བ་མཆོག་གི་འདུལ་བ་དང་། །འགལ་བའི་ནོངས་པ་ཐམས་ཅད་མཐོལ་ཞིང་བཤགས། །མདོར་ན་སངས་རྒྱས་ཀུན་དངོས་བླ་མ་ལས། །ཇི་ལྟར་ཐོབ་པའི་དམ་ཚིག་སྡོམ་པ་རྣམས། །མི་ཤེས་ཉོན་མོངས་བག་མེད་མ་གུས་པས། །ཉམས་ཆག་འགལ་འཁྲུལ་གྱུར་པ་ཅི་མཆིས་སོགས། །བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་གང་། །ཁྱབ་བདག་རྡོ་རྗེ་སེམས་དཔའི་སྤྱན་སྔ་རུ། །སྙིང་ནས་འགྱོད་པས་བཤགས་ཤིང་བསྡམ་བགྱིད་ན། །དག་ཅིང་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་འགྱོད་སྡོམ་རྩེ་གཅིག་པས་བྱ། དེ་ནས་ཡན་ལག་ལྷག་མ་གཞན་རྣམས་ནི། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རང་རྒྱལ་སོ་སོ་སྐྱེ་བོ་ཡི། །ལེགས་བྱས་དགེ་ཚོགས་ཇི་སྙེད་མཆིས་པ་ལ། །དགའ་ཞིང་སྤྲོ་བས་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུ་རབ་འབྱམས་ཞིང་ན་བཞུགས་པ་ཡི། །བླ་མ་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །རིགས་ཅན་གསུམ་གྱི་འགྲོ་རྣམས་སྒྲོལ་བའི་ཕྱིར། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །གདུལ་བྱ་རྒྱ་མཚོའི་ཚོགས་རྣམས་སྣང་བའི་ཕུལ། །བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་དཔེའི་དཔལ། །མཁའ་ཁྱབ་སྲིད་པ་ཇི་སྲིད་གནས་ཀྱི་བར། །མྱ་ངན་མི་འདའ་རྟག་ཏུ་བཞུགས་གསོལ་འདེབས། །འདིས་མཚོནདུས་གསུམ་བསགས་པའི་དགེ་ཚོགས་ཀུན། །འཁོར་གསུམ་སྤྲོས་པའི་མཚན་མ་མ་དམིགས་བཞིན། །རྨད་བྱུང་ཐབས་དང་སྙིང་རྗེའི་གཞན་དབང་གིས། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བར་བགྱི། །ཞེས་དང་། དེ་ལྟར་ཕྱག་འཚལ་མཆོད་ཅིང་གསོལ་བཏབ་མཐུས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་རྟེན་རྙེད་དགེ་བའི་བཤེས་ཀྱིས་ཟིན། །ཚུལ་གནས་ཐོས་བསམ་བསྒོམ་པའི་ཕ་རོལ་སོན། །བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་རློབས། །ཁྱད་པར་ནད་གདོན་སྡིག་སྒྲིབ་ཉེར་ཚེས་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་སོགས། །ཕན་བདེའི་དགེ་མཚན་རྒྱས་པར་བྱིན་གྱིས་རློབས། །མཐར་ཐུག་གསང་ཆེན་མྱུར་ལམ་ལ་བརྟེན་ནས། །རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་གྱུར་ཏེ། །འཆི་མེད་རྟག་པ་དམ་པའི་ཕྲིན་ལས་ཀྱིས། །མཁའ་ཁྱབ་འགྲོ་བ་འདྲེན་པར་བྱིན་གྱིས་རློབས། །གཞན་ཡང་རིས་མེད་བསྟན་འཛིན་སྐྱེས་བུ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་ཡི། །ས་གསུམ་དགེ་ལེགས་འཕེལ་བར་བྱིན་གྱིས་རློབས། །ཞེས་འདོད་པའི་དོན་ལ་གསོལ་བ་གདབ་བོ། །དེ་ནས་གསོ་སྦྱོང་དངོས་ལ། སྤྲོ་ཞིང་ནུས་ན་འཛམ་གླིང་ཤིང་རྟ་ཆེན་པོ་རྒྱལ་བས་ལུང་བསྟན་བློ་གྲོས་མཐའ་ཡས་ཀྱི་གསུང་རབ་ལས་འབྱུང་བ་བཞིན་བྱ་ལ། དེ་ཙམ་མི་ནུས་ན། ཐུབ་བསྟོད་དང་སྡོམ་གསུམ་སོ་སོའི་བརྒྱུད་པའི་གསོལ་འདེབས་སམ། བསྡུ་ན། སྤྲོས་བྲལ་བདེ་ཆེན་མ་ཙམ་སྔོན་དུ་འགྲོ་བས་བྱེ་བྲག་སྡོམ་གསུམ་སོ་སོའི་གསོ་སྦྱོང་ལས། དང་པོ་སོ་ཐར་ལ། སྦྱོར་བ་སྔོན་འགྲོ་གསོ་སྦྱོང་ཁོ་ནའི་སྒེར་ཆོས་མིན་ཡང་དགེ་འདུན་སྤྱིའི་བྱ་བ་རྒྱུན་ཆགས་གསུམ་པ་བྱ་བར་སྤྲོ་ན། །ཕྱག་འཚལ་བ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། མཉམ་མེད་ཤཱཀྱའི་རྒྱལ་པོའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་གུས་པས་ཕྱག་འཚལ་ལོ། །སྐུར་གྱུར་པ་ནི་ཐམས་ཅད་ལ། །མཚན་མཆོག་སུམ་ཅུ་གཉིས་མངའ་བའི། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང་། །གང་དུ་བྱང་ཆུབ་ལ་རེག་དང་། །ཞི་བའི་འཁོར་ལོ་བསྐོར་བ་དང་། །ཟག་མེད་མྱ་ངན་འདས་པ་དང་། །བདེ་གཤེགས་གང་དུ་བཞུགས་པ་དང་། །འཆག་པ་དང་ནི་བཞེངས་པ་དང་། །སེངྒེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ནི་བདག་ཕྱག་འཚལ། །སྟེང་དང་འོག་དང་བར་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། །སྐུར་བཅས་སྐུར་ནི་མེད་པ་ཡི། །མཆོད་རྟེན་ལ་ནི་བདག་ཕྱག་འཚལ། །རྐང་གཉིས་དམ་པ་ཤར་དང་ནི། །བྱང་གི་ཕྱོགས་ཆར་བཞུགས་པ་ཡི། །རྒྱལ་བ་བརྟེན་དཀའ་ཞེས་བྱ་བ། །དེས་ནི་ཚིགས་བཅད་འདི་གསུངས་སོ། །གང་གིས་ཚིགས་བཅད་འདི་བཞི་ཡིས། །དེ་བཞིན་གཤེགས་པ་བསྟོད་བྱེད་ན། །བསྐལ་པ་བྱེ་བ་སྟོངདུ་ནི། །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །ཞེས་སམ་བསྡུ་ན། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལའང་མེད། །འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ཕྱོགས་དག་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་སསྟེང་རྒྱས་པ་ཀུན་ཏུ་བསྐོར་ཀྱང་ག་ལ་ཡོད། །ཅེས་ཚིགས་སུ་བཅད་པ་གཅིག་པུས་ཀྱང་རུང་སྟེ། གང་ལྟར་ཡང་། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །སོགས་ཚིགས་བཅད་གསུམ་དང་ཕྱག་འཚལ་བ་དང་སོགས་ཚིགས་བཞི་གཅིག་བརྗོད་དོ། །དེ་ནས་མདོ་བཀླག་པ་ནི། དགེ་བར་གསུངས་ཤིགསྐར་མ་རབ་རིབསོགས་དང་། ཆོས་རྣམས་ཐམས་ཅད་རྒྱུ་སོགས་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །སོགས་བརྗོད། དགེ་བསྔོ་ནི། བསོད་ནམས་འདི་ཡིས་སོགས་དང་། སྐབས་འདིར་འཕྲོག་མ་སོགས་ལ་གཏོར་མ་འབུལ་བ་སོགས་ཀྱང་སྤྱི་ལྟར་བྱའོ། །དངོས་གཞི་ཕྱིར་བཅོས་བྱ་བ་ནི། སྤྱིར་སྡོམ་པ་གསུམ་ག་བཤགས་ཡུལ་རྟེན་དགེ་སློང་སོགས་དངོས་སུ་ཡོད་ན་དེའི་སྤྱན་སྔར་བཤགས་དགོས་པས་སྤྱི་ལྟར་བྱ་ལ། འདིར་དངོས་སུ་མ་འཛོམས་ན་ལྷ་རྣམས་ཀྱི་སྤྱན་སྔར་ཡང་མཛད་པའི་ཕྱག་བཞེས་ལྟར་ན། རྟེན་གྱི་དྲུང་དུ་ཕྱག་གསུམ་བཙལ་ཏེ། ཙོག་པུར་འདུག་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་སོགས་རྒྱལ་བ་སྲས་དང་སློབ་མར་བཅས་པ་ལྷ་རྣམས་བདག་ལ་དགོངས་སུ་གསོལ། བདག་ཤཱཀྱའི་དགེ་བསྙེན་ནམ་དགེ་ཚུལ་ལམ་དགེ་སློང་མིང་འདི་ཞེས་བགྱི་བ། བྱིས་པ་ཉིད་དང་། མི་ཤེས་པ་ཉིད་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་བའི་དབང་གིས། དགེ་སློང་ཡིན་ན། ཕམ་ལྷག་གི་སྦོམ་པོ་ལྕི་ཡང་གཉིས་དང་ལྟུང་བྱེད་འབའ་ཞིག་པ་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱི་སྡེ་ཚན་རྣམས་ལས་ཁ་ན་མ་ཐོ་བ་གང་དང་གང་བྱུང་བ་ཞེས་སམ། ཡང་ན་ཐུན་མོང་དུ། སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་དམ་པའི་ཆོས་སོ་སོར་ཐར་པའི་འདུལ་བ་ནས་ཇི་སྐད་གསུངས་པའི་སྡོམ་པ་དང་འགལ་བ་ཉེས་པ་གང་དང་གང་བྱུང་བ་དེ་དང་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ། རྒྱལ་བ་སྲས་དང་སློབ་མར་བཅས་པའི་སྤྱན་སྔར་མཐོལ་ལོ་འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་དང་། བཤགསཡུལ་གྱིས་དངོས་སུ་གསུངས་པར་མོས་ལ། ཉེས་ལྟུང་དེ་དག་ལ་ཉེས་ལྟུང་དེ་དག་ཏུ་གཟིགས་སམ། ལན་དུ་མཐོང་ལགས། དེ་བཞིན་དུ་ཕྱིན་ཆད་ལེགས་པར་སྡོམ་མམ། སྡོམ་ལགས། ཐབས་ཡིན་ནོ། །ལེགས་སོ། །ཞེས་བརྗོད། གལ་ཏེ་དབེན་པར་གནས་པ་ལྟ་བུ་དགེ་སློང་གཅིག་པུ་གསོ་སྦྱོང་གི་རེས་ལ་བབས་ན། དེ་འཕྲལ་ཕྱག་གསུམ་བཅས། དགོངས་གསོལ་གོང་ལྟར་སྔོན་དུ་འགྲོ་བས། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ལ། བདག་ཤཱཀྱའི་དགེ་སློང་མིང་འདིཞེས་བགྱི་བས་ཀྱང་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ན། བདག་ཤཱཀྱའི་དགེ་སློང་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་བདག་མཆི་ན། བདག་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་པར། འཕགས་པ་རྣམས་ཀྱིས་བཟུང་དུ་གསོལ། བདག་ཤཱཀྱའི་དགེ་སློང་མིང་འདི་ཞེས་བགྱི་བ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེང་གསོ་སྦྱོང་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་གྱི་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་ཏུ་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བྱ་ཞིང་། སོ་སོ་ཐར་པའི་མདོ་ཡང་གདོན་པར་བགྱིའོ། །ཞེས་ལན་གསུམ་དང་། ཐབས་ལེགས་བྱའོ། །གང་ལྟར་ཡང་། མཐར་སྨོན་ལམ་དུ་བྱ་བ་ནི། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །སོགས་དང་། རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །ཞེས་སོགས་དང་། འདི་ལྟར་བགྱིས་པའི་བསོད་ནམས་དཔག་མེད་ཀྱིས། །དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིན། །གནས་ངན་ལེན་རྣམས་རྟག་ཏུ་སྤངས་བྱས་ཏེ། །རྒྱལ་བ་བྱམས་པའི་ཞབས་དྲུང་སྐྱེ་བར་ཤོག །ཅེས་པ་ཙམ་བརྗོད་དོ། །གཉིས་པ་བྱང་སེམས་ལ། ཐོག་མར་ཕྱིར་བཅོས་ཀྱི་བཤགས་པ་བྱ་བ་ནི། ཕྱག་སོགས་སྔོན་དུ་འགྲོ་བས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ། བྱིས་པ་ཉིད་དང་སོགས་ནས། ཉོན་མོངས་པ་མང་བའི་དབང་གིས་ཐེག་པ་ཆེན་པོའི་འདུལ་བ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་པ་སྤྱི་དང་། ཁྱད་པར་དུ་སྲོལ་གཉིས་གང་ཡང་རུང་བ་དང་འབྲེལ་བའི་སྨོན་འཇུག་གི་བསླབ་བྱ། ཉེས་སྤྱོད་སྡོམ་པ་དང་། དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་གང་ཡང་རུང་བ་དང་འགལ་བའི་ཉེས་པ་གང་དང་གང་བྱུང་བ་དེ་ཐམས་ཅད། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས་སོ། །ཞེས་སོགས་གོང་བཞིན་མཐར། མཐོང་སྡོམ་ཐབས་ལེགས་བྱའོ། །དངོས་གཞི་སེམས་སྡོམ་ལེན་པ་ནི། གོང་བཞིན་དགོངས་གསོལ་སྔོན་དུ་འགྲོ་བས། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་འཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་འཆི། །ལན་གསུམ་གྱིས་སེམས་བསྐྱེད་ཀྱི་རྟེན་དུ་གྱུར་པའི་སྐྱབས་འགྲོ་དང་། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིནདུ་བསླབ་པར་བགྱི། །ལན་གསུམ་གྱིས་སྨོན་འཇུག་གཉིས་སྟབས་གཅིག་ཏུ་བླང་། མཇུགདེང་དུས་བདག་ཚེ་འབྲས་བུ་ཡོད། །སོགས། རང་གཞན་དགའ་བ་བསྒོམ་པ་དང་སྨོན་ལམ་སྤྱི་ལྟར་བྱའོ། །གསུམ་པ་གསང་སྔགས་ལ། ཐོག་མར་གོང་མ་གཉིས་དང་སྒོ་བསྟུན་ནས་ཕྱིར་བཅོས་བྱ་བ་ནི། ཕྱག་སོགས་སྔར་བཞིན་པས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་ཏེ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་མཁའ་འགྲོ་ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་དགོངས་སུ་གསོལ། བདག་རིག་པ་འཛིན་པ་གསང་བའི་མིང་འདི་ཞེས་བགྱི་བ། བྱིས་པ་ཉིད་དང་སོགས་ནས། ཉོན་མོངས་པ་མང་བའི་དབང་གིས། སྤྱིར་རྡོ་རྗེ་ཐེག་པའི་འདུལ་བ་རྒྱ་མཚོ་དང་འགལ་བའི་ནོངས་པ་གང་མཆིས་པ་དང་། ཁྱད་པར་དུའང་། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་དང་། ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ། སྒྲུབ་པ་ཁྱད་པར་གྱི་དམ་ཚིག་ཉི་ཤུ། སྤྱོད་པ་རྒྱུན་གྱི་དམ་ཚིག་བཞི། རང་བཞིན་ལྟ་བའི་དམ་ཚིག་བཞི། གལ་མདོ་ངེས་པའི་དམ་ཚིག་གསུམ་དང་། གཞན་ཡང་ཡན་ལག་གི་དམ་ཚིག་འབུམ་སྡེ་ལ་སོགས་པ་ནང་པ་ཐབས་ཀྱི་རྒྱུད་ལས་གསུངས་པའི་བསྲུང་མཚམས་དང་འགལ་བའི་ཉེས་པ་གང་དང་གང་བྱུང་བ་དེ་ཐམས་ཅད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ལན་གསུམ་དང་། མཐོང་སྡོམ་ཐབས་ལེགས་བྱའོ། །དངོས་གཞི་ཉམས་ཆག་བཤགས་ཤིང་བསྐོང་བ་ནི། ༀ༔ ཡེ་ཤེས་སྐུ་མཆོག་སོགས་ཤླཽ་ཀ་གཅིག་གི་མཐར། ༀ་ཨཱཿཧཱུྃ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ས་མ་ཡ་ཧོཿས་མ་ཡ་སྟྭཾ། ཨེ་ཧྱེ་ཧི། བཛྲ་ས་མ་ཡ་ཛཿས་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་སྤྱན་དྲངས་ནས། བརྗོད་མེད་དོན་བཤགས་ཉིད་སྔོན་དུ་འགྲོ་བས། ཐོག་མར་ལུས་ཀྱི་ཉམས་ཆག་བསྐང་བ་ནི། གདུང་བའི་བརྐྱང་ཕྱག་དང་བཅས་ཏེ། གྲུབ་ཐོབ་ཐུགས་ཏིག་གི་ཆོས་སྡེ་ལས་བྱུང་བ་འདི་ལྟར། ཧོཿདགོངས་ཀློང་དབྱེར་མེད་བརྡའ་ཡིས་མཚོན༔ སྙན་བརྒྱུད་བདུད་རྩིས་སྐལ་ལྡན་སྐྱོང༔ བྱིན་རླབས་ཐུགས་རྗེའི་བདག་ཉིད་ཆེ༔ རྩ་བརྒྱུད་བླ་མ་ལ་ཕྱག་འཚལ༔ ཆོས་སྐུའི་ངང་ལས་ལོངས་སྤྱོད་རྫོགས༔ སྤྲུལ་པའི་སྒྱུ་འཕྲུལ་ཅིར་ཡངསྟོན༔ དངོས་གྲུབ་རྣམ་གཉིས་ཆར་བཞིན་འབེབས༔ ཡི་དམ་ཞི་ཁྲོ་ལ་ཕྱག་འཚལ༔ ལྷན་སྐྱེས་ངང་ལས་མ་གཡོས་བཞིན༔ ཞིང་སྔགས་ཌཱ་ཀིའི་སྤྲིན་ཕུང་འཕྲོ༔ མཆོག་ཐུན་ཕྲིན་ལས་གློག་ལྟར་འཁྱུགས༔ གནས་གསུམ་མཁའ་འགྲོ་ལ་ཕྱག་འཚལ༔ རིག་འཛིན་བླ་མའི་བཀའ་བཞིན་དུ༔ རྣལ་འབྱོར་སྒྲུབ་མཆོག་བུ་བཞིན་སྐྱོང༔ ལེགས་ཉེས་སྟངས་འཛིན་བར་ཆད་སེལ༔ ཆོས་སྲུང་གཏེར་བདག་ལ་ཕྱག་འཚལ༔ ཕྱག་བྱར་འོས་པ་ཐམས་ཅད་ལ༔ སྒོ་གསུམ་གུས་པས་དད་ཕྱག་འཚལ༔ ཉམས་ཆག་སྡིག་སྒྲིབ་ཞི་བ་དང༔ ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས༔ ༀ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ཎ་བནྡ་ནཾ་ཀ་རོ་མི༔ དེ་ནས་ངག་གི་ཉམས་ཆག་བསྐང་བའི་ཕྱིར་རྡོར་སེམས་བསྒོམ་བཟླས་བྱ་བ་ནི། ཨཱཿབདག་གི་སྤྱི་བོར་པད་ཟླའིསྟེང༔ བླ་མ་རྡོར་སེམས་ཧེ་རུ་ཀ༔ ཡབ་ཡུམ་ཐུགས་ཀའི་སྔགས་ཕྲེང་དང༔ སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན༔ སྦྱོར་མཚམས་ནས་བྱུང་ཚངས་བུག་ཞུགས༔ ལུས་གང་སྡིག་སྒྲིབ་ཉེས་ལྟུང་རྒྱུ༔ འབྲས་བུ་ནད་གདོན་སྡུག་བསྔལ་ཀུན༔ དག་ཅིང་དྲི་མ་མེད་པར་གྱུར༔ ཞེས་མོས་ལ་ཡིག་བརྒྱ་ཅིི་ནུས་སུ་བཟླ༔ དེ་ནས་གདུང་བའི་སྨྲེ་བཤགས་བྱ་བ་ནི། དངོས་སུ་བླ་མ་དང་མཆེད་ལྕམ་ལ་འགལ་བ་སོང་ན་དེ་ཉིད་སྤྱི་བོའི་བླ་མ་རྡོར་སེམས་དང་དབྱེར་{མེད་ཞུ་མཆན།} དུ་བསྒོམས་ནས། ཀུན་མཁྱེན་ཆེན་པོའི་གསུང་ལས་འབྱུང་བ་འདི་ལྟར། ཀྱེ་ཀྱེ་བླ་མ་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ། །མ་རིག་འཁྲུལ་པས་བདག་གནོན་ཏེ། །སྒོ་གསུམ་ཉེས་པ་ཅི་མཆིས་པ། །རབ་ཏུ་འགྱོད་པས་བཤགས་པར་བགྱི། །སྡོམ་པ་གསུམ་དང་འགལ་གྱུར་ཅིང་། །ཉེས་པའི་དྲི་མས་སེམས་གོས་པ། །དེ་ཀུན་ཁྱོད་ཀྱི་ཐུགས་རྗེ་ཡིས། །སྐད་ཅིག་ཉིད་ལ་བྱང་བར་མཛོད། །བདག་ནི་མི་ཤེས་རྨོངས་པ་ཡིས། །མ་འཚལ་བཞིན་དུ་སྡིག་བགྱིས་པས། །སྔར་ཡང་འཁོར་བར་རབ་ཏུ་འཁྱམས། །ད་ནི་བླ་མ་ཐུགས་རྗེ་ཅན། །ཁྱེད་ཀྱིས་བདག་གི་སྒྲིབ་པ་ཀུན། སྐད་ཅིག་ཉིད་ལ་བསལ་བར་མཛོད། །འདི་ལྟར་མི་ཤེས་བྱིས་པ་ལ། །སྐྱོན་གྱུར་མཐོང་ཚེ་ལྷག་པར་ཡང་། །ཐུགས་རྗེའི་གཟིགས་པ་མི་འཇུག་ན། །དེ་ལས་གཞན་ལ་ཅིར་འགྱུར་དགོངས། །བུ་ཡི་ཉེས་པ་གང་ལགས་པས། །མ་ཡིས་སེལ་ཞིང་སྐྱོང་བ་ལྟར། །བདག་ཅག་འགྲོ་དྲུག་སེམས་ཅན་ལ། །ཁྱེད་ཀྱིས་དང་པོར་ཐུགས་བསྐྱེད་ནས། །ཕན་པར་མཛད་ཅེས་དམ་བཅས་ན། །དུས་འདིར་བདག་ལ་ཅིས་མི་དགོངས། །བདག་ཅག་འཁྲུལ་བའི་སེམས་ཅན་རྣམས། །གཟིགས་ནས་ཐུགས་རྗེས་མི་འཛིན་ན། །ཁྱེད་ཀྱི་ཕྲིན་ལས་གདུལ་བྱ་ལ། །ཕན་པ་དེ་ཡང་ཇི་ལྟར་དགོངས། །སྔོན་གྱི་རྒྱལ་བ་གྲངས་མེད་ཀྱང་། །བདག་ཅག་སྤངས་ནས་ཐར་བར་གཤེགས། །ད་ནི་ཕྱོགས་བཅུའི་རྒྱལ་བ་ཡིས། །ཁྱོད་ལ་བསྐུལ་ནས་བདག་ཅག་གི། །དོན་དུ་བླ་མར་རྣམ་འཕྲུལ་ན། །ཁྱེད་ཀྱིས་བདག་ཅག་འདོར་ཕོད་དམ། །འཇིགས་སར་སྐྱེལ་མས་བསླུས་པ་བཞིན། །ཁྱེད་ཀྱིས་དེ་རིང་བསླུ་མཛད་དམ། །ཡིད་བཞིན་ནོར་བུ་རིན་ཆེན་ཡང་། །གསོལ་བ་བཏབ་ན་འདོད་དགུ་འབྱུན། །ཁྱེད་ནི་བརྩེ་ཆེན་ཐབས་ལ་མཁས། །དེ་སླད་བདག་ལ་ཅིས་མི་གཟིགས། །ཤ་ཟ་རྣམས་ཀྱང་མཆོད་སྦྱིན་དང་། །བདེན་པའི་ཚིག་ནི་བརྗོད་མ་ཐག །སྔོན་གྱི་ཁྲོ་བའང་འདོར་བགྱིད་ན། །ཁྱེད་ནི་ཐུགས་རྗེ་འགྲོ་བའི་ཡབ། །གུས་མཆོད་གདུང་བས་སེམས་གདུངས་ཤིང་། །ཉེས་པ་བཤགས་ན་ཅིས་མི་གཟིགས། །བདག་གི་སྡིག་ཀུན་མ་བྱང་བར། །སྐྱེ་བ་གཞན་དུ་སོང་གྱུར་ན། །དམྱལ་མེས་བསྲེག་པ་ཁོ་ནར་ཟད། །དེ་ལ་ཁྱེད་ཀྱིས་མི་གཟིགས་ན། །ཐུགས་རྗེའི་བདག་ཉིད་ཇི་ལྟར་ལགས། །ཀྱེ་མ་ཀྱི་ཧུད་བདག་གི་སྡིག །མ་ལུས་བྱང་བར་མཛད་དུ་གསོལ། །སྐད་ཅིག་འདི་ལ་ཐུགས་རྗེས་དགོངས། །བདག་ལ་དབང་བསྐུར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །འཆི་ཁར་གནད་གཅོད་སྡུག་བསྔལ་མེད། །བར་དོའི་འཇིགས་པ་ཀུན་ལས་གྲོལ། །འོག་མིན་གནས་སུ་འཁྲིད་པར་མཛོད། །ཅེས་གདུང་ཤུགས་དྲག་པོས་བརྗོད། དཀྱུས་ཙམ་དུ་སྔ་མའི་འཕྲོས། ༀ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདག་ལ་རེ་ས་ཁྱེད་ལས་མེད༔ ཐུགས་རྗེའི་སྤྱན་གྱིས་གཟིགས་མཛོད་ལ༔ ཉམས་ཆག་སྡིག་ལྟུང་སྦྱོང་མཛད་གསོལ༔ བདག་ཅག་ཉོན་མོངས་གཞན་དབང་དང༔ མི་ཤེས་བག་མེད་མ་གུས་པས༔ རང་བཞིན་ཁ་ན་མ་ཐོ་དང༔ བཅས་པའི་བསླབ་ལས་འགལ་བ་ཀུན༔ དག་ཅིང་ཚངས་པར་སྩལ་དུ་གསོལ༔ ཁྱད་པར་རྡོ་རྗེ་ཐེག་པ་ཡི༔ རྩ་བ་སྐུ་གསུང་ཐུགས་མཆོག་དང༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ མེད་ཕྱལ་གཅིག་པུ་ལྷུན་གྲུབ་སོགས༔ རང་བཞིན་ལྟ་བའི་དམ་ཚིག་ལས༔ ཉམས་འགལ་རལ་བར་གྱུར་པ་ཀུན༔ སྙིང་ནས་འགྱོད་པས་མཐོལ་བཤགས་ན༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ༔ ཉིད་དང་དབྱེར་མེད་བྱིན་རློབས་ཤིག༔ ཅེས་གསོལ་བ་བཏབ་པས་བླ་མ་རྡོ་རྗེ་སེམས་དཔས་སྡིག་སྒྲིབ་དག་པའི་གནང་བ་བྱིན་ནས་རང་ལ་ཐིམ་པར་བསམ། དེ་ནས་ཡིད་ཀྱི་ཉམས་ཆག་བསྐང་བའི་ཕྱིར། རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ ཡེ་བསྲུང་ཐིག་ལེ་ཉག་གཅིག་ངང༔ སྤང་བླང་ལས་འདས་ཕྱལ་བ་ཆེ༔ རང་བྱུང་རང་ཤར་ལྷུན་གྱིས་གྲུབ༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་གྲོལ༔ མ་བཅོས་རྫོགས་པ་ཆེན་པོའོ༔ ཨ་ཨ་ཨཱ༔ ཞེས་བརྗོད་ལ་མཉམ་པར་བཞག་གོ །སྐབས་འདིར་སྤྲོ་ན་ཞི་ཁྲོ་ན་རག་བསྐང་བཤགས་དང་ཆོས་རྗེ་མི་ཕམ་རིན་པོ་ཆེས་རྒྱུད་ལས་བཏུས་པའི་བཤགས་སྨོན་སོགས་ཀྱང་ཅི་རིགས་པ་བྱའོ། །མཐར་དབང་བླང་བ་ནི། སླར་ཡང་དད་མོས་རྩེ་གཅིག་པས། ཚིག་བདུན་གསོལ་འདེབས་དང་། སྤྲོ་ན་རང་གི་རྩ་བའི་བླ་མའི་གསོལ་འདེབས་རིགས་གང་ཤེས། བསྡུ་ན། སྐྱབས་གནས་ཀུན་འདུལ་རྩ་བའི་བླ་མ་ལ། །བཟོད་མེད་སྒོ་གསུམ་གུས་པས་གསོལ་བ་འདེབས། །ཕུལ་བྱུང་མཁྱེན་བརྩེ་ནུས་པས་རྗེས་དགོངས་ཏེ། །བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཞེས་ཅི་ནུས་དང་། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །བདག་སོགས་འགྲོ་ལ་ཐུགས་བརྩེས་ཉེར་དགོངས་ནས། །བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ནའི། །ཡེ་ཤེས་མཆོག་གིས་བདག་རྒྱུད་གཏམ་པར་མཛོད། །གུ་རུའི་སྤྱི་བོའི་ༀ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་སྤྱི་བོར་ཐིམ་པའི་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་གྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམདུ་ཐིམ་པས། དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་བརྗོད་ཅིང་མོས་ལ་རིག་སྟོང་ཀ་དག་གི་དབྱིངས་སུ་ཅི་གནས་སུ་མཉམ་པར་བཞག་གོ །གསུམ་པ་རྗེས་ལ། གཏང་རག་གི་དོནདུ་ཡན་ལག་བདུན་མ་འབུལ་བ་ནི། སླར་ཡང་ཐལ་མོ་སྦྱར་བས་བཏུད་དེ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །སོགས་ཀྱི་མཐར། མཁའ་ཁྱབ་ཡེ་ཤེས་སྐུ་མངའ་སྲས་དང་བཅས། །སྒྲིབ་མེད་མཁྱེན་བརྩེ་ནུས་པས་རྗེས་དགོངས་ཏེ། །རྩེ་གཅིག་གསོལ་བ་འདེབས་པའི་སྐལ་བཟང་ལ། །དོན་གཉིས་བསམ་ཀུན་འགྲུབ་པར་བྱིན་གྱིས་རློབས། །སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བཤད་སྒྲུབ་བསྟན་པའི་མངའ་ཐང་ཆེར་རྒྱས་ཤིང་། །བགྲོ་ཀུན་བདེ་སྐྱིད་འཕེལ་བར་མཛད་དུ་གསོལ། །རྟག་པར་དགེ་འདུན་ལྟ་སྤྱོད་དོན་མཐུན་ཞིང་། །ཆོས་སྤྱོད་བཅུ་ཡི་བྱ་བ་གོང་དུ་འཕེལ། །ཚུལ་ཁྲིམས་དག་ཅིང་ཏིང་འཛིན་ཤེས་རབ་སོགས། །མཐའ་དག་ཡོན་ཏན་རྫོགས་པར་མཛད་དུ་གསོལ། །དཀར་ཕྱོགས་དགའ་བས་དུས་སུ་ཤིས་པ་སྒྲུབ། །ནག་ཕྱོགས་གདུག་པའི་རྩུབ་འགྱུར་ངང་གིས་ཞི། །སྐྱེ་རྒུ་མཐའ་དག་དཀོན་མཆོག་བསྟན་ལ་གུས། །ལས་འབྲས་ཡིད་ཆེས་སྐྱེད་པར་མཛད་དུ་གསོལ། །དེ་མཐུས་བདག་དང་མཐའ་ཡས་སེམས་ཅན་ཀུན། །སྐྱེ་ཞིང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ཅིང་། །ཐེག་མཆོག་བཤེས་གཉེན་ཚུལ་བཞིན་བསྟེན་པ་དང་། །ཐོས་བསམ་སྒོམ་པའི་བློ་གྲོས་རྒྱས་པར་ཤོག །སྲིད་ལས་ངེས་འབྱུང་ཐར་པ་དོན་གཉེར་ཞིང་། །དད་དང་ཤེས་རབ་བརྩོན་འགྲུས་ཕུན་སུམ་ཚོགས། །གཞན་ཕྱིར་བརྩེ་བའི་སྙིང་སྟོབས་མི་ཕྱེད་པའི། །དཀར་པོའི་རིགས་ཀྱི་ནུས་པ་རྫོགས་གྱུར་ཅིག །དེ་ཚེ་གསུམ་ལ་སྐྱབས་སུ་འགྲོ་བ་དང་། །དུས་དང་གཏན་དུ་བླངས་པའི་སོ་ཐར་གྱི། །ཚུལ་ཁྲིམས་ཕུང་པོ་ཡོངས་སུ་དག་པ་དང་། །བཅོས་མིན་བྱང་ཆུབ་སེམས་མཆོག་འབྱོང་བར་ཤོག །བྱེ་བྲག་སྨྲ་དང་མདོ་སྡེའི་གྲུབ་མཐའ་དང་། །རྣལ་འབྱོར་སྤྱོད་པའི་དེ་ཉིད་ལེགས་མཐོང་ནས། །མཐའ་བྲལ་དབུ་མར་ལྟ་བའི་སྣང་བ་ཡིས། །གཉིས་འཛིན་མུན་པ་མཐའ་དག་འཇིལ་གྱུར་ཅིག །མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་ལས། །བྱ་སྤྱོད་རྣལ་འབྱོར་རྒྱུད་ཀྱི་ངེས་གསང་དོན། །སྨིན་གྲོལ་བདུད་རྩིའི་བརླན་པའི་དགེ་མཚན་གྱིས། །གྲུབ་གཉིས་པདྨོ་མཆོག་ཏུ་རྒྱས་པར་མཛོད། །ཁྱད་པར་བླ་ན་མེད་པའི་རྡོ་རྗེའི་ཐེག །ཐབས་ཤེས་ཟུང་འཇུག་རྒྱུད་སྡེ་རྒྱ་མཚོ་ཡི། །རྣམ་དག་དབང་བཞིས་སྒོ་གསུམ་སྨིན་པ་དང་། །དམ་ཚིག་སྡོམ་པ་སྲོག་བཞིན་སྲུང་གྱུར་ཅིག །བརྗོད་བྲལ་ལྷན་སྐྱེས་ཡེ་ཤེས་སྙིང་ལ་ཤར། །ཐ་མལ་སྣང་ཞེན་ལྷ་ཡི་འཁོར་ལོར་རྫོགས། །རྩ་རླུང་ཐིག་ལེ་དབུ་མའི་དབྱིངས་སུ་ཐིམ། །སྤྱོད་དང་ཉེ་རྒྱུའི་བརྟུལ་ཞུགས་མཐར་ཕྱིན་ཤོག །བཟླས་དང་གཏོར་མསྦྱིན་སྲེག་རབ་གནས་དང་། །དམན་འབྲིང་མཆོག་གི་ལས་ཚོགས་རབ་འབྱམས་ཀྱིས། །ཕྲིན་ལས་བཞི་དང་གྲུབ་ཆེན་རྣམ་བརྒྱད་སོགས། །ཕན་བདེའི་འདོད་རྒུ་ཡིད་བཞིན་འགྲུབ་གྱུར་ཅིག །ཚོགས་དང་སྦྱོར་མཐོང་སྒོམ་པའི་ལམ་བཞི་ལ། །བརྟེན་ནས་གནས་སྐབས་སློབ་པའིཟུང་འཇུག་དང་། །མཐར་ཐུག་རྡོ་རྗེ་འཛིན་པའི་ས་ཐོབ་ནས། །སྐུ་དང་ཡེ་ཤེས་ཕྲིན་ལས་དབང་འབྱོར་ཤོག །གཞན་ཡང་འཇིགས་པ་བརྒྱད་དང་བཅུ་དྲུག་སོགས། །མི་མཐུན་ཕྱོགསཀུན་ཉེ་བར་ཞི་བ་དང་། །ཚེ་དང་བསོད་ནམས་ལུང་རྟོགས་ཡོན་ཏན་དཔལ། །ཆོས་མཐུན་བསམ་སྦྱོར་འབད་མེད་འགྲུབ་གྱུར་ཅིག །ནམ་ཞིག་འདི་སྣང་ནུབ་པར་གྱུར་པ་ན། །གནད་གཅོད་སྡུག་བསྔལ་མཐའ་དག་མི་འབྱུང་ཞིང་། །བླ་མ་མཆོག་དང་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །མཁའ་སྤྱོད་དག་པའི་ཞིང་དུ་འཁྲིད་པར་ཤོག །མདོར་ན་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་དང་། །དབྱེར་མེད་འཁོར་ལོའི་མགོན་པོའི་བྱིན་རླབས་ཀྱིས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱིས། །དོན་གཉིས་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །བསྟན་འཛིན་མཆོག་རྣམས་བསྐལ་བརྒྱར་ཞབས་བརྟན་ཅིང་། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་འཕེལ་བ་ལས། །འགྲོ་རྣམས་རྫོགས་ལྡན་དུས་ཀྱི་འབྱོར་བ་དང་། །སྲིད་ཞིའི་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་དང་། སྤྲོ་ན་བཟང་སྤྱོད་དང་བསྟན་པ་རྒྱས་པའི་སྨོན་ལམ་སོགས་ཇི་ལྟར་རིགས་པ་གདབ་པར་བྱའོ། །དེ་ནས་ནོངས་པ་བཤགས་པ་ནི། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །ཉེས་པ་བགྱིས་དང་བགྱིད་སྩལ་བ། །དེ་ཀུན་བཟོད་པར་མཛད་དུ་གསོལ། །ཞེས་དང་སྤྲོ་ན་ཡིག་བརྒྱ་བཟླ། རྟེན་ཡོད་ན། ༀ༔ འདིར་ནི་རྟེན་དང་སོགས་བརྟན་བཞུགས་སྤྱིར་ལྟར་བྱ་བའམ། ཡང་ན། ཚོགས་ཞིང་རྣམས་འོད་དུ་ཞུ་ནས་བླ་མ་རྡོ་རྗེ་སེམས་དཔའ་ལ་ཐིམ། དེ་རང་གི་སྤྱི་བོར་བྱོན་ཏེ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམས་ཏེ་ཐུགས་ཡིད་བསྲེས་ཏེ་མཉམ་པར་བཞགགང་ལྟར་ཡང་། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་བ་དང་། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ནས། །དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབགྱུར་ཅིག །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས། །གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ། །སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །བདེ་ཆེན་འདུ་འབྲལ་མེད་པར་མངོན་གྱུར་ཤོག །ཉམས་ཆག་རྟོག་སྒྲིབ་མ་སྤངས་གནས་སུ་དག །ཕྱི་ནང་གསང་བ་དབྱེར་མེད་རྟོགས་པས་བསྐང་། །གང་ཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ། །ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག །ཐིག་ལེ་ཆེན་པོ་སྐུ་དང་ཞིང་ཁམས་རྫོགས། །དམ་ཚིག་ཆེན་པོ་སྤངས་བླང་མཚན་མ་དག །ཁྱབ་བརྡལ་ཆེན་པོ་རེ་དོགས་མདུད་པ་གྲོལ། །རྫོགས་པ་ཆེན་པོ་ཆོས་སྐུ་མངོན་གྱུར་ཤོག །བརྒྱུད་པ་གསུམ་གྱི་བྱིན་རླབས་སྙིང་ལ་ཞུགས། །སྒྱུ་འཕྲུལ་དྲྭ་བའི་ལམ་གསང་སེམས་ལ་རྫོགས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས། །མུ་མཐའ་མེད་པའི་འགྲོ་བ་སྒྲོལ་བར་ཤོག །ཞི་ཁྲོ་སྤྲུལ་པའི་འཁོར་ལོས་ལུང་སྟོན་ཅིང་། །མཁའ་འགྲོ་རྣམས་ཀྱིས་བུ་བཞིན་སྐྱོང་བ་དང་། །ཆོས་སྐྱོང་སྲུང་མས་བར་ཆད་ཀུན་སེལ་ཞིང་། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱིས་བཞེད་པའི་དོན་ཀུན་འགྲུབ། །མ་ལུས་སྐྱེ་དགུའི་འགལ་རྐྱེན་ཀུན་ཞི་ཞིང་། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་བསྔོ་སྨོན་དང་། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །སོགས་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་ཅི་རིགས་ཀྱིས་མཐའ་བརྒྱན་ཅིང་ཤིས་པའི་མེ་ཏོག་ཆར་དུ་བསྙིལ་བས་དགེ་ལེགས་སུ་བྱའོ། །དེ་ལྟར་བརྩོན་པའི་དགོས་པ་དང་ཕན་ཡོན་གྱི་ཁྱད་པར་ཡང། སྤྱིར་བྱམས་པ་ལུང་བསྟན་པའི་མདོ་ལས། ཤཱཀྱ་སེང་གེའི་བསྟན་པ་ལ། །བསླབ་གཞི་ཡང་དག་བླངས་ནས་སུ། །ཇི་ལྟར་གསུང་བཞིན་སྒྲུབ་པ་ནི། །ང་ཡི་བསྟན་ལ་ལྷགས་པ་ཡིན། །ཞེས་དང་། ཟླ་ཕྱེད་ཀྱི་ནི་བཅུ་བཞི་དང་། །བཅོ་ལྔ་དེ་བཞིན་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ། །ཡན་ལག་བརྒྱད་ལ་ལེགས་གནས་པའི། །བསྙེན་གནས་གསོ་སྦྱོང་བྱས་པས་ནི། །ང་ཡི་བསྟན་ལ་ལྷགས་སོ་གསུངས། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། བསྐལ་པ་བྱེ་བ་གངྒཱའི་ཇི་སྙེད་དུ། །དད་པའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་གྱུར་པའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་ན། །དེ་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། ཁྱད་པར་ཚུལ་འདིས་སྒྲུབ་པའམ་རྟོགས་པའི་བསྟན་པ་འཛིན་པ་ཡིན་པའི་ཕྱིར། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཕྱོགས་བཅུ་རྣམས་སུ་གངྒཱའི་བྱེ་སྙེད་ཞིང་། །རིན་ཆེན་བཀང་སྟེ་རྒྱལ་བ་ཕུལ་བ་བས། །ཇི་ལྟར་བསྟན་པ་བཞིནདུ་གང་གནས་པའི། །བསོད་ནམས་དེ་དང་མཉམ་པ་ཡོད་མ་ཡིན། །ཞེས་དང། དེ་བཞིན་བཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་དེ་བཞིན་གཤེགས་ལ་བྱས་གཟོ་ཡིན། །རྒྱལ་བ་རྣམས་ཀྱི་མཛོད་འཛིན་ཡིད་བརྟེན་ཅིང་། །ཕྱོགས་བཅུ་རྣམས་སུ་སངས་རྒྱས་མཆོད་པ་ཡིན། །སངས་རྒྱས་སྤྱན་གྱིས་གཟིགས་པའི་ཞིང་མང་པོ། །རིན་ཆེན་བཀང་སྟེ་དེ་བཞིན་གཤེགས་ལ་ཕུལ། །ཟད་པའི་དུས་སུ་ཇི་ལྟར་ཆོས་འཛིན་ལྟར། །བསོད་ནམས་ཕུང་པོ་དེ་ཙམ་འཕེལ་མ་ཡིན། །ཞེས་དང་། ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། ཇི་ལྟར་བསྐལ་པ་བྱེ་བསྟོང་བརྗོད་ཀྱང་། །སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ལྟར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པའི། །བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ། །ཞེས་དང་། དེ་བཞིན་གཤེགས་པའི་གསང་བ་བསྟན་པ་ལས། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང་། །མཐར་མི་ཕྱིན་པར་འགྱུར་བ་ལགས། །ཞེས་དང་། གཞན་ཡང་། རྒྱུད་ལས། དམ་ཚིག་མཆོག་དང་ལྡན་རྒྱུར་ན། །ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ། །མཁའ་འགྲོས་སྟོང་གྲོགས་བྱེད་པ་དང་། །གྲུབ་པ་བརྒྱད་རྣམས་དབང་བསྒྱུར་ཞིང་། །ཐར་པའི་བདག་པོ་མཆོག་ལ་རེག །ཅེས་དང་། རྡོ་རྗེ་སེམས་དཔའ་བསྒོམས་ནས་ནི། །སྔགས་ཀྱང་རབ་ཏུ་བཟླ་བྱེད་པ། །དེ་ཡིས་སྡིག་ཀུན་བྱང་ནས་ནི། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ཤེས་པར་བྱའོ། །སྲིད་ཞིའི་ཕན་བདེ་མ་ལུས་འབྱུང་བའི་གཞི། །དྲི་མེད་རྒྱལ་བའི་བསྟན་ལས་གཞན་ཡོད་མིན། །དེ་ཡི་རྩ་བ་ཚུལ་ཁྲིམས་རིན་པོ་ཆེ། །ལྷར་བཅས་སྐྱེ་དགུའི་མཆོད་སྡོང་གཅིག་པུ་ཡིན། །ཁྱད་པར་ལྔ་བདོའི་སྙིགས་མའི་དུས་ཀྱི་ཚེ། །ཉིན་མཚན་གཅིག་ཙམ་བསླབ་པ་སྲུང་བ་ཡི། །བསོད་ནམས་དཔག་མེད་རྒྱལ་བའི་རྗེས་བསྔགས་ན། །གཏན་ཁྲིམས་ཉམས་མེད་བསྲུང་རྣམས་སྨོས་ཅི་འཚལ། །རང་རྒྱུད་ལྟུང་སྒོ་བཞི་ཡིས་རྙོག་མའི་ཆབ། །བགྲུང་བྱེད་སྔོན་བྱོན་རིག་འཛིན་བརྒྱུད་པའི་སྲོལ། །གཅིག་བསྡུས་ངོ་མཚར་ནོར་བུ་ཀེ་ཏ་ཀ །སྟོང་གསུམ་བདག་པོའི་འབྱོར་བས་མཚོན་དུ་ཅི། །བསགས་པ་ཅན་གྱི་ཕ་ཡི་ནོར་སྐལ་མཆོག །རྗེས་འཇུག་བུ་ཡིས་བརྩོན་པས་འཛིན་མིན་ན། །དེ་ལས་བསླུས་དང་སྨད་འོས་གང་ཅི་ཞིག །དེ་སླད་བསྟན་འཛིན་མཆོག་རྣམས་ཚུལ་འདིར་དགོངས། །རྒྱལ་བའི་བསྟན་ནི་ལུང་རྟོགས་གཉིས་ཁོ་ན། །གང་གིས་འཛིན་བྱེད་བཤད་དང་སྒྲུབ་པ་སྟེ། །དེ་གཉིས་སུ་ལ་ཡོད་ཀྱང་བསྟན་འཛིན་མཆོག །དེ་ལས་གཞན་དག་རི་མོའི་ཟླ་གཟུགས་འདྲ། །དེ་ཕྱིར་སྐལ་བཟང་རྡོ་རྗེའི་མཆེད་གྲོགས་རྣམས། །རང་རྒྱུད་སྡོམ་གསུམ་ཉེས་པས་རྙོག་མིན་པར། །རྒྱལ་བས་ལེགས་བསྔགས་བཤད་སྒྲུབ་དཔུང་པ་ཡིས། །ཐུབ་བསྟན་རྒྱལ་མཚནཡུན་དུ་སྒྲེང་མཛོད་ཀྱཻ། །འདིར་འབད་དགེ་བ་ཉིན་མོར་བྱེད་པའི་གཟིས། །འགྲོ་ཁམས་འཆལ་སྤྱོད་མུན་པ་ཀུན་སངས་ཤིང་། །ངེས་གསང་བསྟན་མཆོག་པདྨའི་དགའ་ཚལ་ཆེ། །ཅི་དགར་བཞད་པའི་དུས་སྟོན་འཕེལ་གྱུར་ཅིག །ཅེས་པའང་རང་གི་ཚ་བོ་བསླབ་གསུམ་ནོར་བུའི་མཛོད་འཆང་རྗེ་དབོན་སྒྲུབ་སྤྲུལ་རིན་པོ་ཆེ་པདྨ་མཁསགྲུབ་རྒྱ་མཚོས་རང་དགོན་རིག་འཛིན་མཁའ་སྤྱོད་གླིང་དུ་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་རྒྱུན་འཛུགས་གསར་དུ་གནང་བའི་ཆ་རྐྱེན་དུ་གསུང་བསྐུལ་གནང་ངོར། ཤཱཀྱའི་དགེ་སློང་བྱ་བྲལ་བ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་སྔར་བྲིས་པ་ལ་ཅུང་ཟད་རྒྱས་པར་ཕྱེས་ནས་རབ་ཚེས་ཆུ་ཁྱི་གསར་དུ་བཞད་པའི་འཕེལ་ཕྱོགས་ཀྱི་དུས་ཚེས་དགེ་བར་བདེ་མཆོག་བཀྲ་ཤིས་དགེ་འཕེལ་གྱི་དབེན་སྤྱིལ་དུ་བྲིས་པ་ཐུབ་བསྟན་རིན་པོ་ཆེ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག །ག། །། འདིའི་གསོ་སྦྱོང་བཅུ་བཞི་པ་དང་བཅོ་ལྔ་པའི་ཁྱད་ནི། ཧོར་ཟླ་གཉིས་པ། བཞི་པ། དྲུག་པ། བརྒྱད་པ། བཅུ་པ། བཅུ་གཉིས་པ་རྣམས་ཀྱི་ཉེར་དགུ་ཆད་པའི་གནམ་སྟོང་ལ་གསོ་སྦྱོང་བཅུ་བཞི་པ་དང་། དེ་འཕྲོས་ཟླ་བའི་ཉེར་དགུ་མ་ཆད་པའི་གནམ་སྟོང་རྣམས་དང་། བཅོ་ལྔ་ཀུན་ལ་གསོ་སྦྱོང་བཅོ་ལྔ་པ་སྟེ། ཟླ་བཤོལ་སྐབས་དེའི་སྔོན་རྗེས་གཉིས་ཀར་དུས་ཚིག་འདྲ་བར་བརྗོད་དགོས་པ་ཡིན་ནོ་དགེ།

མཁན་སློབ་ཆོས་རྒྱལ་རྗེ་འབངས་རིག་འཛིན་གྲུབ་ཐོབ་རྒྱ་མཚོར་ཕྱག་མཆོད་འབུལ་བའི་ཆོ་ག་བདུད་རྩིའི་སྤྲིན་ཆེན།

༄༅། །མཁན་སློབ་ཆོས་རྒྱལ་རྗེ་འབངས་རིག་འཛིན་གྲུབ་ཐོབ་རྒྱ་མཚོར་ཕྱག་མཆོད་འབུལ་བའི་ཆོ་ག་བདུད་རྩིའི་སྤྲིན་ཆེན་བཞུགས། ༀ་ན་མོ་གུ་རུ་ཝེ། འདིར་བསིལ་ལྡན་ལྗོངས་ཀྱི་འགྲོ་བ་རྣམས་ལ་བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག་པའི་མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་རིག་འཛིན་གྲུབ་ཐོབ་རྒྱ་མཚོར་ཕྱག་མཆོད་འབུལ་བར་འདོད་པས། དངོས་སུ་འབྱོར་ན་རྟེན་ཁྱད་པར་ཅན་གྱི་སྤྱན་སྔར་མཆོད་པ་བཤམས། མ་འབྱོར་ན་ཡིད་ཀྱིས་དམིགས་ཏེ། ཐོག་མར་སྐྱབས་སེམས་དང་ཚད་མེད་བཞི་བསྒོམ་པ་ནི། སྐྱབས་གནས་ཡོངས་ལ་སྐྱབས་འཆི་ཞིང་། །འགྲོ་སྒྲོལ་སླད་དུ་བྱང་ཆུབ་སྒྲུབ། །སེམས་ཅན་བདེ་ལྡན་སྡུག་བསྔལ་བྲལ། །བདེར་གནས་བཏང་སྙོམས་ངང་གནས་ཤོག །ལན་གསུམ། མཆོད་པ་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཚོགས་གཉིས་རྣམ་པར་དག་པའི་མཐུས། །དངོས་བཤམས་ཡིད་ལས་བྱུང་བ་ཡི། །མཆོད་སྤྲིན་རྒྱ་མཚོས་གང་གྱུར་ཅིག །ཅེས་དང་། མཆོད་གཟུངས་བཟླ། དེ་ནས་རྟེན་བསྐྱེད་པ་ནི། ཨཿཆོས་རྣམས་འོད་གསལ་སྟོང་པའི་ངང་། །སྣོད་བཅུད་པདྨ་དྲྭ་བའི་ཞིང་། །ཡིད་འཕྲོག་ནོར་བུའི་གཞལ་མེད་དབུས། །སེང་ཁྲི་པདྨ་ཟླ་བའི་སྟེང་། །རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་པ། །བླ་མ་ཨོ་རྒྱན་རྡོ་རྗེ་འཆང་། །དཀར་དམར་མདངས་ལྡན་མཚན་དཔེས་སྤྲས། །རྡོ་རྗེ་ཐོད་པ་ཁ་ཊྭཱྃ་འཛིན། །གང་འདུལ་སྒྱུ་འཕྲུལ་རོལ་རྩེད་སྟོན། །གཡས་སུ་མཁན་ཆེན་ཞི་བ་མཚོ། །རབ་བྱུང་ཆ་ལུགས་པཎ་ཞུ་གསོལ། །ཆོས་འཆད་མཉམ་བཞག་གླེགས་བམ་འཛིན། །གཡོན་དུ་ཆོས་རྒྱལ་ཁྲི་སྲོང་རྗེ། །འཁོར་ལོས་སྒྱུར་བའི་ཆ་ལུགས་ཅན། །ཕྱག་གཉིས་ཆོས་འཆད་གླེགས་རལ་འཛིན། །འཁོར་དུ་པཎ་གྲུབ་རིག་འཛིན་སོགས། །སྐྱབས་གནས་དཀོན་མཆོག་རྩ་བ་གསུམ། །གྲངས་མེད་ཉི་ཟེར་རྡུལ་ལྟར་འཁྲིགས། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། །ཞེས་མོས་ལ། ཧཱུྃསྔོན་གྱི་བསྐལ་པའི་དང་པོ་ལ། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོརདུ་དཔའ་བོ་མཁའ་འགྲོ་དང་། །རིག་འཛིན་པཎ་གྲུབ་བྱེ་བས་བསྐོར། །ཁྱེད་ཀྱི་རྗེས་སུ་བདགསྒྲུབ་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །བཛྲ་ས་མཱ་ཡ་ཛཿཛཿཧཱུྃཿབཾཧོཿཔདྨ་ཀ་ལ་ཡ་སྟཱཾ། ཞེས་བཞུགས་སུ་གསོལ། དེ་ནས་ཕྱག་མཆོད་འབུལ་བ་དངོས་ནི། ཨེ་མ་ཧོཿསྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་། །བདེ་གཤེགས་སྨིན་པ་རྒྱ་མཚོ་དང་། །ཟབ་མོའི་མཛོད་གསུམ་དབང་བསྒྱུར་བའི། །རིག་འཛིན་འདུས་པ་ལ་ཕྱག་འཚལ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །ཁྱབ་བདག་སྒྱུ་འཕྲུལ་དྲྭ་བའི་གར། །པདྨ་འབྱུང་གནས་ལ་ཕྱག་འཚལ། །ཟབ་ཅིང་རྒྱ་ཆེའི་དགོངས་པ་འགྲེལ། །གཞན་ཕན་བསྡུ་བཞིའི་ཕྲིན་ལས་རྒྱས། །ཐུབ་དབང་གཉིས་པའི་རྣམ་ཐར་འཛིན། །བོ་ངྷི་ས་ཏྭ་ལ་ཕྱག་འཚལ། །འཇམ་དབྱངས་རྣམ་འཕྲུལ་ཆོས་རྒྱལ་ཆེ། །རྒྱལ་བས་ལུང་བསྟན་ས་འོད་བཟང་། །གངས་ལྗོངས་གདུལ་བྱ་ཐབས་ཀྱིས་འདུལ། །ཁྲི་སྲོང་ལྡེའུ་བཙན་ལ་ཕྱག་འཚལ། །གཤེད་སྐོར་རྒྱུད་སྡེ་རྒྱ་མཚོའི་བདག །མཐུ་སྟོབས་ནུས་པའི་རྩལ་ཆེན་རྫོགས། །གྲུབ་རྟགས་བྲག་ལ་ཕུར་པ་བཏབ། །སངས་རྒྱས་ཡེ་ཤེས་ལ་ཕྱག་འཚལ། །སྡེ་སྣོད་གསུམ་འཛིན་བཙུན་པའི་རབ། །པདྨ་གསུང་གི་དངོསགྲུབ་བརྙེས། །གྲུབ་རྟགས་རྟ་སྐད་གཙུག་ནས་སྟོན། །རྒྱལ་བ་མཆོག་དབྱངས་ལ་ཕྱག་འཚལ། །ཡང་དག་གྲུབ་པའི་གསེང་ལམ་ནས། །ཕྱག་ཆེན་མཆོག་གི་དངོས་གྲུབ་བརྙེས། །གྲུབ་རྟགས་ཉི་མའི་ཟེར་ལ་ཆིབས། །ནམ་མཁའི་སྙིང་པོ་ལ་ཕྱག་འཚལ། །མདོ་སྒྱུ་སེམས་གསུམ་བསྟན་པའི་བདག །སྣང་སྲིད་བདུད་རྩིའི་དཀྱིལ་འཁོར་རྟོགས། །གྲུབ་རྟགས་བྲག་ལ་སྒྲུབ་ཆུ་བཏོན། །ཡེ་ཤེས་གཞོན་ནུ་ལ་ཕྱག་འཚལ། །ཤེས་རབ་ཕར་ཕྱིན་དབྱངས་ཅན་འཕྲུལ། །ཐལ་འབྱིན་དགོངས་པ་ཚད་དུ་འཁྱོལ། །གྲུབ་རྟགས་བསད་པའི་མི་རོ་སློང་། །ཡེ་ཤེས་མཚོ་རྒྱལ་ལ་ཕྱག་འཚལ། །རྩ་རླུང་བྱང་སེམས་དགོངས་པ་རྟོགས། །སྲིད་པ་བདེ་འགྲོའི་དལ་ཞལ་གཟིགས། །གྲུབ་རྟགས་མ་མོ་བྲན་དུ་ཁོལ། །འབྲོག་མི་དཔལ་ཡེ་ལ་ཕྱག་འཚལ། །འཇིག་རྟེན་མཆོད་བསྟོད་དངོས་གྲུབ་བརྙེས། །རྫོང་འཕྲང་སྲོག་གི་གནས་ལ་མཁས། །གྲུབ་རྟགས་དྲེགས་ཚོགས་ལས་ལ་འགྱེད། །རླངས་ཆེན་དཔལ་སེང་ལ་ཕྱག་འཚལ། །དྲག་སྔགས་མཐུ་ཡི་བཀའ་བབ་བརྙེས། །སྡེ་གསུམ་ཨ་ཏིའི་གསང་མཛོད་འཛིན། །གྲུབ་རྟགས་ཡེ་ཤེས་སྤྱན་དང་ལྡན། །བཻ་རོ་ཙ་ན་ལ་ཕྱག་འཚལ། །མཁས་དང་གྲུབ་པ་ཕུལ་དུ་ཕྱིན། །རྩོལ་མེད་ཐེག་རྩེའི་དགོངས་དོན་རྟོགས། །གྲུབ་རྟགས་རྫུ་འཕྲུལ་སྣ་ཚོགས་སྟོན། །གཡུ་སྒྲ་སྙིང་པོ་ལ་ཕྱག་འཚལ། །རྡོ་རྗེ་ཕུར་པའི་དངོས་གྲུབ་བརྙེས། །རླུངས་སེམས་གཉིས་ལ་རང་དབང་ཐོབ། །གྲུབ་རྟགས་གླིང་བཞི་ཡུད་ཀྱིས་བསྐོར། །རྡོ་རྗེ་བདུད་འཇོམས་ལ་ཕྱག་འཚལ། །མ་ཧཱ་གུ་རུས་རྗེས་སུ་བཟུང་། །རིམ་གཉིས་རྣལ་འབྱོར་མཐའ་རུ་ཕྱིན། །གྲུབ་རྟགས་མཁའ་སྤྱོད་གནས་སུ་གཤེགས། །ཨ་ཙར་ཡེ་ཤེས་ལ་ཕྱག་འཚལ། །བླ་མའི་སྐུ་དགྲ་ལན་གསུམ་བརྟུལ། །བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་མཛད། །གྲུབ་རྟགས་གཅན་གཟན་གཉའ་ནས་འཛིན། །སོག་པོ་ལྷ་དཔལ་ལ་ཕྱག་འཚལ། །སྐད་གཉིས་སྨྲ་བའི་ཕུལ་དུ་ཕྱིན། །བསླབ་གསུམ་བསྟན་པའི་རྒྱལ་མཚན་འཛིན། །གྲུབ་རྟགས་མཁའ་ལ་བྱ་ལྟར་ལྡིང་། །སྣ་ནམ་ཡེ་ཤེས་ལ་ཕྱག་འཚལ། །བསྙེན་སྒྲུབ་རྣམ་བཞི་མཐའ་རུ་ཕྱིན། །རྫོང་འཕྲང་སྲོག་ལ་རང་བྱན་ཆུབ། །གྲུབ་རྟགས་ཕུར་པ་གདེངས་ཚད་གུམ། །དཔལ་གྱི་དབང་ཕྱུག་ལ་ཕྱག་འཚལ། །གསང་སྔགས་ཟབ་མོའི་ཚུལ་ལ་མཁས། །ཟབ་གསལ་གཉིས་མེད་ཡེ་ཤེས་རྟོགས། །གྲུབ་རྟགས་མི་བརྗེད་གཟུངས་དང་ལྡན། །ལྡན་མ་རྩེ་མང་ལ་ཕྱག་འཚལ། །སྒྲ་བསྒྱུར་མཁས་པའི་རྩེ་མོར་སོན། །ཏིང་འཛིན་གཟུངས་སྤྲིན་མངའ་དབང་འབྱོར། །གྲུབ་རྟགས་གཞན་སེམས་ཐོགས་མེད་མཁྱེན། །སྐལ་བ་དཔལ་བརྩེགས་ལ་ཕྱག་འཚལ། །མ་གཤིན་ཕུར་པའི་དཀྱིལ་འཁོར་དུ། །དངོས་གྲུབ་ཡིད་བཞིན་སྤྲིན་ཚོགས་བརྙེས། །གྲུབ་རྟགས་ཆུ་བོ་གྱེན་དུ་བཟློག །ཤུད་བུ་དཔལ་སེང་ལ་ཕྱག་འཚལ། །རྫུ་འཕྲུལ་སྤྲུལ་པའི་དམག་ཚོགས་ཀྱིས། །གཤིན་རྗེའི་གྲོང་བཅོམ་བསྐྱེད་ཡུམ་དྲོང་། །གྲུབ་རྟགས་མི་རོ་གསེར་དུ་བསྒྱུར། །རྒྱལ་བའི་བློ་གྲོས་ལ་ཕྱག་འཚལ། །མཁྱེན་པ་མཆོག་ལ་མངའ་བརྙེས་ཤིང་། །དམིགས་མེད་བརྩེ་བས་གཞན་དོན་མཛད། །གྲུབ་རྟགས་ནམ་མཁའི་བྱ་ཚོགས་འཛིན། །ཁྱེའུ་ཆུང་ལོ་ཙཱ་ལ་ཕྱག་འཚལ། །གྱེར་གཤེན་ཆེན་པོའི་རིགས་སུ་འཁྲུངས། །མཁྱེན་རྟོགས་དགོངས་པའི་རྩལ་ཆེན་རྫོགས། །གྲུབ་རྟགས་བྱང་གི་གཡག་རྒོད་འགུགས། །དྲན་པ་ནམ་མཁའ་ལ་ཕྱག་འཚལ། །རླུང་སེམས་ལྷ་ཡི་སྐུ་རུ་སྨིན། །ཟད་པར་ཟིལ་གནོན་དངོས་གྲུབ་བརྙེས། །གྲུབ་རྟགས་ཆུ་ལ་ཉ་ལྟར་འཛུལ། །འོ་བྲན་དབང་ཕྱུག་ལ་ཕྱག་འཚལ། །མདོ་སྔགས་ཆོས་ཚུལ་རྒྱ་མཚོ་བསྒྱུར། །ཀླུ་སྒྲུབ་དགོངས་པའི་ཟབ་གནད་རྟོགས། །གྲུབ་རྟགས་ཕ་ཝཾ་ཟན་ལྟར་གསོལ། །རྨ་བན་རིན་ཆེན་ལ་ཕྱག་འཚལ། །སྔོན་སྨོན་དུས་སུ་སྨིན་པའི་འབྲས། །ཐབས་ལ་མཁས་པས་སྡིག་ཅན་བསྒྲལ། །གྲུབ་རྟགས་རི་བྲག་ཟང་ཐལ་གཤེགས། །དཔལ་གྱི་རྡོ་རྗེ་ལ་ཕྱག་འཚལ། །གསང་ཆེན་རྒྱུད་སྡེའི་དེ་ཉིད་གཟིགས། །སྒྲོལ་བ་གཉིས་ལ་རང་བྱན་ཚུད། །གྲུབ་རྟགས་ཐོག་ཆེན་མདའ་ལྟར་འཕེན། །དཀོན་མཆོག་འབྱུང་གནས་ལ་ཕྱག་འཚལ། །ཐོས་པ་རྒྱ་མཚོའི་ཕ་རོལ་ཕྱིན། །གྲུབ་གཉིས་ནོར་བུའི་གཏེར་ལ་སྤྱོད། །གྲུབ་རྟགས་མཁའ་ལ་སྐྱིལ་ཀྲུང་བཞུགས། །རྒྱལ་བ་བྱང་ཆུབ་ལ་ཕྱག་འཚལ། །གཞན་ཡངཐུབ་བསྟན་པདྨའི་གཉེན། །འགྲོ་བསོད་མཁའ་ལ་འདྲེན་མཛད་པའི། །སར་གནས་འཕགས་པའི་རྣམ་འཕྲུལ་མཆོག །གྲུབ་རིགས་ལོ་པཎ་ལ་ཕྱག་འཚལ། །ལས་འཕྲོ་ཟབ་མོའི་གཏེར་ཞལ་འབྱེད། །བརྟུལ་ཞུགས་སྤྱོད་པས་སྒྲོ་སྐུར་སེལ། །གུ་རུའི་ཞལ་ཚབ་འགྲོ་བ་འདུལ། །གཏེར་ཆེན་བརྒྱ་རྩ་ལ་ཕྱག་འཚལ། །ཐེག་ཆེན་སྦྱོར་ལམ་མཐའ་རུ་ཕྱིན། །རྒྱལ་ཆེན་བཞི་ཡིས་ཞབས་ལ་གཏུགས། །འདུལ་བ་བདུད་རྩིའི་དགའ་སྟོན་འགྱེད། །དགོངས་པ་རབ་གསལ་ལ་ཕྱག་འཚལ། །མཁྱེན་པས་ཤེས་བྱའི་ཆོས་ཀུན་གཟིགས། །བརྩེ་བས་འགྲོ་ལ་བུ་བཞིན་དགོངས། །ནུས་པས་བསྟན་འགྲོའི་ཕན་བདེ་སྤེལ། །ངྷརྨ་བྷ་དྲ་ལ་ཕྱག་འཚལ། །འོད་གསལ་སྣང་བཞི་མཐའ་རུ་ཕྱིན། །ཡེ་ཤེས་གཟུངས་སྤྲིན་བསམ་མི་ཁྱབ། །ཐེག་མཆོག་སེང་གེའི་སྒྲ་ཆེན་བསྒྲགས། །དྲི་མེད་འོད་ཟེར་ལ་ཕྱག་འཚལ། །རྣམ་བཞིའི་རིག་འཛིན་ས་མཆོག་བརྙེས། །གང་འདུལ་སྤྲུལ་པའི་རོལ་རྩེད་ངོམ། །ངེས་གསང་བསྟན་པའི་རྒྱལ་མཚན་བསྒྲེངས། །ཟུར་རིགས་བརྒྱུད་པ་ལ་ཕྱག་འཚལ། །མཁས་དང་གྲུབ་པའི་འཁོར་ལོས་སྒྱུར། །བཀའ་གཏེར་བསྟན་པའི་མེ་རོ་སློང་། །ངོ་མཚར་བཀའ་དྲིན་བསམ་མི་ཁྱབ། །འགྱུར་མེད་རྡོ་རྗེ་ལ་ཕྱག་འཚལ། །སྒྲ་ཚད་རྒྱུད་སྡེའི་ཕ་མཐར་སོན། །བསླབ་གསུམ་སྦྱངས་ཡོན་ཕུལ་དུ་ཕྱིན། །འཆད་རྩོམ་བསྟན་པའི་སྒྲོན་མེ་སྦར། །ལོ་ཆེན་ཆོས་དཔལ་ལ་ཕྱག་འཚལ། །པད་འབྱུང་དྲི་མེད་འོད་ཟེར་གྱིས། །རྗེས་བཟུང་ཨ་ཏིའི་རྩལ་ཆེན་རྫོགས། །དགོངས་གཏེར་བསྟན་པས་ཕྱོགས་མཐར་ཁྱབ། །མཁྱེན་བརྩེའི་འོད་ཟེར་ལ་ཕྱག་འཚལ། །གཞན་ཡང་མདོ་སྒྱུ་སྒྲུབ་སྡེ་བརྒྱད། །སྡེ་གསུམ་སྙིང་པོའི་མཛོད་འཆང་ཞིང་། །མཐའ་ཀླས་གདུལ་བྱ་འདུས་མཛད་པའི། །སྐྱེས་མཆོག་ཡོངས་ལ་ཕྱག་འཚལ་ལོ། །ཁྱད་པར་ལྔ་བདོའི་ཐ་མ་འདིར། །རིས་མེད་བསྟན་པའི་སྲོག་མཐུད་ཅིང་། །བཀའ་བབས་བདུན་གྱི་གསང་མཛོད་དབྱེ། །མཁྱེན་བརྩེའི་དབང་པོོ་ལ་ཕྱག་འཚལ། །སྔོན་མེད་མཛོད་ལྔའི་བདག་པོ་རུ། །ཐུབ་པ་མཆོག་གིས་ལུང་བསྟན་པའི། །བདེན་དོན་མངོན་གྱུར་ས་བཅུའི་དབང་། །བློ་གྲོས་མཐའ་ཡས་ལ་ཕྱག་འཚལ། །སོ་སོ་ཡང་དག་རིག་པ་བཞིའི། །གཏེར་གྱུར་ཆོས་ཀྱི་རྒྱལ་སྲིད་འཛིན། །ཕྱོགས་ལས་རྣམ་རྒྱལ་པཎྜི་ཏ། །བློ་གྲོས་དྲི་མེད་ལ་ཕྱག་འཚལ། །དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་མཆོག །དྲན་པས་སྲིད་ཞིའི་འཇིགས་འཕྲོག་ཅིང་། །བདེ་ཆེན་ཡེ་ཤེས་སྩོལ་མཛད་པའི། །འཁོར་ལོའི་མགོན་པོ་ལ་ཕྱག་འཚལ། །ཁྱོད་ཀྱི་ཕུང་ཁམས་སྐྱེ་མཆེད་ནི། །གདོད་ནས་གདན་གསུམ་ཡོངས་རྫོགས་ལྷ། །དག་པ་རབ་འབྱམས་འཁོར་ལོ་ཆེ། །སྒྱུ་འཕྲུལ་དྲྭ་བ་ལ་ཕྱག་འཚལ། །གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི། །སྐྱབས་གནས་དཀོན་མཆོག་མ་ལུས་ལ། །ཞིང་རྡུལ་མཉམ་པའི་ལུས་སྤྲུལ་ཏེ། །བདག་ནི་གུས་པས་ཕྱག་འཚལ་ལོ། །དངོས་བཤམས་ཡིད་ལས་བྱུང་བ་ཡི། །མཆོད་པའི་སྤྲིན་ཚོགས་རྒྱ་ཆེན་པོ། །ཀུན་བཟང་རྣམ་འཕྲུལ་ལས་བྱུང་བཞིན། །ཆོས་དབྱིངས་དང་མཉམ་རྒྱས་པར་འབུལ། །འཁོར་ཚེ་ཐོག་མ་མེད་པ་ནས། །མི་ཤེས་ཉོན་མོངས་བག་མེད་པས། །བཅས་དང་རང་བཞིན་ཉམས་པ་ཡིས། །སྡིག་ཀུན་འགྱོད་པས་བཤགས་ཤིང་སྡོམ། །འཕགས་དང་སོ་སོ་སྐྱེ་བོ་ཡི། །ལེགས་བྱས་དགེ་བ་ཅི་མཆིས་པ། །ཀུན་ལ་དགའ་ཞིང་དང་བའི་བློས། །བདག་ནི་རྗེས་སུ་ཡི་རང་ངོ་། །འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན། །འདི་ན་སྣོད་མིན་སེམས་ཅན་མེད། །དེ་སླད་ཟབ་དང་རྒྱ་ཆེ་བའི། །ཆོས་འཁོར་རྟག་པར་བསྐོར་མཛད་གསོལ། །འཕགས་པས་ལས་ཉོན་རྩད་ནས་སྤངས། །དེ་སླད་སྐྱེ་དང་འཇིག་མི་མངའ། །ཇི་སྲིད་འཁོར་མཐས་གཏུགས་བར་དུ། །དེ་སྲིད་གཟུགས་སྐུ་གཡོ་མེད་མཛོད། །དེ་ལས་བྱུང་བའི་དགེ་ཚོགས་རྒྱུན། །འཁོར་གསུམ་སྤྲོས་པས་བསླད་མིན་པར། །སྲས་བཅས་རྒྱལ་བའི་རྗེས་སློབ་སྟེ། །འོད་གསལ་ཆོས་དབྱིངས་ཆེན་པོར་བསྔོ། །མགོན་པོ་སྲས་དང་བཅས་རྣམས་ལ། །བདག་ནི་ཡོངས་སུ་དབུལ་བར་བགྱི། །རྒྱལ་བ་དགྱེས་བའི་བརྟུལ་ཞུགས་མཆོག །ནམ་ཡང་བདག་གིས་མི་འདོར་རོ། །འདིས་མཐུས་སྐྱེ་དང་ཚེརབས་སུ། །སྡིག་སེམས་ཡིད་ལ་མི་འགྱུ་ཞིང་། །ཉིན་མཚན་བརྩོན་པ་ཆོས་ཀྱིས་འདའ། །ཕ་རོལ་ཕྱིན་བཅུ་མངོན་རྫོགས་ཤོག །ཚེ་འདིར་ལེགས་པ་ཀུན་འགྲུབ་ཅིང་། །འཆི་ཁར་གནད་གཅོད་སྡུག་བསྔལ་བྲལ། །འཁྲུལ་སྣང་བར་དོ་མི་འབྱུང་ཞིང་། །དག་པའི་སྣང་བས་མདུན་བསུས་ཤོག །རང་སྣང་རྣམ་དག་པདྨ་འོད། །རྩ་གསུམ་རྒྱ་མཚོའི་སྤྲིན་ཆེན་པོ། །མངོན་སྣངསྒྲིབ་གསུམ་འཆིང་རྒྱ་བྲལ། །བྱང་ཆུབ་ལུང་བསྟན་མཆོག་ཐོབ་ཤོག །ཞིང་སྔགས་ལྷན་ཅིགསྐྱེས་པ་ཡི། །ཌཱ་ཀི་དཔའ་བོ་རྣལ་འབྱོར་དང་། །ཚོགས་སྤྱོད་སྒྲུབ་པའི་རྣལ་འབྱོར་གྱིས། །ས་ལམ་མིག་འཕྲུལ་བཞིན་བགྲོད་ཤོག །ཁྱད་པར་འོད་གསལ་ཐེག་པའི་རྩེ། །གྲོལ་བ་དྲུག་ལྡན་གསེང་ལམ་ནས། །འཕོ་ཆེན་རྡོ་རྗེའི་སྐུ་འགྲུབ་ནས། །སྤྲུལ་པས་འགྲོ་བ་འདྲེན་པར་ཤོག །གཞན་ཡང་ཕྱོགས་ཀྱི་དུས་གསུམ་གྱི། །བླ་མའི་ཐུགས་དགོངས་རབ་རྫོགས་ཤིང་། །འབྲེལ་བཅས་མཁའ་ཁྱབ་འགྲོ་བ་རྣམས། །ཚེ་དེས་སྲིད་པ་ཕྱིར་བསྙིལ་ཤོག །བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་ལ་སྨན་པ་དང་། །རྟག་ཏུ་བླ་མ་མཉེས་བྱེད་ཤོག །གང་དག་བདག་ལ་དད་པའམ། །ཁྲོའམ་སྡང་བའི་སེམས་སྐྱེས་ཀྱང་། །བདག་གི་སེམས་བསྐྱེད་སྨོན་པའི་གྲུས། །དེ་དག་སྲིད་མཚོ་ལས་བརྒལ་ཤོག །གང་དུ་དམ་ཆོས་ནུབ་པ་དང་། །བསྟན་པའི་སྣང་བས་མ་ཁྱབ་པ། །དེར་ནི་བདག་གི་སྙིང་སྟོབས་ཀྱིས། །དམ་ཆོས་བཟུང་དང་སྤེལ་བར་ཤོག །གང་དག་ཉོན་མོངས་དབང་གྱུར་ཏེ། །ཆོས་སྤོང་མཚམས་མེད་བྱེད་འདོད་པ། །དེ་དག་ཐབས་ཚུལ་དཔག་མེད་ཀྱིས། །བདག་གིས་སྲུང་ཞིང་ཟློག་པར་ཤོག །འགྲོ་བ་སྡུག་བསྔལ་གྱིས་གཟིར་བ། །ཀུན་གྱིས་བདག་ཉིད་རྗེས་དྲན་ཞིང་། །དེ་ཡིས་སྡུག་བསྔལ་རྒྱུ་རྐྱེན་འབྲས། །རྒྱུན་ཆད་རྣམ་གྲོལ་དབུགས་དབྱུང་ཤོག །བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་ཏེ། །ཉམ་ཐག་རྣམས་ཀྱི་བཤེས་གྱུར་ནས། །རྟག་པར་ཕན་བདེ་ཀུན་སྦྱིན་ཤོག །ཞི་རྒྱས་དབང་དང་མངོན་སྤྱོད་སོགས། །འགྲོ་བ་གང་གིས་འདུལ་གྱུར་པ། །དེ་དང་འཚམས་པའི་ཕྲིན་ལས་ཀྱིས། །ལུས་ཅན་དཔག་མེད་འདུལ་བར་ཤོག །བདག་ལ་བརྟེན་ནས་འགའ་ཡང་ནི། །སྡིག་པར་མ་གྱུར་སྡུག་མ་གྱུར། །བྱང་ཆུབ་སྤྱོད་པའི་གྲོགས་གྱུར་ནས། །དེ་དག་ཕྱིན་དྲུག་རྫོགས་བྱེད་ཤོག །སེམས་ཅན་རྒྱ་མཚོ་ཡོངས་སྨིན་ཞིང་། །སངས་རྒྱས་རྒྱ་མཚོ་རབ་མཉེས་བྱས། །སྨོན་ལམ་རྒྱ་མཚོ་རྗེས་སྒྲུབ་མཐུས། །ཡེ་ཤེས་རྒྱ་མཚོ་མངོན་བྱེད་ཤོག །མགོན་པོ་ཁྱེད་དང་ཁྱེད་ཀྱི་སྲས། །གང་དག་ཇི་སྙེད་སུ་བཞུགས་པ། །དེ་དག་ཀུན་དང་བདག་ཕྲད་ནས། །ཐུགས་ཀྱི་བཞེད་ཀུན་སྒྲུབ་གྱུར་ཅིག །མི་བརྗེད་གཟུངས་ཀྱིས་ཆོས་ཀུན་འཛིན། །ཤེས་རབ་ཟབ་མོས་དེ་ཉིད་རྟོགས། །སྤོབས་པས་གཞན་དྲིང་མི་འཇོག་པའི། །སྨྲ་བའི་སེང་གེར་བདག་གྱུར་ཅིག །རྒྱལ་བསྟན་ཡུན་གནས་བཤད་སྒྲུབ་དར། །དེར་འཛིན་ཞབས་བརྟན་ཕྲིན་ལས་རྒྱས། །གངས་ལྗོངས་མཐའ་དབུས་བདེ་ཞིང་སྐྱིད། །རྫོགས་ལྡན་གསར་དུ་ངོམས་གྱུར་ཅིག །རབ་བྱུང་རྙེད་ལྡན་བསླབ་པས་གྲོལ། །སྔགས་སྤྱོད་དམ་གཙང་དྲོད་ཚད་རྙེད། །ཀུན་ཀྱང་ལྟ་སྤྱོད་དོན་མཐུན་པས། །ནག་ཕྱོགས་ཕྲུ་མ་གཞོམ་གྱུར་ཅིག །སེམས་གཙང་དགེ་བའི་སྤྲིན་ཆེན་ལས། །བྱུང་བའི་བདེན་སྨོན་གྲུ་ཆར་གྱིས། །ཕན་བདེའི་ཆུ་གཏེར་ཆེར་འཕེལ་ཞིང་། །ཐར་གྲོལ་འདབ་སྟོང་བཞད་གྱུར་ཅིག །འགྲོ་སེམས་དག་པའི་ཆུ་སྣོད་དུ། །མཆོག་གསུམ་ཐུགས་རྗེའི་ཟླ་ཤར་བས། །དོན་གཉིས་ཀུ་མུཏ་ཆེར་བཞད་པའི། །བཀྲ་ཤིས་ཕྱོགས་དུས་ཀུན་ཁྱབ་ཤོག །ཅེས་ལན་གསུམ་བདུན་སོགས་ཅི་རིགས་དང་། སྤྲོ་ན། གོང་གི་མཆོད་པའི་སྐབས་སུ་དངོས་སུ་བཤམས་པའི་ཉེར་སྤྱོད་སོགས་ཡོད་ན་འབུལ་ཚིག་སྤྱི་ལྟར་གྱིས་འབུལ་ཞིང་། སྐབས་འདིར་ཡང་སྐྱབས་གསོལ་སྔོན་དུ་འགྲོ་བ་ཅན་གྱི་སྨོན་འཇུག་གི་སེམས་བསྐྱེད་སྤྱི་ལྟར་ལེན། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ཡང་གདབ། གང་ལྟར་ཡང་ཐལ་མོ་སྦྱར་བས་བཏུད་དེ། ཀྱེ་ཀྱེ་བླ་མ་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །ཅེས་དང་། མོས་གུས་རྩེ་གཅིག་པས། བཛྲ་གུ་རུ་ཉིད་གསོལ་འདེབས་ཀྱི་ཚུལ་དུ་ཅི་ནུས་བཟླ། མཐར། ཚོགས་ཞིང་སྐུ་ཡི་གནས་བཞི་ནས། །འོད་འཕྲོས་རང་གི་གནས་བཞིར་ཐིམ། །རྡོ་རྗེ་བཞི་ཡི་བྱིན་གྱིས་བརླབས། །རྒྱུད་དག་དབང་བཞི་ཐོབ་པར་གྱུར། །དེ་མཐར་འཁོར་རྣམས་འོད་ཞུ་ནས། །གཙོ་བོ་ལ་ཐིམ་གུ་རུ་ཉིད། །སྤྱིི་བོར་བྱོན་ནས་རང་ལ་ཐིམ། །མ་བཅོས་གཉུག་མའི་ཀློང་དུ་ཨཱཿ། །ཞེས་མོས་ལ་བློ་བྲལ་འཛིན་མེད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞགསླར་ཡང་སྣང་གྲགས་རིག་གསུམ་བླ་མའི་སྐུ་གསུང་ཐུགས་ཀྱི་རོལ་པར་བལྟས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་མགོན་བླ་མ་འགྲུབ་གྱུར་ནས། །སོགས་དང་། ན་མོ་མ་ཧཱ་གུ་རུའི་བྱིན་རླབས་ཀྱིས། །སོགས་ཇི་ལྟར་རིགས་པའི་བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །ཅེས་པའང་རང་གཞན་ལ་སྨན་པའི་བསམ་པས་སྐྱེ་ཀུན་གུ་རུའི་བྲན་དུ་སྨོན་པའི་ཀུ་སཱ་ལི་འགྱུར་མེད་པདྨ་བསྟན་འཛིན་གྱིས་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཕུག་ཏུ་བྲིས་པ་འགྲོ་ཀུན་མ་ཧཱ་གུ་རུས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།

བཅོམ་ལྡན་ཚེ་ལྷ་རྣམ་གསུམ་ལ་མཆོད་ཅིང་གསོལ་བ་གདབ་པའི་ཆོ་ག་མདོར་བསྡུས་འཆི་མེད་བདུད་རྩིའི་ལྗོན་ཤིང་།

༄༅། །བཅོམ་ལྡན་ཚེ་ལྷ་རྣམ་གསུམ་ལ་མཆོད་ཅིང་གསོལ་བ་གདབ་པའི་ཆོ་ག་མདོར་བསྡུས་འཆི་མེད་བདུད་རྩིའི་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། །ༀ་སྭསྟི། འདིར་ཚེ་ལྷ་རྣམ་གསུམ་གྱི་མཆོད་ཆོག་མདོར་བསྡུས་སུ་བྱ་བར་སྤྲོ་ན་རྟེན་གྱི་སྤྱན་སྔར་ཅི་འབྱོར་པའི་མཆོད་པ་བཤམས་ལ། ཐོག་མར་སྐྱབས་སེམས་བྱ་བ་ནི། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་འཆི་ཞིང་། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ། ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས། གནས་ཡོ་བྱིན་གྱིས་བརླབ་པ་ནི། མཆོག་བདེན་ཚོགས་གཉིས་ཆོས་དབྱིངས་དག་སྟོབས་ཀྱིས། །སྣོད་བཅུད་དག་པའི་ཞིང་གི་འབྱོར་པའི་དབུས། །ཡིད་འཕྲོག་གཞལ་མེད་བཀོད་མཛེས་གདན་ཁྲི་སོགས། །ཕུལ་བྱུང་མཆོད་པའི་སྤྲིན་གྱིས་མཛེས་གྱུར་ཅིག །ཅེས་དང་། མཆོད་པའི་སྤྲིན་གཟུངས་ལན་གསུམ། དེ་ནས་ཚོགས་ཞིང་སྤྱན་འདྲེན་པ་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བདག་ཅག་སྙིགས་མའི་མགོན་གྱུར་ཐུགས་རྗེ་ཅན། །ཚེ་འོད་དཔག་མེད་གཙུག་ཏོར་རྣམ་པར་རྒྱལ། །ཡིད་བཞིན་འཁོར་ལོ་རྩ་གསུམ་ཚེ་ལྷའི་ཚོགས། །ཐུགས་རྗེ་ཐུགས་དམ་དབང་གིས་འདིར་གཤེགས་ཤིག །གཙང་སྦྱར་མཆོད་ཡོན་དག་བྱེད་ཁྲུས་ཀྱི་ཆབ། །སྲབ་འཇམ་ན་བཟའ་བཀོད་མཛེས་གདན་ཁྲི་བཅས། །གུས་པས་འབུལ་ལོ་ཅི་བདེར་བཞེས་ནས་ཀྱང་། །བརྟན་པར་བཞུགས་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བརྗོད་པས། ཕྱོགས་བཅུའི་ཞིང་རབ་འབྱམས་ནས་བླ་མ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཚོགས་རྣམས་སྤྱན་དྲངས་ཏེ་འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་ངོ་བོར་མདུན་གྱི་ནམ་མཁར་གཞལ་མེད་ཁང་གི་དབུས་སུ་རང་རང་གི་གདན་ལ་བཞུགས་པར་མོས་ལ། ཐོག་མར་ཡན་ལག་བདུན་པ་སྤྱིར་འབུལ་བ་ལས། དང་པོ་ཕྱག་འཚལ་བ་ནི། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨ་ཁ་འབུས་བྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །གང་གི་སོ་སོར་རྟོགས་པའི་ཡེ་ཤེས་ནི། །དྲན་པས་འཆི་མེད་མཆོགསྩོལ་ཚེ་ཡི་ལྷར། །ཡོངས་ཤར་སྐྱབས་གནས་ཀུན་འདུས་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་མའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །རབ་དཀར་ཞལ་གཅིག་ཕྱག་གཉིསསྤྱན་བདུན་མ། །ཡུམ་གྱུར་ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །གཞན་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །ཚེ་ལ་དབང་བའི་དྲང་སྲོང་རིག་པ་འཛིན། །ཆོས་སྲུང་ནོར་ལྷ་རྒྱ་མཚོའི་ཚོགས་བཅས་ལ། །རབ་ཏུ་དྭངས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་དང་། ཇི་སྙེདསུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པའི་བར་དང་། མཆོད་པ་འབུལ་བ་ནི། རབ་འབྱམས་ཞིང་གི་ཕུན་ཚོགས་མཆོད་པའི་སྤྲིན། །མ་ཚང་མེད་པར་བློ་ཡིས་ཡོངས་བསྡོམས་ཏེ། །བླ་མ་རྩ་གསུམ་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ༀ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ཱར་ཨརྒྷཾནས། ཤཔྟ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་དང་། ནམ་མཁའ་མཛོད་ཀྱིས་སྔགས་རྒྱས་འབུལ། མཎྜལ་རྒྱས་བསྡུས་ཅི་རིགས་དང་། མེ་ཏོག་དམ་པ་སོགས་ནས། ཕྱག་འཚལ་མཆོད་པར་བགྱི། མཆོད་པའི་སྤྲིན་གཟུངས་ལན་གསུམ། ཡན་ལག་ལྷག་མ་རྣམས་ནི། འདོད་ཆགས་ཞེ་སྡངསོགས་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །སྐྱབས་མཆོག་རྣམས་ཀྱིས་འབྲལ་མེད་རྗེས་བཟུང་མཐུས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་མཚན་དཔལ། །དོན་གཉིས་པདྨོ་མཆོག་ཏུ་བཞད་པར་མཛོད། །ཚུལ་གནས་ཐོས་བསམ་བསྒོམ་པའི་ཕ་རོལ་སོན། །ངེས་འབྱུང་བྱང་ཆུབ་སེམས་མཆོག་གཏིང་ནས་འབྱོངས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་དབང་བསྒྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཁྱད་པར་ནད་གདོན་སྡིག་སྒྲིབ་ཉེར་འཚེ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་སོགས། །ཕན་བདེའི་ལེགས་ཚོགས་རྒྱས་པར་མཛད་དུ་གསོལ། །རྒྱལ་བསྟན་དར་ཞིང་དེར་འཛིན་ཞབས་པད་བརྟན། །སྐྱེ་རྒུ་བདེ་སྐྱིད་སྣོད་བཅུད་དཔལ་འབྱོར་འཕེལ། །ཀུན་ཀྱང་ཐེག་པ་ཆེན་པོའི་རྒྱུད་གྲོལ་ནས། །མྱུར་དུ་རྣམ་མཁྱེན་ཐོབ་པར་མཛད་དུ་གསོལ། །ཅེས་འདུན་པ་རྩེ་གཅིག་གིས་གསོལ་བ་གདབ། དེ་ནས་བྱེ་བྲག་སོ་སོར་ཕྱག་མཆོད་འབུལ་བ་ནི། གང་གི་མཚན་ཙམ་ཐོས་དང་དྲན་པས་ཀྱང་། །དུས་མིན་འཆི་བའི་འཇིགས་ཀུན་སེལ་མཛད་པའི། །བླ་མ་བཅོམ་ལྡན་ཚེ་དཔག་མེད་མགོན་ལ། །གུས་པས་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་འཆི། །ཞེས་ལན་བདུན་ནམ་ཉེར་གཅིག་སོགས་གང་རུང་མཐར། མཚན་དཔེའི་སྐུ་མཆོག་མཐོང་ན་རྣམ་པར་གྲོལ། །ཚངས་པའི་གསུང་དབྱངས་འཆི་མེད་བཅུད་ལེན་དངོས། །མཁྱེན་བརྩེའི་ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ། །བཅོམ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་འགྱོད་བཤགས་སྡོམ། །དགེ་ལ་ཡི་རངས་སྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །མཐོང་བས་ཡིད་འཕྲོག་མཚན་དཔེའི་གཟི་བྱིན་འབར། །ཐོས་པས་རབ་དགའ་སྙིང་ལ་བདུད་རྩི་སྦྱིན། །དྲན་པས་མཆོག་སྟེར་བླ་མ་ཚེ་ཡི་ལྷ། །གུས་པས་རྗེས་དྲན་ཕྱག་མཆོད་གསོལ་བཏབ་མཐུས། །སྔོན་གྱི་ཐུགས་དམ་གཉེན་པོ་རྗེས་དགོངས་ཏེ། །བྱང་ཆུབ་སྒྲུབ་ལ་འཚེ་བའི་གདོན་ཚོགས་དང་། །དུས་མིན་འཆི་བའི་འགལ་རྐྱེན་ཀུན་ཞི་ཞིང་། །རྡོ་རྗེའི་ཚེ་མཆོག་འགྲུབ་པར་བྱིན་གྱིས་རློབས། །ཚུལ་ཁྲིམས་དག་ཅིང་ཐོས་བསམ་སྒོམ་མཐར་ཕྱིན། །བྱང་ཆུབ་སེམས་འབྱོང་བསྡུ་བཞིའི་ཕྲིན་ལས་རྒྱས། །མི་མཐུན་རྐྱེན་བྲལ་མཐུན་རྐྱེན་ཡིད་བཞིན་འགྲུབ། །བསྟན་འགྲོའི་དོན་ཆེན་འགྲུབ་པར་མཛད་དུ་གསོལ། །འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་། །རྟག་ཏུ་ཁྱོད་སྒྲུབ་ཞལ་མཆོག་མཐོང་བ་དང་། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །བཅོམ་ལྡན་ཚེ་དཔག་མེད་མགོན་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ན་བདག་སོགས་འགྱུར་བར་ཤོག །ཁྱེད་ལ་དད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་འདིར། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཞེས་དང་། དེ་བཞིན་དུ། གང་གི་མཚན་ཙམ་ཐོས་དང་དྲན་པས་ཀྱང་། །སོགས་གོང་བཞིན་ལ། རྐང་པ་གསུམ་པར། བླ་མ་གཙུག་ཏོར་རྣམ་པར་རྒྱལ་མ་ལ། །ཞེས་ཁ་སྒྱུར་བ་བདུན་ནམ་ཉེར་གཅིག་སོགས་ཀྱི་མཐར། རྒྱལ་བའི་མཚན་བཟང་མཐརཐུག་གཙུག་ཏོར་ལས། །ཉེར་འཁྲུངས་ལྷ་བརྒྱའི་གཙུག་གི་ཅོད་པན་མཆོག །མཚན་ཐོས་ཙམ་གྱིས་བདུད་བཞིའི་གཡུལ་ལས་རྒྱལ། །འཕགས་མ་རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །དངོས་བཤམས་གཟུངས་རིག་སོགས་གོང་བཞིན་ལ། འཕགས་མ་རྣམ་པར་རྒྱལ་མའི་ཐུགས་བསྐྱེད་དང་། །ཞེས་ཁ་བསྒྱུར། གང་གི་མཚན་ཙམ་སོགས་ནས། བླ་མ་འཕགས་མ་ཡིད་བཞིན་འཁོར་ལོ་ལ། །ཞེས་སོགས་ལན་བདུན་ནམ་ཉེར་གཅིག་མཐར། རབ་དཀར་ཟླ་བ་རྒྱས་འདྲའི་ཞལ་མངའ་ཞིང་། །བྱང་ཆུབ་ཡན་ལག་བདུན་གྱི་གཟིགས་པས་མཛེས། །དྲན་པས་བརྒྱད་གཉིས་འཇིགས་པའི་དཔུང་བཅོམ་པའི། །འཕགས་མ་ཡིད་བཞིན་འཁོར་ལོར་ཕྱག་འཚལ་ལོ། །དངོས་བཤམས་སོགས་ནས། འཕགས་མ་ཡིད་བཞིན་འཁོར་ལོའི་ཐུགས་བསྐྱེད་དང་། །སོགས་གོང་བཞིན་མཐར། དགོངས་གསོལ་སྔོན་དུ་འགྲོ་བས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། སོགས་སེམས་བསྐྱེད་ཀྱི་རྟེན་སྐྱབས་འགྲོ་ལན་གསུམ་དང་། ཇི་ལྟར་སྔོན་གྱི་བདེ་བཤེགས་ཀྱིས། །སོགས་ལན་གསུམ་གྱིས་སྨོན་འཇུག་སེམས་བསྐྱེད་བླང་། དེང་དུས་བདག་ཚེ་འབྲས་བུ་ཡོད། །སོགས་ཀྱིས་རང་གཞན་དགའ་བ་བསྒོམ་པ་དང་། སྨོན་ལམ་སྤྱི་ལྟར་བྱའོ། །དེ་ནས་སྔགས་བཟླས་པའི་རྐྱེན་གྱིས་འཆི་མེད་ཚེ་ལྷ་རབ་འབྱམས་རྩ་བ་གསུམ་གྱི་ཐུགས་རྒྱུད་བསྐུལ། སྐུ་ཡི་གནས་ཐམས་ཅད་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་དང་བསྒྲུབ་བྱའི་བླ་ཚེ་ཆད་ཉམས་ཡར་བ་དང་། བརྟན་གཡོ་འཁོར་འདས་ཀྱི་ཚེ་བཅུད་དྭངས་མ་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་སྤྱན་དྲངས། རང་དང་བསྒྲུབ་བྱ་ལ་ཐིམ་པས་འཆི་བ་མེད་པ་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཐོབ་པར་མོས་ལ། ༀ་ཨ་མཱ་ར་ཎི་ཛཱི་ཝིནྟི་ཡེ་སྭཱ་ཧཱ། ཞེས་ཚེ་སྙིང་དང་། ༀ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ཞེས་རྣམ་རྒྱལ་མའི་སྙིང་པོ་དང་། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་སྒྲོལ་དཀར་སྙིང་པོ་བཅས་སྔགས་ཚན་གསུམ་པོ་ཅི་ནུས་བཟླ། སྤྲོ་ན་དེ་དག་གི་གཟུངས་རིང་དང་། གཟུངས་མདོ། རྟོགས་པ་ཕྱག་འཚལ་ཉེར་གཅིག་སོགས་ཀྱང་བཀླགསྐབས་འདིར་བསྡུས་ཏེ་གྲངས་བསོག་པར་འདོད་ན། མཆོད་པ་གསར་དུ་བཤམས་པའམ་ཁ་གསོས་ལ། མཆོད་པའི་སྤྲིན་གཟུངས་ཀྱིས་བྱིན་གྱིས་བརླབས་ནས། རྟག་བརྟན་གཞོམ་གཞིག་བྲལ་བ་རྡོ་རྗེའི་སེམས། །གང་འདུལ་མཚན་དཔེ་འབར་བའི་སྐུར་བཞེངས་པ། །བླ་མ་རྩ་གསུམ་ཚེ་ལྷ་རབ་འབྱམས་ལ། །གུས་པས་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་འཆི། །བདུན་ནམ་ཉེར་གཅིག་སོགས་ཅི་རིགས་མཐར། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །སོགས་གོང་གི་ཚིགས་བཅད་བཞིའི་མཐར། དངོས་བཤམས་གཟུངས་རིག་སོགས་ཡན་ལག་བདུན་པ་འདོད་གསོལ་བཅས་སྦྱར་བ་ལ། བླ་མ་ཚེ་ལྷ་རབ་འབྱམས་ཐུགས་བསྐྱེད་དང་། །སོགས་གོང་བཞིན་དང་། སངས་རྒྱས་ཆོས་ཚོགས་ཙམ་ཀྱིས་སེམས་བསྐྱེད་བླངས་མཐར། སྔགསཅུང་ཟད་རེ་བཟླས་ནས། གྲངས་བསགས་གང་ལྟར་ཡང་། མཐར་གཏང་རག་ཏུ། ཆོས་དབྱིངས་དང་མཉམ་རྒྱལ་བའི་ཞིང་ཁམས་ཀུན། །ཡོངས་འགེང་ཀུན་བཟང་མཆོད་པའི་རོལ་མོ་མཆོག །བློ་ཡིས་བླངས་ནས་རྩ་གསུམ་ཚེ་ཡི་ལྷར། །གུས་པས་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། །མཆོད་གཟུངས་ཚར་གཅིགམཆོག་བྱིན་འཆི་མེད་ལྗོན་པའི་གྲིབ་བསིལ་གྱིས། །སྲིད་རྩ་ཉེས་བརྒྱའི་ཚད་གདུང་གཏན་བཅིལ་ཞིང་། །ཕུན་ཚོགས་སྡེ་བཞིའི་འབྲས་མང་སྦྱིན་མཛད་པའི། །བླ་མ་རྩ་གསུམ་ཚེ་ཡི་ལྷ་ལ་འདུད། །འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །ངན་འགྲོ་ལོག་པར་ལྟུང་དུ་མི་སྐྱེ་ཞིང་། །མཐོ་རིས་ཡོན་ཏན་བདུན་ལྡན་རྟེན་བཟང་མཆོག །མཐུན་རྐྱེན་འཁོར་ལོ་བཞི་ཡིས་འབྱོར་བྱིན་རློབས། །དེའི་མཐུས་དད་བརྩེ་ཤེས་རབ་ལ་སོགས་པ། །དཀར་པོའི་རིགས་ཀྱི་ནུས་པ་མངོན་གྱུར་ནས། །རྨི་ལམ་ན་ཡང་སྡིག་པའི་སེམས་མི་སྐྱེ། །ཅི་བྱེད་གཞན་དོན་འགྱུར་བར་བྱིན་གྱིས་རློབས། །ངེས་པར་འབྱུང་བས་སྲིད་པའི་འཆིང་ལས་གྲོལ། །ཚུལ་ཁྲིམས་དག་པས་ལྷར་བཅས་སྐྱེ་རྒུས་བཀུར། །བྱང་ཆུབ་སེམས་ཀྱིས་གཞན་ཕན་སྒོ་བརྒྱ་འབྱེད། །འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས། །མངདུ་ཐོས་པས་མི་ཤེས་མུན་པ་སངས། །བསམ་བྱུང་མཐུ་ཡིས་ཐེ་ཚོམ་མདུད་པ་གྲོལ། །ཟབ་དོན་བསྒོམས་པས་ཡེ་ཤེས་ཁོང་ནས་ཤར། །བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་རློབས། །ལས་ཉོན་སྡུག་བསྔལ་རྩ་བ་དྲུང་ནས་ཕྱུང་། །བདུད་བཞིའི་འཇིགས་པ་རང་གྲོལ་དབུ་མར་དེངས། །སྐྱེ་འཆིའི་འཁྲུལ་འཁོར་རྨི་ལམ་སྒྱུ་མར་རྟོགས། །རྡོ་རྗེའི་ཚེ་མཆོག་གྲུབ་པར་བྱིན་གྱིས་རློབས། །ནམ་ཞིག་འདིར་སྣང་ནུབ་པའི་དུས་ཀྱི་ཚེ། །བླ་མ་ལྷག་པའི་ལྷ་ཡིས་མདུན་བསུས་ནས། །བདེ་བ་ཅན་དུ་པདྨའི་སྙིང་པོ་ལ། །བརྫུས་སྐྱེས་ལུང་བསྟན་དབུགས་དབྱུང་ཐོབ་བྱིན་རློབས། །དེར་ནི་ས་བཅུའི་དབང་ཕྱུག་མཆོག་རྣམས་དང་། །རླབས་ཆེན་ཚོགས་གཉིས་སྤྱོད་པ་མཉམ་ཞུགས་མཐུས། །དཀའ་བ་མེད་པར་རྫོགས་སྨིནསྦྱངས་མཐར་ཕྱིན། །མྱུར་དུ་རྣམ་མཁྱེན་འགྲུབ་པར་བྱིན་གྱིས་རློབས། །མཁའ་ཁྱབ་ཞིང་དུ་སྲིད་པ་ཇི་སྲིད་བར། །རྟོག་མེད་ལྷུན་གྲུབ་རྣམ་འཕྲུལ་ཚད་མེད་པས། །མ་ལུས་འགྲོ་ཀུན་ཐར་པའི་ལམ་བཀོད་ནས། །སྲིད་མཚོ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས། །དཔལ་ལྡན་བླ་མའི་ཞབས་བརྟན་བཞེད་དོན་འགྲུབ། །དགེ་འདུན་སྡེ་འཕེལ་བསླབ་གསུམ་ཡོན་གྱིས་འབྱོར། །ལྟ་སྤྱོད་དོན་མཐུན་ཆོས་སྤྱོད་བྱ་བ་འཕེལ། །བཤད་སྒྲུབ་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །རྒྱལ་ཁམས་ཀུན་ཏུ་ནད་མུག་མཚོན་འཁྲུགས་ཞི། །རྫོགས་ལྡན་དུས་བཞིན་སྣོད་བཅུད་འབྱོར་པ་དང་། །ཀུན་ཀྱང་ཐེག་པ་ཆེན་པོས་རྒྱུད་གྲོལ་ནས། །བླ་མེད་འབྲས་བུ་ཐོབ་པར་བྱིན་གྱིས་རློབས། །བཀྲ་ཤིས་སྲིད་དང་ཞི་བའི་ཡོན་ཏན་གྱི། །དགེ་མཚན་སྣང་བ་ནུབ་པ་མེད་པའི་ཕུལ། །ཕུན་ཚོགས་འཆི་མེད་གྲུབ་པའི་ངོ་མཚར་དང་། །ལྷན་ཅིག་ཕན་བདེའི་འབྱོར་པ་རྒྱས་གྱུར་ཅིག །ཅེས་གསོལ་གདབ། མཆོད་པའི་ཡོ་བྱད་མ་འབྱོར་ཉམས་པ་སོགས། །ནོངས་པ་གང་མཆིས་བཟོད་པར་བཞེས་ནས་ཀྱང་། །བཅོམ་ལྡན་འཁོར་བཅས་འོད་ཞུ་རང་ལ་ཐིམ། །སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་གྱུར། །ཅེས་མོས་ལ་སྐྱེ་འཆི་མེད་པའི་གནས་ལུགས་དེ་ཁོ་ན་ཉིད་ཀྱི་དོན་ལ་མཉམ་པར་བཞགདེ་ལས་ལྡང་བར་བརྩམ་པ་ན། འདིར་འབད་དགེ་འབྲས་སྟོན་ཟླ་གསར་པའི་གཟིས། །འགྲོ་ཀུན་ལས་ཉོན་འཁྲུལ་བའི་ཚད་གདུང་བཅིལ། །ཐར་གྲོལ་ལམ་གྱི་ཆུ་གཏེར་རབ་འཕེལ་ཞིང་། །ཚེ་བདག་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །ཅེས་དང་། སྤྲོ་ན། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །སོགས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གདབ། ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ནས་བྱུང་བའི་བཀྲ་ཤིས་དང་། སྦྱིན་པ་གཏོང་ཞིང་སོགས་དང་། བསྟན་པའི་དཔལ་གྱུརསོགས། ལོ་བརྒྱ་ཐུབ་ཅིང་སོགས། དཔོན་སློབ་མི་འབྲལ་སོགས་ཇི་ལྟར་རིགས་པའི་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་སུ་བྱའོ། །འདིས་ཀྱང་བདག་གཞན་མཁའ་མཉམ་འགྲོ། །སྐྱེ་འཆིའི་འཇིགས་པ་ལས་གྲོལ་ནས། །འཕོ་མེད་རྟག་པ་དམ་པའི་མགོན། །ཚེ་དཔག་མེད་པ་མངོན་བྱེད་ཤོག །ཅེས་པའང་རང་གི་ཚ་བོ་བསླབ་གསུམ་ནོར་བུའི་མཛོད་འཆང་རིག་འཛིན་མཁའ་སྤྱོད་གླིང་གི་མཆོགསྤྲུལ་དམ་པའི་བཞེད་ངོར། བྱ་བྲལ་བ་རྒན་པོ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚོགས་ཁང་འཆི་མེད་རྡོ་རྗེའི་བྲག་གི་ཀེའུ་ཚང་དུ་སྦྱར་བ་འགྲོ་ཀུན་དུས་མིན་འཆི་བའི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག། །།

སྨན་ལྷའི་མདོ་ཆོག་གི་སྙིང་པོ་བསྡུས་པ་བདུད་རྩིའི་ཡང་ཞུན།

༄༅། །སྨན་ལྷའི་མདོ་ཆོག་གི་སྙིང་པོ་བསྡུས་པ་བདུད་རྩིའི་ཡང་ཞུན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷཻ་ཥ་རཱ་ཛ་ཡ། འདིར་སྨན་ལྷའི་མདོ་ཆོག་གི་སྙིང་པོ་བསྡུས་ཏེ་མདོར་བསྡུས་སུ་བྱ་བར་སྤྲོ་ན། རྟེན་གྱི་སྤྱན་སྔར་ཅི་འབྱོར་པའི་མཆོད་པ་བཤམས། ངེས་འབྱུང་དང་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། བདག་གཞན་འདི་ནས་བྱང་ཆུབ་མ་ཐོབ་པར། །བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་འཆི་ཞིང་། །སྡིག་ལྟུང་ཀུན་བཤགས་སྒོ་གསུམ་བྲན་དུ་འབུལ། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ་དང་། ཚད་མེད་བཞི་སྤྱི་ལྟར་བསྒོམ་པ་སྔོན་དུ་འགྲོ་བས། དངོས་གཞི་ལ། ཐོག་མར་གནས་ཡོ་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་བདེན་དང་ཚོགས་གཉིས་ཟབ་མོའི་མཐུས། །སྣོད་བཅུད་བདེ་ཅན་ཞིང་གི་འབྱོར་པའི་དབུས། །རིན་ཆེན་གཞལ་མེད་གདན་ཁྲི་བཀོད་མཛེས་ལྡན། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་གང་གྱུར་ཅིག །ཅེས་དང་། མཆོད་པའི་སྤྲིན་གཟུངས་ལན་གསུམ་བརྗོད། སྤྱན་འདྲེན་པ་ནི། བདག་ཅག་སྙིགས་མའི་མགོནགྱུར་ཐུགས་རྗེ་ཅན། །བདེ་གཤེགས་བརྒྱད་དང་ཆོས་དང་འཕགས་པའི་ཚོགས། །སྟོན་པའི་དམ་ཆོས་སྐྱོང་མཛད་འཁོར་དང་བཅས། །ཐུགས་རྗེ་ཐུགས་དམ་དབང་གིས་འདིར་གཤེགས་ཤིག །གཙང་མའི་མཆོད་ཡོན་དག་བྱེད་ཁྲུས་ཀྱི་ཆབ། །སྲབ་འཇམ་ན་བཟའ་གདན་ཁྲི་བཀོད་མཛེས་བཅས། །གུས་པས་འབུལ་ལོ་ཅི་བདེར་བཞེས་ནས་ཀྱང་། །བརྟན་པར་བཞུགས་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བཞུགས་སུ་གསོལ་ནས། ཡན་ལག་བདུན་པ་སྤྱིར་འབུལ་བ་ནི། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨོ་ཁ་འབུས་བྱེ་འདྲ་བའི། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །བདེ་བར་གཤེགས་པ་བརྒྱད་ཀྱི་མདོ་ཆོག་གི། །ལམ་བཟང་གསལ་མཛད་དངོས་བརྒྱུད་བླ་མ་དང་། །ཕྱོགས་བཅུའི་སངས་རྒྱས་དེས་གསུངས་དམ་པའི་ཆོས། །དེར་འཛིན་དགེ་འདུན་བཅས་ལ་ཕྱག་འཚལ་ལོ། །མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ། །དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །གང་གིས་མཐོང་ཐོས་དྲན་པའི་དཔལ་གྱུར་པའི། །སྟོན་པ་མཚན་ལེགས་དཔལ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་དང་པདྨས་རབ་བརྒྱན་ཅིང་། །ཤེས་བྱ་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་བའི། །སྒྲ་དབྱངས་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཛམྦུ་ཆུ་བོའི་གསེར་ལྟར་ལྷང་ངེ་བ། །ཉི་མ་སྟོང་བས་ལྷག་པའི་གཟི་བརྗིད་འབར། །དྲི་མེད་གསེར་གྱི་མཆོད་སྡོང་ལྟ་བུའི་སྐུ། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །མྱ་ངན་འདས་ཤིང་བདེ་བའི་མཆོག་བརྙེས་པ། །འགྲོ་བའི་སྡུག་བསྔལ་གདུང་བ་སེལ་མཛད་ཅིང་། །འགྲོ་དྲུག་མགོན་དང་དཔལདུ་གྱུར་པ་ཡི། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཆོས་སྒྲ་ཆེན་པོས་ཕ་རོལ་རྒོལ་བ་འཇོམས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་ཞིང་། །འགྲོ་བའི་དུག་གསུམ་མ་ལུས་ཞི་མཛད་པའི། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཚུལ། །རྣམ་དག་ཆོས་ཀྱི་དབྱིངས་ལ་རོལ་མཛད་ཅིང་། །ཤེས་བྱ་མ་ལུས་མངོན་སུམ་མཁྱེན་པ་པོ། །མངོན་མཁྱེན་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་ལྷ། །བཻཌཱུཪྱ་ཡི་འོད་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཀུན་འབྱུང་མུན་པའི་ས་བོན་མཐར་མཛད་ཅིང་། །སྡུག་བསྔལ་ཟུག་རྔུའི་རྩ་བ་དྲུང་ནས་འབྱིན། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །ཐེག་གསུམ་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་སྐྱབས་གྲོལ་གསང་བའི་བདག །ཚངས་དང་བརྒྱ་བྱིན་འཇིག་རྟེན་སྐྱོང་བ་བཞི། །གནོད་སྦྱིན་སྡེ་དཔོན་ཆེན་པོ་བཅུ་གཉིས་སོགས། །འཕགས་པའི་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །ཞེས་དང་། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་སོགས་ཡན་ལག་བདུན་པ་ཚང་བའི་མཐར། བསྐལ་པ་གྲངས་མེད་འདས་པའི་དུས་ཀྱི་ཚེ། །ཕོངས་གྱུར་འགྲོ་བ་མཐའ་དག་བསྐྱབ་པའི་ཕྱིར། །སྨོན་ལམ་ཁྱད་པར་ཅན་རྣམས་བཏབགྱུར་པའི། །བདེ་གཤེགས་སྲས་འཁོར་བཅས་ལ་སྐྱབས་སུ་འཆི། །བཅོམ་ལྡན་གདན་འཛོམས་ཆེན་པོ་དགོངས་སུ་གསོལ། །བདག་ཅག་མདོ་སྡེའི་ཆོ་ག་བགྱིད་རྣམས་ལ། །བདེན་པའི་བྱིན་རླབས་མངོན་སུམ་བསྩལ་ནས་ཀྱང་། །བསྟན་འགྲོའི་བདེ་སྐྱིད་འཕེལ་བར་མཛད་དུ་གསོལ། །ཞེས་གསོལ་བ་གདབ་བོ། །དེ་ནས་བྱེ་བྲག་ཏུ་སོ་སོར་ཕྱག་མཆོད་འབུལ་བ་ནི། བཅོམ་ལྡན་འདས་དེ་བཞིན་བཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་འཆིའོ། །ཞེས་ལན་བདུན་སོགས་ཅི་རིགས་བརྗོད་མཐར་། གསེར་གྱི་མདོག་ཅན་སྐྱབས་སྦྱིིན་ཕྱག་རྒྱ་ཅན། །སྨོན་ལམ་བརྒྱད་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །གཞན་གྱིས་མི་ཐུབ་ཞིང་གི་དཔལ་གྱུར་བ། །མཚན་ལེགས་ཡོངས་བསྒྲགས་དཔལ་ལ་ཕྱག་འཚལ་ལོ། །དངོསསུ་བཤམས་དང་གཟུངས་དང་རིག་པ་དང་། །མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའིསྤྲིན། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ། །ནམ་མཁའི་ཕ་མཐར་ཁྱབ་པས་རྟག་ཏུ་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་ཞིང་ཡུན་དུ་བཞུགས་པར་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །མཚན་ལེགས་ཡོངས་བསྒྲགས་དཔལ་གྱི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་བརྫུས་སྐྱེས་གཟུངས་སོགས་ཡོན་ཏན་ལྡན། །མཚན་ལེགས་ཡོངས་བསྒྲགས་ལ་སོགས་རྒྱལ་ཀུན་ལས། །བཀའ་ལུང་ནོད་ཅིང་མཉེས་པ་བྱེད་གྱུར་ཅིག །དེ་བཞིན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་འཆིའོ། །བདུན་སོགས་བརྗོད། སྐུ་མདོག་སེར་པོ་མཆོག་སྦྱིན་ཕྱག་རྒྱ་ཅན། །སྨོན་ལམ་བརྒྱད་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །རིན་ཆེན་ལྡན་པའི་ཞིང་གི་མགོན་གྱུར་པ། །རིན་ཆེན་ཟླ་བའི་ཞབས་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་སོགས་གོང་བཞིན་ལ་སྒྲ་དབྱངས་རྒྱལ་པོ་ཁྱེད་ཀྱི་ཐུགས་བསྐྱེད་དང་། །ཞེས་དང་། སྒྲ་དབྱངས་རྒྱལ་པོ་ལ་སོགས་རྒྱལ་ཀུན་ལས། །ཞེས་ཁ་བསྒྱུར་བ་འོག་མ་ཀུན་ལ་འགྲེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་འཆིའོ། །བདུན་སོགས་བརྗོད། འཛམ་བུའི་གསེར་འདྲ་ཆོས་སྟོན་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །སྤོས་ཀྱི་ཡོངས་གང་ཞིང་གི་དཔལ་གྱུར་པ། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་སོགས་དང་། གསེར་བཟང་དྲི་མེད་སོགས་གོང་ལྟར་ཁ་བསྒྱུར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་སོགས་བརྗོད། སྐུ་མདོག་དམརསྐྱ་མཉམ་བཞག་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །མྱ་ངན་མེད་པའི་ཞིང་གི་དཔལ་གྱུར་པའི། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་སོགས། མྱ་ངན་མེད་མཆོག་ཅེས་ཁ་བསྒྱུར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་སོགས་བརྗོད། སྐུ་མདོག་དཀར་དམར་ཆོས་སྟོན་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །ཆོས་ཀྱི་རྒྱལ་མཚན་ཞིང་གི་དཔལ་གྱུར་པ། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་སོགས། ཆོས་བསྒྲགས་རྒྱ་མཚོ་ཞེས་ཁ་བསྒྱུར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་སོགས་བརྗོད། བྱེ་རུའི་མདོག་ཅན་མཆོག་སྦྱིན་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །རིན་ཆེན་རྒྱ་མཚོའི་ཞིང་གི་དཔལ་གྱུར་པ། །མངོན་མཁྱེན་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་སོགས། མངོན་མཁྱེན་རྒྱལ་པོ་ཞེས་ཁ་བསྒྱུར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུར་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་སོགས་བརྗོད། སྐུ་མདོག་སྔོན་པོ་མཆོག་སྦྱིན་ཕྱག་རྒྱ་ཅན། །བཅུ་གཉིས་སྨོན་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །བཻཌཱུཪྱ་སྣང་ཞིང་གི་དཔལ་གྱུར་པ། །སྨན་པའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་སོགས། སྨན་པའི་རྒྱལ་པོ་ཞེས་ཁ་བསྒྱུར། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་སོགས་བརྗོད། གསེར་གྱི་མདོག་ཅན་ས་གནོན་ཕྱག་རྒྱ་ཅན། །རྨད་བྱུང་ཐུགས་རྗེ་བརྩོན་འགྲུས་ཆེན་པོའི་མཐུས། །མི་མཇེད་འཇིག་རྟེན་ཁམས་ཀྱི་དཔལ་གྱུར་པ། །འདྲེན་མཆོག་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་སོགས་དང་། མཉམ་མེད་ཤཱཀྱའི་རྒྱལ་པོའི་ཐུགས་བསྐྱེད་དང་། །སོགས་ནས། བདག་སོགས་འགྱུར་བར་ཤོག །ཁྱེད་ལ་དད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །དེ་ནས་ཆོས་དཀོན་མཆོག་ལ། མ་རིག་མུན་སེལ་སྒྲོན་མེ་མཆོག །སྡུག་བསྔལ་ནད་སེལ་སྨན་གྱི་ཕུལ། །དམ་ཆོས་དཀོན་མཆོག་ཐམས་ཅད་ལ། །ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །ལན་བདུན་སོགས་བརྗོད། གློ་བུར་དྲི་མས་དབེན་པ་ཆོས་ཀྱི་དབྱིངས། །སྒྲིབ་གཉིས་མུན་པ་སེལ་བ་འཕགས་པའི་ལམ། །ཆོས་ཉིད་རྟོགས་པའི་རྒྱུ་མཐུན་གསུང་རབ་མཆོག །ལུང་རྟོགས་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་དང་རིག་སོགས་ནས། བྱང་ཆུབ་ཆེན་པོར་བསྔོ། མཚན་ཐོས་ཙམ་གྱིས་སྐྱོན་སེལ་ཡོན་ཏན་འཕེལ། །ཞེས་སོགས་བདེ་གཤེགས་བཀའ་ལུང་བསླུ་མེད་འབྲས། །དེང་འདིར་བདག་སོགས་འགྲོ་བས་ལོངསསྤྱོད་ཅིང་། །མཁའ་ཁྱབ་ཆོས་ཀྱི་སྒྲོན་མེ་འབར་གྱུར་ཅིག །དམ་ཆོས་དཀོན་མཆོག་བདེན་པའི་བྱིན་རླབས་ཀྱིས། །བདག་སོགས་དེང་ནས་སྲིད་པ་ཇི་སྲིད་དུ། །རྒྱལ་བ་ཀུན་གྱི་དམ་ཆོས་མ་ལུས་པ། །རྒྱལ་བའི་དགོངས་པ་ཇི་བཞིན་འཛིན་གྱུར་ཅིག །དགེ་འདུན་དཀོན་མཆོག་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདུན་སོགས་བརྗོད། འཇམ་དཔལ་སྐྱབས་གྲོལ་གསང་བདག་འཁོར་བཅས་དང་། །སྤྱན་རས་གཟིགས་དང་ཉི་ལྟར་སྣང་བྱེད་སོགས། །འཁོར་གྱི་བྱང་སེམས་སུམ་ཁྲི་དྲུག་སྟོང་དང་། །ཕྱོགས་བཅུའི་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་དང་རིག་སོགས་ཀྱི་མཐར། འཇམ་དཔལ་ལ་སོགས་རྒྱལ་སྲས་མཆོག་རྣམས་ཀྱིས། །བདེན་པའི་ཞལ་བཞེས་བསླུ་བ་མེད་པའི་འབྲས། །དེང་འདིར་མདོ་སྡེའི་ཆོ་ག་བགྱིད་རྣམས་ལ། །འཕྲལ་དུ་མངོན་སུམ་མཐོང་བར་མཛད་དུ་གསོལ། །རྒྱལ་སྲས་འཕགས་པ་ཡོངས་ཀྱི་ཐུགས་བསྐྱེད་དང་། །སོགས། ཆོས་སྐྱོང་རྣམས་ལ། ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་དང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་སོགས་པ་དམ་པའི་ཆོས་སྐྱོང་བའི་ལྷའི་དགེ་བསྙེན་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་གསུམ་སོགས་བརྗོད། ཚངས་དབང་རྒྱལ་ཆེན་གཙང་རིས་དཔལ་མགོན་ཚོགས། །གནོད་སྦྱིན་སྡེ་དཔོན་བཅུ་གཉིས་གཡོག་འཁོར་བཅས། །སྟོན་པའི་དམ་ཆོས་སྲུང་བར་ཞལ་བཞེས་པའི། །དཀར་ཕྱོགས་སྐྱོང་བ་རྣམས་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་དང་རིག་སོགས་ཀྱི་མཐར། འཇིག་རྟེན་སྐྱོང་བའི་སྡེ་དཔོན་འཁོར་བཅས་ཀྱིས། །བཅོམ་ལྡན་གདན་འཛོམས་ཆེན་པོའི་སྤྱན་སྔ་རུ། །ལྷ་ཡི་བདེན་ཚིག་མདོང་གསོལ་མཛད་པ་བཞིན། །སྔོན་གྱི་དམ་བཅའ་མ་བསྙེལ་དེང་དགོངས་ནས། །བདག་ཅག་མདོ་སྡེའི་ཆོ་ག་བགྱིད་རྣམས་ལ། །འགལ་རྐྱེན་ཀུན་སེལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །འགྲོ་ཀུན་བདེ་སྐྱིད་འབྱུང་བའི་ཕྲིན་ལས་མཛོད། །ཞེས་ཕྲིན་ལས་གསོལ་ཞིང་སྐབས་འདིར་གཏོར་མ་འབུལ་བར་སྤྲོ་ནའང་གཞུང་ལྟར་བྱའོ། །སྐབས་འདིར་ཤིན་ཏུ་བསྡུས་པའི་སྒོ་ནས་གྲངས་གསོག་པར་འདོད་ན། མཆོད་པ་གསར་དུ་བཤམས་པའམ་ཁ་གསོས་ལ་མཆོད་པའི་སྤྲིན་གཟུངས་ཀྱིས་བྱིན་གྱིས་བརླབས་ལ། མཚན་ཙམ་ཐོས་པས་དུག་གསུམ་ནད་སེལ་བའི། །བདེ་གཤེགས་བརྒྱད་དང་ཆོས་དང་འཕགས་པའི་ཚོགས། །བསྟན་པ་སྲུང་མཛད་དཀར་ཕྱོགས་སྐྱོང་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །ལན་བདུན་སོགས་ཅི་རིགས་མཐར། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །ཆོས་ཀྱི་རྒྱལ་བུ་འཇམ་དཔལ་གཞོན་ནུའི་ཞབས། །བཀའ་དྲིན་མཉམ་མེད་མཁན་ཆེན་ཞི་འཚོ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་བསྒྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །ཚངས་པ་བརྒྱ་བྱིན་ལ་སོགས་ཕྱོགས་སྐྱོང་བཅུ། །རྒྱལ་ཆེན་བཞི་སོགས་གཙང་རིས་མགོན་པོ་སྟེ། །བསྟན་པ་སྲུང་བར་ཞལ་བཞེས་འཕགས་པའི་ཚོགས། །དཀར་ཕྱོགས་སྐྱོང་བ་རྣམས་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང་། །མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་སྤྲིན་ནི། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ། །ནམ་མཁའི་ཕ་མཐར་ཁྱབ་པས་རྟག་ཏུ་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་ཞིང་ཡུན་དུ་བཞུགས་པར་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །བདེ་གཤེགས་བརྒྱད་དང་རིགས་གསུམ་སེམས་དཔའ་སོགས། །བཅོམ་ལྡན་གདན་འཛོམས་ཆེན་པོ་འཁོར་བཅས་ཀྱིས། །བདག་དང་སྙིགས་མའི་འགྲོ་བ་མཐའ་དག་ལ། །ཐུགས་རྗེ་ཆེན་པོས་ལྷག་པར་ཉེར་དགོངས་ཏེ། །ཇི་ལྟར་སྔོན་ཚེ་སྨོན་ལམ་དམ་བཅས་བཞིན། །བདེན་པའི་འབྲས་བུ་མངོན་སུམ་སྣང་མཛད་ནས། །གནས་སྐབས་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་དད་བརྩོན་ཤེས་རབ་སོགས། །མཐུན་རྐྱེན་ལེགས་ཚོགས་མཐའ་དག་རྒྱས་པ་དང་། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །འགྲོ་ཀུན་བདེ་སྐྱིད་འཕེལ་བར་བྱིན་གྱིས་རློབས། །ཚེ་ཡི་མཐར་ཡང་བཅོམ་ལྡན་སྲས་བཅས་ཀྱིས། །དག་པའི་ཞིང་དུ་མངོན་སུམ་འཁྲིད་པ་དང་། །མྱུར་དུ་བྱང་ཆུབ་སྙིང་པོར་ལུང་བསྟན་ནས། །དོན་གཉིསལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །བདེ་གཤེགས་སྲས་འཁོར་བཅས་པའི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཅེས་གྲངས་བསགས། གང་ལྟར་ཡང་། སྔགས་བཟླས་པའི་རྐྱེན་གྱིས་བདེ་བར་གཤེགས་པ་བརྒྱད་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་བདུད་རྩིའི་རྣམ་པ་དཔག་ཏུ་མེད་པ་བྱུང་སྟེ། བདག་དང་སྦྱིན་བདག་གམ་བུམ་པ་ཡོད་ན་བུམ་པའི་ཆུ་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམས་ལ། ཏདྱ་ཐཱ། གྷུ་མི་གྷུ་མི། ཨི་མི། ནི་མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་ག་ཏ་ས་མཱ་དྷྱཱ་ངྷིཥྛི་ཏེ། ཨ་ཏི་མ་ཏི། པཱ་ལེ་པཱ་པཾ་ཤྭ་ངྷ་ནི། སརྦ་པཱ་པཾ་ནཱ་ཤཱ་ཡ། མཱ་མ་བུངྔྷེ། བུངྔྷོཏྟ་མེ། ཨུ་མེ་ཀུ་མེ། བུདྡྷ་ཀྵེ་ཏྲ་པ་རི་ཤོ་ངྷ་ནི། ངྷ་མི་ནི་ངྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་རེ། སརྦ་ཨ་ཀ་ལ། མྲྀ་ཏྱུ་ནི་བཱ་ར་ཎི། བུངྔྷེ་སུ་བུངྔྷེ། བུདྡྷཱ་ངྷིཥྛི་ཏི་ནོ། རཀྵནྟུ་མེ། སརྦ་དེ་ཝཱ། ས་མེ། ཨ་ས་མེ། ས་མ་ནྭཱ་ཧ་རནྟུ་མི། སརྦ་བུདྡྷ་བོ་ངྷི་ས་ཏྭ་ནཾ། ཤ་མེ་ཤ་མེ། པྲ་ཤ་མནྟུ་མེ། སརྦ་ཨིཏྱུ་པ། དྲ་བ་བྱཱ་ངྷ་ལ་པཱུ་ར་ཎི་པཱུ་ར་ཎི། པཱུ་ར་ཡ་མི། སརྦ་ཨཱ་ཤ་ཡ། བཻཌཱུ{ཊཱུ}ཪྱ་པྲ་ཏི་བྷཱ་སེ་སརྦ་པཱ་པཾཀྵ་ཡཾ་ཀ་རི་སྭཱཧཱ། ཞེས་གཟུངས་རིང་དང་། གཞན་སྨན་གཟུངས་རྒྱས་བསྡུས་གང་འགྲུབ་བཟླ་ཞིང་། བུམ་ཆུས་ཁྲུས་སོགས་བྱའོ། །མཇུག་ཏུ་མཆོད་བསྟོད་བྱ་བ་ནི། ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་དང་། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམས། །ཡོན་ཏན་ཆེན་པོ་འཇིག་རྟེན་མགོན་ལ་འབུལ། །མཆོག་གི་མཆོད་པ་དམ་པ་བཞེས་སུ་གསོལ། །མཆོད་གཟུངས་ཚར་གཅིག་བཟླ། བདེ་གཤེགས་མཆེད་བརྒྱད་ཆོས་དང་འཕགས་པའི་ཚོགས། །མ་ལུས་འགྲོ་བའི་མགོན་གྱུར་ཐམས་ཅད་ལ། །བདག་གཞན་མཁའ་ཁྱབ་ཡིད་ཅན་ཐམས་ཅད་ཀྱིས། །རྡུལ་སྙེད་ལུས་སྤྲུལ་གུས་པས་ཕྱག་འཚལ་བསྟོད། །དེང་འདིར་མདོ་སྡེའི་ཆོ་ག་བགྱིས་པའི་མཐུས། །བདེ་གཤེགས་སྲས་བཅས་སྨོན་ལམ་ཞལ་བཞེས་དང་། །ཆོས་སྐྱོང་སྲུང་མས་ཐུགས་དམ་གང་བཅས་པ། །བདག་ཅག་རྣམས་ལ་འགྲུབ་པར་མཛད་དུ་གསོལ། །རྒྱལ་བསྟན་དར་རྒྱས་འགྲོ་ཀུན་བདེ་ཞིང་སྐྱིད། །ནད་གདོན་དབུལ་ཕོངས་འཐབ་རྩོད་རྒུད་ཀུན་ཞི། །བྱང་ཆུབ་སེམས་འབྱོངས་ཚོགས་གཉིས་དཔལ་གྱིས་འཚོ། །མྱུར་དུ་རྣམ་མཁྱེན་གོ་འཕང་མངོན་བྱེད་ཤོག །ཅེས་དང་། རྟེན་ཡོད་ན་ནོངས་བཤགས་བརྟན་བཞུགས་སྤྱི་ལྟར་དང་། མེད་ན། མཆོད་པའི་ཡོ་བྱད་མ་འབྱོར་ཉམས་པ་སོགས། །ནོངས་པ་གང་མཆིས་བཟོད་པར་བཞེས་ནས་ཀྱང་། །བཅོམ་ལྡན་འཁོར་བཅས་རང་རང་ཞིང་ཁམས་སུ། །གཤེགས་ཏེ་སླར་ཡང་འབྱོན་པར་མཛད་དུ་གསོལ། །བདག་གཞན་དགེ་བའི་རྩ་བ་འདི་ཡི་མཐུས། །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིག །སྡུག་བསྔལ་ཀུན་འབྱུང་མ་ལུས་རབ་སྤངས་ནས། །སྲིད་པའི་རྒྱ་མཚོ་མྱུར་དུ་སྐེམ་པར་ཤོག །བདེ་གཤེགས་བརྒྱད་དང་དེས་གསུངས་དམ་པའི་ཆོས། །དེར་འཛིན་འཕགས་པའི་དགེ་འདུན་བཅས་པ་ལ། །རྨད་བྱུང་དགེ་མཚན་ཇི་སྙེད་མཆིས་པ་དེས། །སྲིད་ཞིའི་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །འདིས་ཀྱང་བདག་གཞན་མཁའ་མཉམ་འགྲོ། །དུག་གསུམ་རྒྱུ་འབྲས་ནད་ཀུན་ལས། །ཡོངས་གྲོལ་སྨན་པའི་རྒྱལ་པོ་ཡི། །གོ་འཕང་མྱུར་དུ་ཐོབ་གྱུར་ཅིག །ཅེས་པའང་རྒྱུན་གྱི་ཉམས་ལེན་ལ་ཉེ་བར་མཁོ་བས་མཚམས་སྦྱར་ནས། འཇམ་མགོན་བླ་མ་ཡབ་སྲས་ཀྱི་གསུང་གི་སྙིང་པོ་བསྡུས་ཏེ་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚོགས་ཁང་དུ་བྱ་བྲལ་བ་རྒན་པོ་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བྲིས་པ་དགེ། །།

ཐུབ་དབང་ཉེ་སྲས་བརྒྱད་ལ་ཕྱག་མཆོད་བསགས་སྦྱང་བྱ་བའི་ཆོ་ག་སྙིང་པོ་བསྡུས་པ་ཀུན་ཕན་བདུད་རྩིའི་སྙིང་པོ།

༄༅། །ཐུབ་དབང་ཉེ་སྲས་བརྒྱད་ལ་ཕྱག་མཆོད་བསགས་སྦྱང་བྱ་བའི་ཆོ་ག་སྙིང་པོ་བསྡུས་པ་ཀུན་ཕན་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས། ན་མོ་གུ་རུ་བུདྡྷ་བོ་དྷཱི་ས་ཏྭ་བྷྱཿགཟོད་ནས་རྣམ་གྲོལ་མཆོག་བརྙེས་ཀྱང་། །གདུལ་དཀའ་འདུལ་ཕྱིར་སྟོན་འཁོར་ཚུལ། །ཐུབ་དབང་ཉེ་སྲས་བརྒྱད་བཅས་ལ། །བསྟོད་ནས་མཆོད་ཆོག་སྙིང་པོ་བྲི། །འདིར་སྟོན་པ་ཐུབ་པའི་དབང་པོ་འཁོར་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་བཅས་པ་ལ་ཕྱག་མཆོད་གསོལ་བ་འདེབས་པར་འདོད་པས། རྒྱས་པར་འཛམ་གླིང་ཤིང་རྟ་ཆེན་པོ་ཀུན་མཁྱེན་བླ་མའི་རྡོ་རྗེའི་གསུངདུས་གསུམ་དུ་འབྱོན་པར་དཀའ་བ་རྒྱལ་སྲས་དགྱེས་པའི་ལམ་འཇུག་ལྟར་བྱ་བ་ཡིན་ཀྱང་། འདིར་རྒྱུན་གྱི་ཉམས་ལེན་ལྟ་བུར་དེ་ཙམ་མི་ནུས་པའི་དབང་དུ་བྱས་ཏེ་ཤིན་ཏུ་མདོར་བསྡུས་སུ་བྱ་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་ཡོ་བྱད་ཀྱི་ཤོམ་ནི། གནས་གཙང་མར་སྤྱི་དང་ཁྱད་པར་གྱི་སྐུ་གསུངཐུགས་རྟེན་བཞུགས་སུ་གསོལ་བའི་སྤྱན་སྔར། གཙང་མའི་སྟེགས་དབུས་རིན་པོ་ཆེའི་མཎྜལ་དྲིའི་ཐིག་ལེ་དང་ཚོམ་བུ་དགུ་བཀོད་པའི་དབུས་སུ་སྟོན་པའི་སྣང་བརྙན་ཙམ་བཀོད་ལ་མ་འབྱོར་ནའང་འགལ་བ་མེད། མཐའ་བསྐོར་མེ་ཏོག་ལ་སོགས་པའི་ཅི་འབྱོར་པའི་མཆོད་པ་བཤམས། རང་ཉིད་སྟན་བདེ་བར་འཁོད་ནས་བསམསྦྱོར་རྣམ་པར་དག་པའི་ཕྱིར་སྐྱབས་སེམས་བྱ་བ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ་རྗེས། སྣོད་བཅུད་རྣམ་པར་དག་པར་བྱ་བ་བྱིན་རླབས་བཞི་སྐོར་ནི། སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་སྟོབས་ཀྱིས། །སྣོད་བཅུད་བདེ་ཅན་ཞིང་གི་བཀོད་པའི་དབུས། །ཡིད་འཕྲོག་ནོར་བུའི་གཞལ་མེད་ཁང་ཆེན་པོར། །རིན་ཆེན་སེང་ཁྲི་པད་ཟླའི་གདན་མཆོག་དང་། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །ཅེས་དང་། མཆོད་པའི་སྤྲིན་གཟུངས་ལན་གསུམ་བྱའོ། །གཉིས་པ་དངོས་གཞི་ལས། ཚོགས་ཞིང་སྤྱན་འདྲེན་པ་ནི། འདུན་པ་རྩེ་གཅིག་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །ཐུབ་དབང་སྲས་བཅས་གནས་འདིར་གཤེགས་སུ་གསོལ། །ནོར་བུའི་ཕོ་བྲང་དཔག་ཡས་མཆོད་སྤྲིན་དབུས། །རིན་ཆེན་སེང་ཁྲི་པད་ཟླའི་གདན་སྟེང་དུ། །བདག་ཅག་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར། །དམིགས་མེད་ཐུགས་རྗེས་དགོངས་ཏེ་དགྱེས་པར་བཞུགས། །ཞེསསྤྱན་དྲངས་པ་ཉིད་གདན་ལ་བཞུགས་སུ་གསོལ་ནས་གསལ་གདབ་པ་ནི། མདུན་མཁར་ཡིད་འཕྲོག་ནོར་བུའི་གཞལ་མེད་དབུས། །རིན་ཆེན་སེང་ཁྲི་པད་ཟླའི་གདན་གྱི་སྟེང་། །རྩ་བའི་བླ་མ་བཅོམ་ལྡན་ཤཱཀྱའི་རྒྱལ། །གསེར་གྱི་མདོག་ཅན་ས་གནོན་མཉམ་བཞག་མཛད། །མཚན་དཔེའི་གཟི་འབར་ཚངས་པར་སྤྱོད་པའི་ཆས། །རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་མུ་མེད་འཕྲོ། །མཐའ་བསྐོར་ཕྱོགས་མཚམས་པད་ཟླར་ཤར་ནས་བརྩམས། །གཡས་བསྐོར་རིམ་བཞིན་རྗེ་བཙུན་འཇམ་དཔལ་དབྱངས། །དམར་སེར་ཆོས་འཆད་ཨུཏྤལ་པོ་ཏི་འཛིན། །ཟུར་ཕུད་ལྔ་པ་གཞོན་ནུའི་ཆ་ལུགས་མཛེས། །སྤྱན་གཟིགས་དཀར་པོ་རི་དྭགས་པགས་པ་གཡོན། །ཕྱག་གཉིས་མཆོགསྦྱིན་གདན་གནོན་པད་དཀར་འཛིན། །ཕྱག་རྡོར་སྔོན་པོ་རིན་ཆེན་སྲོག་ཞུ་གསོལ། །ཟླ་བར་རྒྱབ་བརྟེན་རྡོར་གསོར་གདན་གནོན་མཛད། །བྱམས་མགོན་དམར་སེར་བྱང་ཆེན་མཆོད་རྟེན་མཛེས། །ཚངས་སྤྱོད་ཆ་ལུགས་ཆོས་འཆད་ཀླུ་ཤིང་འཛིན། །ས་སྙིང་སེར་པོ་མེ་ཏོག་ཐོད་རྒྱན་སྔོ། །ཕྱག་གཉིས་ཤིང་ཏོག་པད་སྟེང་ནོར་བུས་མཚན། །སྒྲིབ་སེལ་དཀར་པོ་ཕྱག་གཡས་བདུད་རྩིའི་བུམ། །གཡོན་པས་པད་དཀར་ཉ་རྒྱས་ཟླ་བས་མཚན། །ནམ་སྙིང་སྔོ་སངས་ཆོས་འཆད་ཕྱག་རྒྱ་ཅན། །རལ་གྲིས་མཚན་པའི་པདྨ་གཡོན་ན་འཛིན། །ཀུན་བཟང་དམར་པོ་བདུད་རྩིའི་བུམ་པ་གཡས། །ཉི་མས་ལེགས་མཚན་པད་དཀར་གཡོན་ན་བསྣམས། །ཀུན་ཀྱང་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་འོད་ཟེར་འབར། །མཐའ་བསྐོར་སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་སྤྲིན། །དཔག་མེད་ཏིལ་གྱི་གོང་བུ་ཁ་ཕྱེས་བཞིན། །བསོད་ནམས་ཞིང་དུ་མངོན་སུམ་ལྟར་བཞུགས་ནས། །དཔག་མེད་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཆེ། །བདག་དང་འགྲོ་ལ་དགྱེས་བཞིན་དགོངས་པར་གྱུར། །ཞེས་མོས་ནས་ཚོགས་བསགས་དངོས་ལ་རིམ་པ་གསུམ་ལས། དང་པོ་ཡན་ལག་བདུན་པའི་བསོད་ནམས་ཀྱི་ཚོགས་བསགས་པ་ནི། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་རླབས་པའི། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པའི་འདོད་ཆགས་བྲལ་བའི་རྒྱུ། །དགེ་བའི་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་པའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །འགྲོ་བའི་བླ་མ་སྟོན་པ་པོ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །ཤཱཀྱ་སེངྒེ་ལ་ཕྱག་འཚལ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་གཞོན་ནུ་ལ་ཕྱག་འཚལ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དཔལ་ལྡན་པདྨ་གར་གྱི་བདག །བྱེད་པོ་སེམས་ཅན་ཀུན་དོན་བྱེད། །སྤྱན་རས་གཟིགས་དབང་ལ་ཕྱག་འཚལ། །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ། །ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །ནམ་མཁའི་སྙིང་པོ་ལ་ཕྱག་འཚལ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །ས་ཡི་སྙིང་པོ་ལ་ཕྱག་འཚལ། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །སྒྲིབ་པ་རྣམས་སེལ་ལ་ཕྱག་འཚལ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །བྱམས་པ་མགོན་པོ་ལ་ཕྱག་འཚལ། །མཁས་པ་ཆེན་པོ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཀུན་ཏུ་བཟང་པོ་ལ་ཕྱག་འཚལ། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །དུས་གསུམ་སངས་རྒྱས་ལས་བྱེད་པ། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ། །རྟག་པར་གུས་པས་ཕྱག་འཚལ་ལོ། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོ་བྱ་བའི་འོས། །བཀུར་འོས་རྗེད་པར་བྱ་བའི་མཆོག །ཀུན་ལའང་གུས་པས་ཕྱག་འཚལ་ལོ། །བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གུས་པས་མཆོད་འོས་རྣམས་ལ་འབུལ། །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་ཀུན་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུངགྱུར་ཅིག །ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །ཇི་སྙེད་མཆོད་པ་འདི་བཞེས་ལ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །མི་ཤེས་འདམ་དུ་བྱིང་བ་ཡི། །བྱིས་པ་བདག་གིས་ནོངས་པཀུན། །སྙིང་ནས་འགྱོད་པས་བཤགས་ཤིང་སྡོམ། །ཟབ་ཅིང་ཡངས་ལ་རྒྱ་ཆེ་བ། །དོན་ཆེན་འགྲོ་བའི་དོན་བྱེད་པ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤང་བའི་ཕྱིར། །བསམ་པའི་ཁྱད་པར་ཇི་བཞིན་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུའི་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ཀུན་ལ་རྟག་པར་བཞུགས་གསོལ་འདེབས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཀུན་ཀྱང་ཡེ་ཤེས་ཆེན་པོར་བསྔོ། །འདི་ནས་བྱང་ཆུབ་སྙིང་པོའི་བར། །སྲས་བཅས་རྒྱལ་བས་དགྱེས་བཟུང་ནས། །མགོན་པོ་ཁྱེད་རྣམས་དང་མཚུངས་པའི། །ཡོན་ཏན་བསམ་མི་ཁྱབ་ཐོབ་ཤོག །གཉིས་པ་ཡེ་ཤེས་ཀྱི་ཚོགས་བསགས་པའི་སླད་དུ་ཀུན་རྫོབ་དང་དོན་དམ་གྱི་སེམས་བསྐྱེད་པ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞི་སྐྱབས་སུ་མཆི། །ལན་གསུམ་གྱིས་སེམས་བསྐྱེད་རྟེན་སྐྱབས་འགྲོ་དང་། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པའི་ཚོགས་བསགས། དངོས་གཞི་གོང་ལྟར་དགོངས་གསོལ་སྔོན་དུ་འགྲོ་བས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིནདུ་བསླབ་པར་བགྱི། །ལན་གསུམ་གྱིས་སྨོན་འཇུག་སྟབས་གཅིག་ཏུ་ལེན། རྗེས་དགའ་བ་བསྒོམ་པ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །རྒྱལ་པོ་བློན་པོ་ལས་དང་པོའི། །ལྟུང་བ་ལྔ་ལྔ་བརྒྱད་ལ་སོགས། །རྩ་བ་དང་ནི་ཡན་ལག་གི། །ཉེས་ལྟུང་རྣམས་ཀྱིས་མ་གོས་པར། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམ་སྟེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོགས་པར་མི་འགྱུར་དེ་ལྟར་བྱ། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་དེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་ཀུན་རྫོབ་དང་། སངས་རྒྱས་དང་བྱངཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ། ཆོས་བདག་མེད་པ་མཉམ་པ་ཉིད་ཀྱི་ཕྱིར། རང་གི་སེམས་གདོད་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་བསྐྱེད་དོ། །ཞེས་ལན་གསུམ་བརྗོད་ཅིང་དོན་དམ་སེམས་བསྐྱེད་སྤྲོས་བྲལ་མཉམ་པ་ཉིད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞགདེ་ལས་ལང་པ་ན། བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །གསུམ་པ་ཁྱད་པར་གྱི་བྱ་བ་ལས། གཙོ་འཁོར་རེ་རེ་བཞིན་ཕྱག་མཆོད་སྨོན་ལམ་གདབ་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོག་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱི་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །གསེར་གྱི་མདོག་ཅན་ཚན་དཔེས་སྤྲས་པའི་སྐུ། །ཡན་ལག་དྲུག་ཅུས་ཆོས་སྒྲ་སྒྲོགས་པའི་གསུང་། །ཇི་ལྟ་ཇི་སྙེད་ཡེ་ཤེས་ཐུགས་མངའ་བ། །ཐུབ་མཆོག་ཤཱཀྱའི་རྒྱལ་ལ་གུས་པས་འདུད། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི་། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རངས་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །མཉམ་མེད་ཤཱཀྱའི་རྒྱལ་པོའི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞལ་མཐོང་ལུང་བསྟན་དབུགས་དབྱུང་སྒྲིབ་ཚོགས་བྱང་། །རྒྱལ་མཆོད་དམ་ཆོས་ཀུན་འཛིན་འགྲོ་ཕན་སྒྲུབ། །ཀུན་བཟང་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཤོག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། ཤེས་བྱའི་མཁའ་དབྱིངས་ཟབ་ཅིང་ཡངས་པ་ལ། །བློ་གྲོས་དཀྱིལ་འཁོར་རྒྱས་པའི་འོད་ཟེར་གྱིས། །སྐྱེ་དགུའི་མ་རིག་མུན་པའི་ཚོགས་བསལ་བ། །རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །གུར་གུམ་མདངས་འཛིན་གཞོན་ནུའི་ལང་ཚོ་ཅན། །གླེགས་བམ་ཟེའུ་འབྲུས་མཛེས་པའི་ཨུཏྤལ་བསྣམས། །སངས་རྒྱས་ཀུན་གྱི་ཡེ་ཤེས་མཛོད་འཆང་བ། །རྒྱལ་སྲས་དཔའ་བོ་འཇམ་དཔལ་ཞབས་ལ་འདུད། །དངོས་བཤམས་སོགས་གོང་ལྟར་ལ། རྒྱལ་སྲས་འཇམ་དཔལ་དབྱངས་ཀྱི་ཐུགས་བསྐྱེད་དང་། །སོགས་དང་། འདི་ནས་ཤི་འཕོས་གྱུར་ཚེ་འཇམ་དཔལ་གྱི། །སོགས་ཁ་བསྒྱུར་ནས་བརྗོད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། ཆོས་ཀྱི་དབྱིངས་ན་སྐྱེས་བུ་གཅིག་པུ་བ། །ཁམས་གསུམ་དག་ན་བཙུན་པ་སྤྱན་རས་གཟིགས། །ཟླ་ཞལ་པད་མདོག་དྲི་མ་མེད་པའི་སྐུ། །སྐྱོན་བྲལ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཁ་བ་མི་ཏིག་མདོག་མཚུངས་པད་དཀར་གཡོན། །དཀའ་ཐུབ་ཆས་ཅན་རི་དྭགས་པགས་པ་བསྣམས། །རྒྱལ་ཀུན་བརྩེ་བ་གཅིག་བསྡུས་འཇིག་རྟེན་མགོན། །འཁོར་བ་དོང་ནས་སྤྲུགས་པར་མཛད་ལ་འདུད། །དངོས་བཤམས་སོགས། རྒྱལ་སྲས་སྤྱན་རས་གཟིགས་ཀྱི་ཐུགས་བསྐྱེད་དང་། །སོགས། འདི་ནས་ཤི་འཕོས་གྱུར་ཚེ་སྤྱན་གཟིགས་ཀྱི། །སོགས་གོང་བཞིན་བྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་མཆོག །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །བཻཌཱུའི་ལྷུན་པོ་དང་མཚུངས་གཟི་བརྗིད་འབར། །མཐུ་སྟོབས་མངའ་བརྙེས་རྡོ་རྗེ་ཕྱག་ན་གསོར། །གསང་བ་ཀུན་བདག་སྲས་བཅས་རྒྱལ་ཀུན་ལ། །གླགས་ལྟའི་བདུད་ཚོགས་འཇོམས་པར་མཛད་ལ་འདུད། །དངོས་བཤམས་སོགས་གོང་བཞིན་ལ། རྒྱལ་སྲས་གསང་བའི་བདག་པོའི་དང་། །གསང་བདག་གི་ཞེས་ཁ་བསྒྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་ཚབ་བྱམས་པ་མགོན་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེགས། །ཡེ་ཤེས་འོད་ཀྱིས་མ་རིག་མུན་པ་སེལ། །ཆོས་ཀྱི་རྒྱལ་ཚབ་འགྲོ་བའི་མགོནགྱུར་པའི། །དགའ་ལྡན་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །ལི་ཁྲིའི་མདངས་ཅན་ཀླུ་ཤིང་སྡོང་བུ་བསྣམས། །ཐོར་ཚུགས་གསེར་གྱི་མཆོད་རྟེན་མཛེས་པས་སྤྲས། །ཚངས་སྤྱོད་ཆས་ཅན་ཐུབ་པའི་ཆོས་མཛོད་སྲུང་། །རྒྱལ་ཚབ་ལྷ་བརྒྱའི་མགོན་པོའི་ཞབས་ལ་འདུད། །དངོས་བཤམས་སོགས་གོང་བཞིན་ལ། རྒྱལ་ཚབ་བྱམས་པ་མགོན་པོའི་དང་། །བྱམས་མགོན་གྱི་ཞེས་ཁ་བསྒྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སའི་སྙིང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། གདུལ་བྱའི་ཞིང་དུ་འགྲོ་དོན་རྫོགས་མཛད་ཕྱིར། །མི་བསྙེལ་ཐུགས་རྗེས་འཁོར་བའི་མཐའ་ལ་གཟིགས། །ཐབས་མཁས་ཐུགས་རྗེ་འགྲོ་དོན་ལྷུར་མཛད་པ། །ས་ཡི་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ། །གསེར་མདོག་མེ་ཏོག་སྔོན་པོས་ཐོད་བཅིངས་ཤིང་། །ཤིང་ཏོག་པདྨ་ནོར་བུའི་མཚན་པ་བསྣམས། །བརྟན་གཡོའི་བཅུད་སྤེལ་དགེ་བའི་ལོ་ཏོག་སྐྱེད། །འཇིགས་པ་ཀུན་སྐྱོབ་ས་ཡི་སྙིང་པོར་འདུད། །དངོས་བཤམས་སོགས་གོང་བཞིན་ལ། རྒྱལ་སྲས་ས་ཡི་སྙིང་པོའི་དང་། །ས་སྙིང་གི་ཞེས་ཁ་བསྒྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། ཞིང་རྣམས་ཀུན་ཁྱབ་ཟབ་ཡངས་གསུང་སྒྲ་ཅན། །ཇི་ལྟ་ཇི་སྙེད་ཐམས་ཅད་མཁྱེན་པའི་ཐུགས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་སྐྱེད་མཛད་པ། །སྒྲིབ་པ་རྣམ་པར་སེལ་ལ་ཕྱག་འཚལ་ལོ། །ཆུ་ཤེལ་མདོག་ཅན་བཅུད་ལྡན་བུམ་བཟང་དང་། །ཉ་རྒྱས་ཟླ་བས་མཚན་པའི་པད་དཀར་བསྣམས། །མཚན་གྱི་ཟེར་ཙམ་ལྷུང་བས་སྒྲིབ་པའི་མུན། །རྣམ་པར་སེལ་མཛད་བདེ་གཤེགས་སྲས་པོར་འདུད། །དངོས་བཤམས་སོགས་གོང་བཞིན་ལ། རྒྱལ་སྲས་སྒྲིབ་པ་རྣམ་སེལ་དང་། །སྒྲིབ་སེལ་གྱི་ཞེས་ཁ་བསྒྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། གྲགས་པ་ཆེན་པོ་འགྲོ་བ་ཀུན་གྱི་སྐྱབས། །ཞལ་རས་རྒྱ་ཆེ་ནམ་མཁའི་སྤྱོད་ཡུལ་ཅན། །ས་ཡི་དཀྱིལ་འཁོར་ཐམས་ཅད་སྣང་མཛད་པ། །ནམ་མཁའི་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ། །སྤྲིན་མེད་ནམ་མཁའི་མདངས་ཅན་ཆོས་འཆད་རྒྱས། །རལ་གྲིས་མཚན་པའི་ཨུཏྤལ་ཡུ་བ་བཏེགས། །ལྟུང་བས་འཇིགས་ཤིང་དགེ་རྩ་ཆད་པ་ཡི། །འགྲོ་སྐྱོབ་དཔའ་བོ་ནམ་མཁའི་སྙིང་པོར་འདུད། །དངོས་བཤམས་སོགས་གོང་བཞིན་ལ། རྒྱལ་སྲས་ནམ་མཁའི་སྙིང་པོ་དང་། །ནམ་སྙིང་གིས་ཞེས་ཁ་བསྒྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། རྒྱལ་སྲས་དབུས་ན་ཡིད་བཞིན་ནོར་བུ་ལྟར། །སྲས་དང་བཅས་པའི་རྒྱལ་བས་རབ་ཏུ་བསྔགས། །སྨོན་ལམ་རྣམ་ཐར་མཁའ་བཞིན་ཚད་མེད་པ། །ཀུན་ཏུ་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །ཉི་མའི་དཀྱིལ་འཁོར་ལྟར་གསལ་བུམ་པ་དང་། །པད་དཀར་སྡོང་བུ་ཉིན་བྱེད་མཚན་པ་བསྣམས། །བཟང་པོ་སྤྱོད་ཀུན་ཁྱོད་ཀྱི་རྗེས་སློབ་པ། །རྒྱལ་སྲས་ཐུ་བོ་ཀུན་ཏུ་བཟང་པོར་འདུད། །དངོས་བཤམས་གཟུངས་རིག་མོསསྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རངས་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །རྒྱལ་སྲས་ཀུན་ཏུ་བཟང་པོའི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །འདི་ནས་ཤི་འཕོས་གྱུར་ཚེ་ཀུན་བཟང་གི། །ཞལ་མཐོང་ལུང་བསྟན་དབུགས་དབྱུངསྒྲིབ་ཚོགས་བྱང་། །རྒྱལ་མཆོད་དམ་ཆོས་ཀུན་འཛིན་འགྲོ་ཕན་སྒྲུབ། །ཀུན་བཟང་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཤོག །དེ་ནས་གཟུངས་བཟླ་བ་ནི། ཐུབ་པའི་དབང་པོ་སྲས་དང་བཅས་པའི་མཚན་དཔེའི་གཟུགས་སྐུ་དང་། ཚངས་པའི་དབྱངས། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་སེམས་འཛིན་པའི་ཚུལ་གྱིས་ཡིད་གཏད་ཅིང་། ཡོན་ཏན་རྗེས་སུ་དྲན་པས་གསོལ་བ་བཏབ་པ་དང་སྙིང་པོ་བཟླས་པའི་རྐྱེན་གྱིས། སྐུ་གསུང་ཐུགས་ཀྱི་གནས་ནས་བདུད་རྩི་འོད་ཟེར་དང་བཅས་པ་བྱུང་། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་སེམས་ལ་ཞུགས། ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཀྱི་ཡོན་ཏན་འཕེལ། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པས་བྱིན་གྱིས་བརླབས་པར་བསམས་ལ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་ཚུལ་གྱིས་མཉམ་པར་བཞགསྤྲོ་ཞིང་ནུས་ན་མདོ་ཆོག་གཞུང་གསལ་ལྟར་སོ་སོའི་གཟུངས་དང་། བསྡུ་ན། གཙོ་སྙིང་། ཏདྱ་ཐཱ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་དང་། ༀ་མ་ཧཱ་ཧཱུྃ་མ་ཧཱ་བཱི་ར་སྭཱ་ཧཱ། ཞེས་དང་། དེ་བཞིན་དུ། འཇམ་དཔལ་གྱི། ༀ་ཤྲཱི་ཨཾ་རྃ་ག་སྭཱ་ཧཱཿསྤྱན་གཟིགས་ཀྱི། ༀ་ཧྲཱི་ཧཱུྃ་པདྨ་པྲི་ཡ་སྭཱ་ཧཱ། ཕྱག་རྡོར་གྱི། ༀ་ཀུ་རུ་བྷ་ན་ར་ཧ་སྭཱཧཱ། བྱམས་པའི། ༀ་མཻ་ཧཱ་རཱ་ཎ་སྭཱ་ཧཱ། ས་སྙིང་གི། ༀ་ཀྵི་ཏི་ཧ་རཱ་ཛ་སྭཱ་ཧཱ། སྒྲིབ་སེལ་གྱི། ༀ་ན་སྭཱ་རཾ་བྷ་སྭཱ་ཧཱ། ནམ་སྙིང་གི། ༀ་ཨཱ་ག་ཤ་གརྦྷཱ་སྭཱ་ཧཱ། ཀུན་བཟང་གི། ༀ་སྭཱ་ཧྲི་རཱ་ཛ་ཡ་སྭཱ་ཧཱ། ཞེས་སོ་སོར་ཅི་ནུས་སུ་བཟླའོ། །གསུམ་པ་རྗེས་ལ། གཏང་རག་གི་དོན་དུ་ཡན་ལག་བདུན་པ་འབུལ་ཞིང་འདོད་དོན་ལ་གསོལ་བ་གདབ་པ་ནི། ཡང་དག་རྫོགས་པའི་སངས་རྒྱས་འཇིག་རྟེན་མཁྱེན། །དངོས་པོ་འདི་དག་ཅི་འདྲ་དེ་བཞིན་གསུངས། །བདུད་ཀྱི་སྟོབས་བཅོམ་མཆོད་པའི་ནུས་སུ་འོས། །བདེ་གཤེགས་རིག་པ་གསུམ་དང་ཞབས་སུ་ལྡན། །འདུལ་འོས་ཁ་ལོ་བསྒྱུར་བ་བླ་ན་མེད། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་པདྨོར། །སྒོ་གསུམ་གུས་པས་ཕྱག་འཚལ་གསོལ་བ་འདེབས། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །བཅོམ་ལྡན་སྤྱན་རས་དབང་པོ་འཇིག་རྟེན་མགོན། །ཐུགས་རྗེ་ཆེ་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་མི་ཕམ་རྒྱལ་ཚབ་ཐམས་ཅད་གསོལ། །བྱམས་མཆོག་གཏིང་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་ནམ་མཁའི་སྙིང་པོ་སྐྱོན་མི་ཆགས། །མཐའ་ཡས་བློ་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་ཀུན་ཏུ་བཟང་པོ་སྲས་ཀྱི་གཙོ། །རྒྱ་མཚོའི་སྤྱོད་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་འཇིགས་འཇོམས་ཕྱག་ན་རྡོ་རྗེ་བསྣམས། །དཔའ་ཆེན་གཙོ་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་འཇམ་དཔལ་བླ་མེད་དཔལ་གྱི་བདག །དགེ་བཤེས་གཙོ་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་སྒྲིབ་པའི་ཤུགས་དྲག་བཟོད་དཀའ་གནོན། །རྒྱལ་སྲས་མཆོག་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་ས་ཡི་སྙིང་པོ་འབྱུང་གནས་མཆོག །གཟུངས་རབ་བརྟན་ལ་གུས་པས་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །རྟག་པར་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིསསྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རངས་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །བཅོམ་ལྡན་གདན་འཛོམས་ཆེན་པོ་དགོངས་སུ་གསོལ། །ཐུབ་དབང་མཆོག་དང་ཉེ་བའི་སྲས་རྣམས་ཀྱི། །མཚན་མཆོག་ཐོས་དང་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །གནས་སྐབས་མཐར་ཐུག་མི་མཐུན་ཕྱོགས་ཀུན་ཞི། །བདེ་སྐྱིད་ཆོས་ལྡན་དཔལ་འབྱོར་རབ་ཏུ་འཕེལ། །ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །གསུང་གི་བདུད་རྩིས་འཚོ་བར་བྱིན་གྱིས་རློབས། །ཚུལ་ཁྲིམས་དག་ཅིང་ཐོས་བསམ་སྒོམ་པར་ལྡན། །ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་འབྱོངས། །རྟག་ཏུ་གཞན་ཕན་སྤྱོད་ལས་མི་གཡེལ་བས། །རྣམ་མཁྱེན་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །རྒྱལ་བསྟན་དྲི་མེད་ཕྱོགས་མཐར་དར་ཞིང་རྒྱས། །བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །འཇིག་རྟེན་དགེ་ལེགས་ཆེན་པོས་ཁྱབ་པ་དང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་དང་། ནོངས་བཤགས་བཟོད་གསོལ་དང་། རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་གསོལ་སོགས་སྤྱི་ལྟར་བྱ། དེ་ནས། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །སོགས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གདབ། ཕུན་སུམ་ཚོགས་པ་སོགས་ཞལ་ནས་གསུངས་པའི་ཤིས་པ་བརྗོད་པ་ཅི་རིགས་པས་མཐའ་བརྒྱན་ཏེ་དགེ་ལེགས་སུ་བྱའོ། །མཚན་ཙམ་གྱིས་ཀྱང་སྲིད་པའི་འཇིགས་འཕྲོག་པའི། །ཐུབ་དབང་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །མཆོད་ཐབས་ཀུན་མཁྱེན་བླ་མའི་གསུངས་ལས་བཏུས། །དགེ་བས་རྫོགས་སྨིན་མཐར་ཕྱིན་སངས་རྒྱས་ཤོག །ཅེས་པའང་རྒྱལ་སྲས་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་གསུང་གི་སྙིང་པོ་བསྡུས་ཏེ་ཆུ་ཁྱི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བརྒྱད་ལ་བདེ་མཆོག་བཀྲ་ཤིས་དགེ་འཕེལ་གྱི་དབེན་སྤྱིལ་དུ་བྲིས་པ་རང་གཞན་སེམས་ཅན་ཐམས་ཅད་ཀུན་བཟང་སྤྱོད་པ་རྒྱ་མཚོར་འཇུག་པ་ལ་དཀའ་བ་མེད་པའི་མཐུ་ཐོབ་པའི་རྒྱུར་གྱུར་ཅིག། །།

བསྐལ་བཟང་སངས་རྒྱས་སྟོང་གི་མཆོད་ཆོག་མདོར་བསྡུས་བཀྲ་ཤིས་བདུད་རྩིའི་སྒྲོན་མེ།

༄༅། །བསྐལ་བཟང་སངས་རྒྱས་སྟོང་གི་མཆོད་ཆོག་མདོར་བསྡུས་བཀྲ་ཤིས་བདུད་རྩིའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བུངྔྷཱ་བོངྷི་ས་ཏྭ་ཡ། རྒྱལ་རྣམས་ཐུགས་བསྐྱེད་ཁྱད་པར་གྱིས། །མི་མཇེད་ཞིང་འདིའི་མགོན་གྱུར་པའི། །སྐལ་བཟང་སངས་རྒྱས་སྟོང་རྩ་ལ། །བཏུད་ནས་མཆོད་ཆོག་མདོར་བསྡུས་བྲི། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི་འཛོམས་ན་བདེ་གཤེགས་སྟོང་རྩའི་ཞལ་ཐང་བཀྲམ་པ་སོགས་རྟེན་གྱི་སྤྱན་སྔར་ཅི་འབྱོར་པའི་མཆོད་པ་བཤམས་ལ། ངེས་འབྱུང་དང་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས། སངས་རྒྱས་ཆོས་ཚོགས་ཀྱིས་སྐྱབས་སེམས་ལན་གསུམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་སྟོབས་ཀྱིས། །སྣོད་བཅུད་བདེ་ཅན་ཞིང་གི་བཀོད་པའི་དབུས། །ཡིད་འཕྲོག་ནོར་བུའི་གཞལ་མེད་ཁང་ཆེན་པོར། །རིན་ཆེན་སེང་ཁྲི་ཉི་ཟླ་པད་གདན་སོགས། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །ཅེས་དང་། ནམ་མཁའ་མཛོད་དང་མཆོད་པའི་སྤྲིན་གཟུངས་སོགས་ཀྱིས་ས་གཞི་དང་གནས་ཡོ་སོགས་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ལ། ཚོགས་རྟེན་སྤྱན་འདྲེན་པ་ནི། འདུན་པ་རྩེ་གཅིག་པས། མ་ལུས་སེམས་ཅནཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འདས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་བྱུང་བས། །མི་མཇེད་འཇིག་རྟེན་ཞིང་གི་དཔལ་གྱུར་པའི། །བསྐལ་བཟང་སངས་རྒྱས་སྟོང་རྩ་ཐུགས་རྗེ་ཅན། །སྲས་དང་སློབ་མར་བཅས་ཀུན་སྤྱན་འདྲེན་གཤེགས། །ཡན་ལག་བརྒྱད་ལྡན་མཆོད་ཡོན་རྒྱ་མཚོས་མཆོད། །འཆི་མེད་བདུད་རྩིའི་རྒྱུན་གྱིས་ཁྲུས་གསོལ་ཞིང་། །སྲབ་འཇམ་ལྷ་ཡི་རེག་བྱས་བསྙེན་བཀུར་བགྱི། །བསོད་ནམས་ཞིང་དུ་བཞུགས་པར་གསོལ་བ་འདེབས། །སོ་སོར་ཞིང་ཁམས་ནས་སྔོན་གྱི་ཐུགས་དམ་ལས་བརྩམས་ཏེ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཆེན་པོས་ནམ་མཁའི་ལམ་ལས་མངོན་པར་གཤེགས་ཏེ་གཞལ་མེད་ཁང་གི་ནང་དུ་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་ཁར་དར་ཟབ་ཉི་ཟླ་པདྨའི་གདན་ལ། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཤཱཀྱ་ཐུབ་པ༔ སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ༔ ཕྱག་གཡས་ས་གནོན༔ གཡོན་མཉམ་བཞག་མཛད་པ༔ མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༔ དཔེ་བྱད་བཟང་པོ་བརྒྱད་བཅུས་སྤྲས་ཤིང་སྤྲུལ་པ་སྐུའི་ཆ་ལུགས་ཅན་དུ་བཞུགས་པའི་གཡས་སུ་ཤཱ་རིའི་བུ༔ གཡོན་དུ་མཽངྒལ་གྱི་བུ་གཉིས་བཞེངས་པ༔ ཕྱག་ན་གསེག་ཤང་དང་ལྷུང་བཟེད་བསྣམས་པ༔ སྤྲུལ་སྐུའི་ཆ་ལུགས་ཅན༔ དེ་ལྟར་གཙོ་འཁོར་གསུམ་ལ༔ སྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༔ ཁྱད་པར་མི་མཇེད་ཞིང་གི་འདྲེན་པ་བསྐལ་བཟང་གི་སངས་རྒྱས་སྟོང་དང་སེམས་དཔའ་གཉིས༔ གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་དང་དྲང་སྲོང་སྨོན་ལམ་ལ་དབང་ཞིང་བདེན་པ་གྲུབ་པ་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་མ་ཚང་བ་མེད་པ་རྣམས་ཀྱིས་བསྐོར་ནས་བཞུགས་པར་གྱུར༔ ཞེས་མོས་ལ། ཚོགས་བསགས་དངོས་ལས། ཐོག་མར་བསོད་ནམས་ཀྱི་ཚོགས་སྤེལ་པའི་ཕྱིར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་སོགས་པ་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་དང་། གཞན་ཡང་ཕྱོགས་བཅུ་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རབ་འབྱམས་མ་ལུས་པའི་དཀོན་མཆོག་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །ན་མོ་བུངྔྷཱ་ཡ༔ ན་མོ་དྷརྨཱ་ཡ༔ ན་མོ་སཾ་གྷཱ་ཡ༔ ན་མོ་གུ་རུ་བེ༔ ན་མོ་ངྷེ་ཝ་ཤནྟི་ཀ༔ ན་མོ་དྷཱ་ཀི་ནཱི་ཡེ༔ སརྦ་སྭ་སྟི་སིདྡྷི་བྷྱཿན་མོ༔ ལྷ་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས༔ ཞི་བ་ཆགས་བྲལ་ཐེག་མཆོག་དམ་པའི་ཆོས༔ ཚོགས་ཀྱི་ཞིང་གྱུར་འཕགས་པའི་དགེ་འདུན་ཏེ༔ སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ བྱིན་རླབས་རྩ་བ་བརྒྱུད་པའི་བླ་མ་དང༔ དངོས་གྲུབ་ཀུན་འབྱུང་ཡི་དམ་ཞི་ཁྲོའི་ཚོགས༔ ཕྲིན་ལས་མངའ་བདག་མཁའ་འགྲོ་ཆོས་སྐྱོང་སོགས༔ ཕྱག་འོས་ཀུན་ལའང་གུས་པས་ཕྱག་འཚལ་ལོ༔ ཞེས་དང་། ཇི་སྙེད་སུ་དག་སོགས་ལན་ཡན་ལག་བདུན་པ་ཚང་བར་འབུལ་ལོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་བསགས་པའི་ཕྱིར། སྤྲོ་ཞིང་ནུས་ན་སྲོལ་གཉིས་ཀྱི་ཆོ་ག་ལས་འབྱུང་བ་ལྟར་གྱི་ཀུན་རྫོབ་སེམས་བསྐྱེད་དང་། ཀླུ་སྒྲུབ་ལུགས་དོན་དམ་སེམས་བསྐྱེད་བཅས་རྒྱས་པར་ལེན། བསྡུ་ན། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོགས་ལན་གསུམ་གྱིས་སྦྱོར་བ་སྐྱབས་འགྲོ་དང་། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །སོགས་ལན་གསུམ་གྱིས་དངོས་གཞི་སྨོན་འཇུག་སེམས་བསྐྱེད། དེང་དུས་བདག་ཚེ་འབྲས་བུ་ཡོད། །སོགས་འཇུག་རང་གཞིན་དགའ་བ་བསྒོམ། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་བ་ཉིད། །གང་གིསསྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་དོན་དམ་སེམས་བསྐྱེད་སྤྲོས་བྲལ་མཉམ་པ་ཉིད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག་རྗེས། བྱང་ཆུབ་སེམས་ནི་རིན་པོ་ཆེ། །སོགས་སྨོན་ལམ་གདབ་པ་སྤྱི་ལྟར་བྱའོ། །དེ་ནས་ཁྱད་པར་གྱི་བྱ་བ་མཚན་ནས་བརྗོད་ཅིང་ཕྱག་མཆོད་འབུལ་བ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སོགས་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་དང་། ཕྱོགས་བཅུདུས་གསུམ་དུ་གཤེགས་ཤིང་བཞུགས་པའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་བདུན་ནམ་ཉེར་གཅིག་སོགས་ཇི་ལྟར་རིགས་པ་དང་། སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་འགྲོ། །བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། །པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག །སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབས༔ འཁོར་བ་འཇིགས་དང་གསེར་ཐུབ་འོད་སྲུང་དང༔ ཤཱཀ་ཐུབ་བྱམས་པ་སེང་གེ་རབ་གསལ་ཏེ༔ སངས་རྒྱས་དེ་དག་རྣམས༴སངས་རྒྱས་ཐུབ་པ་མེ་ཏོག་མེ་ཏོག་རྒྱུ༔ སྐལ་བཟང་དེད་དཔོན་ལག་ཆེནསྟོབས་ཆེན་དང༔ རྒྱུ་སྐར་རྒྱལ་པོ་རྩི་སྨན་སྙན་པའི་ཏོག༔ སངས་རྒྱས༴སངས་རྒྱས་ཏོག་དང་འོད་ཆེན་གྲོལ་བའི་ཕུང༔ རྣམ་སྣང་ཉི་སྙིང་ཟླ་བ་འོད་འཕྲོ་དང༔ འོད་བཟང་མྱ་ངན་མེད་དང་སྐར་རྒྱལ་ཏེཿསངས་རྒྱས༴སངས་རྒྱས་རབ་གསལ་འཕྲེང་ཐོགས་ཡོན་ཏན་འོད༔ དོན་གཟིགས་མར་མེ་སྤོས་འབྲུ་མཐུ་ལྡན་དང༔ སྨན་པ་དེས་པ་མཛོད་སྤུ་བརྟན་ལྡན་སྟོབས༔ སངས་རྒྱས༴ལྷ་དཔལ་གདུལ་དཀའ་ཡོན་ཏན་རྒྱལ་མཚན་ཆུ༔ སྒྲ་གཅན་ཚོགས་ཅན་ཚངས་དབྱངས་ཚིག་བརྟན་མགྲོན༔ མི་འགྱིང་འོད་མཛད་ལྷུན་པོ་ཆེན་པོ་སྟེ༔ སངས་རྒྱས་དེ་དག་རྣམས་ལ་ཕྱག་འཚལ་ལོ༔ སངས་རྒྱས་རྡོ་རྗེ་སྡོམ་ཅན་མི་བསྙེངས་དང༔ རིན་ཆེན་པད་སྤྱན་སྟོབས་སྡེ་མེ་ཏོག་འོད༔ ཤེས་དགྱེས་གཟི་ཆེན་བཅོམ་ལྡན་ཚངས་པ་སྟེ༔ སངས་རྒྱས༴སངས་རྒྱས་འོད་དཔག་མེད་དང་ཀླུ་སྦྱིན་དང་༔ བརྟན་གཤེགས་དོན་ཡོད་བརྩོནསྦྱིན་བཟང་སྐྱོང་དང༔ དགའ་བོ་འཆི་མེད་སེང་རྒྱལ་རྒྱལ་བ་ཚལ༔ སངས་རྒྱས༴སངས་རྒྱས་ཆོས་ལྡན་མཆོག་དགའ་ཁ་ལོ་བསྒྱུར༔ དགའ་གཤེགས་ཆུ་ལྷ་ཡོན་ཏན་ལག་དང་ནི༔ སྤོས་གླང་རྣམ་གཟིགས་འབྲུག་སྒྲ་ལེགས་སེམས་ཏེ༔ སངས་རྒྱས༴སངས་རྒྱས་ཡིད་བཟང་དྲི་མེད་ཟླ་བ་དང༔ གྲགས་ཆེན་གཙུག་ན་ནོར་བུ་དྲག་ཤུལ་དང༔ སེང་སྟབས་སྟོན་པ་རྣམ་རྒྱལ་ཤེས་རབ་བརྩེགས༔ སངས་རྒྱས༴སངས་རྒྱས་ལེགས་གནས་བློ་གྲོས་ཡན་ལགསྐྱེས༔ མཐའ་ཡས་བློ་དང་གཟུགས་བཟང་མཁྱེན་ལྡན་དང༔ རྣམ་རོལ་མུན་བྲལ་སྒྲ་གཅན་རྒྱལ་མཚན་སོགས༔ སངས་རྒྱས༴སངས་རྒྱས་ཚོགས་ཅན་རིན་སྙིང་ཤིན་ཏུ་འཐོར༔ སྐར་རྒྱལ་རུ་རིངས་ཉི་ཟླ་ཡོན་ཏན་གྲགས༔ ཉི་འོད་དང་ནི་སྐར་མཁན་སེང་ཏོག་ལག༔ སངས་རྒྱས༴སངས་རྒྱས་དུས་མཁྱེན་དཔལ་སྙིང་སྲིད་མཐའ་གཟིགས༔ གཟི་བརྗིད་བརྟུལ་ཤུགས་བཀྲ་ཤིས་བདེན་པའི་ཏོག༔ པདྨ་སྲེད་མེད་བུ་དང་ལག་བཟང་སྟེ༔ སངས་རྒྱས༴སངས་རྒྱས་ཡེ་འབྱུང་འོད་འཕྲོ་ཚངས་བྱིན་དང༔ རིན་འབྱུང་མེ་ཏོག་དོན་སེམས་ཆོས་ཀྱི་དབང༔ བློ་གྲོས་ཀུན་དགའ་སྤོབས་བརྩེགས་རྡོ་རྗེ་རྒྱལ༔ སངས་རྒྱས༴སངས་རྒྱས་ཕན་བཞེད་བསོད་ནམས་འོད་གློག་འོད༔ སེང་སྦྱིན་མི་ཐུབ་མཆོག་དགའ་བརྩོན་འགྲུས་ལྡན༔ གྲགས་རྫོགས་བསྙེངས་བྲལ་བཅོམ་ལྡན་མཆོད་འོས་ལྷ༔ སངས་རྒྱས༴སངས་རྒྱས་སྒྲོན་ཆེན་འཇིག་རྟེན་འོད་སྤོས་དྲི༔ ཡོན་འཛིན་མུན་བྲལ་སེང་འགྲམ་རིན་ཆེན་གྲགས༔ སྐྱོན་ཞི་བདུད་རྩི་འཆང་དང་མི་ཟླ་སྟེ༔ སངས་རྒྱས༴སངས་རྒྱས་ཤིན་གཟིགས་རབ་བརྒྱན་ནོར་འོད་ཏོག༔ ཆོས་འབྱུང་དོན་ངེས་ཆོས་སྦྱིན་རིན་ཆེན་འབྱུང༔ སྐྱེ་དབང་མཚུངས་པསྟབས་གཤེགས་བློ་གནས་ཏེ༔ སངས་རྒྱས༴སངས་རྒྱས་གདུགས་མཛེས་གཙོ་བོ་ཤིན་ཏུ་འཕགས༔ སེང་སྒྲ་རྣམ་རོལ་ཀླུ་འོད་མེ་ཏོག་རི༔ ཀླུ་དགའ་སྤོས་དབང་ཤིན་ཏུ་གྲགས་པསྟེ༔ སངས་རྒྱས༴སངས་རྒྱས་སྟོབས་ལྷ་ཡོན་ཏན་འགྲེང་གླུ་ལག༔ མིག་བརྒྱན་ཁྲིམས་གསལ་མཐའ་ཡས་སྤྱན་བདེན་གསུང༔ ཟིལ་གནོན་ཡེ་ཤེས་ཉི་འོད་ངེས་བློ་སྟེ༔ སངས་རྒྱས༴སངས་རྒྱས་རྣམ་སྣང་རིན་ཏོག་མཐའ་ཡས་གཟུགས༔ ཐེ་ཚོམ་སྤངས་དང་དོན་ཡོད་རྣམ་པར་གནོན༔ རྟོག་མཛད་མེ་ཏོག་རི་རྒྱལ་གཟི་བརྗིད་ཆེ༔ སངས་རྒྱས་དེ་དག་རྣམས་ལ་ཕྱག་འཚལ་ལོ༔ སངས་རྒྱས་དོན་མཛད་གྲགས་མཐའ་རིན་ཆེན་ལྷ་༔ དོན་མཁྱེན་བློ་རྫོགས་དྲི་བྲལ་མྱ་ངན་མེད༔ ཚངས་ལྷ་ས་དབང་མེ་ཏོག་སྤྱན་ལ་སོགས༔ སངས་རྒྱས༴སངས་རྒྱས་རྣམ་འབྱེས་ཆོས་འོད་ཀུན་ཏུ་གཟིགས༔ དོན་ཡོད་ཟླ་ཞལ་རིན་འོད་རིན་ཆེན་ཏོག༔ གྲགས་བླ་འོད་བྱེད་གཟི་བརྗིད་དཔག་མེད་དེ༔ སངས་རྒྱས༴སངས་རྒྱས་དུས་མཁྱེན་སེང་སྐུ་མཁས་བློ་ཚོགས༔ རྒྱལ་དཀའ་ཡོན་ཕུང་ཟླ་ཏོག་མཐུ་ཐོབ་དང༔ མཐུ་རྩལ་མཐའ་ཡས་ཟླ་བ་དྲི་མེད་དེ༔ སངས་རྒྱས༴སངས་རྒྱས་དོན་གཟིགས་དཔའ་བོ་འབྱོར་ལྡན་དང༔ བསོད་ནམས་སྒྲོན་མ་ཡོན་འོད་བློ་ཡངས་དང༔ ལེགས་སྐྱེས་ནོར་ལྷ་ཡིད་གཉིསསྤངས་པ་སྟེ༔ སངས་རྒྱས༴སངས་རྒྱས་དཔག་མེད་མཆོག་སྲེད་ཐེ་ཚོམ་དང༔ མི་གནས་དེར་གནས་ཚོགས་ཅན་འགྲོ་བའི་འོད༔ ཕལ་ཆེན་རྒྱལ་དང་གཟི་བརྗིད་མཐའ་ལས་ཏེ༔ སངས་རྒྱས༴སངས་རྒྱས་དོན་བློ་སྨན་རྒྱལ་ཐ་བ་སྤངས༔ རིམས་མེད་ལེགས་བྱིན་གྲགས་བྱིན་མེ་ཏོག་བྱིན༔ སྐྱེས་བྱིན་ཕལ་ཆེན་བྱིན་དང་རྡོ་རྗེའི་སྡེ༔ སངས་རྒྱས༴སངས་རྒྱས་ཞི་བ་སྤོས་གླང་སྲེད་མེད་དུ༔ དེས་པ་མི་ཚུགས་ཉི་ཟླ་གློག་གི་ཏོག༔ མཆོད་པ་དཔལ་སྦས་ཡེ་ཤེས་ཉི་མ་སྟེ༔ སངས་རྒྱས༴སངས་རྒྱས་དོན་གྲུབ་ལྷུན་བརྩེགས་དགྲ་འདུལ་དང༔ པདྨ་གྲགས་པ་ཡེ་ཤེས་ཉོན་མོངས་བྲལ༔ འདམ་བུ་སྤོས་བཟང་ཡུལ་འཁོར་རངས་རྣམས་ཏེ༔ སངས་རྒྱས༴སངས་རྒྱས་ལྷ་གྲགས་སྲིད་མཐའ་གཟི་ཟླ་བ༔ སྒྲ་གཅན་རིན་ཟླ་སེང་རྒྱལ་བསམ་གཏན་དགྱེས༔ རྫོགས་ལྡན་རྣམ་རོལ་ཡོན་ཏན་རིན་ཆེན་ཏེ༔ སངས་རྒྱས༴སངས་རྒྱས་དགྲ་བཅོམ་པ་དངོས་མཛོད་སྤུ་ལྡན༔ སྤོབས་གྲགས་རྡོ་རྗེ་ནོར་བུ་ཚེ་དཔག་མེད༔ དབང་ཆེན་ཡོན་ཏན་འབྱུང་གནས་ལྷུན་པོ་གྲགས༔ སངས་རྒྱས༴སངས་རྒྱས་འོད་བཅུ་མ་སྨད་གླང་པོ་འགྲོས༔ ཡིད་འཐད་རིན་ཟླ་ཞི་བ་རབ་གསལ་རྒྱལ༔ དགའ་དབང་གཙུག་ན་རིན་ཆེན་ཁ་ལོ་བསྒྱུར༔ སངས་རྒྱས༴སངས་རྒྱས་བསྙིངས་བྲལ་སྙིང་པོ་སྒྲ་གཅན་ལྷ༔ ལྷ་དགའ་རིན་ཕུང་མཛེས་གཤེགས་སེང་ཕྱོགས་དང༔ སྐྱེ་དབང་ཤིན་ཏུ་མཐོར་གཤེགས་བློ་གྲོས་བཟང༔ སངས་རྒྱས༴སངས་རྒྱས་སྐལ་ལྡན་ཤིང་རྟ་འཇིག་རྟེན་འོད༔ ཀུན་རྒྱལ་དགའ་བ་སྟེགས་མཛད་སྤོས་ཀྱི་གླང༔ བློ་གྲོས་འོད་རྒྱལ་སྤོས་བཟང་རི་བོ་རྒྱལ༔ སངས་རྒྱས༴སངས་རྒྱས་ཆོས་བརྟན་དྲག་ཤུལ་ཆོས་ཀྱི་ནོར༔ བཟང་བྱིན་ཟླ་བ་ཚངས་དབྱངས་དཔལ་དང་ནི༔ སེང་གེ་ཟླ་དཔལ་ལེགས་སྐྱེས་ཐུབ་མེད་ཚོགས༔ སངས་རྒྱས༴སངས་རྒྱས་བཤེས་གཉེན་བདེན་འཕྲེང་དཀའ་ཐུབ་ཆེ༔ ལྷུན་འོད་མཆོད་གྲགས་ཆོས་གྲགས་ཡོན་ཏན་བརྩེགས༔ སྤྱིིན་འོད་དང་ནི་གློག་འབྱིན་བདེན་གསུང་སྟེ༔ སངས་རྒྱས་དེ་དག་རྣམས་ལ་ཕྱག་འཚལ་ལོ༔ སངས་རྒྱས་འཚོ་བྱེད་ལེགས་ཚོགས་ན་ཚོད་བཟང༔ རྣམ་ངེས་ནོར་སྤོས་རྒྱལ་དགྱེས་སེང་གེའི་འོད༔ རྣམ་སྣང་རིན་ཆེན་གྲགས་མཆོག་ཐུགས་རབ་གཞུངས༔ སངས་རྒྱས༴སངས་རྒྱས་ནོར་བུ་འོད་ཟེར་བཏུལ་ཐུབ་མེད༔ འགྲོས་མཆོད་ནོར་ཚོགས་བླ་མ་གླང་ཆེན་སེང༔ ཟླ་བ་རིན་ཆེན་འོད་ཟེར་སྒྲ་གཅན་སྦེད༔ སངས་རྒྱས༴སངས་རྒྱས་རྒྱ་མཚོ་འོད་ལྡན་རབ་ཏུ་ཞི༔ འཇིགས་རྟེན་ཤུགས་བཅུ་སྟོབས་དགྱེས་མྱ་ངན་མེད༔ མཐུ་དཔལ་མཐུ་ཐོབ་མཐུ་ཆེན་རྒྱལ་བ་སྟེ༔ སངས་རྒྱས༴སངས་རྒྱས་ཡོན་སྙིང་བདེན་སྤྱོད་དགེ་མཆོག་དང༔ སྐར་རྒྱལ་འོད་ཆེན་གློག་འོད་ཡོན་ཏན་ཆེ༔ རིན་ཆེན་དཔལ་འོད་གོ་ཆ་བགོས་པ་སྟེ༔ སངས་རྒྱས༴སངས་རྒྱས་སེང་ཕྱག་རིན་ཆེན་མེ་ཏོག་བཟང༔ རྒྱ་མཚོ་ས་འཛིན་དོན་བློ་ཡོན་ཏན་བསགས༔ ཡོན་ཚོགས་འཇིག་རྟེན་འདས་པ་རིན་ཆེན་མེ༔ སངས་རྒྱས༴སངས་རྒྱས་ཟླ་བ་དབྱངས་སྙན་ཚངས་ཏོག་དང༔ ཚོགས་ཆེན་སེང་སྟབས་ཆོས་དབང་དྲག་ཤུལ་བྱིན༔ གཟི་བརྗིད་འོད་དང་འོད་ཆེན་རིན་ཆེན་གྲགས༔ སངས་རྒྱས་དེ་དག་རྣམས་ལ་ཕྱག་འཚལ་ལོ༔ སངས་རྒྱས་ཚོགས་གསལ་གྲགས་མཐའ་དོན་ཡོད་དང༔ དྲང་སྲོང་སྐྱེ་དབང་ཕྱོགས་བཟང་དགེ་འདུན་བརྟན༔ ཕྱོགས་བཟང་ཏོག་དང་ཡུལ་འཁོར་མེ་ཏོག་སྟེ༔ སངས་རྒྱས༴སངས་རྒྱས་ཆོས་བློ་རླུང་ཤུགས་ལེགས་བསམ་གྲགས༔ སྣང་ལྡན་ལྷ་ཚོགས་བསྲུང་བ་དོན་གྱི་བློ༔ བསྙེངས་མེད་གྲོགས་བརྟན་འོད་གནས་མཚུངས་པ་སྟེ༔ སངས་རྒྱས༴སངས་རྒྱས་ནོར་ཞབས་ཐར་པ་ངོས་བཟང་དང༔ བློ་བཟང་ཀུན་གཟི་ཚངས་གནས་ཡེ་ཤེས་མཆོག༔ བདེན་པ་གསུང་དང་བློ་བཟང་སྟོབས་བྱིན་ཏེ༔ སངས་རྒྱས༴སངས་རྒྱས་སེང་སྟབས་མེ་ཏོག་ཡེ་ཤེས་འབྱུང༔ མེ་ཏོག་བྱིན་དང་ཡོན་སྙིང་རིན་ཆེན་གྲགས༔ རྨད་བྱུང་མི་ཚུགས་བསྙེངས་མེད་ཉི་མའི་འོད༔ སངས་རྒྱས༴སངས་རྒྱས་ཚངས་གཤེགས་ལྷ་མཐུ་ཡེ་ཤེས་དགྱེས༔ ལྷ་བདེན་ནོར་བུ་ཡོན་གྲགས་ཡེ་ཤེས་དཔལ༔ བཅིངས་མེད་བརྟུལ་ཞུགས་བརྟན་པ་ལྷ་གཟི་བརྗིད༔ སངས་རྒྱས༴སངས་རྒྱས་ཚངས་ཐུབ་དལ་བཞུད་བརྟུལ་ཞུགས་ཐུབ༔ འོད་ཕུང་གཟི་ཆེན་དགའ་མཛད་ཙམ་པ་ཀ༔ ཚོགས་བཟང་དབང་པོའི་རྒྱལ་མཚན་དགྱེས་ཆེན་ཏེ༔ སངས་རྒྱས༴སངས་རྒྱས་མེ་འོད་ཚོགས་འོད་བསྐྲུན་མཛད་དང༔ མདངས་འགྲོ་དོན་ངེས་ཁྱུ་མཆོག་བློ་ལག་བཟང༔ འོད་ཆེན་བསམ་པའི་བྱིན་དང་བསོད་ནམས་འོད༔ སངས་རྒྱས་དེ་དག་རྣམས་ལ་ཕྱག་འཚལ་ལོ༔ སངས་རྒྱས་རིན་དབྱངས་འབྱོར་ལྡན་རྡོ་རྗེའི་སྡེ༔ སེང་སྟོབས་དྲི་མེད་འོད་སྲུང་སྤྱན་བློ་གསལ༔ གཟི་བརྗིད་དྲག་ཤུལ་འོད་ཆེན་ཡེ་ཤེས་འགྲོ༔ སངས་རྒྱས༴སངས་རྒྱས་ཉི་འོད་རྣམ་འབྱེས་དྲི་མེད་འོད༔ ཁེངས་མེད་ཟླ་འོད་གློག་འབྱིན་སྦྲང་རྩིའི་ཞལ༔ རབ་ཞི་གཤེགས་པ་མི་འཁྲུགས་དགྲ་བཅོམ་གྲགས༔ སངས་རྒྱས༴སངས་རྒྱས་ཆོས་ཡོན་ཞིང་བཟང་བཀོད་པའི་རྒྱལ༔ མངོན་འཕགས་སྦྱིན་འོད་པད་དཔལ་རིན་ཆེན་བཀོད༔ ཤིན་ཏུ་བཟང་པོ་རིན་ཆེན་ཐུགས་གཞུངས་ཏེ༔ སངས་རྒྱས༴སངས་རྒྱས་མཚོས་བྱིན་ཚངས་ཏོག་ཟླ་གདུགས་དང༔ འོད་འཕྲོ་དྲི་མེད་ཡེ་ཤེས་གྲགས་ཀུན་རྒྱལ༔ ཡོན་ཏན་འོད་དང་སྒྲ་གྲགས་ཟླ་རྒྱལ་ཏེ༔ སངས་རྒྱས༴སངས་རྒྱས་པད་འོད་བརྟུལ་ཞུགས་བཟང་སྒྲོན་རྒྱལ༔ གློག་ཏོག་འོད་རྒྱལ་སྐར་མཁན་གྲགས་རྫོགས་དང༔ པད་སྙིང་སྟོབས་དང་རྒྱལ་དང་སྤྱན་མཛེས་ཏེ༔ སངས་རྒྱས༴སངས་རྒྱས་རྙོགས་མེད་དྲག་སྡེ་བསོད་ནམས་བརྗིད༔ རྩལ་ཆེན་ཐོགས་མེད་སྒྲ་གཅན་ཡེ་ཤེས་ཕུང༔ ཁ་ལོ་སྒྱུར་བ་སྐྱེ་དབང་མེ་ཏོག་ཏོག༔ སངས་རྒྱས༴སངས་རྒྱས་སྒྲ་འཛིན་རྩི་ཆེན་སྐར་རྒྱལ་དང༔ སྨན་རྒྱལ་བསོད་ནམས་གླང་པོ་གཅོད་མཛད་དང༔ རྒྱལ་པོ་ཉི་ཟེར་ཆོས་མཛོད་བློ་གྲོས་བཟང༔ སངས་རྒྱས༴སངས་རྒྱས་ཡོན་མཚུངས་ཤེར་བརྩེགས་རྡོ་རྗེའི་སྡེ༔ ལེགས་གནས་བློ་སྦྱངས་ཚངས་དབྱངས་ཡོན་ཏན་མཆོག༔ འབྲུག་སྒྲ་མངོན་ཤེས་ཏོག་དང་ཏོག་འོད་དེ༔ སངས་རྒྱས༴སངས་རྒྱས་དགེ་བ་ཚངས་པ་སྐྱེས་མཆོག་དང༔ སྤྱན་སྡུག་གླུས་བྱིན་བདེན་ཏོག་བརྒྱན་པ་དང༔ ཞུམ་མེད་དབྱངས་དང་རིན་འོད་ཚངས་བྱིན་ཏེ༔ སངས་རྒྱས༴སངས་རྒྱས་སེང་གེ་འོད་ཚོགས་ཡེ་ཤེས་དཔའ༔ པད་ཕུང་མེ་ཏོག་རྒྱས་དང་མཐུ་རྩལ་སྟོབས༔ བསོད་ཕུང་གཟུངས་མཆོག་སྐར་མཁན་ཟླ་བ་སྒྲོན༔ སངས་རྒྱས་༴སངས་རྒྱས་གཟི་ཕུད་བྱང་རྒྱལ་མི་ཟད་དང༔ མངོན་རྟོགས་ཡན་ལག་ཡུལ་འཁོར་ཤེས་རབ་མཆོག༔ གཟི་བརྗིད་ཚིམ་མཛད་ཤེས་བྱིན་འཇམ་དབྱངས་ཏེ༔ སངས་རྒྱས༴སངས་རྒྱས་མགོན་པོ་ཆགས་མེད་གཙོ་བོས་བྱིན༔ གཙོ་བོ་ཡེ་ཤེས་མཐུ་རྩལ་འོད་འཕྲོ་དང༔ དབང་པོ་ཤུགས་འཆང་སྐར་རྒྱལ་འོད་བཟང་སྟེ༔ སངས་རྒྱས༴སངས་རྒྱས་གྲགས་བྱིན་གཟུགས་བཟང་རྒྱལ་པོ་དང༔ དོན་གྲུབ་སེང་སྡེ་གྲགས་པ་ནོར་ལྷའི་བུ༔ རྒྱལ་བ་རྒྱ་ཆེན་སྙིང་པོ་བསོད་ནམས་འོད༔ སངས་རྒྱས་དེ་དག་རྣམས་ལ་ཕྱག་འཚལ་ལོ༔ སངས་རྒྱས་སྨྲང་འདོན་སྒྲོན་རྒྱལ་ཡེ་ཤེས་བརྩེགས༔ ལྷ་མཆོག་ས་བདག་བསྙེས་པ་གཙུག་གསེར་དང༔ སྒྲ་གཅན་བཟང་པོ་ཐུབ་དཀའ་ཐུབ་གསལ་ཏེ༔ སངས་རྒྱས༴སངས་རྒྱས་ཟླ་འོད་གསེར་འོད་ཡོན་ཏན་དབང༔ ཆོས་གདུགས་བསོད་ནམས་ཆགས་མེད་ཡེ་ཤེས་སྤྱན༔ བློ་ཞིབ་གཟི་བྱིན་ཐམས་ཅད་རྩི་སྨན་ཏེ༔ སངས་རྒྱས༴སངས་རྒྱས་རྣམ་གྲོལ་འོད་མཛད་ཡེ་ཤེས་རྒྱལ༔ འཇིགས་མཛད་ཆུ་སྤོང་ཐོགས་མེད་བདེན་པའི་ཕུང༔ དབྱངས་སྙན་རི་དབང་མཚུངས་དང་ཆོས་བརྩེགས་ཏེ༔ སངས་རྒྱས༴སངས་རྒྱས་ཐར་གཟི་ལེགས་མཛད་རབ་ཞི་དང༔ ཡིད་འོང་བློ་སྦྱངས་ཆུ་ལྷ་སེང་གེའི་ལོགས༔ ཆོས་ཀྱི་མཐུ་རྩལ་སྐལ་བཟང་མི་འཁྲུགས་མདོག༔ སངས་རྒྱས༴སངས་རྒྱས་གཟི་རྒྱལ་རྟོགས་མཛད་སྤྱན་ལེགས་དང༔ དོན་གནས་སྣང་འོད་སྤོས་གཟི་ཀུན་དགའ་མཛད༔ དོན་ཡོད་གཤེགས་དང་ཁྲོ་བཅོམ་གཟུགས་མཆོག་སྟེ༔ སངས་རྒྱས༴སངས་རྒྱས་ལེགས་གཤེགས་རབ་སྦྱིན་འོད་གཙང་དང༔ ལྷ་ཉི་ཤེར་ཕྱིན་མཉམ་བཞག་གཟི་མདངས་དང༔ རྒྱལ་རིགས་སྐལ་ལྡན་ཤིང་རྟ་གསེར་མཆོག་སྟེ༔ སངས་རྒྱས༴སངས་རྒྱས་རྣམ་གྲོལ་ཆོས་ལྡན་སྤོས་གནས་དང༔ དྲེགས་སྤངས་ཚངས་གཤེགས་ཙན་དན་ཡེ་ཤེས་མཛོད༔ མྱ་ངན་མེད་པ་སེང་འོད་ཡུལ་འཁོར་ཏོག༔ སངས་རྒྱས་དེ་དག་རྣམས་ལ་ཕྱག་འཚལ་ལོ༔ སངས་རྒྱས་པད་སྙིང་མཐའ་ཡས་ལྷ་ཡི་འོད༔ ཤེས་རབ་མེ་ཏོག་མཁས་པ་ཡེ་ཤེས་འབྱོར༔ ཚངས་དབྱིགས་ཕྱག་རིན་དབང་ལྡན་རྫོགས་པར་གསུང༔ སངས་རྒྱས༴སངས་རྒྱས་མཆོད་འོས་ཉི་མ་འདམ་ལས་བརྒལ༔ ཡེ་ཤེས་བརྙེས་པ་གྲུབ་པ་རྨ་བྱ་དང༔ ཆོས་སྦྱིན་ཕན་བཞེད་གྲགས་པ་ཡེ་ཤེས་ལྡན༔ སངས་རྒྱས༴སངས་རྒྱས་གྲགས་འོད་རྣམ་བཅོམ་བཻཌཱུར་སྙིང༔ ལྷ་རྒྱས་ཟླ་བ་དྲན་འོད་དགེ་འོད་དང༔ ཡོན་ཏན་ཀུན་འོད་རིན་དཔལ་སྐྱེས་བུ་ཟླ༔ སངས་རྒྱས༴སངས་རྒྱས་སྒྲ་གཅན་བདུད་རྩི་འཇིག་རྟེན་མཆོག༔ སྐར་འོད་ཞི་སྟོབས་ཡེ་ཤེས་རྒྱ་མཚོ་དང༔ རི་དབང་རབ་ཞི་ལྷ་དབང་ཡོན་ཏན་སྟོབས༔ སངས་རྒྱས༴སངས་རྒྱས་དབྱངས་སྙན་ངོས་བཟང་དོན་གནས་དང༔ ཡོན་ཏན་གཟི་བརྗིད་མཁྱེན་ལྡན་ང་རོ་ཆེ༔ འོད་བཟང་ཤིན་ཐུགས་དོན་དགོངས་དབྱངས་ཡན་ལག༔ སངས་རྒྱས༴སངས་རྒྱས་མཆོག་མཛེས་ཞི་དོན་སྐྱོན་མེད་དང༔ བློ་དབྱངས་པད་མཛོད་འོད་བཟང་སྤོབས་པའི་མཆོག༔ སྟེགས་བཟང་ཚོགས་ཀྱི་དབང་པོ་བསྙེངས་བྲལ་ཏེ༔ སངས་རྒྱས༴སངས་རྒྱས་ཡེ་ཤེས་བཞེད་དང་སྤོབས་སྦྱན་དང༔ བློ་མཆོག་ཟླ་བ་ཟླ་འོད་བསྙེངས་མེད་དང༔ གཟིགས་པ་ཚངས་དབྱངས་དབྱངས་བཟང་ཤེས་རབ་ཆེ༔ སངས་རྒྱས༴སངས་རྒྱས་བློ་གྲོས་རྡོ་འཁྲེགས་བྱང་ཆུབ་བློ༔ ལྗོན་དབང་གདངས་སྙན་བསོད་སྟོབས་མཐུ་དཔལ་དང༔ འཕགས་དགྱེས་དང་ནི་མཐུ་སྟོབས་སྐར་དགྱེས་ཏེ༔ སངས་རྒྱས༴སངས་རྒྱས་རྔ་སྒྲ་སྤྱན་སྡུག་ཡེ་ཤེས་བཟང༔ འབྱོར་ལྡན་ཡོན་ཕུང་བསལ་བ་ཆོས་ཀྱི་རྒྱལ༔ ཡེ་ཤེས་ང་རོ་ནམ་མཁའ་མཆོད་སྦྱིན་ཏེ༔ སངས་རྒྱས༴སངས་རྒྱས་རྣམ་འགོད་འོད་བརྗིད་དྲང་སྲོང་དབང༔ བློ་ལྡན་སྤོབས་པ་མཆོད་བཟང་ཟླ་ཞལ་དང༔ ཤིན་ཏུ་གཟིགས་པ་རྡུལ་བྲལ་ཡོན་ཏན་ཚོགས༔ སངས་རྒྱས༴སངས་རྒྱས་ཏོག་ལྡན་ཡུལ་འཁོར་རིན་ཆེན་སྦྱིན༔ ཟླ་དགྱེས་ཁེངས་མེད་སེང་སྟོབས་དབང་སྒྱུར་རྒྱལ༔ རྩི་གསལ་བསམ་གཏན་སྙོམས་པ་འཁྲུག་མེད་གཏེར༔ སངས་རྒྱས༴སངས་རྒྱས་དྲི་ཞིམ་མ་བསླད་མཛེས་པ་དང༔ ཞལ་བཟང་ཤུགས་གནས་གསུང་དང་གཟི་བརྗིད་ཆེ༔ བློ་གྲོས་ཟབ་མོ་བདུད་རྩི་ཆོས་སྟོབས་ཏེ༔ སངས་རྒྱས༴སངས་རྒྱས་མཆོད་ལྡན་ཁམས་གསུམ་མཆོད་གནས་སྒྲ༔ ཉི་སྙིང་ལྷས་མཆོད་ཐར་རྒྱལ་བདུད་རྩི་འོད༔ རྡོ་རྗེ་བརྟན་པ་རིན་ཆེན་ཕུང་པོསྟེ༔ སངས་རྒྱས་དེ་དག་རྣམས་ལ་ཕྱག་འཚལ་ལོ༔ སངས་རྒྱས་མཛེས་གཤེགས་ཉི་གཤེགས་དག་པའི་འོད༔ འོད་ཤུགས་ཡོན་གཙུག་དཔལ་རྫོགས་སེང་སྟབས་དང༔ གྱེན་འཕགས་མེ་ཏོག་བྱིན་དང་འོད་འགྱེད་དེ༔ སངས་རྒྱས༴སངས་རྒྱས་པདྨ་བཀོད་མཛེས་ཡེ་ཤེས་དགྱེས༔ གཏི་མུག་མེད་གནས་རྨ་མེད་ཏོག་རྒྱལ་མཚན༔ བདེ་དགོངས་དབྱངས་སྙན་རྨུགས་མེད་ཆོ་ག་མཁྱེན༔ སངས་རྒྱས༴སངས་རྒྱས་དག་མཚོ་རིན་མངའ་མི་མངའ་བ༔ དགའ་མཛད་མ་ཞུམ་དྲི་སྤངས་རྨ་བྱའི་དབྱངས༔ སྤྱོད་སྟེགས་ལྷ་མདས་སྙན་བསྒྲགས་རིན་ཆེནསྟབས༔ སངས་རྒྱས༴སངས་རྒྱས་པད་བསྣམས་དཔལ་དང་དགྲ་རྒྱལ་དང༔ འབྱོར་ལྡནཡུལ་བཟང་མེ་ཏོག་སེང་ང་རོ༔ ཟླ་ཤར་འཇོམས་པའི་མཆོག་དང་མི་གཡོ་སྟེ༔ སངས་རྒྱས༴སངས་རྒྱས་ཕན་གཤེགས་བསོད་ནམས་དབྱངས་ཀྱིས་བསྐུལ༔ གོའུ་ཏ་མ་མདངས་སྟོབས་བློ་གནས་དང་༔ ཟླ་བཟང་བྱང་ཆུབ་མེ་ཏོག་བཀྲ་ཤིས་ཏེ༔ སངས་རྒྱས༴སངས་རྒྱས་ལེགསསྟོན་གཟི་སྟོབས་དགེ་བའི་སྒྲོན༔ མཐུ་བརྟན་ལྷ་སྒྲ་རབ་ཞི་ཉི་མའི་ཞལ༔ ཐར་པའི་བརྟུལཞུགས་ཚུལ་ཁྲིམས་བརྟུལ་ཞུགས་ནས༔ སངས་རྒྱས༴སངས་རྒྱས་རྡུལ་མེད་སྙིང་འཕགས་མིག་སྨན་དང༔ འཕེལ་མཛད་སྤོས་འོད་དུས་མཁྱེན་དྲན་པའི་དབང༔ ཞལ་བཟང་ཐོགས་མེད་རྒྱལ་མཚན་མཆོག་བགྲོད་དེ༔ སངས་རྒྱས༴སངས་རྒྱས་སྤྱོད་གསལ་རིན་དགྱེས་ཆོས་དབང་དང༔ ལྷ་རྣམས་བཤེས་གཉེན་ཆེ་དང་བཤེས་གཉེན་བཟང༔ རབ་ཞི་རྩི་བདགལྷུན་འོད་འཕགས་པས་བསྟོད༔ སངས་རྒྱས༴སངས་རྒྱས་སྣང་ལྡན་གཟི་འབར་སྣང་གཟིགས་དང༔ ལེགས་སྤྱན་ལེགས་དགྱེས་རིན་འོད་མྱ་ངན་བྲལ༔ སྤྱོད་ལྡན་བསོད་ནམསསྟོབས་དང་ཡོན་ཏན་མཚོ༔ སངས་རྒྱས༴སངས་རྒྱས་བདུད་འཇོམས་ཆགས་བརྒལ་མི་ཕྱེད་བློ༔ རྒྱ་མཚོ་དག་མཛད་ཚོགས་ཅན་དགའ་འོད་དང༔ བྱང་ཆུབ་རྒྱལ་དང་ཡེ་རིན་ཤིན་ཏུ་བསིལ༔ སངས་རྒྱས༴སངས་རྒྱས་ཚངས་རྒྱལ་ཡེ་ཤེས་རྫུ་འཕྲུལ་ཏོག༔ སྐྱེ་དབང་ས་དབང་ཉི་མ་ཟླ་བ་དང༔ མེ་ཏོག་འོད་དང་སྨན་བདག་མདངས་མངའ་སྟེ༔ སངས་རྒྱས༴སངས་རྒྱས་དགྱེས་པ་དགའ་སྟོབས་དབྱངས་སྙན་དང༔ ཆོས་དབང་ཚངས་དབྱངས་སྤྱོད་བཟང་འཁྲུལ་མེད་བློ༔ དབྱངས་ཆེན་དང་ནི་སྙན་གྲགས་ཏོག་ལྡན་ཏེ༔ སངས་རྒྱས༴སངས་རྒྱས་རྣམ་གྲགས་འགྲོ་དབང་ལྗོན་པ་དང༔ གཏི་མུག་དཔག་མེད་ཟླ་བཟང་སྤོབས་མཐའ་ཡས༔ བརྟུལ་ཞུགས་བསྟན་དང་མཆོད་གནས་མྱ་ངན་བརྒལ༔ སངས་རྒྱས༴སངས་རྒྱས་དགེ་དགྱེས་བློ་གྲོས་དགྱེས་གཤེགས་དང༔ ཞབས་མཛེས་ཨུཏྤལ་དུལ་གནས་མཐའ་ཡས་འོད༔ དྲང་སྲོང་གསལ་བ་ཡོན་བརྩོན་སྙིང་པོ་སྟེ༔ སངས་རྒྱས༴སངས་རྒྱས་ལྷ་བདག་རིན་མཐོན་གསལ་བ་དང༔ སྐལ་ལྡན་བསོད་བློ་འོད་འཕྲོ་ཡོན་ཏན་བརྗིད༔ སེང་གེའིསྟབས་དང་མི་གཡོ་རབ་གསལ་ཏེ༔ སངས་རྒྱས༴སངས་རྒྱས་འོད་སྤྱོད་གླུ་དབྱངས་འཁོར་ལོ་འཛིན༔ དབྱིག་མཆོག་འཇིག་རྟེན་དགའ་དང་ཆོས་ཟླ་བ༔ དགའ་བ་སྤྲིན་ཏོག་ཤེས་རབསྤོས་བཟང་སྟེ༔ སངས་རྒྱས༴སངས་རྒྱས་མཁའ་དབྱངས་ལྷ་དང་ལྷ་རྒྱལ་དང༔ ནོར་གསལ་ནོར་བཟང་སྒྲོན་མ་རིན་ཆེན་དབྱངས༔ སྐྱེ་དབང་རྒྱལ་པོ་སྒྲ་གཅན་དགེ་མཛད་དེ༔ སངས་རྒྱས༴སངས་རྒྱས་སེང་བློ་རིན་གྲགས་དོན་མཛད་དང༔ མཐའ་གཟིགས་མེ་ཏོག་མཛོད་སྤུ་སྤོབས་མཚུངས་མེད༔ རྣམ་འབྱེད་ང་རོ་སེང་མཆེ་མཛེས་པར་གཤེགས༔ སངས་རྒྱས༴སངས་རྒྱས་བསོད་ནམས་སྒྲོན་མེ་བཀྲ་ཤིས་ལྡན༔ ཡུལ་འཁོར་བློ་སེམས་བློ་ལྡན་ཆོས་སྒྲོནསྦྱན༔ ཤུགས་འདོར་སྟོབས་ཆེན་ཤེས་རབ་མེ་ཏོག་སྟེ༔ སངས་རྒྱས༴སངས་རྒྱས་བརྟན་དབྱངས་བདེ་ལྡན་དོན་གསུང་དང༔ རྣམ་རྒྱལ་དབང་ཐུལ་སེམས་གསལ་དགྱེས་གསལ་དང༔ སེང་གེའི་ཞལ་དང་གཙུག་ཕུད་སྣང་མཛད་དེ༔ སངས་རྒྱས༴སངས་རྒྱས་དེ་དག་རྣམས་ལ་ཕྱག་འཚལ་ལོ། །མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་བྱུང་བ༔ སྤྱོད་པ་སྤྱོད་ཚེ་ན་ཡང་མཆེད་གྱུར་ཅིང༔ བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི༔ རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །མར་མེ་མཛད་སོགས་རྒྱལ་བ་འདས་པ་དང་། །བྱང་ཆུབ་ཆེན་པོ་ད་ལྟར་བཞུགས་པ་དང། །བྱམས་པ་ལ་སོགས་སླད་ནས་འབྱོན་པ་ཡི། །དུས་གསུམ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །མདོ་སྡེ་དབྱངས་སྙན་ལུང་བསྟན་ཚིགསསུ་བཅད། །ཆེད་བརྗོད་གླེང་གཞི་རྟོགས་བརྗོད་དེ་ལྟར་བྱུང། །ཤེས་རབ་རྒྱས་དང་རྨད་བྱུང་གཏན་ལ་དབབ། །གསུང་རབ་ཡན་ལག་བཅུ་གཉིས་ལ་ཕྱག་འཚལ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །རླབས་ཆེན་སྤྱོད་པའི་ཚུལ་ནི་རབ་བཟུང་ཞིང། །བསྡུ་བ་རྣམ་བཞིས་འགྲོ་དོན་མཛད་གྱུར་པ། །རབ་དགའ་ལ་སོགས་ས་ལ་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །ཤཱ་རིའིབུ་དང་མཽའུ་འགལ་གྱི་བུ། །ཀུན་དགའ་སྒྲ་གཅན་འཛིན་དང་མ་འགགས་པ། །གང་པོ་རབ་འབྱོར་འོད་སྲུང་ཉེ་འཁོར་སོགས། །ཉན་ཐོས་གྲངས་ལས་འདས་ལ་ཕྱག་འཚལ་ལོ། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་ལ་སོགས། །དགྲ་བཅོམ་རིགས་གྱུར་སྐྱེས་བུ་ཟུང་བཞི་དང་། །ཚོགས་ན་སྤྱོད་དང་བསེ་རུ་ལྟ་བུ་ཡི། །འཕགས་པ་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །ཚངས་པ་བརྒྱ་བྱིན་ལ་སོགས་ཕྱོགས་སྐྱོང་བཅུ། །རྒྱལ་ཆེན་བཞི་སོགས་གཙང་རིས་མགོན་པོ་སྟེ། །བསྟན་པ་སྲུང་བར་ཞལ་བཞེས་འཕགས་པའི་ཚོགས། །དཀར་ཕྱོགས་སྐྱོང་བ་རྣམས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུར་ཞུགས་པའི་རྒྱལ་བ་མ་ལུས་དང་། །བྱང་ཆུབ་སེམས་དང་རྒྱལ་སྲས་མ་ལུས་ཚོགས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །དེང་འདིར་འཕགས་ཚོགས་དེ་དག་ཐམས་ཅད་ལ། །མཆོད་ཡོནབྱུག་པ་མེ་ཏོག་བདུག་སྤོས་དང་། །མར་མེ་ཞལ་ཟས་སིལ་སྙན་རོལ་མོའི་ཚོགས། །གདུགས་དང་མཛེས་པའི་བ་དན་ལ་སོགས་པ། །དངོས་སུ་ཇི་ལྟར་འབྱོར་བའི་མཆོད་པ་དང་། །ཕྱོགས་བཅུར་བདག་པོས་ཡོངས་སུ་མ་བཟུང་བའི། །ལྷ་མིའི་ཡོ་བྱད་ཕུན་སུམ་ཚོགས་ཀུན་དང་། །གཟུངས་དང་རིག་པའི་མཐུ་དང་མོས་སྟོབས་ཀྱིས། །བསྐྱེད་པའི་མཆོད་སྤྲིན་བཟང་པོ་སྤྱོད་པ་ཡི། །སྨོན་ལམ་ལས་བྱུང་རྒྱ་མཚོ་ཐམས་ཅད་པ། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་གིས། །ནམ་མཁའི་མཐའ་ཀླས་རྒྱས་པར་བཀང་སྟེ་འབུལ། །བདག་གིས་ཐོག་མེདདུས་ནས་ད་ལྟའི་བར། །ཉོན་མོངས་དབང་གིས་བགྱི་འོས་མ་བགྱིས་ཤིང་། །མི་འོས་ལས་བགྱིས་སྡིག་ལྟུང་ཅི་བསགས་པ། །གནོང་ཞིང་འགྱོད་པས་ཡང་དག་བཤགས་པར་བགྱི། །འཕགས་དང་སོ་སོའི་སྐྱེ་བོའི་དགེ་བ་ནི། །དུས་གསུམ་བསགས་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་ཐམས་ཅད་ལ། །ཆོས་འཁོར་བླ་ན་མེད་པ་བསྐོར་བར་བསྐུལ། །འཇིག་རྟེན་སྒྲོན་མེ་མྱ་ངན་འདའ་བཞེད་པ། །དེ་ཀུན་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཀུན་བདག་གཞན་མ་ལུས་པ། །བླ་མེད་བྱང་ཆུབ་མངོན་བྱེད་རྒྱུར་བསྔོའོ། །རྒྱལ་བ་སྲས་བཅས་སྨོན་ལམ་ཡེ་ཤེས་མཐུ། །བདེན་པའི་གསུང་གིས་བསྔགས་པ་ཇི་བཞིན་དུ། །གུས་པའི་ཡིད་ཀྱིས་རྗེས་སུ་དྲན་བྱས་ཏེ། །མཚན་ནས་བརྗོད་དེ་ཕྱག་མཆོད་ཕུལ་བའི་མཐུས། །བདེ་གཤེགས་སྲས་ཀྱིས་བསྐོར་བའི་མགོན་རྣམས་ཀྱིས། །སྔོན་ཚེ་སྨོན་ལམ་ཇི་ལྟར་བཏབ་པའི་འབྲས། །དཔག་མེད་མཁྱེན་བརྩེ་ནུས་པའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །གནས་སྐབས་ཚེ་འདིར་མི་མཐུན་རྒུད་ཀུན་ཞི། །ཆོས་མཐུན་བསམ་པ་མཐའ་དག་ཡིད་བཞིན་འགྲུབ། །རྨི་ལམ་ན་ཡངསྡིག་སེམས་མི་སྐྱེ་བར། །བྱང་ཆུབ་སེམས་གཉིས་འབྱོང་བར་བྱིན་གྱིས་རློབས། །ཚུལ་ཁྲིམས་དག་པས་ལྷར་བཅས་སྐྱེ་བོས་བཀུར། །ཏིང་འཛིན་མཐུ་ཡིས་གཟུངས་སྤོབས་སྒོ་བརྒྱ་འབྱེད། །ཤེས་རབ་ཟབ་མོས་དེ་ཉིད་ལེགས་རྟོགས་ནས། །རང་གཞིན་བསྟན་འགྲོའི་དོན་ཆེན་འགྲུབགྱུར་ཅིག །ནམ་ཞིག་འདི་སྣང་ནུབ་པའི་དེ་མ་ཐག །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་མཐོང་སྟེ། །ལུང་བསྟན་དབུགས་དབྱུང་རྫོགས་སྨིན་སྦྱངས་གསུམ་གྱི། །ཀུན་བཟང་སྤྱོད་པ་རྒྱ་མཚོར་འཇུག་གྱུར་ཅིག །བདེ་བར་གཤེགས་པ་སྟོང་གི་ཐུགས་བསྐྱེད་དང། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །དེ་ནས་གཟུངས་ཟླ་བ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་མཐུ་དང་བྱིན་གྱིས་བརླབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕགས་པ་སྐུ་གསུང་ཐུགས་ཀྱི་སྤྱོད་པ་མ་དག་པ་མི་མངའ་བ་རྣམས་ཀྱི་ཐུགས་ངེས་པའི་བདེན་པས་གཟུངས་སྔགས་བཟླས་པ་ཚུལ་བཞིན་དུ་འགྲུབ་པར་བྱིན་གྱིས་རློབ་པར་མཛད་དེ། བདག་སོགས་འགྲོ་བ་མང་པོའི་དོན་དཔག་ཏུ་མེད་པ་མཛད་པར་གྱུར་ཅིགསྐུ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། དེས་འཕགས་པ་ཐམས་ཅད་སེམས་ཅན་གྱི་དོན་ལ་བསྐུལ་ཞིང་ངན་སོང་གི་གནས་ཐམས་ཅད་སྦྱངས་ཏེ་སེམས་ཅན་ཐམས་ཅད་མཐོ་རིས་དང་ཐར་པའི་གོ་འཕང་ལ་འཇུག་པར་གྱུར་ཅིགའོད་ཟེར་དེས་བདག་ཅག་རྣམས་ལ་ཁྱབ་པས་འགྲོ་དོན་དཔག་མེད་སྒྲུབ་ནུས་པའི་མཐུ་ཐོབ་སྟེ། དེ་བཞིན་གཤེགས་པ་རྣམས་དང་སྐུ་གསུང་ཐུགས་མཚུངས་པར་གྱུར་ཅིགབདག་ཅག་ལ་སོགས་པའི་བསྒྲུབ་བྱའི་ལུས་དང་འཁོར་དང་ཡོ་བྱད་ཐམས་ཅད་ལ་ཁྱབ་སྟེ། ནད་དང་གནོད་པ་ཐམས་ཅད་ནི་བསལ། ལུས་སེམས་ཀྱི་སྐྱོན་ཐམས་ཅད་དང་ནི་བྲལ་ཏེ། ཆོས་ཀྱི་སྣོད་རུང་དུ་གྱུར་ཅིགབདག་ཅག་རྣམས་ཀྱིས་འཕགས་པ་མངོན་སུམ་ལྟ་བུར་དམིགས་ནས་གཟུངས་བཟླས་པས། དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྒོ་སྣ་ཚོགས་དང་ཚིག་འབྲུ་མཐའ་ཡས་པ་རྟོགས་ཤིང་རྣམ་པར་དག་པར་བྱིན་གྱིས་རློབ་པར་གྱུར་ཅིགཅེས་བདེན་ཚིག་གིས་བསྔོས་ནས། འཕགས་པ་རྣམས་ཀྱིས་གནང་ཞིང་ཕྲིན་ལས་མཛད་པར་ངེས་ཤེས་བསྐྱེད་དེ་ཇི་ལྟར་བསྔོས་པ་བཞིན་མངོན་དུ་གྱུར་པར་དམིགས་ནས། སྤྲོ་ན་ཐུབ་པའི་གཟུངས་རིང་དང་། མཚན་སྔགས། ན་མོ་བྷ་ག་ཏེ་ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུངྔྷཱ་ཡ། ཏདྱ་ཐཱ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་ཅི་རིགས་དང་། སྙིང་པོ། ཏདྱ་ཐཱ། མན་དང་། དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ། ནམཿསརྦ་ཏ་ཐཱ་ག་ཏཱ་ཧྲྀྀ་ད་ཡ་ཨ་ནུ་ག་ཏེ། ༀ་ཀུ་རུཾ་གི་ནི་སྭཱ་ཧཱ། ཞེས་པ་འདི་གཉིས་སྟོང་ཕྲག་གམ་བརྒྱ་ལས་མི་ཉུང་བར་བཟླ། མཐར་སྨོན་ལམ་བྱ་བ་ནི། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །ཞེས་སོགས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་དང་། གཞན་ཡང་སྨོན་ལམ་ཅི་རིགས་བརྗོད་པར་བྱའོ། །གསུམ་པ་རྗེས་ལ། གཏོར་མ་འབུལ་བར་སྤྲོ་ན། གཏོར་མར་ཆབ་བྲན། མཆོད་པ་ཁ་གསོས་ལ། ཨ་མྲི་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བྷྲཱུྃ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བརླབས། ན་མཿསརྦ་བུདྡྷ་བོ་ངྷི་ས་ཏྭ་ས་པ་རི་བཱ་རེ་བྷྱཿༀ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་དང་། ཞལ་ཟས་རོ་བརྒྱ་སོགས་ཚིགས་བཞིས་འབུལ། གཞན་ཡང་འཇིག་རྟེན་པ་ལ་གཏོར་མ་འབུལ་བ་སོགས་ཀྱང་སྤྲོ་ན་སྤྱི་ལྟར་བྱའོ། །གང་ལྟར་ཡང་གཏང་རག་གི་སླད་དུ་ཡན་ལག་བདུན་པ་འབུལ་བ་ནི། བསྐལ་བཟང་འགྲོ་བའི་འདྲེན་པ་སྟོང་རྩ་སོགས། །ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །བཅོམ་ལྡན་གདན་འཛོམས་ཆེན་པོ་དགོངས་སུ་གསོལ། །མཁྱེན་བརྩེ་ནུས་པའི་གཏེར་མངའ་ཐུགས་རྗེ་ཅན། །བསྐལ་བཟང་འདྲེན་པ་སྟོང་རྩ་སྲས་འཁོར་བཅས། །མཚན་མཆོག་ཐོས་དང་དྲན་བརྗོད་ཕྱག་མཆོད་མཐུས། །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཞིང་། །ཕྱོགས་འདིར་དགེ་འདུན་འདུ་བ་ཆེས་ཆེར་འཕེལ། །འཁོར་ལོ་གསུམ་གྱི་ཕྲིན་ལས་ཕྱོགས་མཐར་ཁྱབ། །བསྟན་མཆོག་ཡུན་རིང་གནས་པར་མཛད་དུ་གསོལ། །བདག་སོགས་གནས་སྐབས་མཐར་ཐུག་མི་མཐུན་ཞི། །བདེ་སྐྱིད་ཆོས་ལྡན་དཔལ་འབྱོར་རབ་ཏུ་འཕེལ། །ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །གསུང་གི་བདུད་རྩིས་འཚོ་བར་བྱིན་གྱིས་རློབས། །ཚུལ་ཁྲིམས་དག་ཅིང་ཐོས་བསམ་སྒོམ་པར་ལྡན། །ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་འབྱོངས། །རྟག་ཏུ་གཞན་ཕན་སྤྱོད་ལས་མི་གཡེལ་བར། །རྣམ་མཁྱེན་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །རྒྱལ་ཁམས་བདེ་ཞིང་ནད་མུག་མཚོན་འཁྲུག་ཞི། །རྫོགས་ལྡན་དུས་བཞིན་སྣོད་བཅུད་འབྱོར་པ་རྒྱས། །ཀུན་ཀྱང་ལས་འབྲས་ལྷ་ལ་ཡིད་ཆེས་པས། །ཐར་གྲོལ་དཔལ་གྱིས་རྟག་ཏུ་འཚོ་བར་མཛོད། །གཞན་ཡང་རིས་མེད་བསྟན་འཛིན་སྐྱེས་བུ་རྣམས། །ཞབས་པད་བརྟན་ཞིང་བསྟན་པའི་མངའ་ཐང་རྒྱས། །ཀུན་ཀྱང་ལྟ་སྤྱོད་ཏིང་འཛིན་དོན་མཐུན་པས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྩོལ། །ཅེས་འདོད་དོན་ལ་གསོལ་བ་གདབ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་གསོལ་སྤྱི་ལྟར་བྱ། སྤྲོ་ན་རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས་གསུངས་པའི་བསྔོ་བ་དང་། བྱམས་སྨོན་སོགས་ཀྱང་བྱ། བསྡུ་ན། བསོད་ནམས་འདི་ཡིས་སོགས་བརྗོད། ༀ༔ ལྷ་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས༔ ཞི་བ་ཆགས་བྲལ་ཐེག་གསུམ་དམ་པའི་ཆོས༔ ཚོགས་ཀྱི་ཞིང་གྱུར་འཕགས་པའི་དགེ་འདུན་ཏེ༔ སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་སྟོབས་ཀྱིས༔ དེང་འདིར་བཀྲ་ཤིས་དགེ་ཚོགས་འཕེལ་བར་ཤོག༔ བསམ་པ་ཆོས་ལྡན་ཡིད་བཞིན་འགྲུབ་གྱུར་ཅིག༔ བྱིན་རླབས་རྩ་བ་བརྒྱུད་པའི་བླ་མ་དང༔ དངོསགྲུབ་ཀུན་འབྱུང་ཡི་དམ་ཞི་ཁྲོའི་ཚོགས༔ ཕྲིན་ལས་མངའ་བདག་མཁའ་འགྲོ་ཆོས་སྐྱོང་སྟེ༔ བླ་མ་ཡི་དམ་མཁའ་འགྲོའི་བདེན་སྟོབས་ཀྱིས༔ དེང་འདིར༴བསམ་པ༴འཇིག་རྟེན་འདས་དང་མ་འདས་ལ་སོགས་པའི༔ ལྷ་དང་དྲང་སྲོང་སྨོན་ལམ་བདེན་སྟོབས་ཅན༔ སྔགས་འཆང་ལྷག་བསམ་དག་པའི་བདེན་སྟོབས་ཀྱིས༔ བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ལ༔ བཀྲ་ཤིས་དཔལ་འབྱོར་དགེ་ཚོགས་འཕེལ་བར་ཤོག༔ དེང༴བསམ༴བདག་ཅག་དེང་འདིར་དོན་གཉིས་བརྩོན་པ་ལ༔ བརྩམས་པ་མཐར་ཕྱིན་ཉེས་པ་རབ་ཞི་ནས༔ དགེ་ཚོགས་ཡོན་ཏན་སྟོབས་དང་ལྡན་པ་དང༔ བཀྲ་ཤིས་དོན་འབྲས་ཕུན་སུམ་ཚོགས་པར་ཤོག༔ སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག༔ ཞི་བ་ཆགས་བྲལ་དམ་ཆོས་བདེན་པའི་མཆོག༔ དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག༔ དེ་དག་བདེན་སྟོབས་དེང་འདིར་བཀྲ་ཤིས་ཤོག༔ སྨོན་ལམ་ཅི་བཏབ་དེང་འདིར་འགྲུབ་གྱུར་ཅིག༔ ཅེས་དང་། གཞན་ཡང་ཞལ་ནས་གསུངས་པའི་ཚིགས་བཅད་ཅི་རིགས་ཀྱི་ཤིས་པ་བརྗོད་པས་མཐའ་བརྒྱན་ཅིང་དགེ་ལེགས་སུ་བྱའོ། །གཞན་ཕན་ཕྲིན་ལས་རྨད་བྱུང་སངས་རྒྱས་སྟོང་། །གཞན་ཕན་སླད་དུ་མཆོད་ཅིང་གསོལ་གདབ་ཚུལ། །གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བྲིས་དགེས། །གཞན་ཕན་འགྲོ་དོན་མཁའ་དང་མཉམ་པར་ཤོག །ཅེས་པའང་བླ་མ་དགོངས་པ་འདུས་པ་ལས་བྱོན་པའི་སྨོན་ལམ་བཀྲ་ཤིས་ཀྱི་སྒྲོན་མེ་ཉིད་ཁ་བསྒྱུར་ཏེ། ཆུ་ཁྱི་ཆོ་འཕྲུལ་ཅན་གྱི་འཕེལ་ཕྱོགས་ཀྱི་ཚེས་དགེ་བར་ཞེ་ཆེན་ཡང་དབེན་རང་ཤག་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་བྲིས་པ་དགེ། །།

ཐུབ་དབང་གནས་བརྟན་བཅུ་དྲུག་གི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་ཕྱག་མཆོད་དང་འབྲེལ་བ་ཚོགས་གཉིས་རྒྱས་པའི་སྤྲིན་ཆེན།

༄༅། །ཐུབ་དབང་གནས་བརྟན་བཅུ་དྲུག་གི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་ཕྱག་མཆོད་དང་འབྲེལ་བ་ཚོགས་གཉིས་རྒྱས་པའི་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ། །ༀ་སྭསྟི་སིདྡྷི། དད་པའི་ཡིད་མཁར་ཕུན་ཚོགས་མཆོད་སྤྲིན་དབུས། །རིན་ཆེན་གཞལ་མེད་སེང་ཁྲི་པད་ཟླའི་སྟེང་། །རྩ་བའི་བླ་མ་ཐུབ་དབང་སྲས་འཁོར་བཅས། །ཐུགས་དམ་རྗེས་དགོངས་འདིར་གཤེགས་བརྟན་པར་བཞུགས། །སྔོན་ཚེ་དབང་པོའི་ཏོག་སོགས་བསྒྲང་ཡས་པའི། །འཇིག་རྟེན་སྒྲོན་མ་ཆེན་པོ་རྟག་བཀོད་ཀྱང་། །ཐུགས་རྗེས་རྩོད་དུས་ཡོངས་བཟུང་པད་དཀར་ལྟར། །ཆེར་བསྔགས་ཤཱཀྱའི་ཏོག་ལ་མགོས་ཕྱག་འཚལ། །གཞོན་ནུ་དོན་གྲུབ་སྐུ་ལས་འཁྲུངས་པའི་སྲས། །མཐོང་བ་ཙམ་གྱིས་ཆོས་ཀུན་དེ་ཉིད་རྟོགས། །རྒྱལ་བས་བྱིན་རླབས་རིན་ཆེན་སྲོག་ཞུ་བསྣམས། །འཕགས་པ་སྒྲ་གཅན་འཛིན་ལ་མགོས་ཕྱག་འཚལ། །མཉན་ཡོད་བྲམ་ཟེ་ཆེན་པོའི་རིགས་སུ་འཁྲུངས། །གང་དུ་མཉམ་པར་བཞག་པའི་ས་ཕྱོགས་དེའི། །འགྲོ་ཚོགས་དུག་གསུམ་ལ་སོགས་མེ་ཚོགས་གཞིལ། །འཕགས་པ་ལམ་འཕྲན་བརྟན་ལ་མགོས་ཕྱག་འཚལ། །ཆེས་ཆེར་མཐོ་བ་བྷ་ར་དྷཱ་ཛའི་རིགས། །ཁོམ་མིན་གནས་ངན་བཟློག་པའི་གླེགས་བམ་དང་། །འཕགས་ནོར་འདོད་པ་འཇོ་བའི་ལྷུང་བཟེད་འཛིན། །འཕགས་པ་བསོད་སྙོམས་ལེན་ལ་མགོས༴མཉན་ཡོད་བྲམ་ཟེའི་རིགས་འཁྲུངས་གཟུངས་སྤོབས་དང་། །བློ་གྲོས་མཆོག་སྦྱིན་གླེགས་བམ་གཡས་ན་སྦ། །སངས་རྒྱས་མཐོང་དང་འབྲལ་མིན་ཆོས་འཆད་མཛད། །འཕགས་པ་ལམ་བརྟན་ཆེན་པོར་མགོས༴བྱང་ཕྱོགས་གསེག་མ་ཅན་འཁྲུངས་རྒྱལ་པོའི་རིགས། །བུམ་བཟང་འདོད་པ་ཀུན་འཇོ་སྒྲིབ་ཀུན་འཁྲུད། །མཁར་གསིལ་སྒྲ་ཡིས་ནད་སྡུག་ཉོན་མོངས་སེལ། །འཕགས་པ་ཀླུ་ཡི་སྡེ་ལ་མགོས༴ཝཱ་ཱརཱ་ཎ་སཱིར་ཁྱིམ་བདག་གཙོ་བོའི་རིགས། །ཤེས་བྱ་ཀུན་རྟོགས་ཉོན་མོངས་གདུང་བ་ཞི། །ཆོས་ཀྱི་རྒྱལ་པོར་དབང་བསྒྱུར་གླེགས་བམ་འཛིན། །འཕགས་པའི་གནས་བརྟན་སྦེད་བྱེད་ལ༴བྲམ་ཟེའི་རིགས་འཁྲུངས་སྙིང་རྗེར་གནས་པའི་མཆོག །བསླབ་གསུམ་རྣམ་དག་སྒྲིབ་ཚོགསདྲུང་ནས་འབྱིན། །བཀྲ་ཤིས་དཔལ་སྐྱེད་བྱང་ཆེན་མཆོད་རྟེན་འཛིན། །འཕགས་པ་མིི་ཕྱེད་པ་ལ༴རྒྱལ་པོའི་ཁབ་ཏུ་ཁྱིམ་བདག་ལྷ་དཔལ་འཛིན། །སྤོས་ཕོར་ཚུལ་ཁྲིམས་བསུང་ཞིམ་འགྲོ་ཡིད་འཕྲོག །རྔ་ཡབ་འགྲོ་རྒྱུད་ཀུན་འབྱུང་ཕྲ་རྒྱས་འཕྱག །འཕགས་པ་ཡན་ལག་འབྱུང་ལ༴མཉན་དུ་ཡོད་པར་ཁྱིམ་བདག་རིགས་སུ་འཁྲུངས། །ཚུལ་ཁྲིམས་དག་ཅིང་སྙན་གྲགས་ཕྱོགས་བཅུར་སྒྲོག །ཏིང་འཛིན་སྒོ་འབྱེད་མཉམ་བཞག་ཕྱག་རྒྱ་ཅན། །འཕགས་པ་མ་ཕམ་པ་ལ༴ཀོ་ས་ལ་རུ་བྲམ་ཟེའི་རིགས་སུ་འཁྲུངས། །སྡིགས་མཛུབ་འབྱུང་བཞིའི་འཇིགས་འཕྲོག་གནོད་གདུག་བསྐྲོད། །རྔ་ཡབ་བདག་གཉིས་འགོག་ཅིང་བདེན་གཉིས་སྟོན། །འཕགས་པ་ནགས་ན་གནས་ལ༴བྲམ་ཟེའི་རིགས་སུ་མཉན་དུ་ཡོད་པར་འཁྲུངས། །བྱང་སེམས་ངེས་གནས་བྲལ་སྨིན་ཡོན་ཏན་འབྱུང་། །ཐེག་ཆེན་འཁོར་འདུ་གསེར་གྱི་རྣ་ཀོར་བསྣམས། །འཕགས་པའི་གནས་བརྟན་དུས་ལྡན་ལ༴རྒྱལ་པོ་འཆར་བྱེད་བཙུན་མོ་མཆོག་ལས་འཁྲུངས། །སྡིགས་མཛུབ་མཐོང་ཐོས་དྲན་རེག་བྱང་གྲོལ་འགོད། །རྔ་ཡབ་མཚན་དཔེའི་གཟུགས་དབང་ཡེ་ཤེས་སྦྱིན། །འཕགས་པ་རྡོ་རྗེ་མོའི་བུ་ལ༴གྲོང་ཁྱེར་སེར་སྐྱར་ཤཱཀྱ་རབ་བཟང་སྲས། །ཆོས་འཆད་སྟོང་དང་སྙིང་རྗེའི་དོན་ཟབ་འདོམས། །མཉམ་པར་བཞག་པས་ཀུན་མཁྱེན་ཡེ་ཤེས་སྦྱིན། །འཕགས་པའི་གནས་བརྟན་བཟང་པོ་ལ༴མ་ག་ངྷ་རུ་ཁྱིམ་བདག་རིགས་སུ་འཁྲུངས། །མི་བརྗེད་གཟུངས་བློས་སངས་རྒྱས་ཆོས་ཀུན་འཛིན། །སྤོབས་པ་མཆོག་སྦྱིན་རིན་ཆེན་ཞགས་པ་བསྣམས། །འཕགས་པ་གསེར་བེའུ་ལ་མགོས༴ཡུལ་དབུས་མདུན་ན་འདོན་གྱི་རིགས་སུ་འཁྲུངས། །ངན་འགྲོའི་སྒོ་གཅོད་དཀར་ཆོས་ཡོན་ཏན་སྤེལ། །ཡེ་ཤེས་རྒྱས་བྱེད་མཉམ་བཞག་ཕྱག་རྒྱ་མཛད། །འཕགས་པའི་གནས་བརྟན་གསེར་ཅན་ལ༴མཉན་ཡོད་བྲམ་ཟེའི་རིགས་འཁྲུངས་བྲོ་མི་འཚལ། །ཕ་རོལ་ཕྱིན་རྫོགས་དེ་ཉིད་མྱུར་རྟོགས་ཤིང་། །འདོད་པ་ཀུན་འབྱུང་ནེའུ་ལེ་ཕྱག་ན་བསྣམས། །འཕགས་པ་བ་ཀུ་ལ་ལ་མགོས༴པྲི་ཡངྐུ་སོགས་ལྷ་མིའི་འཇིག་རྟེན་ན། །མྱ་ངན་མི་འདའ་ད་ལྟ་མངོན་སུམ་བཞུགས། །དུ་མའི་འཁོར་བཅས་སྟོན་པའི་བཀའ་ལུང་སྒྲུབ། །དགྲ་བཅོམ་བསྟན་སྐྱོང་ཚོགས་ལ་མགོས༴འཕགས་པའི་དགེ་བསྙེན་ཆེན་པོ་དྷརྨ་ཏཱ། །སྣང་བ་མཐའ་ཡས་མདུན་གྱི་མཁའ་ནས་གཟིགས། །རྔ་ཡབ་བུམ་པས་འཕགས་ལ་སྲི་ཞུ་སྒྲུབ། །དགེ་བསྙེན་ཚོགས་ལའང་གུས་པས་བདག་ཕྱག་འཚལ། །གཞན་ཡང་སྟོན་པའི་ཞམ་རིིམ་མཆོག་ཟུང་སོགས། །རྣམ་བཞིའི་འཁོར་དང་ལུང་རྟོགས་དམ་པའི་ཆོས། །རྒྱལ་ཆེན་བཞི་སོགས་དཀར་ཕྱོགས་སྐྱོང་བའི་རིགས། །ཕྱག་འོས་ཀུན་ལ་གུས་པས་ཕྱག་འཚལ་ལོ། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་མཚན་གྱི། །ཁྱད་པར་དུ་མས་བསྐྲུན་པའི་མཆོད་པའི་སྤྲིན། །ཆོས་ཀྱི་དབྱིངས་ཀུན་རྒྱས་པར་འགེངས་བྱས་ནས། །ཉིན་རེ་བཞིན་ཡང་སྲས་བཅས་རྒྱལ་ལ་འབུལ། །ཐོག་མེད་དུས་ནས་བདག་རྟོག་ཕྲ་རྒྱས་དཔུང་། །ལྷན་ཅིག་ཚོགས་པས་ནོངས་པའི་བཞིན་རས་ཆེ། །འགྱོད་ཚངས་ཁྲུས་ཀྱི་ཆོ་གས་བགྲུང་བྱེད་ན། །སླན་ཆད་མཛའ་བ་མིན་པའི་དཔལ་ཡོན་སྩོལ། །ཡི་རང་ནོར་བུའི་ཞགས་པ་གཅིག་ཉིད་ཀྱིས། །སྲིད་ཞིའི་དཔལ་ཡོན་ཟད་པ་མེད་པའི་སྒོ། །དབང་དུ་བྱེད་འདི་རྒྱལ་བའི་ཐབས་མཁས་ཕུལ། །ཐར་པ་འདོད་པ་སུ་ཞིག་བརྟེན་མི་བྱེད། །རྒྱལ་བའི་ཕྲིན་ལས་ཟད་པ་མི་མངའ་ཡང་། །ལས་ཀྱིས་བསྐལ་པའི་འགྲོ་ལ་འཕེལ་འགྲིབ་སྣང་། །དེ་སླད་དམན་ལ་བརྩེ་བས་ལྷག་པར་དགོངས། །མི་འཇིག་གཟུགས་སྐུ་རྡོ་རྗེ་ལྟར་བརྟན་མཛོད། །འགྲོ་བའི་ཁམས་ནི་དཔག་གིས་མི་ལང་བས། །དེ་སྙེད་རྟོག་འདུལ་ཐེག་སྒོ་བསམ་ཡས་ཀྱིས། །བློ་མིག་དག་པའི་ཉི་མ་གསར་བསྐྲུན་པས། །ཆོས་དབྱིངས་མཁའ་ལ་རབ་རིབ་ཀུན་སངས་མཛོད། །འཁོར་གསུམ་རྟོག་པའི་སྒྲ་གཅན་ལས་གྲོལ་བའི། །ལེགས་བྱས་ཟླ་བ་རྒྱས་པའི་དཀྱིལ་འཁོར་ཆེ། །བློ་ཆེན་ཀུན་ཏུ་བཟང་པོའི་མཁྱེན་པའི་མཁར། །ཡོངས་བསྔོ་རྒྱལ་བ་དགྱེས་པའི་འབབ་སྟེགས་ཤོག །ཨེ་མ་སྤངས་རྟོགས་མཐར་ཕྱིན་སངས་རྒྱས་ཀྱང་། །དགོས་པའི་དབང་གི་ཉན་ཐོས་ཚུལ་བཟུང་ནས། །སྟོན་པའི་བཀའ་སྒྲུབ་བསྟན་པ་སྐྱོང་མཛད་པའི་། །གནས་བརྟན་ཆེན་པོ་མཆོག་རྣམས་དགོངས་སུ་གསོལ། །དེང་དུས་རྙོག་མ་ལྔ་ཡིས་རྙོགས་པའི་ཆབ། །སྤྱན་རས་བཙའ་བའི་མཆོད་ཡོན་མི་མཛེས་ཀྱང་། །སྙིང་རྗེའི་བདག་ཉིད་མཆོག་ཏུ་དགོངས་པར་རིགས། །ཐུགས་བསྐྱེད་སྨོན་པའི་དུས་ཀྱང་དེང་ལགས་སོ། །ཐུགས་རྗེ་ཅན་དེས་གང་ལ་བཅོལ་བའི་ནོར། །བསྐལ་པ་བྱེ་བར་འཐོབ་དཀའི་དངོས་དེ་ཡང་། །རྨོངས་པའི་སྐྱེ་བོས་རྡུལ་ཁྲོད་འདོར་དུ་ཆ། །བདག་བཟང་ཡོད་ན་ད་ནི་གཟིགས་རེ་རན། །ངོ་ཚ་མི་ཤེས་བ་གླང་མི་ཐོད་ཁྱུ། །འདོད་ཡོན་ཚྭ་ཆུ་འཐུང་ལ་མཚར་དུ་བརྩི། །བསགས་པ་ཅན་གྱི་ཕ་ཡིས་སྒྲུབ་པའི་གཏེར། །གར་སོང་མི་རྟོག་ཀྱི་ཧུད་དུས་འདིར་གཟིགས། །རྒུད་པས་ཉམ་ཆུང་ཕྱག་གིས་མི་འདྲེན་ན། །དར་བའི་དཔལ་ལ་སྐྱོར་ཡང་ཅི་ཞིག་དགོས། །ཁྱེད་ལ་གཏད་པའི་དོན་ཀྱང་དེ་ལགས་ན། །ཞལ་འཆེས་རྫུན་དུ་མ་གཏོང་མགོན་པོ་ཀྱེ། །ཕན་བདེའི་འོད་ཟེར་སྟོང་གི་དྲྭ་བ་ཅན། །ཉེས་པའི་མུན་པ་སེལ་ལ་ཟླ་བྲལ་བ། །ཀུན་མཁྱེན་བསྟན་པའི་ཉི་མ་གསར་པའི་གཟི། །འགྲོ་བསོད་མཁའ་ལ་བརྟན་པར་མཛད་དུ་གསོལ། །ཐུགས་ལ་བརྣག་པ་རྒྱལ་བསྟན་འབའ་ཞིག་གཉེར། །མཛད་པ་ཐམས་ཅད་གཞན་ལ་ཕན་པའི་སྒོ། །འབྲེལ་ཚད་དོན་ལྡན་བསྡུ་བཞིའི་ཕྲིན་ལས་ཅན། །ཞབས་པད་ཡུན་རིང་བརྟན་པར་མཛད་དུ་གསོལ། །ངེས་འབྱུང་གཞི་ལ་དད་པའི་མྱུ་གུ་འཁྲུངས། །བསླབ་གསུམ་མེ་ཏོག་གཞན་ཕན་བདུད་རྩིའི་ཕྱུག །བཤདསྒྲུབ་དྲི་བསུང་རྐང་དྲུག་དགའ་བའི་གསོས། །འདུ་ཚོགས་དབྱར་མཚོ་བཞིན་འཕེལ་མཛདདུ་གསོལ། །རྟག་པར་དགེ་འདུན་ལྟ་སྤྱོད་དོན་མཐུན་ཞིང་། །རི་ཀླུང་མེད་པར་སྤང་ཀློག་སྡེ་ཡིས་འབྱོར། །ཐོས་བསམ་སྒོམ་པའི་ཡོན་ཏན་ཟ་མ་ཏོག །ཡུད་ཙམ་རེས་ཀྱང་འགེང་བར་མཛད་དུ་གསོལ། །སྐྱེ་དགུ་ལས་འབྲས་ཡིད་ཆེས་བསྟན་ལ་གུས། །ཡངས་པའི་ཁྱོན་ཀུན་དཀོན་མཆོག་རྟེན་གྱིས་བརྒྱན། །མཆོད་པའི་སྤྲིན་ཆེན་ནམ་མཁའི་མཛོད་ཀྱི་སྒོ། །ཕྱི་མའི་མུ་མཐར་གནས་པར་མཛད་དུ་གསོལ། །ལྷ་ཀླུ་དགའ་བས་དུས་སུ་ཆར་འབེབས་ཤིང་། །ས་གཞི་སྐྱོང་རྣམས་ཆོས་ལ་རྟག་ཏུ་གནས། །འབྱོར་ལྡན་སྐྱེ་བོའི་ཚོགས་ཀྱིས་ཕྱོགས་ཀུན་ཁྱབ། །བདེ་སྐྱིད་ཡུན་དུ་བརྟན་པར་མཛད་དུ་གསོལ། །མཐའ་མི་གདུག་པའི་རྒྱུ་འགྲུལ་ངང་གིས་ཆད། །ནག་ཕྱོགས་ཀླ་ཀློའི་འཇུག་པ་མིང་མི་གྲགས། །ནད་མུག་མཚོན་འཁྲུགས་འབྱུང་བཞིའི་གཡོ་འཕྲུལ་ཞི། །འགྲོ་ཀུན་བདེ་དགའ་འཕེལ་བར་མཛད་དུ་གསོལ། །བཅུད་ཀྱི་སྤྱོད་པས་སྣོད་ལ་དཔལ་སྐྱེད་ཅིང་། །བརྟན་གཡོའི་དྭངས་བཅུད་སྐྱེ་དགུའི་ངལ་འཚོར་སྨིན། །ཕན་ཚུན་རྟེན་འབྲེལ་རྒྱུ་རྐྱེན་གཅིག་ཏུ་འཚོགས། །རྫོགས་ལྡན་དགའ་སྟོན་རྒྱས་པར་མཛདདུ་གསོལ། །རྩེ་གཅིག་གསོལ་བ་འདེབས་པའི་སྐལ་བཟང་རྣམས། །གནས་སྐབས་མི་མཐུན་ཉེས་བརྒྱའི་འཇིགས་ཀུན་ཞི། །མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་ལེགས་ཚོགས་རྒྱས། །གཟུངས་སྤོབས་བློ་གྲོས་འཕེལ་བར་མཛད་དུ་གསོལ། །ཚུལ་ཁྲིམས་དག་པས་ལྷར་བཅས་སྐྱེ་དགུས་བཀུར། །རང་འདོད་ཟད་པས་གཞན་ཕན་སྒོ་བརྒྱ་འབྱེད། །སྨོན་ལམ་དག་པས་འབྲེལ་ཚད་ཕྱིར་མི་ལྡོག །དོན་གཉིས་བསམ་ཀུན་འགྲུབ་པར་མཛད་དུ་གསོལ། །བཀྲ་ཤིས་ཉི་མ་སྲིད་ཞིའི་མཆོད་སྡོང་མཆོག །སྲས་བཅས་རྒྱལ་པའི་ཐུགས་རྗེའི་བདེན་བྱིན་གྱིས། །ཇི་ལྟར་གསོལ་ཞིང་སྨོན་པའི་དོན་འབྲས་ཀུན། །གེགས་མེད་མྱུར་དུ་འགྲུབ་པར་མཛད་དུ་གསོལ། །ཅེས་ཐུབ་དབང་གནས་བརྟན་བཅུ་དྲུག་གི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་ཕྱག་མཆོད་དང་འབྲེལ་བ་འདི་ཡང་། །རྫོགས་པའི་སངས་རྒྱས་བློ་གྲོས་མཐའ་ཡས་ཀྱི་ཞབས་ཀྱི་ཆུ་སྐྱེས་སྤྱི་བོས་ལེན་པའི་ཤཱཀྱའི་བཙུན་པ་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་མེ་རྟ་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གཅིག་ཉིན་བདེ་ཆེན་པདྨ་འོད་གླིང་དུ་ལྷག་བསམ་རྩེ་གཅིག་པས་བྲིས་ཤིང་གསོལ་བ་བཏབ་པ་སིདྡྷི་རསྟུ། །། །

གུ་རུ་གསོལ་འདེབས་བསམ་པ་ལྷུན་གྲུབ་དང་འབྲེལ་བའི་ཚོགས་གསོག་མཆོད་འབུལ་གྱི་རིམ་པ་གྲུབ་གཉིས་བདུད་རྩིའི་ཆར་འབེབས།

༄༅། །གུ་རུ་གསོལ་འདེབས་བསམ་པ་ལྷུན་གྲུབ་དང་འབྲེལ་བའི་ཚོགས་གསོག་མཆོད་འབུལ་གྱི་རིམ་པ་གྲུབ་གཉིས་བདུད་རྩིའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། ན་མོ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་བདག །དྲན་པས་བསམ་ཀུན་འགྲུབ་བྱེད་པའི། །གུ་རུ་ཡིད་བཞིན་ནོར་བུ་ལ། །བཏུད་ནས་མཆོད་ཆོག་འདུས་གསལ་སྤེལ། །འདིར་གངས་ཅན་བོད་ཀྱི་གདུལ་བྱར་རྣམ་ཐར་དང་བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག་པའི་གུ་རུ་ཡིད་བཞིན་གྱི་ནོར་བུ་ཉིད་ཀྱི་རྡོ་རྗེའི་གསུངས། ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་གྱིས་ཁྱད་པར་དུ་འཕགས་པའི་གསོལ་འདེབས་ཐམས་ཅད་ཀྱི་རྒྱལ་པོ་བསམ་པ་ལྷུན་གྲུབ་ཅེས་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་འདི་ཉིད་དང་འབྲེལ་པར་ཚོགས་གསོག་མཆོད་འབུལ་གྱི་ཆོ་ག་མདོར་བསྡུས་སུ་སྤེལ་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ། སྦྱོར་བ་ཡོ་བྱད་ཀྱི་ཤོམ་ནི། དུས་བཟང་ཡར་ངོའི་ཚེས་བཅུ་ལྟ་བུ་དགེ་ཞིང་ཤིས་པའི་སྔ་དྲོའི་ཆར་གནས་གཙང་མར། གོང་དུ་བསམ་ལྷུན་གྱི་ཞལ་ཐང་སོགས་རྟེན་གསུམ་བཤམས་པའི་སྤྱན་སྔར་ཉེར་སྤྱོད་སྨན་གཏོར་སོགས་ཅི་འབྱོར་པའི་མཆོད་པ་དག་ཅིང་གཙང་བར་བཤམས། རང་ཉིད་སྟན་བདེ་བ་ལ་འཁོད་ནས་ཀུན་སློང་རྣམ་པར་དག་པས། ཐོག་མར་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་ཚོགས་ཞིང་གསལ་བཏབ་ནས། ན་མོཿབླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་པ་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ ལན་གསུམ། ཡན་ལག་བདུན་པ་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རངས༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ལན་གསུམ་མཐར། ཚོགས་ཞིང་རང་ལ་བསྡུས་ནས། སེམས་ཅན་བདེ་དང་ལྡན་གྱུར་ཅིགསོགས་ཚད་མེད་བཞི་བསྒོམ་རྗེས། གནས་ཡོ་དང་མཆོད་རྫས་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ༔ ༀ་ཨཱཿཧཱུྃ༔ སྣོད་བཅུད་རྣམ་དག་པདྨ་དྲྭ་བའི་ཞིང་། །ཡེ་ཤེས་ངོ་མཚར་བཀོད་པ་འབྱམས་ཀླས་གཞིར། །ཕུལ་བྱུང་མཆོད་རྫས་ནམ་མཁའ་མཛོད་ཀྱི་སྒོ། །ཀུན་བཟང་མཆོད་པའི་སྤྲིན་བཞིན་མཛེས་གྱུར་ཅིག །ༀ་བཛྲ་ཨརྒྷཾ་སོགས་དང་། སྤྲོ་ན་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་མཆོད་པའི་སྤྲིན་གཟུངས་ཀྱང་བརྗོད་དོ། །གཉིས་པ་དངོས་གཞི་ལ། ཐོག་མར་རྟེན་བསྐྱེད་པ་ནི། ཤཱུ་ནྱ་ཏའི་སྔགས་ཀྱིས་སྟོང་པར་སྦྱངས་རྗེས། རང་ཉིད་དབང་ཆེན་རྟ་མགྲིན་སྐུ་མདོག་དམར། །གྲི་གུག་ཐོད་འཛིན་ཕག་མོ་ཡུམ་དང་སྦྱོར། །དུར་ཁྲོད་ཆས་ལྡན་རྟ་ཞལ་ཕག་གདོང་འཚེར། །བརྐྱང་བསྐུམ་སྟབས་ཀྱིས་པད་ཉིའི་གདན་ལ་རོལ། །མདུན་མཁར་འཇའ་སྤྲིན་ཁ་དོག་ལྔ་ལྡན་གྱིས། །བཏེགས་པའི་རིན་ཆེན་གཞལ་ཡས་རྒྱན་བཀོད་རྫོགས། །འོག་མིན་པདྨ་དྲྭ་བའི་ཕོ་བྲང་དབུས། །ཡིད་འོང་པདྨ་འདབ་བརྒྱད་འདབ་བཞི་བརྩེགས། །དབུས་སུ་པདྨ་ཉི་ཟླ་བརྩེགས་པའི་ཁྲིར། །གུ་རུ་ཆེ་མཆོག་སྨུག་ནག་བརྗིད་པའི་ཉམས། །ཕྱག་གཡས་ཐོད་འཁར་གཡོན་པས་བནྡྷ་བསྣམས། །དེ་ཡི་སྤྱི་བོར་ཆུ་སྐྱེས་ཉི་ཟླའི་དབུས། །བླ་མ་བདེ་བ་ཆེན་པོ་དཀར་དམར་མདངས། །སྤྱན་ཟུང་ལྟ་སྟངས་བདེ་སྟོང་དབྱིངས་སུ་གཟིགས། །ཕྱག་གཉིས་མཉམ་བཞག་ཐོད་ཞལ་བདུད་རྩི་ཡིས། །བཀང་བའི་རྦ་རླབས་བཾ་ཡིག་དཀར་པོས་མཚན། །དབུ་ལ་ཤེའུའི་སྙན་ཞུ་བརྗིད་ལྡན་གསོལ། །གསང་ཕོད་ཆོས་གོས་ཟ་འོག་བེར་ཆེན་བཀླུབས། །རྡོ་རྗེ་སྐྱིལ་ཀྲུང་འཇའ་ཟེར་ཀློང་ན་བཞུགས། །མཚན་ཙམ་ཐོས་པས་བསམ་པ་ལྷུན་གྱིས་གྲུབ། །བརྟན་གཡོ་སྲིད་ཞིའི་སྤྱི་དཔལ་ཆེན་པོར་གསལ། །དེ་ཡི་ཕྱི་རིམ་པདྨ་འདབ་བཞི་ལ། །ཤར་དུ་གུ་རུ་སྨན་རྒྱལ་བཻཌཱུའི་མདོག །གཡས་གཡོན་སྨན་རྒྱལ་བདུད་རྩིའི་བནྡྷ་བསྣམས། །ལྷོ་རུ་གུ་རུ་ནོར་ལྷ་གསེར་གྱི་མདོག །གཡས་གཡོན་རིན་ཆེན་འདོད་འབྱུང་ཐོད་པ་བསྣམས། །ནུབ་ཏུ་གུ་རུ་ཡི་དམ་རཱ་གའི་མདོག །ཕྱག་གཡས་པདྨ་གཡོན་པས་གཏེར་སྒྲོམ་བསྣམས། །བྱང་དུ་གུ་རུ་རེ་སྐོང་མརྒད་མདོག །གཡས་གཡོན་བ་དན་འཕྱར་ཞིང་ཕུར་པ་གདེངས། །དེ་ཡི་ཕྱི་རོལ་པདྨ་འདབ་བརྒྱད་ཀྱི། །ཤར་དུ་གུ་རུ་གིང་ཆེན་དཀར་གསལ་མདོག །གཡས་གཡོན་ཌཱ་རུ་བནྡྷ་བདུད་རྩིས་བཀང་། །ལྷོ་རུ་གུ་རུ་འབྱུང་བཞི་དབང་སྒྱུར་མཐིང་། །བུམ་པ་རི་རབ་མེ་དཔུང་རླུང་ཞགས་བསྣམས། །ནུབ་ཏུ་གུ་རུ་མ་རུངས་སྐྲོད་མཛད་དམར། །ལྕགས་ཀྱུ་ཞགས་གདེངས་ལྕགས་སྒྲོག་དྲིལ་བུ་འཁྲོལ། །བྱང་དུ་གུ་རུ་རྡོ་རྗེ་གོ་ཆ་སེར། །ཕྱག་གཡས་རལ་གྲི་གཡོན་པས་ལྕགས་ཀྱུ་འཛིན། །ཤར་ལྷོར་གུ་རུ་འཆི་བའི་འཇིགསསྐྱོབ་དམར། །གཡས་གཡོན་སྐྱབས་སྦྱིན་བདུད་རྩིའི་ལྷུང་བཟེད་བསྣམས། །ལྷོ་ནུབ་གུ་རུ་བར་དོའི་འཁྲུལ་འཇོམས་དམར། །རྡོ་རྗེ་མེ་ལོང་རྨ་བྱའི་མདོངས་སྒྲོ་བསྣམས། །ནུབ་བྱང་སྐྱེ་བསྦྱོང་མཛད་དམར་ལྗང་མདོག །གཡས་གཡོན་གྲི་གུག་ཐོད་པའི་བདུད་རྩི་འཛིན། །བྱང་ཤར་འགྲོ་དྲུག་ཀུན་སྐྱོབ་དཀར་ལྗང་མདོག །རྡོ་རྗེ་རྩེ་དགུ་ཁ་ཊྭཱྃ་འཁར་བ་མཛད། །ཀུན་ཀྱང་པདྨའི་ཞྭ་མནབས་གསང་གོས་སྟེང་། །ཕོད་ཆེན་མཐིང་ཀ་ཆོས་གོས་དམར་པོ་གསོལ། །ཞབས་གཉིས་བཞེངས་སྟབས་སྤྲུལ་པའི་འཁོར་ཚོགས་བཅས། །དངོས་གྲུབ་ཆར་འབེབས་གཟི་བྱིན་ལམ་མེར་བཞུགས། །མོས་གུས་དྲག་པོས་གསོལ་གདབ་རྒྱུད་བསྐུལ་བས། །རྔ་ཡབ་གླིང་ནས་ཐུགས་དམ་ཆེན་པོ་ཡིས། །རྨད་བྱུང་ཆོ་འཕྲུལ་ཆེན་པོའི་དགོངས་པས་བྱོན། །ཐུགས་རྗེས་བརྩེར་དགོངས་དབང་བསྐུར་བྱིན་བརླབས་གྱུར། །ཞེས་མོས་ལ། སྤྱན་འདྲེན་པ་ནི། ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ སོགས་ཚིགས་བདུན་གསོལ་འདེབས་དང་། སྤྲོ་ན། ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔ སོགས་དང་། ཐོད་ཕྲེང་རྩལ་གྱི་སྔགས་བརྗོད་པསསྤྱན་དྲངས་མཐར། ཧཱུྃ་ཧྲཱིཿརིན་ཆེན་གཞལ་ཡས་མཛེས་པ་འདིར༔ ཉི་ཟླ་པདྨའི་གདན་སྟེངསསུ༔ མ་ཧཱ་གུ་རུའི་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཛྙཱ་ན་ས་མ་ཏིཥྛ་ལྷན༔ གྱིས་མདུན་རྟེན་དང་གཉིས་སུ་མེད་པར་བརྟན་པར་བཞུགས་པར་མོས་ལ། ན་མོཿསྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ༔ ཞེས་ཕྱག་འཚལ། ཧཱུྃ་ཧྲཱིཿཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ནང་མཆོད་སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔ གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་ངྷེ་བ་དྷཱ་ཀི་ནི་ས་པ་རི་བཱ་ར་ཨརྒྷཾ་པཱཏྱཾ་པུཥྤེངྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱ༔ མ་ཧཱ་སུ་ཁ་པཉྩ་ཀཱ་མ་གུ་ཎ་ཏ་ན་ག་ཎ་པཱུ་ཛ་ཧོཿམ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧཱི༔ ཞེས་མཆོད། ཧཱུྃ་ཧྲཱིཿམ་བཅོས་ཀ་དག་ཆོས་སྐུའི་ངང་ཉིད་ལས༔ བདེ་ཆེན་ལྷུན་གྲུབ་འོད་གསལ་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་རིག་རྩལ་སྒྱུ་འཕྲུལ་དྲྭ་བའི་གར༔ སྐུ་གསུམ་བླ་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཞེས་བསྟོད་ནས། བྱེ་བྲག་ཏུ་ཕྱག་མཆོད་དང་གསོལ་བ་འདེབས་པ་དངོས་ནི། མདུན་དཀྱིལ་ལྷ་ཚོགས་ཐུགས་ཀ་ནས༔ རང་འདྲའི་སྐུ་དང་འོད་ཟེར་ཚོགས༔ ནམ་མཁའ་གང་བའི་སྤྲོ་བསྡུ་ཡིས༔ གང་འདོད་དོན་ཀུན་ལྷུན་གྲུབ་གྱུར༔ ཞེས་མོས་ལ། ཨེ་མ་ཧོཿནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོསཿསྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ། །ཕྱི་ནང་གསང་མཆོད་དངོས་འབྱོར་ཡིད་སྤྲུལ་འབུལ། །ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་མཐོལ་ཞིང་བཤགས། །དགེ་ལ་ཡི་རངས་བསྐུལ་ཞིང་གསོལ་བ་འདེབས། །དགེ་ཚོགས་གུ་རུའི་གོ་འཕང་ཐོབ་ཕྱིར་བསྔོ། །གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ། །ཐུགས་དམ་ཞལ་བཞེས་དགོངས་པའི་རྩལ་བསྐྱེད་ལ། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་བརྒྱུད་ཐ་ལ་མ་སྟོང་བར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ༔ རྒྱལ་པོ་ཆོསསྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ༔ ཕྱི་ནང་གསང་མཆོད་སོགས་གོང་བཞིན་འོག་མ་ཀུན་ལ་འགྲེ། སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་སེམས་ཅན་ཡོངས་ལ་གཟིགས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ༔ སོགས། དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོང་{དགོངས}རེ་བོད་ཀྱི་དོན་ལ་བྱོན༔ ཉི་ཟེར་ཆར་སྡུད་མདངས་ལ་ཆིབས་ཏེ་བྱོན༔ ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ༔ སོགས། ལྔ་བརྒྱའི་ཐ་མ་རྩོད་དུས་སྙིགས་མ་ལ༔ སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས༔ ཉོན་མོངས་དུག་ལྔ་རང་རྒྱུད་སྤྱོད་པའི་ཚེ༔ དེ་འདྲའི་དུས་ན་བདག་འདྲའི་ཐུགས་རྗེས་སྐྱོབ༔ དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ༔ སོགས། ཧོར་སོག་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔ ཆོས་འཁོར་གཉན་པོ་འཇིགས་ལཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས༔ ཧོར་སོག་དམག་དཔུང་བཟློག་པར་ཐེ་ཚོམ་མེད༔ ཨོ་རྒྱན་པད་མ་འབྱུང་གནས་ལ་ཕྱག་འཚལ༔ སོགས། སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེ༔ མི་བཟོད་སྡུག་བསྔལ་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ ཨོ་རྒྱན་པད་མ་འབྱུང་གནས་ལ་ཕྱག་འཚལ༔ སོགས། འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔ ཨོ་རྒྱན་པད་མ་འབྱུང་གནས་ལ་ཕྱག་འཚལ༔ སོགས། ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདེང་གིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཡི་དམ་ལྷ་དང་དབྱེར་མེད་པས༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པད་མ་འབྱུང་གནས་ལ་ཕྱག་འཚལ༔ སོགས། སྦས་ཡུལ་ནགས་ཁྲོད་དབེན་ས་སྙོག་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགག་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་གཞི་བདག་གཉན་པོའི་འཁོར་དང་བཅས༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པད་མ་འབྱུང་གནས་ལ་ཕྱག་འཚལ༔ སོགས། སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དཔའ་བོ་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ ཨོ་རྒྱན་པད་མ་འབྱུང་གནས་ལ་ཕྱག་འཚལ༔ སོགས། ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་གཡར་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས༔ འབྱུང་བར་རང་སར་ཞི་བར་ཐེ་ཚོམ་མེད༔ ཨོ་རྒྱན་པད་མ་འབྱུང་གནས་ལ་ཕྱག་འཚལ༔ སོགས། ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ གསད་ཁྱེར་ཇག་པའི་ཆོམ་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ ཙཽ་ར་མི་རྒོད་རྔམ་སེམས་བརླག་པར་བྱེད༔ ཨོ་རྒྱན་པད་མ་འབྱུང་གནས་ལ་ཕྱག་འཚལ༔ སོགས། གང་ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ ཨོ་རྒྱན་པད་མ་འབྱུང་གནས་ལ་ཕྱག་འཚལ༔ སོགས། ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ གནད་གཅོད་སྡུག་བསྔལ་འདུ་འཕྲོད་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་པ་སྟེ༔ བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ༔ ཨོ་རྒྱན་པད་མ་འབྱུང་གནས་ལ་ཕྱག་འཚལ༔ སོགས། སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ འཁྲུལ་སྣང་ཉིང་འཁྲུལ་སྡུག་བསྔལ་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དུས་གསུམ་མཁྱེན་པའིཐུགས་རྗེ་ཡིས༔ འཁྲུལ་སྣང་རང་སར་གྲོལ་བར་ཐེ་ཚོམ་མེད༔ ཨོ་རྒྱན་པད་མ་འབྱུང་གནས་ལ་ཕྱག་འཚལ༔ སོགས། གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔ འཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔ སྡུག་བསྔལ་འཁྲུལ་བ་རྩད་ནས་གཞིག་པར་བྱེད༔ ཨོ་རྒྱན་པད་མ་འབྱུང་གནས་ལ་ཕྱག་འཚལཿསོགས། འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན༔ དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགསཿཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལཿཕྱི་ནང་གསང་མཆོད་དངོས་འབྱོར་ཡིད་སྤྲུལ་འབུལ། །ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་མཐོལ་ཞིང་བཤགས། །དགེ་ལ་ཡི་རངས་བསྐུལ་ཞིང་གསོལ་བ་འདེབས། །དགེ་ཚོགས་གུ་རུའི་གོ་འཕང་ཐོབ་ཕྱིར་བསྔོ། །གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ། །ཐུགས་དམ་ཞལ་བཞེས་དགོངས་པའི་རྩལ་བསྐྱེད་ལ། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབསཿཞེས་གྲངས་བསགས། གལ་ཏེ་མཆོད་པ་འབུམ་ཐེར་སོགས་ཀྱི་སྐབས་དེ་ལས་ཅུང་ཟད་བསྡུས་པར་འདོད་ན་གོང་ལྟར་རྒྱས་པ་ཚར་ཅི་རིགས་སྔོན་དུ་འགྲོ་བས། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབསཿབར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ། །ཕྱི་ནང་གསང་མཆོད་དངོས་འབྱོར་ཡིད་སྤྲུལ་འབུལ། །ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་མཐོལ་ཞིང་བཤགས། །དགེ་ལ་ཡི་རངས་བསྐུལ་ཞིང་གསོལ་བ་འདེབས། །དགེ་ཚོགས་གུ་རུའི་གོ་འཕང་ཐོབ་ཕྱིར་བསྔོ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཐུགས་དམ་ཞལ་བཞེས་དགོངས་པའི་རྩལ་བསྐྱེད་ལ། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་གྲངས་བསགས། གང་ལྟར་ཡང་འཇུག་ཏུ་ཐུགས་བརྒྱུད་བསྐུལ་བའི་ཕྱིར་གསོལ་འདེབས་རྐྱང་པ་དང་བཛྲ་གུ་རུའི་བཟླས་པའང་ཅི་ནུས་བྱའོ། །གསུམ་པ་རྗེས་ལ། སྐབས་འདི་ཚོགས་མཆོད་འབུལ་བར་སྤྲོ་ན། དམ་ཚིག་ཏུ་འོས་པའི་རྫས་རྣམས་བསགས་ལ། ཧཱུྃ༔ རང་རིག་རྩལ་ལས་རཾ་ཡཾ་ཁཾ་འཕྲོས་ཏེ༔ ཚོགས་ཀྱི་དངོས་པོའི་བག་ཆགས་བསྲེགས་གཏོར་བཀྲུས༔ སྟོང་གསལ་ངང་ལས་ཐབས་ཤེས་ཀ་པཱ་ལར༔ ཚོགས་མཆོད་འདོད་ཡོན་སྤྲིན་ཕུང་འཕྲོ་བར་གྱུར༔ རཾ་ཡཾ་ཁཾ༔ ༀ་ཨཱཿཧཱུྃ༔ ལན་གསུམ་གྱི་བྱིན་གྱིས་བརླབ། ཧཱུྃ་ཧྲཱིིཿམི་མངོན་དབྱིངས་ནས་རྩ་གསུམ་རྒྱལ་པའི་ཚོགས༔ འགག་མེད་མཁའ་ལ་འཇའ་ཚོན་ཤར་བ་ལྟར༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་ནས་ཀྱང༔ འདོད་ཡོན་མཆོད་བཞེས་དངོས་གྲུབ་སྩལ་དུ་གསོལ༔ ༀ་ཨཱཿཧཱུྃ་སརྦ་མ་ཧཱ་གུ་རུ་མཎྜ་ལ་ས་པ་རིབཱ་ར་བཛྲ་ས་མཱ་ཛཿས་ཚོགས་མགྲོན་སྤྱན་དྲངས། ཧཱུྃ་ཧྲཱིཿདུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་མཆོད་པའི་སྤྲིན། །འདོད་ཡོན་ལྔ་ལྡན་ཞལ་ཟས་ཚོགས་མཆོད་བཞེས། །ཡེ་ཤེས་ལྔ་ལྡན་བདུད་རྩིའི་སྤྲིན་ཆེན་པོས། །ཐུགས་དམ་བསྐང་ཞིང་ཉམས་ཆག་འགལ་འཁྲུལ་བཤགས། །གཟུང་འཛིན་ཉོན་མོངས་ཀ་དག་དབྱིངས་སུ་བསྒྲལ། །དུག་ལྔ་ཡེ་ཤེས་ལྔ་ཡི་ཀློང་དུ་སྦྱོར། །ལྷག་ལ་དབང་རྣམས་བཀའ་ཡི་ཕམ་ཕབ་{ཕ་འབབ}བཞེས། །ཐུགས་དམ་རྗེས་དགོངས་བཅོལ་པའི་ཕྲིན་ལས་མཛོད། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ༀ་ཨཱཿཧཱུྃ་སརྦ་མ་ཧཱ་གུ་རུ་མཎྜ་ལ་ས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧིཿཞེས་འབུལ་ལ་ཡི་གེ་བརྒྱ་པ་བརྗོད། དམ་ཚིག་གི་རྫས་ལ་ལོངས་སྤྱོད་ཅིང་སྨོན་ལམ་གདབ། སྤྲོ་ན་མཆོད་བཤགས་སོགས་ཚིག་སོ་སོར་ཁ་ཕྲལ་ཏེ་བྱས་ཀྱང་རུང་། དེ་ནས་འདོད་པའི་དོན་ལ་སླར་ཡང་གསོལ་བ་གདབ་པ་ནི། ཨེ་མ་ཧོཿབདེ་བ་ཅན་དུ་ཆོས་སྐུ་འོད་དཔག་མེད། །རི་བོ་ཏཱ་ལར་ལོངས་སྐུ་སྤྱན་རས་གཟིགས། །རྔ་ཡབ་དཔལ་རིར་སྤྲུལ་སྐུ་པདྨ་འབྱུང་། །གསོལ་བ་འདེབས་སོ་ཐུགས་རྗེས་སྤྱན་གྱིས་གཟིགས། །གདུལ་དཀའི་སྙིགས་འགྲོ་སྐྱོབ་པའི་མགོན་གཅིག་པུ། །སྐུ་ལྔ་མཚན་བརྒྱད་རྣམ་འཕྲུལ་བསམ་མི་ཁྱབ། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་གར་མཁན། །ཕ་གཅིག་བླ་མར་འབོད་དོ་བརྩེ་བས་དགོངས། །ཐུགས་རྗེའི་ཁྱད་པར་ལྔ་ལྡན་གུ་རུ་རྗེ། །སྔོན་སྨོན་ཞལ་བཞེས་ཐ་ཚིག་དགོངས་མཛོད་ལ། །བདག་ཅག་སྙིགས་མར་གྱུར་པའི་འགྲོ་རྣམས་ཀྱིས། །གསོལ་བཏབ་སྨོན་པའི་འབྲས་ཀུན་མཆིས་པར་མཛོད། །འབྱུང་པོས་རྒྱུད་དཀྲུགས་མཐའ་དམག་དབུས་སུ་ལྷགས། །དབེན་གནས་ཆོས་འཁོར་འཇིག་ལ་ཉེ་དུས་འདིར། །གུ་རུ་དྲེགས་པ་ཀུན་འདུལ་སྐུར་བཞེངས་ནས། །མཐའ་དམག་དུས་འཁྲུགས་བཟློག་པར་མཛད་དུ་གསོལ། །སྙིགས་སྤྱོད་མ་མོ་འཁྲུགས་པའི་དལ་ཡམ་སོགས། །དུག་གསུམ་རྒྱུ་འབྲས་ནད་ཀྱིས་མནར་བའི་ཚེ། །གུ་རུ་སྨན་པའི་རྒྱལ་པོའི་སྐུར་བཞེངས་ནས། །རླུང་མཁྲིས་བད་འདུས་ཞི་བར་མཛད་དུ་གསོལ། །ལོག་སྤྱོད་དབང་གིས་སྣོད་བཅུད་དཔལ་འབྱོར་ཉམས། །དབུལ་ཕོངས་བཀྲེས་སྐོམ་གདུང་བས་ཉམ་ཐག་ཚེ། །གུ་རུ་ནོར་ལྷ་དབང་རྒྱལ་སྐུར་བཞེངས་ནས། །འདོད་དགུ་ཆར་དུ་བསྙིལ་བར་མཛད་དུ་གསོལ། །སྙིགས་འགྲོའི་རྒུད་སྐྱོབ་ཆོས་ནོར་རྫས་ཀྱི་གཏེར། །ལས་ཅན་སྐྱེས་བུའི་སྐལ་བར་བྱོན་པའི་ཚེ། །གུ་རུ་ཡི་དམ་དབང་རྒྱལ་སྐུར་བཞེངས་ནས། །གེགས་མེད་སྐལ་ལྡན་སྨིན་གྲོལ་མཛད་དུ་གསོལ། །ལུང་ལྔ་ལྗོངས་གསུམ་འབྲོསཡུལ་བཞི་ལ་སོགས། །སྦས་ཡུལ་ནགས་ཁྲོད་དབེན་ས་སྙོགས་པའི་ཚེ། །གུ་རུ་སྒྲུབ་པོའི་རེ་སྐོང་སྐུར་བཞེངས་ནས། །ཆོས་མཛད་ལམ་སྣ་འདྲེན་པར་མཛད་དུ་གསོལ། །སྟག་གཟིག་དོམ་དྲེད་ཁྱི་སྤྱང་སྦྲུལ་གདུག་སོགས། །སྲོག་ཆགས་གཏུམ་པོའི་མཆེ་བར་ཚུད་ཉེའི་ཚེ། །གུ་རུ་དཔའ་བོ་གིང་གཙོའི་སྐུར་བཞེངས་ནས། །གདུག་པའི་སེམས་ཅན་སྐྲོད་པར་མཛད་དུ་གསོལ། །ས་གཡོས་མེ་དགྲ་གནམ་ཐོག་གྲུ་ཞིག་སོགས། །འབྱུང་བཞི་འཁྲུགས་པས་སྲོག་ལ་ཉམས་ཉེའི་ཚེ། །གུ་རུ་འབྱུང་བཞིར་དབང་སྒྱུར་སྐུར་བཞེངས་ནས། །འབྱུང་བའི་གཡོ་འཁྲུགས་ཞི་བར་མཛད་དུ་གསོལ། །དགེ་བཅུའི་ཁྲིམས་ཉམས་ངན་དགུ་མགོ་འཕང་མཐོ། །ལ་ཀླུང་མེད་པར་ཆོམ་པོས་གང་དུས་འདིར། །གུ་རུ་མ་རུངས་སྐྲོད་མཛད་སྐུར་བཞེངས་ནས། །ཙཽ་ར་མི་རྒོད་འཆིང་བར་མཛད་དུ་གསོལ། །སྙིགས་མའི་མཐར་ཐུག་མཚོན་གྱི་བསྐལ་པ་དང་། །ཆོས་བྱེད་ཕལ་ཆེར་གྲི་རུ་གུམ་དུས་འདིར། །གུ་རུ་རྡོ་རྗེ་གོ་ཆའི་སྐུར་བཞེངས་ནས། །གཤེད་མའི་འཇིགས་ལས་སྐྱོབ་པར་མཛད་དུ་གསོལ། །ནམ་ཞིག་ཚེ་ཡི་འཕེན་པ་རྫོགས་གྱུར་ནས། །གནད་གཅོད་སྡུག་བསྔལ་དྲག་པོས་ཉེན་པ་ན། །གུ་རུ་འཆི་བའི་འཇིགས་སྐྱོབ་སྐུར་བཞེངས་ནས། །དག་པའི་ཞིང་དུ་འདྲེན་པར་མཛད་དུ་གསོལ། །བག་ཆགས་དབང་གིས་སྲིད་པར་ཁ་འཁྱལ་ནས། །འཁྲུལ་སྣང་གཤིན་རྗེའི་ཕོ་ཉས་གཙེས་པའི་ཚེ། །གུ་རུ་བར་དོའི་འཁྲུལ་འཇོམསསྐུར་བཞེངས་ནས། །འཁྲུལ་སྣང་རང་སར་གྲོལ་བར་མཛད་དུ་གསོལ། །ལས་དབང་དམན་པས་མ་དག་འཁྲུལ་བའི་སྒོ། །རིགས་དྲུག་འཁོར་བའི་གཡང་སར་ལྷུང་ཉེ་ན། །གུ་རུ་སྐྱེ་བསྦྱོང་མཛད་སྐུར་བཞེངས་ནས། །མ་དག་སྐྱེ་སྒོ་ཁེགས་པར་མཛད་དུ་གསོལ། །རིགས་དྲུགསྤྱི་དང་ཁྱད་པར་གངས་ཅན་འགྲོ། །སྙིགས་མས་གཙེས་ཤིང་སྡུག་བསྔལ་ཉམ་ཐག་ཚེ། །གུརུ་འགྲོ་དྲུག་ཀུན་སྐྱོབ་སྐུར་བཞེངས་ནས། །སྡུག་བསྔལ་འཇིགས་ཚོགས་གཞོམ་པར་མཛདདུ་གསོལ། །མདོར་ན་འདི་ནས་བྱང་ཆུབ་མ་ཐོབ་བར། །སྐྱིད་སྡུག་ལེགས་ཉེས་ཤི་གསོན་ཅི་བྱུང་ཡང་། །རེ་ས་གཞན་ན་མེད་དོ་གུ་རུ་རྗེ། །འབྲལ་མེད་ཐུགས་རྗེས་ཟུངས་ཤིག་པདྨ་འབྱུང་། །རིང་འཚོའི་བཅུད་ལེན་སྲོག་གི་ཀ་བར་བྱིན། །བར་ཆད་བདུད་ཚོགས་མཐུ་སྟོབས་སེར་བས་ཆོམས། །ཆོས་མཐུན་དཔལ་ཀུན་འབད་མེད་དབང་བསྡུས་ལ། །རང་གཞན་བསྟན་འགྲོའི་དོན་ཆེན་འགྲུབ་པར་མཛོད། །ཚུལ་ཁྲིམས་རྣམ་དག་ཐོས་བསམ་སྒོམ་པས་ཕྱུག །འཆད་རྩོད་རྩོམ་པས་ཐུབ་བསྟན་རྒྱལ་མཚན་སྒྲེངས། །དཀར་ཕྱོགས་ལྷ་མིས་དུས་ཀུན་ཤིས་པ་སྒྲུབས། །ཆོས་ལྡན་བགྱི་འོས་མཐར་ཕྱིན་དོན་ཡོད་མཛད། །ཕྱོགས་འདིར་དགེ་འདུན་འདུས་ཚོགས་ཐུགས་མཐུན་ཞིང་། །བསླབ་པ་གསུམ་དང་ཆོས་སྤྱོད་བྱ་བ་འཕེལ། །འབྲེལ་ཚད་དོན་ལྡན་བསྡུ་བཞིའི་ཕྲིན་ལས་ཀྱིས། །ངེས་གསང་བསྟན་མཆོག་དར་རྒྱས་ཡུན་གནས་མཛོད། །བསྟན་འཛིན་མཆོག་རྣམས་ཞབས་བརྟན་བཞེད་དོན་འགྲུབ། །སྙིགས་ལྔའི་རྒུད་ཞི་བོད་ཁམས་བདེ་ཞིང་སྐྱིད། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་མཚན་གྱིས། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་དད་མོས་རྩེ་གཅིག་པས་བརྗོད། མཐར་དབང་བླང་བ་ནི། མདུན་བསྐྱེད་གུ་རུ་དངོས་སུ་གསལ་བ་ཡི། །དཔྲལ་བར་ཟླ་སྟེང་ༀ་ལས་འོད་དཀར་འཕྲོས། །རྒྱལ་བ་ཀུན་མཆོད་སྐུ་ཡི་བྱིན་རླབས་བསྡུས། །ལྷན་ཅིག་བདག་གི་དཔྲལ་བའི་ༀ་ལ་ཐིམ། །འོད་ཟེར་དཀར་པོས་ལུས་གང་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ་སྐུ་ཡི་བྱིན་རླབས་ཞུགས། །སྣང་སྟོང་སྒྱུ་མ་ཡེ་ཤེས་སྐུ་རུ་གྱུར། །མགྲིན་པར་པད་སྟེང་ཨཱཿལས་འོད་དམར་འཕྲོས། །རྒྱལ་བ་ཀུན་མཆོད་གསུང་གི་བྱིན་རླབས་བསྡུས། །ལྷན་ཅིག་བདག་གི་མགྲིན་པའི་ཨཱཿལ་ཐིམ། །འོད་དམར་རྩ་ཡིག་ཀུན་གང་ངག་སྒྲིབ་དག །གསང་བའི་དབང་ཐོབ་གསུང་གི་བྱིན་རླབས་ཞུགས། །གྲགས་སྟོང་གཞོམ་མེད་རྡོ་རྗེའི་སྒྲ་རུ་གྱུར། །ཐུགས་ཀར་ཉི་སྟེང་ཧཱུྃ་ལས་འོད་མཐིང་འཕྲོས། །རྒྱལ་བ་ཀུན་མཆོད་ཐུགས་ཀྱི་བྱིན་རླབས་བསྡུས། །ལྷན་ཅིག་བདག་གི་སྙིང་གའི་ཧཱུྃ་ལ་ཐིམ། །འོད་ཟེར་སྔོན་པོས་ཁམས་གང་ཡིད་སྒྲིབ་དག །ཤེར་ཡེའི་དབང་ཐོབ་ཐུགས་ཀྱི་བྱིན་རླབས་ཞུགས། །རིག་སྟོང་འགྱུར་མེད་བདེ་ཆེན་ཐུགསསུ་གྱུར། །སླར་ཡང་མདུན་གྱི་བླ་མའི་གནས་གསུམ་ལས། །རང་འདྲའི་བླ་མ་སྤྲོས་ནས་བདག་ཉིད་ཀྱི། །གནས་གསུམ་ཐིམ་པས་སྒོ་གསུམ་སྐུ་གསུང་ཐུགས། །ཡེ་ཤེས་སྙིང་པོ་མཆོག་ཏུ་མཉམ་སྦྱོར་བས། །ཤེས་བྱའི་སྒྲིབ་སྦྱངས་བཞི་པའི་དབང་ཐོབ་པས། །སྒོ་གསུམ་དྭངས་མ་ཡེ་ཤེས་དངོས་སུ་གྱུར། །རིགས་གསུམ་གསལ་བ་མངོན་སུམ་སྙིང་གར་བསྒོམ། །སྤྲོས་མེད་ཡེ་ཤེས་ཐིག་ལེ་ཉིད་ལ་བལྟ། །ཞེས་མཉམ་པར་བཞག་ཅིང་སྤྲོ་ན་བར་སྐབས་རྣམས་སུ་རླུང་འཛིན་དང་སྙིང་པོ་ཡིད་བཟླས་ཀྱང་བྱའོ། །གཏང་རག་གི་མཆོད་བསྟོད་ནི། ༀ་ཨཱཿཧཱུྃ༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ་ཚོགས་ལ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམས་སྤྲུལ་པའི༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོད༔ མ་ཧཱ་པཱུ་ཛ་ཧོཿབཟོད་གསོལ་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡིག་བརྒྱ་བརྗོད། ཚོགས་མགྲོན་རྟེན་ཡོད་ན་བརྟན་བཞུགས་སྤྱི་ལྟར་བྱ། མེད་ན། འཁོར་རྣམས་གཙོ་བོ་ཉིད་ལ་ཐིམ༔ གཙོ་བོ་ཨོ་རྒྱན་ཆེན་པོ་ཉིད༔ དགྱེས་པ་ཆེན་པོས་རང་ལ་ཐིམ༔ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཞེས་མོས་ལ་བླ་མ་དང་རང་སེམས་གཉིས་མེད་སྤྲོས་བྲལ་བདེ་བ་ཆེན་པོ¡yའི་མ་དཔེ་མི་གསལ། ¡zབློ་བྲལ་འཛིན་མེད་ཀྱི་ངང་དུ་མཉམ་པར་བཞགདེ་ལས་ལང་བ་ན་ཅིར་སྣང་བླ་མའི་རོལ་བར་བལྟས་ཏེ། བསྔོ་སྨོན་བྱ་བ་ནི། ཧོཿརིག་འཛིན་བླ་མ་མཆོད་པའི་འབྲས་བུ་ཡི༔ བསོད་ནམས་གང་མཆིས་འགྲོ་བའི་རྒྱུད་ལ་བསྔོ༔ ཀུན་ཀྱང་ས་ལམ་ཡོན་ཏན་མཐར་ཕྱིན་ནས༔ བདེ་ཆེན་རྒྱལ་པོའི་གོ་འཕང་མྱུར་འགྲུབ་ཤོག༔ ཤིས་བརྗོད་ནི། ༀ༔ བྱིན་རླབས་མཁའ་ལ་སྤྲིན་འཁྲིགས་བླ་མ་རྗེ༔ དངོས་གྲུབ་ཆར་འབེབས་ཡི་དམ་ཞི་དང་ཁྲོ༔ དགོས་འདོད་འབྲས་བུ་སྨིན་མཛད་མཁའ་འགྲོའི་ཚོགས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་པ་བརྗོད་པའི་གླུ་དབྱངས་ཇི་ལྟར་རིགས་པ་དང་མེ་ཏོག་གི་ཆར་སིལ་མས་ཕྱོགས་དུས་ཀུན་ཏུ་དགེ་ལེགས་སུ་བྱའོ། །ཡང་མཆོད་འབུལ་དང་མ་འབྲེལ་བར་བསམ་ལྷུན་འབུམ་ཐེར་སོགས་བསགས་པའམ་དུས་རྒྱུན་ལྟ་བུར། གོང་གསལ་ལྟར། སྐྱབས་སེམས་དང་། རྟེན་བསྐྱེད་མཐར། གསོལ་འདེབས་དངོས་གཞི་རྐྱང་པ་གྲངས་བསགས། མཐར་དབང་ལེན་དང་བླ་མ་རང་ལ་བསྟིམས་རྗེས་དགེ་བསྔོ་བྱ་བས་དོན་གྲུབ་པ་ཡིན་ནོ། །ཡིད་བཞིན་ནོར་བུ་ལྟ་བུའི་བླ་མ་རྗེ། །ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་ལུང་བཅུད། །ངོ་མཚར་རྨད་བྱུང་བསམ་པ་ལྷུན་གྲུབ་ཀྱི། །མཆོད་ཆོག་རྫོགས་ལྡན་སྤྲིན་གྱི་བླ་རེ་བྲེས། །ཚུལ་འདི་བདག་གི་རང་བཟོས་རྙོགས་པ་མིན། །རིག་འཛིན་ཡོངས་འདུས་ལ་སོགས་སྔ་རྗེས་ཀྱི། །ཟབ་གཏེར་གདམས་པའི་གནད་འདུས་རྗེ་བླ་མའི། །གསུང་ལ་བརྟེན་ནས་འཁྲུལ་པ་མེད་པར་བཀོད། །དགེ་བ་འདི་ཡིས་བདག་དང་མཐའ་ཡས་འགྲོ། །སྐྱེ་ཀུན་གུ་རུ་པདྨས་རྗེས་བཟུང་མཐུས། །ལམ་ལྔའི་ཡོན་ཏན་དཀའ་བ་མེད་པར་བགྲོད། །རིགས་བདག་བླ་མའི་གོ་འཕང་མངོན་བྱེད་ཤོག །ཅེས་པའང་བསླབ་པ་གསུམ་གྱིས་ཐུགས་རྒྱུད་ཡོངས་སུ་གཏམས་པའི་མཆོགསྤྲུལ་རིན་པོ་ཆེ་ཀུན་བཟང་བློ་གྲོས་གཞན་ཕན་མཐའ་ཡས་དང་། མཁན་ཀུན་བཟང་ཡེ་ཤེས་ཟུང་གི་གསུང་བསྐུལ་ངོར། རྫོགས་པའི་སངས་རྒྱས་བློ་གྲོས་མཐའ་ཡས་རིགས་བདག་ཏུ་ཐོབ་པའི་བནྡེ་འགྱུར་མེད་པདྨ་བསྟན་འཛིན་གྱིས་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་ཆུ་བྱི་གནམ་ལོ་གསར་འཆར་གྱི་བཟང་པོ་དང་པོའི་ཚེས་ལ་བྲིས་པ་དགེ། །།

བླ་མ་མཆོད་པའི་ཆོ་གའི་སྙིང་པོ་བྱིན་རླབས་སྤྲིན་ཕུང་།

༄༅། །བླ་མ་མཆོད་པའི་ཆོ་གའི་སྙིང་པོ་བྱིན་རླབས་སྤྲིནཕུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། ཡེ་ཤེས་རལ་གྲིས་སྲིད་རྩའི་འཁྲི་ཤིང་གཅོད། །བྱམས་པའི་ཆར་གྱིས་རྣམ་གྲོལ་མྱུ་གུ་བསྐྱེད། །འབྲེལ་ཚད་དོན་ལྡན་མ་ཧཱ་པཎྜི་ཏ། །འཇམ་དབྱངས་དགྱེས་པའི་རྡོ་རྗེར་ཕྱག་བགྱིའོ། །གང་ཉིད་རིགས་ཀུན་བདག་པོར་ངེས་རྙེད་ནས། །རྩེ་གཅིག་གསོལ་བ་འདེབས་པའི་སྐལ་བཟང་ལ། །གྲུབ་གཉིས་འདོད་པ་འཇོ་བ་དངོས་པོའི་གཤིས། །དེ་ཚུལ་ཉུང་ངུའི་ངག་གིས་མདོ་ཙམ་འཆད། །དེ་ཡང་བླ་མ་སངས་རྒྱས་ཆོས་ཀྱི་སྐུར་ཐག་ཆོད་པའི་སྐལ་བ་མཆོག་དང་ལྡན་པའི་གང་ཟག་རྣམས་ཀྱིས་དོན་དུ་གཉེར་བྱའི་སྙིང་པོ་ནི་ལམ་ཟབ་མོ་བླ་མ་མཆོད་པ་ཉིད་ཡིན་ལ། དེའི་ཚུལ་ཉམས་སུ་ལེན་པར་འདོད་པས་གནས་དབེན་པར་བླ་མའི་སྐུ་འབག་སོགས་རྟེན་ཁྱད་པར་ཅན་གྱི་སྤྱན་སྔར་ཅི་འབྱོར་བའི་མཆོད་པ་བཤམས་ནས། བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་ལ། ཐོག་མར་སྐྱབས་སུ་འགྲོ་བ་ནི། ཨཱཿཀ་དག་ལྷུན་གྲུབ་ཟུང་འབྲེལ་རིག་པའི་གཤིས། །ཡེ་ནས་བཅིངས་གྲོལ་མེད་པ་གཉུག་མའི་གདངས། །མ་བཅོས་བློ་འདས་གདོད་མའི་མགོན་པོ་ལ། །དོན་དམ་རང་ངོ་ཤེས་པས་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། འོད་གསལ་རང་བཞིན་བདེ་གཤེགས་སྙིང་པོའི་ཁམས། །ཡེ་ནས་གནས་པའི་ཆོས་ཉིད་བྱང་ཆུབ་སེམས། །སྐྱེ་འགག་གནས་དམིགས་འགྲོ་འོང་བྲལ་བའི་ངང་། །ཅོག་བཞག་གཅེར་མཐོང་ངང་དུ་སེམས་བསྐྱེད་དོ། །གནས་ཡོ་བྱིན་རླབས་ནི། འཁོར་འདས་ཆོས་ཀུན་རང་བཞིན་མཉམ་པ་ཉིད། །འོད་གསལ་རང་མདངས་གྲུབ་པའི་གཞལ་མེད་ཁང་། །ཅིར་སྣང་འདོད་ཡོན་འཛད་མེད་རོལ་པའི་རྒྱན། །ཀུན་བཟང་མཆོད་པའི་སྤྲིན་གྱི་བླ་རེས་མཛེས། །རྟེན་བསྐྱེད་པ་ནི། ཀ་དག་སྤྲོས་པ་བྲལ་པའི་མཁའ་དབྱིངས་སུ། །ལྷུན་གྲུབ་དྭངས་མ་ལྔ་ལྡན་འཇའ་ཟེར་སྦུབས། །རིག་རྩལ་མ་འགགས་གང་འདུལ་འཆར་བའི་སྐུ། །གདོད་མའི་མགོན་པོ་འཇམ་དཔལ་དགྱེས་པ་ནི། །དཀར་གསལ་ཁྲོ་འཛུམ་པཎྜི་ཏ་ཡི་ཆས། །ཕྱག་གཉིས་མཉམ་བཞག་ལྟ་སྟངས་མཁའ་ལ་གཟིགས། །གཡས་གཡོན་ཐབས་ཤེས་རྡོར་དྲིལ་གླེགས་རལ་མཛེས། །རྡོ་རྗེ་སྐྱིལ་ཀྲུང་པད་ཟླའི་སྟེང་ན་བཞུགས། །སྐུ་ལ་གདན་གསུམ་དཀྱིལ་འཁོར་ཡོངས་སུ་རྫོགས། །མཐའ་སྐོར་དགོངས་བརྡའ་སྙན་བརྒྱུད་བླ་མ་སོགས། །རབ་འབྱམས་རྩ་གསུམ་ཆོས་སྲུང་སྤྲིན་ལྟར་འཁྲིགས། །དྲན་པས་བདེ་སྟེར་གཟི་བྱིན་ལྷམ་མེར་གསལ། །སྤྱན་འདྲེན་པ་ནི། དོན་དམ་དབྱིངས་སུ་འཁོར་འདས་རོ་མཉམ་ཕྱིར། །གཤེགས་བཞུགས་སྤྲོས་པའི་མཚན་མ་མ་དམིགས་ཀྱང་། །ཀུན་རྫོབ་སྒྱུ་མ་མཁན་གྱིས་སྤྲུལ་བསྒྱུར་བཞིན། །དབྱིངས་ནས་འདིར་གཤེགས་རྟེན་དང་གཉིས་མེད་གྱུར། །དེ་ནས་ཡན་ལག་བདུན་པ་འབུལ་བ་ནི། གང་གི་དྲིན་གྱིས་ལྷན་སྐྱེས་བདེ་བ་ཆེའི། །ཡེ་ཤེས་ཟབ་མོ་ནམ་མཁའི་གཟུགས་ཅན་མཆོག །སྐད་ཅིག་ཉིད་ལ་འཆར་བར་མཛད་པ་ཡི། །རྡོ་རྗེ་ཅན་ཞབས་པདྨོར་ཕྱག་བགྱིའོ། །གང་མཚན་དྲན་དང་ཐོས་པ་ཙམ་གྱིས་ཀྱང་། །སྲིད་ཞིའི་རྒུད་པ་མ་ལུས་རྒྱུན་གཅོད་ཅིང་། །ཕན་བདེའི་དངོས་པོ་མཐའ་དག་སྦྱིན་མཛད་པ། །ཡིད་བཞིན་གཏེར་འཆང་ཁྱེད་ལ་ཕྱག་བགྱིའོ། །རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །ལུང་རྟོགས་ཆོས་ཕུང་རྒྱ་མཚོ་འབྱུང་བའི་དཔྱིད། །བསྟན་འཛིན་དགེ་འདུན་བྱེ་བའི་གཙུག་གི་རྒྱན། །སྐྱབས་ཀུན་འདུས་ཞལ་མཆོག་ལ་ཕྱག་བགྱིའོ། །བསོད་ནམས་བསམ་མི་ཁྱབ་པའི་སྤྲིན་ཆེན་ལས། །ལེགས་འོང་ཕུལ་བྱུང་སྲིད་ཞིའི་མཆོད་པའི་རྫས། །མ་ཚང་མེད་པར་བློ་ཡིས་ཡོངས་བླངས་ཏེ། །ཡེ་ཤེས་སྐུ་ཅན་འཁོར་ལོའི་དབང་ཕྱུག་མཆོད། །རྣམ་དག་སོ་ཐར་ཁྲིམས་ཀྱི་མཎྜ་ལར། །གཞན་ཕན་བྱང་ཆུབ་སེམས་ཀྱི་ཚོམ་བུ་བཀོད། །རིམ་གཉིས་རྣལ་འབྱོར་ཟབ་མོའི་ཏོག་འབར་བས། །ཁྱབ་བདག་དཔལ་ལྡན་བླ་མ་མཉེས་པར་བགྱི། །དྲི་མེད་ལྷག་བསམ་གསེར་གྱི་ས་གཞི་ལ། །ཐོས་བསམ་སྒོམ་པའི་རི་གླིང་བཀོད་ལེགས་ཤིང་། །འཆད་རྩོད་རྩོམ་པའི་ཉི་ཟླའི་རྣ་ཆ་ཅན། །ཕུལ་བྱུང་འབྱོར་པའི་ཁྱད་པར་བྱེ་བས་མཆོད། །དུས་འདི་ནས་བཟུང་ཇི་སྲིད་སྙིང་པོའི་བར། །བདག་གི་སྒོ་གསུམ་ལེགས་ཚོགས་ཅི་མཆིས་པ། །འཇམ་མགོན་དགྱེས་པའི་རོལ་མོར་འབུལ་ལགས་ན། །རྣམ་ཐར་ཟབ་མོ་མཉམ་པ་ཉིད་དུ་སྨོན། །བདག་གཞན་འཁོར་ཚེ་ཐོག་མ་མེད་པ་ནས། །མི་ཤེས་བག་མེད་ཉོན་མོངས་དབང་གྱུར་པས། །འོས་མིན་ལས་ལ་ཞུགས་པའི་ནོངས་པ་ཀུན། །སྙིང་ནས་བཤགས་སོ་དག་ཚངས་ཁྲུས་ཆབ་སྩོལ། །གང་དག་ཕྱོགས་བཅུའི་བདེ་བཤེགས་སྲས་བཅས་དང་། །ཉན་རང་འཕགས་པ་སློབ་དང་མི་སློབ་དང་། །མ་ལུས་འགྲོ་བའི་ལེགསསྤྱད་ཅི་མཆིས་པ། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ། །མ་ལུས་འགྲོ་ཀུན་བདེ་བཤེགས་སྙིང་པོ་ཅན། །རང་བཞིན་དག་པའི་ཆོས་ཉིད་རྟག་བཞུགས་པས། །ཀུན་ཀྱང་ཐེག་པ་ཆེན་པོའི་རིགས་ཅན་ཕྱིར། །ཟབ་རྒྱས་ཆོས་འཁོར་རྟག་པར་བསྐོར་བར་གསོལ། །དོན་དམ་སྐྱེ་འཇིག་མཚན་མ་ཀུན་བྲལ་ཡང་། །གདུལ་བྱའི་སྐལ་བར་འཚམ་པ་གཟུགས་སྐུའི་སྤྲིན། །ལོག་རྟོག་དབང་གིས་ནམ་ཡང་སྒྲིབ་མིན་པར། །སྲིད་མཐའི་བར་དུ་རྡོ་རྗེ་ལྟར་བརྟན་གསོལ། །འདིས་མཚོན་དུས་གསུམ་བྱས་བསགས་རྣམ་དཀར་རྒྱུན། །འོད་གསལ་ཆོས་དབྱིངས་ཆེན་པོར་བསྔོ་བགྱིད་ན། །སྲས་བཅས་རྒྱལ་བའི་དགོངས་མཚོར་རོ་གཅིག་འདྲེས། །ཀུན་ཀྱང་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །ཅེས་ཚོགས་བསགས། དེ་ནས་གསོལ་བ་གདབ་པ་ནི། རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་འཇམ་པའི་དབྱངས། །གང་འདུལ་འགྲོ་ངོར་དགེ་བའི་བཤེས་སྤྲུལ་ནས། །དྲི་མེད་ཐུབ་བསྟན་ནོར་བུའི་རྒྱལ་མཚན་བསྒྲེངས། །མཚུངས་མེད་དཔལ་ལྡན་བླ་མར་གསོལ་བ་འདེབས། །རྣམ་ཐར་རྒྱ་མཚོ་ཞིང་ཁམས་ཀུན་ཏུ་བྲེས། །མཛད་པ་རྒྱ་མཚོ་བསྟན་འགྲོའི་བླ་ན་འཕགས། །ཡོན་ཏན་རྒྱ་མཚོ་བསམ་མི་ཁྱབ་པའི་གཏེར། །མི་ཕམ་རྒྱ་མཚོའི་ཞབས་ལ༴བྱམས་འཇམ་བརྒྱུད་པའི་བཀའ་སྲོལ་གཅིག་ཏུ་དྲིལ། །རྟོན་པ་བཞི་ལྡན་ངེས་དོན་རྒྱལ་སྲིད་སྐྱོང་། །ལུང་རིགས་གད་རྒྱངས་སྲིད་ཞིའི་བླ་ན་མཐོ། །སྨྲ་བའི་སེང་ཆེན་མཆོག་ལ༴བཅུ་ཕྲག་རིགས་ལམ་རིན་ཆེན་རྒྱན་གྱིས་སྒེག །ནང་རྒྱུད་སྡེ་གསུམ་ནོར་བུའི་ཏོག་གིས་བརླིང་། །དོན་བརྒྱུད་དགོངས་པའི་རྒྱལ་སར་དབང་འབྱོར་པའི། །ཆོས་ཀྱི་རྒྱལ་པོ་མཆོག་ལ༴མདོར་ན་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཆེ། །རིགས་གསུམ་སེམས་དཔའི་སྐུ་གསུངཐུགས་རྡོ་རྗེར། །མི་ཕྱེད་རོ་མཉམ་རྣམ་ཐར་བསམ་མི་ཁྱབ། །ཟླ་བྲལ་དཔལ་ལྡན་བླ་མར་གསོལ་བ་འདེབས། །དེ་ལྟར་རྩེ་གཅིག་གུས་པས་གསོལ་འདེབས་ན། །ཡེ་ཤེས་གཟིགས་པས་མྱུར་བར་དགོངས་མཛོད་ལ། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །འབྲལ་མེད་རྗེས་སུ་ཟུངས་ཤིག་དྲིན་ཆེན་རྗེ། །རྙེད་དཀའི་དལ་འབྱོར་ལན་གཅིག་ཐོབ་ཟིན་ཀྱང་། །མི་རྟག་འཆི་བདག་ཕོ་ཉའི་མཆེ་བར་གནས། །རྟག་འཛིན་གདོན་གྱི་ཞགས་པས་ཉམས་ཉེས་པས། །ངེས་འབྱུང་རྒྱུད་ལ་སྐྱེད་ཅིག༴སྐབས་རེར་སྐྱེས་པའི་དགེ་བློ་ཉམ་ཆུང་ཞིང་། །གཞན་དབང་སྡིག་གྲོགས་ངན་པའི་འཆིང་བས་ཟིན། །ཅི་བྱེད་ཐམས་ཅད་ཚེ་འདིའི་ལག་ཆར་སོང་། །བདག་བློ་ཆོས་ལ་དྲོངས་ཤིག༴འདུལ་ཁྲིམས་ནོས་ཀྱང་ངེས་འབྱུང་རྩ་བ་བྲལ། །སེམས་སྡོམ་ཞུས་ཀྱང་གཞན་ཕན་ལྷག་བསམ་དབེན། །དབང་བཞི་ནོས་ཀྱང་རིམ་གཉིས་སྒོམ་མ་ནུས། །ཆོས་དྲེད་འདི་ལས་སྐྱོབས་ཤིག༴ཐོས་བསམ་བྱས་ཀྱང་དཀའ་བའི་གནད་མ་ཁྲོལ། །སྒོམ་པར་རློམ་ཡང་གནས་ལུགས་དོན་མ་མཇལ། །བྱ་བྱེད་མང་ལ་གྲུབ་འབྲས་གཅིག་ཀྱང་མེད། །ཀྱེ་མ་ཐུགས་རྗེས་གཟིགས་ཤིག་དྲིན་ཆེན་རྗེ། །བདག་ནི་འདི་ནས་བྱངཆུབ་མ་ཐོབ་བར། །མགོན་པོ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །ཡེ་ཤེས་ཆེན་པོས་ཉེ་བར་དགོངས་མཛོད་ལ། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ངེས་འབྱུང་འཛིན་མའི་གཞི་ལས་ཉེར་འཁྲུངས་པའི། །ཚུལ་ཁྲིམས་རྣམ་པར་དག་པའི་པདྨ་དཀར། །གཞན་ཕན་བྱང་སེམས་བསྡུ་བཞིའི་ཀེ་སར་མཛེས། །རིམ་གཉིས་སྦྲང་རྩིས་གཏམ་པར་བྱིན་གྱིས་རློབས། །མང་དུ་ཐོས་པའི་ལུང་རིགས་རྒྱ་ཆེ་ཞིང་། །བསམ་པའི་ཤེས་རབ་ཡིད་ཆེས་གཏིང་ནས་རྙེད། །སྒོམ་བྱུང་ཉམས་མྱོང་རྟོགས་པ་ཀློང་ནས་རྡོལ། །བསྟན་ལ་བྱ་བ་ནུས་པར་བྱིན་གྱིས་རློབས། །ཕྱོགས་རིས་མེད་པའི་དག་པའི་བློ་མིག་ཐོབ། །ངོས་ལྐོག་མེད་པའི་སྲུང་སྡོམ་རྣམ་པར་དག །ཁ་ཞེ་མེད་པའི་མོས་གུས་གཏིང་ནས་འབྱོངས། །ཆོས་དང་སེམས་རྒྱུད་འདྲེས་པར་བྱིན་གྱིས་རློབས། །རྣམ་གཡེང་མེད་པའི་སྒྲུབ་པའི་རྒྱལ་མཚན་ཚུགས། །རེ་དོགས་མེད་པའི་དགོངས་པའི་རྩལ་ཆེན་རྫོགས། །ཆོས་བརྒྱད་མེད་པའི་དོན་གཉིས་གཏེར་ཁ་འབྱེད། །འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས། །དོན་བརྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་འཕོས། །སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་སྐུར་ཤར། །དག་མཉམ་ཆེན་པོའི་དགོངས་པའི་གདེང་ཚད་རྙེད། །གདོད་མའི་བཙན་ས་ཟིན་པར་བྱིན་གྱིས་རློབས། །ཀ་དག་ལྟ་བ་ཡིད་དཔྱོད་ཤུབ་ནས་དོན། །ལྷུན་གྲུབ་སྒོམ་པ་དབྱིངས་རིག་ཚད་ལ་ཕེབས། །རང་གྲོལསྤྱོད་པ་སྤང་བླང་མཚན་མ་ཞིག །གསང་མཆོག་འབྲས་བུ་ཚེ་འདིར་མངོན་བྱེད་ཤོག །ཅེས་རྩེ་གཅིག་ཏུ་གསོལ་བ་གདབ། སྐབས་འདིར་ཚོགས་མཆོད་བྱ་བར་སྤྲོ་ན། དམ་ཚིག་ཏུ་འོས་པའི་རྫས་རྣམས་འདུ་བྱས་ལ། ཀ་པཱ་ལ་རུ་འདོད་ཡོན་དམ་ཚིག་རྫས། །ཁ་དོག་དྲི་རོ་ཕུན་སུམ་ཚོགས་པའི་བཅུད། །ག་ཎ་ཙ་ཀྲའི་ལོངས་སྤྱོད་རྒྱ་ཆེན་པོས། །ང་ཡི་སྐྱབས་གཅིག་འཁོར་ལོའི་དབང་ཕྱུག་མཆོད། །ཅ་ག་ལྷ་རྫས་མཛེས་པའི་མེ་ཏོག་སོགས། །ཆ་ཤས་ཡོན་ཏན་ཀུན་རྫོགས་འདོད་ཡོན་ལྔ། །ཇ་ཆང་ཤ་སོགས་བཟའ་བཏུང་འབྱོར་པའི་རིགས། །ཉ་རྒྱས་ཟླ་ལྟར་ལྷག་བསམ་དག་པས་འབུལ། །ཏ་ཐཱ་ག་ཏའི་བསྟན་སྒོར་ཞུགས་གྱུར་ཀྱང་། །ཐ་མལ་སྐྱེ་བོའི་བསམ་སྤྱོད་དབང་གྱུར་པས། །ད་ལྟའི་དུས་སུ་ཉམས་ཆག་ཉེས་ལྟུང་དྲི། །ན་མར་སྙིང་ནས་བཤགས་སོ་བྱང་གྱུར་ཅིག །པ་སངས་ལྟ་བུར་དཀར་བའི་ཞལ་སྟོན་ལ། །ཕ་རོལ་ཕྱིན་ལམ་གསང་སྔགས་འབྲས་བུའི་ཚུལ། །བ་མཆོག་འཇོ་ལྟར་བདག་བློའི་གདུང་སེལསྩོལ། །མ་དག་འཁྲུལ་རྟོག་མཚན་མ་དབྱིངས་སུ་སྒྲོལ། །ཙཱ་རི་ཏྲ་སོགས་གནས་ཡུལ་རྟག་རྒྱུ་བའི། །ཚ་ངར་མཐུ་ལྡན་ཌཱ་ཀི་བསྟན་སྐྱོང་ཚོགས། །ཛ་གད་ཕུད་ལྷག་གཙང་མ་འདི་བཞེས་ལ། །ཝ་ལེར་དགྱེས་པའི་ཞལ་བཟང་མྱུར་བར་སྟོན། །ཞྭ་མོའི་ཏོག་ལྟར་མཆོག་གསུམ་ལེགས་ཁུར་ཞིང་། །ཟ་མའི་ཡུན་ཙམ་བསྙེལ་སྤངས་གསོལ་འདེབས་ལ། །འ་འུར་གློ་བུར་འབྱུང་པོའི་འཚེ་བ་དང་། །ཡ་མ་ར་ཛའི་ཕོ་ཉའི་འཇུག་པ་ཟློག །ར་བ་བརྒལ་དཀའ་སྲིད་པའི་འགྲོ་བ་རྣམས། །ལ་བུར་སྒྲོལ་བའི་དམ་བཅའི་ཁུར་ཁྱེར་ན། །ཤ་ཤ་རྷ་རའི་དཀྱིལ་འཁོར་གང་བ་བཞིན། །ས་ལམ་ཡོན་ཏན་བླ་ནས་བླར་འཕེལ་མཛོད། །ཧ་སྱ་དགྱེས་པའི་ཉམས་ཀྱིས་སྒེག་བཞིན་དུ། །ཨ་ཧོ་ཚོགས་ཀྱི་འདུ་བར་ལོངས་སྤྱོད་ན། །ཧ་ལ་ལྟ་བུའི་ལོག་འཚོའི་སྒྲིབ་བྱང་ནས། །ཨ་ཏི་དགོངས་པའི་རྩལ་ཆེན་རྫོགས་པར་ཤོག །ཅེས་བརྗོད་ཅིང་ཚིམ་པ་དྲུག་ལྡན་གྱིས་ལོངས་སྤྱོད། སྤྲོ་ན། རྡོ་རྗེའི་གླུ་དང་སྨོན་ལམ་ཀྱང་བྱའོ། །རྗེས་ཡན་ལག་བདུན་པ་འབུལ་བ་ནི། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག །ཡེ་ཤེས་སྐུ་ཅན་དཔལ་ལྡན་བླ་མ་ལ། །མི་ཕྱེད་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་། །ལུས་དང་ལོངས་སྤྱོད་ཀུན་བཟང་མཆོདསྤྲིན་འབུལ། །ཚེ་རབས་ནས་བསགས་སྡིག་ལྟུང་འགྱོད་པས་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བཞིན་དུ། །བསྐལ་བརྒྱར་བཞུགས་གསོལ་འདིས་མཚོན་དགེ་ཚོགས་རྣམས། །འགྲོ་ཀུན་བླ་མེད་སངས་རྒྱས་ཐོབ་ཕྱིར་བསྔོ། །དབང་ལེན་པ་ནི། སྐྱབས་ཀུན་འདུས་ཞལ་དྲིན་ཆེན་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་འདེབས་ན། །ཡེ་ཤེས་ཆེན་པོའི་བྱིན་རླབས་སྙིང་ལ་ཞུགས། །དབང་བསྐུར་སྒྲིབ་སྦྱང་སྨིན་གྲོལ་དངོས་གྲུབ་སྩོལ། །ཞེས་པས་གསོལ་བཏབ་འཁོར་རྣམས་གཙོ་བོར་ཐིམ། །བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པ། །སྤྱི་བོ་ནས་ཞུགས་ལུས་ཀུན་ལྟེམ་གྱིས་གང་། །དབང་བཞིས་རྒྱུད་སྨིན་སྒྲིབ་བཞིའི་དྲི་མ་བཀྲུས། །ལམ་བཞིའི་སྣོད་རུང་སྐུ་བཞིའི་རྟེན་འབྲེལ་སྒྲིག །མཐར་ནི་དགྱེས་པས་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །བློ་བྲལ་རྫོགས་པ་ཆེན་པོའི་ཀློངདུ་ཨཱཿ། །ཞེས་བརྗོད་ལ་མཉམ་པར་བཞགཐུན་ལས་ལྡང་བ་ན། སྣང་སྟོང་ཟུང་འཇུག་ལྷ་སྐུ་ཕྱག་རྒྱ་ཆེ། །གྲགས་སྟོང་རྗེས་མེད་བརྗོད་བྲལ་སྔགས་ཀྱི་གདངས། །རིག་སྟོང་དབྱེར་མེད་རང་གྲོལ་རྒྱལ་བའི་ཐུགས། །རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཨེ་མ་ཧོ། །ཞེས་མོས་ལ་བསྔོ་སྨོན་དང་ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་རང་ཉིད་ནས་བྲི་འདུན་ཡོད་པའི་ཐོག་ཉེ་ཆར་ནག་ཀྲན་སྨྱུ་གུ་སྤྲུལ་སྐུ་ཆོས་དཔལ་རྒྱ་མཚོའི་གསུང་གིས་བསྐུལ་བའི་ངོར། མགོན་པོ་གང་གི་ཞབས་པད་ལ་སྤྱི་བོས་རེག་པའི་བཙུན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་གང་ཤར་ཡུད་ཙམ་ལ་བྲིས་པའི་ཡེ་གེ་པ་ནི། རྣམ་དཔྱོད་དང་ལྡན་པ་འཇམ་དབྱངས་དགེ་ལེགས་ཆོས་འཕེལ་གྱིས་བགྱིས་པ་སྟེ། འདིས་ཀྱང་སྐྱེ་ཀུན་བླ་མ་མཆོག་གིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།

སྔ་འགྱུར་རིག་འཛིན་བརྒྱུད་པ་གཙོ་བོར་གྱུར་པའི་བླ་མ་མཆོད་པ་ལམ་ཟབ་བདུད་རྩིའི་ཉིང་ཁུ།

༄༅། །སྔ་འགྱུར་རིག་འཛིན་བརྒྱུད་པ་གཙོ་བོར་གྱུར་པའི་བླ་མ་མཆོད་པ་ལམ་ཟབ་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ངྷེ་བ་དྷཱ་ཀི་ནི་ཡེ། རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །བགྲང་ཡས་ཐེག་པའི་སྒོ་འབྱེད་རྡོ་རྗེའི་གསུང་། །གྲུབ་མཆོག་རིག་འཛིན་བྱེ་བའི་གཙུག་གི་རྒྱན། །རྩ་གསུམ་འདུས་ཞལ་དྲིན་ཆེན་བླ་མས་སྐྱོངས། །གང་འདུལ་གདུལ་བྱའི་བློ་དང་འཚམ་པ་ཡི། །ཟབ་རྒྱས་ཆོས་ཀྱི་སྒོ་འཕར་བགྲང་ཡས་ཀྱང་། །ཀུན་དང་འཚམས་ཤིང་ཀུན་ལས་དོན་ཆེ་བ། །ལམ་ཟབ་བླ་མ་སྒྲུབ་ལས་གཞན་ཡོད་མིན། །དེ་སླད་མ་ཧཱ་གུ་རུའི་རྡོ་རྗེའི་གསུང་། །བྱིིན་རླབས་དངོས་གྲུབ་ཀུན་གྱི་གཏེར་མཛོད་ཆེ། །སྔ་འགྱུར་བརྒྱུད་པའི་མན་ངག་ཇི་ལྟ་བར། །འཇུག་བདེའི་ཁྲིགས་སུ་སྡེབ་ལ་གནང་བ་སྩོལ། །དེ་ཡང་རྩ་བ་ལམ་ཟབ་ལེ་བདུན་མའི་གཞུང་ལས། མ་འོངས་པདྨ་བདག་ཉིད་ལ༔ དད་ཅིང་མོས་པའི་གང་ཟག་རྣམས༔ སྐྱབས་གནས་གཞན་ཏུ་ཚོལ་མི་དགོས༔ ང་ནི་དཀོན་མཆོག་ཀུན་འདུས་ཡིན༔ སྒྲུབ་ཐབས་མང་པོར་འཇུག་མི་དགོས༔ ང་ཉིད་རྩ་གསུམ་ཀུན་འདུས་ཡིན༔ བོད་འབངས་ཡོངས་ལ་བུ་བཞིན་དགོངས༔ ལྷག་པར་སྙིགས་དུས་ཐུགས་རྗེའི་མྱུར༔ མོས་ཤིང་གུས་པའི་བློ་ཡོད་ན༔ ཉེ་རིང་མེད་པར་སྤྱན་གྱིས་གཟིགས༔ རྒྱུན་ཆད་མེད་པར་བྱིན་རླབས་འབྱུང༔ དེ་བས་དབང་པོ་མཆོག་དམན་ཀུན༔ ལམ་ཟབ་འདི་ཉིད་ཉམས་སུ་ལོངས༔ འགལ་རྐྱེན་ཞི་ཞིང་ལེགས་ཚོགས་འགྲུབ༔ ཚེ་གཅིག་རིག་འཛིན་ས་ཐོབ་འགྱུར༔ ཞེས་དང་། གཞན་ཡང་། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་ལ་བརྩོན་པར་བྱ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །གོ་འཕང་ཚེ་འདིར་འཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་ཕན་ཡོན་དང་དགོས་ཆེད་ཚད་མེད་པ་དང་ལྡན་པའི་ལམ་ཟབ་མོ་བླ་མ་མཆོད་པའི་ཚུལ་ཇི་ལྟར་ཉམས་སུ་ལེན་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་སྦྱོར་བ་ནི། གཙང་ཞིང་ཡིད་དུ་འོང་བའི་གནས་ཁང་རྒྱན་གྱིས་བརྒྱན་པར། བླ་མ་དང་དཀོན་མཆོག་གི་རྟེན་བཀྲམ་པའི་མདུན་དུ་སྟེགས་གཙང་མར་སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་བཀོད་པ་མཉྫུའིསྟེང་དུ་འགོད། མདུན་དུ་གཏོར་མ་དང་ཕྱི་ནང་གི་མཆོད་པ་ཉེར་སྤྱོད་ཚོགས་ཀྱི་ཡོ་བྱད་སོགས་ཇི་ལྟར་འཛོམས་པ་བཀོད་མཛེས་སུ་བཤམས། རང་ཉིད་སྟན་བདེ་བ་ལ་འདུག་ནས། བདག་ཉིད་སྐད་ཅིག་གིས་གཉུག་མའི་ཧེ་རུ་ཀའི་སྐུར་གྱུར་བར་བསམ་མོ། །སྔོན་གཏོར་རཾ་ཡཾ་ཁཾ་གིས་བསངས་སྦྱངས། ༀ་ཨཱ་ཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ནས། གཏོར་མགྲོན་འབར་རྒྱ་དང་བཅས་པས་ཕེཾ་ཞེས་བཀུགཨ་ཀཱ་རོའི་སྔགས་ཀྱིས་བསྔོས་ཏེ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །གསང་སྤྱོད་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་དང་། སུམ་བྷའི་དྲག་སྔགས་སྤོས་རོལ་ཐུན་བྲབ་བྱ་ཞིང་། ཁྲོ་སྤྲིན་མེ་མཚོན་དང་བཅས་པས་བགེགས་ཐམས་ཅད་བསྡིགས་བསྐྲད་བརླག་པར་བྱས། ཚུར་འདུས་པ་ལས་རྡོ་རྗེ་ཁྲོ་བོ་རོལ་པའི་གུར་ཁང་ཡེ་ཤེས་ཀྱི་མེ་འབར་བས་ཕྱོགས་ཐམས་ཅད་ཁྱབ་ཅིང་གཏམས་ཏེ་ཅིས་ཀྱང་མི་ཤིགས་པའིསྲུང་བའི་འཁོར་ལོས་ཁྱབ་པར་གྱུར་པར་བསམ་མོ། །དེ་ནས་མ་གྱུར་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཆེད་དུ་ཟབ་མོའི་རྣལ་འབྱོར་ལ་འཇུག་འདོད་ཀྱི་ལྷག་བསམ་བཟང་པོས། རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱིས་འཇིགས་ཏེ་སྐྱབས་ཞུ་ན་ཅི་མཛད་བླ་མ་དཀོན་མཆོག་མཁྱེན་སྙམ་པས། ༀ་ཨཱཿཧཱུྃ། ངན་འགྲོའི་འཇིགས་པ་སྐྱོབ་མཛད་པ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ངེས་པའི་དོན་དུ་སེམས་བསྐྱེད་ནས། །འགྲོ་ལ་ཕན་ཕྱིར་བླ་མ་བསྒོམ། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནས་མཆོད་རྫས་བརླབ་པ་ནི། བདག་གི་ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་པས། །མཆོད་རྫས་དངོས་འཛིན་ཉེས་སྐྱོན་བསྲེགས་གཏོརསྦྱངས། །རྣམ་ཀུན་མཆོག་ལྡན་སྟོང་པའི་སྒྱུ་འཕྲུལ་ལས། །རང་བྱུང་ཕྱི་ནང་མཆོད་པའི་ཕུང་པོོ་ནི། །ཟག་མེད་འདོད་ཡོན་ཅིར་ཡང་འཆར་བ་ཡི། །ཀུན་བཟང་མཆོད་སྤྲིན་ནམ་མཁའི་ཁམས་གང་གྱུར། ༀ་མ་ཧཱ་པཱུ་ཛ་སརྦ་ས་མ་ཡེ་ཨཱཿཧཱུྃ། ཞེས་དང་། ནམ་མཁའི་མཛོད་ཀྱི་སྔགས་རྒྱས་ཀྱང་སྤེལ་ལོ། གཉིས་པ་དངོས་གཞི་ནི། རྟེན་བསྐྱེད་པ་ནི། ཨཱཿགཟུང་བའི་ཡུལ་སྣང་རྣམ་དག་བདེ་ཆེན་ཞིང༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་གང་བའི་དབུས༔ འཛིན་པ་རྣམ་དག་རང་སེམས་ཡི་དམ་ལྷ༔ རྡོ་རྗེ་སེམས་དཔའ་དཀར་གསལ་ཟླ་བའི་མདོག །ཞི་འཛུམ་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །ཕྱག་གཡས་རྡོ་རྗེ་གཡོན་པས་དྲིལ་བུ་བསྣམས། །ཞབས་གཉིས་པད་ཟླར་རྡོར་དཀྱིལ་འཇའ་འོད་ཀློང་། །སྣང་སྟོང་སྒྱུ་མའི་སྐུར་གསལ་མདུན་གྱི་མཁར༔ ངོ་མཚར་པད་སྡོང་གསེར་གྱི་པ་ཏྲ་འཁྱིལ༔ ཡལ་ག་རབ་རྒྱས་ཟེའུ་འབྲུར་ཟླ་གདན་ལ༔ སངས་རྒྱསཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང༔ དཀར་དམར་མདངས་ལྡན་ཡེ་ཤེས་འོད་ཟེར་འཕྲོཿཔད་ཞྭ་གསང་ཕོད་ཆོས་གོས་བེར་ཕྱམ་གསོལ༔ རྡོ་རྗེ་ཐོད་བསྣམས་ཁ་ཊཱ་ྃམཆན་གཡོན་བརྟེན༔ འཇའ་ཟེར་ཀློང་དུ་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ སྐུ་ཡི་རང་བཞིན་སངས་རྒྱས་ཞིང་ཀུན་ཁྱབ༔ ཞིང་ཁམས་རབ་འབྱམས་སྐུ་ཡི་དབྱིངས་སུ་རྫོགས༔ རེ་ལྟོས་སྐྱབས་ཀུན་འདུས་པའི་བདག་ཉིད་གྱུར༔ དེ་ཡི་སྤྱི་བོར་པད་སྡོང་ཉི་ཟླའི་སྟེང༔ དབུས་སུ་གསང་བདག་མཐིང་གསལ་རྡོར་དྲིལ་འཆང༔ གཡས་སུ་འཇམ་དཔལ་རལ་གྲི་གླེགས་བམ་སེརཿགཡོན་དུ་སྤྱན་གཟིགས་མཆོག་སྦྱིན་པདྨ་དཀར༔ དར་དང་རིན་ཆེན་རྒྱན་མཛེས་ཕྱེད་སྐྱིལ་རོལཿཤར་དུ་ཡི་དམ་དབང་ཐོབ་དགའ་རབ་རྗེ༔ དཀར་གསལ་ས་གནོན་མཉམ་བཞག་སྤྲུལ་སྐུའི་ཚུལ༔ ལྷོ་རུ་རྒྱུད་ལུང་དབང་ཐོབ་རྒྱལ་པོ་ཛ༔ མཉམ་བཞག་གླེགས་བམ་འཁོར་ལོས་སྒྱུར་བའི་ཆོས༔ ནུབ་ཏུ་རིག་རྩལ་དབང་ཐོབ་ཤྲཱི་སེང་ཧ༔ དམར་སྨུག་སྡིགས་མཛུབ་ཐོད་པ་བཅུད་བཀང་བསྣམས༔ བྱང་དུ་བཤེས་གཉེན་དབང་ཐོབ་སངས་རྒྱས་གསང༔ ཆོས་གོས་གསུམ་གསོལ་ཆོས་འཆད་ཕྱག་རྒྱ་འཆིང༔ ཀུན་ཀྱང་དགྱེས་འཛུམ་ཡེ་ཤེས་གཟི་བྱིན་འབར༔ བརྡ་བརྒྱུད་རིག་འཛིན་ཚོམ་བུ་འབུམ་གྱིས་བསྐོར༔ དེ་ཡི་སྤྱི་བོར་པདྨ་ཉི་ཟླའི་སྟེང༔ ཀུན་བཟང་མཐིང་གསལ་མཉམ་བཞག་ཡུམ་དང་འཁྲིལ༔ རིགས་ལྔ་རིགས་བརྒྱ་ཞི་ཁྲོ་རབ་འབྱམས་ལྷཿདགོངས་བརྒྱུད་རྒྱལ་བ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ ཡེ་ཤེས་སྒྱུ་མ་འོད་སྐུར་ལམ་མེར་བཞུགས༔ གཙོ་བོའི་མདུན་གཡས་མཁན་ཆེན་བྱང་ཆུབ་སེམས། །མདུན་གཡོན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཆེ། །མཐའ་བསྐོར་རྒྱ་བོད་རིག་འཛིན་རྣམ་པ་བརྒྱད། །བཀའ་བབས་ལས་ཅན་ཆོས་བདགསྐྱེས་བུ་བཅས། །སྙན་བརྒྱུད་བླ་མ་བྱེ་བ་འབུམ་སྡེས་བསྐོར། །དེ་མདུན་སེང་ཁྲི་པདྨ་ཉི་ཟླའིསྟེང་། །བཀའ་གཏེར་ཆོས་ཚུལ་རྒྱ་མཚོའི་ཤིང་རྟ་ཆེ། །ཁྱབ་བདག་བླ་མ་འགྲོ་འདུལ་གཏེར་བདག་གླིང་། །འཕོ་མེད་ཡེ་ཤེས་སྐུ་ལས་གང་འདུལ་ངོར། །གོས་དཀར་ལྕང་ལོའི་ཆ་བྱད་གཟི་མདངས་ཅན། །གང་ཞུ་རྩེ་ཟླུམ་གསོལ་ཞིང་ཕྱག་གཉིས་ཀྱིས། །ཐབས་ཤེས་ཟུང་འཇུག་རྡོར་དྲིལ་ཐུགས་ཀར་བསྣོལ། །ཞལ་རྒྱན་དཀར་པོ་ཐུགས་ཀའི་རྒྱ་མདོར་སླེབ། །ཞབས་གཉིས་གཡོ་མེད་རྡོ་རྗེའི་སྐྱིལ་ཀྲུང་ཅན། །མདུན་དུ་གངས་ཅན་མིག་གཅིག་ངྷརྨ་ཤྲཱི། །མཐའ་བསྐོར་རྨ་གཉགས་གནུབས་ཟུར་མེས་དབོན་གསུམ། །རོང་ཀློང་རོག་བན་དམ་གཙང་བྱམས་གསུམ་སོགས། །མདོ་སྒྱུ་སེམས་ཀློང་བརྒྱུད་པའི་བླ་མས་བསྐོར། །གཙོ་བོའི་གཡས་སུ་སེང་ཁྲི་པད་ཟླའི་སྟེང་། །བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་། །དཀར་སྨུག་ཁྲོ་འཛུམ་ལྷུན་ཆགས་བརྗིད་པའི་ཚུལ། །མཆོག་སྦྱིན་མཉམ་བཞག་རྡོ་རྗེ་དྲིལ་བུ་དང་། །ཨུཏྤལ་རལ་པོད་སྤྲས་པའི་སྡོང་བུ་བསྣམས། །པཎ་ཞུ་རྣ་རིང་ཆོས་གོས་རྣམ་གསུམ་གསོལ། །ཞབས་ཟུང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །མདུན་དུ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་། །མཐའ་བསྐོར་མཆོག་གཉིས་གླིང་པ་བརྒྱད་ལ་སོགས། །རིག་འཛིན་རྩལ་འཆང་གཏེར་སྟོན་རྒྱ་མཚོས་བསྐོར། །གཙོ་བོའི་གཡོན་ཕྱོགས་སེང་ཁྲི་པད་ཟླའི་སྟེང་། །བཀའ་གཏེར་མཛོད་ལྔའི་ཤིང་རྟ་འཇམ་པའི་དབྱངས། །ངག་གི་དབང་ཕྱུག་ཡོན་ཏན་རྒྱ་མཚོའི་སྡེ། །དཀར་གསལ་བགྲེས་ཉམས་དྲང་པོའི་བཞུགས་སྟངས་ཅན། །ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་ཐབས་འཛིན། །པཎ་ཞུ་ཆོས་གོས་སྐུ་ལ་མཛེས་པར་བཀླུབས། །ཞབས་ཟུང་གཡོ་མེད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །མདུན་དུ་རྒྱལ་བའི་སྲས་པོ་མངྒལ། །མཐའ་བསྐོར་སྒྲུབ་བརྒྱུད་ཤིང་རྟ་རྣམ་བརྒྱད་སོགས། །རྒྱ་བོད་པཎ་གྲུབ་རིག་འཛིན་བྱེ་བས་བསྐོར། །གཙོ་བོའི་རྒྱབ་ཏུ་སེང་ཁྲི་པད་ཟླའི་སྟེང་། །གངས་ལྗོངས་སྨྲ་བའི་སེང་གེ་གཅིགཔུ་པ། །ཁྱབ་བདག་བླ་མ་འཇམ་དཔལ་དགྱེས་པའི་ཞབས། །དཀར་གསལ་ཁྲོ་འཛུམ་པཎྜི་ཏ་ཡི་ཆས། །ཆོས་འཆད་མཉམ་བཞག་རལ་གྲི་གླེགས་བམ་འཛིན། །རྡོ་རྗེའི་སྐྱིལ་ཀྲུང་གཟི་བྱིན་དཔལ་དུ་འབར། །མདུན་གཡས་འཇིགས་མེད་ཆོས་ཀྱི་དབང་བོ་དང་། །མདུན་གཡོན་མཁན་ཆེན་པདྨ་བཛྲ་རྩལ། །མཐའ་བསྐོར་འཛམ་གླིང་རྒྱན་མཆོག་རྨད་བྱུང་སོགས། །རྒྱ་བོད་སྤྲུལ་པའི་ལོ་པཎ་ཡོངས་ཀྱིས་བསྐོར། །ཀུན་མཐར་ཡི་དམ་སངས་རྒྱས་ཆོས་དགེ་འདུན། །མཁའ་འགྲོའི་ཆོས་སྲུང་དཀར་ཕྱོགས་སྐྱོང་བའི་ཚོགས། །དངོས་གཅིག་དུ་མར་འཕྲུལ་བའི་ཡེ་ཤེས་གར། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་བཀོད་པས་མཛེས། །དེ་ལྟར་གསལ་བའི་སྤྱི་བོར་ༀ་དཀར་པོ། །མགྲིན་པར་ཨཱཿདམར་ཐུགས་ཀར་ཧཱུྃ་སྔོན་པོ། །རྒྱལ་ཀུན་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར། །ཐུགས་ཀའི་ཧཱུྃ་ལས་འཕྲོས་པའི་འོད་ཟེར་གྱིས། །ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཀུན། །ཆོས་སྐུ་འགྱུར་མེད་ངང་ལས་གཟུགས་སྐུའི་སྤྲིན། །རྩ་གསུམ་ལྷ་ཚོགས་རྣམ་པར་སྤྱན་དྲངས་གྱུར། །སྤོས་བཏུལ་ཞིང་རོལ་མོའི་སྒྲ་དང་བཅས་ཏེ་སྤྱན་དྲངས་པ་ནི། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧྲཱི༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ མོས་གུས་གདུང་ཤུགས་དྲག་པོ་ཡིས༔ གསོལ་བ་སྙིང་གི་དཀྱིལ་ནས་འདེབས༔ བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ༔ རྫུ་འཕྲུལ་སྤྲུལ་པའི་སྐུ་བསྐྱོད་ལ༔ རིག་འཛིན་ཚོགས་དང་བཅས་ཏེ་བྱོན༔ མཁའ་འགྲོའི་འཁོར་དང་བཅས་ཏེ་བྱོན༔ བགེགས་དང་ལོག་འདྲེན་འདུལ་ཞིང་བྱོན༔ བདུད་དང་བར་ཆད་སེལ་ཅིང་བྱོན༔ མཆོག་ཐུན་དངོས་གྲུབ་འབེབས་ཤིང་བྱོན༔ ལེགས་ཉེས་སྐྱིད་སྡུག་མཐོ་དམན་དང༔ ཤི་གསོན་ཚེ་འདི་ཕྱི་མ་སོགས༔ གནས་སྐབས་མཐར་ཐུག་ཐམས་ཅད་དུ༔ བདག་ལ་རེ་ལྟོས་གཞན་མེད་པས༔ ཨོ་རྒྱན་མ་ཧཱ་གུ་རུ་མཁྱེན༔ སྐུ་ཡི་བྱིན་རླབས་ལུས་ལ་ཕོབ༔ འབྱུང་བཞིའི་ནད་གདོན་བསལ་དུ་གསོལ༔ ལུས་ལ་བདེ་ཆེན་སྤར་དུ་གསོལ༔ སྐུ་ཡི་དམ་ཚིག་བསྐང་དུ་གསོལ༔ མི་འགྱུར་ཚེ་ཡི་དངོས་གྲུབསྩོལ༔ གསུང་གི་བྱིན་རླབས་ངག་ལ་ཕོབ༔ ངག་སྒྲིབ་ངག་སྐྱོན་སྦྱང་དུ་གསོལ༔ ངག་ལ་ནུས་པ་བསྐྱེད་དུ་གསོལ༔ གསུང་གི་དམ་ཚིག་བསྐང་དུ་གསོལ༔ སྙིང་པོ་ལུང་གི་དངོས་གྲུབ་སྩོལ༔ ཐུགས་ཀྱི་བྱིན་རླབས་ཡིད་པ་ཕོབ༔ ཡིད་ཀྱི་རྟོག་སྒྲིབ་སྦྱང་དུ་གསོལ༔ སེམས་ལ་རྟོགས་པ་བསྐྱེད་དུ་གསོལ༔ ཐུགས་ཀྱི་དམ་ཚིག་བསྐང་དུ་གསོལ༔ སྐྱེ་མེད་དོན་གྱི་དངོསགྲུབ་སྩོལ༔ མོས་པའི་སློབ་མ་ཐུགས་རྗེས་ཟུངས༔ འགྲོ་དོན་རྗེས་སུ་མ་འདོར་ཅིག༔ དགྱེས་ཤིང་བྱིན་གྱིས་བརླབ་ཕྱིར་བཞུགས༔ མི་མཐུན་རྐྱེན་དང་བར་ཆད་སོལ༔ མཐུན་པའི་ལམ་སྣ་དབྱིངས་སུ་དྲོངས༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས་རྣམས། །མཁའ་ལ་སྤྲིན་ལྟར་གཤེགས་ནས་ཀྱང་། །མདུན་གྱི་ཚོགས་ཞིང་ལ་ཐིམ་པས། །གཉིས་མེད་དགྱེས་ཤིང་བརྟན་པར་བཞུགས། །ཛཿཧཱུྃ་བྃ་ཧོ༔ པདྨ་ཀ་མ་ལཱ་ཡ་སྟཱཾཿཞེས་བཞུགས་སུ་གསོལ། དེ་ནས་ཡན་ལག་བདུན་གྱིས་ཚོགས་བསགས་པ་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་དང་སེམས་ཅན་ཐམས་ཅད་བྱ་བྱེད་ཐུན་མོང་བར་གྱུར་ནས་ཕྱག་སོགས་མཆོད་པའི་ལམ་རིམ་ལ་འཇུག་པར་མོས་ལ། ཐོག་མར་ཕྱག་འཚལ་བ་ནི། ཨེ་མ་ཧོ༔ ཕྱོགས་དུས་རྒྱལ་བ་ཀུན་གྱི་ངོ་བོ་ཉིད༔ ལུང་རྟོགས་དམ་པའི་ཆོས་སྒོ་འབྱུང་བའི་གནས༔ དགེ་འདུན་ཀུན་གཙོ་ཨོ་རྒྱན་རིན་པོ་ཆེ༔ མ་ཧཱ་གུ་རུའི་ཞབས་ལ་ཕྱག་འཚལ་ལོ༔ བརྒྱུད་གསུམ་རིག་འཛིན་བླ་མ་ཡོངས་ཀྱི་དངོས༔ ཡི་དམ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག༔ མཁའ་འགྲོའི་ཚོགས་རྗེ་ཨོ་རྒྱན་རིན་པོ་ཆེ༔ པདྨ་འབྱུང་གནས་ཞབས་ལ༴ཐུབ་པའི་རྒྱལ་ཚབ་གསང་བ་སྔགས་ཀྱི་མཛོད༔ སྣང་བ་མཐའ་ཡས་མི་ཡི་གཟུགས་སུ་བྱོན༔ སངས་རྒྱས་གཉིས་པ་ཨོ་རྒྱན༴པདྨ་སཾ་བྷའི་ཞབས༴མཁྱེན་པའི་ཡེ་ཤེས་ནམ་མཁའི་མཐའ་དང་མཉམ༔ བརྩེ་བའི་ཐུགས་རྗེས་འགྲོ་དྲུག་བུ་བཞིན་སྐྱོབས༔ ནུས་མཐུ་ཚད་མེད་ཨོ་རྒྱན༴བློ་ལྡན་མཆོག་སྲེད་ཞབས༴སིནྡྷུ་རྒྱ་མཚོར་པད་སྡོང་རྩེ་ལས་འཁྲུངས༔ མཐོང་ཐོས་དྲན་རེག་འགྲོ་ཀུན་སྨིན་གྲོལ་མཛད༔ སྣང་སྲིད་ཟིལ་གནོན་ཨོ་རྒྱན༴པདྨ་རྒྱལ་པོའི་ཞབས༴བརྟུལ་ཞུགས་སྤྱོད་པས་ལྷ་སྲིན་འབྱུང་པོ་བཏུལ༔ རྫུ་འཕྲུལ་སྟོབས་ཀྱིས་གཞན་སྣང་དབངདུ་མཛད༔ དངོས་གྲུབ་ཀུན་བདག་ཨོ་རྒྱན༴ཉི་མ་འོད་ཟེར་ཞབས༴བདུད་བཞིའི་དཔུང་བཅོམ་རྡོ་རྗེའི་སྐུ་མཆོག་བརྙེས༔ འཁོར་བ་མ་སྟོངས་བར་དུ་ཆོས་འཁོར་བསྐོར༔ ལྷུན་གྲུབ་རིག་འཛིན་ཨོ་རྒྱན༴ཤཱཀྱ་སེང་གེའི་ཞབས༴ཞི་ལས་མི་གཡོ་འབར་བའི་ཕྱག་རྒྱར་བཞེངས༔ གསོལ་བཏབ་དྲན་པས་བདུད་དང་བར་ཆད་འཇོམས༔ ཧེ་རུ་ཀ་དཔལ་ཨོ་རྒྱན༴སེང་གེ་སྒྲ་སྒྲོག་ཞབས༴བོད་ཁམས་འགྲོ་ལ་ཐུགས་རྗེས་ལྷག་པར་དགོངས༔ དངོས་དང་བརྒྱུད་ནས་གདུལ་བྱ་ཐར་པར་འདྲེན༔ འགྲན་གྱི་དོ་མེད་ཨོ་རྒྱན༴རྡོ་རྗེ་གྲོ་ལོད་ཞབས༴སྐུ་ཚབ་དངོས་གྲུབ་གསུང་ཚབ་གཏེར་དུ་སྦསཿདགོངས་པས་ལས་ཅན་སྐྱེས་བུར་བྱིན་གྱིས་བརླབས༔ བཀའ་དྲིན་མཉམ་མེད་ཨོ་རྒྱན༴པདྨ་ཐོད་ཕྲེང་རྩལ་ལ༴སྐྱེ་འཆི་གཉིས་སྤངས་རྡོ་རྗེ་ལྟ་བུའི་སྐུ༔ ཚངས་པའི་གསུང་ནི་ཐེག་ཆེན་ཆོས་སྒྲ་སྒྲོག༔ དོན་གྱི་དགོངས་པ་སངས་རྒྱསཀུན་དང་མཉམ༔ གུ་རུ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ ཀུན་བཟང་རིགས་ལྔ་རིགས་གསུམ་དྲྭ་མ་ལྔ། བཀའ་བབས་རྣམ་བཞི་རིག་འཛིན་རྣམ་པ་བརྒྱད། །མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་ཚོགས། །དགོངས་བརྡ་སྙན་བརྒྱུད་བླ་མ་ལ་ཕྱག་འཚལ། །ཐུགས་བསྐྱེད་དུས་སྨིན་ཡོ་ག་རྣམ་གསུམ་གྱི། །བསྟན་པའི་སྲོག་མཐུད་མྱོས་སྟོན་སྐུ་མཆེད་དང་། །རྨ་གཉགས་གནུབས་ཟུར་ཀུན་མཁྱེན་རོང་ཀློང་སོགས། །མདོ་སྒྱུ་སེམས་ཕྱོགས་བརྒྱུད་པ་ལ༴བཀའ་བབས་བདུན་ལྡན་སྔ་འགྱུར་བཀའ་གཏེར་གྱི། །བསྟན་པའི་མེ་རོ་གསོ་མཛད་གཏེར་ཆེན་ཟུང་། །མཆོག་གཉིས་རྒྱལ་པོ་ལྔ་དང་གླིང་པ་བརྒྱད། །བཀའ་གཏེར་དག་སྣང་བརྒྱུད་པ་ལ༴བཀའ་གཏེར་ལུང་ཟིན་མཛོད་ལྔའི་ཤིང་རྟ་པ། །བློ་གྲོས་མཐའ་ཡས་ཡབ་སྲས་བརྒྱུད་པར་བཅས། །སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་མན་ངག་སྲོལ། །གསལ་མཛད་བརྒྱུད་པའི་བླ་མ་ལ༴ཤེས་བྱ་ཀུན་མཁྱེན་རིགས་ལམ་སེང་གེའི་སྒྲས། །ལྟ་དམན་ཝ་སྐྱེས་སྔངས་མཛད་ཨ་ཛི་ཏ། །ཤུ་བྷཾ་ཤྲཱི་པདྨ་བཛྲ་སོགས། །འཕགས་བོད་མཁས་གྲུབ་སྐྱེས་ཆེན་ལ་ཕྱག་འཚལ། །སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་དང་། །འདུལ་བ་མངོན་པ་མདོ་སྡེ་རིན་པོ་ཆེ། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་གྱི། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉན་རང་བྱང་སེམས་བྱ་སྤྱོད་རྣལ་འབྱོར་རྒྱུད། །རྣལ་འབྱོར་ཆེ་དང་ཨ་ནུ་ཨ་ཏི་སོགས། །ཐེག་པ་རིམ་དགུའི་ཆོས་ཚུལ་རྒྱ་མཚོ་ཡི། །རྩ་བརྒྱུད་བླ་མ་རྣམས་ལ༴རིགས་ཀུན་ཁྱབ་བདག་དང་པོའི་སངས་རྒྱས་ཀྱི། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་སྤྲིན། །གང་འདུལ་མོས་ངོོར་སྒྱུ་འཕྲུལ་དྲྭ་བའི་ཚུལ། །རྩ་བའི་བླ་མའི་ཞབས་ལ༴། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ༴བྱ་སྤྱོད་རྣལ་འབྱོར་བསྐྱེད་རྫོགས་རྫོགས་པ་ཆེའི། །རྒྱུད་སྡེ་དྲུག་ལས་ལེགས་པར་གསུངས་པ་ཡི། །དངོས་གྲུབ་ཆར་འབེབས་ཞི་དང་ཁྲོ་བོའི་ཚུལ། །ཡི་དམ་ལྷ་ཚོགས་རྣམས་ལ༴རྡོ་རྗེའི་རང་བཞིན་གནས་མཆོག་དམ་པ་ནས། །མངོན་ཤེས་རྫུ་འཕྲུལ་ལ་སོགས་ཐུགས་རྗེ་ཡིས། །སྒྲུབ་པ་པོ་ལ་མ་ཡིས་བུ་བཞིན་སྐྱོང་། །གནས་གསུམ་མཁའ་འགྲོའི་ཚོགས་ལ༴གང་གི་འཕྲུལ་དང་མངོན་པར་མཁྱེན་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ༴གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང་། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །གནོད་སྦྱིན་ནོར་སྐྱོང་རྣམས་ལ༴ཚངས་པ་བརྒྱ་བྱིན་ལ་སོགས་ཕྱོགས་སྐྱོང་བཅུ། །རྒྱལ་ཆེན་བཞི་སོགས་གཙང་རིས་མགོན་པོ་སྟེ། །བསྟན་པ་སྲུང་བར་ཞལ་བཞེས་འཕགས་པའི་ཚོགས། །དཀར་ཕྱོགས་སྐྱོང་བ་རྣམས་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །ཞིང་རྡུལ་གྲངས་སྙེད་ལུས་ཀྱིས་གུས་ཕྱག་འཚལ༔ དབྱངས་སྙན་ཡན་ལག་རྒྱ་མཚོས་བསྟོད་ཕྱག་འཚལ༔ རྩེ་གཅིག་དད་མོས་གདུང་བས་ཡིད་ཕྱག་འཚལ༔ སྒོ་གསུམ་སྒྲིབ་བྱང་ཉིད་དང་དབྱེར་མེད་ཤོག༔ ༀ་གུ་རུ་སརྦ་ཏ་ཐཱ་ག་ཏཱ་ཀཱ་ཡ་ཝ་ཀ་ཙིཏྟ་པྲ་ཎ་མེན་བྷནྡྷ་ནི་ཀ་རོ་མི། དེ་ནས་མཆོད་པ་འབུལ་བ་ནི། ན་མོ༔ ཕྱོགས་བཅུ་རབ་འབྱམས་ཞིང་ན་མཆོད་པའི་རྫས༔ རྒྱལ་བ་སྲས་བཅས་སྨོན་ལམ་ལས་གྲུབ་པ༔ བླ་མེད་ཀུན་བཟང་བཀོད་པའི་སྤྲིན་ཆེན་པོས༔ ཆོས་ཀྱི་དབྱིངས་ཀུན་རྒྱས་པར་བཀང་སྟེ་འབུལ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས་ཀྱི་དྲི༔ སྣང་གསལ་དྲི་ཆབ་ཞལ་ཟས་རོ་བརྒྱ་པ༔ སྙན་འཇེབས་རོལ་མོ་བསྟོད་པའི་སྒྲ་དབྱངས་ཀྱིས༔ རིགས་འདུས་རྗེ་བཙུན་མ་ཧཱ་གུ་རུ་མཆོད༔ དགེ་ལེགས་བྱེད་པའི་བཀྲ་ཤིས་རྫས་རྟགས་བརྒྱད༔ ཕུན་ཚོགས་དཔལ་འབར་རྒྱལ་སྲིད་ཡིན་ཆེན་བདུན༔ ལྷབ་ལྷུབ་དར་གོས་ཡིད་འཕྲོག་མཛེས་པའི་རྒྱན༔ ནོར་བུའི་ཕྲེང་བ་དོ་ཤལ་རྣམས་ཀྱིས་མཆོད༔ རིན་ཆེན་ཁང་བཟང་གསེར་གྱི་བ་གམ་ཅན༔ སེང་གེའི་ཁྲི་སྟེགས་ལྷ་རྫས་གོས་ཀྱིས་བཀབ༔ ཡངས་པའི་གདུགས་བཟང་རྣམ་རྒྱལ་མཚན་མ་དང༔ སྣ་ཚོགས་བ་དན་རྔ་ཡབ་གཡོབ་པས་མཆོད༔ ཡན་ལག་བརྒྱད་ལྡན་ཁྲུས་ཀྱི་རྫིང་བུ་འཁྱིལ༔ ཆུ་སྐྱེས་དཀར་དམར་མཛེས་པའི་ཟེའུ་འབྲུ་བཞད༔ ལྗོན་བཟང་སྐྱེད་ཚལ་མེ་ཏོག་ལྡིང་ཁང་བཀྲ༔ ཡིད་འཕྲོག་བུང་བུའི་གླུ་སྙན་ལེན་པས་མཆོད༔ སྨན་གྱི་ནགས་ཚལ་རྩི་བཅུད་འབྲས་བུས་གཏམས༔ བཅུད་ལྡན་ལོ་ཏོག་འབྲུ་རིགས་ཕུང་པོར་སྤུངས༔ རིན་ཆེན་རི་བོ་དཔག་བསམ་ལྗོན་པའི་ཤིང༔ འདོད་འབྱུང་གཏེར་གྱི་བུམ་པ་བཟང་པོས་མཆོད༔ རང་བྱུང་ཉི་ཟླའི་སྒྲོན་མེས་སྣང་བྱས་པའི༔ རི་རབ་གླིང་བཞི་གླིང་ཕྲན་ཁོར་ཡུག་བཅས༔ བྱེ་བ་ཕྲག་བརྒྱ་རབ་འབྱམས་རྒྱ་མཚོའི་ཞིང༔ ངོ་མཚར་མཆོད་པའི་རྫས་ཀྱིས་བཀང་སྟེ་འབུལ༔ ལྷ་མིའི་དཔལ་འབྱོར་བདེ་བའི་ཡོ་བྱད་ནི༔ སྲིད་ན་མཆོད་པར་འོས་པ་ཅི་མཆིས་དང༔ བདག་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ བློ་ཡིས་བླངས་ཏེ་སེམས་ཅན་དོན་དུ་འབུལ༔ གཟུངས་དང་ཏིང་འཛིན་དཀྱིལ་འཁོར་བཀོད་པ་ལས༔ མོས་པའི་སྟོབས་ཀྱིས་རྨད་བྱུང་མཆོད་པའི་ཆར༔ རྒྱལ་བ་དགྱེས་བྱེད་ནམ་མཁའི་ཁམས་གང་བས༔ དུས་གསུམ་རྒྱུན་ཆད་མེད་པར་མཆོད་པར་བགྱི༔ ཟག་བཅས་ཟག་མེད་ཕུང་པོས་བསྡུས་པའི་ཆོས༔ དབང་པོ་ཚིམ་བྱེད་འདོད་པའི་ཡོན་ཏན་ལྔ༔ ཉོན་མོངས་མ་སྤངས་ཡེ་ཤེས་ཆེན་པོའི་ངང༔ རྡོ་རྗེ་བདེ་བ་དམ་པའི་ཕྱག་རྒྱར་འབུལ༔ བདེ་ཆེན་སྐྱེད་པའི་བདུད་རྩིའི་རོ་མཆོག་དང༔ དགའ་བཞིའི་ཉམས་སྤོར་ཡིད་འཕྲོག་རིག་མའི་ཚོགས༔ མདངས་ཆེན་བྱང་ཆུབ་སེམས་དང་འོད་གསལ་དབྱིངས༔ མཉམ་སྦྱོར་བདེ་མཆོག་བདེ་བའི་རོལ་མོས་མཆོད༔ སྤང་བླང་རིས་མེད་སྲིད་ཞི་མཉམ་པ་ཉིད༔ མ་བཅོས་ལྷུན་གྲུབ་གདོད་ནས་འདུས་མ་བྱས༔ དོན་གྱི་གནས་ལུགས་ཀུན་བཟང་དགོངས་པའི་ཀློང༔ མཆོད་བྱ་མཆོད་བྱེད་གཉིསསུ་མེད་པར་མཆོད༔ ཅེས་པ་ཙམ་མམ། ཅུང་ཟད་རྒྱས་པར་སྤྲོ་ན། སྨིན་གླིང་བླ་མཆོད་ལྟར། ༀ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མཆོད་ཡོན་བསམ་ཡས་ལྷུན་གྲུབ་པ། རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ༀ་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་ཧོ༔ དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོགབདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་། ཨརྒྷཾ་གྱི་གནས་སུ། པཱཏྱཾ་པུཥྤེ་ངྷཱུཔེ་ཨ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ། ཤཔྟ་རྣམས་བཅུག་པས་མཆོད། ཚུལ་ཁྲིམས་ལྟེ་བ་ལ་བརྟེན་པའི། །རྣམ་འབྱེད་ཤེས་རབ་རྩིབས་རྣོ་ཞིང་། །ཏིང་འཛིན་མུ་ཁྱུད་ཀྱིས་བསྐོར་བའི། །འཁོར་ལོ་རིན་ཆེན་འབུལ་བར་བགྱི། །ༀ་ཙཀྲ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། བསོད་ནམས་རྒྱ་མཚོ་ལས་ཐོན་ཞིང་། །བློ་ཡི་མུན་སྟུག་རབ་བསལ་ནས། །དགོས་འདོད་ཀུན་འབྱུང་དད་པ་ཡི། །ནོར་བུ་རིན་ཆེན་འབུལ་བར་བགྱི། །ༀ་མ་ཎི་རཏྣ་བཛྲ་པཱུ་ཛི༴རང་བཞིན་གཉུག་མའི་ཡེ་ཤེས་སྐུ། །གཞོམ་མེད་གཟུགས་སྒྲ་རེག་བྱས་འཁྱུད། །མི་འགྱུར་བདེ་ཆེན་སྐྱེད་མཛད་པའི། །བཙུན་མོ་རིན་ཆེན༴སྟྲཱི་རཏྣ༴བླ་མ་མཆོག་གསུམ་རྗེ་བོར་གུས། །རྣམ་དཀར་དགེ་བཅུའི་ཆབ་སྲིད་སྐྱོང་། །དྲན་ཤེས་བག་ཡོད་ནོར་གྱིས་ཕྱུག །བློན་པོ་རིན་ཆེན༴པུ་རུ་ཥ་རཏྣ༴མང་ཐོས་པདྨའི་མཚོ་ལ་རོལ། །བདག་མེད་རྟོགས་པའི་ལུས་སྟོབས་རྒྱས། །མཚན་འཛིན་རྟོག་པ་འཇོམས་བྱེད་པའི། །གླང་པོ་རིན་ཆེན༴ཧསྟི་རཏྣ༴དབང་བཞིའི་ལུས་མཛེས་བརྩོན་འགྲུས་ཀྱི། །གྲོལ་ལམ་མགྱོགས་པའི་འགྲོས་བཟང་པོས། །འདོད་དོན་མྱུར་དུ་འགྲུབ་བྱེད་པའི། །རྟ་མཆོག་རིན་ཆེན༴ཨ་ཤྭ་རཏྣ༴གང་ཤར་ངོ་ལ་ཅེར་བལྟ་བའི། །ཤེས་རབ་རིག་པའི་མཚོན་རྣོན་པོས། །རྣམ་རྟོག་དགྲ་ལས་རྒྱལ་བྱེད་པའི། །དམག་དཔོན་རིན་ཆེན་དབུལ་བར་བགྱི། །ༀ་ཁངྒ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃཿདགའ་བཞི་བཅུ་དྲུག་ཉམས་རྒྱས་པའི། །རྡོ་རྗེའི་རིག་མ་བཅུ་དྲུག་དང་། །གསང་བ་ཕྱག་རྒྱ་བཞིའི་སྦྱོར་བ། །ཟག་མེད་བདེ་བ་བསྐྱེད་ཕྱིར་འབུལ། །མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ གཙང་དམེའི་རྟོག་བྲལ་བདུད་རྩིའི་སྨན། །ཉོན་མོངས་ཆགས་མེད་རཀྟའི་རྒྱུན། །བཟའ་བཅའ་བཏུང་བའི་འདོད་ཡོན་རྫས། །འཁོར་གསུམ་དམིགས་མེད་ཉིད་དུ་འབུལ། །ཨ་མྲྀ་ཏ་རཀྟ་བ་ལིངྟ་པཱུ་ཛ་ཧོཿདེ་ལས་གཞན་ཡང་མཆོད་པའི་ཚོགས། །དཔག་མེད་ཞིང་ན་གང་མཆིས་པ། །དེ་ཀུན་བློ་ཡིས་བླངས་ནས་འབུལ། །བཞེས་ནས་བདག་ལ་བྱིན་གྱིས་རློབས། །སརྦ་མ་ཧཱ་པཱུ་ཛ་ཧོཿཞེས་སྦྱར། གང་ལྟར་ཡང་ཚོགས་གསོག་གི་གཙོ་བོར་མཎྜལ་འབུལ་བ་ནི། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན༔ འདོད་རྒུའི་འབྱོར་ཚོགས་དཔག་མེད་དང་ལྡན་པ༔ དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས༔ རང་བཞིན་སྤྲུལ་སྐུའི་ཞིང་ལ་སྤྱོད་པར་ཤོག༔ འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང༔ སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་བྲེ་ཅན༔ ནམ་མཁའ་གང་བར་དམིགས་ཏེ་འབུལ་བ་ཡིས༔ ལྷུན་གྲུབ་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང༔ སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི༔ རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས༔ ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ཅེས་ཅི་ནུས་གྲངས་བསགས། དེ་ནས་བསྟོད་པས་མཆོད་པ་ནི། ༀ་ཨཱཿཧཱུྃ་ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགག་མཉམ་ཉིད་རིག་པའི་གསུང༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་ལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་དབང་སྒྱུར་པདྨ་རྒྱལ་པོའི་སྲས༔ ཡོན་ཏན་ཕྲིན་ལས་ཡོངས་རྫོགས་སྐུ་ལ་བསྟོད༔ ཆོས་སྐུ་ནམ་མཁའ་ལྟ་བུའི་དགོངས་པ་རྟོགས༔ ལོངས་སྐུ་ཉི་ཟླ་བཞིན་ཏུ་དགོས་འདོད་འབྱུང་༔ སྤྲུལ་སྐུའི་ཐུགས་རྗེས་འགྲོ་དྲུག་བུ་ལྟར་སྐྱོབས༔ སྐུ་གསུམ་དབྱེར་མེད་གུ་རུའི་སྐུ་ལ་བསྟོད༔ དྲི་མེད་པདྨ་གེ་སར་སྡོང་པོ་ལ༔ རང་བྱུང་སྤྲུལ་སྐུ་མཚན་དང་དཔེ་བྱད་རྫོགས༔ སྐྱེ་འཆི་མི་མངའ་ཚེ་ཡི་རིག་འཛིན་བརྙེས༔ མི་འགྱུར་རྡོ་རྗེ་ལྟ་བུའི་སྐུ་ལ་བསྟོད༔ པདྨ་ཟླ་གམ་ལེ་བརྒན་ལྗགས་ཀྱི་ཀློང༔ བརྒྱད་ཁྲི་བཞི་སྟོང་གསང་སྔགས་ཟབ་མོའི་སྒྲ༔ རྒྱུད་ཆད་མེད་པས་སྐལ་ལྡན་སྨིན་གྲོལ་མཛད༔ ཚངས་དབྱངས་འགགས་པ་མེད་པའི་གསུང་ལ་བསྟོད༔ འོད་གསལ་ཀུན་ཁྱབ་ཡེ་ཤེས་ཟང་ཐལ་ངང༔ འཁོར་འདས་མཉམ་ཉིད་ཐིག་ལེ་ཆེན་པོར་རྫོགས༔ མངོན་ཤེས་དྲུག་བཅུའི་གཞན་སྣང་ཐབས་ཀྱིས་འདུལ༔ གསང་བ་བསམ་མི་ཁྱབ་པའི་ཐུགས་ལ་བསྟོད༔ ནམ་མཁའ་བཞིན་དུ་རྫུ་འཕྲུལ་ཐོགས་པ་མེད༔ ཉི་ཟླ་ལྟ་བུར་མ་རིག་མུན་པ་སེལ༔ དངོས་གྲུབ་མཆོག་བརྙེས་ཡ་མཚན་ཆེན་པོ་སྟེ༔ ཡོན་ཏན་མཐའ་ཡས་འགྲོ་བའི་མགོན་ལ་བསྟོད༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་མནན༔ དྲག་སྔགས་མཐུ་ཡིས་མ་རུངས་གདུག་པ་འདུལ༔ གང་ལ་གང་འདུལ་དེ་ལ་དེར་སྟོན་པས༔ འཁོར་བ་དོང་སྤྲུགས་ཕྲིན་ལས་མཛད་ལ་བསྟོད༔ བྱ་རྩོལ་ངང་ནས་ཆོ་འཕྲུལ་ཅིར་ཡང་སྟོན༔ བྱར་མེད་ཐག་ཆོད་རིག་པ་རང་སར་ཟིན༔ དམིགས་མེད་ཐུགས་རྗེས་འགྲོ་བ་ཡོངས་ལ་དགོངས༔ རིགས་གསུམ་ཡོངས་འདུས་པདྨའི་སྐུ་ལ་བསྟོད༔ མ་རིག་གཉིད་སངས་མཁྱེན་པའི་དཀྱིལ་འཁོར་རྒྱས༔ སྡེ་སྣོད་རྒྱུད་སྡེ་ཐེག་པ་རིམ་དགུའི་མཛོད༔ རྒྱལ་བའི་གདུང་འཛིན་ཡོངས་ཀྱི་ཡབ་གཅིག་པོ༔ དཀོན་མཆོག་ཀུན་འདུས་པདྨའི་སྐུ་ལ་བསྟོད༔ སྦྱིན་པ་མཐར་ཕྱིན་དགོས་འདོད་ཆར་བཞིན་འབེབས༔ ཚུལ་ཁྲིམས་མཐར་ཕྱིན་འགྱུར་མེད་བདེ་ཆེན་བརྙེས༔ བཟོད་པ་མཐར་ཕྱིན་མཚན་དང་དཔེ་བྱད་ལྡན༔ བསོད་ནམས་ཚོགས་རྫོགས་པདྨའི་སྐུ་ལ་བསྟོད༔ བརྩོན་འགྲུས་མཐར་ཕྱིན་འཁོར་བ་ཇི་སྲིད་བཞུགས༔ བསམ་གཏན་མཐར་ཕྱིན་ཏིང་འཛིན་སྒོ་བརྒྱར་འཇུག༔ ཤེས་རབ་མཐར་ཕྱིན་རྣམ་ཐར་གསུམ་གྱི་ངང༔ ཡེ་ཤེས་ཚོགས་རྫོགས་པདྨའི་སྐུ་ལ་བསྟོད༔ ཚེ་ལ་དབང་ཐོབ་འགྲོ་ལ་མཆི་མེད་སྩལ༔ རྫུ་འཕྲུལ་བསམ་ཡས་ཆོས་སྒོ་རབ་འབྱམས་སྟོན༔ དགོས་འདོད་ཆར་འབེབས་ལས་དང་སྨོན་ལམ་སོགས༔ དབང་བཅུའི་བདག་ཉིད་པདྨའི་སྐུ་ལ་བསྟོད༔ དུག་ལྔའི་རྒྱུ་ཟད་ཅིར་སྣང་ཡེ་ཤེས་དབྱིངས༔ འབྱུང་ལྔའི་རྐྱེན་ཟད་རིག་པ་འོད་སྐུར་སྨིན༔ ཟག་པ་གསུམ་ཟད་མི་འགྱུར་རྡོ་རྗེའི་ཀློང༔ མངོན་པར་བྱང་ཆུབ་པདྨའི་སྐུ་ལ་བསྟོད༔ དུས་གསུམ་སངས་རྒྱས་ཀུན་གྱི་རྣམ་ཐར་འཆང༔ རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་མཛད༔ སྐུ་གསུམ་ཞིང་ཁམས་རྒྱ་མཚོར་མངའ་དབང་སྒྱུར༔ རིགས་བརྒྱའི་ཁྱབ་བདག་པདྨའི་སྐུ་ལ་བསྟོད༔ མོས་ཤིང་གུས་པས་བསྟོད་པའི་བྱིན་རླབས་ཀྱིས༔ གུ་རུའི་གསང་གསུམ་ཡོན་ཏན་ཕྲིན་ལས་ཀྱི༔ རྣམ་ཐར་མ་ལུས་བདག་གི་མྱུར་འགྲུབ་སྟེ༔ ཀུན་བཟང་འོད་མི་འགྱུར་བའི་གནས་ཐོབ་ཤོག༔ ཅེས་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པའི་ངང་ནས་བརྗོད་དོ། །དེ་ནས་བཤགས་པ་བྱ་བ་ནི། འགྱོད་སྡོམ་གྱི་བསམ་པ་བརྟན་པོས། ན་མོ༔ ཐོག་མེད་དུས་ནས་ད་ལྟར་ཐུག་གི་བར༔ མ་རིག་དབང་གྱུར་ལུས་ངག་ཡིད་གསུམ་གྱིས༔ སྡིག་པ་མི་དགེ་བགྱིས་དང་བགྱིད་དུ་སྩལ༔ དེ་ལ་ཡི་རང་བྱས་རྣམས་མཐོལ་ལོ་བཤགས༔ གཏི་མུག་དབང་གིས་བླང་དོར་ངོ་མ་ཤེས༔ འདོད་ཆགས་དབང་གིས་རྒྱུ་འབྲས་འཇོལ་ཉོག་སྤྱད༔ ཞེ་སྡང་དབང་གིས་བྱང་ཆུབ་ས་བོན་བཅོམ༔ ངན་སོང་འཁོར་བའི་རྒྱུ་བསགས་མཐོལ་ལོ་བཤགས༔ ང་རྒྱལ་དབང་གིས་བདག་བསྟོད་གཞན་ལ་སྨད༔ ཕྲག་དོག་དབང་གིས་ཕ་རོལ་ཁྱད་དུ་བསད༔ ཐེ་ཚོམ་དབང་གིས་ཡང་དག་དོན་ལ་བསྒྲིབས༔ གནས་ལུགས་རྒྱབ་ཀྱིས་ཕྱོགས་པ་མཐོལ་ལོ་བཤགས༔ མི་དགེའི་ལས་ལམ་བཅུ་དང་མཚམས་མེད་ལྔ༔ བཅས་དང་རང་བཞིན་ཁ་ན་མ་ཐོ་བ༔ ཡང་དག་ཐར་པའི་ལམ་མཆོག་སྒྲིབ་པའི་རྒྱུ༔ གང་བསགས་སྙིང་ནས་འགྱོད་པས་མཐོལ་ལོ་བཤགས༔ བུ་སྨད་གཉེན་བཤེས་ཚོང་དང་དམག་ལ་སོགས༔ ཚེ་འདིའི་ཆེ་ཐབས་རང་འདོད་གཡོ་སྒྱུ་ཡིས༔ མཆོག་དམན་བར་མ་ལ་བརྟེན་སྡིག་པའི་ལས༔ ཆེད་དང་ཞོར་དུ་བགྱིས་པ་མཐོལ་ལོ་བཤགས༔ འདིར་སྣང་ངོ་ཚ་བོར་ནས་མནའ་ཁྲིམས་འགལ༔ ཕྱི་མ་བདེན་པར་མི་འཛིན་མི་དགེ་སྤྱོད༔ རྟག་ཆད་མཐར་ལྷུང་ཕྱི་རོལ་མུ་སྟེགས་དང༔ ཆ་མཚུངས་ལོག་ལྟས་བཅིངས་པ་མཐོལ་ལོ་བཤགས༔ ལེ་ལོ་རྣམ་གཡེངས་འཁྲུལ་པའི་གཞན་དབང་གིས༔ བཀའ་ལ་བཞུགས་ཀྱང་བཀའ་བཞིན་བསྒྲུབ་མ་ནུས༔ འདི་དང་གཏན་དུ་སྒྲིབ་པའི་ནོངས་པ་ཀུན༔ སྙིང་ནས་གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས༔ སོ་སོ་ཐར་པའི་སྡོམ་པ་ཉམས་པ་དང༔ སྨོན་འཇུག་བྱང་ཆུབ་སེམས་ཀྱི་བསླབ་བྱར་འགལ༔ ཁྱད་པར་མི་འདའ་རྡོ་རྗེའི་དམ་ཚིག་ལ༔ འགལ་ཉམས་རལ་བར་གྱུར་ཀུན་མཐོལ་ལོ་བཤགས༔ དཀོན་མཆོག་དཀོར་ཟོས་ལྷ་དང་བླ་མརསྨད༔ དག་སྣང་ཆུང་ཞིང་བྱང་ཆུབ་སེམས་མ་འབྱོངས༔ ཕ་མར་བརྙས་ཤིང་འགྲོ་ལ་ངན་སེམས་འཆང༔ ཐར་མེད་ལས་ངན་བསགས་པ་མཐོལ་ལོ་བཤགས༔ རང་ཉིད་མ་སྨིན་རློམ་པས་གཞན་དོན་བརྩམས༔ གསང་བ་གཡེལ་ཞིང་དམ་མེད་ཚོགས་སུ་འདྲེས༔ གནསལུགས་མ་རྟོགས་འཁྲུལ་སྣང་བདེན་པར་བཟུང༔ ཡང་དག་དོན་ལས་གོལ་བ་མཐོལ་ལོ་བཤགས༔ བཀའ་ལ་རས་ཆོད་བགྱིས་པ་མཐོལ་ལོ་བཤགས༔ མན་ངག་ཟོང་དུ་བཙོངས་པ་མཐོལ་ལོ་བཤགས༔ གསང་སྔགས་ཁྲོམ་དུ་བསྒྲགས་པ་མཐོལ་ལོ་བཤགས༔ བཀའ་གཞུང་སྤྱི་དང་བྱེ་བྲག་ཁས་བླངས་པའི༔ ཉམས་ཆག་འགལ་འཁྲུལ་ཉེས་ལྟུང་ཅི་མཆིས་པ༔ ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས༔ རང་གནོང་འགྱོད་སེམས་དྲག་པོས་བཤགས་ཤིང་བསྡམ༔ སྐྱབས་སུ་མཆིའོ་གུ་རུ་རིན་པོ་ཆེ༔ པདྨ་སེམས་དཔའི་ཐུགས་རྗེའི་ལྕགས་ཀྱུས་ཟུངས༔ ལུས་ངག་ཡིད་གསུམ་གུ་རུའི་བྲན་ཏུ་འབུལ༔ བློ་སྙིང་བྲང་གསུམ་ཨོ་རྒྱན་རྗེ་ལ་གཏད༔ བདག་དང་མཁའ་མཉམ་ཕ་མ་སེམས་ཅན་རྣམས༔ འཁོར་བ་ངན་སོང་གསུམདུ་མ་བཏང་ཞིག༔ བླ་མེད་ཐར་པའི་གནས་སུ་ལམ་སྣ་དྲོངས༔ དགོངས་པས་བྱིན་རློབས་ཡེ་ཤེས་དབང་ཆེན་སྐུར༔ ཚེ་གཅིག་སངས་རྒྱས་ས་ལ་འགོད་དུ་གསོལ༔ ཞེས་དང་། ཡི་གེ་བརྒྱ་བ་བཟླ། དེ་ནས་ཡན་ལག་ལྷག་མ་རྣམས་བྱ་བ་ནི། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་གཞན་གྱི་དགེ་བ་གང་མཛད་པ། །མ་ལུས་འགྲོ་བའི་བསོད་ནམས་རྒྱ་མཚོའི་ཚོགས། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ་། །མོས་དང་བསམ་པ་ཇི་བཞིན་ཟབ་པ་དང་། །རྒྱ་ཆེའི་ཆོས་འཁོར་ཆད་པ་མེད་པར་བསྐུལ། །སྤྲུལ་པ་འགྲོ་ལ་སྨན་སླད་རྟག་བཞུགས་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཕྱིར་བསྔོའོ། །སྐབས་འདིར་སྡོམ་བཟུང་སྤྲོ་ན། ༀ་རྣལ་འབྱོར་དབང་པོ་སོགས་དམ་བཅའ་ཉེར་བརྒྱད་པ་དང་། བསྡུ་ན། བླ་མ་རྡོ་རྗེ་འཛིན་པ་དང་། །རིགས་ལྔ་བདེ་བར་བཤེགས་པ་ནི། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །དེང་ནས་བྱང་ཆུབ་སྙིང་པོའི་བར། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །བླ་མ་ལ་ཡང་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །དགེ་བཀུན་ལ་རྗེས་ཡི་རང་། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །རིགས་ལྔའི་དམ་ཚིག་ལེགས་བཟུང་སྟེ། །རྡོ་རྗེ་དྲིལ་བུ་ལ་སོགས་པ། །དམ་ཚིག་རྫས་རྣམས་བཟུང་བར་བགྱི། །བླ་ན་མེད་པའི་དཀོན་མཆོག་གསུམ། །ནམ་དུ་ཡང་ནི་མི་གཏོང་ཞིང་། །རྡོ་རྗེ་སློབ་དཔོན་མི་སྤོང་ངོ་། །རྡོ་རྗེ་སྤུན་སྲིང་རྣམས་ལ་ཡང་། །ནམ་ཡང་སྨད་པར་མི་བྱའོ། །སེམས་ཅན་རྣམས་ལ་འཚེ་བ་སྤང་། །འཕགས་པ་རྣམས་ལ་སྨད་མི་བགྱི། །ཐེག་པ་དམན་ལ་མི་བརྙས་ཤིང་། །གསང་སྔགས་སྤང་བར་མི་བྱའོ། །བསྙེན་སྒྲུབ་ལས་ཀྱི་མཐའ་གཟུང་ཞིང་། །དཀྱིལ་འཁོར་འཁོར་ལོ་བསྒོམ་པར་བགྱི། །དམ་ཚིག་སྡོམ་པ་ལ་གནས་ཤིང་། །འཁྲུལ་བའི་བྱ་བ་མི་བགྱིད་དོ། །རང་གི་སེམས་ནི་ཡོངས་འདུལ་ཞིང་། །ཕྱོགས་མཐར་གཏུགས་པའི་སེམས་ཅན་གྱི། །དོན་ནི་བླ་མེད་བདག་གིས་བསྒྲུབ། །མ་གྲོལ་བ་རྣམས་གྲོལ་བ་དང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ། དེ་ནས་གསོལ་བ་འདེབས་པ་ནི། ཨེ་མ་ཧོ༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རིགས་ལྔའི་རྒྱལ༔ སྟོན་པ་བཅུ་གཉིས་བསྐལ་མགོན་དྲུག་ཅུ་བཞི༔ བཅོམ་ལྡན་རྡོར་སེམསསྤྲུལ་སྐུ་ཐུབ་པ་དྲུག༔ དུས་གསུམ་རྒྱལ་བ་དགོངས་བརྒྱུད་བླ་མ་རྣམས༔ ངོ་བོ་གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རིགས་གསུམ་མགོན་པོ་རིགས་ཅན་དྲྭ་མ་ལྔ༔ དགའ་རབ་ཤྲཱི་སིང་སྐལ་ལྡན་རྒྱལ་པོ་ཛ༔ དཔལ་ཆེན་མངོན་གྲུབ་སློབ་དཔོན་ཆེ་བརྒྱད་སོགས༔ དུས་གསུམ་རིག་འཛིན་བརྡ་བརྒྱུད་བླ་མ་རྣམས༔ ངོ་བོ་གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ༴ཕྱི་ནང༴བསམ་པ༴སྒེག་པ་རྡོ་རྗེ་སངས་རྒྱས་གསང་བ་དང༔ མངའ་བདག་ཡབ་སྲས་བཀའ་བབ་གྲུབ་ཐོབ་བརྒྱད༔ འབངས་རིགས་ལོ་ཙཱ་རྣལ་འབྱོར་དབང་ཕྱུག་སོགས༔ དུས་གསུམ་གང་ཟག་སྙན་བརྒྱུད་བླ་མ་རྣམས༔ ངོ་བོ་གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ༴ཕྱི་ནང༴བསམ་པ༴ལས་འཕྲོས་གཏེར་རྙེད་མཁའ་འགྲོ་གཏད་རྒྱ་བཀྲོལ༔ སྨོན་ལམ་དབང་ཐོབ་ལས་ཅན་རྗེས་སུ་བཟུང༔ གསང་ཆེན་ངེས་པའི་བཀའ་གཞུང་ཚུལ་བཞིན་སྤྱོད༔ དུས་གསུམ་རིག་འཛིན་རྩ་བརྒྱུད་བླ་མ་རྣམས༔ ངོ་བོ༴གསོལ་བ༴ཕྱི་ནང༴བསམ་པ༴ཕྱོགས་བཞི་དབུས་ལྔའི་ཞིང་ཁམས་གངས་ཆེན་མཚོར༔ པདྨ་རྣམ་སྣང་མཛད་སོགས་རིགས་ལྔའི་ཞིང༔ མི་མཇེད་བྱེ་བ་ཕྲག་བརྒྱར་སྤྲུལ་པ་དང༔ ཡང་སྤྲུལ་ཉིང་སྤྲུལ་བསམ་མི་ཁྱབ་པ་རྣམས༔ ངོ་བོ༴གསོལ་བ༴ཕྱི་ནང༴བསམ་པ༴ཕྱོགས་བཅུའི་འཇིག་རྟེན་བཀོད་པ་རབ་འབྱམས་སུ༔ མཆོག་གི་སྤྲུལ་སྐུ་ཐུབ་པའི་དབང་པོ་དང༔ གསང་སྔགས་སྟོན་པ་པདྨའི་རྣམ་རོལ་གྱིས༔ མདོ་རྒྱུད་བསྟན་པ་བསམ་ཡས་སྒྱུ་འཕྲུལ་ཀུན༔ ངོ་བོ༴གསོལ་བ༴ཕྱི་ནང༴བསམ་པ༴དུག་ལྔ་རང་གྲོལ་རིགས་ལྔའི་སྐུ་རུ་བཞེངས༔ བདེ་ཆེན་ཡེ་ཤེས་རྣམ་ལྔའི་ལོངས་སྤྱོད་རྫོགས༔ ཞི་རྒྱས་དབང་དྲག་ལྷུན་གྲུབ་ཕྲིན་ལས་མཛད༔ འགྲོ་ལྔ་སྒྲོལ་མཛད་ཐོང་ཕྲེང་རྩལ་འཆང་རྣམས༔ ངོ་བོ་གཅིག༴གསོལ་བ༴ཕྱི་ནང༴བསམ་པ༴གནས་དང་དུར་ཁྲོད་འཇིག་རྟེན་ཕྱོགས་མཚམས་སུ༔ ཚོགས་བརྒྱད་རྣམ་དག་སྒྱུ་འཕྲུལ་དྲྭ་བའི་སྐུ༔ རང་རིག་ཚོམ་བུ་འབུམ་སྡེས་འགྲོ་བ་འདུལ༔ སྤྲུལ་བའི་གུ་རུ་མཚན་མཆོག་བརྒྱད་པོ་རྣམས༔ ངོ་བོ་གཅིག༴གསོལ་བ༴ཕྱི་ནང༴བསམ་པ༴ཕ་རོལ་ཕྱིན་དྲུག་སྤྲུལ་པའི་སྐུ་རུ་ཤར༔ སོ་སོའི་སྐད་དུ་གང་འདུལ་ཆོས་སྒོ་སྟོན༔ རིགས་དྲུག་སོ་སོའི་སྡུག་བསྔལ་ཐབས་ཀྱིས་སེལ༔ འགྲོ་དྲུག་འདྲེན་མཛད་གུ་རུ་དྲུག་ལ་སོགས༔ ངོ་བོ་༴གསོལ་བ༴ཕྱི་ནང༴བསམ་པ༴པདྨ་ས་ར་ཧ་དང་བིཪྺ་པ༔ ཌོམྦི་པ་དང་རིགས་ལྡན་པདྨ་དཀར༔ མཚོ་སྐྱེས་ནག་པོ་ཆགས་མཆོག་རྩལ་ལ་སོགས༔ འཕྲུལ་མཚན་ཉི་ཤུ་ཕྲག་གཉིས་རོལ་བའི་གར༔ ངོ་བོ༴གསོལ་བ༴ཕྱི་ནང༴བསམ་པ༴དཔལ་ཆེན་ཆེ་མཆོག་ཡང་དག་གཤིན་རྗེའི་གཤེདཿདབང་ཆེན་རྡོ་རྗེ་གཞོན་ནུ་མངོན་རྫོགས་རྒྱལ༔ གསང་བདག་མེ་ཕྲེང་ཞི་བ་རྡོ་རྗེ་དབྱིངས༔ ཐེག་པ་རིམ་དགུའི་དཀྱིལ་འཁོར་རབ་འབྱམས་ལྷ༔ ངོ་བོ༴གསོལ་བ༴ཕྱི་ནང༴བསམ་པ༴གསང་བ་ཡེ་ཤེས་རྡོ་རྗེ་རྣལ་འབྱོར་མ༔ མྱུར་མཛད་དཔའ་མོ་སེང་གེའི་གདོང་པ་ཅན༔ དབྱིངས་ཕྱུག་ཁྲོ་མོ་རྣམ་དགུའི་ཚོམ་བུ་སོགས༔ འབུམ་ཕྲག་ཡངས་པའི་དཔའ་མོ་མཁའ་འགྲོ་རྣམས༔ ངོ་བོ༴གསོལ་བ༴ཕྱི་ནང༴བསམ་པ༴རང་བཞིན་ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང༔ འབར་བའི་ཆོ་འཕྲུལ་གར་དགུའི་རོལ་པ་ཡི༔ རྣམ་འཕྲུལ་དུ་མས་སངས་རྒྱས་བསྟན་པ་སྲུང༔ མ་མགོན་ལྕམ་དྲལ་དམ་པའི་ཆོས་སྐྱོང་རྣམས༔ ངོ་བོ༴གསོལ་བ༴ཕྱི་ནང༴བསམ་པ༴བརྒྱུད་པ་དྲུག་ལྡན་རིག་འཛིན་བླ་མའི་ཚོགས༔ སྲིད་ཞིའི་མགོན་གྱུར་བླ་མེད་དཀོན་མཆོག་གསུམ༔ ཞི་ཁྲོ་རབ་འབྱམས་མཁའ་འགྲོ་ཆོས་སྐྱོང་ཚོགས༔ ཕྱོགས་བཅུ་དུས་བཞིའི་སྐྱབས་གནས་མ་ལུས་པའི༔ ངོ་བོ་གཅིག་འདུས་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆདཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་དང་། སྤྲོ་ན། མདོསྒྱུ་སེམས་ཀློང་མན་ངག་སྡེའི་བརྒྱུད་པའི་གསོལ་འདེབས་རིགས་དང་། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གསོལ་འདེབས་བླ་མཆོད་ལས་བྱུང་བ་དང་གཞན་རང་རང་ཉིད་ཀྱི་རྩ་བའི་བླ་མའི་གསོལ་འདེབས་ཇི་ལྟར་རིགས་པསྦྱར། བསྡུ་ན། ཨེ་མ་ཧོ༔ འོད་གསལ་སྙིང་པོ་སྤྲོས་པ་ཀུན་དང་བྲལ༔ གཞོན་ནུ་བུམ་པའི་ཡེ་ཤེས་མཁའ་ཁྱབ་འཕྲོ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ དགོངས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ གནས་ལུགས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས༔ བདེ་སྟོང་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་ཀློང༔ རིག་འཛིན་རྩལ་འཆང་བྱིན་རླབས་སྤྲིན་ཕུང་འཕྲོ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ བརྡ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ བསྐྱེད་རྫོགས་དགོངས་པ་རྟོགས་པར་བྱིན་གྱིས་རློབས༔ རྒྱུད་ལུང་མན་ངག་ཟབ་མོའི་སྨིན་གྲོལ་གྱིས༔ སྐལ་ལྡན་འགྲོ་རྣམས་རྗེས་སུ་འཛིན་མཛད་པ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ སྙན་བརྒྱུད་བླ་མའི་ཚོགས་ལ་གསོལ་བ་འདེབས༔ གཞན་དོནལྷུན་གྲུབ་འབྱུང་བར་བྱིན་གྱིས་རློབས༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་རྒྱ་མཚོའི་བདག༔ ཡོན་ཏན་མཉམ་མེད་ཐུགས་རྗེའི་གཏེར་ཆེན་པོ༔ དུས་གསུམ་སྐྱབས་གནས་ཐམས་ཅད་འདུས་པའི་སྐུ༔ རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས༔ ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས༔ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔ ཐུགས་རྗེས་གཟིགས་ཤིག་བརྒྱུད་ལྡན་བླ་མའི་ཚོགས༔ བྱིན་གྱིས་རློབས་ཤིག་རྗེ་བཙུན་གུ་རུ་མཁྱེན༔ བྱང་ཆུབ་བར་དུ་དགོངས་པས་བཟུང་དུ་གསོལ༔ སྒྲིབ་བཞིའི་བག་ཆགས་དག་པར་བྱིན་གྱིས་རློབས༔ དབང་བཞིའི་ཡེ་ཤེས་སྨིན་པར་བྱིན་གྱིས་རློབས༔ ལམ་བཞིའི་རྩལ་ཆེན་རྫོགས་པར་བྱིན་གྱིས་རློབས༔ སྐུ་བཞིའི་འབྲས་བུ་ཐོབ་པར་བྱིན་གྱིས་རློབས༔ ཞེས་རྩ་གསུམ་དགོངས་འདུས་ལས་གསུངས་པ་ལྟ་བུ་ཇི་ལྟར་རིགས་པ་བ་སྤུ་ལྡང་ཞིང་མཆི་མ་འཁྲུགས་པའི་མོས་གུས་ཀྱིས་སྙིང་ཐག་པ་ནས་གསོལ་བ་གདབ་པས་བྱིན་རླབས་ཀྱི་མཚན་མ་དམན་འབྲིང་རབ་ཀྱི་རྣམ་པ། རྩོལ་མེད་ཀྱི་མོས་གུས་སྐྱེས་པ་དང་། གར་གཏད་དུ་དམིགས་པ་གསལ་ཞིང་བརྟན་པ་དང་། རང་བྱུང་ཡེ་ཤེས་ཀྱི་ཉམས་འབར་བ་རྣམས་གངརུང་མ་སྐྱེས་ཀྱི་བར་དུ་གསོལ་བ་གདབ་བོ། །དེ་ནས་བཟླས་པ་བྱ་བ་ནི། བླ་མའི་སྐུ་ལས་འོད་ཟེར་བདུད་རྩིའི་རྒྱུན། །དཀར་དམར་འཕྲོས་པས་རང་ལུས་ཡོངས་སུ་གང་། །ནད་གདོན་སྡིག་སྒྲིབ་ཉམས་ཆག་བྱང་ཞིང་དག །བདེ་ཆེན་ཡེ་ཤེས་ཉམས་རྟོགས་ཆེས་ཆེར་འཕེལ། །རླུང་སེམསསྣང་བ་མཐའ་དག་དབང་དུ་གྱུར། །གཟུང་འཛིན་ཉོན་མོངས་འཁྲུལ་རྟོག་དབྱིངས་སུ་ཆོམ། །ཕྱི་སྣོད་གཞལ་ཡས་ནང་བཅུད་བླ་མའི་སྐུ། །སྒྲ་གྲགས་སྙིང་པོ་དྲན་རྟོག་འོད་གསལ་ངང་། །ཅིར་སྣང་བདེ་བ་ཆེན་པོའི་རོལ་པར་གྱུར། །ཅེས་མོས་ལ། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་ཅི་ནུས་སུ་བཟླ། མཐར་དབང་བཞི་ལེན་པའི་ཕྱིར་དད་མོས་རྩེ་གཅིག་པས། ཀྱེ་ཀྱེ༔ བླ་མ་ཨོ་རྒྱན་རིན་པོ་ཆེ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ འགྲོ་བ་ཀུན་གྱི་གཉེན་གཅིག་པོ༔ མགོན་མེད་བདག་ལ་ཐུགས་རྗེས་ཟུང༔ བླ་མ་ཀུན་བཟང་པདྨ་འབྱུང༔ རེ་ཞིང་ལྟོས་པའི་གཉེན་གཅིག་པུ༔ བདག་ལ་རེ་ས་གཞན་ན་མེད༔ སྡུག་བསྔལ་འདམ་ནས་དྲང་དུ་གསོལ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཁྱེད་ལ་བདག་ཉིད་བྲན་དུ་འབུལ༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ བླ་མ་སངས་རྒྱས་ཕྲིན་ལས་མཛད༔ བདག་ལ་དབང་བསྐུར་བྱིན་རློབས་ལ༔ མཐའ་ཡས་སེམས་ཅན་མ་ལུས་ཀུན༔ འདྲེན་པའི་བླ་མར་བདག་གྱུར་མཛོད༔ དབང་ཞིའི་སྨིན་པར་བྱིན་གྱིས་རློབས༔ རྒྱུད་བཞི་དག་པར་བྱིན་གྱིས་རློབས༔ ལམ་བཞི་འབྱོངས་པར་བྱིན་གྱིས་རློབས༔ སྐུ་བཞི་ཐོབ་པར་བྱིན་གྱིས་རློབས༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ལ། རྗེ་བཙུན་གུ་རུ་ཐུགས་རྗེ་སྤྲུལ་པའི་སྐུ༔ བདག་གི་སྤྱི་བོ་ལུས་ཀྱི་ཐིག་ལེ་ལ༔ དབང་བསྐུར་བྱིན་རློབས་སད་པའི་སྒྲིབ་པ་སོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ དཔྲལ་བའི་ༀ་དཀར་སྐུ་ཡི་རྡོ་རྗེ་ལས༔ ཟླ་ཞུན་བདུད་རྩི་བདག་གི་སྨིན་མཚམས་ཞུགས༔ རྩ་ཡི་སྒྲིབ་དག་སྣང་སྟོང་ལྷ་སྐུར་སྨིན༔ བུམ་དབང་མཐར་ཕྱིནསྤྲུལ་སྐུའི་གསོས་ཐེབས་གྱུར༔ ཀཱ་ཡ་སིདྡྷི་ཨ་བྷི་ཥིཉྩ་ༀ༔ རྗེ་བཙུན་གུ་རུ་རང་བཞིན་ལོངསསྤྱོད་རྫོགས༔ བདག་གི་མགྲིན་པར་ངག་གི་ཐིག་ལེ་ལ༔ དབང་བསྐུར་བྱིན་རློབས་རྨི་ལམ་སྒྲིབ་པ་སོལ༔ འགགས་མེད་གསུང་གི་དགོས་གྲུབ་སྩལ་དུ་གསོལ༔ མགྲིན་པའི་ཨཱཿདམར་གསུང་གི་རྡོ་རྗེ་ལས༔ ཉི་ཟེར་བདུད་རྩི་བདག་གི་མགྲིན་པར་ཞུགས༔ རླུང་གི་སྒྲིབ་དག་གྲགས་སྟོང་སྔགས་སུ་སྨིན༔ གསང་དབང་མཐར་ཕྱིན་ལོངས་སྐུའི་གསོས་ཐེབས་གྱུར༔ ཝཱ་ཀཱ་སིདྡྷི་ཨ་བྷི་ཥིཉྩ་ཨཱ༔ རྗེ་བཙུན་གུ་རུ་ངོ་བོ་ཆོས་ཀྱི་སྐུ༔ བདག་གི་སྙིང་གར་ཡིད་ཀྱི་ཐིག་ལེ་ལ༔ དབང་བསྐུར་བྱིན་རློབས་གཉིད་མཐུག་སྒྲིབ་པ་སོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཐུགས་ཀའི་ཧཱུྃ་སྔོན་ཐུགས་ཀྱི་རྡོ་རྗེ་ལས༔ མཐིང་གསལ་བདུད་རྩི་བདག་གི་སྙིང་གར་ཞུགས༔ ཐིག་ལེའི་སྒྲིབ་དག་རིག་སྟོང་འོད་གསལ་སྨིན༔ ཤེར་དབང་མཐར་ཕྱིན་ཆོས་སྐུའི་གསོས་ཐེབ་གྱུར༔ ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ རྗེ་བཙུན་གུ་རུ་བདེ་ཆེན་རྡོ་རྗེའི་སྐུ༔ བདག་གི་ལྟེ་བར་ལྷན་སྐྱེས་ཐིག་ལེ་ལ༔ དབང་བསྐུར་བྱིན་རློབས་ཆགས་རྟོག་སྒྲིབ་པ་སོལ༔ སྐུ་ལྔ་ཡོངས་རྫོགས་དངོས་གྲུབ་སྩལ་དུ་གསོལ༔ ལྟེ་བའི་ཧྲཱིཿཡིག་ཡེ་ཤེས་རྡོ་རྗེ་ལས༔ གསེར་མདོག་བདུད་རྩི་བདག་གི་ལྟེ་བར་ཞུགས༔ འཕོ་བའི་སྒྲིབ་དག་བདེ་སྟོང་ཆེན་པོར་སྨིན༔ དབང་བཞི་མཐར་ཕྱིན་སྐུ་བཞིའི་གསོས་ཐེབས་གྱུར༔ སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧྲཱིཿཞེས་དབང་བཞི་བླང་ཞིང་དབང་དོན་གྱི་ཉམས་སྐྱོང་བ་ནི་དངོས་གཞིའི་ཉམས་ལེན་ནོ། །གསུམ་པ་རྗེས་ལ་ཚོགས་མཆོད་འབུལ་བར་སྤྲོ་ན། །རྫས་རྣམས་ལ་བདུད་རྩི་གཏོར་ཏེ། རང་ཉིད་རྡོ་རྗེ་སེམས་དཔའིཐུགས་ཀ་ནས། །རྃ་ཡྃ་ཁྃ་འཕྲོས་མེ་རླུང་ཆུར་གྱུར་པས། །དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས། །རླུང་མེ་ཐོད་པའི་སྒྱེད་པུར་ཨ་ཡིག་ལས། །བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་ནང་། །ཤ་ལྔ་བདུད་རྩིར་ས་བོན་བཅུ་ཡིས་མཚན། །རླུང་གཡོས་མེ་སྦར་རྫས་ཁོལ་རླངས་པ་ཡིས། །འཁོར་འདས་བདུད་རྩིའི་དྭངས་མར་ཞུ་བའི་རྒྱུན། །འདྲེས་པས་ཟག་མེད་འདོད་དོན་བདུད་རྩིར་གྱུར། །ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀའི་འོད་ཀྱིས་མདུན་གྱི་མཁར། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་ཚོགས། །སྤྲིན་ཕུང་གཏིབས་པ་བཞིན་དུ་སྤྱན་དྲངས་ནས། །ཚོགས་ཞིང་རྣམས་དང་གཉིས་མེད་བཞུགས་པར་གྱུར། །ༀབཛྲ་ས་མཱ་ཛཿཧཱུྃ་བྃ་ཧོཿདེ་ནས་ཕུད་ཆ་བཞིར་སྤྲོས་ལ། དང་པོ་མཆོད་པ་ནི། གཟུགས་སྒྲ་དྲི་རོ་རེག་ལྡན་པའི། །འདོད་ཡོན་ཚོགས་ཀྱི་མཆོད་པ་ནི། །གུས་པའི་བློ་ཡིས་འབུལ་ལགས་ན། །དགྱེས་པའི་གར་གྱིས་བཞེས་སུ་གསོལ། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་བ་བཤགས་པ་ནི། ཐོག་མེདདུས་ནས་ད་ལྟའི་བར། །སྒོ་གསུམ་མི་ཤེས་བག་མེད་པས། །ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཡིག་བརྒྱ་བཟླ། ཐ་མ་བསྒྲལ་བ་ནི། ཆ་གསུམ་པ་དེའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་ཞེས་རང་ལ་བསྡུས་ནས། ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿཛཿཧཱུྃ་བྃ་ཧོཿས་བསྒྲལ་བྱ་རྣམས་དགུག་བསྟིམས་བྱས་ལ། ཧཱུྃ། ང་ནི་ཟ་བྱེད་ཆེན་པོ་སྟེ། ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །མཱ་ར་ཡ་ཕཊ། ཅེས་དྭངས་མ་ཡེ་ཤེས་ཀྱི་འཁོར་ལོར་སྦར། སྙིགས་མ་དུམ་བུར་གཏུབས་ཤིང་བདུད་རྩིར་སྦར་ཏེ། མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཨ་མྲྀ་ཏ་ཁཱ་ཧི། ཞེས་སྟོབས། དེ་ནས་རོལ་བ་ནི། རང་ལུས་ལྷར་གསལ་བའི་སྐུ་རྩ་གསུམ་ལྷ་ཚོགས་ཏིལ་གྱི་གོང་བུ་ལྟར་བཞུགས་པར་མོས་ལ། ཚོགས་རྫས་ལག་པའི་དགང་བླུགས་ཀྱིས་ལྟེ་བའི་ཐབ་ཁུང་དུ་གཏུམ་མོའི་མེས་བསྲེགས་པའི་བདུད་རྩིའི་དྭངས་མས་ལུས་ཀྱི་ལྷ་རྣམས་མཉེས་ཤིང་ཚིམས་པར་མོས་ལ་ལོངས་སྤྱོད་མཐར། ཙཎྜ་ལཱིས་སྤྱིི་བོའི་ཧཾ་ཞུ་བའི་ཞུ་བདེའི་རང་མདངས་བདེ་སྟོང་ལྷན་སྐྱེས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཀྱི་དབྱིངས་སུ་ལ་བཟླ་བར་བྱས་ལ། ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །ཞེས་སོགས་སྨོན་ལམ་གདབ། ལྷག་མའི་ཆ་སྔར་གྱི་ཕུད་ཆ་བཞི་པ་དང་བསྲེས་ལ། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿདམ་ཚིག་གི་ཁ་ཕྲུ་བཏབ་པས། ལྷག་མའི་གཏོར་མ་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པར་བསམས་ལ། འབར་བའི་ཕྱག་རྒྱ་དང་བཅས་ཕེཾ་ཞེས་མགྲོན་དགུགཧཱུྃ། མཁའ་འགྲོ་གིང་དང་དབང་ཕྱུག་མ། །མ་མདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས། །དཔལ་གྱི་ཕམ་ཕབ་འདི་གསོལ་ལ། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ༀ་ཨུཙྪིཥྚ་བ་ལིངྟ་ཁཱ་ཧི། ཞེས་ཕྱི་རོལ་དུ་འབུལ་ལོ། །སླར་ཡང་ཡན་ལག་བདུན་པ་བསྡུས་ཏེ་འབུལ་བ་ནི། ཕྱོགས་བཅུ་དུས་བཞིའི་སྐྱབས་གནས་རབ་འབྱམས་ལ༔ སྒོ་གསུམ་རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔ དངོས་བཤམས་ཡིད་སྤྲུལ་རྨད་དུ་བྱུང་བ་ཡི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད་པར་བགྱི༔ ཚེ་རབས་འཁོར་བར་བསགས་པའི་སྡིག་ལྟུང་ཀུན༔ གནང་ཞིང་འགྱོད་པའི་སེམས་ཀྱིས་སྙིང་ནས་བཤགས༔ འཕགས་དང་སོ་སྐྱེའི་རྣམ་དཀར་དགེ་ཚོགས་ལ༔ དགའ་ཞིང་སྤྲོ་བས་རྗེས་སུ་ཡི་རང་ངོ༔ བླ་མ་རྒྱལ་བ་སྲས་དང་བཅས་རྣམས་ཀུན༔ མྱ་ངན་མི་འདའ་རྡོ་རྗེའི་སྐུར་བཞུགས་ནས༔ ཇི་སྲིད་འཁོར་བ་སྟོང་པར་མ་གྱུར་བར༔ ཟབ་ཅིང་རྒྱ་ཆེའི་ཆོས་འཁོར་བསྐོར་བར་གསོལ༔ དགེ་བ་འདི་དང་དུས་གསུམ་དགེ་བ་ཀུན༔ བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོས་པའི་མཐུས༔ འགྲོ་ཀུན་བླ་མེད་ཐེག་པའི་སྣོད་གྱུར་ནས༔ རིག་འཛིན་རྣམ་བཞིའི་གོ་འཕང་མྱུར་ཐོབ་ཤོག༔ འདོད་དོན་ལ་སྨོན་ཞིང་གསོལ་བ་གདབ་པ་ནི། ཀྱེ་ཧོཿདཀོན་མཆོག་ཀུན་འདུས་གུ་རུ་རིན་པོ་ཆེ༔ མཁྱེན་བརྩེ་ཡེ་ཤེས་ཆེན་པོའི་བྱིན་རླབས་དང༔ སྙིང་ནས་བློ་གཏད་མོས་པའི་རྟེན་འབྲེལ་མཐུས༔ སྨོན་པའི་འབྲས་བུ་འགྲུབ་པར་བྱིན་གྱིས་རློབས༔ སྙིང་པོ་མེད་པ་འཁོར་བའི་ཆོས་རྣམས་ལ༔ ངེས་འབྱུང་དྲག་པོས་ཐར་པའི་ལམ་ལ་ཞུགས༔ རང་ཉིད་ཞི་བདེ་དོན་དུ་མི་གཉེར་བར༔ རྒྱལ་སྲས་སྤྱོད་ལ་འཇུག་པར་བྱིན་གྱིས་རློབས༔ མི་དགེའི་བཤེས་དང་ནམ་ཡང་མི་འཕྲད་ཅིང༔ མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་གྱིས༔ རྗེས་བཟུང་དམ་ཚིག་ཚུལ་བཞིན་བསྲུང་བ་དང༔ སྨིན་གྲོལ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས༔ སྐྱེ་ཀུན་ལོག་པའི་ལམ་དུ་མི་གོལ་བར༔ ཐེག་དགུའི་སྙིང་པོ་འོད་གསལ་རྫོགས་པ་ཆེའི༔ གདམས་པའི་བཅུད་ཐོབ་ཉམས་ལེན་མཐར་ཕྱིན་ནས༔ གདོད་མའི་ཟད་སར་འཁྱོལ་བར་བྱིན་གྱིས་རློབས༔ ཁྱད་པར་གུ་རུ་པདྨ་འབྱུང་གནས་ཀྱིས༔ ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་ནས་ཀྱང༔ དགྱེས་པའི་ཞལ་བསྟན་གསུང་གི་བདུད་རྩི་ཐོབ༔ ཡེ་ཤེས་རྒྱུད་ལ་ཞུགས་པར་བྱིན་གྱིས་རློབས༔ ལྟེམ་རྐྱང་མེད་པའི་མོས་གུས་རྒྱུད་ལ་སྐྱེ༔ གསང་བ་གསུམ་གྱི་བྱིན་རླབས་རྫོགས་པར་ཞུགས༔ འབྲེལ་ཚད་དོན་ལྡན་བསྡུ་བཞིའིསྤྱོད་པ་ཡིས༔ མཁའ་མཉམ་འགྲོ་ཀུན་སྒྲོལ་བར་བྱིན་གྱིས་རློབས༔ ལས་དང་ཉོན་མོངས་འཁྲུལ་འཁོར་རྒྱུན་ཆད་ཅིང༔ ནད་གདོན་འཇིགས་ཚོགས་མ་ལུས་དབྱིངས་སུ་ཞི༔ བརྒལ་དཀའ་མཐའ་མེད་འཁོར་བའི་རྒྱ་མཚོ་དང༔ ངན་འགྲོའི་གྲོང་ཁྱེར་སྟོངས་པར་བྱིན་གྱིས་རློབས༔ རྨད་བྱུང་བྱང་ཆུབ་སེམས་མཆོག་རིན་པོ་ཆེ༔ བདག་གཞན་རྒྱུད་ལ་རྩོལ་བ་མེད་པར་སྐྱེ༔ ནམ་ཡང་མི་འབྲལ་གོང་དུ་འཕེལ་ནས་ཀྱང༔ ས་ལམ་མྱུར་དུ་རྫོགས་པར་བྱིན་གྱིས་རློབས༔ ཚེ་ལ་དབང་ཐོབ་སྒྲུབ་པ་མཐའ་རུ་ཕྱིན༔ གེགས་དང་བར་ཆད་ནམ་ཡང་མི་འབྱུང་བར༔ ཡིད་ལ་བསམ་པ་ཐམས་ཅད་ལྷུན་གྱིས་འགྲུབ༔ རང་གཞན་དོན་གཉིས་མཐར་ཕྱིན་བྱིན་གྱིས་རློབས༔ བསྟན་པའི་ཤིང་རྟ་རང་དབང་ཉིད་དུ་འདྲེན༔ ཐུབ་བསྟན་སྒྲོན་མེ་འཇིག་རྟེན་ཡོངས་ལ་སྦར༔ གསང་ཆེན་བསྟན་པའི་རྒྱལ་མཚན་ཀུན་ཏུ་སྒྲེང༔ བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་རློབས༔ བླ་མས་བྱིན་རློབས་ཡི་དམ་དངོས་གྲུབ་སྩོལ༔ མཁའ་འགྲོས་གྲོགས་མཛད་དམ་ཅན་བྲན་དུ་ཁོལ༔ བཀའ་བཙན་བྱིན་ཆེ་ཉམས་རྟོགས་རྩལ་རྫོགས་ནས༔ རིག་འཛིན་རྣམ་བཞིའི་འབྲས་ཐོབ་བྱིན་གྱིས་རློབས༔ རྒྱལ་བ་སྲས་བཅས་དགོངས་པ་སྐོང་བ་དང༔ མཁའ་མཉམ་འགྲོ་ཀུན་བླ་མེད་གནས་སུ་བསྒྲལ༔ གདུལ་དཀའ་དྲག་པོའི་སྟོབས་ཀྱིས་འདུལ་བ་ལ༔ གུ་རུ་ཉིད་དང་མཉམ་པར་བྱིན་གྱིས་རློབས༔ གཟུངས་དང་བློ་གྲོས་སྤོབས་པའི་གཏེར་ཆེན་བརྡོལ༔ ཏིང་འཛིན་སྒོ་མོ་བྱེ་བ་བསམ་ཡས་ཐོབ༔ ཟག་མེད་མངོན་ཤེས་རྫུ་འཕྲུལ་སྟོབས་ཆེན་པོས༔ འགྲོ་དོན་ཕྱོགས་མེད་འགྲུབ་པར་བྱིན་གྱིས་རློབས༔ བཟང་ངན་ལས་ཀྱིས་འབྲེལ་བའི་སེམས་ཅན་ཀུན༔ ལོག་པར་མི་ལྟུང་འདི་ནས་འཕོས་མ་ཐག༔ སྣང་བ་མཐའ་ཡས་ཞིང་མཆོག་བདེ་ཅན་དུ༔ འདྲེན་པའི་ནུས་པ་ཐོབ་པར་བྱིན་གྱིས་རློབས༔ རྒྱལ་བསྟན་དར་ཞིང་ཡུན་རིང་གནས་པ་དང༔ འགྲོ་ཀུན་བདེ་སྐྱིད་དམ་པའི་ཆོས་ལ་སྤྱོད༔ ལྟ་བ་ངན་དང་ནད་མུག་འཁྲུགས་རྩོད་ཞི༔ དགེ་དགུ་སྨོན་བཅུའི་དཔལ་འབྱོར་རབ་རྒྱས་ཤོག༔ ཐུན་བསྡུ་བ་ནི། སླར་ཡང་ཐལ་མོ་སྦྱར་ཏེ་དད་མོས་རྩེ་གཅིག་པས། རྩ་རྒྱུད་བླ་མ་ཀུན་འདུས༔ དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག༔ དཀོན་མཆོག་གསུམ་གྱི་རྩ་བ༔ དཔའ་བོ་མཁའ་འགྲོའི་དབང་ཕྱུག༔ འགྲོ་དྲུག་ཡོངས་ཀྱི་འདྲེན་པ༔ བོད་འབངས་སྐྱོབ་པའི་མགོན་པོ༔ བྱིན་རླབསཐུགས་རྗེའི་གཏེར་ཆེན༔ བཀའ་དྲིན་གཞལ་དུ་མེད་པ༔ གུ་རུ་པདྨ་མཁྱེན་ནོ༔ རྡོ་རྗེའི་ཡེ་ཤེས་ཆེན་པོ༔ སྙིང་ནས་གསོལ་འདེབས་བུ་ཡི༔ རྒྱུད་ལ་མྱུར་དུ་ཞུགས་ནས༔ ཉིད་དང་རྣམ་དབྱེར་མེད་པའི༔ བྱིན་རླབས་དངོས་གྲུབ་སྩོལ་ཅིག༔ ཅེས་གསོལ་བ་བཏབ་པའི་རྐྱེན་གྱིས་སྣང་སྲིད་བླ་མའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་འོད་དུ་འདུས་ཏེ་འཁོར་རྣམས་ལ་ཐིམ། འཁོར་རྣམས་གཙོ་བོ་ལ་ཐིམ། དེ་ཉིད་དགྱེས་པ་ཆེན་པོས་རང་གི་སྤྱི་བོར་བྱོན། ཞབས་ཀྱི་མཐེ་བོང་ལས་བདུད་རྩིའི་རྒྱུན་བབས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས་ལུས་ཕྱི་ནང་ཐམས་ཅད་ལ་ཁྱབ་པས་ལུས་ཀྱི་སྒྲིབ་པ་དགསྐུ་ཡི་དངོས་གྲུབ་ཐོབ། མགྲིན་པར་བབས། ངག་གི་སྒྲིབ་པ་དགགསུང་གི་དངོས་གྲུབ་ཐོབ། སྙིང་གར་བབས། ཡིད་ཀྱི་སྒྲིབ་པ་དགཐུགས་ཀྱི་དངོས་གྲུབ་ཐོབ། ལྟེ་བར་བབས། དྲི་མ་དགཡོན་ཏན་གྱི་དངོས་གྲུབ་ཐོབ། གསང་བར་བབས། ཕྲིན་ལས་ཀྱི་དངོས་གྲུབ་ཐོབ། བླ་མ་དགྱེས་པ་ཆེན་པོས་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་མོས་ལ། གུ་རུ་དགྱེས་པས་འོད་ཞུ་རང་ལ་ཐིམ༔ དབྱེར་མེད་རང་བྱུང་འོད་གསལ་ཆོས་ཀྱི་སྐུ༔ རྩོལ་བྲལ་བློ་ལས་འདས་པ་གདོད་མའི་གཤིས༔ ཆོསཀུན་ཡེ་རྫོགས་ཆེན་པོའི་དགོངས་པ་བསྐྱང༔ ཞེས་པའི་དོན་ལ་མཉམ་པར་བཞག་དེ་ལས་ལྡང་བ་ན། སྣང་བ་ཐམས་ཅད་བླ་མའི་སྐུ། །གྲགས་པ་ཐམས་བླ་མའི་གསུང། །དྲན་རིག་ཐམས་ཅད་བླ་མའི་ཐུགས། །སྣོད་བཅུད་ཡེ་ཤེས་རོལ་པའོ། །ཞེས་མོས་ལ་དགེ་བ་བསྔོ་བ་ནི། དགེ་འདིས་ཕྱོགས་བཅུ་དུས་གསུམ་གྱི༔ བླ་མའི་ཐུགས་དགོངས་རྫོགས་པ་དང༔ དུས་གསུམ་ཕ་མས་ཐོག་དྲངས་པའི༔ འགྲོ་དྲུག་སེམས་ཅན་མ་ལུས་པ༔ གུ་རུ་མཆོག་གིས་རྗེས་བཟུང་སྟེ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཤིས་བརྗོད་ནི། ༀ༔ རིག་འཛིན་རྩལ་འཆང་བླ་མའི་བྱིན་རླབས་དང༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་བདེན་པའི་མཐུས༔ བར་ཆད་ཀུན་ཞིི་བསམ་དོན་ལྷུན་གྱིས་འགྲུབ༔ སྐུ་བཞིའི་གོ་འཕང་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་སོགས་བརྗོད་ཅིང་མེ་ཏོག་གི་ཆར་གྱིས་དགེ་ལེགས་སུ་བྱའོ། །དེ་ལྟར་བརྩོན་པའི་ཕན་ཡོན་ཡང་། གཞུང་ལས། ཉམས་ལེན་ཚར་གཅིག་བགྱིས་པས་ཀྱང༔ གུ་རུ་ཞལ་མཐོང་སྐལ་ལྡན་འགྱུར༔ རྟག་ཏུ་བརྩོན་ན་སྒྲིབ་ཀུན་བྱང༔ ཚོགས་ཆེན་རྫོགས་ཤིང་བདག་ལ་སོགས༔ རྩ་གསུམ་རྒྱལ་བས་བྱིན་གྱིས་རློབ༔ པདྨ་འོད་ཀྱི་གཞལ་མེད་དུ༔ འབྲེལ་བར་བཅས་ཏེ་མངོན་བྱང་ཆུབ༔ ཞེས་གུ་རུ་ཉིད་ཀྱི་རྡོ་རྗེའི་བདེན་གསུང་བསླུ་བ་མེད་པས་རྗེས་སུ་བསྔགས་པར་མཛད་པ་ཡིན་ནོ། །རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་གར་མཁན་མཆོག །དྲན་པས་བདེ་ཆེན་ཡེ་ཤེས་མཆོག་སྟེར་བའི། །བླ་མ་སངས་རྒྱས་ཆོས་སྐུར་ངེས་རྙེད་ལ། །ཟུང་འཇུག་གྲུབ་པ་ཡོད་ཀྱིས་གཞན་དུ་ཅི། །དེ་སླད་ནམ་མཁའ་གང་བའི་སངས་རྒྱས་ལ། །སྣ་ཚོགས་མཆོད་པའི་སྤྲིན་གྱིས་མཉེས་བྱས་པས། །བླ་མའི་བ་སྤུ་གཅིག་མཆོད་དོན་ཆེ་བར། །རྡོ་རྗེ་འཆང་གིས་བསྔགས་ལ་སུ་མི་རངས། །ཟབ་དང་རྒྱ་ཆེའི་མདོ་རྒྱུད་དགོངས་པའི་བཅུད། །ལམ་ཟབ་བླ་མ་སྒྲུབ་ཅིང་མཆོད་པའི་ཚུལ། །མ་ཧཱ་གུ་རུའི་ཞལ་ལུང་སྙིང་པོ་རུ། །བསྡུས་འདིར་འགལ་འཁྲུལ་ཉེས་པ་གང་མཆིས་བཤགས། །དེ་ལས་བྱུང་བའི་རབ་དགེ་དྲི་མེད་ཀྱིས། །ཆོས་ལྟར་བཅོས་པའི་མུན་སྤྲུལ་ཀུན་ཞི་ནས། །འགྲོ་ཀུན་ཐེག་མཆོག་ཟབ་མོའི་སྣོད་གྱུར་ཏེ། །ཡིད་ལ་ཡེ་ཤེས་སྣང་བ་འབར་གྱུར་ཅིག །བདག་ཀྱང་སྐྱེ་ཀུན་རྗེ་བཙུན་མཆོག་རྣམས་ཀྱི། །བྲན་དུ་གྱུར་ནས་ཐུགས་ཀྱི་དགོངས་པ་སྐོང་། །གསང་བའི་མཛོད་གཉེར་གདུལ་བྱའི་ལྷག་མ་སྐྱོང་། །མཐར་ཐུག་ཚོམ་བུ་གཅིག་ཏུ་བྱང་ཆུབ་ཤོག །བཀྲ་ཤིས་གང་ཞིག་འོད་གསལ་གཉུག་མའི་གཤིས། །འཕོ་མེད་རྟག་པ་དམ་པའི་མགོན་བཞུགས་པའི། །བདེན་པ་དེ་ཡིས་མཁའ་ཁྱབ་འགྲོ་ཀུན་གྱིས། །རང་བྱུང་ཡེ་ཤེས་རྟོགས་པའི་རྒྱུར་གྱུར་ཅིག །རིག་འཛིན་བརྒྱུད་པའི་བྱིན་རླབས་སྤྲིན་ཆེན་འཁྲིགས། །གྲུབ་གཉིས་འདོད་དགུའི་ཆར་རྒྱུན་འཛད་མེད་འཇོ། །ངེས་གྲོལ་བསྟན་པའི་ཆུ་གཏེར་ཆེས་ཆེར་འཕེལ། །དོན་གཉིས་རླབས་ཕྲེང་མཛེས་པའི་བཀྲ་ཤིས་ཤོག །ཅེས་པའང་མཆོག་སྤྲུལ་དམ་པ་ཀུན་བཟང་གཞན་ཕན་བློ་གྲོས་དང་དགེ་སློང་ཞིང་སྐྱོང་ཟུང་གི་གསུང་བསྐུལ་བཞིན། གདོད་མའི་མགོན་པོ་དང་ཞལ་མི་གཉིས་པ་སྤྲུལ་པའི་གཏེར་ཆེན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའི་ཟབ་གཏེར་ལས་བྱོན་པའི་ལམ་ཟབ་ལེའུ་བདུན་མ་ཉིད་རྩ་བར་བཟུང་། སྐབས་སུ་བབས་པའི་སྦྱོར་རྗེས་ཕལ་ཆེར་ཀུན་མཁྱེན་ངྷརྨ་ཤྲཱིའི་གསུང་རབ་སོགས་ལས་ཀྱང་བླངས་ཏེ། བླ་མ་སངས་རྒྱས་སུ་ལྟ་བའི་མོས་གུས་ལམ་དུ་བྱེད་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས། རང་ལོ་ང་གསུམ་པ་ཆུ་ཁམས་བྷཱ་རཱ་ཧའི་ལོ་ཆོ་འཕྲུལ་ཅན་གྱི་འཕེལ་ཕྱོགས་ཀྱི་རྒྱལ་བ་གསུམ་པ་རྒྱལ་དང་ཕུར་བུའི་འགྲུབ་སྦྱོར་དགེ་བར་བདེ་མཆོག་བཀྲ་ཤིས་དགེ་འཕེལ་གྱི་དབེན་སྤྱིལ་དུ་བྲིས་པ་དགེ།

༄༅། །ༀ་སྭསྟི། རྒྱུན་མཆོད་སོགས་ཀྱི་སྐབས། ཡོན་ཆབ་མེ་ཏོག་སོགས་གང་འཛོམས་དམིགས་རྟེན་དུ་བྱས་ཏེ། མཆོད་པའི་སྤྲིན་གཟུངས་ལན་གསུམ་སྔོན་དུ་འགྲོ་བས། ༀ། སྣང་སྲིད་རྣམ་དག་ཡེ་ཤེས་རོལ་བའི་རྒྱན། །ཕུལ་བྱུང་མཆོད་ཚོགས་ཀུན་བཟང་བཀོད་པའི་སྤྲིན། །ཆོས་དབྱིངས་དང་མཉམ་རྒྱས་པར་འགེངས་བྱས་ཏེ། །མཁའ་ཁྱབ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །རྡོ་རྗེ་སེམས་དཔའ་རྡོ་རྗེ་བདེ་བ་ཆེ། །དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་ཧེ་རུ་ཀཿ། །བླ་མ་མཆོག་དང་དབྱེར་མེད་ལྷག་པའི་ལྷ། །སྐྱབས་གནས་དཀོན་མཆོག་རྩ་གསུམ་དཀྱིལ་འཁོར་ཆེ། །རབ་འབྱམས་ཏིལ་གྱི་གོང་བུ་བཞིན་གང་བར། །གུས་པས་འབུལ་ལོ་བརྩེ་བས་བདག་གིར་བཞེས། །བདག་དང་འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ནས། །མགོན་པོ་ཀུན་ཏུ་བཟང་དང་འཇམ་དཔལ་སོགས། །དཔའ་ཆེན་རྣམས་ཀྱི་རྣམ་ཐར་ཇི་ལྟ་བར། །སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་བྱེད་ཅིང་། །སེམས་ཅན་རྒྱ་མཚོ་སྨིན་དང་ཞིང་སྦྱང་བར། །བསྐལ་པ་རྒྱ་མཚོར་མི་སྐྱོའི་བརྩོན་པའི་གོ །སྲིད་མཐའི་བར་དུ་ཉམས་པར་མ་གྱུར་ཅིག །ཚེ་རབས་ཀུན་ཏུ་བླ་མ་མཆོག་གསུམ་གྱི། །ཐུགས་རྗེའི་སྣང་བས་ནམ་ཡང་མི་བཏང་ཞིང་། །ལམ་གོལ་བར་ཆད་བདུད་རྩིའི་འཚེ་བྲལ་ཏེ། །གཟུངས་སྤོབས་ཏིང་འཛིན་སྒོ་བརྒྱ་འབྱེད་གྱུར་ཅིག །དེའི་མཐུས་རྒྱལ་གསུང་ངེས་དོན་སྙིང་པོའི་མཛོད། །མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་སྤེལ་གསུམ་གྱིས། །དཔལ་མགོན་བླ་མའི་ཕྲིན་ལས་རྗེས་བསྒྲུབས་ཤིང་། །ལམ་གོལ་བདུད་ཀྱི་ཚོགས་རྣམས་ཚར་གཅོད་ཤོག །དེར་ཡང་བར་ཆད་འཚེ་བའི་མིང་མི་གྲགས། །མཐུན་རྐྱེན་བསམ་ཀུན་འབད་མེད་ལྷུན་གྱིས་གྲུབ། །ལུས་སེམས་རྡོ་རྗེ་ལྟ་བུར་རབ་བརྟན་ཞིང་། །དཀར་ཕྱོགས་ལྷ་ཡིསདུས་ཀུན་སྲུང་གྱུར་ཅིག །གནས་སྐབས་སུ་ཡང་རྒྱལ་ཁམས་བདེ་ཞིང་སྐྱིད། །རྒྱལ་བསྟན་ཡུན་གནས་བསྟན་འཛིན་ཐུགས་མཐུན་ཞིང་། །བཤད་སྒྲུབ་བསྟན་པའི་མངའ་ཐང་ཆེར་འཕེལ་ཏེ། །ནག་ཕྱོགས་ཀླ་ཀློའི་འཇུག་པ་མཐར་བྱེད་ཤོག །བདེ་གཤེགས་སྲས་བཅས་ཀུན་གྱིཐུགས་བསྐྱེད་དང་། །སོགས་ཇི་ལྟར་རིགས་པའི་སྨོན་ལམ་གདབ་པར་བྱའོ། །ཅེས་པའང་པདྨ་བི་ཛས་སོ། །། །

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ས་ཡི་སྙིང་པོ་ལ་མཆོད་ཅིང་གསོལ་བ་གདབ་པའི་ཆོ་ག་བརྟན་གཡོའི་བཅུད་སྤེལ་རིན་པོ་ཆེ་དབང་གི་རྒྱལ་པོ།

༄༅། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ས་ཡི་སྙིང་པོ་ལ་མཆོད་ཅིང་གསོལ་བ་གདབ་པའི་ཆོ་ག་བརྟན་གཡོའི་བཅུད་སྤེལ་རིན་པོ་ཆེ་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །ན་མཿཀྵི་ཏི་གརྦྷཱ་ཡ། གང་མཚན་ངོ་མཚར་རྡུལ་བྲལ་མ་ཎི་ཀ །དད་བརྩོན་རྒྱལ་མཚན་རྩེ་མོར་ཐོབ་ཙམ་གྱིས། །མཆོག་ཐུན་འདོད་དགུའི་གྲུ་ཆར་འཇོ་མཛད་པ། །འཕགས་མཆོག་ས་ཡི་སྙིང་པོས་དགེ་ལེགས་སྩོལ། །རྒྱལ་བའི་མྱུ་གུ་རྒྱུ་སྐར་ཕྲེང་བའི་དབུས། །མཚན་མོའི་མགོན་པོ་བཞིན་དུ་མངོན་འཕགས་པ། །མོས་ལྡན་རེ་བའི་ཀུ་མུཏ་བཞད་པ་ལ། །ཟླ་བྲལ་ཐུབ་པ་མཆོག་གིས་ལན་བརྒྱར་བསྔགས། །དེ་སླད་བདག་བློ་གཅིག་ཏུ་གུས་པའི་རྒྱུས། །མཚུངས་མེད་བླ་མའི་གསུང་གི་རྗེས་འབྲངས་ནས། །མཆོད་ཆོག་དགོས་འབྱུང་རཏྣའི་གཏེར་དབྱེ་བས། །བློ་ལྡན་སྐལ་བ་བཟང་རྣམས་དགའ་བར་མཛོད། །དེའང་ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། གནས་གང་དག་ན་སེམས་ཅན་འདོད་པ་སྣ་ཚོགས་ཀྱིས་སྡུག་བསྔལ་ཏེ་འདོད་པས་གདུང་བར་གྱུར་པ་དག་གིས། སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་ཏེ་མཆོད་པ་བྱས་ན། ཅི་དང་ཅི་འདོད་པ་ཐོབ་པས་སྡུག་བསྔལ་དང་བྲལ་ཏེ་སྐལ་བ་ཇི་ལྟ་བ་བཞིན་དུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདས་པའི་བར་དུ་འཐོབ་པར་འགྱུར་རོ། །ཞེས་པ་ནས། འདི་ལྟ་སྟེ། རིགས་ཀྱི་བུ་གལ་ཏེ་འགའ་ཞིག་གིས་བྱམས་པའམ། འཇམ་དཔལ་ལམ། ཀུནཏུ་སྤྱན་རས་གཟིགས་སམ་ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཱའིཀླུང་གི་བྱེ་མ་སྙེད་ལ་བསྐལ་པ་བརྒྱའི་བར་དུ་སེམས་རྩེ་གཅིག་པས་སྐྱབས་སུ་སོང་སྟེ་དེ་དག་གི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་པས་མཆོད་ཅིང་ཕྱག་འཚལ་བ་དང་འདོད་པའི་རེ་བའི་ཕྱིར་སྨོན་ལམ་བཏབ་པ་བས། འགའ་ཞིག་གིས་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ཏུ་སེམས་རྩེ་གཅིག་པས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་པས་མཆོད་པ་དང་ཕྱག་བྱས་ན་རེ་བའི་སྨོན་ལམ་ཐམས་ཅད་མྱུར་དུ་འགྲུབ་ཅིང་རྫོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་འདི་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར། སེམས་ཅན་རྣམས་ཀྱི་སྨོན་ལམ་གང་ཡིན་པ་ཡོངས་སུ་རྫོགས་པར་བྱེད་པ་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་དང་འདྲའོ། །དེ་ལྟར་སྐྱེས་བུ་ཆེན་པོ་འདི་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡུན་རིང་པོ་ནས་སྨོན་ལམ་ཆེན་པོ་ཤིན་ཏུ་བརྟན་པ་དང་སྙིང་རྗེ་ཆེན་པོ་དང་ཤིན་ཏུ་འབད་པའི་བརྩོན་འགྲུས་བསྒོམ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་ལས་ཁྱད་པར་དུ་འཕགས་པ་ཡིན་པས་ཁྱེད་ཀྱིས་བསྟི་སྟང་དང་བཅས་པས་མཆོད་པར་བྱའོ། །ཞེས་པའི་བར་གྱིས་བསྟན་པ་ལྟར། ཕན་ཡོན་དང་དགོས་ཆེད་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོའི་དཀྱིལ་འཁོར་དུ་མཆོད་ཅིང་གསོལ་བ་གདབ་སྟེ། ཐེག་པ་ཆེན་པོའི་དགེ་བའི་རྩ་བ་བསགས་སྦྱང་སྤེལ་གསུམ་གྱི་སྒོ་མཐའ་ཡས་པ་སྒྲུབ་པའི་ཚུལ་ལ་གཉིས། རྟེན་དང་མཆོད་ཚོགས་འདུ་བྱ་བ་དང་། ཉམས་ལེན་ཆོ་གའི་རིམ་པ་དངོས་སོ། །དང་པོ་ནི། གཙང་ཞིང་ཡིད་དུ་འོང་བའི་གནས་ཁང་བྱི་དོར་བྱས་ཤིང་རྒྱན་དང་བཀོད་པས་སྤྲས་བའི་གུང་དུ། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྣང་བརྙན་རབ་གནས་དང་ལྡན་པ་གཙོ་བོར་གྱུར་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞུགས་སུ་གསོལ་བའི་མདུན་ཕྱོགས་ཀྱི་སྟེགས་བུ་གྲུ་བཞི་པར་བ་ཡི་རྣམ་ལྔ་དང་། དྲི་བཟང་བྱུགས་པའི་དབུས་སུ། རིན་པོ་ཆེའི་མཎྜལ་ལ་རྡུལ་ཚོན་གྱི་པདྨ་འདབ་བརྒྱད་བྲིས་པའི་ལྟེ་བར་མེ་ཏོག་གི་ཚོམ་བུ་བཀོད་པའི་མདུན་དུ་མཆོད་པའི་མཎྜལ། ཁྲུས་ཀྱི་ཡོ་བྱད། མཆོད་ཡོན་ཞབས་བསིལ་སྔོན་དུ་འགྲོ་བའི། མེ་ཏོག་བདུག་སྤོས་མར་མེའི་ཕྲེང་བ། དྲི་བཟང་གི་ཡོན་ཆབ། ཞལ་ཟས་རོལ་མོའི་བྱེ་བྲག་རྣམས་དང་། བཀྲ་ཤིས་རྟགས་རྫས་རིན་ཆེན་བདུན་སོགས་འབྱོར་པས་དཔག་པ་རྣམས་ཀྱི་ཡོ་བྱད་རེ་རེ་ལའང་བརྒྱའམ་སྟོང་ཕྲག་སོགས་ཇི་ལྟར་ནུས་པ་མ་བསྲིས་པར་བཤམས། གལ་ཏེ་འབྱོར་པ་དམན་ལ་མོས་པ་དང་ལྡན་པ་དག་གིས་ནི་ཇི་ལྟར་འབྱོར་པའི་མེ་ཏོག་ལ་སོགས་པས་མཚོན། ལྷག་མ་དམིགས་པས་ཁྱབ་པར་བྱ་ཡི་མཐའ་གཅིག་ཏུ་ངེས་བཟུང་མི་དགོས། གཞན་ཡང་འོག་ཏུ་འབུལ་རྒྱུའི་བཤོས་ཟླུམ་རྒྱན་ལྡན་དཀར་མངར་བཟའ་བཅས་བསྐོར་བ་སོགས་མཁོ་བའི་ཡོ་བྱད་རྣམས་གཙང་ཞིང་དག་པར་མངོན་དུ་འདུ་བྱའོ། །གཉིས་པ་ཉམས་ལེན་ཆོ་གའི་རིམ་པ་ལ་གསུམ། རྣམ་པར་དག་པའི་སྦྱོར་བ། བསགསསྦྱང་སྤེལ་གསུམ་གྱི་དངོས་གཞི། ཆོ་ག་བྱས་པའི་རྗེས་ཀྱི་བྱ་བའོ། །དང་པོ་ལ་གཉིས། བྱང་ཆུབ་སེམས་ཀྱིས་བསམ་སྦྱོར་རྣམ་པར་དག་པར་བྱ་བ་དང་། བྱིན་རླབས་བཞི་སྐོར་གྱིས་སྣོད་བཅུད་རྣམ་པར་དག་པར་བྱ་བའོ། །དང་པོ་ནི། ཁྲུས་དང་གཙང་སྦྲ་ལེགས་པར་བྱས་ཏེ། ཤེས་རབ་སྟོང་པ་ཉིད་དང་། ཐབས་སྙིང་རྗེ་ཆེན་པོས་ཀུན་ལ་ཁྱབ་པར་བལྟས་ཏེ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་བ་སྟེ། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་པ་དག་དོན་དྲན་བཞིན་དུ་བརྗོད་པས་སྟོང་པ་ཉིད་ཀྱི་ཏིང་འཛིན་ཅི་ནུས་སུ་བསྒོམ། དེ་ལས་ལངས་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིགསྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིགསྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིགཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིགཞེས་ཚད་མེད་བཞི་སྒོམ་ཞིང་། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་ལན་གསུམ་གྱིས་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་དོ། །གཉིས་པ་ལ་བཞི་ལས། དང་པོ་ས་གཞི་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུ་དང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཡོན་ཏན་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་དག་པའི་སྦྱོར་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པའི་མཐུ་དང་། བདག་ཅག་རྣམས་ཀྱི་མོས་པའི་མཐུ་ལས་གནས་འདི་ས་གཞི་རིན་པོ་ཆེ་སྣ་བདུན་པའི་རང་བཞིན་ལག་མཐིལ་ལྟར་མཉམ་པ་ཐ་གྲུ་ཆེ་ཞིང་ཡངས་པ། རེག་ན་འཇམ་ཞིང་བདེ་བ། ལྷའི་མེ་ཏོག་དྲི་ཞིམ་པོས་གཅལ་བཀྲམ་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུའི་མཚོ་དང་རྫིང་བུ་དང་ལྟེང་ཀ་རིན་པོ་ཆེའི་ཕྱེ་མ་གྲམ་བུར་བདལ་ཞིང་ནོར་བུའི་ཕ་གུས་མཐའ་བརྩེགས་པ། ཨུཏྤལ་དང་ཀུ་མུཏ་དང་པདྨ་དུ་མས་མཛེས་པ་དང་། ཆུ་བྱ་སྐད་སྙན་པར་སྒྲོགས་པ་མང་པོས་གང་བ་རྣམས་དང་། རིན་པོ་ཆེའི་ཤིང་ལྗོན་པ་སྣ་ཚོགས་རྣམ་པར་རྒྱས་པ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྒྱན་དང་། བཀོད་པ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་གྱུར་ཅིགགཉིས་པ་གནས་བྱིན་རླབས་ནི། དེའི་དབུས་སུ་གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་མཐའ་ཡས་པ་རྣམ་པར་གནས་པ། རྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་འཇིག་རྟེན་ལས་ཡང་དག་པར་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་ཏུ་རྣམ་པར་དག་ཅིང་དབང་བསྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད། དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བརྟན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པས་ཉེ་བར་གནས་པ། ཉོན་མོངས་པའི་གནོད་པའི་དྲི་མ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པའི་དེ་བཞིན་གཤེགས་པའི་བཀོད་པའི་གནས། དྲན་པ་དང་བློ་གྲོས་དང་རྟོགས་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་གི་བཞོན་པ་ཡིན་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་ཉིད་དང་། སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེའི་པདྨའི་རྒྱལ་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པའི་གཞལ་མེད་ཁང་ཆེན་པོར་གྱུར། གསུམ་པ་གདན་བྱིན་བརླབ་ནི། དེའི་དབུས་སུ་ལྷ་དང་ཀླུ་དང་མི་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་པའི་ཁྲིའི་སྟེང་དུ་ལྷ་མིའི་གོས་རིན་ཐང་མེད་པ་བཏིང་བའིསྟེང་དུ། གཙང་ཞིང་དྲི་མ་མེད་པའི་པདྨའི་ཟེའུ་འབྲུར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་གང་བས་མཛེས་པ། གཞན་ཡང་རྒྱལ་བ་སྲས་དང་བཅས་པའི་བཞུགས་གནས་པདྨའི་གདན་སྣ་ཚོགས་པ་བཤམས་པ་སོ་སོར་གསལ་བར་གྱུར། བཞི་པ་མཆོད་པ་བྱིན་བརླབ་ནི། ཁྲི་དེ་དག་གིསྟེང་དུ་རིན་པོ་ཆེ་སྣ་ཚོགས་དང་ལྷ་དང་མིའི་གོས་སྣ་ཚོགས་ལས་གྲུབ་པའི་གདུགས་དང་བླ་རེ་དང་འཕན་དང་ལྡ་ལྡི་དང་ལྷའི་མེ་ཏོག་མན་ད་ར་བ་ལ་སོགས་པ་རྣམས་ཀྱི་ཆར་དང་། བླ་རེས་དང་གདུགས་དང་འཕན་དང་། ལྡ་ལྡི་ལ་སོགས་པར་མཛེས་པར་བྲེས་ཤིང་། ལོགས་རྣམས་ཀྱང་རིན་པོ་ཆེ་དང་། དར་དང་མེ་ཏོག་ལ་སོགས་པའི་དྲ་བ་དྲྭ་ཕྱེད་དང་འཕན་དང་ལྡ་ལྡི་ལ་སོག་པས་མཛེས་པ་དང་། ས་གཞིར་ལྷ་དང་མིའི་མེ་ཏོག་སིལ་མ་བཀྲམ་ཞིང་། མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་ཕུང་པོ་གསུམ་པའི་མདོ་དང་བཟང་པོ་སྤྱོད་པའི་སྨོན་ལམ་ལས་འབྱུང་བ་ལྟ་བུའི་མཆོད་པའི་སྤྲིན་གྱི་རྒྱ་མཚོ་ཕུལདུ་བྱུང་ཞིང་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པར་རྒྱས་པར་གང་ཞིག་ཟད་མི་ཤེས་པ་དང་ལྡན་པར་གྱུར། ༀ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྔྷ་ནི། ཏ་ཐཱ་ག་ཏཱ་ཡ། ཨ་རྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་ངྷི་ཙིཏྟ་བཛྲེ། མ་ཧཱ་བོ་ངྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་ངྷ་ན་བཛྲེ་སྭཱ་ཧཱ། ལན་གསུམ་རོལ་མོ་བསྒྲགས། དེ་ནས་ཐུན་མོང་དུ་བྱིན་གྱིས་བརླབ་པ་ནི་དཀོན་མཆོག་གསུམ་གྱི་བདེན་པ་དང་། བྱིན་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུ་དང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཡོན་ཏན་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་དག་པའི་སྦྱོར་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པའི་མཐུ་དང་། བདག་ཅག་རྣམས་ཀྱི་མོས་པའི་མཐུ་ལས་དེ་དེ་བཞིན་དུ་གྱུར་ཅིགཅེས་བདེན་པའིསྟོབས་ལན་གསུམ་བརྗོད་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། ཚོགས་ཞིང་སྤྱན་འདྲེན་པ་ཡན་ལག་དང་བཅས་པ་དང་། ཚོགས་བསགས་པའི་རིམ་པའོ། །དང་པོ་ལ་དྲུག་ལས། ཐོག་མར་སྙན་གསན་དབབ་པ་ནི། དད་གུས་ཆེན་པོས་པུས་བཙུག་ཐལ་མོ་སྦྱར་ཏེ་མེ་ཏོག་བཀྲམ། སྤོས་ཐོགས་ལ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འཁོར་ལོ་བཅུ་པའི་མདོ་ལས་སོ། །གྱི་ཁྱད་པར་ལ་བདེ་བར་གནས་པ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡང་ཤིན་ཏུ་རྟོགས་པར་འཇུག་པ། མི་སྐྱེ་བའི་ཆོས་ཀྱི་བཟོད་པའི་ཁྱད་པར་ཡང་ཐོབ་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་དུ་གྱུར་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ས་ལ་བཟོད་པ་ཐོབ་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱ་མཚོའི་ཕ་རོལ་དུ་ཕྱིན་པ། སེང་གེ་རབ་ཏུ་བསྒྱིངས་པའི་རྒྱལ་མཚན་གྱི་ཏིང་ངེ་འཛིན་ལ་ཡང་ཤིན་ཏུ་གནས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རི་ལ་ཡང་རབ་ཏུ་འཛེགས་པ། མུ་སྟེགས་ཅན་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཆོམ་པ། སེམས་ཅན་ཐམས་ཅད་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཇི་སྙེད་པ་ཐམས་ཅད་དུ་གནས་པར་མཛད་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ས་ཡི་སྙིང་པོ་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུས་བསྐོར་བ་རྣམས་དང་། གཞན་ཡང་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མུ་མེད་པ་ན་གཤེགས་ཤིང་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་དགེ་འདུན་དམ་པའི་ཆོས་སྐྱོང་བའི་ཞབས་འབྲིང་གི་ཚོགས་དང་བཅས་པ་ཐམས་ཅད་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཉེས་ལྟུང་གི་དྲི་མ་སྦྱང་ཞིང་། བསོད་ནམས་ཀྱི་ཚོགས་སྤེལ་བ་དང་། སྣོད་བཅུད་ཀྱི་རྒུད་པ་སེལ་ཞིང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པར་བྱ་བའི་སླད་དུ་སྤྱན་འདྲེན་ཞིང་མཆིས་ན་ཐུགས་རྗེ་ཆེན་པོས་བསྐུལ་ཏེ་དེང་དུས་ལ་བབ་ཅིང་དགོངས་པར་མཛད་དུ་གསོལ། གཉིས་པ་སྤྱན་འདྲེན་པ་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམས་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་བདག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །སེམས་ཅན་ཀུན་ལ་བདེ་བ་རབ་ཏུ་བྱིན། །སྲིད་པ་གསུམ་གྱི་སྡུག་བསྔལ་ཀུན་ལས་སྒྲོལ། །ཚད་མེད་རྣམ་པ་སྣ་ཚོགས་ཆར་འབེབས་པའི། །ས་ཡི་སྙིང་པོ་དེང་འདིར་དགོངས་པར་མཛོད། །ཕྱོགས་བཅུའི་ཞིང་ན་རྣམ་འཕྲུལ་སྣ་ཚོགས་ཀྱིས། །འགྲོ་བའི་དོན་བརྩོན་སེམས་དཔའ་འཁོར་དང་བཅས། །གདུལ་བྱའི་ཡུལ་ལ་ཐུགས་རྗེས་བརྩེར་དགོངས་ཏེ། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །གསུམ་པ་མཆོད་ཡོན་འབུལ་ཞིང་ཞབས་བསིལ་བ་ནི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་གསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནིི་བཞུགས་སུ་གསོལ། །མཆོད་ཡོན་གྱི་ཆུ་བཟེད་ཞལ་དུ་སྦྲེངས་ལ། རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ལུས་ངག་ཡིད་གསུམ་གདུང་བ་སེལ་སླད་དུ། །ཡན་ལག་བརྒྱད་ལྡན་ཆུ་གཙང་ཡིད་དུ་འོང་བ་འདི། །བཞེས་ཤིག་བཞེས་ཤིག་བདག་གི་མཆོད་ཡོན་འདི་དག་གོ །།བཏུང་བ་ཕུལ་བའི་བསོད་ནམས་ཀྱིས། །ཉོན་མོངས་བཀྲེས་སྐོམ་ཞི་བ་དང་། །སྦྱིན་སོགས་ཡོན་ཏན་ལྡན་པ་ཡི། །སྐོམ་དད་མེད་པར་སྐྱེ་བར་ཤོག །ཆུ་དཱུརྦའི་ཆུན་པོས་བླངས་ཏེ་ཆོལ་བཟང་སུ་ཞབས་བཀྲུ་བའི་ཚུལ་བྱ་ཞིང་། ངང་པའི་མཆོག་ལྟར་སོར་མོ་དྲྭ་བས་འབྲེལ། །འཁོར་ལོའི་མཚན་ཅན་མཛེས་པའི་ཞབས་ཟུང་ལ། །དག་ཕྱེད་ཕུལ་བས་སྐྱེ་བོ་མ་ལུས་པ། །རྫུ་འཕྲུལ་རྐང་པ་མཆོག་དང་ལྡན་གྱུར་ཅིག །བཞི་པ་ཁྲུས་གསོལ་བ་ནི། ཕྱག་ལེན་མཐོང་བརྒྱུད་ལྟར་བྱས་ལ། ༀ། རིན་ཆེན་ཁྲུས་ཁང་དྲི་ཞིམ་ཡིད་འོང་བར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་སྤོས་ཆུས་ལེགས་བཀང་བས། །གླུ་དབྱངས་རོལ་མོར་བཅས་ཏེ་སྐུ་ཁྲུས་གསོལ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡཤྲཱི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །དྲི་ཞིམ་སྲབ་འཇམ་ཡང་བའི་ན་བཟའ་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་འབུལ་བར་བགྱི། །ༀ་སུ་ཝཱསྟྲ་ཨཱ་ལམ་ཀ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་ཨཱཿཧཱུྃ། ལྔ་པ་བཞུགས་སུ་གསོལ་བ་ནི། གཞལ་མེད་ཁང་བཟང་བཀོད་པས་ལེགས་བརྒྱན་པ། །ཡིད་མཐུན་གདན་དང་བདེ་བའི་ཡོ་བྱད་རིགས། །མ་ཚང་མེད་འབྱོར་འདོད་དགུའི་སྤྲིན་ཕུང་འཁྲིགས། །གུས་པས་བསྟི་གནས་མཆོག་འདིར་ལེགས་བཞུགས་ནས། །ལྷར་བཅས་འཇིག་རྟེན་རྒྱ་མཚོའི་འགྲོ་བ་ཡི། །དྭངས་པའི་སེམས་ཀྱིས་བསྟོད་པའི་དབྱངས་བཅས་བར། །རྡུལ་སྙེད་ལུས་ཀྱི་ཕྲེང་བས་རྣམ་བཏུད་ནས། །ཕྱག་འཚལ་མཆོད་པའི་སྤྲིན་གྱིས་མཉེས་བགྱིའོ། །ༀ་སརྦ་བིད་པུ་ར་པུ་ར། སུ་ར་སུ་ར། ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོ་སྥར་ཎ་ཁཾ་ས་མ་ཡེ་སྭཱ་ཧཱ། དྲུག་པ་གསལ་གདབ་པ་ནི། འོག་མིན་གྱི་གནས་དང་སོ་སོའི་ཞིང་ཁམས་ནས་སྔོན་གྱི་ཐུགས་དམ་ལས་བརྩམས་ཏེ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཆེན་པོས་ནམ་མཁའི་ལམ་ལས་མངོན་པར་གཤེགས་ཏེ་གཞལ་མེད་ཁང་གི་དབུས་སུ་གདན་ལ་བཞུགས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ས་ཡི་སྙིང་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་སྟོད་གཡོགས་སེར་པོ་ཅན། ཞི་ཚུལ་སྤྱན་རྩ་དམར་ཞིང་མེ་ཏོག་སྔོན་པོའི་ཕྲེང་བས་ཐོད་བཅིངས་པ། ཕྱག་གཡས་ཤིང་ཏོག་དང་། གཡོན་པདྨའི་སྟེང་ན་ནོར་བུས་མཚན་པ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། བདེ་གཤེགས་རིགས་ལྔའི་དབུ་རྒྱན་ཅན། འོད་ཟེར་མུ་མེད་པ་འཕྲོ་ཞིང་འཁོར་བྱང་ཆུས་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུས་བསྐོར་བ། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་དགེ་འདུན་དང་དམ་པའི་ཆོས་སྐྱོང་བ་རྒྱ་མཚོ་བཅས་མངོན་སུམ་དུ་བཞུགས་ཤིང་། བདག་དང་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོས་དགོངས་པར་གྱུར། ཅེས་གསལ་གདབ་བོ། །གཉིས་པ་ཚོགས་བསགས་པ་ལ་གསུམ། ཡན་ལག་བདུན་བྱ་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ། ཁྱད་པར་གྱི་ཐུགས་དམ་བསྐུལ་བའོ། །དང་པོ་ལ་བདུན་ལས། ཐོག་མར་ཕྱག་འཚལ་བ་ནི། འགྲེངས་ཏེ་གནས་ལྔ་ས་ལ་འདུད་པའི་ཕྱག་བཅས། ན་མོ་མཉྫུ་ཤྲཱི་ཡེ། ན་མོ་ཨུཏྟ་མ་ཤྲཱི་ཡེ། ན་མོཿསུ་ཤྲཱི་ཡེ་སྭཱ་ཧཱ། ཞེས་པའི་སྔགས་ལན་གསུམ་སྔོན་དུ་འགྲོ་བས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་འཁོར་ལོ་བཅུ་པའི་མདོ་ལས། ཕུལ་དུ་གྱུར་པ་ཐམས་ཅད་ཀྱི་གཏེར་དུ་གྱུར་པ། རྣམ་པར་གྲོལ་བ་རིན་པོ་ཆེའི་འབྱུང་གནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིག་ཡོངས་སུ་དག་པར་བྱེད་པ། མྱ་ངན་ལས་འདའ་བར་འགྲོ་བའི་དེད་དཔོན་དུ་གྱུར་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་རིན་པོ་ཆེ་ཐམས་ཅད་ཆར་བཞིན་དུ་འབབ་པས་ཇི་ལྟར་རེ་ཞིང་འདོད་པ་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་པ། ཚོང་པ་མང་པོའི་རིན་པོ་ཆེའི་གླིང་ལྟ་བུ། དགེ་བའི་རྩ་བ་འཕེལ་ཞིང་སྐྱེ་བའི་ཕྱིར་ཞིང་གཤིན་པ་ལྟ་བུ། རྣམ་པར་གྲོལ་བའི་བདེ་བ་ལ་འཇོག་པའི་ཕྱིར་སྣོད་ལྟ་བུ། རིན་པོ་ཆེ་དམ་པའི་འབྱུང་གནས་སུ་གྱུར་པའི་ཕྱིར་ཡོན་ཏན་གྱི་བུམ་པ་བཟང་པོ་ལྟ་བུ། དགེ་བའི་ནན་ཏན་ཅན་ལ་སྣང་བའི་ཕྱིར་ཉི་མ་གསར་པ་ལྟབུ། ལམ་སྟོར་པ་རྣམས་ལ་སྣང་བར་བྱེད་པའི་ཕྱིར་སྒྲོན་མ་ལྟ་བུ། ཉོན་མོངས་པའི་གདུང་བ་སེལ་བའི་ཕྱིར་ཟླ་བ་ལྟར་སིམ་པ་ལྟ་བུ། རྐང་པ་མེད་པ་ལ་ཐེག་པར་གྱུར་པ་ལྟ་བུ། ལམ་རིང་པོར་འགྲོ་བ་ལ་ཚོགས་ཀྱི་སྟེགས་བུ་ལྟ་བུ། འབྲོག་བསླད་པ་ལ་ལམ་སྟོན་པ་ལྟ་བུ། སྨྱོས་ཤིང་འཁྲུགས་པ་ལ་སྨན་དམ་པ་ལྟ་བུ། ནད་ཀྱིས་གཟིར་བ་ལ་སྨན་པ་མཁས་པ་དང་ཕྲད་པ་ལྟ་བུ། རྒས་ཤིང་འཁོགས་པ་ལ་རྟེན་དང་མཁར་བ་ལྟ་བུ། ངལ་བ་དང་དུབ་པ་ལ་ཁྲི་དངསྟན་ལྟ་བུ། ཆུ་བོ་བཞི་རྒལ་བ་ལ་ཟམ་པ་ལྟ་བུ། ཕ་རོལ་དུ་འགྲོ་བ་ལ་གྲུ་དང་གཟིངས་ལྟ་བུ། དགེ་བའི་རྩ་བ་རྣམ་གསུམ་གྱི་འབྲས་བུ་ཁྱད་པར་ཅན་སྨིན་པར་བྱེད་པ། དགེ་བ་རྣམ་གསུམ་གྱི་གཞི་འདྲེན་ཅིང་རྒྱུན་དུ་འབེབས་པ། སྦྱིན་པ་གཏོང་བའི་རྒྱུན་མི་འཆད་པ་འཁོར་ལོ་ལྟར་འཇུག་པ། ཚུལ་ཁྲིམས་སྲུང་བ་བརྟན་པས་རི་རབ་ལྷུན་པོ་ལྟ་བུ། བརྩོན་འགྲུས་གཞིག་པར་དཀའ་བ་ནི་རྡོ་རྗེ་རིན་པོ་ཆེ་ལྟ་བུ། བཟོད་པ་མི་གཡོ་བ་ནི་ས་ཆེན་པོ་ལྟ་བུ། བསམ་གཏན་ཟབ་པ་ནི་གཏེར་གསང་བ་ལྟ་བུ། མཉམ་པར་འཇོག་པས་མཛེས་པ་ནི་མེ་ཏོག་གི་ཕྲེང་བ་དམ་པ་ལྟ་བུ། ཤེས་རབ་ཟབ་ཅིང་ཡངས་པ་ནི་རྒྱ་མཚོ་ཆེན་པོ་ལྟ་བུ། ཅིས་ཀྱང་མི་ཆགས་པ་ནི་ནམ་མཁའ་ལྟ་བུ། འབྲས་བུ་དམ་པའི་རྒྱུད་དང་ཉེ་བ་ནི་མེ་ཏོག་རྒྱས་པ་ལྟ་བུ། མུ་སྟེགས་ཅན་འདུལ་བ་ལ་སེང་གེའི་རྒྱལ་པོ་ལྟ་བུ། ལྷའི་བདུད་ཡོངས་སུ་འཇོམས་པ་ནི་ཀླུའམ་གླང་པོ་ཆེ་ལྟ་བུ། ཉོན་མོངས་པའི་དགྲ་ཐམས་ཅད་གཅོད་པ་ནི་ལྷའི་རལ་གྲི་ལྟ་བུ། འདུ་འཛི་མང་པོས་སྐྱོ་བ་ནི་རང་སངས་རྒྱས་ཀྱི་ཐེག་པ་ལྟ་བུ། ཉོན་མོངས་པའི་དྲི་མ་འཁྲུ་བ་ནི་ཆུ་དྭངས་པ་ལྟ་བུ། མི་གཙང་བའི་ཉལ་ཉིལ་སེལ་བ་ནི་རླུང་དྲག་པོ་ལྟ་བུ། ཀུན་ནས་ཉོན་མོངས་པས་གླགས་པ་གཅོད་པ་ནི་མཚོན་རྣོན་པོ་ལྟ་བུ། འཇིགས་པ་དང་བག་ཚ་བ་ཀུན་ལསསྲུང་བ་ནི་གཉེན་ནམ་མཛའ་བོ་ལྟ་བུ། ཕས་ཀྱི་རྒོལ་བའི་དགྲ་ལས་སྐྱོབ་པ་ནི་འོབས་སམ་མཁར་ལྟ་བུ། ཉམ་ང་བ་ཐམས་ཅད་ལས་གྲོལ་བར་བྱེད་པས་ཕ་མ་ལྟ་བུ། ཞན་ཅིང་ཉམཆུང་བ་རྣམས་སྦེེད་པ་ནི་ནགས་སྟུག་པོ་ལྟ་བུ། དབྱར་ལམ་རིང་པོར་འགྲོ་བ་ལ་བསིལ་གྲིབ་ཀྱི་ཤིང་ཆེན་པོ་ལྟ་བུ། ཚ་བ་དང་སྐོམ་གྱིས་གདུངས་པ་རྣམས་ལ་ཆུ་གྲང་ལྟ་བུ། བཀྲེས་པ་རྣམས་ལ་འབྲས་བུ་ཞིམ་པོ་ལྟ་བུ། གཅེར་བུ་རྣམས་ལ་བགོ་བའི་གོས་བྱེད་པ། ཚ་བས་ཉེན་པ་རྣམས་ལ་སྤྲིན་སྟུག་པོར་གྱུར་པ། དབུལ་ཕོངས་པ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་གྱུར་པ། འཇིགས་པས་སྐྲག་པ་དག་ལ་སྐྱབས་དང་གནས་སུ་གྱུར་པ། ལོ་ཏོག་རྣམས་ལ་ཆར་པར་གྱུར་པ། ཆུ་རྙོག་མ་ཅན་རྣམས་ལ་ནོར་བུ་ཆུ་དྭངས་སུ་གྱུར་པ། སེམས་ཅན་མང་པོའི་དགེ་བའི་རྩ་བ་མི་འགོང་བར་བྱེད་པས་སྤྱོད་ཡུལ་དམ་པ་སྟོན་ཅིང་འཁོར་སྤྲོ་བ་དང་ཚིམ་པར་བྱེད་པ། སེམས་ཅན་རྣམས་ལྷག་པའི་འཛེམ་པ་དང་ངོ་ཚ་བ་ལ་སྐུལ་ཞིང་འཛུད་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོག་པ་ལ་དེའི་རྒྱན་དང་ལྡན་པར་བྱེད་པ། ཉོན་མོངས་པ་ཡོངས་སུ་སེལ་བ་ལ་སྐྱུག་པ་དང་འཁྲུ་བའི་སྨན་ལྟ་བུར་གྱུར་པ། སེམས་འཁྲུགས་པ་སྡུད་པ་ནི་མཉམ་པར་འཇོག་པའི་སྤྱོད་ཡུལ་ལྟ་བུར་གྱུར་པ། སྤོབས་པ་ཐོགས་པ་མེད་པ་ནི་ཟོ་ཆུན་རྒྱུད་པའི་འཁོར་ལོ་ལྟ་བུ། དམིགས་པ་ལ་སེམས་སྡུད་པ་ནི་གཟུགས་བཟང་པོ་ལ་རྟོག་པ་ལྟ་བུ། བཟོད་པ་བརྟན་པ་ནི་རི་རབ་ལྷུན་པོ་ལྟ་བུ། གཟུངས་ཟབ་ཅིང་རྒྱ་ཆེ་བ་ནི་རྒྱ་མཚོ་ཆེན་པོ་ལྟ་བུ། རྫུ་འཕྲུལ་གྱི་རྐང་པ་ཐོགས་པ་མེད་པ་ནི་ནམ་མཁའ་ལྟ་བུ། སྒྲིབ་པའི་བག་ཆགས་ཐམས་ཅད་ཡོངས་སུ་སེལ་བ་ནི་ཇི་ལྟར་ཉི་མ་ཚ་བས་འཁྱག་པ་ཆམ་ཆོམདུ་བཞུ་བ་ལྟ་བུ། རྟག་ཏུ་བསམ་གཏན་དང་། གཟུགས་མེད་པ་དང་། ཡང་དག་པའི་ལམ་ལ་རོལ་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་རིན་པོ་ཆེ་དམ་པའི་གླིང་ལྟ་བུར་གྱུར་པས་ཆེད་དུ་མ་བརྩམས་ཀྱང་ཆོས་ཆེན་པོའི་འཁོར་ལོ་རབ་ཏུ་བསྐོར་བ་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་འཕགས་པ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ། །སྐྱེ་བོ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་སོ། །མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་བོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བའི་སླདདུ་སངས་རྒྱས། བཅོམ་ལྡན་འདས་གང་དག་ད་ལྟ་ན། ཕྱོགས་བཅུའི་འཇིག་རྟེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ། ཆོས་ཀྱི་འཁོར་ལོ་རབ་ཏུ་སྟོན་པ། ཆོས་ཀྱི་ཚུལ་རབ་ཏུ་འཛིན་པ། ཆོས་ཀྱི་སྦྱིན་པ་རབ་ཏུ་མཛད་པ། ཆོས་ཀྱི་སྒྲོན་མ་རབ་ཏུ་འབར་བར་མཛད་པ། ཆོས་ཀྱི་ཆར་རབ་ཏུ་འབེབས་པ། ཆོས་ཀྱི་རྔ་རབ་ཏུ་རྡུང་བ། ཆོས་ཀྱི་རྔ་བོ་ཆེ་རབ་ཏུ་རྡུང་བ། ཆོས་ཀྱི་དུང་རབ་ཏུ་འབུད་པ། ཆོས་ཀྱི་སྲོག་ཤིང་རབ་ཏུ་སྒྲེང་བ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་པ། ཉམས་བག་ཏུ་སྤྱོད་དུ་འཇུག་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། དེའི་ཞལ་ནས་གསུང་པའི་དམ་པའི་ཆོས་ཞི་བ་འདོད་ཆགས་དང་བྲལ་བ་རྣམས་དང་། འཕགས་པ་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་རང་སངས་རྒྱས་དམ་པ་ཆོས་སྐྱོང་བའི་ཞབས་འབྲིང་གི་ཚོགས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡིས་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །གཉིས་པ་མཆོད་པ་ལ་ཐོག་མར་བསྟོད་པས་མཆོད་པ་ནི། རྒྱས་པར་སྤྲོ་ན་འཕགས་བོད་མཁས་གྲུབ་གོང་མ་རྣམས་ཀྱིས་མཛད་པའི་བསྟོད་པའི་རིགས་སྤྱི་དང་། བྱེ་བྲགརྗེ་བླ་མའི་ཞལ་སྔ་ནས་སྩལ་པའི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་སྨོན་ལམ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོགས་པའི་སྤྲིན་གྱི་ཆར་འདི་ཉིད་ཀྱིས་བསྟོད་པར་བྱ་སྟེ། ན་མཿཀྵི་ཏི་གརྦྷ་ཡ། བྱང་ཆུབ་སེམས་དཔའི་རིན་ཆེན་ཕུང་པོའི་དབུས། །ས་ཡི་སྙིང་པོ་རྒྱལ་མཚན་ཏོག་ལྟར་འཕགས། །སེམས་ཅན་བསམ་པ་ཐ་དད་འདོད་འཇོ་ཞིང་། །ཉེ་རིང་མེད་པར་ཕན་པ་རིན་ཆེན་བཞིན། །རྒྱལ་བའི་སྲས་རྣམས་སྔོན་གྱི་འདུ་བྱེད་ལས། །སྐྱེས་ཀྱང་རེ་བ་མོད་ལ་རྫོགས་བྱེད་པ། །སྐྱེས་བུ་འདི་ཡི་དོ་ཟླ་ཡོད་མ་ཡིན། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོའི་ཕ་རོལ་ཕྱིན། །ཐུན་མོང་མིན་པའི་ཆོས་ལ་དབང་དུ་གྱུར། །པདྨ་རྒྱས་ལྟར་འབྲས་བུའི་དཔལ་དང་ཉེ། །མང་ཐོས་ཚུལ་ཁྲིམས་བག་ཡོད་ལ་གནས་ཏེ། །སྐྱེ་བོའི་ནང་ན་དམ་པར་གྱུར་རྣམས་ལ། །ཕྱིར་མི་ལྡོག་པའི་ཕྱག་རྒྱས་བཏབ་ནས་ཀྱང་། །བྱང་སེམས་མཐོང་བའི་དབང་པོ་དག་པར་སྒྲུབ། །ཉན་ཐོས་ཤེས་རབ་མཆོག་དང་རང་སངས་རྒྱས། །ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས། །ཡོན་ཏན་ཕྲ་བའི་ཆར་ཡང་དཔོག་མི་ནུས། །གལ་ཏེ་སྐྱེས་བུ་ཆེན་པོའི་ཡོན་ཏན་དང་། །དགེ་རྩ་རྒྱས་པར་རྐང་གཉིས་གཙོས་བཤད་ན། །འགྲོ་བས་མི་རྟོགས་རྨོངས་ཤིས་མྱོས་པར་གསུངས། །བསྐལ་པ་རྒྱ་མཚོ་ཐོག་མའི་མཐའ་ནས་ཀྱང་། །ཚད་མེད་བཅོམ་ལྡན་འདས་ལ་དམ་བཅས་ཏེ། །ལུས་ཅན་ཕན་ལ་ཞུགས་པའི་སྙིང་རྗེ་དང་། །མི་འཕྲོག་བརྩོན་འགྲུས་ཆེན་པོའི་སྟོབས་བསྐྱེད་པའི། །བསོད་ནམས་གོང་དུ་འཕེལ་བའི་ཤུགས་ཆེན་པོས། །རྡུལ་སྙེད་ཞིང་དུ་ཆགས་པ་མེད་བགྲོད་དེ། །སོ་སོའི་སྐྱེ་བོ་ལྟ་ལ་ཆགས་པ་རྣམས། །སྡུག་བསྔལ་རྣམ་པ་སྣ་ཚོགས་གཟེབ་ལས་བསྒྲལ། །མངོན་མཐོ་ངེས་པར་ལེགས་པའི་ལམ་སྣང་སྟོན། །རེ་བའི་ཡིད་ཀྱང་ཡོངས་སུ་བསྐང་བར་མཛད། །རྟག་ཆད་གཙུག་ལག་འཆང་ཞིང་མཚམས་མེད་དང་། །སྡིག་པ་བཅུ་སྤྱོད་འཕགས་དང་ཆོས་ལ་སྐུར། །ཉོན་མོངས་གོས་བགོ་གཡོ་སྒྱུའི་ཟས་ཀྱིས་འཚོ། །འཇིག་རྟེན་ཕྱི་མས་མི་འཇིགས་སྙིང་བསྲན་ཅན། །ངན་པརསྤྱོད་ཀུན་ལྷན་ཅིག་འཚོགས་པ་ཡི། །རྙོགས་པ་ལྔས་རྙོགས་འདྲེན་པས་སྟོངས་པ་ལ། །སྨོན་ལམ་རླུང་གི་ཤིང་རྟས་ཁ་དྲང་བ། །ས་ཡི་དབང་ཕྱུག་ཉི་མ་ལྷག་པར་ཤར། །རྩོད་པ་ཅན་དུ་རྒྱུན་མི་ཆད་གཤེགས་ནས། །མི་སྲུན་གདུལ་བྱ་སྨིན་མཛད་དེ་ལྟ་བུའི། །སྙིང་སྟོབས་ཆེན་པོ་ནམ་ཡང་འབྱུང་བར་དཀའ། །སྙོམས་འཇུག་ཕྲ་བ་གཅིག་གི་མཐུ་བསྟན་ཚེ། །སངས་རྒྱས་ཞིང་ཀུན་མཆོད་སྤྲིན་གྱ་ནོམ་པས། །གུས་བཅས་དཀོན་མཆོག་མཆོད་པའི་སྐྱེ་བོས་གང་། །གཅིག་དང་འདྲ་བར་རྡུལ་སྙེད་རྒྱལ་བའི་ཞིང་། །ཏིང་འཛིན་གཅིག་གི་སྤྱོད་ཡུལ་མཚུངས་ལ་བཀོད། །དེ་བཞིན་འགྲོ་བ་སྨིན་པ་ཁོ་ནའི་ཕྱིར། །དྲོ་སྐད་ཅིག་གི་ནན་ཏན་ཚད་མེད་སྙེད། །དཔེ་ཡིས་མི་མཚོན་བགྲང་བ་མི་འཇུག་སྟེ། །ཟག་མེད་ཏིང་ངེ་འཛིན་གྱི་རྒྱ་མཚོ་ལས། །ཟེགས་མ་རེ་རེས་ཕྱོགས་བཅུའི་ཞིང་ཀུན་ཏུ། །ཇི་ལྟར་འོས་པའི་སྒྱུར་འཕྲུལ་འདུ་མཛད་པ། །ཐམས་ཅད་མཁྱེན་པ་ཁོ་ནའི་མཁྱེན་པའི་ཡུལ། །གང་ཞིག་ཐོས་པའི་ནོར་གྱིས་དབུལ་བ་ལ། །མང་ཐོས་དབྱིག་གི་སྙིང་པོ་ལྷུག་པར་བསྩལ། །ཚུལ་ཁྲིམས་ཕུང་པོ་དྲི་མར་གྱུར་པ་ཡང་། །འཕགས་པ་དགྱེས་པའི་ཟག་མེད་སྡོམ་ལ་བཀོད། །ལུས་ངག་ཡིད་གསུམ་རྣམ་པར་གཡེངས་པ་དག །བསམ་གཏན་ཞི་བ་དམ་པས་རྒྱུད་བརླན་ཞིང་། །ལྐོག་གྱུར་ལྟ་བའི་དབང་པོ་ཟུམ་པ་རྣམས། །མངོན་ཤེས་མཐོང་བ་ཤིན་ཏུ་དག་པར་སྒྲུབ། །ཤེས་རབ་རྨོངས་པའི་དྲ་ིམས་རྙོགས་པ་ཡང་། །ཀེ་ཏ་ཀ་ཡི་གཙང་ཆབ་བཞིན་དུ་བགྲུང་། །བསོད་ནམས་བྱ་བའི་ཐབས་ལ་རྨོངས་པ་ན། །ཐབས་མཁས་སྤྱོད་པ་མཁར་ལྟར་ཡངས་པར་མཛད། །ཁོར་མོ་ཡུག་ཏུ་ཟག་པའི་སྲེད་ལེན་གྱི། །མཚམས་སྦྱོར་ལེན་པ་མེད་པར་རྣམ་པར་དགྲོལ། །གཟུགས་སོགས་སྡུ་གུའི་འདོད་དང་བྲལ་བ་ལ། །ལྷ་ཡི་འདོད་པའི་མཆོག་གི་ཟིལ་དངར་སྟོབ། །བཟོ་དང་བསྟན་བཅོས་སྒྱུ་རྩལ་སློབ་པར་ཡང་། །ཚངས་དང་ཕུར་བུའི་རྣམ་དཔྱོད་དེ་ཡིས་སྟེར། །མདོར་ན་རྒྱལ་བས་རབ་བསྔགས་ས་ཡི་སྙིང་། །དམིགས་པའི་བསྟི་སྟང་བཅས་པས་སྐྱབས་གསོལ་ཞིང་། །རིན་ཆེན་མཆོག་ལྟར་དཀོན་པའི་མཚན་བཟུང་ན། །རེ་བ་མི་འགྲུབ་འགའ་ཡང་ཡོད་མིན་ཏེ། །ཤིན་ཏུ་སྦྱངས་པའི་ནོར་བུའི་རྒྱལ་པོ་དང་། །དཔག་བསམ་ཤིང་དང་བུམ་པ་བཟང་པོས་ཀྱང་། །སྲིད་ལས་འདས་པའི་དམ་པ་མི་སྦྱིན་པས། །བསམ་པ་རྫོགས་པར་སྐོང་བའི་མཐུ་མེད་ལ། །འཕགས་པའི་མཚན་ལ་བྱི་དོར་བྱེད་པའི་མི། །བྱང་ཆུབ་བར་དུ་འདོད་པས་མི་བྲེལ་ཞིང་། །གཞན་གྱི་འདོད་འཇོ་དེ་དང་མཚུངས་པར་འགྱུར། །གང་དག་བཟའ་བཏུང་བགོ་བའི་རིན་ཆེན་རྒྱན། །ཁྲི་སྟན་ནད་ཀྱི་རྐྱེན་སྨན་སྐྱེད་མོས་ཚལ། །མེ་ཏོག་འབྲས་བུ་འབྲུ་དང་ནོར་གྱི་དབྱིག །ཁང་ཁྱིམ་ཡུལ་གྲུ་བཞོན་པ་བྲན་ཁོལ་དང་། །རིགས་བརྒྱུད་རྙེད་བཀུར་ཁེ་དང་གྲགས་པའི་དཔལ། །དབང་པོ་ཉམས་དང་མ་ཚང་ཐོབ་པ་སོགས། །བསོད་ནམས་ས་བོན་གང་ཞིག་མ་བཏབ་པས། །འཚོ་བའི་རྐྱེན་དང་བདེར་གནས་ཡོ་བྱད་ཀྱིས། །ཕོངས་པའི་དངོས་པོ་མང་ངམ་ཉུང་ཡང་རུང་། །ལེགས་པར་གསུངས་དང་ས་ཡི་དབང་ཕྱུག་གི། སྨོན་ལམ་རིགས་སྔགས་གྲུབ་དངསྨན་ཆེན་གྱི། །མཐུ་བཞིན་བསམ་མི་ཁྱབ་ལ་ཡིད་ཆེས་པས། །དམ་པ་སློང་ན་རེ་བ་ལས་ལྷག་པའི། །དགོས་དགུའི་གཏེར་ཁ་འབད་རྩོལ་མེད་པར་ཕྱེ། །བཙོན་གྱི་གོ་རར་བཅིང་བས་རབ་བཅིངས་ཤིང་། །ཆད་པའི་ལས་ཀྱིས་འཚོག་ཅིང་ནན་ལ་བོར། །གཡུལ་ངོར་ལྷུང་བའམ་མཛའ་བར་མ་གྱུར་པས། །འཐབ་ཕྱིར་འགྱེད་སོགས་སྐྱེ་བོའི་ལུས་སེམས་ལ། །མི་འདོད་གདུང་བའི་ཚོར་བ་ཅི་ཡང་རུང་། །ནེམ་ནུར་མེད་པར་ཡོན་ཏན་དཔག་མེད་མཚན། །དྲན་པའི་མོད་ལ་ཟུག་རྔུ་གཏིང་ནས་འབྱིན། །གདུག་པའི་སྦྲུལ་གྱིས་ཟིན་ལ་མ་གི་ཏ། །གཅན་གཟན་ཁྲོ་བས་ཉེན་ལ་གདོང་ལྔའི་སྒྲ། །ཚ་གྲང་འདུ་འཁྲུགས་གསོ་བའི་སྨན་ཆེན་པོ། །ཞུགས་ཀྱིས་ཚིག་ན་བསྐལ་པའི་ཆུ་རྒྱུན་ཏེ། །ཆུ་བོའི་དབུས་ན་གྲུ་ཟམ་བཞོན་པའི་མཆོག །རླུང་གིས་ཁྱེར་ན་བསྟོད་པའི་ཕུར་བུ་སྟེ། །རྦབ་ཏུ་ལྷུང་ན་འདེགས་པའི་གཤོག་རླབས་ཉིད། །སུ་མཐོང་དགྲ་ཡི་དྭངས་མར་འདུ་ཤེས་ཤིང་། ཅི་སྣང་གསོད་པའི་མཚོན་ཆར་གྱུར་པའི་ཚེ། །སྐྱེས་བུ་ཆེན་པོ་ལྷག་པར་ཐུགས་བརྩེ་བས། །སྡིག་སེམས་འབར་བ་བྱམས་པའི་ཆབ་ཀྱིས་གཞོམ། །ཕན་ཚུན་མ་བུའི་གདུང་བས་འཚོ་བར་མཛད། །སྲེད་པས་ཐ་བར་བགྱིས་པའི་དགོན་དུང་ན། །བཅུད་ལྡན་ཏིལ་ཙམ་སྤྱོད་པ་ལྟ་ཅི་སྨོས། །ཀོ་ཊ་པ་དང་སྐྲ་ཡི་ལྭ་བས་ཀྱང་། །མི་འབྱོར་ཡི་དྭགས་འབྲས་བུ་མྱོང་བ་ལ། །བཟའ་བཅའ་བཏུང་བ་གོས་ཀྱི་ཆར་ཕབ་ནས། །དབུལ་པོའི་གྲོང་དུ་རྫོགས་ལྡན་དགའ་སྟོན་འགྱེད། །འཆོས་མེད་ནད་རིམས་གཤིན་རྗེ་ཁྲོས་པའི་ཁར། །ལས་མཐུན་བཟའ་བ་བཞིན་དུ་འདེབས་པ་ན། །འགྲོ་བའི་སྨན་པར་གྱུར་པས་ཡུད་ཙམ་ལ། །དུས་ཀྱི་ཞགས་པ་བདེན་སྟོབས་རལ་གྲིས་བཅད། །སྲོག་གི་སྦྱིན་པས་འཚོ་བ་ཐུང་རྣམས་སྐྱོང་། །ཆགས་སྡང་རྨོངས་པ་དྲག་ལ་རྣོ་བ་ཡིས། །སྡིག་སེམས་དབྱར་གྱི་ཆུ་བཞིན་ཤུགས་རྒྱས་ནས། །མི་དགེའི་སྤྱོད་པ་འོག་ཏུ་གཞོལ་བའི་རྒྱུན། །བཟློག་ཏུ་མེད་པར་ཤ་ཐང་ཆད་པ་ན། །སྡིག་འཕྲོག་དགེ་སྦྱོང་ཆེན་པོའི་གཟུགས་ཅན་ལ། །དད་པ་ལས་བྱུང་དགེ་བའི་ཚ་ཟེར་གྱིས། །ལས་ཉོན་རྒྱུ་དང་བཅས་པ་རྨང་ནས་སྐེམ། །ཤེས་རབ་ཕྲ་བ་ཟབ་པའི་མཐར་ཕྱིན་ནས། །འབྱུང་བ་ཆེན་པོའི་སྐྱེ་དང་འགག་པའི་རྒྱུ། །ཐོག་མཐའ་བར་མའི་མཚན་ཉིན་མཐུན་པ་དང་། །མི་མཐུན་ཕྱོགས་ཀུན་རྟོགས་ནས་དབང་དུ་མཛད། །གཞན་ཕན་སྨོན་ལམ་དབང་གིས་ས་འདི་ཡང་། །མཉན་པས་གྲུ་བོ་ཆེ་བཞིན་རྟག་ཏུ་འཛིན། །ལྗོན་ཤིང་རྩི་སྨན་ལོ་ཏོག་རྩྭ་སྔོན་སོགས། །རྩ་བ་འཕེལ་ཞིང་མྱུ་གུ་སྡོང་པོ་སྐྱེད། །འཇམ་མཉེན་ལོ་མ་རྒྱས་ཤིང་མེ་ཏོག་བཀྲ། །འབྲས་བུ་སྣུམ་པོར་སྨིན་དང་དེ་དག་གི། །དྲི་བསུང་རོ་བདའ་ནུས་མཐུ་རྫོགས་བར་དུ། །ཁྲོས་པའི་ཀླུ་བཏུལདུས་ཀྱི་ཆར་པ་བསྐུལ། །རྫུ་འཕྲུལ་མཁའ་ལ་སྣོད་བཅུད་ཀུན་བརྟེན་པས། །རྒྱུ་དང་མི་རྒྱུའི་ཉེར་འཚོའི་སྤྱད་པ་ཡང་། །ས་དང་ས་ཡི་དབང་ཕྱུག་ཐུན་མོང་གྱུར། །ཞིང་ས་མི་གཤིན་ན་ཡང་འབྲུ་འདོད་དེ། །ཞིང་པས་སོ་ནམ་ནན་ཏན་མ་བྱས་པར། །རྩེ་གཅིག་ས་ཡི་སྙིང་པོ་རབ་མཆོད་ན། །དེ་ཡི་ཏིང་འཛིན་དམ་པའི་ཡོན་ཏན་གྱིས། །རང་བྱུང་བཞིན་དུ་སྙེ་མའི་དོག་པས་ལྕི། །གལ་ཏེ་རེ་བའི་ཕྱིར་དུ་འགའ་ཞིག་གིས། བྱམས་ཆེན་འཇམ་དབྱངས་འཇིག་རྟེན་དབང་ཕྱུག་དང་། །ཀུན་ཏུ་བཟང་སོགས་གང་གཱའི་བྱེ་སྙེད་ཀྱི། །རྒྱལ་བའི་མྱུ་གུ་བསྐལ་པ་ཁྲག་ཁྲིག་ཏུ། །མཆོད་ཅིང་གསོལ་བ་བཏབ་པས་གང་སུ་དག །སྐད་ཅིག་གཅིག་ལ་ས་ཡི་སྙིང་པོའི་མཚན། །རྗེས་སུ་དྲན་ཏེ་བསྟི་སྟང་བཅས་མཆོད་ན། །མྱུར་དུ་རེ་བའི་ཤིང་རྟ་མིག་འཕྲུལ་བཞིན། །གང་བས་འཕགས་ཏེ་འགྲོ་བའི་སྨོན་ལམ་ཀུན། །ཡོངས་སུ་རྫོགས་བྱེད་ཡིད་བཞིན་ནོར་བུའི་གཏེར། །སྦྱིན་པ་རྣམ་པ་དུ་མའི་ཆར་འབེབས་ཤིང་། །བསོད་ནམས་མ་བསགས་པའི་ཡང་མཛོད་གྱུར་པས། །ཤིན་ཏུ་འབད་པའི་ནན་ཏན་ཁྱད་པར་ལ། །འགྲོ་བའི་བླ་མ་སྲས་དང་བཅས་པས་བསྔགས། །ཞིང་བརྒྱར་སངས་རྒྱས་མཛད་པ་རྫོགས་པར་སྟོན། །ཁ་ཅིག་ཉན་ཐོས་རང་རྒྱལ་འཁོར་ལོས་སྒྱུར། །ལ་ལར་འདོད་ཁམས་ས་དང་གནམ་གྱི་ལྷ། །སྟོང་གསུམ་བདག་པོ་དབང་ཕྱུག་ཆེན་པོར་སྤྲུལ། །མཐུ་བོ་ཆེ་དང་སྐྱེས་པ་བུད་མེད་གཟུགས། །སེང་གེཁྱུ་མཆོག་སྤོས་ཀྱི་བ་ལང་དང་། །དམྱལ་བའི་སེམས་ཅན་དམྱལ་སྲུང་ལ་སོགས་པ། །སྐལ་བ་བཞིན་ཏུ་ཚད་མེད་ལུས་སྟོན་ཏེ། །རྩོལ་མེད་ཡེ་ཤེས་འདོད་དགུར་སྒྱུར་བ་ཡིས། །ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་སྐོར། །སེམས་ཅན་རང་རང་ལས་ལ་སྤྱོད་བཞིན་པར། །ཐེག་པ་གསུམ་གྱི་མྱང་འདས་གྲོང་ཁྱེར་དུ། །འགྲོ་བའི་དེད་དཔོན་ཁྱོད་ལ་སྐྱབས་སུ་མཆི། །ཐབས་ལ་མཁས་པས་བདག་ཅག་སྨིན་པ་དང་། །མངོན་པར་འདོད་པའི་སྨོན་ལམ་འགྲུབ་པར་མཛོད། །དཔའ་བོ་གང་ལ་སྦྱིན་པའི་མཐུ་ཡོད་ཀྱང་། །ལས་ངན་དབང་གིས་སྤྱོད་པའི་ནུས་མེད་པ། །ལེགས་བྱས་སྣོད་དུ་མ་གྱུར་བདག་འདྲ་ལ། །ལྷག་པར་དགོངས་ཤིག་སྙིང་རྗེ་ཆེན་པོ་ཀྱེ། །ཁྱོད་མཚན་ཐོས་པའི་དགེ་བ་རྒྱ་མཚོ་ལ། །དད་པའི་གདེངས་ཀས་སྲུང་བའི་ལྷག་མ་ཅན། །ཆོས་ཆེན་རྒྱལ་སྲིད་དག་ལ་དབང་འབྱོར་ནས། །འགྲོ་བ་སྐྱོབ་པའི་བསོད་ནམས་མཐུ་ཆེན་གྱིས། །ཕན་བདེའི་ཆུ་ཀླུང་སྲིད་པའི་མཐར་བཀྱེ་བ། །མཚུངས་མེད་ས་ཡི་གཙོ་དང་མཚུངས་པར་ཤོག །ཅེས་དང་། བསྡུ་ན། གསེར་མདོག་མེ་ཏོག་སྔོན་པོ་ཐོད་བཅིངས་ཤིང་། །ཤིང་ཏོག་པདྨ་ནོར་བུས་མཚན་པ་བསྣམས། །བརྟན་གཡོའི་བཅུད་སྤེལ་དགེ་བའི་ལོ་ཏོག་བསྐྱེད། །འཇིགས་པ་ཀུན་སྐྱོབས་ས་ཡི་སྙིང་པོར་འདུད། །མཆོག་སྦྱིན་ཀུན་གྱི་ནང་ནས་མཆོག་གྱུར་པ། །གྲགས་པ་མཐའ་ཡས་ས་གསུམ་སྐྱེ་དགུའི་མགོན། །ཕོངས་པ་ཀུན་གྱི་འདོད་འཇོའི་གཏེར་གཅིག་པུ། །ས་ཡི་གཙོ་ལ་གུས་པས་བསྟོད་པར་བགྱི། །ཤིན་ཏུ་དཔའ་བ་འཁོར་ལོ་བཅུ་པའི་མདོ་ལས་སོ། །ས་ཡི་སྙིང་པོ་ནི། །རབ་ཏུ་བྱུང་བའི་སྤྱོད་ལམ་མངོན་པར་སྟོན། །འཕགས་བའི་ནོར་བདུན་འབྱུང་བའི་གཏེར་ཡིན་ཏེ། །འཇིགས་པ་མེད་པ་སངས་རྒྱས་ང་རོ་དབྱངས། །བྱང་ཆུབ་སེམས་དཔའ་མང་པོའི་རྒྱལ་མཚན་ཏེ། །སེམས་ཅན་མང་པོ་འདྲེན་པའི་གཙོ་བོའོ། །རྣམ་པར་གྲོལ་བའི་རིན་ཆེན་འབྱུང་ཁུངས་ཏེ། །བརྩོན་འགྲུས་བརྟན་པའི་བསོད་ནམས་རྒྱ་མཚོ་ཡིན། །བྱམས་པའི་བློ་གྲོས་སྙིང་རྗེ་བརྩེ་ལ་མོས། །སྡུག་བསྔལ་བ་ཡི་སེམས་ཅན་མང་པོ་སྒྲོལ། །འཇིགས་པ་སྲུང་བའི་འོབས་དང་མཁར་ཡིན་ཏེ། །ནམ་མཁའ་དྭངས་པའི་ཟླ་བཞིན་ལམ་ཡང་སྟོན། །ས་ལྟར་དགེ་བའི་རྩ་བ་ཐམས་ཅད་སྐྱེད། །རྡོ་རྗེ་ལྟར་ནི་ཐེ་ཚོམ་ཡོངས་སུ་གཅོད། །རྣམ་པར་གྲོལ་བའི་རིན་ཆེན་ཀུན་ལ་སྟེར། །ཆུ་ལྟར་སྒྲིབ་པ་ཐམས་ཅད་འདག་པར་བྱེད། །ཉོན་མོངས་ཚ་བས་གདུང་བའི་གདུགས་སུ་གྱུར། །སྨན་པ་ལྟ་ནི་ནད་ཀུན་འཚོ་བར་བྱེད། །ཞག་གཅིག་ས་ཡི་སྙིང་པོའི་མིང་བརྗོད་པའི། །གྲགས་པ་ཆེན་པོའི་བསོད་ནམས་ཐོབ་པ་ནི། །བསྐལ་པ་བྱེ་བ་ཁྲག་ཁྲིག་བར་དུ་ཡང་། །བློ་ཅན་གཞན་གྱི་མིང་ནས་བརྗོད་པས་ལྷག །སོ་སོའི་སྐྱེ་བོ་གྲོལ་བར་བྱེད་པ་ནི། །ཉོན་མོངས་ཐམས་ཅད་རྣམ་པར་འཆིང་བྱེད་པའོ། །དཔའ་བར་འགྲོ་བའི་ཏིང་འཛིན་མཐར་ཕྱིན་ཅིང་། །ཏིང་འཛིན་གཞན་དག་གི་ཡང་ཕ་རོལ་ཕྱིན། །རྐྱེན་མང་བཅུ་གསུམ་པོ་ཡང་རྣམ་དག་པས། །མང་པོ་ཀུན་ལ་ཡེ་ཤེས་ནམ་མཁའ་བཞིན། །དཔག་ཏུ་མེད་པའི་སངས་རྒྱས་ཞིང་རྣམས་ཀྱི། །སྐྱེ་བོ་མང་པོའི་མུན་པའི་ཚོགས་ཀྱང་བཅོམ། །ཞིང་རྣམས་ཇི་བཞིན་ཏིང་འཛིན་དེར་འཇུག་ཅིང་། །བསམ་གཏན་བཞི་པོ་ལ་ཡང་རྒྱུན་དུ་འཇུག །ཏིང་ངེ་འཛིན་དུ་ཞུགས་ནས་སེམས་ཅན་གྱི། །ཉོན་མོངས་པ་ཡི་གདུང་བ་རབ་ཏུ་སེལ། །སོ་སོའི་སྐྱེ་བོ་སྔོན་གྱི་སྡིག་པའི་ལས། །མཚོན་དང་ནད་དང་མུ་གེས་འཇིགས་པ་དང་། །རྣམ་པ་མང་པོས་འཚེ་ཞིང་གསོད་གྱུར་པ། །དེ་དག་ཀུན་ནས་རྣམ་པར་གྲོལ་བར་བྱེད། །སེམས་ཅན་ཉེ་བར་ལེན་པའི་ཕུང་པོ་ལྔ། །སྡུག་བསྔལ་མང་པོས་འཚེ་ཞིང་གདུང་གྱུར་པ། །ས་ཡི་སྙིང་པོ་མཆོག་ལ་སྐྱབས་གསོལ་ན། །སྲིད་པའི་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར། །སེམས་ཅན་སྡུག་བསྔལ་འཁོར་ལོ་རབ་བསྐོར་ཏེ། །གཅིག་གི་གཅིག་ལ་འཚེ་ཞིང་གནོད་གྱུར་པ། །ས་ཡི་སྙིང་པོ་མཆོག་ལ་སྐྱབས་གསོལ་ན། །བཟོད་ཅིང་བྱམས་པའི་སེམས་ལ་གནས་པར་འགྱུར། །བཅུ་གསུམ་རྐྱེན་གྱིས་རབ་འཇིགས་སྐྲག་བྱེད་ཅིང་། །ཚོལ་བ་མི་རྙེད་རྐྱེན་གྱིས་སྡུག་པ་དག །ས་ཡི་སྙིང་པོ་མཆོག་ལ་སྐྱབས་གསོལ་ན། །འཇིགས་པ་མེད་ལ་བདེ་བར་གནས་པར་འགྱུར། །བསོད་ནམས་བྱེད་ལ་མོས་ཤིང་དྲན་པ་དང་། །ཚུལ་ཁྲིམས་མང་ཐོས་ཤེས་རབ་འདོད་པ་དག །ས་ཡི་སྙིང་པོ་མཆོག་ལ་སྐྱབས་གསོལ་ན། །རེ་བ་བཞིན་དུ་ཐམས་ཅད་རྫོགས་པར་འགྱུར། །ཡོན་ཏན་སོ་སོར་སྨོས་པའི་བཟོད་རྩལ་དང་། །སྨན་དང་ས་བོན་ཚོགས་ལ་མོས་པ་དག །ས་ཡི་སྙིང་པོ་མཆོག་ལ་སྐྱབས་གསོལ་ན། །རེ་བཀུན་དང་ལྡན་ཞིང་རྫོགས་པར་འགྱུར། །ལོ་ཐོག་རྩི་ཤིང་ལེགས་པར་འདོད་པ་དང་། །ཁྱེའུ་བུ་མོ་གོས་དང་བྲན་ཁོལ་ཕྱིར། །ས་ཡི་སྙིང་པོ་མཆོག་ལ་སྐྱབས་གསོལ་ན། །རེ་བ་བཞིནདུ་ཐམས་ཅད་རྫོགས་པར་འགྱུར། །ཡོན་ཏན་མང་པོ་ཀུན་དང་ལྡན་པས་ན། །ས་ཆེན་འདི་ཡང་མི་གཏོང་རབ་ཏུ་འཛིན། །དེ་ཡི་རྐྱེན་གྱིས་སྨན་དང་ལོ་ཐོག་རྣམས། །སྣུམ་ཞིང་འཇམ་ལ་རོ་དང་ལྡན་པར་འགྱུར། །ཉོན་མོངས་མང་པོས་བསྒྲིབས་པར་གྱུར་ནས་སུ། །མི་དགེ་བཅུ་ཡི་ལས་ལ་མོས་པ་དག །ས་ཡི་སྙིང་པོ་མཆོག་ལ་སྐྱབས་གསོལ་ན། །མི་དགེ་ཉོན་མོངས་ཐམས་ཅད་ཞི་བར་འགྱུར། །རྣམ་པ་སྣ་ཚོགས་ཀུན་གྱི་ལུས་སྟོན་ཅིང་། །སྐྱེ་བོ་མང་པོ་དག་ལ་ཆོས་ཀྱང་སྟོན། །སྦྱིན་པའི་ཡོན་ཏན་ཐམས་ཅད་རྫོགས་པས་ནི། །སེམས་ཅན་ཀུན་ལ་སྙིང་བརྩེ་བདེ་བར་འགྱུར། །གལ་ཏེ་བསྐལ་པ་མང་པོ་བརྒྱ་ཡི་བར། །མཆོག་གི་ཡོན་ཏན་བསྔགས་ཤིང་རབ་བརྗོད་ཀྱང་། །མཐར་ཕྱིན་རྫོགས་པར་འགྱུར་བ་ཤིན་ཏུ་དཀའ། །དེ་སླད་འཕགས་པ་མཆོག་ལ་བདག་སྐྱབས་མཆི། །ཐུབ་གསུང་སེང་གེའི་སྒྲ་ཡིས་རྗེས་བསྟན་པའི། །བསྟོད་པའི་མཆོག་འདིས་གུས་པས་བསྔགས་པའི་མཐུས། །ས་ཡི་གཙོ་བོའི་རྣམ་ཐར་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཅེས་པ་ཙམ་གྱིས་བསྟོད། དེ་ནས་མཆོད་གཞུང་དངོས་ནི་ཀུན་གཟིགས་འཇམ་པའི་རྡོ་རྗེའི་ཞལ་སྔ་ནས་སྩལ་པའི་མཆོད་སྤྲིན་ནོར་བུའི་ཕྲེང་བ་ཉིདསྦྱར་བར་གསུང་བས། དེ་ན་ལྟར་ཉེར་སྤྱོད་སོགས་རིམ་པར། ཕྱོགས་བཅུའི་འཇིག་རྟེན་རྒྱ་མཚོ་དཔག་མེད་ན། །ཡིད་འོང་མཆོད་ཡོན་མཆོག་དང་ཞབས་བསིལ་དང་། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཡི་ཆབ། །ཞལ་ཟས་རོལ་མོ་ཇི་སྙེད་མཆིས་པ་དང་། །བདག་གིས་གུས་པས་བཤམས་པ་དང་བཅས་ཏེ། །བདེན་པའི་མཐུ་དང་མོས་པའི་བློས་སྤེལ་བའི། །ཀུན་ཏུ་བཟང་པོའི་མཆོདསྤྲིན་རབ་འབྱམས་ཀྱིས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པར་བགྱི། །ༀ་བཛྲ་ཨརྒྷཾ་སོགས། ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་རེག །ཡིད་འོང་ཆོས་ཀྱི་མཆོད་པ་ཅི་མཆིས་པ། །མ་ཚང་མེད་པར་མོས་པའི་བློ་ཡིས་ནི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །ཕྱོགས་བཅུ་དུས་གསུམ་དག་གི་ཞིང་ཀུན་གྱི། །འཇིག་རྟེན་འཇིག་རྟེན་འདས་པའི་མཆོད་པའི་སྤྲིན། །མ་ལུས་ལུས་པ་མེད་པ་དེ་དག་གིས། །དཀྱིལ་འཁོར་ལྷ་ཚོགས་རྟག་ཏུ་གུས་པས་མཆོད། །ༀ་ཥཥྚ་ཀཱ་མ་གུ་ཎ་པཱུ་ཛ་མེ་གྷ་སོགས། རྩིབས་སྟོང་འཁོར་ལོས་ས་ཀུན་རང་དབང་བསྒྱུར། །ནོར་བུས་ཡིད་བཞིན་འདོད་འཇོ་འོད་བཟང་འགྱེད། །ཡིད་འོང་བཙུན་མོས་ལུས་སེམས་བདེ་མཆོག་སྤེལ། །བློན་པོ་རིན་ཆེན་བཀའ་བཞིན་བཞེད་ཀུན་སྒྲུབ། །སྤྲིན་དཀར་ལྟར་མཛེས་བཞོན་མཆོག་གླང་པོ་ཆེ། །ཡིད་འོང་གཟུགས་ལྡན་མགྱོགས་འགྲོ་ཅང་ཤེས་རྟ། །ཕ་རོལ་དཔུང་ལས་རྣམ་རྒྱལ་དམག་དཔོན་ཏེ། །མི་དབང་འཁོར་ལོས་སྒྱུར་བ་མཆོག་རྣམས་ཀྱི། །བསོད་ནམས་ལས་གྲུབ་ལྷ་རྫས་རྒྱལ་སྲིད་བདུན། །སྲིད་འདིར་མངོན་མཐོའི་འབྱོར་པ་མཆོག་རྣམས་ཀྱིས། །ལྷ་ལམ་རབ་ཏུ་ཁྱབ་པའི་མཆོད་པའི་སྤྲིན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །ༀ་སཔྟ་རཏྣ་པཱུ་ཛ་སོགས། རིན་ཆེན་སྣ་བདུན་ཉེ་བའི་རིན་ཆེན་བདུན། །གྲུབ་རྫས་སྣ་ཚོགས་བདུད་རྩི་སྨན་མཆོག་དང་། །བུམ་བཟང་ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །རིན་ཆེན་རི་བོ་བདུད་རྩིའི་ཆུ་མཚོ་དང་། །མ་རྨོས་ལོ་ཏོག་ལྷ་ཡི་སྐྱེད་མོས་ཚལ། །འདོད་འཇོའི་བ་མཆོག་བྲན་དང་བཞོན་པའི་གྲོང་། །འདོད་དགུའི་མཛོད་དང་གཏེར་གྱི་འབྱུང་ཁུངས་སོགས། །རྣམ་མང་འབྱོར་པས་ཞིང་འདི་ཡོངས་བཀང་ཞིང་། །ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་དང་། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམས། །ཡོན་ཏན་ཆེན་པོ་འཇིག་རྟེན་གཙོ་ལ་འབུལ། །མཆོག་གི་མཆོད་པ་འདི་དག་བཞེས་སུ་གསོལ། །ༀ་སརྦ་དྲ་བྱཾ་བི་ཤྭ་པཱུ་ཛ་སོགས། ཞིང་གི་རྡུལ་སྙེད་ལུས་ལ་དེ་སྙེད་ལྕེས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་རོལ་མོའི་སྒྲ། །སྲས་བཅས་རྒྱལ་བའི་ཡོན་ཏན་རྒྱ་མཚོ་ཉིད། །བསྔགས་པའི་བསྟོད་སྤྲིན་ཞིང་ཀུན་ཁྱབ་གྱུར་ཅིག །སྲིད་ན་སྙན་འཇེབས་སྒྲ་དབྱངས་ཅི་མཆིས་པས། །འཇིག་རྟེན་མགོན་ལ་བཀུརསྟིར་བགྱིད་སླད་དུ། །དབྱངས་ཀྱི་རྒྱལ་མོའི་ཆོ་འཕྲུལ་རྨད་བྱུང་གིས། །རྒྱུན་མི་འཆད་པར་བསྒྲགས་ཤིང་བསྟོད་པར་བགྱི། །ༀ་བཛྲ་དྷརྨར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷཀྵེ་ཏྲ་པྲ་ཙ་ལི་ནི། པྲ་ཛྙཱ་པཱ་ར་མི་ཏ་ནཱ་ད་སྭཱ་བྷ་བ། བཛྲ་དྷརྨ་ཧྲྀ་ད་ཡ་སནྟོོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། མེ་ལོང་ཡེ་ཤེས་རྒྱ་མཚོ་རྣམ་དག་གསལ། །གི་ཝཾ་དུག་གསུམ་ནད་འཇོམསསྨན་གྱི་མཆོག །ཞོ་ནི་ཀུན་གྱི་སྙིང་པོ་ཡོན་ཏན་བཅུད། །དཱུརྦས་ཚེ་འཕེལ་རྡོ་རྗེའི་ལང་ཚོ་འགྲུབ། །བིལ་བ་རྒྱུ་རྐྱེན་བཟང་ལྡན་བྱང་ཆུབ་འབྲས། །དུང་ནི་ཆོས་ཀྱི་སྒྲ་དབྱངས་ཀུན་ཏུ་ཁྱབ། །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཡུངས་དཀར་རྡོ་རྗེའི་རིགས་ཏེ་བགེགས་རྣམས་འཇོམས། །ཐུབ་མཆོག་དོན་ཀུན་གྲུབ་པས་བཀྲ་ཤིས་ཀྱི། །རྫས་སུ་བྱིན་རླབས་དགེ་ལེགས་དཔལ་ཡོན་ཅན། །རིན་ཆེན་རྫས་མཆོག་བརྒྱད་ཀྱི་མཆོད་པའི་སྤྲིན། །དཔག་ཡས་ལྷ་ལམ་ཁྱབ་པ་དབུལ་པར་བགྱི། །ༀ་ཨཥྚ་དྲ་བྱཾ་པཱུ་ཛ་སོགས། རིན་ཆེན་གདུགས་བཟང་གསེར་གྱིཡུ་བ་ཅན། །རྣམ་དག་མིག་ལྡན་བཀྲ་ཤིས་གསེར་གྱི་ཉ། །དགོས་འདོད་ཀུན་འབྱུང་དཔལ་གྱི་བུམ་པ་བཟང་། །དྲི་མེད་ཡིད་འོང་འདབ་ལྡན་ཀ་མ་ལ། །སྙན་པའི་སྒྲ་དབྱངས་ཀུན་ཁྱབ་རིན་ཆེན་དུང་། །ཡིད་ལ་བདེ་བའི་དཔལ་སྟེར་དཔལ་བེའུ། །མི་ནུབ་རྒྱལ་མཚན་ནོར་བུའི་ཏོག་ཅན་མཐོ། །སྲིད་ལས་རྣམ་རྒྱལ་ལྷ་རྫས་འཁོར་ལོ་སྟེ། །རྒྱལ་བའི་མཚན་བཟང་བཀྲ་ཤིས་རྟགས་ཤར་བརྒྱད། །སྲིད་འདིར་དགེ་ལེགས་དོན་ཀུན་གྲུབ་བྱེད་པའི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་ལྷ་མོའི་ཚོགས། །རབ་འབྱམས་ནམ་མཁའ་གང་བའི་མཆོད་སྤྲིན་འབུལ། །ༀ་ཨཥྚ་མངྒལཾ་པཱུ་ཛ་སོགས། རྡོ་རྗེ་སྒེག་མོ་ཕྲེང་ཐོགས་གླུ་གར་དང་། །བདུག་སྤོས་མེ་ཏོག་སྣང་གསལ་དྲི་ཆབ་མ། །པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔ་དང་། །གཟུགས་མཛེས་རེག་བདེ་རོ་མཆོག་ཆོས་ཀྱི་དཔྱིད། །རྨད་བྱུང་དགའ་བ་སྐྱེད་པའི་ལྷ་མོ་རྣམས། །རབ་འབྱམས་ནམ་མཁའི་ཁམས་ཀུན་ཡོངས་བཀང་བས། །མཚུངས་མེད་དགྱེས་པའི་ཉམས་འགྱུར་དང་བཅས་ཏེ། །གུས་པས་འདུད་ཅིང་དཀྱིལ་འཁོར་ལྷ་ཚོགས་མཆོད། །ༀ་དི་ཝཱི་པཱུ་ཛ་སོགས། འདི་ནས་ཕྱི་མའི་མུ་མཐའ་ཇི་སྙེད་ཀྱི། །བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་བཅས། །ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ནས་འབུལ། །འགྲོ་བའི་དོན་ཕྱིར་ཐུགས་རྗེས་ཡོངས་བཞེས་ཤིག །བླ་མེད་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱིས་ཡིད་བཞིན་འདོད་དགུའི་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུར་རབ་འབྱམས་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་དགྱེས་པར་འབུལ། །ཕྱོགས་དུས་བརྟན་དང་གཡོ་བའི་སྣང་ཆ་ཀུན། །སྣང་སྟོང་སྒྱུ་མ་བདེ་བའི་མཆོད་སྤྲིན་ཆེར། །མུ་མཐའ་མེད་པར་འབྱམསསུ་ཀླས་པའི་དཔྱིད། །རྡོ་རྗེའི་དབང་པོར་ཐིམ་ཞིང་དགྱེས་གྱུར་ཅིག །ༀ་མ་ཧཱ་པཱུ་ཛ་མེ་གྷསོགས། མཉམ་ཉིད་མཁའ་དཀྱིལ་བྱང་སེམས་གཞལ་མེད་ཁང་། །དད་པའི་མེ་ཏོག་ཚུལ་ཁྲིམས་དྲི་བསུང་འཐུལ། །ཤེས་རབ་སྣང་གསལ་སྙིང་རྗེའི་དྲི་ཆབ་ལྡན། །ཏིང་འཛིན་ཞལ་ཟས་བརྩོན་འགྲུས་རོལ་མོའི་སྒྲ། །སྦྱིན་པའི་མཆོད་ཡོན་བཟོད་པའི་ཞབས་བསིལ་རྒྱུན། །ཡང་དག་རིག་བཞིའི་གདུགས་སོགས་རྒྱན་གྱིས་མཛེས། །བསོད་ནམས་བུམ་བཟང་སྟོབས་མཆོག་ནོར་བུའི་གཏེར། །བྱམས་པའི་ཁྲུས་རྫིང་ཐབས་མཁས་དཔག་བསམ་ཤིང་། །སྨོན་ལམ་དགའ་ཚལ་ཡེ་ཤེས་འདོད་འབྱུང་སྤྲིན། །མདོར་ན་ཟག་མེད་ཆོས་འབྱོར་མུ་མེད་པ། །སྣ་ཚོགས་མཆོད་སྤྲིན་རྒྱ་མཚོར་ལེགས་ཤར་བས། །དཀྱིལ་འཁོར་ལྷ་ཚོགས་མཆོག་ཏུ་མཆོད་པར་བགྱི། །ༀ་ལོ་ཀོཏྟ་ར་པཱུ་ཛ་སོགས། ཇི་ལྟར་འཇམ་དབྱངས་ཀུན་ཏུ་བཟང་པོ་སོགས། །བདག་ཉིད་ཆེན་པོ་རྣམས་ཀྱིས་རྒྱལ་བ་ལ། །མཆོད་པའི་སྤྲིན་གྱིས་མཉེས་པར་མཛད་པ་ལྟར། །མཆོག་གི་མཆོད་པས་རྒྱལ་རྣམས་མཉེས་པར་བགྱི། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུགས་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །སྣང་སྲིད་གདོད་ནས་རྣམ་དག་བདེ་ཆེན་ཞིང་། །ལྷུན་གྲུབ་རྒྱལ་བའི་འབྱོར་པ་བསམ་མི་ཁྱབ། །མཉམ་པ་ཆེན་པོ་ཀུན་ཏུ་བཟང་པོའི་དབྱིངས། །བླ་མེད་མཆོག་གི་མཆོད་པ་བཞེས་སུ་གསོལ། །ༀ་ཨ་ནུཏྟ་ར་པཱུ་ཛ་སོགས། བར་འདིར་མཎྜལ་རྒྱས་བསྡུས་ཅི་རིགས་ཕུལ་མཐར། ༀ་ཨཱཿཧཱུྃ། ཆོས་དབྱིངས་མཉམ་ཉིད་ཆོས་སྐུའི་ཞིང་ཁམས་སུ། །རང་སྣང་མ་འགགས་ལོངས་སྐུ་རིགས་ལྔའི་ཞིང་། །མཁའ་ཁྱབ་སྤྲུལ་སྐུའི་ཞིང་གི་བཀོད་པ་རྣམས། །ཀུན་བཟང་བདེ་ཆེན་མཆོད་པའི་སྤྲིན་དུ་འབུལ། །ༀ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མཇུག་བསྡུའི་སྨོན་ལམ་ནི། ཧོཿའདི་ལྟར་དངོས་སུ་བཤམས་དང་མོས་པའི་མཐུས། །རབ་འབྱམས་མཆོད་སྤྲིན་རྒྱ་མཚོར་བཀོད་པ་འདི། །ངོ་བོ་རྣམ་དག་ཡེ་ཤེས་རང་བཞིན་ལས། །རྣམ་པ་མ་ལུས་འདོད་དགུ་ཕུན་སུམ་ཚོགས། །བྱེད་ལས་ཟག་མེད་མཆོག་གི་བདེ་སྟེར་བ། །ཕྱོགས་ཀྱི་མཐར་ཁྱབ་དུས་ཀུན་རྒྱུན་མི་འཆད། །ལྷུན་གྲུབ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་ལགས་ན། །མཚུངས་མེདཐུགས་རྗེ་ཆེན་པོས་ཡོངས་བཞེས་ནས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་ཅིང་། །ཡིད་ལ་ཇི་ལྟར་འདོད་པའི་དཔལ་རྣམས་དང་། །བླ་མེད་གྲུབ་མཆོག་བདག་ལ་སྩལ་དུ་གསོལ། །མཆོད་གཟུངས་ཀྱང་བཟླའོ། །གསུམ་པ་སྡིག་པ་བཤགས་པ་ནི། མདོ་ལས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་འདོད་པས། ཉིན་ལན་གསུམ། མཚན་ལན་གསུམ་དུ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་ཞེས་པའི་ཚུལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ས་ཡི་སྙིང་པོ་ལ་སོགས་པ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། ས་བཅུ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རྡོ་རྗེ་འཛིན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ། ཉོན་མོངས་པ་འདོད་ཆགས་ཀྱིས་གཟིར་བའམ། ཞེ་སྡང་གིས་གཟིར་བའམ། གཏི་མུག་གིས་གཟིར་བས་ལུས་དང་ངག་དང་ཡིད་ཀྱི་སྒྲིབ་པ་གང་མངོན་པར་འདུ་བགྱིས་པ། སངས་རྒྱས་སུ་མ་འཚལ་བ། ཆོས་སུ་མ་འཚལ་བ། དགེ་འདུན་དུ་མ་འཚལ་བ་དང་། དེ་བཞིད་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། ཆོས་སྤངས་པ་དང་། དགེ་འདུན་གྱི་དབྱེན་བགྱིས་པ་དང་། དགེ་སློང་དགྲ་བཅོམ་པ་བཀུམ་པ་དང་། ཕ་མ་བཀུམ་པ་དང་། ལུས་ཀྱི་རྣམ་པ་གསུམ། ངག་གི་རྣམ་པ་བཞི། ཡིད་ཀྱི་རྣམ་པ་གསུམ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་དང་། སེམས་ཅན་ཁ་ཅིག་ལ་ངག་རྩུབ་པོ་སྨྲས་པ་དང་། སྐུར་བ་བཏབ་པ་དང་། སྲང་ལ་གཡོ་བགྱིས་པ་དང་། གཞལ་ལ་གཡོ་བགྱིས་པ་དང་། འགྲོ་བ་དྲུག་ཏུ་འཁོར་བར་འཁོར་བ་ན། ཕ་མ་མི་དགའ་བར་བགྱིས་པ་དང་། གང་ཟག་གིའམ། མཆོད་རྟེན་གྱིའམ། དགེ་འདུན་གྱིའམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ནོར་བརྐུས་པ་དང་། ཇི་ལྟར་བསླབ་པའི་གཞི་བཅས་པ་རྣམས་ཀྱི་འདུལ་བ་དང་འགལ་བར་བགྱིས་པ་དང་། མཁན་པོ་དང་སློབ་དཔོན་གྱིས་བསྒོ་བ་མི་མཉན་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའམ། དེ་ལས་གཞན་པའི་སེམས་ཅན་རྣམས་ལ་མི་སྙན་པར་བགྱིས་པ་དང་། སྤྱོོས་པ་དང་། བརྡེགས་པ་དང་། དེ་དག་ལ་ཐ་བ་དང་། ཞེ་སྡང་བསྐྱེད་པ་དང་། ཕྲག་དོག་དང་སེར་སྣ་ལས་བྱུང་བའི་སེམས་ཀྱིས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཚིག་རྩུབ་པོ་སྨྲས་པ་དང་། དམ་པའི་ཆོས་ལ་ཆོས་མ་ལགས་ཞེས་བགྱིས་པ་དང་། ཆོས་མ་ལགས་པ་ལ་དམ་པའི་ཆོས་ལགས་ཞེས་བགྱིས་པ་དེ་དགབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ས་ཡི་སྙིང་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁྱེན་པར་གྱུར་པ། སྤྱན་དུ་གྱུར་པ། དཔང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་པ་དང་ལྡན་པ། གཟིགས་པ་དང་ལྡན་པ། དེ་དག་གི་སྤྱན་སྔར་སོ་སོར་འཆགས་སོ། །མཐོལ་ལོ། །མི་འཆབ་བོ། །སླན་ཆད་ཀྱང་མི་བགྱིད་དོ། །བདག་མིང་འདི་ཞེས་བགྱི་བ་ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ཏེ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དྭགས་ཀྱི་ཡུལ་དང་། ལྷ་མ་ཡིན་གྱི་ཚོགས་ཀྱི་ནང་དུ་མཆི་བར་འགྱུར་བ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་མཉེས་པར་བགྱིད་པར་མི་འགྱུར་བ་དང་། མི་ཁོམ་པ་རྣམས་སུ་སྐྱེ་བར་འགྱུར་བའི་ལས་དེ་ལུས་འདི་ཉིད་ལ་རྣམ་པར་སྨིན་ཏེ། གཞན་དུ་མི་མྱོང་བར་ཤོག་ཅིགཇི་ལྟར་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པ་དང་། སོ་སོར་འཆགས་པ་དང་། སོ་སོར་འཆགས་པར་འགྱུར་བ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་སོ། །མཐོལ་ལོ། །མི་འཆབ་བོ། །སླན་ཆད་ཀྱང་མི་འགྱིད་དོ། །ཞེས་དང་། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །བཞི་པ་རྗེས་སུ་ཡི་རང་བ་ནི། ཕྱོགས་བཅུའི་འཇིག་རྟེན་ན་སེམས་ཅན་གང་སུ་དག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། སྒོམ་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་མངོན་པར་འདུ་བགྱིས་པ་དང་བགྱིད་པར་འགྱུར་བ་དང་། མངོན་པར་འདུ་བགྱིད་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་ངོ་། །བྱང་ཆུབ་སེམས་དཔའ་གང་དག་ད་ལྟར་ན། སེམས་དང་པོ་བསྐྱེད་པ་དེ་དག་གི་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བྱང་ཆུབ་སེམས་དཔའ་བསྐལ་པ་བརྒྱས་བྱུང་བ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་བོ་གང་ལགས་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དང་། ཕྱིར་མི་ལྡོག་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དང་། །བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་ངོ་། །གང་དག་འདས་པ་དང་མ་བྱོན་པ་དང་ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་མངོན་པར་འདུ་བགྱིས་པ་དང་། བགྱིད་པར་འགྱུར་བ་དང་མངོན་པར་འདུ་བགྱིད་པ་གང་ལགས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བ་མཆོག་གིས་རྗེས་སུ་ཡི་རང་ངོ་། །སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བའི་སླདདུ། གང་དག་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ། ཆོས་ཀྱི་འཁོར་ལོ་རབ་ཏུ་སྟོན་པ་ཆོས་ཀྱི་ཚུལ་རབ་ཏུ་འཛིན་པ། ཆོས་ཀྱི་ཆར་རབ་ཏུ་འབེབས་པ། ཆོས་ཀྱི་ཆར་རབ་ཏུ་བཏང་བ། ཆོས་ཀྱི་སྦྱིན་པ་མཛད་པ། ཆོས་ཀྱི་སྒྲོན་མ་འབར་བར་མཛད་པ། ཆོས་ཀྱི་རྔ་བརྡུང་བ། ཆོས་ཀྱི་རྔ་བོ་ཆེ་བརྡུང་བ། ཆོས་ཀྱི་དུང་འབུད་པ། ཆོས་ཀྱི་སྲོག་ཤིང་སྒྲེང་བ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་པ། ཉམས་བག་ཏུ་སྤྱོད་དུ་འཛུད་པ་གང་ལགས་པ་དང་དེ་ལ་ཉན་ཐོས་ཀྱི་ཐེག་པའམ། རང་སངས་ཀྱིས་ཀྱི་ཐེག་པའམ། བྱང་ཆུབ་སེམས་དཔའི་ཐེག་པའམ། དེ་ལས་གཞན་པའི་སེམས་ཅན་དེ་དག་དགེ་བའི་རྩ་བ་བསྐྱེད་པ་གང་ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བ་མཆོག་གིས་རྗེས་སུ་ཡི་རང་ངོ་། །རྗེས་སུ་ཡི་རང་བ་དམ་པ་དང་། གཙོ་བོ་དང་། ཁྱད་པར་ཅན་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མེད་པ་དང་། ལྷག་ན་མེད་པ་དང་། མཉམ་པ་མེད་པ་དང་། མི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་ངོ་། །ཞེས་དང་། ཕྱོགས་བཅུའི་རྒྱལ་བཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དག་ལ་ཕྱག་འཚལ་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བསྐུལ་གྱིས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་བོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བའི་སླད་དུ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་དུ་གསོལ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྟན་དུ་གསོལ། ཆོས་ཀྱི་ཚུལ་རབ་ཏུ་གཟུང་དུ་གསོལ། ཆོས་ཀྱི་སྦྱིན་པ་མཛད་དུ་གསོལ། ཆོས་ཀྱི་སྒྲོོན་མ་འབར་བར་མཛད་དུ་གསོལ། ཆོས་ཀྱི་ཆར་དབབ་ཏུ་གསོལ། ཆོས་ཀྱི་ཆར་གཏོང་དུ་གསོལ། ཆོས་ཀྱི་རྔ་བརྡུང་དུ་གསོལ། ཆོས་ཀྱི་རྔ་བོ་ཆེ་བརྡུངདུ་གསོལ། ཆོས་ཀྱི་དུང་འབུད་དུ་གསོལ། ཆོས་ཀྱི་སྲོག་ཤིང་བསྒྲེང་དུ་གསོལ། ཞེས་དང་། གང་རྣམ་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སྐུ་ཚེའི་འདུ་བྱེད་བཏང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ནས་གསོལ་བ་འདེབས་ཀྱིས། སངས་རྒྱས་བཅོམ་ལྡན་འདས་དེ་དག་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བའི་སླད་དུ། ཆོས་ཀྱི་འཁོར་ལོ་ནི་རབ་ཏུ་བསྐོར། ཆོས་ཀྱི་སྒྲོན་མེ་ནི་རབ་ཏུ་སྦར་བར་མཛད། ཆོས་ཀྱི་ཆར་ནི་རབ་ཏུ་འབེབས། ཆོས་ཀྱི་ཆར་ནི་རབ་ཏུ་གཏོང་། ཆོས་ཀྱི་རྔ་ནི་རབ་ཏུ་རྡུང་། ཆོས་ཀྱི་རྔ་བོ་ཆེ་ནི་རབ་ཏུ་རྡུང་། ཆོས་ཀྱི་དུང་ནི་རབ་ཏུ་འབུད། ཆོས་ཀྱི་སྲོག་ཤིང་ནི་སྒྲེང་། །ཆོས་ཀྱི་སྒྲོན་མ་ནི་མཆེད་པར་མཛད། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ནི་ཚིམ་པར་མཛད། ཉམས་བག་ཏུ་སྤྱོད་དུ་འཛུད་ཅིང་རེ་ཞིག་བཞུགས་སུ་གསོལ་ལོ། །ཞེས་དང་། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །བདུན་པ་བསྔོ་བའི་ཡན་ལག་ནི། ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ། བདག་མིང་འདི་ཞེས་བགྱི་བས་དགེ་བའི་རྩ་བ་མངོན་པར་འདུས་བགྱིས་པར་གྱུར་པ། སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། གང་ཟག་གམ། ཐ་ན་དུད་འགྲོའི་སྐྱེ་གནསསུ་སོང་བ་རྣམས་སམ། སེམས་ཅན་གཞན་དག་ལ་ཡང་རུང་སྟེ། ཟན་ཆང་གཅིག་ཙམ་སྩལ་པར་གྱུར་པ་དང་། འཆགས་པ་གང་ལགས་པ་དང་། གསོལ་བ་གདབ་པ་གང་ལགས་པ་དང་། སྐྱབས་སུ་མཆི་བ་གང་ལགས་པ་དང་། བསླབ་པའི་གཞི་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། སོ་སོར་འཆགས་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། རྗེསསུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བགྱི་བའི་དངོས་པོ་གང་ལགས་པ་དང་། གསོལ་བ་གདབ་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས། གཞལ་བཟླུམས་ཏེ་སེམས་དུལ་ཞིང་རྣམ་པར་གྲོལ་བ་དང་། གཟུང་བ་མ་མཆིས་པས། སེམས་ཅན་ཐམས་ཅད་ལ་སྩལ་ཏོ། །ཇི་ལྟར་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་ལ་གཏང་བར་བགྱི་བ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། སངས་རྒྱས་ཀྱི་ཡེ་ཤེས་ཆགས་པ་མི་མངའ་བས། ཇི་ལྟར་མཁྱེན་པ་དེ་ལྟ་བུས། བདག་མིང་འདི་ཞེས་བགྱི་བས་ཡང་དགེ་བའི་རྩ་བ་དེ་བཏང་སྟེ། སེམས་ཅན་ཐམས་ཅད་ལག་ན་རིན་པོ་ཆེ་དང་ལྡན་པར་གྱུར་ཅིགནམ་མཁའི་མཛོད་དང་། ལོངས་སྤྱོད་ཟད་མི་ཤེས་པ་དང་། བསོད་ནམས་ཟད་མི་ཤེས་པ་དང་། ཆོས་ཟད་མི་ཤེས་པ་དང་། ཡེ་ཤེས་ཟད་མི་ཤེས་པ་དང་། སྤོབས་པ་ཟད་མི་ཤེས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་གྱུར་ཅིགབདག་མིང་འདི་ཞེས་བགྱི་བས་དགེ་བའི་རྩ་བ་འདི་སེམས་ཅན་ཐམས་ཅད་ལ་སྩལ་པ་ལས་བྱུང་བའི་བསོད་ནམས་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས། གཞལ་བཟླུམས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིགཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིགཇི་ལྟར་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན། ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོས་པ་དང་བསྔོ་བར་འགྱུར་བར་དང་ཇི་ལྟར་བསྔོ་བར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིགཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིགཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱཐུབ་པ་དེས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཏེ་སངས་རྒྱས་ཀྱི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ། དྲི་མ་མེད་པ། ཤིན་ཏུ་དཀར་བ་ལ་བཞུགས་ནས་བདུད་སྡིག་ཅན་བཅོམ་སྟེ། ཤེས་པར་བགྱི་བ་དང་། བལྟ་བར་བགྱི་བ་དང་། རྟོག་པར་བགྱི་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པར་བགྱི་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་ནམས་ཀྱི་ཐོ་རངས་སྐྱ་རེངས་འཆར་ཀར་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བདུད་རྩི་བརྙེས་ཏེ། འཆི་བ་མེད་པར་འགྲོ་བའི་ལམ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ། བདག་དང་སེམས་ཅན་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིགཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིགཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་དང་། འོད་མཆོག་དང་། འོད་དགེ་དང་། བསོད་ནམས་འོད་དང་། མི་འཁྲུགས་པ་དང་། སེང་གེ་དང་། འོད་ཟེར་བརྒྱ་པ་དང་། འོད་ཟེར་མཐོ་བ་དང་། འོད་ཀྱི་དྲྭ་བ་ཅན་དང་། རིན་ཆེན་འོད་འཕྲོ་དང་། འོད་འབར་དང་། སྣང་བའི་རྒྱལ་པོ་དང་། ཤིན་ཏུ་བརྒྱན་དང་། རིན་ཆེན་ཏོག་དང་། ཆོས་ཀྱི་རྒྱལ་མཚན་དང་། ཡན་ལག་མཆོག་ཅེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་དང་། སངས་རྒྱས་བཅོམ་ལྡན་འདས་གཞན་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཇི་ཙམ་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བའི་སླད་དུ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དེ་བཞིན་དུ། བདག་དང་སེམས་ཅན་ཐམས་ཅད་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་ཤོག་ཅིགཅེས་དང་། ཕྱག་འཚལ་བ་དང་མཆོད་ཅིད་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་སམ་བསྡུ་ན་ཡན་ལག་ཕྱི་མ་རྣམས་གོང་གསལ་བཟང་སྤྱོད་ནས་བྱུང་བའི་ཚིགས་བཅད་ཁོ་ནས་ཀྱང་རུང་ངོ་། གང་ལྟར་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ས་ཡི་སྙིང་པོ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་ཕྱག་འཚལ་བ་དང་། མཆོད་ཅིངསྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པ་དང་། དེ་དག་གི་མཐུ་དཔལ་དང་བྱིན་གྱི་རླབས་ཀྱི་སྟོབས་ཀྱིས་བདག་ཅག་གི་ཐོག་མ་མ་མཆིས་པའི་འཁོར་བ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིགལུས་ལ་ནད་མེད་པ་དང་ཚེ་རིང་བར་གྱུར་ཅིགའཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིགམཐར་ཚོགས་གཉིས་ཡོངས་སུ་རྫོགས་ནས་རྡོ་རྗེའི་སྐུ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་བརྙེས་པར་གྱུར་ཅིགཡུལ་ཁམས་ཐམས་ཅད་དུའང་མི་ནད་དང་ཕྱུགས་ནད་དང་ལོ་ཉེས་པ་དང་དགྲ་ཡི་གནོད་པ་ལ་སོགས་པ་བཀྲ་མི་ཤིས་པའི་བག་ཅི་ཡང་མི་འབྱུང་བར་གྱུར་ཅིགཆར་ཆུ་དུསསུ་བབས་ཏེ་ལོ་ཕྱུགས་འཕེལ་ཞིང་རྒྱས་པ་དང་། བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིགསེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ཏེ་ཚོགས་གཉིས་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིགཁྱད་པརདུའང་མཆོག་གི་དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་དང་མཛད་ཕྲིན་འཕེལ་བ་དང་། དམ་པའི་ཆོས་ཡུན་རིང་དུ་གནས་ཤིང་རྒྱས་པར་གྱུར་ཅིགདགེ་འདུན་ཐམས་ཅད་ཀྱང་ཆོས་སྤྱོད་བཅུ་དང་འཁོར་ལོ་གཉིས་ལ་སོགས་པ་སྒོ་གསུམ་དགེ་བའི་བྱ་བ་ཁོ་ན་ལ་ཉིན་མཚན་ཐམས་ཅདདུ་བརྩོན་པར་གྱུར་ཅིགདགེ་འདུན་མཐུན་ཞིང་དགེ་འདུན་གྱི་དོན་ཐམས་ཅད་འགྲུབ་པརགྱུར་ཅིགའདུས་པའི་ཚོགས་དབྱར་གྱི་ཆུ་བོ་བཞིན་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིགགཉིས་པ་སེམས་བསྐྱེད་པ་ནི། རྒྱས་པར་སྤྲོ་ན་སྨོན་འཇུག་སེམས་བསྐྱེད་ཤིང་རྟ་གཉིས་ཀྱི་ལུགས་དང་། དོན་དམ་སེམས་བསྐྱེད་བཅས་ཀུན་མཁྱེན་བླ་མའི་རྡོ་རྗེའི་གསུང་ཉེ་སྲས་མཆོད་ཆོག་ལས་འབྱུང་བ་ལྟར་བྱ། དཀྱུས་ཙམདུ་བསྡུ་ན་ཟབ་མོ་ལྟ་བརྒྱུད་ཀྱི་ལུགས་ཙམ་བྱ་སྟེ། དེ་ལ་སྦྱོོར་དངོས་མཇུག་གསུམ་ཡོད་པའི་ཐོག་མར་སྐྱབས་འགྲོ་དང་ཚོགས་བསགས་ནི། ཕྱག་གསུམ་དང་པུས་བཙུག་ཐལ་མོ་སྦྱར་བས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིནསྐྱབས་སུ་མཆི། །ཞེས་ལན་གསུམ། ཚོགས་བསགས་རྒྱས་པར་སྤྱོད་འཇུག་ལས་བྱུང་བའི་ཡན་ལག་བདུན་པ་ནི། དུས་གསུམ་གཤེགས་པའི་སངས་རྒྱས་ཀུན། །ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པས་ནི་བདག་ཕྱག་འཚལ། །བྱང་ཆུབ་སེམས་ཀྱི་གཞི་རྣམས་དང་། །མཆོད་རྟེན་རྣམས་ལ་བདག་ཕྱག་འཚལ། །མཁན་པོ་དེ་བཞིན་སློབ་དཔོན་དང་། །བརྟུལ་ཞུགས་མཆོག་ལ་ཕྱག་འཚལ་ལོ། །གང་ལ་སེམས་ཀྱི་དམ་པའི་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་། །གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །ཞེས་པ་ནས། མགོན་པོ་སྲས་དང་བཅས་རྣམས་མཆོད། །ཀྱི་བར་དང་། བདག་ནི་མི་ཤེས་གཏི་མུག་པས། །རང་བཞིན་ཁ་ན་མ་ཐོ་དང་། །བཅས་པའི་སྡིག་པ་གང་ཡིན་ལས། །གང་ཡང་རུང་བ་བགྱིས་པ་རྣམས། །མགོན་པོའི་སྤྱན་སྔར་མངོན་སུམ་དུ། །ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །དེ་དག་ཐམས་ཅད་བཤགས་པར་བགྱི། །འདྲེན་པ་རྣམས་ཀྱིས་བདག་གི་སྡིག །ནོངས་པ་ལགས་པར་གཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོངས་མི་བགྱིད། །སེམས་ཅན་ཀུན་གྱི་ངན་སོང་གི། །སྡུག་བསྔལ་ངལ་གསོའི་དགེ་བ་དང་། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་རྗེསསུ་ཡི་རང་ངོ་། །ལུས་ཆད་འཁོར་བའི་སྡུག་བསྔལ་ལས། །ངེས་པར་ཐར་ལ་ཡི་རང་ངོ་། །སྐྱོབ་པ་རྣམས་ཀྱི་བྱང་ཆུབ་དང་། །རྒྱལ་སྲས་ས་ལ་ཡི་རང་ངོ་། །སེམས་ཅན་ཐམས་ཅད་ཕན་མཛད་པའི། །ཐུགས་བསྐྱེད་དགེ་བ་རྒྱ་མཚོ་དང་། །སེམས་ཅན་ཕན་པར་མཛད་པ་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོངས་པར་མི་འགོད་ཅིང་། །བསྐལ་པ་གྲངས་མེད་བཞུགས་པར་གསོལ། །དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང་། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །ཅེས་སམ། བསྡུ་ན་བཟང་སྤྱོད་ལས་འབྱུང་བ་ལྟར་གང་རིགས་བྱ། དངོས་གཞི་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། དེ་བཞིནདུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ། རྗེས་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །རྒྱལ་པོ་བློན་པོ་ལས་དང་པོའི། །ལྟུང་བ་ལྔ་ལྔ་བརྒྱད་ལ་སོགས། །རྩ་བ་དང་ནི་ཡན་ལག་གི། །ཉེས་ལྟུང་རྣམས་ཀྱིས་མ་གོས་པར། །ད་ནི་བདག་གི་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམ་སྟེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་བརྗོད། རྗེས་ནི། བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤང་བར་ཤོག །བྱང་ཆུས་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལའང་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡནགྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་སྙིང་ཐག་པ་ནས་སྨོན་ལམ་དུ་བྱའོ། །གསུམ་པ་ཁྱད་པར་གྱི་བྱ་བ་ལ་གསུམ། མཚན་ནས་སྨོས་ཏེ་ཕྱག་མཆོད་སྨོན་ལམ་གདབ་པ། གཟུངས་སྔགས་བཟླས་པས་ཐུགས་བསྐུལ་བ། སྤྱིར་སྨོན་ལམ་དུ་བྱ་བའོ། །དང་པོ་ནི། དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ། །ༀསུམྦྷ་ནི་སུམྦྷ། ཧ་ར་ཙ་ར། མ་ཧཱ་བཱ་ཤ་མ་རུ་ཏཱ། ཨ་མོ་གྷ་བཛྲ་ས་ཏྭ་སྭཱ་ཧཱ། དེ་ནས་ཡོན་ཏནསྦྱིན་པ་ཡི། །གཟུངས་འདི་བཤད་མ་ཐག་ཏུ་ཡང་། །རྡོ་རྗེའི་དཀྱིལ་འཁོར་དམ་པ་ནི། །ཏི་སེའི་གངས་བཅས་གཡོས་པར་གྱུར། །ས་ཡི་སྙིང་པོ་ཚོགས་དབང་ལ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་སྨྲས། །སྐལ་ལྡན་ཆེན་པོ་ལེགས་སོ་ལེགས། །ས་སྟེང་ཁྱོད་ཀྱིས་ལངས་པར་བྱས། །ཁྱོད་ཀྱི་གཟུངས་ནི་རྣམས་གྲགས་ཤིང་། །ཡོན་ཏན་དཔག་མེད་ཚོགས་བསྐྱེད་པ། །སེམས་ཅནཀུན་གྱི་སྡུག་བསྔལ་དང་། །ཉེས་པ་ཟློག་བྱེད་ཐོས་པ་ནི། །འཁོར་བར་རབ་ཏུ་རྒྱུ་བ་ན། །ཉེས་པ་ཀུན་ཀྱིས་མ་གོས་ཏེ། །ཇི་ལྟར་འདམ་གྱི་པདྨ་དག །འདམ་གྱི་ཉེས་པས་མི་གོས་བཞིན། །ལུས་ཅན་དག་ལས་སུ་ཡང་རུང་། །ཁྱོད་ཀྱི་གསང་སྔགས་འཆང་བྱེད་པ། །དེ་དག་ལས་ནི་གཅིག་ཙམ་ཡང་། །བྱང་ཆུབ་ལས་ནི་ལྡོག་མི་འགྱུར། །མཁས་པ་གང་ཞིག་གཟུངས་སྔགས་མཆོག །ཐོས་ནས་མོས་པར་བྱེད་པ་ནི། །ངེས་པར་ཡོན་ཏན་ཐམས་ཅད་ཀྱང་། །ཐོབ་པར་འགྱུར་ཏེ་ཐེ་ཚོམ་མེད། །དེ་ནས་ཐམས་ཅད་ལྡན་པའི་འཁོར། །ལངས་ཏེ་ས་ཡི་དབང་ཕྱུག་པོ། །ས་ཡི་སྙིང་པོ་ས་མཆོག་ལ། །མིང་བརྒྱ་རྩ་བརྒྱད་སྨྲས་པ་ནི། །ས་ཡི་སྙིང་པོ་གཙོ་བོ་ཆེ། །གློག་འགྱུ་ལྟ་བུའི་སྤྱན་མངའ་བ། །ཅོད་པན་ཅན་ཏེ་ས་བརྙེས་པ། །ཕུན་སུམ་ཚོགས་ལྡན་འབྱོར་པ་མཆོག །རིག་ལྡན་རིག་མཛད་མཆོད་པའི་གནས། །གཙོ་བོ་དགེ་སྦྱོང་སྟོན་པ་པོ། །གཞི་བཅས་ལྡན་པའི་རླུང་གི་ཚུལ། །སྭཱ་ཧཱའི་བློ་ལྡན་སྙིང་རྗེའི་རབ། །ཐམས་ཅད་མཁྱེན་པའི་ཉི་མའི་མཆོག །སྙིང་པོ་སྙིང་པོ་མཁྱེན་པར་གྲགས། །གསང་སྔགས་རོལ་ཅིང་རྒྱ་ཆེར་རོལ། །ས་ཡི་དབང་ཕྱུག་གར་ཐབས་ཅན། །སྒེག་པོ་ཞལ་བཟང་གར་མཁན་ལྡན། །འབྲས་བུ་མངོནསུམ་སྟོན་པ་པོ། །རབ་འབྱོར་བློ་གྲོས་སྙིང་པོ་མཁྱེན། །སྙིང་པོ་བརྙེས་པ་འཇིགས་པ་མེད། །མགོན་པོ་སངས་རྒྱས་གཟུགས་མངའ་བ། །ཤེས་རབ་ཀྱིས་ནི་མ་ལུས་གཟིགས། །འདོད་ཆགས་ལ་སོགས་སྐྱོན་བསལ་ཅིང་། །གང་ཐབས་ཆེན་པོ་སྟོན་པ་པོ། །སྟོན་པ་དཔག་བསམ་ཤིང་དང་འདྲ། །ནམ་མཁའི་དབང་ཕྱུག་གསུང་སྙན་པ། །ཉི་མ་ཆེན་པོ་ཉིད་ཡིན་ཏེ། །དབང་ཕྱུག་ཆེན་པོ་འབར་བས་བསྐོར། །ཡོན་ཏན་མཐའ་ཡས་ལོངས་སྤྱོད་པ། །ས་ཡི་དབང་ཕྱུགསྤྱོད་ཡུལ་ཅན། །ཆོས་ཀྱི་ལོངས་སྤྱོད་ལོངས་སྤྱོད་ཆེ། །ཡོན་ཏན་རྒྱ་མཚོའི་གངས་ཆེན་མཚོ། །ཡོན་ཏན་སྣ་ཚོགས་ལོངས་སྤྱོད་པ། །དེ་བཞིན་གཤེགས་པའི་རིགས་ཀྱི་མཆོག །ཐབས་ཚུལ་ཟབ་ལ་མཁས་པ་སྟེ། །ཐེག་པ་ཆེན་པོ་འཇིགས་པ་མེད། །མཆོད་པ་ཆེན་པོ་སྒྲ་ཆེ་བ། །ཟླ་ལྟར་གྲགས་པའི་དཀྱིལ་འཁོར་ཅན། །རྡོ་རྗེ་འཆང་ཆེན་མཚན་བརྒྱ་བ། །རྡོ་རྗེ་དཀྱིལ་འཁོར་མེ་ཏོག་ཐོད། །བློ་གྲོས་ཆེན་པོ་ཕྱག་རིང་བ། །པདྨ་ཆེན་པོ་སྟོབས་པོ་ཆེ། །གསང་སྔགས་ཆེན་པོ་ཚོགས་ཆེན་པོ། །ས་གཞི་ཆེན་པོ་ལྷུན་པོ་ལགས། །ལག་ན་རྡོ་རྗེ་ཡོན་ཏན་ངེས། །ནོར་བུའི་མེ་ཏོག་ཐོད་ཀྱིས་བརྒྱན། །མཉམ་ཉིད་འབྱམས་ལ་ལོངས་སྤྱོད་པ། །རྒྱ་ཆེན་ཞིང་གི་རྒྱ་མཚོ་ཅན། །རྡོ་རྗེའི་འོད་མངའ་རྡོ་རྗེ་ལྡན། །ས་ཡི་བདག་པོ་ལྷུན་པོ་བཞིན། །ས་ལ་ལོངས་སྤྱོད་ལོངས་སྤྱོད་བཟང་། །མཚོན་ཆ་གཡོ་བ་ཕུན་སུམ་ཚོགས། །རབ་འབྱམས་སྣོད་ནི་རྣམ་པར་གྲགས། །སྨྲ་མཁས་རྡོ་རྗེ་རབ་འཇོམས་པ། །སྤྱན་རྩ་ཡུད་ཙམ་དམར་བ་སྟེ། །མེ་ཏོག་སྔོན་པོའི་ཐོད་ཀྱིས་བཅིངས། །སྤྲོ་བ་ཆེན་པོ་ཕྱག་རིང་བ། །བརྟན་པོ་བརྟན་ལ་བདེ་སྦྱིན་པ། །དེད་དཔོན་དཔལ་བཟང་ཆེན་པོ་སྟེ། །གངས་ཅན་ལྷུན་པོ་ལྟ་བུ་ལགས། །དབང་པོ་གཤིན་རྗེའི་རྒྱལ་ཆེན་དང་། །བཙན་པོ་ཁྱབ་འཇུག་སྟོབས་དབང་ཕྱུག །འཇིག་རྟེན་མཆོག་རིགས་སངས་རྒྱས་ཚངས། །དེ་བཞིན་ཉིད་ཚུལ་སྤྱོད་ཡུལ་ཅན། །རིན་ཆེན་ཏོག་སྟེ་ཆེར་བཞད་པ། །དགྱེས་པ་ན་བཟའ་སྣ་ཚོགས་གསོལ། །གཟིགས་པ་རིང་བ་སྤྱན་ཡངས་པ། །ནམ་མཁའ་བཞིནདུ་ཐོགས་པ་མེད། །ཐོགས་པ་མི་དཔོགས་རིན་ཆེན་གཙུག །སྲིད་གསུམ་འདོད་པ་མེད་པའི་རྒྱུ། །དུལ་བ་ཉོན་མོངས་དྲི་མ་བསལ། །དག་པ་གཙང་བ་གསོ་སྦྱོང་ཅན། །རྣམ་པར་གནོད་པའི་གཡུལ་ལས་འདས། །ལྗང་མདོག་སྐྱབས་མཛད་སྙིང་རྗེ་ཆེ། །སྟོབས་ཀྱི་གྲགས་པ་རྒྱ་ཆེ་བ། །བསམས་ན་ཤེས་པའི་སྤྱོད་ཡུལ་ཅན། །དཔའ་བོ་སེང་གེ་འཇིགས་པར་བྱེད། །སྡང་བ་རྣམས་ཀྱི་སྙིང་འཇོམས་པ། །མངའ་བདག་གྲགས་པ་ཡུལ་དང་ལྡན། །དགའ་བ་རྒྱ་ཆེན་རབ་འབྱུང་བ། །རིགས་མཁྱེན་རིགས་ཀྱི་སྙིང་པོ་མཁྱེན། །རིགས་ཀུན་དུ་ནི་མཆོད་པ་ལགས། །རྒྱལ་པོའི་རིགས་མཆོག་སྐྱེད་པའི་རྟེན། །རྡོ་རྗེ་ཡི་ནི་དཀྱིལ་འཁོར་བརྒྱན། །རྡོ་རྗེ་ས་འོག་རབ་གྲགས་པ། །རིག་སྔགས་འཆང་བ་སྟོབས་པོ་ཆེ། །མངོན་པར་འཕགས་པ་ཁྱབ་པ་མཆོག །མགྲིན་བཟང་ནད་དང་བྲལ་བ་ལགས། །སྐྱོང་མཛད་སྟོན་པ་དག་པ་སྟེ། །སངས་རྒྱས་ལམ་ནི་རབ་སྟོན་པ། །གྲོལ་བ་སྨིན་མཛད་འདུད་པར་མཛད། །དཀྱིལ་འཁོར་མ་ལུས་རྣམས་ཀྱིས་བརྒྱན། །རབ་ཞུགས་དཀྱིལ་འཁོར་རྣམས་ལ་མཁས། །རྡོ་རྗེ་སློབ་དཔོན་ཡོན་ཏན་རྟེན། །གྲུབ་པ་སྦྱིིན་པ་རྣམ་དག་མཆོག །ཚུལ་དང་ཚུལ་མིན་རྟོགས་པ་པོ། །དཀྱིལ་འཁོར་རྩ་སེར་མངའ་བ་སྟེ། །འོད་ཟེར་ལྗང་གུའི་འོད་དང་ལྡན། །སེར་ལ་ན་བཟའ་སེར་པོ་མནབས། །དཀྱིལ་འཁོར་མ་ལུས་ཀུན་གྱིས་བརྒྱན། །སྤྱན་རྩ་དམར་བ་ཟླ་བའི་དཔལ། །ནོར་བུ་སྣ་ཚོགས་འོད་འབྱུང་བ། །རྡོ་རྗེ་བརྒྱ་ཡི་སྟོབས་ཀྱིས་སྤྲོ། །མཉམ་ཉིད་མཉམ་པ་དྲི་མ་མེད། །སྐུ་ཡང་དག་ཅིང་ན་བཟའ་དག །དག་པ་མཁྱེན་ཅིང་དག་པར་ལྡན། །དག་པའི་ཆོས་མངའ་སྣང་བ་སྟེ། །འབྱུང་ལྡན་སྲེད་པ་སེལ་མཛད་པ། །འཁོར་བ་ཟད་མཛད་ཤེས་རབ་ཅན། །ཚུལ་ཤེས་ཚུལ་ལ་སྤྱོད་ཡུལ་བ། །རྡོ་རྗེ་རྒྱ་མཚོའི་སྙིང་པོ་ལགས། །རྡོ་རྗེ་སེམས་དཔའ་དགེ་བ་ཆེ། །འབྱུང་ལྡན་རབ་འབྱམས་ཤེས་རབ་ཅན། །མ་ལུས་གྲགས་པའི་འོད་བཟང་བ། །ས་ཡི་སྙིང་པོ་སྙིང་པོ་ཆེ། །རྡོ་རྗེའི་སྙིང་པོ་རྣམ་པར་འདྲེན། །དཔག་ཏུ་མེད་པ་དཔག་མེད་རྫོགས། །ཁྱད་པར་འཕགས་པའི་ཡུལ་ལ་གནས། །ཟབ་ཅིང་གསལ་བའི་གཙོ་བོ་སྟེ། །ཟླ་བའི་དཀྱིལ་འཁོར་འོད་ཟེར་བསིལ། །དགའ་དང་དྭངས་པ་སྐྱེད་པ་སྟེ། །ཡེ་ཤེས་རྒྱ་ཆེན་སྤྱོད་ཡུལ་བ། །རླུང་གི་དྲགཤུལ་ལྟ་བུར་དྲག །དྲག་པོ་ལགས་ཏེ་དྲག་སེལ་གཙང་། །རྒྱལ་རབ་བྱེད་ཅིང་རྒྱལ་བ་ཞི། །རྒྱལ་བའི་དཔལ་མཛད་དགའ་བར་མཛད། །ལྷུན་པོ་ཏི་སེ་མ་ལ་ཡས། །སྤྱོད་ཡུལ་ཟབ་མོ་ནོན་པ་སྟེ། །རིན་ཆེན་རྡོ་རྗེ་སྙིང་པོ་ཆེ། །ས་གཞིའི་སྤྱོད་ཡུལ་མངའ་བ་ལགས། །རིན་ཆེན་བྲག་ལས་བྱུང་བའི་འོད། །རྡོ་རྗེའི་དཀྱིལ་འཁོར་དག་གིས་བརྒྱན། །དེ་བཞིན་གཤེགས་ལ་ལྷུར་དགྱེས་པ། །ཤུགས་དྲག་དཔལ་གྱི་གཞི་རྟེན་ལགས། །རབ་གསལ་དཔལ་མཛད་གཙང་མ་སྟེ། །ཕྱོགས་བཅུའི་དབང་ཕྱུག་དབང་ཕྱུག་ཆེ། །དེ་ལྟར་རྡོ་རྗེ་འཆང་ཆེན་ལ། །མིང་བརྒྱ་རྩ་བརྒྱད་མཆོག་རྣམས་ཀྱིས། །རྡོ་རྗེ་སེམས་དཔས་བསྟོད་ནས་ནི། །རྡོ་རྗེ་ས་གསུམ་དབང་མཆོག་སྨྲས། །ཡོན་ཏན་སྙིང་པོ་ཤེས་རྣམས་ཀྱིས། །མིང་བརྒྱ་རྩ་བརྒྱད་མཆོག་བརྗོད་ཅིང་། །ཉེས་པ་བཟློག་པ་འདི་ལས་གཞན། །ས་ཡི་སྟེང་ན་ངས་མ་མཐོང་། །མིང་བརྒྱ་རྩ་བརྒྱད་དམ་པ་འདི། །ཐམས་ཅད་འགྲུབ་བྱེད་དགའ་བ་སྟེ། །སྡིག་པ་ཐམས་ཅད་སེལ་བ་དང་། །དྲི་མཀུན་བྲལ་ཡོན་ཏན་ངེས། །དེ་ཕྱིར་སྒྲིམ་པ་ཐམས་ཅད་ཀྱིས། །ཕུན་སུམ་ཚོགས་པ་འདོད་པའི་མིས། །མིང་བརྒྱ་རྩ་བརྒྱད་དགེ་བ་འདི། །རྟག་ཏུ་ཡང་ནི་བརྗོད་པར་གྱིས། །མིང་བརྒྱ་རྩ་བརྒྱད་དམ་པ་འདི། །བསམ་པ་ཀུན་དང་འབྱོར་པ་ཡི། །གནས་མཆོག་བླ་ན་མེད་པ་སྟེ། །དཔལ་ཡོན་རྒྱ་ཆེན་སྦྱིན་པ་ཡིན། ཡིད་ནི་ཤིན་ཏུ་དྭངས་པ་ཡིས། །ས་ཡི་སྙིང་པོའི་མཚན་གསལ་བ། འདོད་པ་ཐམས་ཅད་རབ་བསྒྲུབ་པའི། །ཡོན་ཏན་མཆོག་ནི་གང་བརྗོད་དང་། །དཔལ་ཡོན་རྒྱ་ཆེན་འཛིན་པ་ཡི། །མིང་བརྒྱ་རྩ་བརྒྱད་དམ་པ་འདི། །མི་ནི་གང་ཞིག་རྗོད་བྱེད་པ། །སྡུག་བསྔལ་ཀུན་ལས་མྱུར་དུ་འགྲོལ། །ཞེས་ཚར་གཅིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སའི་སྙིང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བརྒྱ་རྩ་སོགས་གང་ལྕོགས་དང་། འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དངབྱུག་པ། མེ་ཏོག་དང་བདུག་སྤོས། མར་མེ་དང་ཞལ་ཟས། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་པ་འདི་དག་དང་ཕྱོགས་བཅུ་ན་བདག་པོས་ཡོངསསུ་མ་བཟུང་བའི་ལྷ་དང་མིའི་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་གཟུངས་དང་རིག་པའི་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ་ཐམས་ཅད་རྒྱས་པར་བཀང་སྟེ་འབུལ་ལོ། །མཆོད་དོ། །ཆེ་གེ་ཞེས་བྱ་བ་དང་། བདག་ཅག་གིས་ཐོག་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་ཚེ་རབས་ཐམས་ཅདདུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའི་ལས་ནི་བགྱིས་བགྱི་བར་འོས་པའི་ལས་མ་བགྱིས་པ་ལ་སོགས་པ་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ། །དུས་གསུམ་གྱི་འཕགས་པ་དང་སྐྱེ་བོའི་དགེ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མེ་གང་དག་མྱ་ངན་ལས་འདའ་བའི་ཚུལསྟོན་པར་བཞེད་པ་དེ་དག་ཐམས་ཅད་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་མཛད་ཅིང་ཡུན་རིང་དུ་བཞུགས་པར་གསོལ་བར་འཚལ་ལོ། །དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམས་པའི་སྤྱན་སྔར་འཕགས་པ་སའི་སྙིང་པོའི་མཚན་ནས་བརྗོད་དེ་ཚོགས་བསགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས། སྔོན་འདས་པའི་སངས་རྒྱས་ཚད་མེད་གྲངས་མེད་པའི་སྤྱན་སྔར་འཕགས་མཆོག་སའི་སྙིང་པོས་ཐུགས་ཇི་ལྟར་བསྐྱེད་པ་དང་ཐུགས་དམ་ཇི་ལྟར་བཞེས་པ་དེ་བཞིན་དུ་བདག་གིས་ཀྱང་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བསླབ་པའི་གཞི་མཐའ་དག་ལ་རྗེས་སུ་བསླབ་པར་བགྱིའོ། །བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ལས་ཟད་མི་ཤེས་པའི་ཡི་དམ་ཆེན་པོ་བླངས་ཏེ་སྙིང་རྗེ་ཆེན་པོ་དང་མི་འཕྲོག་པའི་བརྩོན་འགྲུས་ལ་རྟག་ཏུ་སྦྱོར་ནུས་པར་གྱུར་ཅིགདེ་དག་གི་སྟོབས་གོང་ནས་གོང་དུ་འཕེལ་བའི་ཤུགས་ཀྱིས་སྐད་ཅིག་ཐང་ཅིག་ཙམ་གྱིས་ཀྱང་སོ་སོའི་སྐྱེ་བོ་ཚད་མེད་གྲངས་མེད་པ་སྡུག་བསྔལ་རྣམ་པ་སྣ་ཚོགས་ལས་བསྒྲལ་ཏེ་ཐམས་ཅད་ཅི་དང་ཅི་འདོད་པ་དེ་དང་དེ་དག་གི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ནུས་པརགྱུར་ཅིགཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པའི་སྨོན་ལམ་དང་ཡོན་ཏན་གྱི་ཁྱད་པར་མཐའ་ཡས་པས་ཡོངས་སུ་བརྒྱན་པའི་ཚུལ་ལ་ཉན་ཐོས་དང་རང་སངས་རྒྱས་དང་འཇིག་རྟེན་ཏུ་བཅས་པ་སུས་ཀྱང་དཔག་མི་ནུས་པར་གྱུར་ཅིགསངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་དུ་གྱུར་ཅིང་ཡེ་ཤེས་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་ནས་སངས་རྒྱས་ཀྱི་ཞིང་ཇི་སྙེད་པ་དེ་སྙེད་དུ་གནས་ཤིང་སེམས་ཅན་གྱི་བསམ་པ་དང་མཐུན་པའི་གཟུགས་སྟོན་ནས་ཡོངསསུ་སྨིན་པར་བྱེད་ནུས་པར་གྱུར་ཅིགཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་བསམ་དགུ་ཐམས་ཅད་ཆར་བཞིན་དུ་འབེབས་པས་ཇི་ལྟར་རེ་ཞིང་སྨོན་པ་ཐམས་ཅད་བདེ་བླག་ཏུ་ཚིམ་པར་བྱེད་པར་གྱུར་ཅིགཏིང་ངེ་འཛིན་གྱི་རྣམ་འཕྲུལ་ཚད་མེད་ཅིང་རྨད་དུ་བྱུང་བ་ཐོབ་ནས་བདག་ཉིད་ཇི་ལྟར་གནས་པའིི་ཏིང་ངེ་འཛིན་ཁོ་ན་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་དེ་བཞིན་དུ་གྱུར་ཏེ་གདུལ་བའི་སེམས་ཅན་ཚད་མེད་པ་ཡོངས་སུ་འདུལ་བར་བྱེད་པར་གྱུར་ཅིགབདག་གི་མིང་ཐོས་ཤིང་བདག་ལ་མོས་པ་དེ་དག་རྩ་བ་དང་ཉེ་བའི་ཉོན་མོངས་པ་རྣམས་དང་ལྟ་བ་ངན་པས་བསླད་པ་དང་མི་དགེ་བའི་ལས་རྒྱུ་དང་འབྲས་བུར་བཅས་པ་དང་འཇིགས་པ་དང་གནོད་པ་སྣ་ཚོགས་ཀྱིས་ཉེན་པ་དང་ནད་དང་འཁྲུགས་རྩོད་མུ་གེས་ཉམ་ཐག་པ་དང་གཉིད་དང་ལེ་ལོ་ཐེ་ཚོམ་གྱིས་དགེ་བའི་བར་དུ་གཅོད་པ་དེ་དག་ཐམས་ཅད་དེ་མ་ཐག་ཏུ་བྲལ་ཞིང་བྱང་ནས་འཕྲལ་དང་ཡུན་གྱི་བདེ་བ་བླ་ན་མེད་པ་ལ་སྦྱོར་ནུས་པར་གྱུར་ཅིགབདག་གི་མིང་ཐོས་ཤིང་བདག་ལ་མོས་པ་དེ་དག་གནས་ཆེན་པོའི་མཆོག་དང་ཚེ་དང་དཔལ་དང་བསོད་ནམས་དང་འདོད་པའི་ཡོན་ཏན་རྣམས་དང་རིན་པོ་ཆེའི་བང་མཛོད་སོགས་ཡོ་བྱད་ཀྱི་འབྱོར་པ་དང་གོས་དང་སྨན་དང་རིགས་བརྒྱུད་དང་འབྲུ་དང་ལོ་ཏོག་དང་། མང་དུ་ཐོས་པ་དང་ཚུལ་ཁྲིམས་དང་བསམ་གཏན་དང་མངོན་ཤེས་དང་ཤེས་རབ་དང་རྣམ་པར་གྲོལ་བ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་གྱི་དངོས་པོ་སྣ་ཚོགས་པ་ཇི་ལྟར་འདོད་པ་ཐམས་ཅད་འབད་མི་དགོས་པར་དེའི་མོད་ལ་འབྱོར་པར་གྱུར་ཅིགཡོན་ཏན་དམ་པ་དང་ཏིང་ངེ་འཛིན་དང་སྨོན་ལམ་གྱི་མཐུ་དང་གཟི་བརྗིད་ཀྱི་གཟུགས་དང་ཤིནཏུ་བརྩོན་པའི་ཁྱད་པར་བསམ་བརྗོད་ཀྱི་ཡུལ་ལས་འདས་པས་སྐད་ཅིག་ཐང་ཅིག་ཏུ་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པར་ཕྱིན་ཅིང་ཞིང་རེ་རེར་ཡང་སྐད་ཅིག་ཐང་ཅིག་ལ་སངས་རྒྱས་རྣམས་མཉེས་པར་བྱེད་ཅིང་སེམས་ཅན་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མུན་པ་མ་རིག་པའི་ཚོགས་བཅོམ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་ལ་འཇོག་ནུས་པར་གྱུར་ཅིགམདོར་ན་རྒྱལ་བའི་སྲས་པོ་ས་ཡི་སྙིང་པོའི་རྣམ་ཐར་དང་གཟུངས་དང་ཏིང་ངེ་འཛིན་དང་སྨོན་ལམ་དང་ཐབས་ལ་མཁས་པའི་སྤྱོད་ཡུལ་དང་རྣམ་པར་འཕྲུལ་བ་དང་ཡེ་ཤེས་རྒྱ་མཚོ་ཚད་མེད་པ་ཐམས་ཅད་བདག་གིས་མྱུར་དུ་འགྲུབ་ནས་སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུ་ལ་འགོདནུས་པར་གྱུར་ཅིགའཕོས་མ་ཐག་ཏུ་རྒྱལ་བའི་སྲས་པོ་སའི་སྙིང་པོའི་ཞལ་མངོན་སུམ་དུ་མཐོང་སྟེ་སྒྲིབ་པ་མ་ལུས་པ་སྐད་ཅིག་ལ་བྱང་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་ཅིང་། ཞིང་ཡོངས་སུ་སྦྱོང་བ་དང་། སེམས་ཅན་རྣམས་སྨིན་པར་བྱེད་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་ཅིང་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཉེས་པ་མཐའ་ཡས་པ་སྒྲུབ་པར་བྱེད་པར་གྱུར་ཅིགགཉིས་པ་གཟུངས་བཟླ་བ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་མཐུ་དང་བྱིན་གྱིས་བརླབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕགས་པ་སྐུ་གསུང་ཐུགས་ཀྱི་སྤྱོད་པ་མ་དག་པ་མི་མངའ་བ་རྣམས་ཀྱི་ཐུགས་ངེས་པའི་བདེན་པས་གཟུངས་སྔགས་བཟླས་པ་ཚུལ་བཞིན་དུ་འགྲུབ་པར་བྱིན་གྱིས་རློབ་པར་མཛད་དེ། བདག་སོགས་འགྲོ་བ་མང་པོའི་དོན་དཔག་ཏུ་མེད་པ་མཛད་པར་གྱུར་ཅིགསྐུ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། དེས་འཕགས་པ་ཐམས་ཅད་སེམས་ཅན་གྱི་དོན་ལ་བསྐུལ་ཞིང་ངན་སོང་གི་གནས་ཐམས་ཅད་སྦྱངས་ཏེ་སེམས་ཅན་ཐམས་ཅད་མཐོ་རིས་དང་ཐར་པའི་གོ་འཕང་ལ་འཇུག་པར་གྱུར་ཅིགའོད་ཟེར་དེས་བདག་ཅག་རྣམས་ལ་ཁྱབ་པས་འགྲོ་དོན་དཔག་མེད་སྒྲུབ་ནུས་པའི་མཐུ་ཐོབ་སྟེ། དེ་བཞིན་གཤེགས་པ་རྣམས་དང་སྐུ་གསུང་ཐུགས་མཚུངས་པར་གྱུར་ཅིགབདག་ཅག་ལ་སོགས་པ་བསྒྲུབ་བྱའི་ལུས་དང་འཁོར་དང་ཡོ་བྱད་ཐམས་ཅད་ལ་ཁྱབ་སྟེ། ནད་དང་གནོད་པ་ཐམས་ཅད་ནི་བསལ། ལུས་སེམས་ཀྱི་སྐྱོན་ཐམས་ཅད་དང་ནི་བྲལ་ཏེ། ཆོས་ཀྱི་སྣོད་རུང་དུ་གྱུར་ཅིགབདག་ཅག་རྣམས་ཀྱིས་འཕགས་པ་རྣམས་མངོན་སུམ་ལྟ་བུར་དམིགས་ནས་གཟུངས་བཟླས་པས། དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྒོ་སྣ་ཚོགས་དང་ཚིག་འབྲུ་མཐའ་ཡས་པ་རྟོགས་ཤིང་རྣམ་པར་དག་པར་བྱིན་གྱིས་རློབ་པར་གྱུར་ཅིགཅེས་བདེན་ཚིག་གིས་བསྔོས་ནས་འཕགས་པ་རྣམས་གྱིས་གནང་ཞིང་ཕྲིན་ལས་མཛད་པར་ངེས་ཤེས་བསྐྱེད་དེ་ཇི་ལྟར་བསྔོས་པ་བཞིན་མངོནདུ་གྱུར་པར་དམིགས་ནས། ༀ་སུཾ་བྷ་ནི་སུཾ་བྷ། ཧ་ར་ཙ་ར། མ་ཧཱ་པཱ་ཤམ་རུ་ཏཱ། ཨ་མོ་གྷ་བཛྲ་སཏྭ་སྭཱ་ཧཱ། ཞེས་གཟུངས་བརྒྱ་ཙམ་དང་། ༀ་ཀྵི་ཏི་ཧ་རཱ་ཛ་སྭཱ་ཧཱ། ཞེས་སྙིང་པོ་སྟོང་རྩ་འགྲོ་ངེས་དང་། སྤྲོ་ན་འཁོར་ལོ་བཅུ་པའི་མདོ་ལས་འབྱུང་བའི་ཐོས་པ་འཛིན་པའི་རིགས་སྔགས་ཆེན་པོ། ཚིམ་བྷོ་ཚིམ་བྷོ། ཙིམ་ཚིམ་བྷོ། ཨཱ་ཀཱ་ཥ་ཚིམ་བྷོ། བ་ཀ་ར་ཚིམ་བྷོ། ཨ་མ་བ་ར་ཚིམ་བྷོ། བ་ར་ཚིམ་བྷོ། བ་ཙི་ར་ཚིམ་བྷོ། ཨ་རོ་ག་ཚིམ་བྷོ། དྷརྨ་ཚིམ་བྷོ། ས་ཏེ་བ་ཚིམ་བྷོ། ས་ཏེ་ནི་ཧ་ལ་ཚིམ་བྷོ། བི་བ་རོ་ཀ་ཚིམ་བྷོ། ཨུ་པ་ཤ་མ་ཚིམ་བྷོ། ན་ཡ་ན་ཚིམ་བྷོ། པྲ་ཛྙཱ་ས་མ་མོ་ནེ་རཏྣ་ཚིམ་བྷོ། ཀྵ་ཎ་ཚིམ་བྷོ། བི་ཥེ་མ་བ་ར ི་ཡཱ་ཚིམ་བྷོ། ཤཱ་སཱི་ཏ་ལ་མ་བ་ཚིམ་བྷོ། བི་ཨ་དྲ་སོ་ཏ་མ་ཧེ་ལེ། ད་མ་བེ་ཡ་མ་བེ། ཙཀྲཱ་སེ། ཙཀྲཱ་བ་སི་ལེ། ཀྵི་ལེ་ཕི་ལེ་ཀ་བ་བྷཱ། བཱ་ར་བ་རཱི་ཏེ། ཧ་སེ་རེ་པྲ་རཱ་བེ། པ་རེ་ཙ་རཱ་བྷན་དཱ་ནེ། ཨ་ར་དཱ་ནེ། ཕཱ་ན་ར། ཙ་ཙ་ཙ་ཙ། ཧི་ལེ་མི་ལེ། ཨ་ཁ་ཏ་ཐཱ་གེ་ཁེ། ཐ་ག་ཁཱི་ལོ། ཐ་ཧཱ་རེ་ཐ་ཧཱ་རེ། མི་ལེ་མ་དྷེ། ནན་ཏེ་ཀུ་ལེ་མི་ལེ། ཨང་ཀུ་ཙི་ཏ་བྷེ། ཨཱ་རཻ་{རེཾ}གྱི་རེ། བ་ར་གྱི་རེ། ཀུ་ཏ་ཤ་མ་མ་ལེ། ཏོན་གྱེ་ཏོན་གྱེ། ཏོན་གཱུ་ལ། ཧུ་རཱུ་ཧུ་རཱུ་ཧུ་རཱུ། ཀུ་ལོ་སྟོ་མི་ལེ། མེ་རི་ཏོ། མེ་རི་ཏེ། བྷ་ན་དྷ་ཏེ། ཧ་ར་ཁ་མ་རེ་མ། ཧུ་རུ་ཧུ་རུ། ཞེས་པ་ཅི་རིགས་བཟླའོ། །གཟུངས་སྙིང་རིགས་སྔགས་རྣམས་ཀྱི་ཕན་ཡོན་ནི་མཚན་བརྒྱ་སོགས་གཞུང་དང་། དཀྱིལ་འཁོར་བརྒྱད་པ་དང་། ས་སྙིང་མདོ་ལས་ཤེས་པར་བྱའོ། །གསུམ་པ་སྤྱིར་སྨོན་ལམ་དུ་བྱ་བ་ནི། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །སོགས་བཟང་སྤྱོད་ཚང་བ་དང་། གསེར་འོད་རྔ་སྒྲ་ལས་འབྱུང་བའི་སྨོན་ལམ། སངས་རྒྱས་གསེར་མདོག་རི་སྣང་རི་རབ་འདྲ། །ཡོན་ཏན་རྒྱ་མཚོ་འདྲ་ལ་ཕྱག་འཚལ་ལོ། །རྒྱལ་བ་དེ་དག་རྣམས་ལ་སྐྱབས་སུ་མཆི། །རྒྱལ་བ་དེ་དག་ཀུན་ལ་མགོས་ཕྱག་འཚལ། །ཡོན་ཏན་ཁ་དོག་སྙན་དང་གྲགས་པ་དང་། །དགེ་བའི་མཚན་གྱིས་བརྒྱན་པའི་སྐུ་ལུས་དང། །དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་ཡིས། །སེམས་ཅན་ཐམས་ཅད་དེ་འདྲར་འགྱུར་བར་ཤོག །བདག་ནི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་མི་རིང་སངས་རྒྱས་འགྱུར་བར་ཤོག །འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་གྱུར་ཅིག །སེམས་ཅན་སྡུག་བསྔལ་མང་གཟིར་ཐར་བྱེད་ཤོག །སྟོབས་བཅས་སྡེར་བཅས་བདུད་ལས་རྒྱལ་གྱུར་ཅིག །ཆོས་ཀྱི་འཁོར་ལོ་དགེ་བ་བསྐོར་བར་ཤོག །བསྐལ་པ་བསམ་གྱིས་མི་ཁྱབ་གནས་གྱུར་ཅིག །བདུད་རྩི་ཆུ་ཡིས་སེམས་ཅན་ཚིམ་བྱེད་ཤོག །ཇི་ལྟར་སྔོན་གྱི་རྒྱལ་བ་རྫོགས་པ་ལྟར། །ཕ་རོལ་ཕྱིན་དྲུག་བླ་མེད་རྫོགས་པར་ཤོག །ཉོན་མོངས་བཅོམ་ཞིང་སྡུག་བསྔལ་སེལ་གྱུར་ཅིག །འདོད་ཆགས་ཞེ་སྡང་གཏི་མུག་ཞི་བྱེད་ཤོག །ཚེ་རབས་བརྒྱ་དང་ཚེ་རབས་བྱེ་བ་སྟོང་། །བདག་ནི་རྟག་ཏུ་ཚེ་རབས་དྲན་པར་ཤོག །ཐུབ་པའི་དབང་པོ་རྟག་ཏུ་དྲན་གྱུར་ཅིག །དེ་དག་རྣམས་ཀྱི་གསུང་རྒྱ་ཆེ་ཐོས་ཤོག །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །རྟག་ཏུ་སངས་རྒྱས་འགྲོགས་པ་རྙེད་པར་ཤོག །སྡིག་པའི་ལས་རྣམས་རྣམ་པར་སྤོང་གྱུར་ཅིག །དགེ་བའི་འབྱུང་གནས་དགེ་གནས་སྤྱོད་པར་ཤོག །ཞིང་རྣམས་ཀུན་ན་སྲོག་ཆགས་ཐམས་ཅད་ཀྱང་། འཇིག་རྟེན་དག་ན་སྡུག་བསྔལ་ཀུན་ཞིར་གྱུར། །སེམས་ཅན་དབང་པོ་མ་ཚང་ཡན་ལག་ཉམས། །དེ་ཀུན་དེ་རིང་དབང་པོ་ཚང་བར་ཤོག །གང་དག་ནད་བཏབ་ཉམ་ཆུང་ལུས་ཉམ་དང་། །ཕྱོགས་བཅུ་དག་ན་སྐྱབས་མེད་གྱུར་པ་རྣམས། །དེ་ཀུན་མྱུར་དུ་ནད་ལས་ཐར་གྱུར་ཅིག །ནད་མེདསྟོབས་དང་དབང་པོ་རྙེད་པར་ཤོག །གང་དག་རྒྱལ་པོ་ཆོམ་རྐུན་དགྲས་བསྡིགས་བསདཐུག་དང་། །སྡུག་བསྔལ་རྣམ་པ་སྣ་ཚོགས་བརྒྱ་ཡིས་ཕོངས་གྱུར་པ། །སེམས་ཅན་ཉམ་ཐག་གྱུར་ཅིང་སྡུག་བསྔལ་དེ་དག་ཀུན། །འཇིགས་མཆོག་མི་བཟད་བརྒྱ་པོ་དེ་ལས་ཐར་གྱུར་ཅིག །གང་དག་བརྡེགས་ཤིང་བཅིངས་པས་བཅིངས་གཟིར་བ། །ཕོངས་པ་སྣ་ཚོགས་དག་ན་གནས་གྱུར་ཅིང་། །ཉོན་མོངས་སྟོང་ཕྲག་དུ་མས་དཀྲུགས་ནས་ཀྱང་། །འཇིགས་པ་མི་བཟད་མྱ་ངན་སྣ་ཚོགས་རྙེད། །དེ་དག་ཐམས་ཅད་བཅིངས་ལས་གྲོལ་གྱུར་ཅིག །བརྡེགས་པ་དག་ནི་བརྡེགས་ལས་ཐར་པར་ཤོག །བསད་པ་རྣམས་ཀྱང་སྲོག་དང་ལྡན་གྱུར་ཅིག །ཕོངས་གྱུར་ཐམས་ཅད་འཇིགས་པ་མེད་པར་ཤོག །སེམས་ཅན་གང་དག་བཀྲེས་སྲེད་སྐོམ་གྱིས་གཟིར། །དེ་དག་ཟས་སྐོམ་སྣ་ཚོགས་རྙེད་པར་ཤོག །ལོང་བས་གཟུགས་རྣམས་སྣ་ཚོགས་མཐོང་གྱུར་ཅིག །འོན་པས་ཡིད་འོང་སྒྲ་རྣམས་ཐོས་པར་ཤོག །གཅེར་བུ་རྣམས་ཀྱི་སྣ་ཚོགས་གོས་རྙེད་གྱུར། །སེམས་ཅན་དབུལ་བོས་གཏེར་རྣམས་རྙེད་པར་ཤོག །ནོར་འབྲུ་རིན་ཆེན་སྣ་ཚོགས་མང་པོ་ཡིས། །སེམས་ཅན་ཐམས་ཅད་བདེ་དང་ལྡན་པར་ཤོག །གང་ཡང་སྡུག་བསྔལ་ཚོར་བས་གནོད་མ་གྱུར། །སེམས་ཅན་ཐམས་ཅད་ལྟ་ན་སྡུག་པ་དང་། །གཟུགས་བཟང་མཛེས་ཤིང་ཚུལ་དུ་ཤིས་པར་ཤོག །རྟག་ཏུ་བདེ་བ་དུ་མ་སོགས་གྱུར་ཅིག །ཡིད་ཀྱི་ཟས་སྐོམ་རབ་འབྱོར་བསོད་ནམས་དག །བསམ་མ་ཐག་ཏུ་དེ་དག་འགྲུབ་གྱུར་ཅིག །རྫ་རྔ་ཅང་ཏེའུ་པི་ཝཾསྒྲ་སྙན་དང་། །ཆུ་མིག་མཚེའུ་དང་རྫིང་བུ་ལྟེང་ཀ་དག །གསེར་གྱི་པདྨ་ཨུཏྤལ་འདབ་མ་ཅན། །ཟས་སྐོམ་གོས་ནོར་མུ་ཏིག་ནོར་བུ་དབྱིག །རྒྱན་གསེར་རིན་ཆེན་སྣ་ཚོགས་བཻཌཱུཪྱ། །དེ་དག་བསམ་མ་ཐག་ཏུ་འགྲུབ་གྱུར་ཅིག །འཇིག་རྟེན་གང་ནའང་སྡུག་བསྔལ་སྒྲ་མ་བྱུང་། །སེམས་ཅན་གཅིག་ཀྱང་མི་འཕྲོད་མཐོང་མ་གྱུར། །དེ་དག་ཐམས་ཅད་ཁ་དོག་རྒྱ་ཆེན་དང་། །ཕན་ཚུན་དུ་ནི་འོད་བྱེད་འགྱུར་བར་ཤོག །མི་ཡི་འཇིག་རྟེན་ཕུན་སུམ་ཚོགས་གང་ཡོད། །དེ་དག་བསམ་པར་སྐྱེ་བར་དེ་དག་འགྱུར། །བསམ་པ་ཐམས་ཅད་བསམ་མ་ཐག་ཏུ་ཡང་། །བསོད་ནམས་འབྲས་བུ་ཡོངས་སུ་རྫོགས་པར་ཤོག །སྤོས་དང་ཕྲེང་བ་དག་དང་བྱུག་པ་དང་། །གོས་དང་ཕྱེ་མ་མེ་ཏོག་སྣ་ཚོགས་དག །ལྗོན་ཤིང་དག་ལས་དུས་གསུམ་འབབ་པར་ཤོག །སེམས་ཅན་དེ་དག་ལེན་ཅིང་དགའ་གྱུར་ཅིག །དེ་བཞིན་གཤེགས་པ་བསམ་ཡས་ཐམས་ཅད་དང་། །རྫོགས་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་། །རྡུལ་བྲལ་དྲི་མེད་བསྟན་པའི་ཆོས་ལ་ཡང་། །ཕྱོགས་བཅུ་རྣམས་སུ་མཆོད་པ་བྱེད་པར་ཤོག །འགྲོ་བ་དམན་པ་ཐམས་ཅད་སྤོང་གྱུར་ཅིག །མི་ཁོམ་བརྒྱད་པོ་དག་ལས་འདས་པར་ཤོག །དལ་བའི་རྒྱལ་པོ་དམ་པ་ཐོབ་གྱུར་ཅིག །རྟག་ཏུ་སངས་རྒྱས་འགྲོགས་པ་ཐོབ་པར་ཤོག །རྟག་ཏུ་མཐོན་པོའི་རིགས་སུ་སྐྱེ་བར་ཤོག །ནོར་དང་འབྲུ་ཡི་མཛོད་རྣམས་འབྱོར་གྱུར་ཅིག །སྙན་དང་གྲགས་དང་གཟུགས་དང་ཁ་དོག་གིས། །བསྐལ་པ་དུ་མར་ལེགས་པར་བརྒྱན་པར་ཤོག །བུད་མེད་རྣམས་ཀྱང་རྟག་ཏུ་ཕོར་གྱུར་ཏེ། །དཔའ་ཞིང་བརྟུལ་ཕོད་མཁས་ཤིང་གསལ་བར་ཤོག །དེ་ཀུན་རྟག་ཏུ་བྱུང་ཆུབ་ཕྱིར་སྤྱོད་གྱུར། །ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པར་ཤོག །ཕྱོགས་བཅུ་དག་ན་རིན་ཆེན་ཤིང་དབང་དྲུང་། །སངས་རྒྱས་བདེ་བཞུགས་རིན་ཆེན་བཻཌཱུཪྱའི། །ཁྲི་ལ་བཞུགས་པ་དག་ནི་མཐོང་གྱུར་ཅིག །ཆོས་བསྟན་པ་ཡང་དེ་དག་ཐོས་པར་ཤོག །བདག་གིས་སྡིག་པའི་ལས་རྣམས་བསྒྲུབས་པ་ནི། །སྲིད་པ་ཉམ་ངར་སྔོན་ཆད་གང་བསྒྲུབས་པ། །སྡིག་ལས་གང་དག་མི་འདོད་འབྲས་ཐོབ་པ། །དེ་དག་ཐམས་ཅད་མ་ལུས་ཟད་གྱུར་ཅིག །སེམས་ཅན་གང་དག་སྲིད་པར་བཅིངས་གནས་ཀུན། །འཁོར་བའི་ཞགས་པའི་ཐག་པས་དམ་བཅིངས་པ། །ཤེས་རབ་ལག་གིས་བཅིངས་པ་བཀྲོལ་བར་ཤོག །སྡུག་བསྔལ་རྣམས་ལས་ཐར་གྱུར་ཐོབ་གྱུར་ཅིག །སེམས་ཅན་གང་དག་འཛམ་བུའི་གླིང་འདི་དང་། །གང་ཡང་འཇིག་རྟེན་ཁམས་ནི་གཞན་རྣམས་ན། །བསོད་ནམས་སྣ་ཚོགས་ཟབ་མོ་རྣམ་བྱེད་པ། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ་། །ལུས་དང་ངག་དང་ཡིད་ཀྱིས་བསྒྲུབས་པ་ཡི། །བདག་གིས་རྗེས་སུ་ཡི་རང་བསོད་ནམས་དེས། །བདག་ནི་སྨོན་ལམ་འབྲས་བུ་ཡོད་པར་ཤོག །བྱང་ཆུབ་རྡུལ་བྲལ་བླ་མེད་ཐོབགྱུར་ཅིག །ཅེས་དང་། རྒྱལ་སྲས་ས་ཡི་སྙིང་པོའི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །གཞན་ཡང་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་གསུང་རིན་ཆེན་ཕྲེང་བ་ལས་འབྱུང་བའི་སྨོན་ལམ་སོགས་གང་ནུས་དང་། བསྟན་པ་རྒྱས་པའི་སྨོན་ལམ་ཡང་གདབ་བོ། །གསུམ་པ་ཆོ་གའི་རྗེས་ཇི་ལྟར་བྱ་བ་ལ་ལྔ། གཏོར་མཆོད་འབུལ་ཞིང་འདོད་དོན་གསོལ་བ། བཟོད་གསོལ། གཤེགས་བསྟིམ། བསྔོ་བ། ཤིས་བརྗོད་དོ། །དང་པོ་ནི་གཏོར་མ་ཆབ་བྲན། མཆོད་པ་ཁ་གསོས་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བྷྲཱུྃ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་དང་། ནམཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥར་ཎ་ཁཾ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས། ནམཿསརྦ་བུདྡྷ་བོ་ངྷི་ས་ཏྭ་ས་པ་རི་བཱ་རེ་བྷྱཿༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཱཎཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ༀཨཱཿཧཱུྃ་ཕཊ་སྭཱ་ཧཱ། བཏགས་པ་ལན་གསུམ་གྱིས་འབུལ། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དགཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཅེས་དང་། ལྷདང་ཀླུ་དང་འཁོར་ལོ་བཅུ་པའི་མདོ་ལས་གནོད་སྦྱིན་མི་རྣམས་དང་། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམས། ཡོན་ཏན་ཆེན་པོ་འཇིག་རྟེན་གཙོ་ལ་འབུལ། །མཆོག་གི་མཆོད་པ་འདི་དག་བཞེསསུ་གསོལ། །མཆོད་གཟུངས་རོལ་མོར་བཅས་པས་མཆོད། རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །ས་ཡི་སྙིང་པོར་ཕྱག་འཚལ་བསྟོད། །ཅེས་པ་ཙམ་གྱིས་བསྟོད། ཡེ་ཤེས་གཟུངས་སྤྲིན་ཏིང་འཛིན་དཔག་ཡས་མཐུས། །བུམ་བཟང་གཏེར་དང་དཔག་བསམ་ནོར་བུ་བཞིན། །སྐྱེ་དགུའི་ཡིད་ཀྱི་རེ་བ་སྐོང་མཛད་པའི། །ས་ཡི་དབང་ཕྱུག་དགོངས་པར་མཛད་དུ་གསོལ། །ཁྱོད་ནི་རྙོགས་པ་ལྔས་གདུང་འགྲོ་ཁམས་ལ། །ཐུགས་བསྐྱེད་ལྷག་པར་ཆེ་ཞེས་ཉེར་གྲགས་ན། །ཕོངས་པ་བདག་གི་འདོད་པའི་དོན་འགའ་ཞིག །གསོལ་བར་བགྱིའོ་ས་ཡི་གཙོ་བོ་ཀྱཻ། །བློ་ལྡན་གཞན་ལ་བསྐལ་པར་བོས་པ་བས། །ཁྱོད་མཚན་སྐད་ཅིག་དྲན་པ་མཆོག་གོ་ཞེས། །མི་བསླུ་རྡོ་རྗེའི་བདེན་གསུང་ཟབ་མོའི་འབྲས། །དེང་འདིར་མངོན་སུམ་མཆིས་པར་མཛད་དུ་གསོལ། །མཆོག་བྱིན་རྫོགས་ལྡན་ནོར་བུའི་སྤྲིན་ཆེན་ལས། །དགེ་ལེགས་ཕན་བདེའི་གྲུ་ཆར་བཇོ་བ་ཡིས། །དོན་གཉིས་གསེར་གྱི་སྙེ་མ་གཡུར་སྨིན་པའི། །བསྐལ་པ་མཆོག་གིས་འགྲོ་འདི་སྲུང་བར་མཛོད། །ཅེས་དང་། ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ནོར་རྒྱུན་མའི་བསྟོད་པ་ལས་འབྱུང་བ། འགྲོ་ལ་བདེ་སྐྱིད་འབྱུང་བའི་སྒོ་གཅིག་པུ། །ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཡུལ་དུས་གནས་སྐབས་ཀུན་ཏུ་མི་ཉམས་པར། །ཕྱོགས་མཐར་དར་ཞིང་རྒྱས་པར་མཛད་དུ་གསོལ། །ཚད་མེད་མཁྱེན་དང་བརྩེ་བའི་དཔལ་མངའ་ཞིང་། །རྒྱལ་བའི་བསྟན་པ་སྲོག་ལྟར་གཅེས་འཛིན་པའི། །མཚུངས་མེད་བླ་མ་དགེ་བའི་བཤེས་གཉེན་རྣམས། །སྐུ་ཚེ་རིང་ཞིང་རྒྱས་པར་མཛད་དུ་གསོལ། །འགྲོ་ལ་དགེ་བའི་ལྷག་བསམ་སྣང་མཛད་ཅིང་། །འཆད་རྩོད་རྩོམ་བའི་བྱ་བ་ལྷུར་ལེན་པའི། །ཆོས་བྱེད་དགེ་འདུན་འདི་དག་ཞབས་བརྟན་ཅིང་། །ཕྲིན་ལས་དར་ཞིང་རྒྱས་པར་མཛད་དུ་གསོལ། །མི་རྣམས་ན་རྒ་འཆི་བའི་འཇིགས་མེད་ཅིང་། །འཇིག་རྟེན་ཡང་དག་ལྟ་བ་དང་ལྡན་པའི། །ཕན་ཚུན་བྱམས་པའི་སེམས་དང་ལྡན་པ་ཡི། །ཚེ་དང་དགེ་བ་རྒྱས་པར་མཛད་དུ་གསོལ། །གྲོང་རྣམས་འཛམ་བུའི་རླུང་གིས་གཡོ་བ་ཡི། །བ་དན་དཀར་པོའི་ཕྲེང་བས་རབ་མཛེས་ཤིང་། །གོས་བཟང་རིན་ཆེན་རྒྱན་གྱིས་སྤྲས་པ་ཡི། །འབྱོར་ལྡན་སྐྱེ་བོས་གང་བར་མཛད་དུ་གསོལ། །མཁའ་ལ་གློག་ཕྲེང་རྒྱུ་བའི་སྤྲིན་མཛེས་ཤིང་། །ས་ལ་རྨ་བྱ་དགའ་བའི་གར་མཛེས་པ། །ཟིམ་བུ་དལ་གྱིས་འབབས་པའི་ཆར་རྒྱུན་གྱིས། །འགྲོ་རྣམས་དགའ་བ་རྒྱས་པར་མཛད་དུ་གསོལ། །རི་རྣམས་རྩྭ་དང་མེ་ཏོག་འབབ་ཆུས་བརྒྱན། །ཀླུང་རྣམས་སྣ་ཚོགས་འབྲུ་དང་ཕྱུགས་ཀྱིས་གང་། །མི་རྣམས་རབ་ཏུ་དགའ་བའི་གླུ་ལེན་ཅིང་། །དྲེགས་དང་འཐབ་རྩོད་ཞི་བར་མཛད་དུ་གསོལ། །རྒྱལ་པོ་ཆབ་སྲིད་ཞི་བས་ལེགས་སྐྱོང་ཞིང་། །འབངས་རྣམས་རྒྱལ་པོའི་བཀའ་ལུང་གུས་ལེན་ནས། །ཕྱི་དང་ནང་གི་འཁྲུགས་རྩོད་ཉེར་ཞི་ནས། །རྫོགས་ལྡན་བཞིན་དུ་རྒྱས་པར་མཛད་དུ་གསོལ། །གཙུག་ལག་ཁང་རྣམས་རྒྱལ་བའི་སྐུ་གཟུགས་དང་། །དམ་ཆོས་གླེགས་བམ་དུ་མས་རབ་མཛེས་ཤིང་། །ལྷ་རྫས་མཆོད་པའིསྤྲིན་ཚོགས་དཔག་མེད་ཀྱིས། །མཆོད་པའི་ཆར་ཆེན་རྒྱས་པར་མཛད་དུ་གསོལ། །དགོན་གནས་ཐམས་ཅད་ཐུབ་བསྟན་སྐྱོང་བྱེད་པའི། །བཤེས་གཉེན་ངུར་སྨྲིག་འཛིན་པས་ཡོངས་གང་སྟེ། །འཆད་རྩོད་རྩོམ་པའི་བྱ་བས་དུས་འདའ་བའི། །ཀློག་དང་ཁ་ཏོན་རྒྱས་པར་མཛདདུ་གསོལ། །དགེ་བསྙེན་དགེ་ཚུལ་དགེ་སློང་ཕ་མ་རྣམས། །དྲི་མ་མེད་པའི་ཚུལ་ཁྲིམས་དང་ལྡན་ཞིང་། །རྣམ་དག་ཐོས་བསམ་སྒོམ་པའི་བྱ་བ་ཡིས། །བདེ་གཤེགས་བསྟན་པ་རྒྱས་པར་མཛད་དུ་གསོལ། །སྒྲུབ་པ་པོ་རྣམས་གཡེང་བ་ཀུན་སྤངས་ཏེ། །འཚེ་བ་ཀུན་བྲལ་འདུ་འཛིས་རབ་དབེན་པའི། །ཞི་བའི་གནས་སུ་སྤོང་བ་ལྷུར་ལེན་པ། །རྟོགས་པའི་ཡོན་ཏན་རྒྱས་པར་མཛད་དུ་གསོལ། །ལྷག་པར་དད་པས་གསོལ་བ་འདེབས་བྱེད་པ། །སྒྲུབ་པོ་བདག་ཅག་འཁོར་དང་བཅས་རྣམས་ལ། །ལོག་འཚོ་བྲལ་བའི་དཔལ་འབྱོར་ཕུན་ཚོགས་དང་། །ཚེ་དང་དམ་ཆོས་རྒྱས་པར་མཛད་དུ་གསོལ། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། བསམ་གཏན་ཤེས་རབ་བླ་ན་མེད་སོགས་ཏེ། །རང་ལ་སངས་རྒྱས་ཆོས་རྣམས་ཡོངས་རྫོགས་ཤིང་། །ལུང་རྟོགས་ཡོན་ཏན་རྒྱས་པར་མཛད་དུ་གསོལ། །སྦྱིན་དང་སྙན་པར་སྨྲ་བས་འཁོར་བསྡུས་ནས། །དོན་སྤྱོད་དམ་ཆོས་ཚུལ་བཞིན་བཤད་པའི་མཐུས། །རང་གཞན་དོན་མཐུན་ཆོས་ལ་ལེགས་སྦྱོར་ནས། །གཞན་དོན་ཆོས་བཞིན་རྒྱས་པར་མཛད་དུ་གསོལ། །ཆོས་ཀྱི་འགལ་རྐྱེན་མཐའ་དག་ཉེར་ཞི་ཞིང་། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་གྱུར་ནས། །གང་དང་གང་ལ་ཐུབ་པས་རབ་བསྔགས་པའི། །དགེ་བ་འདི་དག་རྒྱས་པར་མཛད་དུ་གསོལ། །གཉིས་པ་ནི། བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པས་མ་འཚལ་བ་དང་། ལུས་ངག་ཡིད་གསུམ་ཉོན་མོངས་དང་འདྲེས་པ་དང་། མཆོད་པའི་དངོས་པོ་ཆུང་ཞིང་དམན་པ་དང་། གཙང་སྦྲས་མ་ཕྱེད་པ་དང་། མདོ་ལས་བྱུང་བའི་ཆོ་ག་བཞིན་དུ་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཞིང་ནོངས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་བཟོད་པར་གསོལ་ཞིང་མཆིས་ན། ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་བཞེས་ཤིང་འཕྲལ་དང་ཡུན་དུ་བདག་ཅག་གི་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབཏུ་གསོལ། །གསུམ་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ས་ཡི་སྙིང་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཚོགས་སྤེལ་བ་དང་། སྣོད་བཅུད་ཀྱི་དགེ་མཚན་རྒྱས་པའི་སླད་དུ་རྟེན་འདི་དང་གཉིསསུ་མེད་པར་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་སོགས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བས་དགོངས་ཏེ་ཏིང་ངེ་འཛིན་གྱི་སྒོ་ཚད་མེད་གྲངས་མེད་པ་ལ་སྙོམས་པར་འཇུག་ཅིང་ལྡང་བར་མཛད་དུ་གསོལ། དེའི་མཐུ་ལ་བརྟེན་ནས་མཁའ་ཁྱབ་ཀྱི་ཞིང་དང་། འཛམ་བུ་གླིང་དང་། ཁྱད་པར་རྟེན་འདི་ཉིད་བཞུགས་པའི་དཔག་ཚད་བརྒྱའི་འཁོར་ཡུག་དང་། ལྷག་པར་དུའང་ཆོས་སྡེ་ཆེན་པོ་འདི་ཉིད་དུ་ས་བཅུད་བཀྲ་ཤིས་དཔལ་འབྱོར་ཐམས་ཅད་རྫོགས་ལྡན་གྱི་དུས་བཞིན་གོང་ནས་གོང་དུ་འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཡུལ་ཁམས་ཐམས་ཅད་དུ་ནད་མུག་མཚོན་འཁྲུགས་ལོ་ཉེས་སད་སེར་འབྱུང་བཞིའི་འཇིགས་པ་དང་མི་དང་མི་མིན་གྱི་འཚེ་བ་སོགས་བཀྲ་མི་ཤིས་པའི་བག་ཅི་ཡང་མི་འབྱུང་ཞིང་། ཆར་ཆུ་དུས་སུ་འབབས་ཤིང་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། རིན་ཆེན་འབྲུ་སྨན་ཟས་གོས་རྐང་བྲན་ཕྱྭ་གཡང་ལོངས་སྤྱོད་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཁྱད་པར་དུའང་ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་བྱེ་བྲག་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་དར་སྨིན་རྒྱས་ལ་ཡུན་རིང་དུ་གནས་པ་དང་། དེ་འཛིན་པར་བྱེད་པའི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བརྟན་ཞིང་ཐུགས་ཀྱི་བཞེད་དོན་ཡིད་བཞིན་དུ་འགྲུབ་པ་དང་། འདུས་པའི་ཚོགས་དབྱར་གྱི་ཆུ་བོ་བཞིན་གོང་ནས་གོང་དུ་འཕེལ་ཞིང་རྟག་པར་དགེ་འདུན་མཐུན་པ་དང་། དགེ་འདུན་གྱི་དོན་འགྲུབ་ཅིང་བསླབ་པ་གསུམ་དང་ཆོས་སྤྱོད་བཅུའི་བྱ་བ་ངོམས་པ་མེད་པར་ལོངས་སྤྱོད་པས་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། སའིསྟེང་ན་གནས་པའི་མི་དང་མི་མིན་གྱི་འགྲོ་བ་མཐའ་དག་གི་རྒྱུད་ལ་ལས་འབྲས་ཡིད་ཆེས་ཀྱི་ལྟ་བ་རྣམ་པར་དག་པ་སྐྱེས་ཏེ་བསྟན་ལ་གུས་ཤིང་བསོད་ནམས་ཀྱི་གནས་ལ་འདུན་པས་དཀོན་མཆོག་གསུམ་བླ་མར་ཁུར་ཏེ། ཆོས་གཞི་རྙིང་པ་གསོ་བ་དང་གསར་དུ་མངོན་པར་འདུ་བགྱིད་པ་ལ་སོགས་ཏེ་སྒོ་དུ་མ་ནས་བཤད་སྒྲུབ་ཀྱི་སྡེ་དང་ཆོས་བརྒྱུད་ཇེ་བས་རྗེ་རྒྱསསུ་གྱུར་ཏེ། ས་དང་ནམ་མཁའི་མཐར་ཁྱབ་ཅིང་རྟག་ཏུ་གནས་པ་དང་། བསྟན་འཛིན་སྡེ་དང་བཅས་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་པའི་རྒྱལ་མཚན་ཆེན་པོ་སྲིད་པ་གསུམ་ན་མཚུངས་པ་མེད་པར་རྟག་ཏུ་སྒྲེང་བར་མཛད་དུ་གསོལ། རྟེན་མཆོག་འདི་ཉིད་ཀྱང་ས་དང་ལྷུན་པོ་རྒྱ་མཚོ་ཇི་སྲིད་གནས་ཀྱི་བར་དེ་སྲིད་དུ་གནས་ཤིང་བྱིན་རླབས་དགེ་མཚན་གྱི་གཟི་བྱིན་ཉི་ཟླ་དང་ནོར་བུ་རིན་པོ་ཆེ་བཞིན་དུ་སྐྱེ་བོ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་དང་། མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་གནས་སྐབས་བདེ་སྐྱིད་ཕུན་སུམ་ཚོགས་པའི་དཔལ་ལ་སྤྱོད་ཅིང་ཇི་ལྟར་སྨོན་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། མཐར་ཐུག་རྣམ་གྲོལ་བྱང་ཆུབ་ཆེན་པོའི་ལམ་ལས་མི་ལྡོག་པར། རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེའི་འོད་ཟེར་སྙིང་ལ་ཞུགས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང་རྟེན་འབྲེལ་སྙིང་པོའི་སྔགས་བཟླས་ལ་མེ་ཏོག་ཡང་གཏོར་རོ། །གལ་ཏེ་རྟེན་མེད་ན་གཤེགས་གསོལ་སྤྱི་ལྟར་བྱའོ། །བཞི་པ་ནི། རྒྱས་པར་རྡོ་རྗེ་རྒྱལ་མཚན་གྱིི་བསྔོ་བ་བརྗོད། བསྡུ་ན། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ལྔ་པ་ནི། ཕུནསུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམསྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱི་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །ཞེས་སོགས་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པས་ཐོག་དྲངས་ཏེ་ཤིས་བརྗོད་རྒྱས་པར་བྱ་ཞིང་དགེ་ལེགས་ཀྱི་མེ་ཏོག་ཆར་བཞིན་དུ་བསྙིལ་བར་བྱའོ། །གཞན་ཡང་། འདི་ཉིད་ཀྱི་སྒོ་ནས་བརྟན་གཡོའི་བཅུད་དཔལ་གསོ་བ་སོགས་ཀྱི་ཆེད་གཏེར་བུམ་སྒྲུབ་པར་འདོད་ན། རྡོ་རྗེ་འཆང་མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་གཏེར་བུམ་སྒྲུབ་ཚུལ་སྤྱི་ལ་འཇུག་པ་འདོད་དགུའི་ཆར་འབེབས་ཉིད་ཁ་བསྒྱུར་ཏེ་བྱས་ན་ལེགས་པས་གཞུང་དེ་ཉིད་དུ་གསལ་བ་ལྟར་གྱི་བཅས་བཤམ་ཚང་བར་བྱ་ཞིང་། བྱེ་བྲག་ས་བཅུད་སྤེལ་བ་སོགས་གནས་སྐབས་གང་གཙོའི་ནང་གཟུངས་དང་འདོད་གསོལ་སོགས་རྗེ་དེ་ཉིད་ཀྱིས་མཛད་པ་གཞན་ཟུར་དུ་གསལ་བ་ལྟར་བྱ། གང་ལྟར་ཡང་བདག་བསྐྱེད་གང་འོས་སྔོན་དུ་འགྲོ་བས་ལས་གཞུང་དེ་ཉིད་སོར་བཞག་གིས། ལས་བུམ་སྒྲུབ་པ་དང་། སྦྱང་ཁྲུས་བྱིན་རླབས་བཅས་གྲུབ་རྗེས། ལྷ་བསྐྱེད་སྐབས། དེ་ལྟ་བུའི་བུམ་པ་རྣམས་ཀྱི་སྟོད་ཆར་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ། ཀྵིཾ་སེར་པོ་ལས་འོད་ཟེར་འཕྲོས། ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་ལ་མཆོད། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས། ཡང་འོད་ཟེར་འཇིག་རྟེན་གྱི་ཁམས་ཁྱབ་པར་འཕྲོས། བརྟན་གཡོའི་རྒུད་པ་ཐམས་ཅད་སེལ། སྣོད་བཅུད་ཀྱི་དཔལ་འབྱོར་མཐའ་དག་རྒྱས་པར་བྱས། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ས་ཡི་སྙིང་པོ་སྐུ་མདོག་གསེར་བཙོམ་ལྟ་བུ་སྟོད་གཡོགས་སེར་པོ་ཅན། ཞི་ཚུལ་སྤྱན་རྩ་དམར་ཞིང་མེ་ཏོག་སྔོན་པོའི་ཕྲེང་བས་ཐོད་བཅིངས་པ། ཕྱག་གཡས་ཤིང་ཏོག་དང་། གཡོན་པདྨའི་སྟེང་ན་ནོར་བུས་མཚན་པ་འཛིན་པ། དར་དང་རིན་ཆེའི་རྒྱན་གྱིས་བརྒྱན་ཅིང་ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། འོད་ཟེར་མུ་མེད་པ་འཕྲོ་ཞིང་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུ་དང་། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གནོད་སྦྱིན་ནོར་ལྷ་གཏེར་བདག་དམ་པ་ཆོས་སྐྱོང་བའི་ཚོགས་བསམ་གྱིས་མི་ཁྱབ་པར་བསྐོར་བར་གསལ་བའི་སྤྱི་བོར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པ་དང་། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བའི་ཞིང་རབ་འབྱམས་ནས་སྔོན་གྱི་ཐུགས་དམ་ཆེན་པོ་རྗེས་སུ་དགོངས་ཏེ་མངོན་སུམ་དུ་གཤེགས་པར་མོས་ལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །སོགས་གོང་གསལ་སྤྱན་འདྲེན་མཐར། ༀ་བཛྲ་ས་མཱ་ཛཿཞེས་སྦྱར་བས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་བཅས་ༀ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས་ལ། ༀ་སརྦ་ཏ་ཐཱ་ག་ཏ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་སྦྱར་བའི་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་སོགས་ནས། ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དགཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་གྱུར། །ཞེས་མོས་ལ། དེ་ནས་མཆོད་པ་བསངས་སྦྱངས་ནས་བྱིན་རླབས་རྣམས་གཏེར་བུམ་སྒྲུབ་གཞུང་ལྟར་བྱ། མཆོད་བསྟོད་རྒྱས་པར་སྤྲོ་ན་གོང་གསལ་མཆོད་གཞུང་ལྟར་རྒྱས་པར་བྱ། བསྡུ་ན། ཨརྒྷཾསོགས་སྔགས་ཙམ་གྱིས་མཆོད་ཅིང་། རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །སོགས་ཚིགས་བཞིས་བསྟོད། གང་ལྟར་ཡང་ཐུགས་རྒྱུད་བསྐུལ་བའི་བཟླས་པ་གཙོ་བོར་བྱ་སྟེ། བཟླས་དམིགས་སྤྱིར་བཏང་གཏེར་བུམ་སྒྲུབ་གཞུང་ལྟར་རམ་བྱེ་བྲག་གང་འོས་སྐབས་ཐོབ་གཙོ་བོར་དམིགས་པས་འཕྲུལ་ཤེས་པར་བྱ་ཞིང་། བཟླ་བྱའི་སྔགས་གོང་གསལ་ཚན་གསུམ་པོ་ཅི་འགྲུབ་བཟླ། ཐུན་མཐར། གོང་གསལ་མཆོད་གཞུང་ལྟར་གཏོར་མ་ཕུལ་ཞིང་། མཆོད་བསྟོད་དང་འདོད་པའི་དོན་ལ་གསོལ་བ་རྩེ་གཅིག་ཏུ་གདབ། གཞན་ནོངས་བཤགས་བརྟན་བཞུགས་དགེ་བསྔོ་ཤིས་བརྗོད་སོགས་གཏེར་བུམ་སྒྲུབ་ཚུལ་རང་གཞུང་ལྟར་བགྱིས་པས་དོན་གྲུབ་པ་ཡིན་ནོ། །གང་མཚན་ངོ་མཚར་བདུད་རྩིའི་ཟེགས་ཐིགས་བཅུད། །བསོད་ནམས་བསགས་པའི་སྒྲ་འཛིན་བུག་པ་རུ། །ལྟུང་བའི་མོད་ལ་དོན་གཉིས་འདོད་དགུའི་གཏེར། །འབྱེད་ལ་དཔེར་འོས་སྲིད་ཞིའི་ཁོངས་ན་སུ། །རྒྱལ་རྣམས་མཁྱེན་བརྩེའི་གཟིགས་པ་ཟླ་བྲལ་ཡང་། །རེ་བའི་མོད་ལ་འདོད་པའི་འབྲས་འབྱིན་པ། །ས་ཡི་སྙིང་པོ་ཁོ་ནའི་ཁྱད་ཆོས་ཤེས། །གྲགས་པ་མཚུངས་མེད་ཐུབ་པ་མཆོག་གིས་བསྟན། །དཔའ་ཆེན་གཞན་ལ་བསྐལ་མང་བསྙེན་པ་བས། །ཞག་གཅིག་འདི་ཡི་མཚན་ཙམ་བཟུང་བ་ཡང་། །དོན་ཆེར་འགྱུར་ན་ཚུལ་བཞིན་མཆོད་བྱས་པའི། །རབ་དཀར་བསོད་ནམས་ཕུང་པོ་སུ་ཡིས་དཔོག །སྲིད་ན་ཕན་བདེའི་དངོས་པོ་ཅི་མཆིས་པ། །དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས་ན། །གྲོགས་དག་དོན་མེད་བྱ་བ་ཀུན་སྤངས་ནས། །ཉིན་མཚན་རྟག་ཏུ་ཚུལ་འདིར་བརྩེན་པར་རིགས། །རྨད་བྱུང་བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །རྫོགས་སྨིན་སྦྱངས་པ་བདེ་བླག་འགྲུབ་བྱེད་པའི། །ཐབས་ཀྱི་ཁྱད་པར་མཆོག་གྱུར་འདི་ཁོ་ན། །རྫོགས་བྱང་དོན་གཉེར་རྣམས་ལ་མེད་ཐབས་ཅི། །དེ་སླད་ཐུབ་པ་མཆོག་གིསལུང་བསྟན་པའི། །ཤིང་རྟ་ཆེན་པོ་བློ་གྲོས་མཐའ་ཡས་ཞེས། །གྲགས་པ་འཇིག་རྟེན་གསུམ་ན་ཁྱབ་གྱུར་དེའི། །གསུང་གི་རྗེས་སུ་འབྲངས་ནས་ངས་འདི་བགྱིས། །འོན་ཀྱང་སྦྱངས་དང་བློ་གྲོས་ན་ཕྲ་བས། །ཚུལ་བཞིན་མ་རྟོགས་ནོངས་པའི་ཆ་གང་མཆིས། །འཕགས་དང་མཁས་པའི་སྤྱན་སྔར་བཤགས་བགྱི་ན། །དག་ཚངས་ཁྲུས་ཀྱི་ཆོ་གས་བགྲུང་པར་མཛོད། །འདིར་འབད་དགེ་བས་རྒྱལ་བསྟན་ཡུན་དུ་གནས། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་མངའ་ཐང་རྒྱས། །འགྲོ་ཀུན་བདེ་སྐྱིད་ཐེག་ཆེན་ཆོས་ལ་སྤྱོད། །ཀུན་ཀྱང་རྣམ་གྲོལ་འབྱོར་པས་མཛེས་གྱུར་ཅིག །བཀྲ་ཤིས་གང་ཞིག་རྫོགས་ལྡན་སྤྲིན་ཆེན་ལས། །ཚེ་དཔལ་འབྱོར་པ་འདོད་དགུའི་གྲུ་ཆར་གྱིས། །ས་གསུམ་སྐྱེ་དགུའི་རེ་བ་ཡོངས་རྫོགས་ཤིང་། །དོན་གཉིས་པདྨོ་མཆོག་ཏུ་བཞད་གྱུར་ཅིག །ཅེས་པ་འདི་ནི་ཀུན་གཟིགས་འཇམ་དཔའི་རྡོ་རྗེ་ངུར་སྨྲིག་གར་གྱི་རྫུ་ལ་ཞུགས་པ་སྤོབས་པའི་གཏེར་ཆེན་པོ་བརྒྱད་ལ་རང་དབང་བསྒྱུར་བའི་གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་ནོར་མཚུངས་མེད་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་ཞལ་སྔ་ནས་ཆེད་དུ་བཀའ་སྩལ་པ་ལྟར་སྒྲུབ་པའི་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྣང་བརྙན་བཀྲ་ཤིས་དཔལ་འབར་སྲིད་ཞིའི་མཆོད་སྡོང་རིང་བསྲེལ་རྣམ་ལྔས་ཕྱུར་བུར་གཏམས་ཏེ་འགྲན་ཟླ་དང་བྲལ་བའི་རྟེན་ཆེན་པོརགྲུབ་པའི་སྤྱན་སྔར་རང་གཞན་གྱི་ཚོགས་གཉིས་གསོག་པའི་ཆ་རྐྱེན་དུ། ཤཱཀྱའི་སྲས་ཀྱི་རྗེས་འཇུག་གི་རྟགས་ཙམ་འཛིན་པ་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་གྲུབ་པར་བགྱིས་པ་ལ། སླར་ཡང་འཇམ་མགོན་རྡོ་རྗེ་འཆང་ཆེན་དེ་ཉིད་ཀྱིས་དངོས་སུ་རྗེས་སུ་གནང་ཞིང་། སླད་ནས་རྗེ་དེའི་ཞལ་སློབ་ཀྱི་གཙོ་བོ་མཁས་བཙུན་བཟང་ཡོན་ཕུལ་ཕྱིན་དགོན་ཆེན་མཁན་རིན་པོ་ཆེ་བསམ་གཏན་བློ་གྲོས་ནས་ཆེདདུ་གསུང་བསྐུལ་གནང་བ་ལྟར་གཏེར་བུམ་སྒྲུབ་ཚུལ་ཕྱོགས་མཚོན་བསྣན་ཏེ་བྲིས་པ་དགེ། ༈ༀ་སྭསྟི། དེ་ཡང་རྒྱུད་སྡེ་བཞི་གང་རུང་གི་དབང་བསྐུར་ཐོབ་པ་ལ། འདིའི་བཟླས་ལུང་འབོག་པར་སྤྲོ་ན། མཎྜལ་སྐུ་རྟེན་མཆོད་པའི་ཡོ་བྱད་འདུ་བྱས་ཏེ། ཐོག་མར་སློབ་དཔོན་གྱིས་བསྒོམ་བཟླས་ཉམས་སུ་ལེན་པ་ནི། སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། པད་ཟླ་ལ་རང་སེམས་ཀྵིཾ་ཡོངས་སུ་གྱུར་པ་ལས། རང་ཉིད་ས་ཡི་སྙིང་པོ་སེར་པོ་སྟོད་གཡོགས་སེར་པོ་ཅན། ཞི་བ་སྤྱན་རྩ་དམར་བ། མེ་ཏོག་སྔོན་པོའི་ཕྲེང་བའི་ཐོད་ཅན། ཕྱག་གཡས་ཤིང་ཐོག་དང་གཡོན་པདྨའི་སྟེང་ན་ནོར་བུ་དང་བཅས་པ་འཛིན་པ། འོད་ཟེར་ལྗང་གུ་འཕྲོ་བ། རྡོ་རྗེ་ས་འོག་ལ་སོགས་པའི་འཁོར་གྱིས་བསྐོར་བ། གཞལ་ཡས་ཁང་སེར་པོ། རིན་པོ་ཆེའི་བྲག་རི་དང་གངས་རིས་བསྐོར་བ། དར་དང་རིན་པོ་ཆེས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་ཤིང་རྒྱལ་བ་རིགས་ལྔའི་དབུ་རྒྱན་ཅནདུ་གྱུར། ཡེ་ཤེས་པ་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿདཔྲལ་བར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཐུགས་དབུས་ཟླ་སྟེང་དུ་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ་ལ། ༀ་སུམ་བྷ་ནི་སུམ་བྷ། ཧ་ར་ཙ་ར། མ་ཧཱ་པཱ་ཤམཱ་རུ་ཏ། ཨ་མོ་གྷཱ་བཛྲ་སནྟ་སྭཱ་ཧཱ། ཞེས་བཟླ། འཇུག་ཏུ་སྐུ་སྟོང་པར་སྦྱང་། དགེ་བ་བྱང་ཆུབ་ཏུ་བསྔོ། སྤྲོ་ན་ཐུན་མཚམས་སུ་སའི་སྙིང་པོའི་མཚན་བརྒྱ་དང་གཟུགས་སྔགས་ཀྱང་བཀླག་གོ །གང་ལྟར་ཡང་སློབ་མ་རྣམས་ཁྲུས་དང་ཕྱག་སྔོན་དུ་འགྲོ་བས་འཁོད་པ་ལ། ཆོས་བཤད་ཅི་རིགས་སྔོན་དུ་འགྲོ་བས། འདིར་འཕགས་ཡུལ་ལྷོ་ཕྱོགས་ར་ཁང་ཙག་མར་སྐུ་འཁྲུངས་པ་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་ཤཱཀྱ་རཀྵི་ཏ་ལ་རྡོ་རྗེ་རྣལ་འབྱོར་མས་དངོསསུ་གནང་བའི་སྒྲུབ་ཐབས་བརྒྱ་དང་བརྒྱད་ཡོད་པ་ལས། སློབ་དཔོན་པཱུརྞ་བཛྲ་ནས་རྗེ་བཙུན་སྒྲོལ་བའི་མགོན་པོས་སྒྲུབ་ཐབས་ཉེར་བཞི་གསན་པའི་ནང་ཚན་ལས་བྱུང་བའི། འཕགས་པ་ས་ཡི་སྙིང་པོའི་བཟླས་ལུང་སྒྲུབ་པ་ལགས། ཆོས་འདི་གང་ལས་བྱུང་བའི་བརྒྱུད་པའི་རིམ་པ་ནི། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་ཤཱཀྱ་རཀྵི་ཏ། བུདྡྷ་སྭཱ་མཱི། སུ་ཛ་ཏ། སཱ་དྷུ་ཛྙཱ་ན། སཾ་པྲ་ཀཱིརྟི། བྲམ་ཟེའི་སློབ་དཔོན་བ་དཱ་བནྡྷཱུ། བཱི་ར་མི་ཏྲྃ། པཱུརྞ་བཛྲ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ནས་རིམ་པར་རྩ་བའི་བླ་མ་འདི་ཞེས་བྱ་བའི་བར་དུ་བརྒྱུད་པའི་ཟམ་མ་ཆད་པར་བྱོན་པ་ལགས། དེ་ལྟ་བུའི་སྒོམ་ལུང་སྒྲུབ་པར་བགྱི་བ་ལ། ཐོག་མར་གསན་པའི་ཡོན་དུ་མཎྜལ་འབུལ་འཚལ། ཞེས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུགདེ་ནས་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཚོགས་ལན་གསུམ། ཁྱད་པར་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་གྱིས་བདག་ལ་རིག་སྔགས་དམ་པ་སྩལ་ཏུ་གསོལ། ལན་གསུམ། དེ་ནས་ཁྱེད་རང་རྣམས་གཞན་དུ་མ་ཡེངས་པར་ལྷའི་རྣལ་འབྱོར་འདི་བཞིན་བསྒོམ་འཚལ། ཞེས་བརྡ་སྦྱར་ལ། ཤཱུནྱ་ཏཱས་སྟོང་པར་སྦྱོང་། ཁྱེད་རང་རྣམས་ཀྱི་སྙིང་གར་པད་ཟླ་ལ་ཀྵིཾ་སེར་པོ་ཡོངས་སུ་གྱུར་པ་ལས་སོགས་ནས། ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། བར་མངོན་རྟོགས་ལྟར་འརྗོད། སློབ་དཔོན་ལྷར་གསལ་བའི་ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་ཕྲེང་བ། མོས་གུས་མཛད་པས་སྔགས་ཕྲེང་གཉིས་པ་ཆད་དེ་ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་སྟེང་དུ་འཁོད་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཅེས་སྔགས་ཀྱི་རྗེས་ཟློས་ལན་གསུམ་གྲུབ་མཐར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་དང་། ཁྱད་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ས་ཡི་སྙིང་པོའི་གསུང་རིག་སྔགས་ཀྱི་ནུས་མཐུ་ཐམས་ཅད་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ངག་ལ་ཐོགས་མེད་དུ་འཇུག་པར་གྱུར་ཅིགའདིར་སློབ་དཔོན་དང་ཕྲེང་བ་སྦྲེལ་བ་དང་མཐའ་ཕྲེེང་བ་སློབ་མའི་མགོར་འཇོག་པའང་ཕྱག་ལེན་ཏུ་འདུགདེས་འཕགས་པ་ས་ཡི་སྙིང་པོའི་སྒོམ་ལུང་ལེགས་པར་གསན་པའི་གཏང་རག་ཏུ་མཎྜལ་འབུལ། བསྔོ་སྨོན་ཇི་ལྟར་འོས་པ་བྱས་པས་འགྲུབ། བདག་བསྐྱེད་བསྡུ་ལྡང་བྱས་ཟིན་ཅིང་མདུན་བསྐྱེད་བསྒྲུབ་མི་དགོས་པས་རྗེས་ཆོག་བྱར་མེད་དོ། །གཞན་ཕན་ཕྲིན་ལས་ཟླ་མེད་པ། །འཕགས་མཆོག་ས་ཡི་སྙིང་པོ་ཡི། །རྗེས་གནང་ཆོས་ཀྱི་བློ་གྲོས་ཀྱིས། །བླ་མའི་གསུང་ལས་བཏུས་པ་དགེ། །སརྦ་དཱ་ཱམངྒ་ལཾ། དགེའོ། །དགེའོ། །དགེའོ། །། །

ལམ་ཟབ་བླ་མ་མཆོད་པའི་རིམ་པ་གྲུབ་གཉིས་ནོར་བུའི་གཏེར་མཛོད།

༄༅། །ལམ་ཟབ་བླ་མ་མཆོད་པའི་རིམ་པ་གྲུབ་གཉིས་ནོར་བུའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་ནིཏྟ་ཤྭ་ར་ཡ། དུས་གསུམ་གཤེགས་པའི་རྣམ་འདྲེན་སྟོང་རྩ་ཡི། །རྣམ་ཐར་ཆུ་ཀླུང་གཅིག་ཏུ་བསྡོམས་པའི་དཔྱིད། །མཚན་ཐོས་ཙམ་གྱིས་སྲིད་པ་ཕྱིར་བསྙིལ་བའི། །བློ་གྲོས་མཐའ་ཡས་ཞབས་ལ་ཕྱག་བགྱིའོ། །གང་ལ་བསྟེན་ན་མཆོག་ཐུན་འདོད་དགུའི་ཆར། །འཛད་མེད་འཇོ་བ་ཡིད་བཞིན་ནོར་ལྟ་བུའི། །ཟབ་ལམ་མཐར་ཐུག་བླ་མ་མཆོད་པའི་ཚུལ། །དད་པའི་རྗེས་སུ་འབྲངས་ནས་འདིར་དབྱེ་བྱ། །དེ་ཡང་ཨ་ཏི་བཀོད་པ་ཆེན་པོ་ལས། །གང་གི་ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས། །བླ་མའི་སྐུ་ལ་དམིགས་པ་མ་ཡེངས་ནས། །བརྒྱ་ཕྲག་སྟོང་གི་ཆར་ཡང་མི་འགྲོ་ཞིང་། །བསྙེན་སྒྲུབ་བཟླས་པ་ས་ཡ་དུང་ཕྱུར་ལས། །བླ་མར་གསོལ་འདེབས་ལན་གསུམ་བརྩོན་གྱུར་ན། །ནུས་པ་འབུམ་ཕྲག་དང་ཡང་མི་ཉེ་ཞིང་། །གང་གི་རྫོགས་རིམ་བསྐལ་པར་བསྒོམ་པ་བས། །བླ་མ་རང་སེམས་དཀྱིལ་དུ་ཤར་ཙམ་གྱི། །སྟོང་ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ། །ཞེས་དང་། གཞན་ཡང་ལུང་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་ལ་ཡང་དག་བརྩོན། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །གོ་འཕང་ཚེ་འདིར་ཐོབ་བར་འགྱུར། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་ཚད་མ་ཀུན་ནས་མགྲིན་གཅིག་དབྱངས་གཅིག་ཏུ་གསུངས་པ་ལྟར། སྐལ་བཟང་ཚེ་འདིར་གྲོལ་བ་དོན་དུ་གཉེར་བ་རྣམས་ཀྱིས་ལམ་ཟབ་མོ་བླ་མ་སྒྲུབ་ཅིང་མཆོད་པའི་ཚུལ་ལ་ནན་ཏན་དུ་བྱ་བ་གལ་ཆེ་སྟེ། དེའི་ཚུལ་ཉམས་སུ་ལེན་པ་ལ། གནས་ཁང་བྱི་དོར་དང་རྒྱན་གྱི་བཀོད་པས་མཛེས་པར་བྱས་ལ། གུད་དུ་བླ་མ་དང་དཀོན་མཆོག་གི་རྟེན་བཀྲམ་པའི་མདུན་དུ། སྟེགས་གཙང་མར་མཎྜལ་ཚོམ་བུས་བརྒྱན་པ། མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་བརྒྱ་རྩ་སོགས་ཅི་འབྱོར་བཤམས་ཤིང་། སྤྲོ་ན་ཚོགས་ཀྱི་ཡོ་བྱད་སོགས་ཇི་ལྟར་དགོས་པའི་ཡོ་བྱད་རྣམས་རྒྱུ་བཟང་བཀོད་མཛེསསུ་སེར་སྣ་འབག་བཙོག་སོགས་ཀྱིས་མ་སྦགས་པར་གཙང་ཞིང་དག་པར་བཤམས་ནས། སྒྲུབ་པ་པོ་བདེ་བའིསྟན་ལ་འཁོད་དེ། ངེས་འབྱུང་མོས་གུས་བྱང་ཆུབ་སེམས་ཀྱི་ཀུན་ནས་བསླངས་ཏེ། ཚིག་བདུན་གསོལ་འདེབསསོགས་བླ་མ་བརྒྱུད་པའི་གསོལ་འདེབས་ཇི་ལྟར་རིགས་པ་དང་། སྤྲོ་ན་ཁོ་བོས་བྱས་པའི་བླ་མ་རྒྱང་འབོད་མོས་གུས་ཀྱི་དབྱངས་སྙན་ལྟ་བུ་སྔོན་དུ་འགྲོ་ཞིང་གང་ལྟར་ཡང་ཐོག་མར་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། ཧོ། བདག་སོགས་མཁའ་མཉམ་འགྲོ་དྲུག་སེམས་ཅན་རྣམས། །འཇིགས་རུང་སྲིད་པའི་རྒྱ་མཚོ་ལས་བརྒལ་ཕྱིར། །སངས་རྒྱས་ཀུན་དངོས་བླ་མར་སྐྱབསསུ་མཆི། །འགྲོ་བའི་དོན་དུ་སངས་རྒྱས་སྒྲུབ་པར་བགྱི། །ལན་གསུམ་དང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས་ཀྱིས་ཚད་མེད་བཞི་སྒོམ། གནས་ཡོ་བྱིན་གྱིས་བརླབ་པ་ནི། ཨ་མྲྀ་ཏ་དང་སྭ་བྷ་ཝས་བསངས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་མེད་ཁང་བརྩེགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོགབདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ། འདོད་ཡོན་ལྔ། རྒྱལ་སྲིད་བདུན། བཀྲ་ཤིས་རྫས་རྟགས་ལ་སོགས་པ་ཕྱི་ནང་གསང་བའི་མཆོད་སྤྲིན་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་རྣམ་པ་བདེ་སྤྱོད་ཀྱི་མཆོད་རྫས་ཡུལ་ནམ་མཁའི་མཐར་ཁྱབ་ཅིང་། དུས་འཁོར་བ་ཇི་སྲིད་བརརྒྱུན་མི་ཆད་པར་འབྱུང་བའི་རང་བཞིན་ཅན་དུ་གྱུར། ནམསྶརྦ་བུདྡྷ་བོ་དྷི་ས་ཏྭ་བྷྱཿༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་བཪྟ་ཡ་ཨ་བཪྟ་ཡ་སྭཱ་ཧཱ། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས་ཤཔྟའི་བར་དང་། མཆོད་པའི་སྤྲིན་གཟུངས་དང་རོལ་མོ་བྱིན་གྱིས་བརླབ་པའི་སྔགས་རྣམས་ཀྱང་གསུམ་གསུམ་དུ་བརྗོད་དོ། །དེ་ནས་དངོས་གཞིའི་ཐོག་མར་ཚོགས་རྟེན་གསལ་གདབ་པ་ནི། ཧོ། སྣོད་བཅུད་རྣམ་དག་པདྨོ་བཀོད་པའི་ཞིང་། །རིན་ཆེན་ས་གཞི་སྣ་ཚོགས་ལྗོན་ཤིང་འཁྲིགས། །བདུད་རྩིའི་ཆུ་ཀླུང་མེ་ཏོག་ཚལ་གྱིས་མཛེས། །ཡངས་ཤིང་རྒྱ་ཆེ་འདོ་ལྔའི་དྲྭ་བས་འབྲེལ། །ལྷ་དང་དྲང་སྲོང་གྲུབ་པའི་ཚོགས་ཀྱིས་གང་། །ཕྱི་ནང་གསང་བའི་མཆོད་པའི་སྤྲིན་སྤྲོ་བའི། །མཁའ་འགྲོའིསྤྲིན་ཕུང་ཕྱོགས་བཅུར་འཕྲོ་བའི་དབུས། །རང་མདུན་དཔག་བསམ་ལྗོན་པ་རྒྱས་པའི་རྩེར། །རྒྱ་ཆེ་དྲི་བཟང་བསིལ་ཞིང་བཀྲག་འབར་བའི། །པདྨ་སྟོང་ལྡན་སྙིང་པོའི་གེ་སར་ལ། །དྲི་མེད་ཟླ་བའི་དཀྱིལ་འཁོར་འཁྱིལ་བའི་སྟེང་། །སྐྱབས་ཀུན་འདུས་ཞལ་བླ་མ་རྡོ་རྗེ་འཆང་། །བློ་གྲོས་མཐའ་ཡས་པདྨ་གར་གྱི་དབང་། །དཀར་དམར་མདངས་ལྡན་དགྱེས་འཛུམ་བཞད་པའི་ཞལ། །ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །དབུ་ལ་འདབ་ལྡན་པདྨའི་མཉེན་ཞུ་གསོལ། །ཞི་འཛུམ་སྤྱན་ཟུང་གདུལ་བྱའིཡུལ་ལ་གཟིགས། །གཡས་གཡོན་ཟུར་དང་སྐུ་ཡི་རྒྱབ་ཕྱོགས་ནས། །གནས་གཙང་ལྷ་ཡི་བུ་རྣམས་འགྲེང་སྟབས་ཀྱིས། །རིན་ཆེན་གདུགས་དཀར་ཁྱོན་ཡངས་འཁོར་ཡུག་ཏུ། །སྣ་ཚོགས་ནོར་བུའི་འཕྱང་འཕྲུལ་གཡོ་བ་དང་། །འཕན་དང་རྒྱལ་མཚན་རྨ་བྱའི་བསིལ་ཡབ་སོགས། །བསྐོར་ཞིང་བསྒྲེང་བའི་སྲི་ཞུའི་བསྙེན་བཀུར་སྟོབ། །དེ་ལྟར་གསལ་བའི་དབུ་གཙུགསྟེང་གི་མཁར། །སྔ་འགྱུར་བཀའ་གཏེར་བཀའ་གདམས་གསར་རྙིང་དང་། །མར་ཤངས་བཀའ་བརྒྱུད་ལམ་འབྲས་སྦྱོར་བ་དྲུག །ཞི་གཅོད་བསྙེན་སྒྲུབ་ཤིང་རྟ་ཆེ་བརྒྱད་ཀྱི། །སྐུ་གསུམ་བཀའ་བརྒྱུད་བླ་མ་སྐར་ལྟར་འཁྲིགས། །ཐད་ཀར་འཇའ་འོད་མེ་དཔུང་གཡོ་བའི་དབུས། །ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་སྤྲིན་ལྟར་གཏིབ། །མཐའ་བསྐོར་གནས་གསུམ་དཔའ་བོ་མཁའ་འགྲོ་དང་། །རྡོ་རྗེའི་དམ་ཅན་ཆོས་སྲུང་རྡུལ་བཞིན་འཚུབས། །གནས་གསུམ་རྡོ་རྗེ་གསུམ་གྱི་ས་བོན་ལས། །འཕྲོས་པའི་འོད་ཀྱིས་ཕྱོགས་བཅུའི་ཞིང་ཁམས་ནས། །སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྲུང་ཚོགས། །ཉི་མའི་ཟེར་ལ་རྡུལ་ཕྲན་འཁྲིགས་པ་བཞིན། །སྤྱན་དྲངས་བསྐྱེད་པའི་སྐུ་ལ་གཉིས་མེད་ཐིམ། །སྤྱན་འདྲེན་པ་ནི། ཧོ། གྲངས་མེད་བསྐལ་པའི་སྔོན་རོལ་ནས། །བྱང་ཆུབ་མཆོག་གི་ས་བརྙེས་ཀྱང་། །ཚད་མེད་ཐུགས་རྗེ་ཆེན་པོའི་མཐུས། །ཇི་སྲིད་འཁོར་བ་གནས་ཀྱི་བར། །ཕྲིན་ལས་རྒྱུན་མི་ཆད་པ་ཡི། །རྗེ་བཙུན་བླ་མ་ཐུགས་རྗེ་ཅན། །འཁོར་དུ་རིག་འཛིན་གྲུབ་ཐོབ་དང་། །ཡི་དམ་དཔའ་བོ་མཁའ་འགྲོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ༀ་གུ་རུ་བཛྲ་སརྦ་ས་མ་ཡ་ཛཿཛཿབཞུགས་སུ་གསོལ་བ་ནི། ཧོ། བདག་བློ་མོས་པའི་ཞིང་གི་མཁར། །ཇི་སྲིད་ཐུགས་ཡིད་འདྲེས་ཀྱི་བར། །གཡོ་མེད་བརྟན་པར་བཞུགས་ནས་ཀྱང་། །བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །བཛྲ་ཏིཥྛནྟུ༔ དེ་ནས་ཚོགས་གསོག་གི་རིམ་པ་དངོས་ལ་འཇུག་པ་ལས། ཐོག་མར་ཕྱག་གིས་བཀུར་བ་ནི། ཧོ། ཕྱོགས་བཅུ་དུས་གསུམ་སྐྱབས་གནས་ཐམས་ཅད་དང་། །མི་ཕྱེད་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །མོས་པའི་ཡིད་མཁར་མངོན་སུམ་བཞུགས་ནས་ཀྱང་། །མགོན་མེད་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བདག་གཞན་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །ཞིང་གི་རྡུལ་སྙེད་ལུས་རབ་སྤྲུལ་ནས་སུ། །སྒོ་གསུམ་དད་དང་གུས་པས་ཕྱག་འཚལ་ཞིང་། །བྱང་ཆུབ་བར་དུ་སྐྱབས་ཀྱི་སྙིང་པོར་བཟུང་། །གང་གི་དྲིན་གྱིས་གནས་སྐབས་མཐར་ཐུག་གི། །དགེ་ལེགས་མཐའ་དག་ཅིག་ཅར་སྦྱིན་མཛད་པ། །སྲས་བཅས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་ལག་ན་ཏིང་འཛིན་མཆོག་ཡོད་པ། །རྒྱལ་བ་བྱམས་པ་གྲགས་པ་མཐའ་ཡས་བཞིན། །སེམས་ཅན་རྣམས་ཀྱི་དོན་མང་བྱེད་འགྱུར་ཞེས། །རྒྱལ་བསྔགས་བློ་གྲོས་མཐའ་ཡས་ལ་ཕྱག་འཚལ། །མགོན་པོ་གདོད་ནས་མངོན་པར་བྱང་ཆུབ་ཀྱང་། །སྙིང་རྗེ་ཆེན་པོས་སྲིད་པ་ཇི་སྲིད་བར། །སྣ་ཚོགས་ཐབས་ཀྱིས་འགྲོ་བའི་རེ་སྐོང་བའི། །ཡིད་བཞིན་ནོར་མཆོག་ཁྱེད་ལ་ཕྱག་འཚལ་ལོ། །ཁྱེད་ཀྱི་བ་སྤུའི་ཁུང་བུ་རེ་རེར་ཡང་། །སངས་རྒྱས་ཞིང་ཁམས་རྒྱ་མཚོལ་རྡུལ་སྙེད་སྤྲུལ། །དེ་དེར་ཐེག་གསུམ་བདུད་རྩིའི་སྨན་ཆར་གྱིས། །འགྲོ་བའི་ནད་སེལ་མཛད་ལ༴རྒྱུ་དང་འབྲས་བུའི་ཐེག་པའི་གནས་མཐའ་དག །སྟོན་པ་པོ་ཁྱོད་ཞུ་དང་སྡུད་པོའང་ཁྱོད། །དེ་བཞིན་འཛིན་དང་སྤེལ་པོའང་ཁྱོད་ཉིད་ཕྱིར། །རྣམ་ཐར་བསམ་མི་ཁྱབ་ལ༴རྒྱལ་དང་རྒྱས་སྲས་ཉན་རང་འཕགས་པའི་ཚུལ། །དགེ་སྦྱོང་བྲམ་ཟེ་རིག་འཛིན་ལྷ་དབང་ཀླུ། །གང་ལ་གང་འདུལ་སྐུ་ཡི་བཀོད་པའི་སྤྲིན། །བསམ་མི་ཁྱབ་པར་སྤྲོ་ལ༴དེ་བཞིན་ཉི་ཟླ་ནོར་བུ་དཔག་བསམ་དབང་། །བུམ་བཟང་གཏེར་དང་སྨན་ཤིང་འབྲས་བུའི་ཚལ། །ཆུ་ཀླུང་ལྟེང་ཀ་གྲུ་ཟམ་ངལ་སྟེགས་སོགས། །ཕན་བདེའི་གཞི་ཀུན་འཕྲུལ་ལ༴འཕགས་བོད་བཤད་སྒྲུབ་བསྟན་པའི་མངའ་བདག་ཀུན། །ཁྱོད་གཅིག་ཁོ་ནའི་ཡེ་ཤེས་ཟབ་མོའི་འཕྲུལ། །དེ་སླད་ཕྱོགས་རེར་བགྲང་བ་ཉི་ཚེའི་བློ། །ཡིད་བཞིན་སྤྲིན་ཆེན་མཆོག་ལ༴མདོ་རྒྱུད་ཀུན་ནས་བདེན་གསུང་སེངྒེའི་སྒྲས། །ཆེས་ཆེར་བསྔགས་པའི་བདེན་དོན་མི་བསླུ་འབྲས། །སྔོན་མེད་མཛོད་ལྔའི་སྒོ་འབྱེད་ཤིང་རྟ་ཆེ། །ཀུན་མཁྱེན་སྨྲ་བའི་ཉི་མར༴མཁྱེན་པས་ཤེས་བྱའི་ཆོས་ཀུན་དེ་ཉིད་གཟིགས། །མ་ལུས་འགྲོཀུན་བརྩེ་བས་བུ་བཞིན་སྐྱོངས། །ནུས་མཐུས་བདུད་སྡེ་དཔུང་བཅས་ཕྱེ་མར་བརླག །རིག་གསུམ་སྒྱུ་འཕྲུལ་དྲྭ་བར༴མཁས་པའི་ཡོན་ཏན་བཙུན་པའི་ངང་ཚུལ་དང་། །བསྟན་ལ་ཕན་པ་བཟང་པོའི་ཕྲིན་ལས་དཔལ། །འཆད་རྩོད་རྩོམ་པའི་རྣམ་དཔྱོད་བློ་གྲོས་ཕུལ། །ས་སྟེང་འགྲན་བྲལ་ཁྱེད་ལ༴མ་འོངས་བདེ་གཤེགས་སྟོང་གི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་རྣམ་ཐར་ཟབ་མོའི་འཕྲུལ། །མ་ལུས་གཅིག་ཏུ་བསྡོམས་པའི་དགེ་མཚན་གྱིས། །འཁོར་མཚོ་དོང་སྤྲུགས་མཛད་ལ་ཕྱག་འཚལ་ལོ། །ཟབ་དང་རྒྱ་ཆེ་ཐེག་མཆོག་སྙིང་པོའི་བཅུད། །སྐལ་བཟང་ཚེ་གཅིག་གདོད་གཞིར་ངལ་འཚོའི་སྨན། །སྒྲུབ་བརྒྱུད་ཆེ་བརྒྱད་རྗེས་འབྲང་བཅས་པ་ཡི། །བརྒྱུད་པའི་བླ་མ་རྣམས་ལ་༴རིགས་དང་དཀྱིལ་འཁོར་རྒྱ་མཚོའི་རྣམ་རོལ་གྱིས། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བ། རྡོ་རྗེ་ཐེག་པ་རྒྱུད་སྡེ་ཆེན་པོ་བཞིའི། །ཡི་དམ་ལྷ་ཚོགས་རྣམས་ལ༴ཚོགས་གཉིས་མཐར་ཕྱིན་སྐུ་གསུམ་མངོན་དུ་གྱུར། །མཁྱེན་བརྩེ་ནུས་པའི་ཕྲིན་ལས་བསམ་མི་ཁྱབ། །ལྷར་བཅས་འཇིག་རྟེན་ཀུན་གྱི་སྐྱབས་གཅིག་པུ། །རྫོགས་པའི་སངས་རྒྱས་རྣམས་ལ༴བསླབ་པ་གསུམ་སྟོན་ངག་ཚིག་དྲི་མ་མེད། །ཚད་མ་གསུམ་ལྡན་ཐོག་མཐའ་བར་དགེ་བ་། །ལམ་དང་འགོག་པའི་བདེན་པས་བསྡུས་པ་ཡི། །ལུང་རྟོགས་དམ་པའི་ཆོས་ལ་༴རིག་དང་གྲོལ་བའི་ཡོན་ཏན་རྨད་བྱུང་བ། །རྒྱལ་སྲས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། །བདེན་བཞིའི་ལམ་གྱིས་སྲིད་ལས་རྣམ་གྲོལ་བའི། །ཉན་རང་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཡེ་ཤེས་འབར་བའི་སྣང་བ་ཆེས། །བདུད་དང་ལོག་པར་འདྲེན་པ་ཀུན་བསྲེགས་ནས། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་མཛད་པའི། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །གང་གི་སྨོན་ལམ་རྫོགས་ལྡན་སྤྲིན་ཆེན་ལས། །ཚེ་དཔལ་འབྱོར་པའི་ནོར་བུའི་གྲུ་ཆར་གྱིས། །དོན་གཉིས་འདོད་དགུ་ཡིད་བཞིན་སྩོལ་མཛད་པའི། །གནོད་སྤྱིན་ནོར་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །མདོར་ན་གདུལ་བྱའི་ཁམས་དབང་བསམ་པ་བཞིན། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་པ་ཅན། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་རྣམས་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །དེ་ནས་མཆོད་པ་རྣམས་ཀྱི་གཙོ་བོར་སྤྲོ་ན་སྐུ་གསུམ་གྱི་མཎྜལ་དང་ལྔ་ཚན་ལྔའི་མཎྜལ་སྙིང་ཐིག་ནས་འབྱུང་བ་ལྟར་རམ། དེ་ལྟར་མི་ནུས་ན། ཚོམ་བུ་སོ་བདུན་མ་དང་བདུན་མ་ཅི་རིགས་འབུལ། གང་ལྟར་ཡང་དེའི་རྗེས་འབྲེལ་དུ་དངོས་སུ་བཤམས་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པའི་ཚོགས་འབུལ་བ་ནི། ཧོ། བདག་གཞན་ལུས་དང་ལོངས་སྤྱོད་དགེ་ཚོགས་དང་། །ཕྱོགས་བཅུ་རབ་འབྱམས་ཞིང་གི་རྡུལ་སྙེད་ཀྱིས། །རི་རབ་གླིང་བཞི་ལྷ་མིའི་ལོངས་སྤྱོད་བཅས། །དཔག་ཡས་ནམ་མཁའ་ཁྱབ་པའི་སྤྲིན་གྱིས་མཆོད། །བསོད་ནམས་ཆེན་པོའི་དགེ་མཚན་རྨད་བྱུང་བ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རྣམ་བདུན་དང་། །ཉེ་བའི་རིན་ཆེན་བདུན་སོགས་རྒྱ་ཆེ་བས། །ཐུགས་རྗེའི་བདག་ཉིད་རྒྱལ་བ་སྲས་བཅས་མཆོད། །ཡིད་འཕྲོག་སྣ་ཚོགས་ནོར་བུའི་རི་བོ་དང་། །བསམ་ཀུན་ཡོངས་སུ་རྫོགས་བྱེད་ལྗོན་པ་མཆོག །འདོད་འཇོའི་བ་དང་མ་རྨོས་དགའ་ཚལ་སོགས། །གླིང་བཞིའི་འབྱོར་པའི་ཁྱད་པར་རྣམས་ཀྱིས་མཆོད། །རིན་ཆེན་གདུགས་མཛེས་གསེར་གྱིཡུ་བ་ཅན། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དང་། །སྲིད་ན་སྣང་བྱེད་ཉི་ཟླའི་དཀྱིལ་འཁོར་ཟུང་། །སྤྲིན་བྲལ་འོད་ཟེར་རབ་ཏུ་འབར་བས་མཆོད། །ལྷ་དང་དྲང་སྲོང་གྲུབ་པའི་སྐྱེད་མོས་ཚལ། །དབེན་ཞིང་ཉམས་དགའི་ཕུག་དང་བྲག་རིའི་སྐྱིབས། །ཙནྡན་ལྗོན་ཤིང་འཁྲིགས་པའི་སྨན་ལྗོངས་སོགས། །མེ་ཏོག་འབྲས་བུས་བརྒྱན་པ་རྣམས་ཀྱིས་མཆོད། །ཡན་ལག་བརྒྱད་ལྡན་རྫིང་བུའི་འབབ་སྟེགས་ནི། །པུཎྜ་རི་ཀའི་དོ་ཤལ་འཛིན་པ་ན། །ངང་པ་ཤིན་ཏུ་ཞི་བས་རོལ་བའི་འཛུམ། །བུང་བ་མྱོས་པའི་སྒྲ་དབྱངས་སྒྲོགས་པས་མཆོད། །ཨུཏྤལ་མནྡ་ར་དང་ཀུ་མུད་སོགས། །མཚར་སྡུག་རྫོགས་པའི་པདྨོའི་ནགས་ཚལ་དང་། །ལྷན་ཅིག་སྐྱེས་དང་སྦྱར་བ་ལས་བྱུང་བའི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱིས་མཆོད་པར་བགྱི། །ཉི་ཟླ་ནོར་བུ་སྒྲོན་མེའི་སྣང་བ་ཡིས། །མུན་པ་སྟུག་པོའི་འཐིབ་བུ་འཇིལ་བ་དང་། །ག་བུར་ཙན་དན་དྲི་ཡི་ཆུ་རྒྱུན་གྱིས། །གདུང་བ་མཐའ་དག་འཕྲོག་པའི་བསྙེན་བཀུར་སྟོབ། །བཟའ་བཅའ་བཏུང་བའི་ཁྱད་པར་ཇི་སྙེད་ཀུན། །བདུད་རྩིའི་བཅུད་ལྡན་རོ་བརྒྱའི་ཞལ་ཟས་དང་། །བཻཌཱུར་རྒྱུད་མངས་སྦྲེང་བའི་སྙན་འགྱུར་སོགས། །དབྱངས་བདུན་རྫོགས་པའི་རོལ་མོའི་ཚོགས་ཀྱིས་མཆོད། །དབང་པོའི་ཚོན་གྱིས་བསྒྱུར་བའི་རེག་བྱ་མཆོག །སྲབ་འཇམ་ཡང་པ་ལྷ་ཡི་ན་བཟའ་དང་། །གདུ་བུ་དཔུང་རྒྱན་ཅོད་པཎ་ཕྲེང་བ་སོགས། །རྣམ་མང་རྒྱན་གྱི་ཁྱད་པར་དུ་མས་མཆོད། །དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་བ་ཡི། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད་པ་དང་། རྒྱལ་བ་སྲས་བཅས་དགྱེས་པའི་བརྟུལ་ཞུགས་ནི། །སྲོག་གི་ཕྱིར་ཡང་མི་གཏོང་གཟུང་བར་བགྱི། །ན་མོ་རཏྣ་ཏྲ་ཡ་ཡ་སོགས་མཆོད་པའི་སྤྲིན་གཟུངས་ལན་གསུམ་དུ་བརྗོད། དེ་ནས་སྡིག་པ་བཤགས་པ་ནི་སྔར་བྱས་ཀྱི་ལས་ལ་གནོང་འགྱོད་དྲག་པོས། བདག་ཅག་ཐོག་མེད་དུས་ནས་ད་ལྟའི་བར། །ལས་དང་ཉོན་མོངས་སྒྲིབ་པའི་དབང་གྱུར་པས། །སྒོ་གསུམ་མི་དགེ་བགྱིས་དང་བགྱིད་སྩལ་དང་། །རྗེས་སུ་ཡི་རངས་བགྱིས་ཀུན་མཐོལ་ཞིང་བཤགས། །ཁྱད་པར་སྡོམ་པ་ཚུལ་བཞིན་མ་ཐོབ་དང་། །ཐོབ་ཀྱང་བསྲུང་མཚམས་ཕྲ་རགས་ལས་འགལ་ཞིང་། །ཉམས་ན་ཕྱིར་བཅོས་ཐབས་དང་མི་ལྡན་སོགས། །བཅས་པའི་ལྟུང་བས་གོས་པ་མཐོལ་ཞིང་བཤགས། །མངོན་མཐོ་ངེས་ལེགས་ཡོན་ཏན་ཀུན་གྱི་གཞི། །ངེས་པར་འབྱུང་བའི་ཚུལ་ཁྲིམས་རྨད་བྱུང་བ། །དགེ་བསྙེན་དགེ་ཚུལ་དགེ་སློང་ཕ་མ་སོགས། །སོ་ཐར་སྡོམ་པ་ཉམས་པ་མཐོལ་ཞིང་བཤགས། །བླ་མེད་རྫོགས་སངས་རྒྱས་ཀུན་འབྱུང་བའི་གཞི། །རྒྱལ་སྲས་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ། །སྡོམ་དང་ཆོས་སྡུད་སེམས་ཅན་དོན་བྱེད་ཀྱི། །བྱང་སེམས་བསླབ་པ་ཉམས་པ་མཐོལ་ཞིང་བཤགས། །མ་རྨོངས་ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་རྡོ་རྗེའི་ཐེག །བྱ་སྤྱོད་རྣམ་འབྱོར་བླ་མེད་ལམ་གྱི་སྲོག །གསང་སྔགས་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །དངོས་གྲུབ་འབྱུང་གནས་དཔལ་ལྡན་བླ་མ་ལ། །བརྙས་དང་ཐུགས་དཀྲུགས་ལ་སོགས་རྩ་བ་དང་། །དབང་གིས་མ་སྨིན་རིག་མ་བསྟེན་པ་སོགས། །ཡན་ལག་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །བླ་མ་ཡི་དམ་ཆོས་སྲུང་ནོར་ལྷ་རྣམས། །སྒོམ་བཟླས་ཏིང་འཛིན་དམ་བཅའ་གཡེལ་བ་དང་། །བསྙེན་སྒྲུབ་བསྐང་བཤགས་ཚོགས་གཏོར་ཆག་ལ་སོགས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། །སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་གདོད་མ་ནས། །ལྷ་སྔགས་ཡེ་ཤེས་ངོ་བོར་རྣམ་དག་ཀྱང་། །ཐ་མལ་རྣམ་པར་རྟོག་པར་རབ་བཅིངས་ནས། །བུམ་དབང་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །འགྲོ་འོང་སྲོག་དང་རྩོལ་བའི་རྒྱུ་བ་ཀུན། །གྲགས་སྟོང་རྡོ་རྗེའི་བཟླས་པར་མ་ཤེས་ཤིང་། །རླུང་དང་གཏུམ་མོའི་རྣལ་འབྱོར་མི་ལྡན་པས། །གསང་དབང་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །ལྷན་སྐྱེས་ཡེ་ཤེས་འབྱུང་བའི་དཔྱིད་གཅིག་པུ། །དངོས་དང་ཡིད་ཀྱི་ཕྱག་རྒྱ་སྤངས་པ་དང་། །བདེ་སྟོང་དགའ་བཞིའི་ཉམས་མྱོང་དང་བྲལ་བས། །ཤེར་དབང་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །གཟུང་འཛིན་འཁྲུལ་བ་ལས་འདས་འོད་གསལ་དབྱིངས། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟར་རྣམ་དག་ཀྱང་། །གློ་བུར་སྤྲོས་པ་དུ་མའི་གཞན་དབང་གིས། །ཚིག་དབང་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །དབང་བཞིའི་ལམ་ཁྱེར་རྗེས་ཐོབ་རྣལ་འབྱོར་དང་། །བཟའ་དང་སྲུང་བ་མི་འབྲལ་དམ་ཚིག་སོགས། །བླ་མེད་གསང་བ་མཆོག་གི་འདུལ་བ་དང་། །འགལ་བའི་ནོངས་པ་ཐམས་ཅད་མཐོལ་ཞིང་བཤགས། །མདོར་ན་སངས་རྒྱས་ཀུན་དངོས་བླ་མ་ལས། །ཇི་ལྟར་ཐོབ་པའི་དམ་ཚིག་སྡོམ་པ་རྣམས། །མི་ཤེས་ཉོན་མོངས་བག་མེད་མ་གུས་པས། །ཉམས་ཆག་འགལ་འཁྲུལ་གྱུར་པ་ཅི་མཆིས་སོགས། །བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་ཀུན། །ཁྱབ་བདག་རྡོ་རྗེ་འཛིན་པའིསྤྱན་སྔ་རུ། །སྙིང་ནས་འགྱོད་པས་བཤགས་ཤིང་སྡོམ་བགྱིད་ན། །དག་ཅིང་ཚངས་པའི་དངོསགྲུབ་སྩལ་དུ་གསོལ། །ཞེས་དང་། སྤྲོ་ན། ཀྱེ་ཀྱེ་བླ་མ་རིན་པོ་ཆེ། །སོགས་ཀུན་མཁྱེན་ངག་གི་དབང་པོའི་གསུང་རབ་ལས་འབྱུང་བ་སོགས་བཤགས་ཚིག་ཅི་རིགས་དང་། ཡིག་བརྒྱ་མང་དུ་བཟླས་པས། བདག་གི་ཉམས་ཆག་བསྐང་ཞིང་ཤིན་ཏུ་དགྱེས་པར་མོས། ཡན་ལག་ལྷག་མ་རྣམས་ནི། རྫོགས་སངས་རྒྱས་དང་བྱངཆུབ་སེམས་དཔའ་དང་། །ཉན་ཐོས་རང་རྒྱལ་སོ་སོ་སྐྱེ་བོ་ཡི། །ལེགས་བྱས་དགེ་ཚོགས་ཇི་སྙེད་མཆིས་པ་ལ། །དགའ་ཞིང་སྤྲོ་བས་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུ་རབ་འབྱམས་ཞིང་ན་བཞུགས་པ་ཡི། །བླ་མ་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །རིགས་ཅན་གསུམ་གྱི་འགྲོ་རྣམས་སྒྲོལ་བའི་ཕྱིར། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །གདུལ་བྱ་རྒྱ་མཚོའི་ཚོགས་རྣམས་སྣང་བའི་ཕུལ། །བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་དཔེའི་དཔལ། །མཁའ་ཁྱབ་སྲིད་པ་ཇི་སྲིད་གནས་ཀྱི་བར། །མྱ་ངན་མི་འདའ་རྟག་ཏུ་བཞུགས་གསོལ་འདེབས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །འཁོར་གསུམ་སྤྲོས་པའི་མཚན་མ་མི་དམིགས་བཞིན། །རྨད་བྱུང་ཐབས་དང་སྙིང་རྗེའི་གཞན་དབང་གིས། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བར་བགྱི། །སྐབས་འདིར་སྡོམ་བཟུང་སྤྲོ་ན། ༀ་རྣལ་འབྱོར་དབང་པོ་སོགས་དམ་བཅའ་ཉེར་བརྒྱད་པ་དང་། ཇི་ལྟར་དུས་གསུམ་མགོན་པོ་སོགས་རིགས་ལྔའི་སྡོམ་བཟུང་བྱ། བསྡུ་ན། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང་། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང་། །སྡོམ་པ་རྒྱ་མཚོ་མཐའ་ཡས་བཟུང་བ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་བཟུང་བར་བགྱི། །ལན་གསུམ་བྱའོ། །དེ་ནས་གསོལ་བ་འདེབས་པ་ནི། ཕྱོགས་དུས་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །བདག་ཅག་སྙིགས་དུས་འགྲོ་བ་མགོན་མེད་ལ། །སྐལ་མཉམ་གཟུགས་སུ་སྤྲུལ་ནས་དོན་མཛད་པ། །བླ་མ་སངས་རྒྱས་རྣམས་ལ་གསོལ་བ་འདེབས། །ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང་། །པདྨཱ་ཀ་ར་རྗེ་འབངས་ཉི་ཤུ་ལྔ། །སོ་ཟུར་གནུབས་ཉང་གཏེར་སྟོན་བརྒྱ་རྩ་སོགས། །སྔ་འགྱུར་རིག་འཛིན་རྣམས་ལ༴དཔལ་ལྡན་མར་མེ་མཛད་དང་ཁུ་རྔོག་འབྲོམ། །སྐུ་མཆེད་རྣམ་གསུམ་འཇམ་དབྱངས་ཙོང་ཁ་པ། །བཀའ་གདམས་གསར་རྙིང་རིང་ལུགས་འཛིན་མཛད་པ། །དགེ་བའི་བཤེས་གཉེན་རྣམས་ལ༴དཔལ་ལྡན་ཆོས་སྐྱོང་ས་སྐྱའི་གོང་མ་ལྔ། །ངོར་ཆེན་རྫོང་པ་ཚར་ཆེན་ཡབ་སྲས་ཀྱིས། །རྒྱུད་འཛིན་མཁས་དངགྲུབ་པ་རིམ་བྱོན་སོགས། །ལམ་འབྲས་བརྒྱུད་པ་རྣམས་ལ༴རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་རྗེ་བཙུན་སྒོམ་པོ་བ། །ཆེ་བཞི་ཆུང་བརྒྱད་གྲུབ་ཐོབ་གྲངས་འདས་པ། །དྭགས་པོ་བཀའ་བརྒྱུད་རྣམས་ལ༴ཡེ་ཤེས་མཁའ་འགྲོ་ཁྱུང་པོ་རྣལ་འབྱོར་སོགས། །རིན་ཆེན་བདུན་བརྒྱུད་ཕྲེང་བ་རྣམ་པ་གཉིས། །ཐང་རྒྱལ་ལ་སོགས་ཉེ་བརྒྱུད་ལས་བྱོན་པའི། །ཤངས་པ་བཀའ་བརྒྱུད༴དམ་པ་སངས་རྒྱས་མ་གཅིག་ལབ་ཀྱི་སྒྲོན། །¡yརྨ་མ་དཔེ་མི་གསལ། ¡zསོ་ཀམ་གསུམ་སྒོ་བའི་རྣལ་འབྱོར་བཞི། །བཀའ་བབ་སྔ་ཕྱི་བར་གསུམ་ལ་སོགས་པ། །ཞི་གཅོད་བརྒྱུད་པ་རྣམས་ལ༴ཆོས་རྒྱལ་རིགས་ལྡན་དུས་ཞབས་ཆེ་ཆུང་དང་། །རྭ་འབྲོ་ཙ་མི་རང་བྱུང་དོལ་པོ་པ། །མཁས་མཆོག་བུ་སྟོན་ཡབ་སྲས་གཙོར་གྱུར་པ། །སྦྱོར་དྲུག་བརྒྱུད་པ་རྣམས་ལ༴རྡོ་རྗེ་བཙུན་མོ་མཁས་གྲུབ་ཨོ་རྒྱན་པ། །རབ་བྱུང་རྡོ་རྗེ་མཁར་ཆུ་སྤུ་ཏྲ་པ། །ནེ་རིང་བ་སོགས་རྣལ་འབྱོར་དྲུག་པ་ཡི། །བསྙེན་སྒྲུབ་བརྒྱུད་པ་རྣམས་ལ༴སྤྱན་རས་གཟིགས་དབང་མི་ཏྲ་ཛོ་ཀིའི་ཞབས། །ཤ་རི་པུ་ཏྲ་གྲགས་པ་རིན་ཆེན་དང་། །བྱམས་པ་དཔལ་སོགས་བསྙེན་བརྒྱུད་ཁྲི་དྲུག་དང་། །ངལ་གསོའི་བརྒྱུད་པ་རྣམས་ལ་༴ཚེམ་བུ་བ་དང་བོ་དོང་འཇིགས་བྲལ་ཆེ། །རོང་སྟོན་ཆེན་པོ་སྒྲོལ་བའི་མགོན་པོ་སོགས། །ཐུན་མོང་ཁྱད་པར་བླ་ན་མེད་པ་ཡི། །ཁྲིད་བརྒྱུད་འཛིན་པ་རྣམས་ལ༴སྔོན་སྦྱངས་སྟོབས་ཀྱིས་མཁྱེན་གཉིས་རྩལ་ཆེན་རྫོགས། །ངོ་མཚར་བཀའ་བབ་ཆེན་པོ་བདུན་དང་ལྡན། །སྙིགས་མའི་འགྲོ་འདུལ་བླ་མེད་ཆོས་ཀྱི་རྗེ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ༴སྐྱེས་རབས་དུ་མར་གོམས་པའི་མཁྱེན་རྟོགས་ཀྱིས། །ངོ་མཚར་མཛོད་ཆེན་རྣམ་ལྔའི་ཤིང་རྟ་དྲངས། །ཡོངས་རྫོགས་བསྟན་པའི་མེ་རོ་རྨང་ནས་བསླངས། །བློ་གྲོས་མཐའ་ཡས་ཞབས་ལ་གསོལ་བ་འདེབས། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕྲོ་བྲང་དུ། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །དཀོན་མཆོག་རིན་ཆེན་རྒྱལ་བ་སྲས་བཅས་དང་། །ཡི་དམ་དཀྱིལ་འཁོར་དཔའ་བོ་རྣལ་འབྱོར་མ། །ཡེ་ཤེསསྤྱན་ལྡན་ཆོས་སྐྱོང་སྲུང་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཀྱེ་མ་ཀྱེ་ཧུད་ཉམ་ཐག་བདག་ལྟ་བུ། །ལས་དང་ཉོན་མོངས་བཟོད་དཀས་ཡུན་རིང་མནར། །འདི་ལ་ཁྱེད་ཀྱི་ཐུགས་རྗེའི་ཕྱག་རྐྱོངས་ལ། །ད་ལྟ་ཉིད་དུ་དྲོང་བར་མཛད་དུ་གསོལ། །རང་ཉིད་ཡེ་ནས་སངས་རྒྱས་ཡིན་སོགས་ནས། །བདེ་ཆེན་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ཞིང་། །ཚེ་འདི་ཉིད་ལ་ཕྱིན་པར་མཛད་དུ་གསོལ། །ཞེས་དང་། གཞན་ཡང་། ཧོ། སྙིང་རྗེ་ཆེན་པོས་ངེས་པར་གང་བའི་སྐུ་ནི་ཐུན་མོང་མཆོག་གི་མཚན་དཔེར་འབར། །སྲོག་རླུང་མཐའ་དག་གཅིག་ཏུ་ཟོས་པའི་གསུང་ནི་མཐའ་ཡས་སྒྲ་སྐད་རྗེས་སུ་འཇུག །ཡང་དག་མཐའ་ལ་རྣམ་པར་གནས་པའིཐུགས་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན། །རྣམ་གསུམ་རིག་པའི་ཐིག་ལེར་དབྱེར་མེད་དང་པོའི་སངས་རྒྱས་དཔལ་ལྡན་བླ་མར་འདུད། །གང་མཚན་ཡིད་མཁར་ཤར་བའི་མོད། །རྨོངས་པའི་མུན་པ་བཅོམ་པ་དང་། །མཉམ་དུ་དད་བརྒྱའི་ཨུཏྤལ་བཞད། །ལྷན་སྐྱེས་མངོན་སུམསྟོན་ལ་འདུད། །ཟོལ་མེད་གདུང་བས་ཁྱོད་བོས་ན། །ཐོགས་མེད་མངོན་ཤེས་དྲུག་ལྡན་པས། །མངོན་སུམ་རྗེས་སུ་བཟུང་མཛད་ནས། །བདེ་ཆེན་ས་ལ་འཁྲིད་པར་མཛོད། །ཅེས་མོས་གུས་དྲག་པོ་བཅས་པས་གསོལ་འདེབས་ཛབ་ཀྱི་ཐུགས་རྒྱུད་བསྐུལ་བ་ནི། ༀ་ཨཱཿམ་ཧཱ་གུ་རུ་སརྦ་ཛྙཱ་ན་པདྨ་ནིཏྟེ་ཤྭ་ར་སིདྡྷི་ཧཱུྃཿཞེས་ཅི་ནུས་སུ་བཟླས་མཐར། སྤྲོ་ན་ཚོགས་མཆོད་འབུལ་བ་ནི། འབྲུ་གསུམ་གྱིས་བྱིན་བརླབས་པའི་ནང་མཆོད་འཐོར་ལ། གཟུང་འཛིན་དབྱིངས་སུ་ཐིམ་པའི་རྩལ། །རིག་པའི་ཡེ་ཤེས་མེ་རླུང་ཆུས། །ཚོགས་རྫས་མ་དག་ཞེན་རྟོག་སྦྱངས། །ཟག་མེད་འདོད་ཡོན་བདུད་རྩིར་གྱུར། །ༀ་ཨཱཿཧཱུྃ་ལན་གསུམ་བརྗོད་ཅིང་། ཚོགས་ཀྱི་བྱིན་འབེབས་པ་ནི། ཧྲཱིཿཀ་དག་ལྷུན་གྲུབཟུང་འཇུག་པའི། །འོད་གསལ་གཉུག་མའི་གཞལ་ཡས་ནས། །བླ་མ་རྩ་གསུམ་འཁོར་ལོའིསྤྲིན། །ཚོགས་ཀྱི་འདུ་བར་སྤྱན་འདྲེན་གཤེགས། །དོན་ལ་གཤེགས་བཞུགས་མཚན་བྲལ་ཡང་། །མོས་པའི་བུ་སློབ་རྗེས་འཛིན་ཕྱིར། །ཀུན་རྫོབ་སྣང་ཆའི་རྟེན་འབྲེལ་གྱིས། །ཡེ་ཤེས་ཆེན་པོར་བྱིན་རློབས་ཤིག །བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨཱཿཨཱཿཛཿཧཱུྃ་བཾ་ཧོ། དེ་ནས་ཚོགས་རྫས་རྣམས་ཆ་གསུམ་དུ་བགོས་པའི་ཕུད་བླ་མའི་མཎྜལ་གྱི་དྲུང་དུ་ཕུལ་ལ། ཧོ། ཟག་མེད་བདེ་སྟོང་རོལ་པའི་རྫས། །ཡེ་ཤེས་ངོ་མཚར་བཀོད་པའི་སྤྲིན། །འདོད་ཡོན་མི་ཟད་རྒྱ་ཆེན་འདི། །རིགས་ཀུན་ཁྱབ་བདག་བླ་མ་རྗེ། །རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་གར། །ལུས་པ་མེད་པའི་ཚོགས་ལ་འབུལ། །འགལ་འཁྲུལ་ཉམས་ཆག་དབྱིངས་སུ་བཤགས། །དགྱེས་བསྐང་དབང་དང་དངོས་གྲུབ་སྩོལ། །སྲོག་རྩོལ་ཐབས་ལ་མཁས་པ་ཡིས། །རོ་རྐྱང་ཉི་ཟླའི་བགྲོད་པ་ཀུན། །འཕོ་མེད་དྷཱུ་ཏིའི་དབྱིངས་ཐིམ་པའི། །དགའ་བཞིའི་ཡེ་ཤེས་མཐར་ཕྱིན་ཤོག །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་དམ་ཚིག་གི་རྫས་སུ་རོལ་ལ། བདག་ལུས་གདན་གསུམ་དཀྱིལ་འཁོར་ལྷར། །ནང་གི་སྲེག་བླུགས་ཕུལ་བའི་མཐུས། །འབར་འཛག་ཞུ་བདེས་དྲང་བའི་དཔེས། །དོན་གྱི་འོད་གསལ་མངོོན་བྱེད་ཤོག །ལྷག་མ་རྣམས་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། ཚོགས་ལྷག་ཡེ་ཤེས་བདུད་རྩི་འདི། །གནས་ཡུལ་ཞིང་ཁམས་སྐྱོང་བ་ཡི། །བསྟན་སྲུངཌཱ་ཀིའི་ཚོགས་ལ་འབུལ། །རྣལ་འབྱོར་བཅོལ་བའི་ལས་མཛོད་ཅིག །ཅེས་བསྔོའོ། །ཚོགས་ཡོད་མེད་གང་ལྟར་ཡང་། རྗེས་ཡན་ལག་བདུན་པ་འབུལ་བ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །གང་མཚན་ཐོས་དང་དྲན་པས་ཀྱང་། །སྲིད་པའི་འཇིགས་པ་ཀུན་བཅིལ་ཞིང་། །ལྷན་སྐྱེས་བདེ་ཆེན་སྩོལ་མཛད་པའི། །ཡོན་ཏན་བསམ་མི་ཁྱབ་ལ་འདུད། །ཕྱོས་བཅུར་བཞུགས་པའི་བླ་མ་དང་། །ཡི་དམ་ཌཱ་ཀི་ཆོས་སྲུང་སོགས། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ལུས་སྤྲུལ་གུས་ཕྱག་འཚལ། །བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སྨོན་ལམ་ཐར་དང་ཏིང་འཛིན་གྱིས། །མཆོད་སྤྲིན་རྒྱ་མཚོར་སྤེལ་ཞིང་མཆོད། །མེ་ཏོག་སྤོས་དང་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པའི། །ལྷ་དང་མི་ཡི་ལོངས་སྤྱོད་རིགས། །དངོས་འབྱོར་ཡིད་ལས་བྱུང་བས་མཆོད། །མཛེས་པའི་གཟུགས་དང་སྙན་པའི་གླུ། །ཞིམ་པའི་དྲི་དང་མངར་བའི་རོ། །འཇམ་པའི་རེག་བྱ་ཆོས་ཀྱི་མཆོག །ཚོགས་དྲུག་བདེ་བར་སྦྱོར་བ་ཡི། །བཅུ་དྲུག་ལྷ་མོའི་ཚོགས་ཀྱིས་མཆོད། །རོ་རྐྱང་ནས་འབབ་ཉི་ཟླའི་རྒྱུན། །སྒྲ་ཅན་ལམ་དུ་དྲངས་པ་ཡིས། །སྟོང་པ་ཉིད་དང་སྙིང་རྗེ་ཆེ། །ཟུང་འཇུག་མཉམ་པར་སྦྱོར་བས་མཆོད། །མི་གནས་མི་དམིགས་བསམ་ཡུལ་འདས། །ཞི་བ་ཆགས་བྲལ་བདུད་རྩིའི་མཆོག །སྣ་ཚོགས་སྒྱུ་མའི་གར་གྱིས་རོལ། །ཡེ་ཤེས་ནམ་མཁའ་མཉམ་པས་མཆོད། །འཁོར་ཚེ་ཐོག་མ་མེད་པ་ནས། །མ་འཚལ་བཞིན་དུ་བགྱིས་པའི་ལས། །དེ་རྒྱུ་ཀུན་འབྱུང་ཕྲ་རྒྱས་བཅས། །སྙིང་ནས་འགྱོད་པས་བཤགས་ཤིང་བསྡོོམ། །འཕགས་དང་སོ་སོ་སྐྱེ་བོ་ཡི། །དུག་གསུམ་བྱས་བསགས་རྣམ་དཀར་རིགས། །ཐར་གྲོལ་རྒྱུ་གྱུར་མཆིས་ཀུན་ལ། །མཆོག་ཏུ་དགའ་བས་ཡི་རང་ངོ་། །ཕྱོགས་བཅུའི་འདྲེན་པ་ཐམས་ཅད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་བ་སྡུག་བསྔལ་མུན་འཐུམས་ལ། །དམ་ཆོས་སྒྲོན་མ་སྦར་བར་མཛོད། །དོན་དམ་དབྱིངས་སུ་རྟག་མོད་ཀྱི། །ཀུན་རྫོབ་གཟུགས་སྐུའི་བཀོད་པའི་སྤྲིན། །འཁོར་མཐས་གཏུགས་པ་དེ་སྲིད་དུ། །གཡོ་མེད་རྡོ་རྗེ་ལྟ་བུར་མཛོད། །དེ་ལྟར་བགྱིས་པའི་དགེ་ཚོགས་རྒྱུན། །འཁོར་གསུམ་དམིགས་པའི་དྲིས་བཏང་ཞིང་། །འོད་གསལ་ཆོས་དབྱིངས་ཆེན་པོར་བསྔོ། །འགྲོ་ཀུན་གདོད་གཞིར་ངལ་འཚོ་ཤོག །གསོལ་བ་གདབ་ཅིང་དབང་བླང་བ་ནི། ཀྱཻཿབླ་མ་རིན་པོ་ཆེ། །ལྷང་ལྷང་གསོལ་བ་སྙིང་ནས་འདེབས། །ལས་ཉོན་དྲག་པོས་མནར་བ་ཡི། །མགོན་མེད་བདག་ལ་ཐུགས་རྗེས་གཟིགས། །དལ་འབྱོར་སྙིང་པོ་ལོན་པ་དང་། །མི་རྟག་འཆི་བ་རྗེས་དྲན་ནས། །དཀར་ནག་རྒྱུ་འབྲས་ཕྲ་ཞིབ་ལ། །བླང་དོར་ནུས་པར་བྱིན་གྱིས་རློབས། །འཁོར་བའི་ལམ་གསུམ་ཤིང་རྟ་ཡི། །འཁོར་ལོ་ལྟ་བུར་འཁོར་བ་ཡིས། །དབང་མེད་བཟླས་པའི་ཉེས་དམིགས་ཀུན། །མངོན་སུམ་མཐོང་བར་བྱིན་གྱིས་རློབས། །ཞི་བསིལ་ཡོན་ཏན་མཐའ་ཡས་པའི། །ཐར་པ་མཆོག་ལ་ཡིད་རྟོན་པའི། །ངེས་པར་འབྱུང་བས་ཡིད་དྲངས་ནས། །ལམ་མཆོག་གཉེར་བར་བྱིན་གྱིས་རློབས། །དེ་ཚེ་སྡིག་པའི་བཤེས་གྲོགས་སོགས། །འགལ་རྐྱེན་བདུད་དབང་མི་འགྱུར་ཞིང་། །སྐྱེས་བུ་ཆེན་པོའི་ལམ་སྟེགས་ཀྱི། །འཁོར་ལོ་བཞི་དང་ལྡན་པར་ཤོག །ཁྱད་པར་དགེ་བའི་བཤེས་གཉེན་ནི། །མཚན་ཉིད་ལྡན་པའི་རྗེས་ཟིན་ཅིང་། །མཉེས་པ་གསུམ་གྱིས་བསྟེན་པའི་མཐུས། །ཐུགས་ཀྱི་གདམས་པ་ནོད་པར་ཤོག །འཇིགས་རུང་སྲིད་པའི་ཆུ་གཏེར་ལས། །སྐྱོབ་ངེས་དཀོན་མཆོག་རྣམ་གསུམ་གྱི། །བསླུ་མེད་ཡོན་ཏན་རྗེས་དྲན་ནས། །སྐྱབས་སུ་འགྲོ་བར་བྱིན་གྱིས་རློབས། །རང་དོན་ཉི་ཚེ་ཙམ་མིན་པར། །མཁའ་མཐས་གཏུགས་པའི་སེམས་ཅན་ལ། །ཚད་མེད་བཞི་ཡི་བློ་སྦྱངས་ནས། །ཐེག་ཆེན་རིགས་མཆོག་སད་པར་ཤོག །སྲས་བཅས་རྒྱལ་བའི་སྤྱན་སྔ་རུ། །གཞན་ཕྱིར་རྫོགས་བྱང་སྒྲུབ་པའི་བློས། །སྨོན་དང་འཇུག་པའི་བྱང་ཆུབ་སེམས། །ཚུལ་བཞིན་སྐྱེད་པར་བྱིན་གྱིས་རློབས། །དེང་ནས་བཟུང་སྟེ་བྱང་ཆུབ་པར། །ཕྱིན་དྲུག་སྤྱོད་དང་མི་འབྲལ་ཞིང་། །བསྡུ་དངོས་བཞི་ཡི་ཐབས་མཁས་ཀྱིས། །གཞན་དོན་རླབས་ཆེན་སྒྲུབ་པར་ཤོག །རྫོགས་མིན་སྦྱངས་གསུམ་མཐར་ཕྱིན་ནས། །ཚེ་གཅིག་སངས་རྒྱས་སྒྲུབ་པའི་སྒོ། །རྡོ་རྗེ་ཐེག་པར་ངེས་རྙེད་ནས། །དེ་ལ་འཇུག་པར་བྱིན་གྱིས་རློབས། །མཚན་ཉིད་ཀུན་ལྡན་སློབ་དཔོན་གྱིས། །དཀྱིལ་འཁོར་ཆེན་པོར་དབང་བསྐུར་ནས། །རྒྱུད་སྨིན་དམ་ཚིག་སྡོམ་པ་ཀུན། །སྲོག་དང་བསྡོས་ནས་སྲུང་ནུས་ཤོག །གྲོལ་ལམ་ཤེས་རབ་རྣམས་གསུམ་གྱིས། །རང་རྒྱུད་རིམ་གྱིས་གྲོལ་བ་དང་། །ཐབས་ལམ་སྟེང་འོག་སྒོ་གཉིས་ཀྱིས། །ལམ་མཆོག་འབྱོང་པ་བྱིན་གྱིས་རློབས། །ཤེས་རབ་ཐབས་དང་ལྡན་པ་ཡི། །ལམ་ལ་བརྟེན་ནས་ཐུན་མོང་དང་། །མཆོག་གི་དངོས་གྲུབ་ཟུང་འཇུག་གི། །གོ་འཕང་ཐོབ་པར་བྱིན་གྱིས་རློབས། །མཐའ་ཡས་གདུལ་བྱའི་བསམ་པ་བཞིན། །གང་ལ་གང་འདུལ་ཕྲིན་ལས་དང་། །ཚད་མེད་རྣམ་པར་ཐར་པའི་སྒོ། །འཁོར་བ་དོང་ནས་སྤྲུགས་པར་ཤོག །ཁྱད་པར་འོད་གསལ་རྫོགས་པ་ཆེའི། །ཟབ་མོ་ལམ་མཆོག་མཐར་ཕྱིན་ནས། །ནང་དབྱིངས་གཞོན་ནུ་བུམ་པའི་སྐུར། །ཚེ་འདིར་གྲོལ་བར་བྱིན་གྱིས་རློབས། །གཞན་ཡང་སྒྲུབ་བརྒྱུད་རྣམ་བརྒྱད་ཀྱི། །གདམས་ཟབ་བདུད་རྩིའི་ཡང་ཞུན་རྣམས། །ཚེ་འདིར་ཉམས་ལེན་མཐར་ཕྱིན་ནས། །ཟུང་འཇུག་གོ་འཕང་མངོན་བྱེད་ཤོག །དེ་ལྟར་རྩེ་གཅིག་གསོལ་བཏབ་པས། །རྩ་གསུམ་རྒྱལ་བ་སྲས་བཅས་རྣམས། །འོད་དུ་ཞུ་ནས་བླ་མར་ཐིམ། །བླ་མའི་སྐུ་ཡི་གནས་གསུམ་ནས། །འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །རང་གི་གནས་གསུམ་ཐིམ་པ་ཡི། །སྒོ་གསུམ་སྡིག་སྒྲིབ་ཀུན་དག་ནས། །སྐུ་གསུངཐུགས་ཀྱི་དབང་མཆོག་ཐོབ། །སླར་ཡང་ཐུགས་ཀའི་ཧཱུྃ་ཡིག་ལས། །ཧཱུྃ་ཡིག་སྔོན་པོ་རང་སྒྲ་བཅས། །སྐར་མདའ་བཞིན་འཕྲོས་སྙིག་གར་ཐིམ། །ཕྲ་རགས་རྟོག་པ་ཀུན་དག་ནས། །བརྗོད་བྲལ་ལྷན་ཅིག་སྐྱེས་པ་ཡི། །ཡེ་ཤེས་བསམ་གྱིས་མི་ཁྱབ་པ། །ནམ་མཁའ་ལྟ་བུའི་ངང་དུ་བཞག །རྗེས་བསྔོ་བ་ནི། དགེ་བ་འདི་ཡིས་བདག་སོགས་མཐའ་ཀླས་འགྲོ། །སྐྱེ་ཞིང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ཅིང་། །ཐེག་མཆོག་བཤེས་གཉེན་ཚུལ་བཞིན་བསྟེན་པ་དང་། །ཐོས་བསམ་སྒོམ་པའི་བློ་གྲོས་རྒྱས་པར་ཤོག །སྲིད་ལས་ངེས་འབྱུང་ཐར་པ་དོན་གཉེར་ཞིང་། །དད་དང་ཤེས་རབ་བརྩོན་འགྲུས་ཕུན་སུམ་ཚོགས། །གཞན་ཕྱིར་བརྩེ་བའི་སྙིང་སྟོབས་མི་ཕྱེད་པའི། །དཀར་པོའི་རིགས་ཀྱི་ནུས་པ་རྫོགས་གྱུར་ཅིག །དེ་ཚེ་གསུམ་ལ་སྐྱབས་སུ་འགྲོ་བ་དང་། །དུས་དང་གཏན་དུ་བླངས་པའི་སོ་ཐར་གྱི། །ཚུལ་ཁྲིམས་ཕུང་པོ་ཡོངས་སུ་དག་པ་དང་། །བཅོས་མིན་བྱང་ཆུབ་སེམས་མཆོག་འབྱོང་བར་ཤོག །བྱེ་བྲག་སྨྲ་དང་མདོ་སྡེའི་གྲུབ་མཐའ་དང་། །རྣལ་འབྱོར་སྤྱོད་པའི་དེ་ཉིད་ལེགས་མཐོང་ནས། །མཐའ་བྲལ་དབུ་མར་ལྟ་བའི་སྣང་བ་ཡིས། །གཉིས་འཛིན་མུན་པ་མཐའ་དག་འཇིལ་གྱུར་ཅིག །མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་ལས། །བྱ་སྤྱོད་རྣམ་འབྱོར་རྒྱུད་ཀྱི་ངེས་གསང་དོན། །སྨིན་གྲོལ་བདུད་རྩིས་བརླན་པའི་དགེ་མཚན་གྱིས། །གྲུབ་གཉིས་པདྨོ་མཆོག་ཏུ་རྒྱས་པར་ཤོག །ཁྱད་པར་བླ་ན་མེད་པའི་རྡོ་རྗེའི་ཐེག །ཐབས་ཤེས་ཟུང་འཇུག་རྒྱུད་སྡེ་རྒྱ་མཚོ་ཡི། །རྣམ་དག་དབང་བཞིས་སྒོ་གསུམ་སྨིན་པ་དང་། །དམ་ཚིག་སྡོམ་པ་སྲོག་བཞིན་སྲུང་གྱུར་ཅིག །བརྗོད་བྲལ་ལྷན་སྐྱེས་ཡེ་ཤེས་སྙིང་ལ་ཤར། །ཐ་མལ་སྣང་ཞེན་ལྷ་ཡི་འཁོར་ལོར་རྫོགས། །རྩ་རླུང་ཐིག་ལེ་དབུ་མའི་དབྱིངས་སུ་ཐིམ། །སྤྱོད་དང་ཉེ་རྒྱུའི་བརྟུལ་ཞུགས་མཐར་ཕྱིན་ཤོག །བཟླས་དང་གཏོར་མསྦྱིན་སྲེག་རབ་གནས་དང་། །དམན་འབྲིང་མཆོག་གི་ལས་ཚོགས་རབ་འབྱམས་ཀྱིས། །ཕྲིན་ལས་བཞི་དང་གྲུབ་ཆེན་རྣམ་བརྒྱད་སོགས། །ཕན་བདེའི་འདོད་དགུ་ཡིད་བཞིན་འགྲུབ་གྱུར་ཅིག །ཚོགས་དང་སྦྱོར་མཐོང་སྒོམ་པའི་ལམ་བཞི་ལ། །བརྟེན་ནས་གནས་སྐབས་སློབ་པའིཟུང་འཇུག་དང་། །མཐར་ཐུག་རྡོ་རྗེ་འཛིན་པའི་ས་ཐོབ་ནས། །སྐུ་དང་ཡེ་ཤེས་ཕྲིན་ལས་དབང་འབྱོར་ཤོག །གཞན་ཡང་འཇིགས་པ་བརྒྱད་དང་བཅུ་དྲུག་སོགས། །མི་མཐུན་ཕྱོགས་ཀུན་ཉེ་བར་ཞི་བ་དང་། །ཚེ་དང་བསོད་ནམས་ལུང་རྟོགས་ཡོན་ཏན་དཔལ། །ཆོས་མཐུན་བསམསྦྱོར་འབད་མེད་འགྲུབ་གྱུར་ཅིག །ནམ་ཞིག་འདི་སྣང་ནུབ་པར་གྱུར་པ་ན། །གནད་གཅོདསྡུག་བསྔལ་མཐའ་དག་མི་འབྱུང་ཞིང་། །བླ་མ་མཆོག་དང་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །མཁའ་སྤྱོད་དག་པའི་ཞིང་དུ་འཁྲིད་པར་ཤོག །གང་དུ་མགོན་པོ་མངོན་པར་སངས་རྒྱས་པའི། །འཁོར་གྱི་འདུས་པ་དང་པོར་བདག་སྐྱེས་ནས། །རྫོགས་སྨིན་སྦྱངས་སོགས་རླབས་ཆེན་སྤྱོད་པ་ཡིས། །རྒྱལ་བ་རྒྱ་མཚོའི་ཕྲིན་ལས་ཁུར་ཁྱེར་ཤོག །བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །ངོ་མཚར་མཛོད་ལྔའི་ཕྲིན་ལས་ས་གསུམ་ཁྱབ། །འགྲོ་རྣམས་རྫོགས་ལྡན་དུས་ཀྱི་འབྱོར་པ་དང་། །སྲིད་ཞིའི་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །སོགས་དང་། གཞན་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་དང་། ཀུན་མཁྱེན་བླ་མའི་རྡོ་རྗེའི་གསུང་བླ་མ་ལྔ་བཅུ་པའི་བསྡུས་དོན་གྱི་སྨོན་ལམ་དང་། རྒྱལ་བསྟན་ལུས་ཡོངསསུ་རྫོགས་པའི་སྨོན་ལམ་ལྟ་བུས་མཚོན་ཇི་ལྟར་རིགས་པས་རྒྱས་གདབ། བཀྲ་ཤིས་ནི། བཀྲ་ཤིས་གང་ཞིག་དབྱིངས་ལས་མི་གཡོ་ལྷུན་གྱིས་གྲུབ། །སྐུ་དང་ཡེ་ཤེས་འདུ་འབྲལ་གཉིས་མེད་རྫོགས་སངས་རྒྱས། །གདོད་མའི་མགོན་པོ་འཁོར་འདས་ཀུན་གྱི་དཔལ་གྱུར་པ། །ཀུན་ཏུ་བཟང་པོ་རིགས་ལྔའི་རྒྱལ་བ་རྒྱ་མཚོར་བཅས། །མ་ལུས་ཡོངས་དག་བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག །འོད་གསལ་སྙིང་པོ་སྤྲོས་ཀུན་ཉེར་ཞི་མཆོག་གི་ལམ། །རྣམ་པར་དཀར་ལ་སོ་སོར་མ་འདྲེས་དྲི་མ་བྲལ། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་རྒྱ་ཆེ་བ། །དམ་ཆོས་ཉི་མའི་བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག །རྣམ་གྲོལ་ཡིད་བཞིན་མཛོད་མངའ་འགྲོ་བའི་བསོད་ནམས་ཞིང་། །འཕགས་པའི་དགེ་འདུན་རིག་འཛིན་དམ་ཅན་རྒྱ་མཚོར་བཅས། །འཇིག་རྟེན་ལསགྲུབ་མཁའ་འགྲོ་འབར་བའི་སྤྲིན་འཕྲོ་བ། །དངོས་གྲུབ་མཆོག་སྩོལ་བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག །ཅེས་པ་ལ་སོགས་པ་བརྗོད་ཅིང་མེ་ཏོག་གི་ཆར་བསྙིལ་བས་དགེ་ལེགས་སུ་བྱའོ། །མདོ་རྒྱུདཀུན་ནས་བདེན་གསུང་སེང་གེའི་སྒྲས། །རྗེས་བསྔགས་སྔོན་མེད་མཛོད་ལྔའི་ཤིང་རྟ་བ། །རྩོད་པའི་དུས་འདིར་རྒྱལ་བའི་མཛད་ཕྲིན་ཅན། །བློ་གྲོས་སྤོབས་པ་མཐའ་ཡས་དང་མཚུངས་སུ། །ཕྱོགས་རེར་མ་སོང་ཐུབ་བསྟན་ཡོངས་ཀྱི་བདག །རིས་སུ་མ་ཆད་གདུལ་བྱ་རྒྱ་མཚོའི་མགོན། །རྣམ་ཐར་དཔག་ཡས་ཆོས་ཀྱི་དབྱིངས་ཁྱབ་པའི། །ས་གསུམ་སྐྱེ་དགུའི་གཙུག་ནོར་བླ་མ་རྗེའི། །ངོ་མཚར་ཡོན་ཏན་བཀའ་དྲིན་རྗེས་དྲན་པའི། །དད་བརྒྱའི་པདྨོ་མཆོག་ཏུ་བཞད་པ་ལས། །མཆོད་ཆོག་བདུད་བརྩིའི་དགའ་སྟོན་འདི་སྟོབ་པས། །སྐལ་བཟང་རྐང་དྲུག་ཚོགས་རྣམས་དགའ་བར་མཛོད། །རྒྱལ་བའི་ཆོས་མཛོད་ཟབ་ཅིང་རྒྱ་ཆེ་བ། །ཀུན་གྱི་ནང་ན་གཅེས་པའི་རིན་པོ་ཆེ། །ལམ་ཟབ་བླ་མ་སྒྲུབ་པ་འདི་ཁོ་ན། །དེ་སླད་ཐར་འདོད་ཡོངས་ཀྱི་སྤྱི་བོས་ལོངས། །དེ་ལས་བྱུང་བའི་རབ་དགེ་དྲི་མེད་པ། །ཟླ་འོད་ཀུནྡའི་ཕུང་པོ་ལྟར་དཀར་བས། །མ་ལུས་འགྲོ་ཀུན་བླ་མས་རྗེས་བཟུང་ནས། །རྡོ་རྗེ་གསང་མཆོག་ཚེ་འདིར་འགྲུབ་གྱུར་ཅིག །ཅེས་པ་འདིའང་རང་ཉིད་ཀྱི་དད་པའི་གསོས་དང་སྐལ་མཉམ་གཞན་ལའང་སྨན་པའི་རེ་བས་ཀུན་ནས་བསླངས་ཏེ། བཀའ་དྲིན་ཟླ་བྲལ་ཀུན་མཁྱེན་བླ་མ་རྣམ་གསུམ་གྱི་གསུང་གི་བཅུད་བསྡུས་ཤིང་། རང་ཚིག་ཅི་རིགས་པས་ཀྱང་ཁ་བསྐངས་ཏེ། རབ་ཚེས་ཤིང་འབྲུག་ས་གས་ཉ་བའི་དཀར་ཕྱོགས་མཁའ་འགྲོ་འདུ་བའི་དུས་གཉན་གཟའ་སྐར་འཕྲོད་སྦྱོར་ཤིན་ཏུ་དགེ་བའི་ཉིན། མགོན་པོ་གང་གི་ཚད་མེད་པའི་ཐུགས་རྗེས་རྗེས་སུ་བསྐྱངས་པའི་འདུ་གསུམ་པ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོའམ། མིང་གཞན་རྒྱལ་སྲས་གཞན་ཕན་ཆོས་ཀྱི་བློ་གྲོས་སུ་འབོད་པས་བདེ་ཆེན་པདྨ་འོད་གླིང་གི་དབེན་སྐྱིལ་བཀྲ་ཤིས་འཆི་མེདགྲུབ་པའི་དགའ་ཚལ་དུ་སྟན་ཐོག་གཅིག་ཏུ་ཤར་མར་བྲིས་པ་སྟེ། འདིས་ཀྱང་འགྲོ་ཀུན་བླ་མ་མཆོག་གི་རྗེསསུ་བཟུང་ནས་གདོད་མའི་རྒྱལ་ས་མཆོག་ལ་མངོན་པར་སྦྱོར་བའི་རྒྱུར་གྱུར་ཅིགསརྦ་དཱ་མངྒལཾ། །། །

བཀྲ་ཤིས་བརྒྱད་པའི་མཆོད་ཆོག་བདུད་རྩིའི་གཏེར་བུམ།

༄༅། །བཀྲ་ཤིས་བརྒྱད་པའི་མཆོད་ཆོག་བདུད་རྩིའི་གཏེར་བུམ་བཞུགས་སོ། །ཨཱཿ་སྭསྟི་བི་ཛ་ཡནྟུ། ལས་གང་ཞིག་རྩོམ་པའི་ཐོག་མར་དཀོན་མཆོག་གི་རྟེན་གྱི་སྤྱན་སྔར་ཅི་འབྱོར་པའི་མཆོད་པ་བཤམས་ལ། སྐྱབས་སེམས་སྔོན་དུ་འགྲོ་བས། མཆོག་གསུམ་ཚོགས་གཉིས་ཆོས་དབྱིངས་བདེན་སྟོབས་ཀྱིས། །སྣོད་བཅུད་དག་པའི་ཞིང་གི་འབྱོར་པའི་དབུས། །རིན་ཆེན་གཞལ་མེད་བཀོད་མཛེས་གདན་ཁྲི་དང་། །ཕུལ་བྱུང་མཆོད་པའི་སྤྲིན་གྱིས་མཛེས་གྱུར་ཅིག །མཆོད་པའི་སྤྲིན་གཟུངས་དང་རྟེན་སྙིང་བཟླ། མཚན་ཙམ་ཐོས་པས་བཀྲ་ཤིས་དཔལ་འཕེལ་བའི། །རྒྱལ་དང་དེ་སྲས་སེམས་དཔའ་སེམས་མའི་ཚོགས། །འཇིག་རྟེན་སྐྱོང་བ་སྡེ་དང་བཅས་པ་རྣམས། །ཐུགས་རྗེ་ཐུགས་དམ་དབང་གིས་འདིར་གཤེགས་ཤིག །གཙང་སྦྱར་མཆོད་ཡོན་དག་བྱེད་ཁྲུས་ཀྱི་ཆབ། །རྣམ་བཀྲའི་རྒྱན་ཆས་ཡིད་འོང་གདན་ཁྲིར་བཅས། །གུས་པས་འབུལ་ལོ་ཅི་བདེར་བཞེས་ནས་ཀྱང་། །བརྟན་པར་བཞུགས་ལ་བཀྲ་ཤིས་འཕེལ་བར་མཛོད། །ཞེས་སྤྱན་དྲངས་ནས་མདུན་རྟེན་དང་ཐ་མི་དད་དུ་བཞུགས་པར་མོས་ལ། ༀ། སྣང་སྲིད་རྣམ་དག་ཆོས་དབྱིངས་གཞལ་ཡས་སུ། །རང་བྱུང་ཡེ་ཤེས་འཇམ་དཔལ་གཞོན་ནུའི་སྐུ། །ཡིད་འོང་ཉི་མ་འཆར་ཀའི་ལང་ཚོ་ཅན། །དང་པོའི་ཕྱག་གཉིས་རལ་གྲི་ཨུཏྤ་ལ། །ཐ་མའི་ཕྱག་གཉིས་ནོར་བུ་བུམ་བཟང་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་གིས། །རབ་མཛེས་པདྨ་ཟླ་བའི་གདན་སྟེང་ན། །དཔག་བསམ་ཤིང་ལ་སྐུ་རྒྱབ་བརྟེན་ནས་བཞུགས། །བཀྲ་ཤིས་ལྷ་མོ་བརྒྱད་ལ་སོགས་པ་ཡིས། །རབ་འབྱམས་མཆོད་པའི་སྤྲིན་གྱིས་མཁའ་དབྱིངས་འགེངས། །དྲན་པ་ཙམ་གྱིས་ཕུན་ཚོགས་དཔལ་ཡོན་ཀུན། །ཡིད་བཞིན་ལེགས་པར་སྩོལ་བའི་བདག་ཉིད་ལ། །མ་ལུས་ཕྱོགས་དུས་ཞིང་གི་རྒྱལ་བ་དང་། །རྒྱལ་བ་སྲས་བཅས་ཏིལ་གང་ལྟར་བཞུགས་པས། །མེ་ཏོག་ཆར་འབེབས་ཤིས་པའི་གླུ་དབྱངས་སྒྲོགས། །ཡེ་ཤེས་འོད་ཟེར་འབར་བས་མཁའ་ཁྱབ་གསལ། །ཞེས་གསལ་གདབ། དེ་ནས་ཕྱག་མཆོད་སོགས་འབུལ་བ་ནི། ༀ། སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས། །ཀུན་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྒྲོན་མེའི་རྒྱལ་པོ་རྩལ་བསྟན་དོན་གྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །ལྷུན་པོ་ལྟར་འཕགས་རྩ་གྲགས་དཔལ་དང་ནི། །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམ་མཛད་པ་རྩལ་རབ་གྲགས་དཔལ་ཏེ། །མཚན་ཙམ་ཐོས་པས་བཀྲ་ཤིས་དཔལ་འཕེལ་བ། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན། །སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་འཕག་མཆོག་ཀུན་ཏུ་བཟང་། །ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་། །ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀ་མ་ལ། །སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །མིནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་ཏེ། །རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ། །སྒེག་སོགས་ངོ་བོ་དྲན་པས་དཔལསྤེལ་བའི། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང་། །འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང་། །རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང་། །ཏྲི་ཤུལ་ལ་དང་མདུང་ཐུང་རྡོ་རྗེ་ཅན། །པི་ཝང་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན། །ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིསསྤེལ། །འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །དྲི་མེད་ཡིད་འོང་ལྷ་རྫས་བཀོད་པའི་ཆར། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཡི་མཆོག །ཞལ་ཟས་རོལ་མོ་རྣམ་ལྔའི་འདོད་ཡོན་རྫས། །བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་རིན་ཆེན་བདུན། །ཉེ་བའི་རིན་ཆེན་བདུན་དང་གླུ་གར་མ། །མཛེས་སྡུག་བཀོད་པའི་རོལ་མོ་མཐའ་ཡས་པ། །འབུལ་ལོ་བཞེས་ནས་བཀྲ་ཤིས་འཕེལ་བར་མཛོད། །བདག་གཞན་ཐོག་མེད་དུས་ནས་ད་ལྟའི་བར། །མི་ཤེས་ཉོན་མོངས་སྒྲིབ་པའི་ཚོགས་ཀུན་བཤགས། །བསོད་ནམས་ཀུན་ལ་དགའ་བས་ཡི་རངས་ཤིང་། །ཆོས་འཁོར་བསྐོར་བཞིན་རྟགས་པར་བཞུགས་གསོལ་འདེབས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་རྣམས། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བྱེད་ཅིང་། །རྒྱལ་བ་སྲས་བཅས་དགྱེས་པའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་བཟུང་བར་བགྱི། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །ཐུགས་དམ་མ་བསྙེལ་དགོངས་པའི་རྩལ་བསྐྱེད་ལ། །ཇི་ལྟར་གསོལ་བཏབ་འབྲས་བུ་མཆིས་པར་མཛོད། །བདག་ཅག་དེང་འདིར་བྱ་བ་བརྩམ་པ་ལ། །བགེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས། །འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད། །ཅེས་ལན་གསུམ་སོགས་ཅི་རིགས་དང་། ཨེ་མ་ཧོ། རང་བྱུང་ཐུགས་རྗེའི་བདག་ཉིད་བཅོམ་ལྡན་འདས། །མཁྱེན་བརྩེ་ནུས་པ་མཚུངས་མེད་རྡོ་རྗེའི་སྐུ། །མ་ལུས་འགྲོ་བའི་གཏན་གྱི་མགོན་གྱུར་པ། །སྐྱབས་མཆོག་དམ་པ་བདག་ལ་དགོངས་སུ་གསོལ། །ཁྱོད་ནི་རང་བྱུང་ཡེ་ཤེས་བདེ་བ་ཆེ། །མ་ལུས་འགྲོ་ཀུན་ཁྱོད་ཀྱི་ངང་གྱུར་ཀྱང་། །མི་ཤིས་རྒུད་པས་མནར་བ་བདག་ཅག་ལ། །དེང་ནས་རྟག་པ་དམ་པའི་མཆོག་སྩོལ་ཅིག །བཀྲ་ཤིས་ཀུན་གྱིས་བཀྲ་ཤིས་བླ་མེད་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ་མཚན་ལྡན། །དབུགས་བྱིན་ཆེན་པོ་དགའསྟོན་རྒྱ་ཆེ་བ། །དགའ་ཆེན་རོལ་མོ་ཆེན་པོས་དབུགས་དབྱུང་སྩོལ། །འཇམ་དཔའ་དཔལ་དང་ལྡན་པའི་མཆོག་གྱུར་པ། །མཆོག་སྦྱིན་རྡོ་རྗེས་བདག་ལ་མཆོག་སྩོལ་ཅིག །དེ་བཞིན་གཤེགས་པ་ཀུན་གྱི་ཡེ་ཤེས་སྐུའི། །ཡེ་ཤེས་རྡོ་རྗེའི་དབང་བསྐུར་བདག་ལ་སྩོལ། །འདོད་འབྱུང་དེ་བཞིན་ནོར་བུ་ཆེན་པོ་འཆང་། །དཔག་བསམ་ཤིང་ཆེན་རྒྱས་པ་འགྲོ་ཀུན་གསོས། །ཁྱབ་བདག་རིན་ཆེན་ཀུན་མཆོག་དབུལ་བ་སེལ། །བུམ་བཟང་ཆེ་མཆོག་བདག་ལ་དཔལ་གྱུར་ཅིག །དེང་ནས་བླ་མེད་བྱང་ཆུབ་མ་ཐོབ་པའི། །ཚེ་རབས་ཀུན་ཏུ་ཁྱོད་ཀྱིས་རྗེས་བཟུངསྟེ། །མི་མཐུན་རྒུད་པ་ཐམས་ཅད་རྒྱུན་ཆད་ནས། །དཔལ་དང་སྐལ་བཟང་བཀྲ་ཤིས་བདེ་ལེགས་མཛོད། །ཅེས་དང་། སྤྲོ་ན། ཉིན་པར་བཀྲ་ཤིས་བགེགས་ཞི་བསམ་དོན་འགྲུབ། །མཚན་མོར་བཀྲ་ཤིས་རྨི་ལམ་བཟང་དགུ་མཐོང་། །དུས་ཀུན་བཀྲ་ཤིས་སྙན་གྲགས་རླུང་རྟ་སྤེལ། །རྣམ་ཀུན་བཀྲ་ཤིས་བདེ་ལེགས་འཕེལ་བར་མཛོད། །ལྷ་ཡི་བཀྲ་ཤིས་ངོ་མཚར་འབྲུག་སྒྲ་སྒྲོགས། །ཀླུ་ཡི་བཀྲ་ཤིས་དཔལ་འབྱོར་མཚོ་ལྟར་འཕེལ། །མི་ཡི་བཀྲ་ཤིས་དཀར་ཆོས་རྣམ་པར་འཕེལ། །ཀུན་ཀྱང་བཀྲ་ཤིས་ཆོས་སྲིད་བརྟན་པར་མཛོད། །བླ་མའི་བཀྲ་ཤིས་བྱིན་རླབས་སྤྲིན་ཕུང་འཁྲིགས། །ཡི་དམ་བཀྲ་ཤིས་གྲུབ་གཉིས་ཆར་དུ་བསྙིལ། །མཁའ་འགྲོའི་བཀྲ་ཤིས་འཕྲིན་ལས་རྩི་སྨན་རྒྱས། །རྩ་གསུམ་བཀྲ་ཤིས་དོན་གཉིས་ལྷུན་གྲུབ་མཛོད། །སངས་རྒྱས་བཀྲ་ཤིས་སྤངས་རྟོགས་བཅུད་ཀྱིས་གཏམས། །དམ་ཆོས་བཀྲ་ཤིས་བདེན་གཉིས་འདོད་པ་འཇོ། །དགེ་འདུན་བཀྲ་ཤིས་ཉེས་པའི་གདུང་ཀུན་སེལ། །མཆོག་གསུམ་བཀྲ་ཤིས་སྲིད་ན་བརྟན་པར་མཛོད། །ཆོས་སྐུའི་བཀྲ་ཤིས་ཟག་མེད་གཏེར་གྱི་འབྱོར། །ལོངས་སྐུའི་བཀྲ་ཤིས་རྟག་བརྟན་ལྷུན་གྱིས་གྲུབ། །སྤྲུལ་སྐུའི་བཀྲ་ཤིས་འདུལ་བཞིའི་ཕྲིན་ལས་རྒྱས། །སྐུ་གསུམ་བཀྲ་ཤིས་འབད་མེད་ལྷུན་གྲུབ་མཛོད། །སོ་ཐར་བཀྲ་ཤིས་ངེས་འབྱུང་ཞིང་ས་གཤིན། །བྱང་སེམས་བཀྲ་ཤིས་གཞན་ཕན་མྱུ་གུ་རྒྱས། །གསང་སྔགས་བཀྲ་ཤིས་རིམ་གཉིས་འབྲསབུ་ཕྱུག །སྡོམ་གསུམ་བཀྲ་ཤིས་བསླབ་གསུམ་གོང་འཕེལ་མཛོད། །ཐོག་མར་བཀྲ་ཤིས་གཞི་རྒྱུད་བཻཌཱུཪྱ། །བར་དུ་བཀྲ་ཤིས་ལམ་རྒྱུད་བྱི་དོར་མཁས། །ཐ་མར་བཀྲ་ཤིས་འབྲས་རྒྱུད་འདོད་པ་འཇོ། །དུས་གསུམ་བཀྲ་ཤིས་རྟག་བརྟན་ལྷུན་གྲུབ་མཛོད། །བླ་མའི་བཀྲ་ཤིསསྨིན་གྲོལ་གདམས་བཟབ་འཇོ། །སློབ་མའི་བཀྲ་ཤིས་དད་དམ་རྣམ་པར་དག །བླ་སློབ་བཀྲ་ཤིས་བཤད་སྒྲུབ་ཕྱོགས་སུ་འགྲིགས། །རྒྱལ་བསྟན་བཀྲ་ཤིས་སྲིད་མཐར་འཕེལ་རྒྱས་མཛོད། །སྣོད་ཀྱི་བཀྲ་ཤིས་དགེ་བཅུ་གཡང་དུ་འཁྱིལ། །བཅུད་ཀྱི་བཀྲ་ཤིས་ཚེ་དཔལ་འབྱོར་ཚོགས་རྒྱས། །སྣོད་བཅུད་བཀྲ་ཤིས་རྟེན་འབྱུང་གཅིག་ཏུ་ཚོགས། །ཐར་གྲོལ་བཀྲ་ཤིས་འབྲས་བུས་འབྱོར་པར་མཛོད། །མཆོད་གནས་བཀྲ་ཤིས་བསྡུ་བཞིའི་འཕྲིན་ལས་རྒྱས། །ཡོན་བདག་བཀྲ་ཤིས་སྡེ་བཞིའི་མངའ་ཐང་དར། །མཆོད་ཡོན་བཀྲ་ཤིས་རྣམ་དཀར་འབྲས་བུསཕྱུག །ཀུན་ཀྱང་བཀྲ་ཤིས་བདེ་ལེགས་འཕེལ་རྒྱས་མཛོད། །ཅེས་འདོད་པའི་དོན་ལ་གསོལ་བ་གདབ། སྐབས་འདིར་སྤྲོ་ན། བཀྲ་ཤིས་པའི་གསོ་སྦྱོང་དང་། བྱང་སྡོམ་སྤྱི་ལྟར་ལེན། གང་ལྟར་ཡང་། མཐར་ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་དང་། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམས། །ཡོན་ཏན་ཆེན་པོ་འཇིག་རྟེན་གཙོ་ལ་འབུལ། །མཆོག་གི་མཆོད་པ་དམ་པ་བཞེསསུ་གསོལ། །མཆོད་གཟུངས་བཟླ། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་དཔལ་གྱུར་བ། །གྲགས་པའི་བཀྲ་ཤིས་སྙན་གྲགས་ཆེན་པོ་དགེ། །དབུགས་འབྱིན་ཆེན་པོ་རྒྱལ་བ་སྲས་བཅས་ལ། །གུས་པས་བསྟོད་དོ་འདོད་དགུའི་དངོས་གྲུབ་སྩོལ། །རྟག་པར་དགེ་བའི་བཤེས་ཀྱི་རྗེས་བཟུང་ཞིང་། །ཚུལ་གནས་ཐོས་བསམ་བསྒོམས་པའི་ཡོན་ཏན་རྫོགས། །རྨད་བྱུང་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་གྱིས། །བསྟན་འགྲོའི་དོན་ཆེན་འགྲུབ་པར་མཛད་དུ་གསོལ། །བདེ་གཤེགས་སྲས་བཅས་ཀུན་གྱི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱེད་ལ་དད་ཅིང་གསོལ་བ་བཏབ་པའི་མཐུས། །སོགས་དང་། ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིག །སོགས་ཇི་ལྟར་རིགས་པའི་འདོད་དོན་གསོལ་ཞིང་། སྤྲོ་ན་མདུན་གྱི་ཚོགས་རྟེན་རྣམས་ཀྱིས་ཤིས་བརྗོད་ཀྱི་མེ་ཏོག་གཏོར་བར་མོས་ལ། འཇམ་མགོན་བླ་མའི་གསུང་བཀྲ་ཤིས་མཆོག་གྲུབ་ཀྱང་བཀླག་ཅིང་མེ་ཏོག་གི་ཆར་བསྙིལ་བར་བྱའོ། །རྗེས་ནོངས་པ་བཟོད་གསོལ་སོགས་ཀྱི་ལྟར་བྱའོ། །དེ་ལྟར་བགྱིས་པའི་ཕན་ཡོན་ཡང་། ལྡང་ཚེ་བརྗོད་ན་དེ་ཉིན་དོན་ཀུན་འགྲུབ། །ཉལ་ཚེ་བརྗོད་ན་རྨི་ལམ་བཟང་པོ་མཐོང་། །གཡུལདུ་འཇུག་ཚེ་བརྗོད་ན་ཕྱོགས་ལས་རྒྱལ། །བྱ་བ་རྩོམ་དུས་བརྗོད་ན་འདོད་དོན་འཕེལ། རྒྱུན་དུ་བརྗོད་ན་ཚེ་དཔལ་གྲགས་འབྱོར་ཤིས། །བདེ་ལེགས་ཕུན་ཚོགས་བསམ་དོན་ཡིད་བཞིན་འགྲུབ། །སྡིག་སྒྲིབ་ཀུན་བྱང་མངོན་མཐོ་ངེས་ལེགས་ཀྱི། །དོན་ཀུན་འགྲུབ་པར་རྒྱལ་བ་མཆོག་གིས་གསུངས། །ཞེས་པའི་ཚུལ་ལ་སྤྲོ་བ་སྐྱེད་དེ་རྟག་ཏུ་བརྩོན་པར་བྱའོ། །ཅེས་པའང་བྱ་བྲལ་བ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས། ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་གསུང་ལས་བཏུས་ཏེ་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚོགས་ཁང་རང་བྱུང་བྲག་གི་ཀེའུ་ཚང་དུ་བྲིས་པ་དགེ། །།

ཚེ་ལྷ་རྣམ་གསུམ་གྱི་མཆོད་ཆོག་སྙིང་པོར་དྲིལ་བ།

༄༅། །ཚེ་ལྷ་རྣམ་གསུམ་གྱི་མཆོད་ཆོག་སྙིང་པོར་དྲིལ་བ་བཞུགས། ༀ་སྭ་སྟི་སིདྡྷཾ། འདིར་བླ་མ་ཚེ་ལྷ་རྣམ་གསུམ་གྱི་རྣལ་འབྱོར་དང་རྗེས་སུ་འབྲེལ་བར་ཚོགས་གཉིས་སྤེལ་བའི་ཆོ་ག་ཉམས་སུ་ལེན་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། དཀོན་མཆོག་གི་རྟེན་སྤྱིི་དང་ཁྱད་པར་ཚེ་ལྷ་རྣམ་གསུམ་གྱི་སྣང་བརྙན་བྲིས་འབུར་ཇི་ལྟ་རིགས་པའི་སྤྱན་སྔར་ཉེར་སྤྱོད་སོགས་ཇི་ལྟར་འབྱོར་པའི་མཆོད་པ་གཙང་ཞིང་མཛེས་པར་བཤམས་ལ། དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་། །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་མཐུས། །ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་དཔལ། །ཆོས་དབྱིངས་རྣམ་པར་དག་པའི་བདེན་སྟོབས་ཀྱིས། །སྣོད་བཅུད་བདེ་ཆེན་ཞིང་གི་འབྱོར་པ་ལྟར། །ཡིད་འཕྲོགས་ངོ་མཚར་བཀོད་པ་འབྱམས་ཀླས་གཞིར། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །ཅེས་བདེན་པའི་སྟོབས་དང་མཆོད་པའི་སྤྲིན་གཟུངས་ལན་གསུམ་བརྗོད་པས་གནས་ཡོ་བྱིན་གྱིས་བརླབས། སྐྱབས་ཡུལ་གསལ་བཏབ་ལ། བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །འགྲོ་ཀུན་སྲིད་པའི་འཇིགས་ལས་བསྒྲལ་བའི་ཕྱིར། །ཚོགས་གཉིས་སྤེལ་བའི་ཆོ་ག་བསྒྲུབ་པར་བགྱི། །ལན་གསུམ་གྱིས་སྐྱབས་སེམས་དང་ཚད་མེད་བཞི་བསྒོམས་རྗེས། གཉིས་པ་དངོས་གཞི་ནི། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། སྣོད་བཅུད་རྣམས་དག་མི་དམིག་འོད་གསལ་ངང་། །ཟུང་འཇུག་ཏིང་ངེ་འཛིན་གྱི་རྣམ་རོལ་ལས། །ཕྱི་སྣོད་དག་པའི་ཞིང་ཁམས་བདེ་བ་ཅན། །ཡིད་འཕྲོག་ངོ་མཚར་བཀོད་པས་མཛེས་པའི་གཞིར། །རང་ཉིད་ཐ་མལ་གསལ་བའི་མདུན་གྱི་མཁར། །ཕུན་ཚོགས་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས། །པད་དཀར་ཟླ་སྟེང་རྩ་བའི་བླ་མ་ནི། །རྣམ་པ་ཚེ་དང་ཡེ་ཤེས་མཆོག་སྩོལ་ཕྱིར། །བཅོམ་ལྡན་འཕགས་མ་ཡིད་བཞིན་འཁོར་ལོའི་ཚུལ། །དྲི་མེད་ཟླ་བ་ནོར་བུའི་མཚན་དཔེ་ལ། །རབ་ཞི་བརྒྱད་གཉིས་ལང་ཆོའི་མཚར་སྡུག་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཕྱག་ཞབས་ཀྱིས། །མཐིལ་བཞིར་ཡེ་ཤེས་སྤྱན་རས་མཚན་པ་སྟེ། །བྱང་ཆུབ་ཡན་ལག་བདུན་གྱི་གཟིགས་པས་མཛེས། །ཕྱག་གཡས་མཆོག་སྦྱིན་རྫོགས་ལྡན་སྤྲིན་ཆེན་ལས། །ཕན་དང་བདེ་བའི་དངོས་ཀུན་ཆར་དུ་འབེབས། །གཡོན་པས་དུས་གསུམ་དེ་བཞིན་གཤེགས་མཚོན་པའི། །ཨུད་པལ་བསྣམས་པས་སྲིད་ཞིའི་འཇིགས་པ་ཕྲོག །དར་དཀར་སྟོད་གཡོགས་དམར་པོའི་ཤམ་ཐབས་དང་། ནོར་བུ་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཟླ་བར་རྒྱབ་བརྟེན་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དེ་ཡི་སྤྱི་བོར་རིགས་བདག་ཚེ་དཔག་མེད། དཀར་དམར་མདངས་ཅན་མཉམ་བཞག་ཚེ་བུམ་འཛིན། །མཚན་དཔེའི་དཔལ་འབར་དར་དང་རིན་ཆེན་བརྒྱན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་རོལ། །གཙུག་ཏོར་ལས་སྐྱེས་འོད་ཀྱི་ཕུང་པོའི་དབུས། །འཕགས་མ་རྣམ་པར་རྒྱལ་མ་སྟོན་ཟླའི་མདོག །དཀར་སེར་སྔོ་བའི་ཞལ་གསུམ་ཕྱག་བརྒྱད་མ། །ཞལ་རེར་རབ་ཏུ་རྒྱས་པའི་སྤྱན་གསུམ་མཛེས། །ཕྱག་གཡས་དང་པོས་སྣ་ཚོགས་རྡོ་རྗེ་དང་། །གཉིས་པས་པད་དཀར་ལ་གནས་འོད་དཔག་མེད། །གསུམ་པས་མདའ་དང་བཞི་པས་མཆོག་སྦྱིན་མཛད། །གཡོན་གྱི་དང་པོས་རྡོ་རྗེའི་ཞགས་པ་དང་། །གཉིས་པས་གཞུ་དང་གསུམ་པས་སྐྱབས་སྦྱིན་རྒྱ། །བཞི་པས་མཉམ་བཞག་བདུད་རྩིའི་བུམ་པ་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །རྣམ་གསུམ་སྐུ་ཡི་ཆ་ཤས་ཐམས་ཅད་ན། །འོད་ཟེར་ཕྲེང་བ་དཔག་ཡས་ཕྱོགས་བཅུར་འཕྲོས། །དེ་དག་རེ་རེའི་རྩེར་ཡང་དག་པའི་ཞིང་། །རབ་འབྱམས་རྡུལ་གྱི་གྲངས་སྙེད་སྣང་བ་ནས། །བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས། །ཚེ་ལ་དབང་བའི་རིག་འཛིན་དྲང་སྲོང་དང་། །ཆོས་སྲུང་ནོར་ལྷའི་ཚོགས་ཀུན་སྤྲིན་ལྟར་གཏིབས། །ཀུན་ཀྱང་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་སྐུ། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ། །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། །ཅེས་ཚོགས་ཞིང་གསལ་གདབ་ལ། ཡན་ལག་བདུན་པ་འབུལ་བ་ནི། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨ་ཁ་འབུས་བྱེ་འདྲ་བས། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །ཞེས་དང་། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པའི་བར་བཟང་སྤྱོད་ལྟར་དང་། གང་གི་སོ་སོར་རྟོག་པའི་ཡེ་ཤེས་ནི། །དྲན་པས་འཆི་མེད་མཆོག་སྩོལ་ཚེ་ཡི་ལྷར། །ཡོངས་ཤར་སྐྱབས་གནས་ཀུན་འདུས་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པབླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་མཛད་པ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །བདག་གིས་ཚེ་རབ་སྔོན་ནས་སྒྲུབ་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །རབ་དཀར་ཞལ་གཅིག་ཕྱག་གཉིས་སྤྱན་བདུན་མ། །ཡུམ་གྱུར་ཨུཏ་པལ་བསྣམས་ལ་ཕྱག་འཚལ་ལོ། །གཞན་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །ཚེ་ལ་དབང་བའི་དྲང་སྲོང་རིག་པ་འཛིན། །ཆོས་སྲུང་ནོར་ལྷ་རྒྱ་མཚོའི་ཚོགས་བཅས་ལ། །རབ་ཏུ་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སོགས་དང་མཆོད་པའི་སྤྲིན་གྱི་སྔགས་བརྗོད་པས་སྤྱིར་མཆོད་བྱེ་བྲག་ཏུ་ཉེར་སྤྱོད་སོགས་ཀྱིས་མཆོད་ཕྲེང་རྒྱས་པ་འཆི་མེད་གྲུབ་པའི་དགའ་སྟོན་གཞུང་དུ་གསུངས་པ་ལྟར་བྱ་ཞིང་དེ་ཙམ་མི་ནུས་ན། དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་མཆོད་པའི་རྫས། །ཡིད་འོང་མཆོད་ཡོན་མཆོག་དང་ཞབས་བསིལ་དང་། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཡི་ཆབ། །ཞལ་ཟས་རོལ་མོ་འདོད་ཡོན་རྣམ་པ་ལྔ། །ཤིས་པའི་རྟགས་རྫས་རྒྱལ་སྲིད་བདུན་ལ་སོགས། །ལྷ་ཀླུ་མི་ཡི་དཔལ་འབྱོར་ཇི་སྙེད་པ། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ༀ་ཨ་ནཱུརྟཱ་ར་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་དང་། ས་གཞི་སྤོས་ཆུས་སོགས་ཀྱིས་མཎྜལ་འབུལ། ཇི་ལྟར་འཇམ་དབྱངས་ཀུན་ཏུ་བཟང་ལ་སོགས། །བདག་ཉིད་ཆེན་པོ་རྣམས་ཀྱིས་རྒྱལ་བ་ལ། །མཆོད་པའི་སྤྲིན་གྱིས་མཉེས་པར་མཛད་པ་ལྟར། །མཆོག་གི་མཆོད་པས་རྒྱལ་རྣམས་མཉེས་གྱུར་ཅིག །ན་མས་སརྦ་བུདྡྷ་བོ་དྷི་ས་ཏྭ་བྷྱ༔ ༀ་སརྦ་བི་ཏ་པཱུ་ར་པཱུ་ར། །སུ་ར་སུ་ར་ཨཱ་བར་ཏ་ཡ་ཨཱ་བར་ཏ་ཡ་སྭཱ་ཧཱ། ཞེས་མཆོད། ཡན་ལག་ལྷག་མ་རྣམས། འདོད་ཆགས་ཞེ་སྡང་སོགས་བཟངསྤྱོད་ལྟར་མོས་འདུན་རྩེ་གཅིག་གིས་བརྗོད། དེ་ནས་སེམས་བསྐྱེད་སྡོམ་པ་ལེན་པ་ནི། དགོངས་གསོལ་བརྗོད་པ་སྔོན་དུ་འགྲོ་བས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོགས་ལན་གསུམ་གྱིས་སྐྱབས་འགྲོ་དང་། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས་སོགས། །ལན་གསུམ་གྱིས་སེམས་བསྐྱེད་བླང་། དེང་དུས་བདག་ཚེ་སོགས་ཀྱིས་རང་གཞན་དགའ་བ་སྒོམ། བྱང་ཆུབ་སེམས་ནི་རིན་པོ་ཆེ། །སོགས་ཀྱིས་སྨོན་ལམ་གདབ་བོ། །དེ་ནས། སྐྱབས་གནས་ཀུན་འདུས་བླ་མ་ཚེ་ཡི་ལྷར། །གུས་པས་ཕྱག་འཚལ་མཆོད་ཅིང་གསོལ་བ་འདེབས། །མཁྱེན་བརྩེ་ནུས་པས་བདག་རྒྱུད་བྱིན་གྱིས་རློབས། །འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཅེས་ཕུར་ཚུགས་སུ་གསོལ་བ་ལན་གྲངས་མང་དུ་བཏབ་པའི་མཐར། དེ་ལྟར་ཕྱག་འཚལ་མཆོད་ཅིང་གསོལ་བཏབ་མཐུས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །སྐྱེ་ཞིང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ཅིང་། །རྣམ་དག་བཤེས་དང་མཇལ་བར་བྱིན་གྱིས་རློབས། ཚུལ་གནས་ཐོས་བསམ་སྒོམ་པའི་ཕ་རོལ་སོན། །ངེས་འབྱུང་བྱང་ཆུབ་སེམས་གཉིས་གཏིང་ནས་འབྱོངས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་དབང་བསྒྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཁྱད་པར་ནད་གདོན་སྡིག་སྒྲིབས་ཉེར་འཚེ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡེ་ཤེས་དང་། །ཕན་བདེའི་དགེ་མཚན་རྒྱས་པར་བྱིན་གྱིས་རློབས། །ནོར་བུ་སྨན་སོགས་ཕྱི་ཡི་རྟེན་འབྲེལ་དང་། །རྣལ་འབྱོར་ནུས་པ་ནང་གི་ཐབས་མཁས་ཀྱིས། །དུས་མིན་འཆི་བ་མཐའ་དག་ཞི་བྱས་ནས། །རིང་འཚོའི་དགའ་སྟོན་འཕེལ་བར་བྱིན་གྱིས་རློབས། །ཚུལ་ཁྲིམས་དག་པས་ལྷར་བཅས་ཀུན་གྱིས་སྲུང་། །བྱང་ཆུབ་སེམས་ཀྱིས་གདོན་བགེགས་དབང་དུ་གྱུར། །སྤྲོས་བྲལ་ལྟ་བས་སྐྱེ་འཆིའི་འཁྲུལ་སྣང་ཀུན། །བདེན་མེད་སྒྱུ་མར་ཤེས་པར་བྱིན་གྱིས་རློབས། །བླ་མ་ལྷར་བཅས་ཐུགས་ཀའི་འོད་ཟེར་གྱིས། །ཕྱི་སྣོད་འབྱུང་ལྔའི་ཁམས་དང་སྲིད་ཞིའི་བཅུད། །བཀུག་སྟེ་རང་གི་སྒོ་གསུམ་ལ་བསྟིམས་པས། །འགྱུར་མེད་རྡོ་རྗེའི་ངོ་བོར་བྱིན་གྱིས་རློབས། །རྒུད་པ་མེད་པའི་ལང་ཚོའི་གཟི་འོད་དང་། །སྟོབས་དང་རྩལ་གྱིས་ཕས་རྒོལ་ཟིལ་གནོན་ཞིང་། །དངོས་གྲུབ་བསོད་ནམས་རྣམ་པར་རྒྱས་པའི་དཔལ། །དབང་བཅུའི་མངའ་ཐང་འཕེལ་བར་བྱིན་གྱིས་རློབས། །འཆི་མེད་སྲོག་གི་མདུད་པ་དམ་པོར་བཅིངས། །མི་ཤིགས་ཚེ་ཡི་ལྗོན་བཟང་རབ་ཏུ་བརྟན། །མ་འགགས་བློ་དང་མྱུར་བའི་སྤོབས་པ་ཡིས། །ཕྱོགས་ལས་རྣམས་པར་རྒྱལ་བར་བྱིན་གྱིས་རློབས། །མཐར་ཐུག་གསང་ཆེན་མྱུར་ལམ་ལ་བརྟེན་ནས། །རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་གྱུར་ཏེ། །འཆི་མེད་རྟག་པ་དམ་པའི་ཕྲིན་ལས་ཀྱིས། །མཁའ་ཁྱབ་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས། །གཞན་ཡང་བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་ཡིས། །ས་གསུམ་དགེ་ལེགས་འཕེལ་བར་བྱིན་གྱིས་རློབས། །བཀྲ་ཤིས་སྲིད་དང་ཞི་བའི་དཔལ་ཡོན་གྱིས། །དགེ་མཚན་སྣང་བ་ནུབ་པ་མེད་པའི་ཕུལ། །ཕུན་ཚོགས་འཆི་མེད་འགྲུབ་པའི་ངོ་མཚར་དང་། །ལྷན་ཅིག་ཕན་བདེའི་འབྱོར་པ་རྒྱས་གྱུར་ཅིག །ཅེས་འདོད་པའི་དོན་ལ་གསོལ་བ་གདབ། བཟླས་པས་ཐུགས་རྒྱུད་བསྐུལ་བ་ནི། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུ་པུཎྱེཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་ཅུང་ཟད་བཟླས་མཐར། རྩེ་གཅིག་བསྙེན་པས་གསོལ་བ་བཏབ་པའི་མཐུས། །བླ་མ་ཡིད་བཞིན་འཁོར་ལོའི་ཐུགས་ཀ་ནས། །འོད་འཕྲོས་རིགས་བདག་ཚེ་དཔག་མེད་པ་དང་། །དེ་ཡི་གཙུག་ཏོར་ནོར་བུའི་འོད་ཟེར་གྱིས། །འཕགས་མ་རྣམ་ཡང་རྒྱལ་མའི་ཐུགས་དམ་བསྐུལ། །ཀུན་ཀྱང་ཐུགས་རྗེའི་འཇུག་པ་ལྷག་པར་གཡོས། །དཔག་ཡས་འོད་ཟེར་ཕྱོགས་བཅུའི་ཞིང་ཀུན་ཁྱབ། །བདག་གཞན་དོན་དུ་བྱེད་ན་བསྒྲུབ་བྱའི་ཞེས་ཁ་བསྒྱུར། གི་བླ་ཚེ་ཆད་ཉམས་ཡར་བ་དང་། །འབྱུང་བཞིའི་དྭངས་བཅུད་འཁོར་འདས་ཐམས་ཅད་ཀྱིས། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཀུན། །འོད་ཟེརསྣ་ལྔའི་རྣམ་པར་སྤྱན་དྲངས་ནས། །རིགས་ཀྱི་བདག་པོ་ཕྱག་གི་བུམ་པར་ཐིམ། བདུད་རྩིའི་རྒྱུན་ལུད་དེ་དང་ལྷན་ཅིག་ཏུ། །ཚོགས་ཞིང་ཀུན་གྱི་སྐུ་ཡི་ཆ་ཤས་ལས། །འཆི་མེད་གྲུབ་པའི་ཟིལ་དངར་ཆར་ལྟར་བབས། །རང་གི་སྤྱི་བོར་ཚང་པའི་སྒོ་ནས་ཞུགས། །ལུས་ཀྱི་ནང་གང་ནད་གདོན་སྡིག་སྒྲིབ་སྦྱངས། །བླ་ཚེ་ཆད་ཉམས་ཡར་བ་རང་སོར་ཆུད། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་རྒྱས། །འཆི་མེད་གཉུག་མའི་གོ་འཕང་ཐོབ་པར་གྱུར། །ཞེས་བརྗོད་ཅིང་དམིགས་པ་གསལ་བཏབ་ལ། ༀ་ཨ་མ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་ཅི་ནུས་དང་། ཚེགཟུངས། རྣམ་རྒྱལ་མའི་གཟུངས་རིང་ཐུང་འབྲིང་པོ་བཅས། སྒྲོལ་དཀར་ཀྱི་སྙིང་པོ་སོགས་ཇི་ལྟར་རིགས་པ་བཟླ། དེ་ཙམ་མི་ནུས་ན། ༀ་ཨ་མྲྀ་ཏ་ཨ་ཡུརྡ་དེ་སྭཱ་ཧཱ། ཞེས་རྣམ་རྒྱལ་མའི་སྙིང་པོ་དང་། ༀ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། ཞེས་སྒྲོལ་དཀར་གྱི་སྙིང་པོ་དང་། སྐབས་སུ་སྤེལ་ཚིག་དང་བཅས་པའང་ཅི་ནུས་སུ་བཟླ་ཞིང་། སྤྲོོ་ན་ཚེ་དཔག་མེད་ཀྱི་གཟུངས་མདོ། རྣམ་རྒྱལ་མའི་རྟོགས་པ། སྒྲོལ་དཀར་གྱི་ཕྱག་འཚལ་ཉེར་གཅིག་རྣམས་དང་བསྟོད་པའི་ཚོགས་ཀྱང་བཀླག་པར་བྱའོ། །རྗེས་ནི། མཆོད་པ་རྣམས་ཁ་གསོས་ལ་མཆོད་པའི་སྤྲིན་གྱི་སྔགས་གྱིས་བརླབས། གང་ཞིག་དྲན་པས་འཆི་མེད་མཆོག་སྩོལ་བའི། །སྐྱབས་གནས་ཀུན་འདུས་བླ་མ་ཚེ་ཡི་ལྷ། །རབ་འབྱམས་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ། །མི་ཕྱེད་སྙིང་ནས་གུས་པས་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང་། །མོས་པའི་སྟོབས་ཀྱིས་སྤྲུལ་པའི་མཆོད་སྤྲིན་ནི། །ཀུན་ཏུ་བཟང་པོ་རྣམ་ཐར་ལས་བྱུང་བ། །སངས་རྒྱས་ཞིང་མཐར་ཁྱབ་པས་རྟག་ཏུ་མཆོད། །བདག་གཞན་འཁོར་བ་ཐོག་མེད་ནས་བསགས་པའི། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་སྐོར་བཞིན་བསྐལ་བརྒྱར་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ། །ཞེས་ཡན་ལག་བདུན་པ་ཕུལ། དེ་ལྟར་ཕྱག་འཚལ་མཆོད་ཅིང་གསོལ་བཏབ་མཐུས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །སྐྱེ་ཞིང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ཅིང་། །རྣམ་དག་བཤེས་དང་མཇལ་བར་བྱིན་གྱིས་རློབས། །ཚུལ་གནས་ཐོས་བསམ་སྒོམ་པའི་ཕ་རོལ་སོན། །ངེས་འབྱུང་བྱང་ཆུབ་སེམས་གཉིས་གཏེར་ནས་འབྱོངས། །རླབས་ཆེན་རྒྱལ་སྲསསྤྱོད་ལ་དབང་བསྒྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཁྱད་པར་ནད་གདོན་སྡིག་སྒྲིབ་ཉེར་འཚེ་སོགས། །དམ་ཆོས་སྒྲུབ་པའི་འགའ་རྐྱེན་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡེ་ཤེས་དང་། །ཕན་བདེའི་དགེ་མཚན་རྒྱས་པར་བྱིན་གྱིས་རློབས། །མཐར་ཐུག་གསང་ཆེན་མྱུར་ལམ་ལ་བརྟེན་ནས། །རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོནགྱུར་ཏེ། །འཆི་མེད་རྟག་པ་དམ་པའི་ཕྲིན་ལས་ཀྱིས། །མཁའ་ཁྱབ་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས། །གཞན་ཡང་བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་ཡིས། །ས་གསུམ་དགེ་ལེགས་འཕེལ་བར་བྱིན་གྱིས་རློབས། །བཀྲ་ཤིས་སྲིད་དང་ཞི་བའི་ཡོན་ཏན་གྱིས། །དགེ་མཚན་སྣང་བ་ནུབ་པ་མེད་པའི་ཕུལ། །ཕུན་ཚོགས་འཆི་མེད་གྲུབ་པའི་ངོ་མཚར་དང་། །ལྷན་ཅིག་ཕན་བདེའི་འབྱོར་པ་རྒྱས་གྱུར་ཅིག །ཅེས་གསོལ་བ་གདབ། མཐར། ཚོགས་ཞིང་ཐམས་ཅད་འོད་ཞུ་རང་ལ་ཐིམ། །རང་གི་སྒོ་གསུམ་གཉུག་མའི་ཡེ་ཤེས་དང་། །སྐྱབས་ཡུལ་རྣམས་ཀྱི་གསང་གསུམ་དབྱེར་མེད་དང་། །གནས་ལུགས་འོད་གསལ་ཆོས་སྐུའི་རང་ཞལ་བལྟ། །ཞེས་བརྗོད་ཅིང་མཉམ་པར་བཞག །དེ་ལས་ལྡང་བར་བརྩམ་པ་ན། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །ཚེ་འདིར་ཚེ་རིང་ནད་མེད་དམ་ཆོས་ལྡན། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །ཚེ་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག །ཅེས་དང་། སྤྲོ་ན་བཟང་པོ་སྤྱོད་པའི་སྨོན་ལམ་གདབ། ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ལས་བྱུང་བའི་བཀྲ་ཤིས་དང་། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་སྒྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་སུ་བྱའོ། །བསྒྲུབ་བྱ་གཞན་གྱི་ཆེད་དུ་བྱེད་པའི་ཚེ། བླ་མ་སོགས་ཡུལ་མཆོག་རྣམས་རང་གི་གཡས་ཕྱོགས་སུ་རིན་པོ་ཆེའི་ཁྲི་བཀོད་པ་ཕུན་གསུམ་ཚོགས་པའི་སྟེང་དུ་བཞུགས་པ་དང་། སྦྱིན་བདག་ཕལ་པའི་རིགས་རྣམས་མདུན་དུ་འཁོད་པ། དེ་དག་ཀྱང་ལང་ཚོ་དར་ལ་བབས་ཤིང་གོས་རྒྱན་གཟབ་འབྱོར་ཕུན་གསུམ་ཚོགས་པར་གསལ་བཏབ་ལ་ཚེ་བཅུད་བསྡུ་བསྟིམ་ལྷན་ཅིག་ཏུ་བགྱིས་པས་དོན་འགྲུབ་པ་ཡིན། དེ་ལྟར་འབད་པའི་ཕན་ཡོན་ནི། ཚེ་དཔག་མེད་ཀྱི་གཟུངས་མདོ་དང་གཙུག་ཏོར་རྣམ་རྒྱལ་མའི་རྟོགས་པ་དང་། །སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་ཕན་ཡོན་སོགས་ལས་ཇི་སྐད་གསུངས་པ་ལྟར་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་། གནས་སྐབས་དང་མཐར་ཐུག་གི་བརདུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང་། ཚེ་དང་བསོད་ནམས་ཡེ་ཤེས་ལ་སོགས་པ་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། ཚེ་འཕོས་ནས་ཀྱང་དག་པའི་ཞིང་ཁམས་བདེ་བ་ཅན་དུ་སྐྱེས་ནས་མྱུར་དུ་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་པ་སོགས་སྲིད་པ་དང་ཞི་བའི་དགེ་མཚན་མཐའ་དག་གིས་འབྱོར་བར་འགྱུར་བ་ནི་ངེས་པའོ། །འགྱུར༵་མེ༵ད་སྲོག་གི་ཀ་བ་ཚུགས། །རིག་གྲོལ་པ༵དྨའི༵་དགའ་ཚལ་རྒྱས། །མི་མཐུན་ཕྱོགས་ལས་རྣམ༵་རྒྱལ༵་ཞིང། །དོན་གཉིས་དགའ་སྟོན་འཕེལ་གྱུར་ཅིག །ཅེས་པ་འང་ཐམས་ཅད་མཁྱེན་ཅིང་གཟིགས་པ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོས་གསུང་ལས་སྙིང་པོ་བསྡུས་པ་དགེ། སརྦ་མངྒལཾ། དགེའོ། །དགེའོ། །། །

རྒྱལ་བའི་རྟེན་གསུམ་བཞེངས་པ་དང་མཆོད་པའི་ཕན་ཡོན་ལས་འཕྲོས་པའི་གཏམ་ཚོགས་གཉིས་པད་ཚལ་བཞད་བྱེད་ཡིད་ཆེས་ལུང་གི་ཉི་མ།

༄༅། །ཡུཀྟདྭིནལིནཱིཕུལླཔྲཏྱཡིཏགམསཱུཪྻནཱམཛཡདྷཱཏྲིབིཧིཏཔཱུཛནཱནུཤིསཱཀརྨཔྲཔཉྩགཐཱསྟི།
༄༅། །རྒྱལ་བའི་རྟེན་གསུམ་བཞེངས་པ་དང་མཆོད་པའི་ཕན་ཡོན་ལས་འཕྲོས་པའི་གཏམ་ཚོགས་གཉིས་པད་ཚལ་བཞད་བྱེད་ཡིད་ཆེས་ལུང་གི་ཉི་མ་ཞེས་བྱ་བ་བཞུགས་སོ།
། ན་མོ་གུ་རུ་མཉྫུ་ཤྲཱི་སྭ་ར་སྭ་ཏྱཻ། གང་ཞིག་རྣམ་ཀུན་མཆོག་ལྡན་ཆོས་དབྱིངས་འོད་གསལ་འདུས་མ་བྱས་པའི་ཁམས། །གློ་བུར་འཁྲུལ་པའི་སྦུབས་རྒྱ་ལས་གྲོལ་ཟག་མེད་སྡེ་ཚན་ཉེར་གཅིག་གི། །ཡོན་ཏན་དཔལ་གྱིས་རྟག་ཏུ་འཁྱུད་གྱུར་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཅན། །ཉི་མཁའ་བཞིན་དུ་གདོད་ནས་འབྲལ་མིན་སྐུ་གསུམ་སྟོན་པའི་ཚོགས་ལ་འདུད། །གང་ཞིག་ཆགས་སོགས་སྒྲིབ་ལས་ཡོངས་གྲོལ་བསམ་གྱིས་མི་ཁྱབ་འགོག་བདེན་ཕུལ། །གང་གིས་ཆགས་སོགས་སྒྲིབ་ལས་གྲོལ་བྱེད་ལམ་བདེན་དག་གསལ་གཉེན་པོའི་ཕྱོགས། །ཚངས་སྤྱོད་ཡོན་ཏན་བཞི་ལྡན་ཐོག་མཐའ་བར་དགེ་ངག་ཚིག་དྲི་མ་མེད། །ཚད་མ་གསུམ་འབྲེལ་ཞི་བའི་ལམ་སྟོན་ཆོས་མཆོག་ཡང་དག་རྒྱལ་གྱུར་ཅིག །གང་ཞིག་ཆགས་ཐོགས་དམན་པར་གྱུར་པའི་སྒྲིབ་པ་ཀུན་ལས་རྣམ་གྲོལ་ཞིང་། །ཇི་ལྟ་ཇི་སྙེད་སོ་སོ་རིག་གྱུར་གཟིགས་པ་རྣམ་པར་དག་པའི་ཕྱིར། །སུ་དག་བདུད་ཚོགས་བྱེ་བའི་དཔུང་གིས་བསྐལ་པ་བརྒྱ་རུ་འབད་བྱས་ཀྱང་། །ཆོས་ཀྱི་ལམ་ལས་ཆ་ཙམ་ཕྱེད་མིན་འཕགས་བའི་ཚོགས་ཀྱིས་ཤིས་གྱུར་ཅིག །གང་གི་མཚན་སྙན་འཆི་མེད་རྔ་སྒྲ་སུ་ཞིག་སྒྲ་འཛིན་བཅུད་སིམ་ཚེ། །ཐོག་མེད་སྙིང་ལ་ཉལ་བའི་ཀུན་རྨོངས་སྦྱིན་མའི་བུ་ཡི་དཔུང་གི་ཚོགས། །སླད་ནས་འཇུག་པའི་གོ་སྐབས་འཚལ་མིན་སྲས་བཅས་རྒྱལ་རྣམས་བསྐྱེད་པའི་ཡབ། འཇམ་མགོན་ཡབ་ཡུམ་པདྨའི་གཉེན་གྱུར་ཡིད་མཁའི་ལམ་ལ་འབྲལ་མེད་མཛོད། །ཆོས་དབྱིངས་ཀློང་དུ་རྒྱལ་རྣམས་བྲལ་ཐོབ་སྨིན་པའི་ཡོན་ཏན་རབ་མཉམ་ཡང་། །གདུལ་དཀའི་འགྲོ་ལ་ལྷག་པར་འཇུག་པའི་ཕྲིན་ལས་གཞན་ལས་ཁྱད་འཕགས་པ། །དཔལ་ལྡན་སངས་རྒྱས་པདྨ་ལས་འཁྲུངས་ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་མཆོག །ཚངས་གནས་དད་པའི་པདྨོར་རྟག་རོལ་དུས་གསུམ་དགེ་བའི་ཤིས་པ་སྩོལ། །དཔག་ཡས་སྲས་བཅས་རྒྱལ་བའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་བསྡོམས་འཕྲུལ། །ཚད་མེད་ཡོན་ཏན་རྒྱ་མཚོའི་གཏེར་འཆང་བཀྲ་ཤིས་བྱེ་བའི་འོད་ཟེར་གྱིས། །ས་གསུམ་ཉེས་པའི་མུན་པ་གཏན་བཅིལ་འཇམ་དཔལ་དགྱེས་པའི་རང་མདངས་མཆོག །རབ་འབྱམས་རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་བྱང་ཆུབ་ཐོབ་ཀྱང་རིགས་བདག་བསྙེན། །སྲིད་ཞིའི་དཔལ་ཀུན་ཅི་དགར་སྦྱིན་མཛད་དཀོན་མཆོག་རིན་ཆེན་གསུམ་གྱི་རྟེན། །ལེགས་པར་བསྐྲུན་དང་མཆོད་པ་ལས་འཕྲོས་ཚོགས་གཉིས་རྣམ་བཀྲའི་ཆུ་སྐྱེས་ཚལ། །བཞད་བྱེད་ཡིད་ཆེས་ལུང་གི་ཉི་མ་བརྩོན་པའི་ཤིང་རྟས་འདྲེན་བགྱིད་ན། །སྐལ་བཟང་རྐང་དྲུག་ཚོགས་རྣམས་དགའ་བའི་གར་གྱིས་ཅིར་ཡང་རྩེན་མཛོད་ཀྱེ། །དེ་ལ་འདིར་གང་གླེང་བར་བྱ་བ་ནི། བདག་ལེགས་སུ་འདོད་པ་རྣམས་ཀྱི་དོན་དུ་གཉེར་བར་བྱ་བ་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དཔལ་ཉིད་ཡིན་ལ། དེ་ཉིད་འཐོབ་བྱེད་ཀྱི་རྒྱུ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་ཀྱི་དངོས་པོ་ཉིད་ཡིན་པས། འདིར་བསྟན་བྱའི་གཙོ་བོ་ནི། ས་ཡི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། འཁོར་བར་ཡོངས་སུ་འཁོར་བ་ན། །སྦྱིན་པ་མ་གཏོགས་གཉེན་མེད་པས། །བློ་ལྡན་ཕུན་སུམ་ཚོགས་འདོད་ཀྱིས། །རབ་ཏུ་འབད་དེ་སྦྱིན་པ་བྱིན། །ཞེས་གསུངས་པ་བཞིན་སྦྱིན་པའི་ཕར་ཕྱིན་ལས་འཕྲོས་ཏེ། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ཤིང་དེ་ལ་མཆོད་པ་དང་བཀུར་སྟི་སོགས་ཀྱི་སྒོ་ནས་དཀོན་མཆོག་གསུམ་ལ་བྱ་བ་བྱས་པའི་ཕན་ཡོན་གྱི་ཁྱད་པར། སངས་རྒྱས་ཀྱི་བཀའ་ལུང་དྲི་མ་མེད་པའི་སྒྲོན་མེའི་སྣང་བ་ལ་བརྟེན་ནས་ཅུང་ཟད་བཤད་པ་ལ་གསུམ།

ཐོག་མར་དགེ་བ་སྦྱིན་པའི་བསྔགས་པ་སོགས་དད་པ་བསྐྱེད་པའི་སྒོ་མདོར་བསྡུས་ཏེ་བརྗོད་པ།

ཐོག་མར་དགེ་བ་སྦྱིན་པའི་བསྔགས་པ་སོགས་དད་པ་བསྐྱེད་པའི་སྒོ་མདོར་བསྡུས་ཏེ་བརྗོད་པ། བར་དུ་དགེ་བ་དཀོན་མཆོག་གསུམ་གྱི་རྟེན་ལ་བྱ་བ་བྱེད་ཚུལ་ཕན་ཡོན་འཕྲོས་དོན་དང་བཅས་པ་རྒྱས་པར་བཤད་པ། ཐ་མར་དགེ་བ་དེ་ལྟར་བརྗོད་པའི་དགོས་པ་ཞར་བྱུང་དུ་སྨོས་པའོ། །དང་པོ་ལ། ཐོག་མར་སྦྱིན་པའི་བསྔགས་པ་ཅུང་ཟད་སྨོས་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་ལས། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། །ཞེས་སེར་སྣའི་དབང་གིས་ཡི་དྭགསསུ་སྐྱེ་འགྱུར་གྱི་ལས་རྣམས་སྦྱིན་པ་གཏོང་བས་གཅོད་པར་ནུས་ཤིང་། དབུལ་ཕོངས་སོགས་ཉོན་མོངས་པ་ཐམས་ཅད་ལས་ཐར་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པའི་ཚེ་ན་ལོངསསྤྱོད་མཐའ་ཡས་པ་འབྱུང་བར་གསུངས་པ་དང་། སློབ་དཔོན་མཁས་པ་ཟླ་བ་གྲགས་པས་དབུ་མར་འཇུག་པར། སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་། །མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །ལོངས་སྤྱོད་རྣམས་ཀྱང་སྦྱིན་ལས་འབྱུང་མཁྱེན་ནས། །ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །ཞེས་གསུངས་པ་ལྟར་སྐྱེ་བོ་གང་དག་བདེ་བའི་དཔལ་ལ་སྤྱོད་པར་འདོད་པ་རྣམས་ཀྱིས། བདེ་བ་དང་ལེགས་པའི་རྒྱུ་ལོངས་སྤྱོད་སྒྲུབ་པ་ལ་འབད་པར་རིགས་ལ། ལོངས་སྤྱོད་དེ་ཡང་རྒྱུ་མེད་པ་ལས་མི་འབྱུང་ཞིང་། རྒྱུ་ཕྱིན་ཅི་ལོག་ལས་ཀྱང་མི་འབྱུང་། འོ་ན་གང་ལས་འབྱུང་ཞེ་ན། རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་ལ་བརྟེན་ནས་འབྲས་བུ་ལོངས་སྤྱོད་ཀྱི་དཔལ་ཕུན་སུམ་ཚོགས་པ་འབྱུང་བ་སྟེ། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས་ཀྱང་། སྦྱིན་པ་པོ་ནི་ལོངས་སྤྱོད་མི་འདོད་ཀྱང་། །ལོངས་སྤྱོད་ཤིན་ཏུ་མང་ལ་བཟང་དང་འཕྲད། །ཅེས་གསུངས། དེར་མ་ཟད་འཕགས་པ་ཉན་རང་ཞི་བ་ཕྱོགས་གཅིག་པར་བཞུགས་པ་རྣམས་ཀྱི་ཐུགས་ལ་གང་བཞེད་པའི་དོན་ཉེར་ཞི་འཐོབ་བྱེད་ཀྱི་རྒྱུ་སྦྱིན་པ་ཡིན་ཏེ། འཇུག་པར། སྙིང་རྗེས་དམན་ཞིང་ཤིན་ཏུ་རྩུབ་སེམས་ཅན། །རང་དོན་ལྷུར་ལེན་ཉིད་དུ་འགྱུར་བ་གང་། །དེ་དག་གི་ཡང་འདོད་པའི་ལོངས་སྤྱོད་རྣམས། །སྡུག་བསྔལ་ཉེར་ཞིའི་རྒྱུ་གྱུར་སྦྱིན་ལས་འབྱུང་། །འདི་ཡང་སྦྱིན་པའི་སྐབས་ཀྱིས་ནམ་ཞིག་ཚེ། །འཕགས་པའི་སྐྱེ་བོ་དང་འཕྲད་མྱུར་དུ་འཐོབ། །དེ་ནས་སྲིད་རྒྱུན་ཡང་དག་བཅད་བྱས་ཏེ། །དེ་ཡི་རྒྱུ་རྐྱེན་ཞི་བར་འགྲོ་བར་འགྱུར། །ཞེས་གསུངས། ཉན་རང་དུ་མ་ཟད་བྱང་ཆུབ་སེམས་དཔའ་འགྲོ་བ་ལ་ཕན་པར་དམ་བཅས་པ་རྣམས་ཀྱི་བཞེད་དོན་གཞན་ལ་ཕན་ཐོགས་པའི་དགའ་བ་ཡང་སྦྱིན་པ་ལ་བརྟེན་ནས་འབྱུང་བ་ཡིན་ཏེ། དེ་ལས། འགྲོ་ལ་ཕན་པར་དམ་བཅས་ཡིད་ཅན་རྣམས། །སྦྱིན་པས་རིང་པོར་མི་ཐོགས་དགའ་བ་ཐོབ། །གང་ཕྱིར་བརྩེ་བདག་བརྩེ་ལྡན་མ་ཡིན་པས། །དེ་ཕྱིར་སྦྱིན་པའི་གཏམ་ཉིད་གཙོ་བོ་ཡིན། །ཇི་ལྟར་སྦྱིན་ཞེས་སྒྲ་ཐོས་བསམས་ལས། །རྒྱལ་སྲས་བདེ་འབྱུང་དེ་བཞིན་ཐུབ་རྣམས་ཀྱིས། །ཞི་བར་ཞུགས་པས་བདེ་བར་བྱེད་མིན་ན། །ཐམས་ཅད་བཏང་བས་ལྟ་ཞིག་སྨོས་ཅི་འཚལ། །ལུས་བཅད་སྟེར་བཞིན་བདག་གི་སྡུག་བསྔལ་གྱིས། །གཞན་དག་རྣམས་ཀྱི་དམྱལ་བ་ལ་སོགས་པའི། །སྡུག་བསྔལ་རང་རིག་ཉིད་དུ་མཐོང་ནས་དེ། །དེ་བཅད་བྱ་ཕྱིར་མྱུར་དུ་བརྩོན་འགྲུས་བརྩོམ། །ཞེས་གསུངས། མདོར་ན་བླ་ན་མེད་པའི་བྱང་ཆུབ་ཀྱང་སྦྱིན་པ་ལ་བརྟེན་ནས་མྱུར་དུ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། སྦྱིན་པ་བཏང་བས་བྱང་ཆུབ་རྙེད་མི་དཀའ། །ཞེས་དང་། འཕགས་པ་འཇིག་རྟེན་འཛིན་གྱི་དྲིས་པའི་ལུང་བསྟན་པའི་མདོ་ལས། དེ་ལ་ཟང་ཟིང་གི་སྦྱིན་པས་ནི་བསོད་ནམས་ཀྱི་ཚོགས་རྫོགས་ལ། ཆོས་ཀྱི་སྦྱིན་པས་ནི་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ། འདི་གཉིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པར་བྱེད་པའོ། །ཞེས་གསུངས་པའི་ཕྱིར་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། །དེས་ན་འཇིན་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་དོན་དུ་གཉེར་བ་རྣམས་ཀྱིས་སྦྱིན་པ་གཏོང་བ་ལ་བརྩོན་དགོས་ཤིང་། སྦྱིན་པ་དེའི་ནང་དུ་ཕ་རོལ་དུ་ཕྱིན་པ་གཞན་རྣམས་ཀྱང་འདུ་སྟེ། གཞན་དོན་དུ་གཏོང་བ་སྦྱིན་པ། རང་ཞི་བདེའི་སེམས་ཀྱིས་མ་གོས་པར་གཏོང་བ་ཚུལ་ཁྲིམས། དཀའསྤྱད་དང་གནོད་པ་ལ་ཇི་མི་སྙམ་པར་གཏོང་བ་བཟོད་པ། དགའ་སྤྲོ་དང་བཅས་པས་གཏོང་བ་བརྩོན་འགྲུས། གཞན་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ལ་རྩེ་གཅིག་ཏུ་དམིགས་ནས་གཏོང་བ་བསམ་གཏན། འཁོར་གསུམ་བདེན་མེད་དུ་ཤེས་ཤིང་བྱང་ཆེན་དུ་བསྔོ་བས་ཟིན་པའི་སྒོ་ནས་གཏོང་བ་ཤེས་རབ་སྟེ། རྒྱལ་བའི་ཡུམ་ལས། དེ་ལ་སྦྱིན་པའི་ནང་དུ་ཕ་རོལ་དུ་ཕྱིན་པ་དྲུག་ཇི་ལྟར་འདུ་ཞེ་ན། ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ནོ། །དེ་ལ་སྦྱིན་པའི་ཕར་ཕྱིན་གྱི་ངོ་བོ་ནི། ཁྱད་ཆོས་བཞི་དང་ལྡན་པའི་གཏོང་སེམས་དགེ་བ་སྟེ། མདོ་སྡེ་རྒྱན་ལས། སྦྱིན་པས་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་དང་། རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་ཞི་བ་ལྷས། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །དེ་ལྟས་དེ་ནི་སེམས་ཡིན་ནོ། །ཞེས་གསུངས། ངེས་ཚིག་ནི། ལེགས་སྦྱར་གྱི་སྒྲ་ལས་སྦྱིན་པ་ལ་དཱ་ཱན་ཞེས་བྱ་སྟེ། དཱའི་སྒྲ་ལས་དྲངས་ན། དཱ་རི་དྲ་ཞེས་པ་དབུལ་བའམ་ཕོངས་པ་ལ་འཇུགནའི་སྒྲ་ལས་དྲངས་ན། ནཱ་ཤན་ཞེས་བྱ་བ་སེལ་བའམ་འདོར་བ་ལ་འཇུག་སྟེ། དེས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབུལ་བ་འདོར་བས་སྦྱིན་པ་ཞེས་བྱ་སྟེ། མདོ་རྒྱན་ལས། དབུལ་བ་འདོར་བར་བྱེད་པ་དང་། །ཞེས་གསུངས་། དབྱེ་ན། ཆོས་དང་། ཟང་ཟིང་དང་། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་གསུམ་ལས། ངོ་བོ་སེར་སྣ་མེད་པ། རྒྱུ་ནི་གཏོང་སེམས་དགེ་བ། འབྲསབུ་ནི་ལུས་ལོངས་སྤྱོད་ཕུན་ཚོགས་སྒྲུབ་པ། བྱེད་ལས་ནི་རང་གཞན་གཉིས་རྗེས་སུ་འཛིན་ཞིང་ཚོགས་གཉིས་རྫོགས་པར་བྱེད་པའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། དོན་རྣམས་གཏོང་བར་བྱེད་པ་དང་། །རྩ་བ་སེམས་ལ་བརྟེན་པ་དང་། །ལུས་དང་ལོངས་སྤྱོད་ཕུན་ཚོགས་དང་། །གཉིས་རྗེས་འཛིན་དང་རྫོགས་བྱེད་དང་། །དེ་ཡང་སེར་སྣ་མེད་ལྡན་དང་། །ཆོས་དང་མི་འཇིགས་ཟང་ཟིང་གཏོང་། །སྦྱིན་པ་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་གསུས་ཤིང་། ཉེ་བར་འཁོར་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཁྱིམ་པས་ཆོས་ཀྱི་སྦྱིན་པ་དང་ཟང་ཟིང་གི་སྦྱིན་པ་ལ་གནས་པར་བྱའོ། །རབ་ཏུབྱུང་བས་ནི་སྨྱུ་གུ་དང་སྣག་ཚ་དང་གླེགས་བམ་དང་ཆོས་ཀྱི་སྦྱིན་པ་ལ་གནས་པ་བྱའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ནི་གཏོང་བ་གསུམ་ཀ་ལ་གནས་པར་བྱའོ། །ཞེས་གསུངས། གཏོང་བ་གསུམ་ནི་འཕགས་པ་འཇིགས་རྟེན་འཛིན་གྱིས་དྲིས་པ་ལུང་བསྟན་པའི་མདོ་ལས། འདི་ལྟ་སྟེ། གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བའོ། །དེ་ལ་གཏོང་བ་ཞེས་བྱ་བ་ནི། ཟས་དང་གོས་དང་། ཤིང་རྟ་དང་། གླང་པོ་ཆེ་གཞན་ལ་སྦྱིན་པའོ། །གཏོང་བ་ཆེན་པོ་ཞེས་བྱ་བ་ནི། བུ་དང་བུ་མོ་དང་། ཁྱིམས་ཐབ་སྦྱིན་པའོ། །ཤིན་ཏུ་གཏོང་བ་ཞེས་བྱ་ནི་བྱ་དཀའ་བ་སྟེ། མགོ་དང་། མིག་དང་། ལག་པ་དང་། རྐང་པ་སོགས་གཏོང་བའོ། །ཞེས་གསུངས། དེ་ཡང་གང་ལ་ཅི་འདོད་པ་གཏོང་བ་རྒྱ་ཆེ་བའི་ཡོན་ཏན། ལན་དང་རྣམ་སྨིན་ལ་རེ་བ་མེད་པ་ཟང་ཟིང་མེད་པའི་ཡོན་ཏན། སྦྱིན་པས་བསྡུས་ནས་བྱང་ཆུབ་གསུམ་ལ་འགོད་པ་དོན་ཆེ་བའི་ཡོན་ཏན། ལྷག་མེད་མྱང་འདས་སུའང་རྒྱུན་མི་འཆད་པ་མི་ཟད་པའི་ཡོན་ཏན་ཏེ། ཡོན་ཏན་བཞི་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་བླ་ན་མེད་པ་སྟེ། མདོ་རྒྱན་ལས། རྒྱ་ཆེ་བ་དང་ཟང་ཟིང་མེད། །དོན་ཆེ་བ་དང་མི་ཟད་པ། །སྦྱིན་པ་ལ་སོགས་ཐམས་ཅན་ཀྱི། །ཡོན་ཏན་བཞིར་ནི་ཤེས་པར་བྱ། །ཞེས་གསུངས། མདོར་ན་ཞིང་དང་བསམ་པ་དང་དངོས་པོ་སྟེ་གསུམ་པོ་རྣམ་པར་དག་ཅིང་སྦྱིན་པ་དེ་ནི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་པ་ལས། ཕྱི་མ་གཉིས་ནི་འོག་ཏུ་འཆད་ལ། འདིར་སྦྱིན་པར་བྱ་བའི་ཡུལ་ཞིིང་གི་ཁྱད་པར་ནི། སྤྱིར་རྒྱལ་སྲས་ཞི་བ་ལྷས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ཡོན་ཏན་ཞིང་དང་ཕན་འདོགས་ཞིང་། །སྡུག་བསྔལ་བ་ལས་དགེ་ཆེན་འབྱུང་། །ཞེས་གསུངས་པ་ལྟར་གསུམ་ལས། ཡོན་ཏན་གྱི་ཞིང་ནི་བླ་མ་དང་དཀོན་མཆོག་གསུམ་སྟེ། དེ་ལ་བླ་མ་ཡོན་ཏན་གྱི་ཞིང་གི་དམ་པ་ཡིན་པ་ནི། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་བརྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་གསུངས། དཀོན་མཆོག་གསུམ་ཡོན་ཏན་གྱི་ཞིང་གི་དམ་པ་ཡིན་པ་ནི། དཀོན་མཆོག་བརྩེགས་པ་ལས། དེ་ལྟར་དཀོན་མཆོག་གསུམ་པོ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་ཕྱག་བྱ་བའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་ཞིང་དམ་པར་གྱུར་པ་སྟེ། ཞེས་གསུངས་སོ། །ཕན་འདོགས་ཀྱི་ཞིང་ནི། ཕ་མ་དང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་ལ་སོགས་དང་། སྡུག་བསྔལ་གྱི་ཞིང་ནི། ནད་པ་དང་། དབུལ་ཞིང་ཕོངས་པ་དང་། མགོན་མེད་པ་ལ་སོགས་པ་སྟེ། ཕ་མའི་མདོ་ལས། ཕ་མ་གཉིས་ནི་ཚངས་པ་སྟེ། །དེ་བཞིན་དང་པོ་སློབ་དཔོན་ཡིན། །བུ་ཡི་ཀུན་བྱིན་འོས་གྱུར་པ། །མི་ཡང་ཡིན་ལ་ལྷ་ཡང་ཡིན། །དེ་ཕྱིར་དེ་གཉིས་ཕྱག་གི་གནས། །ཟས་སྐོམ་གོས་དང་མལ་ཆ་སྟན། །ཕ་མ་དག་ལ་བཀུར་བྱས་པ། །དེས་ནི་མཁས་པ་དེ་དག་ནི། །འདིར་ཡང་སྨད་པར་མི་འགྱུར་ལ། །ཤི་ཡང་མཐོ་རིས་འགྲོ་བར་འགྱུར། །ཞེས་དང་། སློབ་དཔོན་མཐོ་བཙུན་གྲུབ་རྗེས། ཁྱད་པར་འཕགས་བསྟོད་ལས། འུག་པ་པས་ནི་དམན་པ་ལས། །ཁྱད་པར་ཅན་ལ་སྦྱིན་ཞེས་ཟེར། །མགོན་པོ་ཁྱོད་ནི་ཐུགས་རྗེ་ཡིས། །ཁྱི་ལའང་སྦྱིན་པ་བྱ་ཞེས་གསུངས། །ཞེས་གསུངས། པཎ་ཆེན་ཇོ་བོ་རྗེས་ཀྱང་། ཐག་རིང་གི་མགྲོན་པོ། ཡུན་རིང་གི་ནད་པ། ཕ་མ་རྒས་འཁོགས་སོགས་ལ་བྱམས་པར་བྱས་ན་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་བསྒོམ་པ་དང་བསོད་ནམས་མཉམ་པར་གསུངས་སོ། །ཡང་གཉིས་སུའང་གསུངས་ཏེ། སྨོན་ལམ་རྣམ་པར་དག་པའི་མདོ་ལས། ངས་སྔོན་སེམས་ཅན་ཞིང་དང་ནི། །ཐུབ་པའི་ཞིང་ལ་བརྟེན་ནས་ནི། །སངས་རྒྱས་ཆོས་རྣམས་མཐའ་ཡས་པ། །ལོ་ཏོག་ཕུན་སུམ་ཚོགས་པ་ཐོབ། །ཅེས་དང་། སྤྱོད་འཇུག་ལས། དེ་ཕྱིར་སེམས་ཅན་ཞིང་དང་ནི། །རྒྱལ་བའི་ཞིང་ཞེས་ཐུབ་པས་གསུངས། །འདི་དག་མགུ་བྱས་མང་པོ་ཞིག །འདི་ལྟར་ཕུན་ཚོགས་ཕ་རོལ་ཕྱིན། །སེམས་ཅན་རྣམས་དང་རྒྱལ་བ་ལས། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །རྒྱལ་ལ་གུས་བྱ་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ། །ཞེས་གསུངས། གཞན་ཡང་དམ་པའི་ཆོས་མངོན་པ་མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལདུ་མེད་པར་གསུངས། །ཞེས་བྱ་བ་ལ་སོགས་ཏེ་ཞིང་གི་ཁྱད་པར་མང་དུ་གསུངས་ཀྱང་། གཙོ་བོ་ནི། སྐྱབས་ཀྱི་དམ་པ་བླ་མ་དཀོན་མཆོག་གསུམ་ཉིད་ཡིན་ཏེ། ཆོས་ཀྱི་རྒྱལ་པོའི་མདོ་ལས། ལྷ་དང་བཅས་པའི་འཇིག་རྟེན་ན། །དཀོན་མཆོག་གསུམ་པོ་མ་གཏོགས་པའི། །ཡོན་གྱི་གནས་འགའ་ཡོད་མིན་པས། །དངོས་པོ་ཀུན་གྱིས་དེ་ལ་མཆོད། །ཅེས་དང་། ཁང་བུ་བརྩེགས་པའི་མདོ་ལས། སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་སྐྱོབ་པ་མེད། །དགེ་འདུན་འདྲ་བའི་ཞིང་ས་མེད། །དེ་ཕྱིར་གསུམ་ལ་དབུལ་བར་བྱ། །ཞེས་དང་། གསང་འདུས་ལས། བླ་མ་དང་ནི་རྡོ་རྗེ་འཆང་། །ཐ་དད་དུ་ནི་མི་བལྟའོ། །ཞེས་གསུངས་ཤིང་། མདོར་ན་བསྟོད་པར། གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིག །གང་ལའང་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་། །དེ་བསྟོད་དེ་ནི་བཀུར་བ་དང་། །དེ་ཡི་བསྟན་ལ་འཇུག་པར་རིགས། །ཞེས་གསུངས་པ་བཞིན་ནོ། །དེ་ལ་དཀོན་མཆོག་གསུམ་གྱི་ངོ་བོ་ནི། ཟག་པ་མེད་པའི་ཡོན་ཏན་གྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཆོས་ཀྱི་དབྱིངས་ཉིད་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བས་ཁྱད་པར་དུ་བྱས་པའི་རང་བྱུང་གི་ཡེ་ཤེས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་བདག་ཉིད་དེ། སྐུ་གསུམ་གྲུབ་པ་ལས། དྲི་མེད་དེ་བཞིན་ཉིད་དང་ནི། །མི་རྟོག་ཡེ་ཤེས་མ་གཏོགས་པའི། །སངས་རྒྱས་རྣམས་ཀྱི་ཆོས་གཞན་ནི། །འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་དང་། ལྷག་བསམ་བསྐུལ་བའི་མདོ་ལས། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་བསྟན་དུ་མེད་པ་སྟེ། དེ་ནི་མིག་གིས་བལྟ་བར་མི་ནུས་སོ། །ཀུན་དགའ་བོ་ཆོས་ནི་བརྗོད་དུ་མེད་པ་སྟེ། དེ་ནི་རྣ་བས་མཉན་པར་མི་ནུས་སོ། །དགེ་འདུན་ནི་འདུས་མ་བྱས་པ་སྟེ། དེ་ནི་ལུས་དང་སེམས་ཀྱིས་བསྙེན་བཀུར་བར་མི་ནུས་སོ། །ཞེས་གསུངས་པའི་དོན་ཞིབ་པར་མགོན་པོ་བྱམས་པས་རྒྱུད་བླ་མར། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་སོགས་ཀྱིས་གསལ་བར་གསུངས་པ་དང་། སོར་ཕྲེང་ལ་ཕན་པའི་མདོ་ལས། ཆོས་དང་དཀོན་མཆོག་དོན་གཅིག་སྟེ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །དགེ་འདུན་དེ་བཞིན་གཤེགས་ཀྱི་མིང་། །དགེ་འདུན་གཉིས་ནི་དེ་བཞིན་གཤེགས། །ཆོས་དང་དགེ་འདུན་གཉིས་ནི་ཐབས་ཀྱི་སྐྱབས་ལགས་ཏེ། དེ་བཞིན་གཤེགས་པ་སྐྱབས་མེད་རྣམས་ཀྱི་སྐྱབས་ལགས་ཏེ། །དེ་ཡི་སླད་དུ་དེ་བཞིན་གཤེགས་པ་སྐྱབས་སུ་མཆི། །ཞེས་སོ། །ངེས་ཚིག་ནིརཏྣའི་སྒྲ་ལས་དྲངས་ན། རིན་པོ་ཆེ་དང་དཀོན་མཆོག་གཉིས་ཀ་ལ་འཇུག་སྟེ། དེ་ཡང་འཇིག་རྟེན་ན་འབྱུང་བ་དཀོན་པ་སོགས་ཕན་ཚུན་ཆོས་མཐུན་དྲུག་གི་སྒོ་ནས་བསྟན་ཏེ། རྒྱད་བླ་མར། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་སོ། །དབྱེན་གནས་སྐབས་སུ་ཐེག་པ་གསུམ་དང་བྱེད་པ་གསུམ་གྱི་དབང་གིས་གསུམ་དུ་བཞག་སྟེ། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ཏེ། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་དང་། སངས་རྒྱས་ཆོས་དང་དགེ་འདུན་སྟེ། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས། སྐབས་འགར་བླ་མ་དང་བཞིར་ཡང་གསུངས་ཏེ། སངས་རྒྱས་མཉམ་སྦྱོར་ལས། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡང་ནི་བཞི་པ་ཡིན། །ཞེས་སོ། །བསྡུ་ན་དེ་ཐམས་ཅད་ཀྱང་རང་གི་རྩ་བའི་བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་རོལ་དུ་འདུ་སྟེ། རྡོ་རྗེ་ཕྲེང་བ་ལས། དྲི་མེད་སེམས་ནི་སངས་རྒྱས་ཉིད། །ཆོས་ནི་ངག་ཏུ་ཡང་དག་བསྡུས། །སྐུ་ནི་དགེ་བདུན་ཞེས་བྱ་སྟེ། །ཞེས་དང་། ཨིནྡྲ་བྷུ་ཏིས་མཛད་པའི་ཡེ་ཤེས་གྲུབ་པ་ལས། བླ་མ་སངས་རྒྱས་ཆོས་གྱུར་ཅིག །དགེ་འདུན་ཡང་ནི་དེ་ཉིད་དེ། །དེ་ཡི་དྲིན་གྱིས་ཤེས་གྱུར་པས། །དེ་བས་དཀོན་མཆོག་གསུམ་ཡང་ཡིན། །ཞེས་དང་། ཨོ་རྒྱན་དུས་གསུམ་མཁྱེན་པས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་ན་མེད། །བླ་མ་དཔལ་ཆེན་ཧེ་རུ་ཀ །ཞེས་སོ། །དེ་ལ་དཀོན་མཆོག་གསུམ་གྱི་རྣམ་གཞག་རྒྱས་པ་ནི་གཞན་དུ་བརྗོད་ཟིན་པས་འདིར་མ་སྨྲོས་ལ། མཚན་ཉིད་མདོ་ཙམ་ནི། ཐེག་ཆེན་ངེས་དོན་གྱི་མདོ་སྡེ་ཟབ་མོ་དགོངས་འགྲེལ་དང་བཅས་པ་ལས་ཇི་སྙེད་ཅིག་གསུངས་པའི་དོན་གྱི་སྙིང་པོ་མདོར་བསྡུས་ཏེ་རྩོདདུས་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོ་དཔལ་སྤྲུལ་རིན་པོ་ཆེས་ཐེག་ཆེན་མདོ་མཐོང་གི་ཕན་ཡོན་ལས། ཤིན་ཏུ་རྣམ་དག་དྲི་མེད་ཆོས་ཀྱི་དབྱིངས། །ཐུབ་པའི་ཆོས་སྐུ་མཐའ་ཡས་འགྲོ་ཁམས་ལ། །པདྨའི་སྦུབས་བཞུགས་སྤྲུལ་པའི་སངས་རྒྱས་བཞིན། །ཡོད་པར་ཤེས་པ་མདོ་སྡེ་མཐོང་ལ་ཡོད། །གཞི་ལམ་འབྲས་བུའི་ཁམས་ཀྱི་དེ་བཞིན་ཉིད། །རིན་ཆེན་གསེར་ལྟར་འགྱུར་བ་མེད་པའི་ཆོས། །ཉོན་མོངས་རྟོག་པའི་སྐྱོན་གྱིས་གོས་མིན་ཞེས། །ཡང་དག་ཤེས་པ་མདོསྡེ་མཐོང་ལ་ཡོད། །སྙིང་རྗེ་ཆེན་པོ་རྒྱལ་བ་ཀུན་གྱི་རིགས། །རིན་ཆེན་གཏེར་དང་འབྲས་བུ་ཅན་ཤིང་བཞིན། །མངོན་བྱས་ཡོན་ཏན་གོང་ནས་གོང་འཕེལ་བའི། །རིགས་དེ་སད་པ་མདོ་སྡེ་མཐོང་ལ་ཡོད། །ཁམས་ཀྱི་རང་བཞིན་སྒྲིབ་པའི་དྲིས་སྤངས་པ། །བདེ་གཤེགས་བྱང་ཆུབ་འབྲས་བུའི་མཐར་ཐུག་ཉིད། །སྒྲིབ་མ་མྱོང་ཡང་དྲི་མས་དག་གྱུར་ཕྱིར། །བསམ་གྱིས་མི་ཁྱབ་མདོ་སྡེ་མཐོང་རྣམས་ཤེས། །རྟོགས་པའི་ཡེ་ཤེས་གསར་དུ་ཐོབ་མིན་ཏེ། །སྤྲིན་དང་བྲལ་བའི་ཉི་བཞིན་གསལ་གྱུར་པ། །སྐུ་གསུམ་བདག་ཉིད་རྟག་པ་ཆེན་པོའི་དོན། །ཇི་བཞིན་མཐོང་བ་མདོ་སྡེ་མཐོང་ལ་ཡོད། །བྲལ་སྨིན་ཡོན་ཏན་རྣམ་པ་ཐམས་ཅད་པ། །ཚད་མེད་བསམ་གྱིས་མི་ཁྱབ་རྣམ་པར་དག །གང་ཚེ་མངོན་བྱས་འབྲལ་མི་ཤེས་པའི་ཁམས། །ཇི་བཞིན་མཐོང་བ་མདོ་སྡེ་མཐོང་ལ་ཡོད། །འདུ་ཤེས་འཆིང་བས་སྔོན་ཆད་བཅིངས་གྱུར་པའི། །ཡང་དག་ཡེ་ཤེས་འཆིང་བ་ཆད་པ་ན། །སྟོབས་སོགས་མཁྱེན་པ་ཐོགས་པ་མེད་འཇུག་ཅིང་། །མཚན་དཔེའི་གཟུགས་སྐུ་འགྲོ་ལ་སྟོན་ནུས་པའི། །རྒྱལ་བའི་གོ་འཕང་མདོ་སྡེ་མཐོང་རྣམས་ཐོབ། །ཡིད་བཞིན་ནོར་ལྟར་འབད་མེད་འགྲོ་བའི་དོན། །རྒྱལ་བའི་ཕྲིན་ལས་རྟག་ཁྱབ་ལྷུན་གྲུབ་ཏུ། །གདུལ་བྱའི་སྐལ་བཞིན་ཐོགས་པ་མེད་འཇུག་པའི། །གནས་དེར་མི་རྨོངས་མདོ་སྡེ་མཐོང་ལ་ཡོད། །ཅེས་དང་། དུས་འཁོར་ཡེ་ཤེས་ལེའུ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོན་མ་ཡིན། ཞེས་སོགས་གསུངས་པ་ལྟར། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རྣམས་འབྱུང་བའི་དབྱིངས་སམ་སྤྱི་གཞི། གནས་ལུགས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཆེན་པོ། གདོད་མ་ནས་རྣམ་པར་དག་ཅིང་སྤྲོས་པའི་མཚན་མ་མཐའ་དག་དང་བྲལ་བ། སྣང་ངོས་ནས་སྐུ་དང་ཡེ་ཤེས་ཀྱི་རང་བཞིན། སྟོང་ངོས་ནས་ཅིར་ཡང་མ་གྲུབ་པའི་དབྱིངས་དང་འདུ་འབྲལ་མེད་པ། དུས་གསུམ་འཕོ་འགྱུར་དང་བྲི་གང་བསལ་བཞག་ལས་འདས་པའི་ཆོས་ཉིད་འདུས་མ་བྱས་ཆེན་པོ་ཆོས་ཐམས་ཅད་ལ་ཁྱབ་ཅིང་རྗེས་སུ་སོང་བའི་གཤིས་ལུགས་ནམ་མཁའ་ལྟ་བུ། ཡོངསགྲུབ་བདེ་བར་གཤེགས་པའི་སྙིང་པོའམ་རིག་པ་བྱང་ཆུབ་ཀྱི་སེམས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཁའ་ཁྱབ་མཁའ་ཡི་ཡེ་ཤེས་རྡོ་རྗེ་ཅན་སོགས་ཀྱི་སྒྲས་མདོ་རྒྱུད་དུ་མ་ནས་གསུངས་པའི་དོན་དེ་ཉིད། རྒྱུ་ཐེག་པ་ཆེན་པོའི་རིགས་སད་པ་ལ་བརྟེན་ནས། རྐྱེན་ཕྱི་ནང་གི་ཡོངས་འཛིན་བསྟེན་ཞིང་། ཐབས་ཤེས་ཟུང་དུ་འཇུག་པའི་ལམ་ཚང་ལ་མ་ནོར་བ་ལ་གོམས་པ་མཐར་ཕྱིན་པའི་དབང་གིས། སྦྱང་བྱ་མེད་སྣང་གློ་བུར་འཁྲུལ་བའི་དྲི་མ་བག་ཆགས་དང་བཅས་པ་ས་བོན་དྲུང་འབྱིན་དུ་བཅོམ་པ་ལས། གནས་མ་ལུས་པ་ཡོངས་སུ་གྱུར་པའི་མཐར་འབྲས་དག་པ་གཉིས་ལྡན་གྱི་སངས་རྒྱས་ཆོས་ཀྱི་སྐུ་དེ་ནི་འགོག་བདེན་མཐར་ཐུག་པ་དང་། སློབ་ལམ་གྱི་སྤངས་རྟོགས་མཐར་ཕྱིན་པར་ཡོངས་སུ་རྫོགས་པའི་བདག་ཉིད་ཀྱང་ཡིན་པའི་ཕྱིར་མཐར་ཐུག་དོན་དམ་པའི་སྐྱབས་གནས་གཅིག་པུ་ཡིན་ཏེ། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཡིན། །ཞེས་གསུངས། དེ་ལྟ་བུའི་རང་བཞིན་ཅན་གྱི་སངས་རྒྱས་དེ་ལའང་། སྤྱིར་དབྱེ་ན། མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་པ་ལྟར། ངོ་བོ་ཉིད་སྐུ་དང་། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་སྟེ་བཞི་ལས། དང་པོ་ནི། སྒྲིབ་གཉིས་སོགས་སྤངས་པའི་སྤངས་པ་ཕུན་ཚོགས་ཀྱི་སྒོ་ནས་བཞག་སྟེ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་སོ། །གཉིས་པ་ནི་བྱང་ཕྱོགས་སོགས་རྟོགས་པ་ཕུན་ཚོགས་ཀྱི་སྒོ་ནས་ཏེ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་ཆོས། །རྣམ་པ་ཐ་དད་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང་། །ཞེས་པ་ནས། ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་པ། །རྣམ་པ་ཐམས་ཅད་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་སོ། །གསུམ་པ་ནི་སངས་རྒྱས་ཀྱིས་ཞིང་དག་པའི་གདུལ་བྱ་ལ་མཚན་དཔེས་བརྒྱན་པའིསྐུ་སྣང་བའི་སྒོ་ནས་ཏེ། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་སོ། །བཞི་པ་ནི་སྲིད་པ་ཇི་སྲིད་བར་གདུལ་བྱ་དག་མ་དག་སྣ་ཚོགས་ལ་སྐུའི་བཀོད་པསྣ་ཚོགས་པས་འགྲོ་བའི་དོན་བྱེད་པའི་སྒོ་ནས་བཞག་སྟེ། གང་གིས་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་སོ། །དེ་དག་བསྡུ་ན་སྤངས་རྟོགས་ཀྱི་ཡོན་ཏན་དབྱེར་མེད་པའི་ཆ་ནས་ངོ་བོ་ཉིད་སྐུ་དང་ཆོས་སྐུ་ཡང་དབྱེར་མེད་དེ། ཐེག་བསྡུས་ལས་དེ་ལ་ངོ་བོ་ཉིད་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་སྟེ་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་གནས་ཡིན་པའི་ཕྱིར་རོ། །ཞེས་སོ། །དེས་ན་རྟེན་རང་བཞིན་གྱི་སྐུ་དང་། བརྟེན་པ་ལོངས་སྤྲུལ་གཉིས་དང་གསུམ་དུ་འདུ་སྟེ། མདོ་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་པར་བྱ། །ཞེས་དང་། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང་། །གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པོའི་རྟེན་ཡིན་ནོ། །ཞེས་སོ། །དེ་ཡང་བསྡུ་ན་བྲལ་བའི་འབྲས་བུ་རང་དོན་ཕུན་སུམ་ཚོགས་པ་དོན་དམ་པའི་སྐུའམ་དོན་གྱི་སྐུ་དང་རྣམ་སྨིན་གྱི་འབྲས་བུ་གཞན་དོན་ཕུན་སུམ་ཚོགས་པ་ཀུན་རྫོབ་ཀྱི་སྐུའམ་བརྡ་ཡིསྐུ་གཉིས་སུ་འདུ་སྟེ། རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་གཉིས་ཏེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག །ཅེས་དང་། བདག་ཉིད་ཀྱི་ནི་འབྱོར་པའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡའ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། །ཞེས་སོ། །མདོར་ན་ཆོས་དབྱིངས་བསྟོད་པ་ལས། དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་གནས་གྱུར་པས། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལས་སེམས་ཅན་དོན་རབ་མཛད། །ཅེས་གསུངས་པ་ལྟར། སངས་རྒྱས་ཆོས་ཀྱི་སྐུ་ལ་ཟག་པ་མེད་པའི་ཡོན་ཏན་དང་ཡེ་ཤེས་དཔག་ཏུ་མེད་པ་མངའ་བའི་དབང་གིས་གདུལ་བྱ་གཞན་དོན་དུ་སྔོན་གྱི་སྨོན་ལམ་སོགས་ཀྱི་ལྷན་ཅིག་བྱེད་རྐྱེན་ལ་བརྟེན་ནས། དག་པའི་གདུལ་བྱས་ཐོབ་པ་ལ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཚོགས་ལམ་ཆེན་པོ་ཡན་ཆོད་དུ་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་དང་། དེ་ལས་གཞན་པའི་གདུལ་བྱ་ཐ་དད་པའི་ངོར་བཟོ་དང་སྐྱེ་བ་སོགས་ཀྱི་སྤྲུལ་པའི་རོལ་རྩེད་གང་ལ་གང་འདོད་དུ་སྟོན་པས་རྩོལ་མེད་ལྷུན་གྲུབ་ཀྱི་ཕྲིན་ལས་གདུལ་བྱའི་ཡུལ་ལ་སྙོམས་པར་འཇུག་པ་ཡིན་ཏེ། གསང་སྙིང་ལས། དེ་བཞིན་དབྱིངས་ལས་མ་གཡོས་ཀྱང་། །ཡང་དག་ཐར་བའི་གཟུགས་སྐུ་དང་། །འགྲོ་བ་མ་ལུས་འདུལ་བའི་ཕྱིར། །མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན། །ཞེས་དང་། སངས་རྒྱས་ཕལ་པོ་ཆེ་ལས། ཀྱེ་དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ། འགྲོ་བ་གང་ལ་གང་གིས་འདུལ་བ་ལ། དེ་དང་དེའི་ཁ་དོག་དང་མིང་གིས་དོན་མཛད་དོ། །ཞེས་དང་། ཡེ་ཤེས་བསམ་མི་ཁྱབ་པའི་ཡུལ་ལ་འཇུག་པའི་མདོ་ལས། འཇམ་དཔལ། དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་ཏུ་མཐོང་བས་གདུལ་བར་བྱ་བ་ཡིན་ན། དེ་བཞིན་གཤེགས་པའི་སྐུ་ཡང་གསེར་གྱི་ཁ་དོག་ཏུ་སྣང་ངོ་། །དེ་བཞིན་དུ་བཻཌཱུཪྱ་དང་ཨིཎྜ་སྙིལ་དང་སྤུག་དང་མུ་ཏིག་དམར་པོའི་ཁ་དོག་གིས་གདུལ་བར་བྱ་བ་ཡིན་ན། དེ་དག་གི་ཁ་དོག་ཏུ་བཞུགས་སོ། །དེ་བཞིན་དུ་འཇིག་རྟེན་སྐྱོང་བ་དང་། བརྒྱ་བྱིན་དང་། ཚངས་པ་དང་། དབང་ཕྱུག་དང་། ལྷ་མ་ཡིན་དང་། མི་དང་དུད་འགྲོ་དང་། དམྱལ་བ་དང་གཤིན་རྗེའི་འཇིག་རྟེན་པས་གདུལ་བར་བྱ་བ་ཡིན་ན་དེ་དག་གི་གཟུགས་སུ་བཞུགས་ནས་ཆོས་སྟོན་ཏོ། །འཇམ་དཔལ། དེ་བཞིན་དུ། སྐྱེད་མོས་ཚལ་དང་། ནོར་བུ་དང་། སྨན་དང་རིགས་སྔགས་དང་། ཉེ་བར་མཁོ་བའི་ཡོ་བྱད་དུ་སྣང་བས་འདུལ་བ་ཡིན་ན། དེ་དང་དེའི་གཟུགས་དང་ཁ་དོག་ཏུ་སྣང་ངོ་། །ཞེས་དང་། ཞི་བའི་སྙིང་པོ། ནམ་མཁས་ཇི་ཙམ་ཁྱབ་པ་དེ་ཙམ་དུ། དེ་བཞིན་གཤེགས་པའི་སྐུས་ཁྱབ་བོ། །ཞེས་གསུངས་པས་མཚོན་ལུང་མཐའ་ཡས་ཏེ་ཞིབ་པར་གཞན་དུ་བཤད་པར་བྱའོ། །ཇི་ལྟར་འབད་རྩོལ་མེད་བཞིན་སེམས་ཅན་གྱི་ཁམས་ལ་ཕྲིན་ལས་འཇུག་སྙམ་ན། སྐུ་སྣང་བ་བརྒྱ་བྱིན་གྱི་གཟུགས་བརྙན་དང་། གསུང་གྲགས་པ་ལྷ་ཡི་རྔ་བོ་ཆེ། ཐུགས་མཁྱེན་བརྩེས་ཁྱབ་པ་སྤྲིན། སྤྲུལ་བ་སྣ་ཚོགས་སྟོན་པ་ཚངས་པ། ཡེ་ཤེས་སྤྲོ་བ་ཉི་མ། ཐུགས་ཀྱི་གསང་བ་རྣམ་པར་རྟོག་པའི་གཡོ་བ་མི་མངའ་ཡང་གཞན་དོན་ལྷུན་གྲུབ་ཏུ་འབྱུང་བ་ནོར་བུ། གསུང་གི་གསང་བ་དབྱངས་གཅིག་དྲུག་ཅུར་གོ་བ་སོགས་ཀྱིས་གདུལ་བྱ་རང་སྐལ་དང་འཚམ་པར་ཆོསསྟོན་ཡང་དེ་ལ་སྒྲ་ཚིག་རང་མཚན་པས་དབེན་པ་སྒྲ་བརྙན། སྐུའི་གསང་བ་སྤྲོས་པ་དང་བྲལ་བའི་ཆོས་སྐུས་འཆར་གཞིའི་གོ་ཕྱེ་ནས་ཡོངས་ལ་ཁྱབ་ཀྱང་འདུས་བྱས་རང་མཚན་པའི་གཟུགས་སུ་གྲུབ་པ་མེད་པ་ནམ་མཁའ། གཞན་དོན་མཛད་པ་ས་གཞི་ལྟ་བུ་སྟེ་དཔེ་དགུས་བསྟན་ནས་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་དང་། རྒྱུད་བླ་མ་ལས་གསུངས་པ་བཞིན་ཤེས་པར་བྱའོ། །དེ་ལྟར་སངས་རྒྱས་ཀྱི་ཡེ་ཤེས་ནི་ཚད་མེད་པས་བརྟན་གཡོ་སྲིད་ཞི་ཀུན་ལ་ཁྱབ་པའིཚུལ་གྱིས་འགྲོ་བ་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་ཉེར་འཚོའི་གཞིར་གྱུར་པ་ལས། སྐབས་འདིར་འཆད་པར་བྱ་བ་རྒྱལ་བའི་སྐུ་གཟུགས་སོགས་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། བཟོ་སྤྲུལ་དང་། ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པ་སོགས་མཁས་པ་ཕལ་ཆེར་གྱིས་སྣ་ཚོགས་སྤྲུལ་སྐུའི་ཁོངས་སུ་གཏོག་པར་གསུངས་ཤིང་། དགེ་བའི་བཤེས་གཉེན་སོགས་ནི་སྐྱེ་སྤྲུལ་གྱི་ཁོངས་སུ་འདུའོ། །དེ་ཡང་སྒྱུ་འཕྲུལ་མེ་ལོང་ལས། རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་གསུངས་པ་ལྟར། མཐར་ཐུག་དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་རང་རིག་པའི་ངོ་བོར་ཡེ་ནས་ལྷུན་གྱིས་གྲུབ་པར་བཞུགས་པ་ཉིད་ལེགས་པར་རྟོགས་པའི་གང་ཟག་བློ་མཆོགཏུ་གྱུར་བ་རྣམས་ལ་ནི། ཕྱི་རོལ་གྱི་རྟེན་སོགས་གཞན་རྐྱེན་ལ་རག་ལས་པ་མིན་ཀྱང་། དེ་ལྟར་མ་རྟོགས་པའི་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་ངོར་ནི། སངས་རྒྱས་ཀྱི་ཐུགས་རྗེའི་འཇུག་པ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་ཤར་བ་རྣམས། ཚོགས་གཉིས་མངོན་པར་འདུ་བྱ་བའི་རྟེན་དུ་མདུན་བཞག་གི་དཀོན་མཆོག་གསུམ་ཞེས་གྲགས་པ་ཐར་འདོད་རྣམས་ཀྱིས་བསྟེན་པར་བྱ་དགོས་པ་ཁོ་ན་ཡིན་ཏེ། སྙན་གྱི་གོང་རྒྱན་ལས། ང་ཉིད་སྙིགས་མའི་དུས་ཀྱི་ཚེ། །བཟོ་དང་ཡི་གེའི་གཟུགས་སུ་འདུག །ང་ཡིན་སྙམ་དུ་དད་པར་བྱོས། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ནས། །འགྲོ་བ་དགེ་ལ་སྦྱོར་བའི་དོན་མཛད་དོ། །ཞེས་དང་། མདོ་ལས། ཅི་སྟེ་སངས་རྒྱས་བྱིན་རླབས་ཏེ། །སོ་སོ་སྐྱེ་བོས་ཤེས་མི་འགྱུར། །དེ་ཕྱིར་སངས་རྒྱས་མ་བྱོན་པའི། །ཞིང་ན་སྐུ་གཟུགས་ཡོད་མིན་ཞིང་། །མཐའ་འཁོབ་ཀླ་ཀློ་རྣམས་ལ་མེད། །བསྟན་པ་ནུབ་ན་ཡོད་མིན་ཞིང་། །མུ་སྟེགས་བྱོལ་སོང་སོགས་མི་མཐོང་། །དེ་ཕྱིར་སྐུ་གཟུགས་སྤྲུལ་པ་ཡིན། །ཞེས་དང་། ཨོ་རྒྱན་དུས་གསུམ་མཁྱེན་པས་ཀྱང་། ང་དང་མ་འཕྲད་མ་འོངས་སེམས་ཅན་རྣམས༔ མ་རིག་མུན་པའི་སྒྲོན་མེ་སྐུ་འདྲས་བྱེད༔ ཅེས་དང་། མདོ་དགོངས་འདུས་ལས། ལངྐའི་བདག་པོ། གཟུགས་བརྙན་གྱི་སྤྲུལ་པ་ནི་ཐ་དད་དེ། གསུང་གི་གཟུགས་བརྙན་ནི་ཡི་གེར་སྣང་བ་ཡིན་ལ། ཡི་གེའི་སྤྲུལ་པ་ནི་འདི་ལྟ་སྟེ། མིང་དང་། བྱུང་ཚུལ་དང་། གཟུགས་དང་། རང་བཞིན་དང་། སྒྲ་དང་། ལས་དང་། སྒོ་དང་། རྣམ་གྲངས་དང་། ཡི་གེའི་གཞི་རྣམས་ཀྱིས་དེ་ཁོ་ན་ཉིད་གསང་བ་དམ་པ་དེ་མཐོང་ཞིང་ཤེས་པར་གྱུར་ཏོ། །དེས་ཆོས་ཐམས་ཅད་ལ་མཁས་ཤིང་གྲོལ་པར་འགྱུར་རོ། །ཞེས་དང་། སྒྱུ་འཕྲུལ་ལུང་གི་སྤྱི་ལས། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡིས་མིང་ཚིག་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །ཞེས་དང་། ཕལ་ཆེན་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་ཡི་གེའི་གཟུགས་སུ་སྣང་། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་ང་ལ་གུས་པར་གྱིས། །ཞེས་དང་། མཛོད་ལས། ཆོས་འཕྲུལ་རྣམས་ལས་བསྟན་པ་མཆོག །མི་འཁྲུལ་ཕྱིར་དང་མཐུན་ཕྱིར་དང་། །ཡིད་འོང་འབྲས་ལ་སྦྱོར་བྱེད་ཕྱིར། །ཞེས་དང་། བྱང་ཆུབ་རྒྱན་འབུམ་གྱི་གཟུངས་ལས། མཆོད་རྟེན་ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་བཞུགས་གནས་ཀྱི་དཀྱིལ་འཁོར་ཡིན་ནོ། །ཞེས་དང་། བསྟོད་པར། སྣ་ཚོགས་པདྨ་ཟླ་བའི་གདན་སྟེང་དུ། །སྣ་ཚོགས་རིན་ཆེན་ཁམས་ལས་གྲུབ་པ་ཡི། །སྤྲུལ་པའི་མཆོད་རྟེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཆོས་སྐུའི་རང་བཞིན་ཅན་ལ་ཕྱག་འཚལ་ལོ། །ཞེས་དང་། གཎྜིའི་མདོ་ལས། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལདུ་ཕྱིན་མ་ནི་གཎྜིའི་གཟུགས་ཀྱིས་བཞུགས་སོ། །ཞེས་དང་། སྒྱུ་འཕྲུལ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ནི་ང་ཡིན་དབང་ཡང་རྫོགས། །ཞེས་དང་། རྡོ་རྗེ་གུར་ལས། རྡོ་རྗེ་སེམས་དཔའ་ལྟ་བུ་ཡི། །དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་བཟུང་དམིགས་ནས། །ཕལ་པའི་གཟུགས་སུ་གནས་པའོ། །ཞེས་དང་། མདོ་མྱང་འདས་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨེ་སྔགས་མ་འདོན་ཀུན་དགའ་བོ། །ང་ནི་སྙིགས་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་དང་། ཏིང་འཛིན་མཆོག་དམ་པའི་མདོ་ལས། རིགས་ཀྱི་བུ། དེ་ཡང་ཕྱི་མའི་ཚེ་ཕྱི་མའི་དུས་ན་ང་ཉིད་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་ཏིང་ངེ་འཛིན་འདི་སྟོན་པར་འགྱུར་རོ། །དེའི་ཕྱིར་དགེ་བའི་བཤེས་གཉེན་ནི་ཁྱོད་ཀྱི་སྟོན་པ་ཡིན་པས། ནམ་བྱང་ཆུབ་སྙིང་པོ་ལ་འདུག་གི་བར་ཏུ་བསྟེན་ཅིང་རིམ་གྲོ་དང་བཀུར་སྟི་གྱིས་ཤིགཅེས་དང་། ཨོ་རྒྱན་དུས་གསུམ་མཁྱེན་པས་ཀྱང་། ལུང་པ་རེ་ན་གཏེར་སྟོན་རེ་རེ་དང༔ དེ་ལ་ང་ཡི་སྒྲུབ་གནས་གཏེར་གནས་རེ༔ ཡུལ་གྲུ་རེ་ན་གྲུབ་ཐོབ་གྲགས་འདོད་རེ༔ གྲོང་པར་རེ་ན་མཆོད་གནས་སློབ་དཔོན་རེ༔ ཁྱིམ་བདག་རེ་ལ་དགེ་སློང་མཆོད་གནས་རེ༔ དེ་བཞིན་འདྲེ་འདུལ་མཛད་པའི་སྔགས་པ་རེ༔ མ་འོངས་བསྟན་པ་མཐའ་རུ་རྒྱས་པར་འགྱུར༔ དེ་རྣམས་ཐམས་ཅད་ང་ཡི་སྤྲུལ་པ་ཡིན༔ དག་སྣང་བསྐྱེད་ཅིག་མ་འོངས་བོད་ཁམས་རྣམས༔ ཞེས་གསུངས་པ་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བོད་ཡུལ་དུ་ནི་ལྷན་སྐྱེས་ཏེ། །ཞི་ཞིང་གསལ་བའི་གཟུགས་ཅན་མ། །ཆུ་སྲིན་རྒྱལ་མཚན་ལག་ན་ཐོགས། །བྲག་གི་ཁྱིམ་ལ་བརྟེན་ཏེ་གནས། །རང་བྱུང་གི་ནི་སྐྱེ་གནས་ཅན། །ཞེས་དང་། འདུལ་བ་ལུང་ལས། དགེ་སློང་དག་བྱང་ཕྱོགས་གངས་རིའི་ཁྲོད་ན་ས་རྡོ་བེམ་པོས་ཀྱང་སེམས་ཅན་གྱི་དོན་བྱེད་པ་ཡོད་དོ། །ཞེས་བོད་ཀྱི་གནས་རྣམས་ཀྱང་གསལ་བར་བསྟན་པ་བཞིན་ནོ། །དེ་ཡང་སྐུ་གཟུགས་སོགས་ནི་བདག་རྐྱེན་བཟོ་བོ་སོགས་རང་རང་གི་ཉེར་ལེན་གྱིས་བཞེངས་པ་ལྟར་སྣང་མོད། དོན་ལ་དེ་ལྟར་མ་ངེས་ཏེ། རང་རེ་ལ་ཆོས་སྣང་བའི་སྒོ་གཅིག་སྐྱེས་པ་དེ་ཡང་རྒྱལ་བའི་ཐུགས་རྗེ་ཁོ་ན་ལས་གཞན་དུ་མ་དམིགས་པའི་ཕྱིར། རྒྱལ་སྲས་ཞི་བ་ལྷས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །ཞེས་གསུངས། དེས་ན་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་རྒྱུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུངཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེའི་བྱིན་རླབས་དང་། སྔོན་གྱི་སྨོན་ལམ་སོགས་ཐབས་དང་ཤེས་རབ་མཐར་ཕྱིན་པའི་མཐུ་དང་། རྐྱེན་གདུལ་བྱའི་འགྲོ་བ་སོ་སོའི་དཀར་པོ་རྣམ་པར་འཕེལ་བའི་དབང་གིས། རྟེན་འབྱུང་འགག་པ་མེད་པའི་རང་གཟུགས་སྣང་སྟོང་ཟུང་འཇུག་ཆུ་ཟླའམ་གཟུགས་བརྙན་གྱི་ཚུལ་དུ་དད་པའི་བློ་ངོར་སྐལ་བ་དང་འཚམ་པར་འཆར་བ་ཡིན་ཏེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། དེ་བཞིན་གཤེགས་པ་ཟག་མེད་དགེ་བ་ཡི། །ཆོས་ཀྱི་གཟུགས་བརྙན་ཡིན་ཏེ་འདི་ལ་ནི། །དེ་བཞིན་ཉིད་མེད་དེ་བཞིན་གཤེགས་པའང་མེད། །འཇིག་རྟེན་དག་ན་གཟུགས་བརྙན་ཀུན་ཏུ་སྣང་། །ཞེས་དང་། དཔལ་གསང་བའི་སྙིང་པོ་ལས། དཔག་བསམ་ཤིང་དང་ཡིད་བཞིན་གྱི། །རིན་པོ་ཆེ་དང་འབྱུང་བ་ཀུན། །དེ་དག་རྫས་ཡོད་མ་ཡིན་ཏེ། །རང་སེམས་བསོད་ནམས་རྟེན་འབྱུང་ཡིན། །ཞེས་དང་། རྒྱུད་བླ་མ་ལས། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །འགྲོ་བར་གཟུགས་བརྙན་འཆར་ནུབ་རྙོག་མེད་དང་། །རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག །ཇི་ལྟར་འཇིག་རྟེན་འདི་ན་གཟུགས་བརྙན་ལྟར། །དེ་ཕྱིར་ཡོད་དང་ཞིག་ཅེས་དེ་མི་བལྟ། །ཞེས་དང་། སྤྱོད་འཇུག་ལས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་གདུལ་བྱར་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །ཞེས་གསུངས། འོ་ན་སངས་རྒྱས་ནི་རང་བྱུང་ཡེ་ཤེས་ཀྱི་སྐུ་ཅན་འདུས་མ་བྱས་པའི་མཚན་ཉིད་ཅན་ཡིན་ན། འདི་ནི་རྒྱུ་རྐྱེན་གྱིས་གསར་དུ་མངོན་པར་འདུས་བྱས་པའི་མཚན་ཉིད་ཅན་བེམ་པོའི་དངོས་པོར་སྣང་བས་ཇི་ལྟར་གཅིག་པར་རུང་སྙམ་ན། དེ་ནི་ཤིན་ཏུའང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །ཞེས་དང་། སྒྱུ་འཕྲུལ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ཞེས་དང་། རྒྱུད་བླ་མ་ལས། འཕགས་པས་འཆི་དང་ན་བ་དང་། རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་དང་། མདོ་སྡེ་གསེར་འོད་དམ་པ་ལས། སྐུ་ལ་རུས་པ་ཁྲག་མེད་ན། །རིང་བསྲེལ་འབྱུང་བ་ག་ལ་འགྱུར། །ཞེས་སོགས་དཔེ་དང་བཅས་ཏེ་གསུངས་པ་བཞིན། སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་ཐུབ་པ་ཆེན་པོའི་མཚན་དཔེའི་དཔལ་དེ་ཡང་། གནས་ཚུལ་ཡང་དག་པའི་ངོས་ནས་གཞལ་ན། གདོས་བཅས་རག་པའི་སྐུ་ལྟ་ཅི། སྐྱེ་སོགས་ཀྱི་སྤྲོས་པ་ཅུང་ཟད་ཀྱང་མི་མངའ་བར་ངེས་དོན་གྱི་མདོ་རྒྱུད་ཟབ་མོ་དགོངས་འགྲེལ་དང་བཅས་པ་ནས་གསུངས་པ་བཞིན་དོན་དམ་པར་དེ་ལྟར་དུ་ངེས་ནའང་། སྣང་ཚུལ་ཀུན་རྫོབ་ཀྱི་ངོན་ནི། མདོ་ལས། བདེ་བར་གཤེགས་པ་རྣམས་ཀྱི་སྐུ། །འཁྲིག་པའི་ཆོས་ལས་བྱུང་མིན་ཡང་། །ཡབ་དང་ཡུམ་དུ་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཡིད་ཀྱི་སྐུ་དང་རབ་ལྡན་པས། །དེ་བཞིན་གཤེགས་པ་ཆོས་སྐུ་ཡང་། །རྣག་ཅན་སྐུ་ནི་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དེ་དག་རྟག་ཏུ་མཉམ་བཞག་ལ། །འགྲེང་དང་བཞུགས་དང་མཛད་པ་དང་། །དེ་བཞིན་མནལ་བར་སྣང་བ་ཡང་། །འདི་ནི༴དེ་དག་སྣ་ཚོགས་སྐུ་མེད་ཀྱང་། །སེམས་ཅན་མོས་པར་ཇི་བཞིན་དུ། །སྐུ་ལུས་སྤྲུལ་བར་མཛད་པ་ནི། །འདི་ནི༴ཆོས་རྣམས་ཐམས་ཅད་སྟོང་པ་ལ། །སྐྱེས་བུ་རྣམས་ནི་མངོན་སུམ་ཡང་། །འཆི་འཕོ་སྐྱེ་བ་སྟོན་མཛད་པ། །འདི་ནི༴ཀུན་ལ་མི་མཁྱེན་རྣམ་བྲལ་ཏེ། །ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །འོན་ཀྱང་སྔོན་མཐའ་མི་གསུང་བ། །འདི་ནི༴དེ་བཞིན་གཤེགས་པ་རྡོ་རྗེའི་སྐུ། །སངས་རྒྱས་ཅུང་ཟད་མི་བསྙུན་ཡང་། །དགེ་སློང་བྱང་ཆུབ་ཡན་ལག་སྨྲོས། །འདི་ནི༴སྡིག་པ་ཐམས་ཅད་ཡོངས་ཟད་དེ། །བསོད་ནམས་ཀུན་གྱིས་མངོན་འཕགས་ཀྱང་། །ལས་ཀྱི་རྒྱུད་ནི་སྟོན་མཛད་པ། །འདི་ནི༴ཆོས་རྣམས་ཀུན་གྱི་རྒྱུད་མཁྱེན་ནས། །འཆི་འཕོ་སྐྱེ་བ་རྣམས་སྤངས་ལ། །དེ་དག་ཐམས་ཅད་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཞེས་གསུངས་པ་ལྟར། ཚུར་མཐོང་འཇིག་རྟེན་པ་དང་སྒོ་བསྟུན་ཏེ། ཡབ་རྒྱལ་པོ་ཟས་གཙང་དང་། ཡུལ་ལྷ་མོ་སྒྱུ་འཕྲུལ་གྱི་སྲས་སུ་སྐྱེ་བའི་མྱུ་གུ་འཛིན་པར་མཛད་པ་ནས་བཟུང་། ཟག་བཅས་ཕུང་པོ་ལྔ་ལྡན་གྱི་ཚུལ་གྱིས་ལས་ཀྱི་རྒྱུད་བཅུ་བསྟན་པ་སོགས་ཐབསསྣ་ཚོགས་པའི་སྒོ་ནས་རིགས་ཅན་གསུམ་གྱི་གདུལ་བྱའི་དོན་སྐལ་བ་དང་འཚམས་པར་མཛད་ནས་མཐར་གྱད་ཡུལ་རྩྭ་ཅན་དུ་གཟུགས་སྐུའི་བཀོད་པ་ཡོངས་སུ་བསྡུས་ཤིང་། རིང་བསྲེལ་ཀྱང་འཇོགས་པར་མཛད་པ་ཡིན་ཏེ། གསང་བ་སྒྱུ་འཕྲུལ་ལས། མ་རིག་སྨིན་མཛད་གདུལ་བའི་ཕྱིར། །བྱུང་ནས་མྱ་ངན་འདའ་བར་སྟོན། །ཞེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་ལས། རྒ་དང་ན་དང་མཆི་བ་མེད་ཀྱང་འཆི་འཕོ་སྟོན། །ཞེས་དང་། རྒྱུད་བླ་མ་ལས། ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང་། །འཆི་དང་རྒ་དང་ན་བར་སྟོན། ཞེས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་མེད་ཀྱང་། །ནམ་མཁའི་དབང་པོའི་གཞུ་བཞིན་དུ། །ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །སྐུ་ལ་བསྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང་། །ཁྱོད་ནི་འཇིག་རྟེན་རྗེས་མཐུན་ཕྱིར། །འཇིག་རྟེན་སྤྱོད་པའང་སྟོན་པར་མཛད། །ལས་ཀྱི་སྒྲིབ་པའི་སྐྱོན་རྣམས་ནི། །སྡིག་མེད་ཁྱོད་ཀྱིས་ཀུན་སྤངས་ཀྱང་། །ཁྱོད་ཀྱི་སེམས་ཅན་རྗེས་འཛིན་ཕྱིར། །ལསསྤངས་པར་ཡང་རབ་ཏུ་བསྟན། །ཞེས་བསྟོད་པར་གསུངས་པ་དང་། འདུལ་བ་ལུང་ཕྲན་ཚེགས་ལས། །སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་འཛམ་བུ་གླིང་པའི་མཆོད་པར་ཐོབ། །སྐྱེས་མཆོག་དེ་ཡི་བྲེ་བོ་གང་ཞིག་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། །མཆེ་བ་གཅིག་ནི་རྩ་གསུམ་འཇིག་རྟེན་མཆོད། །གཉིས་པ་ཚེ་འཛིན་གྲོང་ཁྱེར་ཡིད་འོང་ན། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་ཏེ། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །མྱ་ངན་མེད་རྒྱལ་སྐྱ་ནར་པུ་རུ་གནས། །མཆོད་རྟེན་བདུན་པོ་རྒྱ་ཆེར་སྤེེལ་བྱས་ཏེ། །དེ་ཡི་མཐུ་ཡིས་དབྱིག་འཛིན་འདིར་ཡང་ནི། །སྨོན་ལམ་དངོས་པོས་མངོན་པར་བརྒྱན་གྱུར་ཏེ། །འདི་ལྟར་སྤྱན་ལྡན་སྐུ་གདུང་དེ་ལ་ནི། །ལྷ་དང་ཀླུ་དང་མི་ཡི་དབང་པོ་དང་། །མི་འམ་ཅི་དང་གནོད་སྦྱིན་བདག་པོ་ཡིས། །རབ་ཏུ་བཀུར་ནས་བཀུར་སྟི་མཆོད་པ་བྱས། །རང་མཁྱེན་ཐུགས་རྗེར་ལྡན་པ་སྟོབས་མངའ་བ། །ཤཱཀ་འཁྲུངས་མ་ག་དྷཱར་ནི་བྱང་ཆུབ་སྟེ། །ཀ་ཤིར་ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ནས། །གྲོང་ཁྱེར་རྩྭ་ཅན་བརྟེན་ནས་མྱ་ངན་འདས། །ཞེས་གསུངས་ཏེ། ཐུན་མོང་གི་གདུལ་བྱའི་བློ་ངོར་དེ་ལྟར་བསྙོན་མེད་དུ་གྲུབ་པ་བཞིན། འདིར་ཡང་དེ་དང་མཚུངས་པས་ཞིབ་པར་གསང་ཆེན་ཐབས་ལ་མཁས་པའི་མདོ་དང་། འཇིག་རྟེན་མཐུན་འཇུག་གི་ལེའུ་སོགས་སུ་བལྟས་པས་ཡིད་ཆེས་རྙེད་པར་འགྱུར་ལ། དེ་གཉིས་མི་འགལ་བའང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཟབ་མོའི་ཚུལ་ཏེ། རྒྱལ་སྲས་ཞི་བ་ལྷས། སྒྱུ་མསསྤྲུལ་པ་གང་ཡིན་དང་། །རྒྱུ་རྣམས་ཀྱིས་ནི་གང་སྤྲུལ་པ། །དེ་ནི་གང་ནས་འོང་གྱུར་ཞིང་། །གང་དུ་འགྲོ་བའང་བརྟག་པར་གྱིས། །ཞེས་དང་། ཕལ་ཆེན་ལས། ཇི་ལྟར་སྒྱུ་མར་གྱུར་པའི་གཟུགས། །སྐྱེས་པ་མ་ཡིན་འོང་བ་མིན། །དེ་ལྟར་དེ་བཞིན་གཤེགས་པའི་སྐུ། །སྐྱེ་བ་མེད་ལས་ཤིན་ཏུ་བསྟན། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ན། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་མི་བདེན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ནམ་མཁའ་དྭངས་ལ་ཟླ་བ་ཤར། །དེ་ཡི་གཟུགས་བརྙན་དྭངས་པའི་མཚོར་སྣང་ཡང་། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སོས་གའི་ཉི་མ་ཕྱེད་དུས་ན། །སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་དག །སྨིག་རྒྱུ་འགྱུ་བ་ཆུ་ཡི་ཕུང་པོར་སྣང་། །དེ་ལ་བརྟགས་ན་ཆུ་ནི་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་དང་། སྒྱུ་འཕྲུལ་ལས། ཡང་དག་རྟོགས་པས་རབ་བརྟགས་ན། །རང་བཞིན་མེད་ལས་ཅིར་ཡང་འགྲུབ། །ཅེས་གསུངས་པ་ལྟར་ཞིབ་པར་དབུ་མའི་རྟེན་འབྲེལ་གྱི་རིགས་པས་དཔྱད་ན་ངེས་ཤེས་ཆེས་སྐྱེ་བ་ཡིན་ནོ། །དེས་ན་གདུལ་བྱའི་བློ་ངོར་སྣང་ཚུལ་ནས་ཇི་ལྟར་དུ་མཐོང་རུང་། ཡིན་ཚུལ་ནས་སངས་རྒྱས་ཀྱི་གསང་བ་ཟབ་མོ་གཅིག་གི་ཕྱག་རྒྱ་ལས་མི་འདའ་བར་ཤེས་པར་བྱའོ། །འོ་ན་གནས་ཚུལ་གཅིག་ལསྣང་ཚུལ་ཐ་དད་པ་ཅིའི་ཕྱིར་སྙམ་ན། དེ་ནི་དབུ་མའི་གཞུང་ལས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་སོ་སོར་སྣང་། །ཞེས་གསུངས་པ་བཞིན་གདུལ་བྱ་རང་རང་གི་སྣང་བ་དག་མ་དག་གི་ཁྱད་པར་ཏེ། དཔེར་ན་ཆུ་གཅིག་པོ་འདི་ལའང་དེང་སང་གི་འགྲོ་བ་ལ་སྣང་རྒྱུ་འདི་ལས་ངོ་བོ་ཐ་དད་པ་གཅིག་གཞན་དག་ལ་གུད་ན་ཡོད་པ་མ་ཡིན་མོད་དེ་རྣམ་པ་སྣང་ཚུལ་ནི། དམྱལ་བ་དག་གིས་ཁྲོ་ཆུ་དང་། ཡི་དྭགས་ཀྱིས་རྣག་ཁྲགདུད་འགྲོས་བཏུང་དུ་རུང་བ་ཙམ། མིས་ཆུ། ལྷས་བདུད་རྩི། དག་པའི་ཞིང་ན་གནས་པས་བདུད་རྩི་ཆེན་པོར་མཐོང་བ་སོགས་དང་། གཞན་ཡང་ཆོས་ལ་དབང་ཐོབ་པའི་རིག་འཛིན་རྣམས་ལ་ཆུ་དེ་ཉིད་མཱ་མ་ཀཱིར་སྣང་སྟེ། བརླན་པའི་བྱ་བ་ཡང་བྱེད་ལ། རོལ་པའི་བདེ་བ་ཡང་མྱོང་ཞིང་ཏིང་ངེ་འཛིན་ཀྱང་འཕྲུལ་ཏོ། །བག་ལ་ཉལ་ཤིན་ཏུ་ཟད་པ་ལ་ནི་སྤྲོས་པ་དང་བྲལ་བའི་ངང་དུ་རོ་གཅིག་པར་སྣང་བ་དང་མི་སྣང་བའི་སྤྲོས་པ་ཉེ་བར་ཞི་བ་དེ་བཞིན་དུ། རྟེན་སོགས་ཀྱང་རང་སྣང་མ་དག་པས་ས་སོགས་བེམ་པོའི་དངོས་པོ་རང་མཚན་པ་ལྟ་བུར་སྣང་མོད། དག་པ་རྣམས་ཀྱིས་ནི་རང་བཞིན་མཉམ་པ་ཉིད་དུ་གཟིགས་པ་ཡིན་ནོ། །གཞན་ཡང་། པདྨ་རྣམ་པར་རོལ་པའི་མདོ་ལས། ལྷས་བུའི་སྨྲས་པ། བག་ཆགས་བརྟས་པའི་དབང་གིས་རྣམ་པ་སྣ་ཚོགས་པ་དག་ཅིའི་ཕྱིར་སྣང་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། སྣང་བ་ཐམས་ཅད་མ་ངེས་པ་ཡིན་ཏེ། ལ་ལའི་སྣང་བ་ནི་ལ་ལའི་མུན་པ་ཡིན་ནོ། །འདི་ལྟར་ས་འབའ་ཞིག་ལའང་། ས་ལ་སར་འདུ་ཤེས་པའང་ཡོད། ས་ལ་མེར་འདུ་ཤེར་པའང་ཡོད། ས་ལ་ལོངསསྤྱོད་དུ་འདུ་ཤེས་པའང་ཡོད། ས་ལ་སྡུག་བསྔལ་དུ་འདུ་ཤེས་པའང་ཡོད། མེ་ལ་མེར་འདུ་ཤེས་པའང་ཡོད། མེ་ལ་ལོངས་སྤྱོད་དུ་འདུ་ཤེས་པའང་ཡོད། མེ་ལ་གནས་སུ་འདུ་ཤེས་པའང་ཡོད། མེ་ལ་ཟས་སུ་འདུ་ཤེས་པའང་ཡོད། ཆུ་ལ་ཆུར་འདུ་ཤེས་པའང་ཡོད། ཆུ་ལ་མེར་འདུ་ཤེས་པའང་ཡོད། ཆུ་ལ་སར་འདུ་ཤེས་པའང་ཡོད། ཆུ་ལ་བདུད་རྩིར་འདུ་ཤེས་པའང་ཡོད། ཆུ་ལ་གནས་སུ་འདུ་ཤེས་པའང་ཡོད། ནམ་མཁའ་ལ་ནམ་མཁར་འདུ་ཤེས་པའང་ཡོད། ནམ་མཁའ་ལ་གནས་སུ་འདུ་ཤེས་པའང་ཡོད། ནམ་མཁའ་ལ་སར་འདུ་ཤེས་པའང་ཡོད། དེ་བས་ན་ངེས་པ་མེད་པའི་ཕྱིར་བག་ཆགས་ཀྱི་དབང་གིས་གང་ལྟར་ཡང་སྣང་བ་ཡིན་ནོ། །ཞེས་གསུངས་པ་དང་། དྲི་མ་མེད་པར་གྲགས་པའི་མདོ་ལས། བཙུན་པ་ཤཱ་རིའི་བུས་སྨྲས་པ། བདག་གིས་ས་ཆེན་པོ་འདི་མཐོ་དམན་དང་། གཡང་ས་དང་ལྗན་ལྗིན་གྱིས་གང་བ་མཐོང་ངོ་། ཞེས་ཟེར། སངས་རྒྱས་མྱ་ངན་མེད་པའི་ཞིང་ནས་འོང་བའི་ཚངས་པ་རལ་པ་ཅན་གྱིས་སྨྲས་པ། བདག་གིས་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་འདི་ཉིད་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་བཞིན་དུ་ཡོངསསུ་དག་པར་མཐོང་ངོ་། །ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་རྣམས་ལ་སངས་རྒྱས་ཀྱི་ཞིང་འདིའི་རང་བཞིན་བསྟན་པར་མཛད་པས། ཐམས་ཅད་ཀྱིས་སངས་རྒྱས་རིན་པོ་ཆེའི་རྒྱན་བཀོད་པའི་ཞིང་ཁམས་བཞིན་ཡོངས་སུ་དག་པར་མཐོང་བར་གྱུར་པ་དེའི་ཚེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའི་སངས་རྒྱས་ཀྱི་ཞིང་འདི་ནི་རྟག་ཏུ་འདི་འདྲ་སྟེ། ཁྱེད་རྣམས་ཀྱིས་མི་མཐོང་ངོ་། །ཞེས་གསུངས་པ་དང་། དེར་མ་ཟད། འོ་སྐོལ་གྱི་སྟོན་པ་དངོས་ཉིད་ལའང་། བདུད་རྣམས་ཀྱིས་བདུད་དུ་མཐོང་། ལྷས་སྦྱིན་གྱིས་སྤུན་ཟླར་མཐོང་། ཕྱི་རོལ་པ་དག་གིས་ལོག་ཆོས་ཅན་དུ་མཐོང་། ལེགས་སྐར་སོགས་ལོག་ལྟ་ཅན་འགའ་ཞིག་གིས་གཡོ་སྒྱུ་ཅན་དུ་མཐོང་། ཉན་ཐོས་རྣམས་ཀྱིས་དགྲ་བཅོམ་པར་མཐོང་། ཐེག་ཆེན་པ་ཕལ་གྱིས་སངས་རྒྱས་སྤྲུལ་སྐུར་མཐོང་བ་སོགས་སྣང་ཚུལ་མི་གཅིག་པར་ཐ་དད་དུ་ཡོད་ཀྱང་། དོན་ལ་ནི་སྲིད་ཞི་རོ་མཉམ་བདེ་ཆེན་རྡོ་རྗེའི་བདག་ཉིད་ཟག་བྲལ་ཡེ་ཤེས་སྒྱུ་མའི་སྐུ་ཅན་གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ལས་གཞན་དུ་མ་དམིགས་པ་བཞིན་ནོ། །མདོར་ན་ཕལ་ཆེན་བཟང་པོ་དཔལ་གྱི་ལེའུ་ལས། རྒྱ་མཚོའི་ཀླུ་ནི་རྣམ་པར་རྩེ་བ་ན། །ས་ཡི་གཞི་ནས་དབང་བསྒྱུར་གནས་ཀྱི་བར། །གླིང་བཞི་བཅས་པར་སྤྲིན་ཆེན་རྒྱས་འགེངས་ཏེ། །དེ་དག་ཀུན་ཀྱང་སྣ་ཚོགས་བཀོད་པ་མང་། །དེ་ནི་དབང་བསྒྱུར་གནསསུ་འཛམ་གླིང་གི། །གསེར་གྱི་མདོག་གི་སྤྲིན་རྣམས་རྣམ་པར་སྒྲུབ། །འཕྲུལ་དགའ་མུ་ཏིག་དམར་པོའི་མདོག་ལྟ་བུ། །དགའ་ལྡན་གནས་སུ་ཁ་བ་བ་མོའི་མདོག །འཐབ་བྲལ་གནསསུ་མཐོན་མཐིང་བཻཌཱུཪྱ། །སུམ་ཅུ་རྩ་གསུམ་རྡོ་ཡི་སྙིང་པོ་འདྲ། །སྐྱོང་བའི་གནས་སུ་ཤེལ་ཀྱི་མདོག་ལྟ་བུ། །རྒྱ་མཚོར་རྡོ་རྗེ་མི་ཕྱེད་འཁྲེགས་འདྲ་བ། །མི་ཅིའི་གནས་སུ་སྤོས་མཆོག་འཁྲིགས་ལྟ་བུ། །ཀླུ་ཡི་གནས་སུ་པདྨའི་མདོག་འདྲ་བ། །གསང་བའི་གནས་སུ་ངང་པ་བྱ་གར་མདོག །ལྷ་མིན་གནས་སུ་རི་བྲག་མདོག་འདྲ་བ། །བྱང་དུ་གསེར་གྱི་འོད་ཟེར་མདོགསྟོན་ཏེ། །གླིང་རྣམས་གཞན་དུ་སྣ་ཚོགས་བཀོད་པ་སྟོན། །འཛམ་བུ་གླིང་དུ་རི་སྔོན་འདྲ་བསྟེ། །གང་ན་ཅི་མཐོང་སྤྲིན་རྣམས་དེ་བཞིན་ནོ། །ཞེས་པ་ནས། དེ་ལྟར་སྤྲིན་བཀོད་བསམ་གྱིས་མི་ཁྱབ་དང་། །གློག་འབྱིན་འབྲུག་སྒྲོགས་བཀོད་པའི་ཆར་འབེབས་ཀྱང་། །གནས་ནས་མི་གཡོ་རྣམ་པར་རྟོག་པ་མེད། །ཅེས་སོགས་གསུངས་པའི་དོན་བཞིན། གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་གཅིག་པུ་བ་རོང་ཟོམ་ཆོས་ཀྱི་བཟང་པོའི་ཞལ་ནས། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ། ཕྱོགས་བཅུའི་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད། མ་ལུས་མི་ལུས་ལུས་པ་མེད་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པའི་བདག་ཉིད་ཆེན་པོའི་ངང་ལས། གཡོ་བའི་རྩོལ་བ་དང་རྣམ་པར་རྟོག་པ་མི་མངའ་བཞིན་དུ། སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོ་ལྷུན་གྱིས་གྲུབ་པའི་ཤུགས་དང་ཤེས་རབ་ཆེན་པོའི་སྟོབས་ཀྱིས། ཆོས་ཀྱི་དབྱིངས་རྣམ་པར་དག་པར་གྱུར་བའི་དབང་དང་། གདུལ་བྱ་རྣམས་ཀྱི་དཀར་པོའི་ལས་ཀྱི་བག་ཆགས་ཀྱི་རྒྱུ་ལས། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྣ་ཚོགས་པ་གདུལ་བྱ་སོ་སོའི་ངོ་ལ་སྣང་བ་ནི། དཔེར་ན་ལྷའི་རྒྱལ་པོ་དབང་བསྒྱུར་གྱི་གནས་མན་ཆད་ནས། འཛམ་བུའི་གླིང་ཡན་ཆད། མཐོ་རིས་ཀྱི་གནས་རྣམས་སུ། འདོད་པའི་ཡོན་ཏན་གྱི་རྐྱེེན་ཆར་སོ་སོར་འབབ་པ་ཡང་། རྒྱ་མཚོའི་ལྷའི་དབང་དང་། གནས་སོ་སོའི་ནམ་མཁའི་དབང་དང་། འགྲོ་བ་སོ་སོའི་ལས་ཀྱི་རྒྱུ་ལས། ཆར་སོ་སོར་འབབ་པ་འགྲུབ་པ་ཡིན་ཡང་། རྒྱ་མཚོའི་ལྷ་ཡང་འདི་སྙམ་དུ་བདག་གིས་ནི་གནས་འདི་རྣམས་སུ་སོ་སོའི་ལས་ཀྱི་སྐལ་བ་དང་འཚམ་པར་སྤྲིན་འདི་ལྟར་བསྡུ་བར་བྱའོ། །གློག་འདི་ལྟ་བུ་དབྱུང་བར་བྱའོ། །འབྲུག་འདི་ལྟ་བུ་བསྒྲག་པར་བྱའོ། །ཆར་འདི་ལྟ་བུ་དབབ་པར་བྱའོ་སྙམ་དུ་མི་རྟོགརྣམ་པར་མི་རྟོགམངོན་པར་མི་རྩོལ། ནམ་མཁའ་ཡང་འདི་སྙམ་དུ་བདག་གིས་འགྲོ་བ་འདི་དག་གི་འདོད་པའི་ཡོན་ཏན་འབྱུང་བའི་ཆར་དབབ་བའི་གོ་སྐབས་དབྱེའོ་སྙམ་དུ་མི་རྟོགརྣམ་པར་མི་རྟོག་མངོན་པར་མི་རྩོལ། འགྲོ་བ་སོ་སོའི་ལས་ཀྱི་བག་ཆགས་ཀྱང་འདི་སྙམ་དུ་བདག་གིས་ལས་ཀྱི་སྐལ་བ་དང་འཚམ་པའི་ཆར་དབབ་པར་བྱའོ། །སྙམ་དུ་མི་རྟོགརྣམ་པར་མི་རྟོགམངོན་པར་མི་རྩོལ་བཞིན་དུ། རྒྱུ་རྐྱེན་ཚོགས་པའི་དབང་གིས་གནས་དེ་རྣམས་སུ་སོ་སོའི་ལས་ཀྱི་སྐལ་བ་དང་འཚམ་པའི་སྤྲིན་འདུ་བ་ནས་ཆར་འབབ་པའི་བར་དུ་སོ་སོར་འབྱུང་བ་ནི། ལྷའི་རྒྱལ་པོ་དབང་བསྒྱུར་གྱི་གནས་སུ་གསེར་གྱི་སྙིང་པོ་ལྟ་བུའི་སྤྲིན་འདུ་བ་དང་། དེ་བཞིན་དུ་གློག་དང་འབྲུག་རྣམས་ཀྱང་ཐ་དད་དུ་འབྱུང་ཞིང་ཆར་ཡང་རང་བཞིན་ཐ་དད་དུ་འབབ་པ་ནས། འཛམ་བུ་གླིང་གི་བར་དུའང་དེ་བཞིན་ཏེ། སྤྲིན་རྣམས་ཀྱང་མུ་ཏིག་དམར་པོ་ལྟ་བུ་ནས་རི་ནག་པོ་བརྩེགས་པ་ལྟ་བུའི་བར་དང་། གློག་ཀྱང་གསེར་ཁ་སྦྱངས་པ་ནས། རིན་པོ་ཆེ་ཨིནྡྲ་སྙིལ་འོད་འཕྲོ་བ་ལྟ་བུའི་བར་དང་། འབྲུག་ཀྱང་ཀ་ལ་པིང་ཀའི་དབྱངས་ལྟ་བུ་དང་། རོལ་མོའི་དབྱངས་ལྟ་བུ་ནས། རྒྱ་མཚོ་འཁྲུགས་པ་ལྟ་བུའི་སྒྲའི་བར་དང་། ཆར་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་ནས། མཚོན་ཆར་དང་། ཆུ་དྭངས་པའི་ཆར་གྱི་བར་དུ་སོ་སོའི་ལས་ཀྱི་སྐལ་བ་དང་འཚམ་པར་སོ་སོའི་ཐད་དུ་འབྱུང་བ་བཞིན་དུ། གདུལ་བྱ་སོ་སོའི་ངོ་ག་ལ་བྱིན་རླབས་ཐ་དད་པར་སྣང་ཞིང་། དཀོན་མཆོག་གསུམ་གྱི་རང་བཞིན་ཐ་དད་དུ་མཐོང་བ་ནི་འདི་ལྟསྟེ། ཞེས་སོགས་གསུངས་པ་བཞིན་ཤེས་པར་བྱའོ། །ཚུལ་འདི་ལྟ་བུ་ལ་དགོངས་ནས། རེས་འགའ་ཞིང་དང་སྐུའི་བཀོད་པ་སོགས་ཐ་དད་དུ་གསུངས་པ་དང་། རེས་འགའ་གཅིག་ཏུ་གསུངས་པ་རྣམས་ཀྱང་བརྗོད་དོན་གཅིག་པ་ཡིན་ཏེ། དཔེར་ན་ཟླ་གཟུགས་ཆུ་སྣོད་དུ་ཤར་བའི་ཚེ་ཆུ་སྣོད་དུ་མ་ལ་ལྟོས་ནས་ཐ་དད་དུ་བརྗོད་པའང་ཡིན་ལ། དེ་ཀུན་གྱི་ངོ་བོ་མཁའ་ཟླ་གཅིག་ལས་མ་འདས་པ་ལ་ལྟོས་ནས་གཅིག་ཏུ་བརྗོད་པ་ཡང་མི་འགལ་བ་བཞིན་ཏེ། ཕལ་པོ་ཆེ་ལས། ཇི་ལྟར་ཟླ་བ་ཤར་གྱུར་པ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡིསྣོད་དུ་སྣང་གྱུར་ཀྱང་། །ཟླ་བ་གཉིས་སུ་གྱུར་པ་མེད། །དེ་བཞིན་ཆགས་མེད་མཁྱེན་ལྡན་རྣམས། །ཆགས་མེད་རྣམ་པར་འཚང་རྒྱ་བ། །ཞིང་རྣམས་ཀུན་ན་རབ་ཏུ་སྣང་། །སངས་རྒྱས་ལ་ནི་གཉིས་སྣང་མེད། །འདི་ལ་གཅིག་ཀྱང་ཡོད་མ་ཡིན། །ཞེས་གསུངས། གཞན་ཡང་ཤེས་པར་བྱ་བ། རོང་ཟོམ་པཎྜི་ཏས། ཐུན་མོང་མ་ཡིན་པར་བསྟན་པ་ནི། ཇི་ལྟར་སངས་རྒྱས་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་ཆོས་ཏེ། དགེ་འདུན་གྱི་རང་བཞིན་ཡང་དེ་ཉིད་དོ། །དེས་ན་རྒྱུ་དང་འབྲས་བུ་དང་ལམ་དང་སྒྲུབ་པ་རྣམས་དབྱེར་མེད་པ་ནི་ཀུན་ཏུ་བཟང་པོ་བྱངཆུབ་ཀྱི་སེམས་ཞེས་བྱ་སྟེ། དེ་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་སེམས་དཔའ་གདོད་མ་ནས་སངས་རྒྱས་པ། ཆོས་ཀྱི་སྙིང་པོ། རྣལ་འབྱོར་ཐམས་ཅད་ཀྱི་གཙོ་བོ་ཞེས་གྲགས་པ་གང་ཡིན་པའོ། །རྣམ་པར་འཕྲུལ་བའི་དབང་དུ་བཤད་ན། སངས་རྒྱས་ཆོས་དང་དགེ་འདུནདུ་སྤྲུལ་པའང་ཡོད་དེ། འདི་ལྟར་ཕྱག་རྒྱར་སྤྲུལ་པ་དང་། གང་ཟག་ཏུ་སྤྲུལ་པ་རྣམས་སོ། །ཆོས་དགེ་འདུན་དང་། སངས་རྒྱས་སུ་འཕྲུལ་བའང་ཡོད་དེ། ས་དང་ཕ་རོལ་ཏུ་ཕྱིན་པ་དང་གཟུངས་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔར་ལེགས་པར་སྤྲུལ་པ་ལྟ་བུའོ། །དགེ་འདུན་ཆོས་དང་སངས་རྒྱས་སུ་འཕྲུལ་བ་ཡང་ཡོད་དེ། སློབ་པའི་ས་ལ་གནས་པ་དག་གིས་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པ་ལྟ་བུའོ། །ཞེས་གསུངས་པ་དང་། དེ་ཙམ་དུའང་མ་ཟད་ཟབ་མོའི་གནས་ལ་བློ་མཆོག་ཏུ་འབྱོར་པ་རྣམས་ཀྱི་གཟིགས་ངོར་ནི། འདི་ལྟར་ཕུང་ཁམསསྐྱེ་མཆེད་ཀྱིས་བསྡུས་པའི་རྟོག་ཚོགས་ཀྱི་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པ་སངས་རྒྱས་ཀྱི་རང་བཞིན་ལས་མ་འདས་པ་ཡིན་ཏེ། གསང་སྙིང་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱངཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་དང་། གསང་འདུས་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་ནི་རབ་ཏུ་བསྒྲགས། །རྡོ་རྗེའི་སྐྱེ་མཆེད་འདི་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་དང་། ས་ནི་སྤྱན་མ་ཞེས་བྱ་ཡིན། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །དཀར་དང་སྒྲོལ་མ་ཞེས་བྱ་བ། །མེ་དང་རླུང་དུ་རབ་ཏུ་གྲགས། །མཁའ་དབྱིངས་རྡོ་རྗེའི་དམ་ཚིག་ནི། །རྡོ་རྗེ་འཛིན་པ་དེ་ཉིད་ཡིན། །ཞེས་དང་། རྣལ་འབྱོར་མ་ཀུན་སྤྱོད་ལས། འགྲོ་བ་འདི་དག་སངས་རྒྱས་ལྔ་བདག་ཉིད། །གར་མཁན་དག་དང་རི་མོ་བཟང་དང་མཚུངས། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་དང་། འཇམ་དཔལ་གྱི་ལྟ་འདོད་མདོར་བསྟན་པ་ལས། གཟུགས་ཀྱི་ཚོགས་པ་མཐའ་ཡས་པ། །བདག་གི་སྤྲུལ་པའི་སྐུ་མཆོག་གོ །སྒྲ་ཡི་ཕུང་པོ་མཐའ་ཡས་པ། །བདག་གི་ལོངས་སྤྱོད་རྫོགས་སྐུ་མཆོག །ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་ཆོས་སྐུ་རབ་ཏུ་གྲགས། །བདེ་བའི་ཕུང་པོ་མཐའ་ཡས་པ། །བདག་གི་བདེ་སྐུ་འགྱུར་མེད་མཆོག །བསྡུས་པའི་ཕུང་པོ་དེ་གཞན་སྐུ། །ཡང་དག་བསགས་པ་ཉིད་དུ་བསྒྲགས། །ཞེས་གསུངས་པ་དང་། ཐེག་པ་ཐུན་མོང་བའི་སྡེ་སྣོད་སྡོང་པོ་བརྒྱན་པ་ལས་ཀྱང་། གང་ཞིག་བདག་དང་སེམས་ཅན་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་ནི། །དེ་དག་བདེ་བར་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་ནི། །གྲགས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་གསུངས་པ་ལྟར་དབང་རབ་སྐལ་བ་མཆོག་དང་ལྡན་པ་རྣམས་ཀྱིས་ལུང་དང་བླ་མའི་མན་ངག་ལ་ཡིད་ཆེས་པས་གནས་ཚུལ་ཡང་དག་པའི་དོན་དེ་ལྟར་ལྷང་གིས་རྟོགས་ཤིང་གོམས་པ་མཐར་ཕྱིན་པ་ལས་ཚེ་གཅིག་གི་ཟུང་འཇུག་རྡོ་རྗེ་འཆང་གི་རྒྱལ་སར་གཤེགས་པར་འགྱུར་བའི་ཉེ་ལམ་གྱི་ཁྱད་ཆོས་ཀྱང་དེ་ཡིན་ནོ། །འདི་ལ་ངོ་མཚར་བའི་རིགས་པའི་རྣམ་གྲངས་ཆེས་མང་མོད་འདིར་བརྗོད་པ་སྐབས་མ་ཡིན་པས་མ་སྨོས་ལ། བློ་དང་ལྡན་པ་དག་གིས་གོང་སྨོས་ཀྱི་ལུང་དོན་ལ་ཕྱིན་ཅི་མ་ལོག་པའི་བློ་གྲོས་ཀྱིས་བརྟགས་པས་ཀྱང་ཤེས་པར་ནུས་པ་ཡིན་ནོ། །རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་སངས་རྒྱས་ཆོས་ཀྱི་སྐུ་ཟག་པ་མེད་པའི་དབྱིངས་ན་བཞུགས་པ་དང་། འོག་མིན་ཆེན་པོར་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུ་ཆེན་པོ་དང་། དེའི་རྩལ་མདངས་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོར་པྲ་ཕབ་ཀྱི་ཆོ་ག་བཞིན་སྣང་བ་ཕྱེད་སྤྲུལ་ལོངས་སྐུ་དང་། རྡོ་རྗེ་གདན་སོགས་སུ་རྒྱུད་དག་པའམ་འཁོར་རྣམ་བཞི་ལ་སྣང་བ་མཆོག་གི་སྤྲུལ་པའི་སྐུ་མཛད་པ་བཅུ་གཉིས་ཀྱི་རོལ་རྩེད་སྟོན་པ་དང་། ད་ལྟར་རང་རེ་ལ་སྣང་བའི་སྐུ་གསུང་ཐུགས་ཀྱི་རྟེན་དང་། དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་འདི་རྣམས། སྣང་ཚུལ་གྱི་ངོས་ནས་ཐ་དད་དུ་སྣང་བ་ཙམ་ལས། གནས་ཚུལ་གྱི་ངོས་ནས་དམན་མཆོག་གི་དབྱེ་བ་རྡུལ་ཙམ་ཡང་མི་དམིགས་ཏེ། ཐམས་ཅད་ཀུན་ཏུ་བཟང་པོའི་ཡེ་ཤེས་སྒྱུ་མའི་ཕྱག་རྒྱ་གཅིག་གིས་ཐེབས་ཤིང་རང་བཞིན་དབྱེར་མེད་པའི་ཕྱིར། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ལས། ལངྐའི་བདག་པོ། རྡོ་རྗེ་སེམས་དཔའ་ནི་སངས་རྒྱས་རྣམས་ཀྱིས་སྤྱོད་ཡུལ་དགོངས་པ་དམ་པ་ཡིན་ན། དེའི་གཟུགས་བརྙན་ཞིག་བླུན་པོ་གང་ཞིག་གི་མདུན་དུ་བཞག་ན་བླུན་པོ་དེས་ཅི་སྙམ་དུ་སེམས། སྨྲས་པ། གསང་བའི་བདག་པོ་དེ་ནི་འདི་ལྟར་འདི་ནི་རྡོ་རྗེ་སེམས་དཔའ་མ་ཡིན་ཏེ། དེ་འདྲ་བ་འབའ་ཞིག་གོ་སྙམ་དུ་རྟོག་གོ །སྨྲས་པ། ལངྐའི་བདག་པོ། དེ་བས་ན་གང་དམ་པ་དག་གིས་བལྟས་ན་མི་དམིགས་པའི་དབྱིངས་ན་རྡོ་རྗེ་སེམས་དཔའ་དང་དེའི་གཟུགས་བརྙན་གཉིས་གཞན་དང་གཞན་སོ་སོར་གནས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་གཉིས་ཀྱི་རང་བཞིན་དེ་ཁོ་ན་ཉིད་དེ་དེ་བཞིན་ཡིན་པའི་ཕྱིར་རོ། །དེ་སོ་སོ་བ་ཞིག་ཡིན་ན་དམིགས་པས་འབྲས་བུ་སྐྱེ་བར་མི་རིགས་སོ། །ལང་ཀའི་བདག་པོས་སྨྲས་པ། གསང་བའི་བདག་པོ་དེ་དག་ལ་ཁྱད་པར་མ་མཆིས་སམ། སྨྲས་པ། ལངྐའི་བདག་པོ་མི་ཤེས་པའི་དབང་དུ་གཟུགས་བརྙན་དང་དེས་མཚོན་པའི་དོན་ཞེས་བརྗོད་ཅིང་སྣང་བར་ཟད་ཀྱིས། དམ་པ་རྣམས་ཀྱིས་དེ་ཁོ་ན་ཉིད་བརྩོན་པར་བྱས་ན། དེ་ལ་ནི་ཁྱད་པར་ཅུང་ཟད་ཀྱང་མེད་དོ་ཞེས་གསུངས། དེར་མ་ཟད་སངས་རྒྱས་ལོངས་སྤྱོད་རྫོགས་པ་དང་མཆོག་གི་སྤྲུལ་པའི་སྐུ་དངོས་སུ་མཇལ་བའི་སྐལ་བ་མེད་པ་རང་རེ་ལྟ་བུ་ལ་སྣང་ཞིང་སངས་རྒྱས་ཀྱི་མཛད་པ་སྒྲུབ་པ་ནི་འདི་དག་ཡིན་པའི་ཕྱིར་དད་གུས་དང་སྲི་ཞུ་བླ་ལྷག་ཏུ་བགྱིད་རིགས་པའང་ཡིན་ཏེ། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྣང་བ་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་ཐར་པའི་སོ་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཡང་ཟུངས་ཤིག་ཅེས་གསུངས་པའི་དོན་གྱིས་མཚོན་ཏེ་ཤེས་པར་བྱའོ། །མདོར་ན་ཆོས་སྐུ་སྐྱེ་བ་མེད་པའི་ངང་ནས། གཟུགས་སྐུ་འགྲོ་བའི་དོན་དུ་བཞེངས་སོ་ཅོག་ཐམས་ཅད། ངོ་བོ་སྐྱེ་མེད་ཆོས་སྐུར་གནས་མཉམ། རྣམ་པ་མ་འགགས་གཟུགས་སྐུར་སྣང་མཉམ། རྩོལ་མེད་ཐུགས་རྗེ་གདུལ་བྱའི་ཞིང་ལ་འཇུག་མཉམ། འཁོར་བ་དོང་ནས་སྤྲུག་པའི་མཛད་འཕྲིན་མཉམ་པོར་འཇུག་པའི་ཆོས་ཉིད་ཅན་ཡིན་པས་ན་དེའི་ཚུལ་ལ་ངེས་ཤེས་སྐྱེ་དགོས་ཤིང་། གནད་དེ་ལྟ་བུས་ཟིན་ན་སྐུ་གཟུགས་རྡོག་གཅིག་བཞེངས་སམ། ཆོས་ཚིག་བཞི་གཅིག་འབྲི་ཀློག་བྱེད་པའམ། དགེ་སློང་གཅིག་ལ་ཆོས་སྟོན་གསོལ་ནའང་ཕྱོགས་བཅུའི་བདེ་བར་གཤེགས་པའི་སྐུ་དང་གསུང་རབ་དམ་པའི་ཆོས་མ་ལུས་མི་ལུས་ལུས་པ་མེད་པ་མཐའ་དག་བཞེངས་པ་དང་མཆོད་པ་སོགས་ཀྱི་བསོད་ནམས་ཀྱི་ཚོགས་འདུམ་པར་གསུངས་ཏེ། སྒྱུ་མ་མཁན་བཟང་པོས་ཞུས་པའི་མདོ་ལས། བཟང་པོ་རྒྱལ་བ་གཅིག་ལ་མཆོད་བྱེད་ན། །ཕྱོགས་བཅུའི་སངས་རྒྱས་ལ་ནི་མཆོད་འགྱུར་ཏེ། །འདི་ལྟར་དེ་དག་ང་ཡི་ཆོས་དབྱིངས་དང་། །ཐ་དད་བྱ་བ་ནམ་ཡང་ཡོད་མ་ཡིན། །དེ་དག་ཐམས་ཅད་ཡོན་བཞེས་སྦྱོང་བར་མཛད། །ཀུན་ལ་ཕུལ་བའང་འབྲས་བུ་ཆེ་བར་འགྱུར། །དེ་ཀུན་ཆོས་ཉིད་དག་ལ་མཉམ་པ་བརྙེས། །སངས་རྒྱས་རྣམས་ལ་ཐ་དད་བྱ་བའང་མེད། །ཅེས་དང་། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ནི། དེ་བཞིན་གཤེགས་པ་གཅིག་ལ་ཕྱག་བྱས། བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས། བསྙེན་བཀུར་བྱས་ནས་འདི་ལྟར་སོ་སོར་རྟོག་པར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་དབྱིངས་གཅིག་ལས་ངེས་པར་འབྱུང་བ་དང་། ཚུལ་ཁྲིམས་གཅིག་པ་དང་། ཏིང་ངེ་འཛིན་གཅིག་པ་དང་། ཤེས་རབ་གཅིག་པ་དང་། རྣམ་པར་གྲོལ་བ་གཅིག་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་གཅིག་པ་དང་། ཡེ་ཤེས་གཅིག་པ་དང་། རིགས་གཅིག་པ་ཡིན་ནོ་ཞེས་སོ་སོར་རྟོག་པར་བྱེད་དོ། །དེས་དེ་ལྟར་སོ་སོར་བརྟགས་ནས་འདི་ལྟར་ཤེས་པར་བྱེད་དེ། དེ་བཞིན་གཤེགས་པ་གཅིག་ལ་ཕྱག་བྱས། བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས། བསྙེན་བཀུར་བྱས་པས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་པ་ནས། བསྙེན་བཀུར་བའི་བར་བྱས་པར་འགྱུར་རོ། །སྙམ་དུ་ཤེས་པར་བྱེད་དོ་ཞེས་སོགས་དང་། ཡང་། གང་གི་ཚེ་བློ་རྟུལ་བར་གྱུར་ན་ཡང་། བདག་ཉིད་ཁྱད་དུ་གསོད་པར་མི་བྱེད་ཅིང་། ཞུམ་པར་མི་བྱེད་པར་དེ་ཐ་ན་ཚིགས་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ལའང་འཇུག་པར་བྱེད་ཅིང་འདིའི་དོན་གང་ཡིན་པ་དེ་ནི་གསུང་རབ་ཏུ་གཏོགས་པ་ཐམས་ཅད་ཀྱི་དོན་ཡིན་ནོ་ཞེས་སོ་སོར་རྟོག་པར་བྱེད་དོ། །སོགས་རྒྱ་ཆེར་གསུངས་པ་བཞིན་ཤེས་པར་བྱའོ། །དེ་ལྟ་བུའི་ཚུལ་ལ་བསམས་ནས་དྭངས་འདོད་ཡིན་ཆེས་ཀྱི་དད་པ་བརྟན་པོ་བསྐྱེད་པ་ནི་ངེས་པར་སྔོན་དུ་འགྲོ་དགོས་ཏེ། མདོ་རྒྱ་ཆེ་རོལ་པ་ལས། དད་པ་ནི་ཆོས་སྣང་བའི་སྒོ་སྟེ་བསམ་པ་མི་ཕྱེད་པར་འགྱུར་རོ། །དྭངས་པ་ནི་ཆོས་སྣང་བའི་སྒོ་སྟེ་སེམས་རྙོགས་པ་ཅན་དྭངས་པར་འགྱུར་རོ། །མཆོག་ཏུ་དགའ་བ་ནི་ཆོས་སྣང་བའི་སྒོ་སྟེ་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ཞེས་སོགས་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་ཀྱི་ཐོག་མར་གསུངས་པ་དང་། བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་སྔོན་དུ་འགྲོ་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། དད་པའི་དབང་པོ་སྔོན་དུ་འགྲོ་བ་དང་། བསམ་པ་སྔོན་དུ་འགྲོ་བ་དང་། ལྷག་པའི་བསམ་པ་སྔོནདུ་འགྲོ་བ་དང་། ཕ་རོལ་དུ་ཕྱིན་པ་སྔོན་དུ་འགྲོ་བ་དང་། བྱམས་པ་ཆེན་པོ་སྔོན་དུ་འགྲོ་བ་དང་། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་དང་། སེམས་ཀྱི་རྟེན་སྔོན་དུ་འགྲོ་བ་དང་། བསྡུ་བའི་དངོས་པོ་སྔོན་དུ་འགྲོ་བ་དང་། སངས་རྒྱས་ཀྱི་ཆོས་འདོད་པ་སྔོན་དུ་འགྲོ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདོད་པ་སྔོན་དུ་འགྲོ་བ་སྟེ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིིན་པའི་ཕ་རོལ་དུ་ཕྱིན་པ་འདིའི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་བཅུའོ། །ཞེས་དང་པོར་འདྲེན་པར་མཛད་པ་དང་། མ་དྲོས་པས་ཞུས་པའི་མདོ་ལས། དད་པ་དཀར་པོའི་ཆོས་རྣམས་ཀྱི། །སྔོན་དུ་འགྲོ་དང་བསྐྱེད་པར་བྱ། །སྡུག་བསྔལ་མཐར་འབྱིན་འདོད་པ་དང་། བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱས་ནས། །བྱང་ཆུབ་ལ་ནི་བློ་བརྟན་བྱ། །ཞེས་དང་། ཆོས་བཅུ་པ་ལས། གང་གི་འདྲེན་པ་ངེས་འབྱུང་ལ། །དད་པ་ཐེག་པའི་མཆོག་ཡིན་ཏེ། །དེ་ཕྱིར་བློ་དང་ལྡན་པའི་མིའི། །དད་པའི་རྗེས་སུ་འབྲང་བ་བསྟེན། །མ་དད་པ་ཡི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་དང་། ཕལ་ཆེན་བཟང་པོ་དཔལ་གྱི་ལེའུ་ལས་གསུངས་པ་ཉིད་སླར་ཡང་དཀོན་མཆོག་ཏ་ལ་ལའི་གཟུངས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སུ་གསུངས་པ། བྱང་ཆུབ་ཡོན་ཏན་གནས་ཀྱི་སེམས་སྐྱེ་བ། །རྒྱུ་མེད་མ་ཡིན་གྱི་ན་མ་ཡིན་གྱི། །རྒྱལ་དང་རྒྱལ་བའི་ཆོས་དང་དགེ་འདུན་དང་། །དད་དང་དྭངས་པ་བསྐྱེད་ན་སེམས་སྐྱེ་སྟེ། །ཞེས་པ་ནས། རྒྱལ་བ་ཀུན་དང་ཆོས་དང་དེ་བཞིན་དུ། །འཕགས་པའི་ཚོགས་ལ་རྟག་ཏུ་དད་པ་དང་། །དྭངས་ཤིང་མོས་དང་གུས་པ་རབ་བསྐྱེད་ནས། །བླ་མ་གུས་པར་མཆོད་ཕྱིར་སེམས་དེ་སྐྱེ། །རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་ལ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐྱེ་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །དད་པའི་སྟོབས་ཀྱིས་མི་བདག་གྱུར་པ་རྣམས། །བསམ་ཡས་རྒྱ་ཆེན་མཆོད་པས་མཆོད་བྱས་ཤིང་། །ཆོས་དང་དེ་བཞིན་མི་ཕྱེད་དགེ་འདུན་ལ། །བསམ་ཡས་མཆོད་པས་མཆོད་ན་སེམས་སྐྱེའོ། །དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་བའི་གྲོང་ཁྱེར་མཚོན་པ་ཡིན། །དད་པ་རྙོག་པ་མེད་ཅིང་སེམས་དྭངས་བྱེད། །ང་རྒྱལ་སྤངས་ཤིང་གུས་པའི་རྩ་བ་ཡིན། །དད་པ་གཏེར་དང་ནོར་དང་རྐང་པའི་མཆོག །ལག་པ་བཞིནདུ་དགེ་སྡུད་རྩ་བ་ཡིན། །དད་པ་ཡོངས་སུ་བཏང་ལ་དགའ་བར་བྱེད། །དད་པ་རྒྱལ་བའི་ཆོས་ལ་རབ་དགའ་སྐྱེད། །དད་པ་ཡོན་ཏན་ཡེ་ཤེས་ཁྱད་པར་བྱེད། །སངས་རྒྱས་གོ་འཕངསྟོན་ཅིང་ཐོབ་པར་བྱེད། །དབང་པོ་རྣོ་ཞིང་རབ་ཏུ་གསལ་བར་བྱེད། །དད་པའི་སྟོབས་ལ་གཞན་གྱིས་མི་བརྫི་ཞིང་། །ཉོན་མོངས་རྣམ་པར་སེལ་བའི་གཞི་རྟེན་ཡིན། །དད་པ་རང་འབྱུང་ཡོན་ཏན་རྣམས་ཀྱང་འཚོལ། །དད་པ་ཆགས་པའི་སྒོ་ནས་ཆགས་པ་མེད། །མི་དལསྤངས་པ་དལ་བའི་མཆོག་གཅིག་ཡིན། །དད་པས་བདུད་ཀྱི་ལམ་ལས་འདའ་བྱེད་ཅིང་། །ཐར་པའི་ལམ་མཆོག་སྟོན་པར་བྱེད་པ་ཡིན། །ཡོན་ཏན་ཞིང་གི་ས་བོན་མ་རུལ་བ། །དད་པ་བྱང་ཆུབ་ཤིང་ནི་རྣམ་པར་བསྐྱེད། །ཡེ་ཤེས་ཁྱད་པར་ཡོན་ཏན་འཕེལ་བ་བྱེད། །དད་པ་རྒྱལ་བ་ཐམས་ཅད་སྟོན་པ་ཡིན། །དད་པས་མོས་པའི་ཁྱད་པར་དགའ་རྣམས་ཀྱིས། །དེ་ལ་སྤྱོད་པ་རིམ་གྱིས་བརྗོད་པར་བྱ། །དེ་འདྲའི་ཆོས་ནི་འཇིག་རྟེན་རབ་དཀོན་ཏེ། །རྒྱ་མཚོའི་ནང་ན་རིན་ཆེན་རྒྱལ་པོ་བཞིན། །ཞེས་དང་། གང་དག་རྟག་ཏུ་སངས་རྒྱས་དད་གུས་པ། །དེ་དག་རྒྱལ་ལ་མཆོད་པ་རྒྱ་ཆེན་བྱེད། །གང་དག་རྒྱལ་ལ་མཆོད་པ་ཆེ་བྱེད་པ། །དེ་དག་སངས་རྒྱས་དད་པ་བསམ་མི་ཁྱབ། །གང་དག་རྟག་ཏུ་ཆོས་ལ་དད་གུས་པ། །དེ་དག་རྒྱལ་བར་ཆོས་ཉན་ངོམས་པ་མེད། །གང་དག་རྒྱལ་བའི་ཆོས་ཉན་མི་ངོམས་པ། །དེ་དག་ཆོས་ལ་མོས་པ་བསམ་མི་ཁྱབ། །གང་དག་རྟག་ཏུ་དགེ་འདུན་དད་གུས་པ། །དེ་དག་མི་ལྡོག་དགེ་འདུན་དད་པ་ཡིན། །གང་དག་མི་ལྡོག་དགེ་འདུན་རབ་དད་པ། །དེ་དག་དད་པའིསྟོབས་ཀྱིས་ལྡོག་མི་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། གསང་བ་བསམ་མི་ཁྱབ་པའི་མདོ་ལས། དད་པ་དང་ལྡན་ན་སངས་རྒྱས་མཐོང་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་ལས་མི་ཉམས་ཤིང་། གང་དུ་སྐྱེ་བར་ཡང་དེ་དང་མི་འབྲལ་བར་འགྱུར་རོ། །ཞེས་དང་། དད་པ་དང་ལྡན་པ་ནི་སངས་རྒྱས་རྣམས་ཀྱི་སྤྱན་སྔརསྐྱེས་ནས་དགེ་བ་གང་ཡིན་པ་ཡོངས་སུ་འཚོལ་བ་ལ་བརྩོན་པས་ཁྱིམ་དང་ཆུང་མ་དང་བུ་མོ་ལ་སོགས་པ་དོན་དུ་མི་གཉེར་བར། གཞོན་པ་ནའང་རྩེ་བ་ལ་མི་དགའ་བས། དད་པས་རབ་ཏུ་བྱུང་སྟེ་དགེ་བའི་བཤེས་གཉེན་བསྟེན་ཞིང་། དགེ་བའི་བསམ་པས་ཆོས་ཉན་པ་དངསྒྲུབ་པ་ནན་ཏན་སྙིང་པོར་བྱེད་ཅིང་ཚིག་ལྷུར་ལེན་པར་མི་བྱེད་དོ། །དེ་མང་དུ་ཐོས་པ་ལ་བརྩོན་པར་བྱེད་ཅིང་། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱང་ཟང་ཟིང་ལ་མི་བལྟ་བར་སྙིང་རྗེས་གཞན་ལ་སྟོན་པར་བྱེད་དོ། །ཞེས་དང་། རྒྱ་མཚོས་ཞུས་པ་ལས། དད་པ་ནི་སངས་རྒྱས་ལ་སོགས་པ་ལ་མོས་པའི་སྟོབས་དང་། ལས་དང་རྣམ་པར་སྨིན་པ་ལ་ཡིད་ཆེས་པས་འཇུག་པའི་སྟོབས་དང་། བྱང་ཆུབ་ཀྱི་སེམས་མི་འདོར་བའི་སྟོབས་དང་ཡི་དམ་ཉམས་སུ་ལེན་པའི་སྟོབས་དང་། མི་དགེ་བ་ཐམས་ཅད་སྤངས་ཏེ་ཉེས་པར་བྱས་པ་ཐམས་ཅད་བཟོད་པའི་སྟོབས་དང་ལྡན་པ་ཐོབ་བོ། །ཞེས་དང་། ཟླ་བའི་སྙིང་པོའི་མདོ་ལས། དཀོན་མཆོག་ལ་ངེས་པར་སེམས་པའི་དད་པ་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །ཞེས་གསུངས། དེས་ན་སློབ་དཔོན་དཔའ་བོས། དད་པའི་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལམ་སྣ་འདྲེན། །ཞེས་དང་། རིན་ཆེན་ཕྲེང་བ་ལས། དད་པ་ཅན་ཕྱིར་ཆོས་ལ་བརྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་གསུངས། མདོར་ན་ཀུན་མཁྱེན་ཆོས་རྗེས། རྒྱལ་བ་རྣམས་ནི་དུས་གསུམ་བཞུགས་གྱུར་པས། །སྐྱེ་དགུ་རྣམས་ལ་ཉིན་མཚན་རྟག་ཏུ་གཟིགས། །ཕན་བདེའི་ལམ་ལ་འགོད་པའི་འཕྲིན་ལས་མཛད། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །བདེ་གཤེགས་གཟུགས་བརྙན་ཐམས་ཅད་བཟོ་སྤྲུལ་བ། །རྒྱལ་བས་བྱིན་བརླབས་འགྲོ་ཀུན་མཆོད་པའི་ཞིང་། །བེམ་པོ་གཞན་དང་འགྲན་དུ་ཡོད་མ་ཡིན། །དད་པའི་རང་བཞིན༴ཆོས་སྐལ་དམ་པ་བསྐལ་དོན་གཞན་དེ་ཡང་། །དམ་པ་རྣམས་ཀྱི་གསུང་དང་ཐུགས་ལ་གནས། །བསྟན་པའི་རང་བཞིན་འགྲོ་ལ་མངོན་གྱུར་བས། །དད་པའི་རང་བཞིན༴གླེགས་བམ་ཡི་གེའི་གཟུགས་ཀྱང་སྤྲུལ་པར་གསུངས། །ལེགས་པའི་ལམ་སྟོན་བླང་དོར་མིག་འབྱེད་པའི། །འགྲོ་བའི་དཀར་པོ་རྣམ་བར་འཕེལ་བྱེད་ཡིན། །དད་པའི་རང་བཞིན༴དགེ་འདུན་རང་བཞིན་རྒྱ་མཚོ་ལྟ་བུ་སྟེ། །ཚུ་རོལ་མཐོང་བ་རྣམས་ཀྱི་བརྟག་བྱ་མིན། །ལྷར་བཅས་འགྲོ་ཀུན་བསོད་ནམས་ཞིང་གི་མཆོག །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །ཅེས་པ་ནས། གང་ལ་དད་པ་མེད་ན་ཆོས་སྐལ་བྲལ། །འཕགས་པའི་རིགས་ཉམས་ཐར་ལམ་བྱང་ཆུབ་མེད། །སྲིད་མཚོར་འཁྱམས་ཤིང་རྟག་ཏུ་བདེ་བས་ཕོངས། །དད་པ་ནོར་རྣམས་ནང་ནས་རིན་པོ་ཆེ། །འདི་ཕྱིའི་ལེགས་པ་གང་ཡིན་ཆར་འབེབས་པས། །ཀླུ་དབང་ཡིད་བཞིན་དབང་བའི་མཆོག་ལས་འཕགས། །དད་པ་ཟས་རྣམས་ནང་ནས་བདེ་བའི་ཟས། །ཏིང་འཛིན་ཡིད་བཞིན་དགའ་བ་སྐྱེད་པས་ན། །འདོད་པའི་བཟའ་བཏུང་ཀུན་ལས་ཁྱད་པར་འཕགས། །དད་པ་གོས་རྣམས་ནང་ནས་མཆོག་གི་གོས། །ངོ་ཚ་ཁྲེལ་ཡོད་བག་དང་རབ་ལྡན་པས། །ལྷ་མིའི་གོས་མཆོག་དམ་པས་ཆར་མི་ཕོད། །དད་པ་རྒྱན་རྣམས་ནང་ནས་མཛེས་པའི་མཆོག །ཡོན་ཏན་རང་བཞིན་སྐྱེ་བོ་དམ་པ་མཚོན། །རྒྱལ་བས་བསྔགས་ཤིང་འཇིག་རྟེན་གསུམ་གྱིས་བསྟོད། །དད་པ་གནས་རྣམས་ནང་ནས་ཀུན་གྱི་མཆོག །དམ་པའི་བསྟི་གནས་ཡིད་བཞིན་མཚུངས་པ་མེད། །ལྷ་མིའི་ཁང་བཟང་མཆོག་རྣམས་ཀུན་ལས་འཕགས། །དད་པ་གྲོགས་རྣམས་ནང་ནས་མཆོག་གི་གྲོགས། །ཚེ་རབས་བགྲངས་ཀྱང་རྟག་ཏུ་འབྲལ་མི་ཤེས། །སྐྱོ་ངལ་མེད་པས་རྟག་ཏུ་ཕན་བདེ་བྱེད། །དད་པ་འཁོར་རྣམས་ནང་ནས་ཉེ་བའི་འཁོར། །རྨི་ལམ་ན་ཡང་བདག་གི་རྗེས་སུ་བྱེད། །ཅི་འདོད་སྒྲུབ་པས་དགེ་བའི་ལས་སུ་བྱེད། །དད་པ་གཉེན་རྣམས་ནང་ནས་ཉེ་བའི་གཉེན། །ལེགས་པ་སྟོན་ཅིང་ཉེས་པ་འགོག་པ་དང་། །དགེ་བའི་ཕྱོགས་ལ་གྲོགས་དང་དོན་བྱེད་པ། །དད་པ་བཤེས་རྣམས་ནང་ནས་མཛའ་བའི་བཤེས། །མཆོག་ཏུ་ཉེ་ཞིང་རང་སྣང་ཆོས་ལ་བསྒྱུར། །བདེ་སྡུག་ཀུན་གྱི་དུས་སུ་སྡང་བས་ན། །དད་པའི་རང་བཞིན་བཟང་པོ་བསྐྱེད་པར་མཛོད། །དད་པ་མགོན་རྣམས་ནང་ནས་སྐྱབས་ཀྱི་མཆོག །ངན་འགྲོ་འགོག་ཅིང་མཐོ་རིས་དགའ་བདེ་སྟེར། །འཁོར་བ་སྤངས་ཤིང་མྱ་ངན་འདས་ལ་འགོད། །དད་པ་སྟོན་པའི་ནང་ནས་རླབས་པོ་ཆེ། །གང་ཞིག་ཡོད་པས་ལེགས་ཚོགས་ཀུན་བསྒྲུབས་ནས། །མཐར་ཐུགས་རྒྱལ་བའི་འབྱོར་པས་མཛེས་པར་བྱེད། །དད་པ་ཆོས་རྣམས་ནང་ནས་རྩ་བ་སྟེ། །དམ་པ་རྣམས་ཀྱི་ལམ་སྲོལ་ཤིང་རྟ་ཆེ། །འདི་ཕྱིར་ལེགས་པཀུན་གྱི་གཞི་ཡིན་པས། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །ཅེས་དང་། དད་པའི་རང་བཞིན་ས་གཞི་བཟང་པོ་འདྲ། །ཆོས་ཀུན་གཞིར་གྱུར་དགེ་ཚོགས་རྣམ་འཕེལ་བྱེད། །དད་པ་གཟིངས་འདྲ་སྲིད་པའི་ཆུ་བོ་སྒྲོལ། །སྐྱེལ་མ་དང་འདྲ་བདུད་དང་ཉོན་མོངས་སྐྱོབ། །བཞོན་པ་དང་འདྲ་ཐར་པའི་གླིང་དུ་འདྲེན། །ནོར་བུའི་རྒྱལ་བཞིན་ཅི་བསམ་འགྲུབ་པ་སྟེ། །དཔའ་བོ་དང་འདྲ་སྡིག་ཏོ་ཟིལ་གྱིས་གནོན། །ཚོགས་བསགས་དམ་པ་རྣམས་ཀྱི་ནོར་མཆོག་ལགས། །ཞེས་གསུངས་པ་བཞིན་ཤེས་པར་བྱའོ། །བཀྲ་ཤིས་གང་ཞིག་དཀར་ཕྱོགས་ལྷ་ཡིས་སྐྱོབ། །བདེ་བར་གཉིད་ལོག་བདེ་བར་སད་པ་དང་། །འཆི་བའི་ཚེ་ན་རབ་དགའ་ཐོབ་པ་ཡི། །ངོ་མཚར་འདི་འདྲ་དད་པ་ཅན་ལ་ཡོད། །ཚེ་རབས་ཀུན་ཏུ་མི་ཁོམ་མིང་མི་གྲགས། །མཐུན་འགྱུར་ཡུལ་གནས་སྐྱེས་བུ་དམ་པས་ཟིན། །བདག་ཉིད་ལེགས་སྨོན་སྔོན་ཡང་བསོད་ནམས་བསགས། །འཁོར་ལོ་བཞིའི་འབྱོར་དད་པ་ཅན་ལ་ཡོད། །སངས་རྒྱས་ཆོས་ཚོགས་གཏོང་དང་ཚུལ་ཁྲིམས་ལྷ། །རྗེས་དྲན་ངོ་མཚར་གཟའ་སྐར་གཟུགས་བརྙན་མང་། །སྡིག་སེམས་རྙོག་མས་སླད་མིན་ཀུན་གཞིའི་མཚོར། །རྟག་པར་འཆར་བའང་དད་པ་ཅན་ལ་ཡོད། །མཆོག་གསུམ་ཡོན་ཏན་བསམ་མི་ཁྱབ་པའི་གཏེར། །ཐོས་པས་རབ་དྲངས་མི་ལྡོག་མོས་པའི་དཔུང་། །བདུད་ཚོགས་བྱེ་བས་གཙེས་ཀྱང་ཕྱེད་མིན་པ། །འདི་འདྲའི་དཔལ་ཡང་དད་པ་ཅན་ལ་ཡོད། །རྣམ་ཀུན་མི་བསླུ་རྒྱུ་འབྲས་ཚད་མའི་ལུང་། །ཐོས་པས་ཡིད་ཆེས་སྲོག་གི་ཕྱིར་དུ་ཡང་། །སྡིག་ལ་མི་འཇུག་དགེ་ལ་ངང་གིས་སྦྱོར། །སྐལ་བཟང་འདི་འདྲ་དད་པ་ཅན་ལ་ཡོད། །ཐེག་མཆོག་རིགས་སད་ཟབ་མོའི་སྤོབས་པ་དགེ། །སྲིད་ལ་མི་འཇིགས་ཞི་མཐར་ཞེན་པ་མེད། །བསྐལ་མང་རྫོགས་སྨིན་སྦྱངས་པ་རྒྱ་མཚོ་ལ། །འཇུག་པར་བྱེད་ནུས་དད་པ་ཅན་ལ་ཡོད། །དོན་བརྒྱུད་བྱིན་རླབས་འཕོས་པའི་ཁྱད་པར་གྱིས། །རྟོགས་གྲོལ་དུས་མཉམ་ལྕགས་ལ་གསེར་རྩི་བཞིན། །ཚེ་གཅིག་གདོད་གཞིའི་གྲོལ་སར་སྙོགས་པ་ཡང་། །དད་པའི་འབྲས་བུ་ཡིན་གྱི་གཞན་གྱིས་མིན། །དེ་སླད་རྒྱལ་བ་རྣམས་ཀྱི་རབ་བསྔགས་ཤིང་། །རིག་འཛིན་གྲུབ་མཆོག་བྱེ་བ་གཤེགས་པའི་ཤུལ། །དད་གསུམ་ཤིང་རྟའི་ཁ་ལོ་ལེགས་བསྒྱུར་ནས། །དོན་གཉིས་འབྱོར་པའི་གྲོང་ཁྱེར་སྙེགས་མཛོད་ཀྱེ། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་ཐོག་མར་དགེ་བ་ཀླད་ཀྱིད་དོན་མདོ་ཙམ་སྨྲོས་ཟིན་ཏོ། །

གཉིས་པ་བར་དུ་དགེ་བ་གཞུང་གི་དོན་དངོས་བཤད་པ།

གཉིས་པ་བར་དུ་དགེ་བ་གཞུང་གི་དོན་དངོས་བཤད་པ་ལ་བཞི། རྟེན་གསུམ་བཞེངས་པའི་ཕན་ཡོན་སྤྱིར་བསྟན། བསམ་སྦྱོར་དག་པའི་ཁྱད་པར་བྱེ་བྲག་ཏུ་སྨོས། མཆོད་པ་དང་བཀུར་སྟི་བགྱིས་པའི་ཕན་ཡོན་འཕྲོས་དོན་དང་བཅས་ཁྱད་པར་དུ་བཤད། དགེ་རྩ་གང་བགྱིས་བྱང་ཆུབ་ཏུ་བསྔོ་བའི་ཚུལ་བདེན་ཚིག་སྨོན་ལམ་དང་བཅས་པས་མཐའ་བརྒྱན་པའོ། །

རྟེན་གསུམ་བཞེངས་པའི་ཕན་ཡོན་སྤྱིར་བསྟན་པ།

དེ་ལ་དང་པོ་རྟེན་གསུམ་བཞེངས་པའི་ཕན་ཡོན་སྤྱིར་བསྟན་པ་ནི། ཆོ་འཕྲུལ་རྣམ་པར་བསྟན་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་མང་ངོ་། །སེམས་ཅན་གྱི་བསམ་པ་ཇི་ལྟ་བུ་དང་། ཇི་ལྟར་འདུལ་བ་དང་། དགེ་བའི་རྩ་བ་ཇི་ལྟ་བུ་དང་། སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་ཀྱི་སྤྱོད་པ་མཁྱེན་ནས་ཆོས་སྟོན་ཏེ། སེམས་ཅན་ཁ་ཅིག་ནི་བྱང་ཆུབ་སེམས་དཔས་འདུལ། ཁ་ཅིག་ནི་ཉན་ཐོས་གྱིས་འདུལ། ཁ་ཅིག་ནི་རང་སངས་རྒྱས་ཀྱིས་འདུལ། ཁ་ཅིག་ནི་ལྷས་འདུལ། ཁ་ཅིག་ནི་བརྒྱ་བྱིན་གྱིས་འདུལ། ཁ་ཅིག་ནི་ཚངས་པས་འདུལ། ཁ་ཅིག་ནི་ཀླུས་འདུལ། ཁ་ཅིག་ནི་རྫུ་འཕྲུལ་ཆེན་པོས་འདུལ། ཁ་ཅིག་ནི་རྒྱལ་པོས་འདུལ། ཁ་ཅིག་ནི་ཏིང་ངེ་འཛིན་གྱིས་འདུལ། ཁ་ཅིག་ནི་ཆོས་ཉན་པས་འདུལ། ཁ་ཅིག་ནི་ཆོ་འཕྲུལ་གྱིས་འདུལ། ཁ་ཅིག་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པས་འདུལ། ཁ་ཅིག་ནི་རིང་བསྲེལ་གྱིས་འདུལ། ཁ་ཅིག་ནི་མཆོད་རྟེན་བྱེད་དུ་འཇུག་པ་དང་། གཙུག་ལག་ཁང་དང་འཆག་པ་དང་། སྐྱེད་མོས་ཚལ་བྱེད་དུ་གཞུག་པའི་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་སྐུ་གཟུགས་བྱེད་དུ་གཞུག་པ་དང་། རི་མོ་དང་། གསེར་དང་། དངུལ་དང་། ར་གན་གྱི་སྐུ་གཟུགས་བྱེད་དུ་གཞུག་པའི་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་དགེ་སློང་གི་དགེ་འདུན་ལ་མཆོད་པ་དང་བཀུར་སྟི་བྱ་བས་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་མདོ་སྡེ་འདྲི་བ་དང་། །འདྲིར་གཞུག་པ་དང་བཀླག་པ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་མར་མེ་དང་། སྤོས་དང་། མེ་ཏོག་དང་། དྲི་དང་ཕྲེང་བ་དང་། བྱུག་པ་དང་། དོ་ཤལ་ལ་སོགས་པས་བརྒྱན་པ་ལ་སྤྲོ་བ་སྐྱེད་པས་འདུལ་བ་ཡིན་ཏེ། དོན་དམ་པ་མཁས་པའི་ཆོས་དང་ལྡན་པ་དང་། མྱ་ངན་ལས་འདས་པའི་ཆོས་དང་ལྡན་པ་ནི་མ་ཡིན་ནོ། །ཞེས་དང་། ཁྱད་པར་འཕགས་བསྟོད་ལས། གཅེར་བུ་ཀུན་དགའ་ར་བ་སོགས། །བརྩིགས་པ་སྡིག་པའི་རྒྱུ་ཡིན་ཟེར། །ཐམས་ཅད་མཁྱེན་པ་ཁྱོད་ཀྱིས་ནི། །དེ་ཉིད་བསོད་ནམས་གཞི་རུ་གསུངས། །ཞེས་དང་། དེའི་འགྲེལ་པར། བརྒྱ་བྱིན་གཙུག་ལག་ཁང་གི་ཕྱིར། །ས་ནིསྦྱིན་པ་གཏོང་བྱེད་པ། །ཚངས་པའི་བསོད་ནམས་རབ་སྐྱེད་དེ། །མཐོ་རིས་དག་ཏུ་བསྐལ་བར་དགའ། །ཞེས་མདོ་ལུང་དྲངས་པ་དང་། ལུང་རྣམ་འབྱེད་ལས། ཀུན་དགའ་ར་བ་གཙུག་ལག་ཁང་། །མལ་སྟན་འཚོ་བ་ནར་མ་དང་། །གློ་བུར་ནད་པའི་ནད་གཡོག་དང་། །ཡུལ་ངན་ཚེ་ན་སྦྱིན་པ་ནི། །རྫས་ལས་བྱུང་བའི་བསོད་ནམས་བདུན། །ཞེས་གསུངས་པ་ལྟར་རྫས་ལས་བྱུང་བའི་བསོད་ནམས་ཀྱི་གཙོ་བོ་ཡང་དགེ་འདུན་གྱི་སྡེ་དང་། དེར་གཙུག་ལག་ཁང་དང་། སྐུ་གཟུགས་དང་། གླེགས་བམ་དང་། མཆོད་རྟེན་བཞེངས་པ་རྣམས་ཡིན་པས་ན་དམ་པ་རྣམས་ཀྱི་ཕྱག་ལེན་དུ་མཛད་པས། དེ་ལ་གཙུག་ལག་ནི་རྒྱལ་བའི་གསུང་རབ་ཀྱི་མིང་གི་རྣམ་གྲངས་ཏེ། དེ་གཙོ་བོར་གྱུར་པའི་རྟེན་གསུམ་བཞུགས་གནས་ལ་གཙུག་ལག་ཁང་ཞེས་བྱ་སྟེ། དེ་ལྟ་བུའི་རྟེན་དང་བརྟེན་པར་བཅས་པ་ཇི་སྲིད་ནམ་གནས་གྱི་བར་དུ་གང་གིས་མཐོང་བ་ཙམ་གྱིས་སེམས་དྭངས་པ་བསྐྱེད་ཅིང་རྒྱུད་ལ་ཐར་པའི་ས་བོན་འཇོག་པར་མཛད་པས་དོན་ཆེན་པོ་དང་འབྲེལ་བ་དང་། དེར་མ་ཟད་སངས་རྒྱས་ལ་དམིགས་ཏེ་ཚོགས་བསགས་པ་ནི་འགྲན་ཟླ་ཀུན་དང་བྲལ་བ་སྟེ། སྙིང་རྗེ་པདྨ་དཀར་པོ་ལས། ཀུན་དགའ་བོ། ང་ལྟ་བུ་ལ་གནས། ང་ལྟ་བུ་ལ་བརྟེན་ཏེ་ཡོན་ཕུལ་བ་དེའི་བསོད་ནམས་ཀྱི་དཔེར་བྱ་བ་ཡང་སླ་བ་མ་ཡིན་ནོ། །ཞེས་དང་། ཕལ་པོ་ཆེ་ལས། རྩ་སྐམ་སྤུངས་པ་རི་བོའི་མཆོག་ཙམ་ཡོད་གྱུར་ཀྱང་། །མེ་མདག་ཡུངས་འབྲུ་ཙམ་གྱིས་དེ་ཉིད་འཚིག་འགྱུར་ཏེ། །དེ་བཞིན་བདེ་གཤེགས་རྣམས་ལ་མཆོད་པ་གཅིག་བྱས་ཀྱང་། །ཉོན་མོངས་ཐམས་ཅད་ཚིག་བྱེད་མྱ་ངན་འདས་གྱུར་འགྱུར། །རི་བོ་ཁ་བ་ཅན་ལ་མཐོང་ལེགས་སྨན་ཡོད་དེ། །དེ་ཉིད་མཐོང་ཞིང་ཐོས་པས་ནད་རྣམས་ཞི་བར་བྱེད། །དེ་བཞིན་སྟོབས་བཅུ་རྣམས་ནི་མཐོང་ངམ་ཐོས་གྱུར་ཀྱང་། །ཡོན་ཏན་ཀུན་ལྡན་སངས་རྒྱས་ཡེ་ཤེས་ཐོབ་པར་འགྱུར། །ཞེས་དང་། ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་ནས། གང་ཞིག་སངས་རྒྱས་མཆོག་ནི་ཡིད་ལ་མོས། །དེ་བཞིན་དད་མོས་གུས་པས་གསོལ་འདེབས་དང་། །ཕྱག་འཚལ་བསྐོར་བ་སོ་སོ་མ་ཡིན་པས། །ཅི་ལྟར་བྱས་ཀྱང་སངས་རྒྱས་སྐུ་ལ་འཁོར། །དེ་བཞིན་མཆོད་པ་དང་ནི་བསྟོད་པ་དང་། །དགེ་བ་གང་བྱས་འབྲས་བུ་ཆུད་མི་ཟོས། །ཞེས་གསུངས་པའི་ཚུལ་ལ་དྲན་པ་ཉེ་བར་བཞག་ནས་རིམ་པ་བཞིན་བརྗོད་པ་ལ་ལྔ་ལས།

དང་པོ་རྟེན་གཙུག་ལག་ཁང་བཞེངས་པའི་ཕན་ཡོན།

དང་པོ་རྟེན་གཙུག་ལག་ཁང་བཞེངས་པའི་ཕན་ཡོན་ནི། ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པའི་གཏམ་ལས། མི་དབང་དུས་ནི་ཐམས་ཅད་དུ། །ཉམས་དགའ་བ་ཡི་ཁང་བཟང་མཆོག །རོལ་མོའི་གནས་ཀྱི་ཉམས་དགའ་བར། །འཚོ་ཞིང་རྒྱལ་བའི་སྒྲ་སྒྲོགས་ཤིང་། །བཙུན་མོའི་འཁོར་དང་རོལ་བྱེད་པའི། །གྲང་བ་སེལ་བའི་ཁང་པ་ནི། །ཕྱོགས་བཞི་ནས་ནི་བྱོན་པ་ཡི། །དགེ་འདུན་བཞུགས་གནས་ཕུལ་བས་ཡིན། །ཐུབ་པ་འཕགས་པའི་དགེ་འདུན་བཅས། །གཙུག་ལག་ཁང་གི་དོན་དུ་ནི། །ཚིག་གིས་རབ་ཏུ་བསྐུལ་བ་དང་། །ཚོགས་པ་ཡིས་ནི་གྲོས་བྱེད་ཅིང་། །ངེས་པར་དུས་སུ་འགྲོ་བྱེད་པ། །གཉིད་ལོག་པའམ་ལངས་པ་ན། །བསོད་ནམས་རྒྱུ་ནི་ཚད་མེད་འཕེལ། །ཤེས་རབ་སྙིང་རྗེའི་མཚོན་ཆ་ཡིས། །ཕྱིན་ཅི་ལོག་གི་རི་བཅོམ་ནས། །ས་དང་བཅས་པའི་ཁང་བཟང་འགྱུར། །དགེ་འདུན་ལ་ནི་ཡོ་བྱད་དང་། །ལོངས་སྤྱོད་བཟང་པོ་དང་བཅས་པ། །གཙུག་ལག་ཁང་ནི་གང་ཞིག་བྱེད། །རྣམ་པར་རྒྱལ་བའི་ཁང་བཟང་ནི། །རིན་ཆེན་མཆོག་གི་རང་བཞིན་གྱིས། །རྩིག་པ་ཀ་བ་གདུང་ལྡན་པར། །མཛེས་དང་ལྷན་ཅིགདུས་ཀུན་དུ། །དེ་ནི་ལྷ་ཡི་འཇིག་རྟེན་འདིར། །ཡུན་རིང་དུ་ནི་མངོན་པར་དགའ། །དཔལ་དང་ལྡན་པའི་བླ་བྲེ་དང་། །སྣ་ཚོགས་ཀྱི་ནི་གོས་ཀྱིས་སྤྲས། །ཁང་བཟང་མཆོག་གི་འོད་འཕྲོ་བར། །ཡང་དག་གནས་པར་གྱུར་པ་ནི། །ཡོན་ཏན་ཚོགས་ལྡན་ཕུལ་བ་ཡིས། །བརྒྱ་བྱིན་གྱི་ནི་ཁང་བཟང་མཆོག །རྣམ་པར་རྒྱལ་བྱེད་འཐོབ་པ་ཡིན། །ཞེས་གསུངས་སོ། །

གཉིས་པ་བརྟེན་པ་སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་པའི་ཕན་ཡོན།

གཉིས་པ་བརྟེན་པ་སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་པའི་ཕན་ཡོན་ནི། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ལེའུ་ལས། སའམ། རྡོ་ཐལ་ལམ། ཤིང་ངམ། རྡོའམ། ར་གན་ནམ། ལྕགས་སམ། གསེར་རམ། དངུལ་ལམ། བཻཌཱུཪྱའམ། ཤེལ་ལམ། མུཀྟིཀ་དམར་པོའམ། རྡོའི་སྙིང་པོའམ། སྤུག་གམ། དུང་ངམ། མེན་ཤེལ་ལམ། སྤོས་སམ། རས་སམ། ཤིང་ལེབ་བམ། རྩིག་ངོས་ལ། དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པར་བྱ། རལ་བ་གསོ་བར་བྱ། གྲུམ་པ་བཅོས་པར་བྱས་ཏེ་དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་ན་རིགས་དམའ་བ་ཐམས་ཅད་དང་། སྡིག་པ་བྱེད་པའི་རིགས་རྣམས་དང་། ལོག་པར་ལྟ་བའི་རིགས་སུ་མི་སྐྱེ། ཡན་ལག་ཀྱང་མ་ཚང་བར་མི་འགྱུར་རོ། །གལ་ཏེ་མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང་དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ་སྐུ་གཟུགས་བྱས་ན། སེམས་ཅན་དམྱལ་བ་མྱོང་བ་ཆུང་ངུ་མྱོང་སྟེ། ཐེག་པ་གསུམ་གང་ཡང་རུང་བས་ངེས་པར་འབྱུང་བར་འགྱུར་རོ། །དཔེར་ན་མི་ཞིག་མི་གཙང་བ་རེག་པ་ལ་རབ་ཏུ་དག་པར་བསྐྲུས་ཏེ་སྤོས་ཀྱིས་བྱུགས་ན་དྲི་མི་ཞིམ་པ་དེ་མེད་པར་འགྱུར་རོ། །དེ་བཞིན་དུ་མཚམས་མེད་པ་བྱས་པ་དེའི་སྡིག་པ་ཡང་མེད་པར་འགྱུར་རོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་ཡང་དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ་སྐུ་གཟུགས་བྱས་ན་དེའི་སྡིག་པ་དེ་ཇི་ལྟར་མེ་ཡི་ཕུང་པོས་མར་ཚིག་སྟེ་དུ་བ་ཡང་མི་མངོན་པ་བཞིན། དེའི་སྡིག་པ་དེ་ཡང་མི་སྣང་བར་འགྱུར་རོ། །ཞེས་དང་། དམ་པའི་ཆོས་པདྨ་དཀར་པོ་ལས། ལ་ལས་དེར་ནི་རིན་ཆེན་གཟུགས་བྱས་པ། །སུམ་བཅུ་རྩ་གཉིས་མཚན་དང་ལྡན་པའི་གཟུགས། །གང་གིས་དེ་ཕྱིར་བྱས་པ་དེ་དག་ཀྱང་། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ལ་ལས་དེར་ནི་རིན་ཆེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་དང་མཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །རོ་ཉེ་དང་ནི་ལྕགས་སམ་ས་ཡང་རུང་། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ཏེ། །ལྟ་ན་སྡུག་པ་འཇིམ་པའི་ལས་བྱེད་བཅུག །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །གང་གི་རྩིག་ངོས་གཟུགས་ཀྱི་རི་མོ་དག །བསོད་ནམས་བརྒྱ་མཚན་ཡོངས་སུ་རྫོགས་པའི་སྐུ། །བདག་གིས་བྲིས་སམ་འདྲི་རུ་བཅུག་ཀྱང་རུང་། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །སྐྱེས་བུ་དག་གམ་འོན་ཏེ་གཞོནནུའང་རུང་། །གང་དག་ལ་ལས་དེ་ནི་སློབ་པའི་ཚེ། །རྩེད་མོ་དགའ་དང་བསང་བར་བྱེད་པ་ན། །རྩིག་ངོས་སེན་མོ་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་འགྱུར་ཏེ། །དེ་དག་ཐམས་ཅད་སྙིང་རྗེ་ཅན་དུ་འགྱུར། །ཐམས་ཅད་ཀྱང་ནི་སྲོག་ཆགས་བྱེ་བ་སྒྲོལ། །བྱང་ཆུབ་སེམས་དཔའ་མང་པོ་ཡང་དག་འཛུད། །ཅེས་དང་། འདི་ན་རྒྱལ་བའི་སྐུ་གཟུགས་བྱེད་པ་ནི། །གཟུགས་དང་སྐལ་བཟང་ཡོན་ཏན་ཉེ་བར་ལྡན། །དེ་ནི་དབང་པོ་སྦས་དང་ཉི་མའི་འོད། །འཇིག་རྟེན་ཀུན་གྱིས་མཐོང་ན་དགའ་བར་འགྱུར། །བདེ་བར་གཤེགས་པའི་སྐུ་གཟུགས་བཞེངས་པ་ནི། །དེ་ཡི་ལུས་ནི་དྲི་མ་མེད་པ་དང་། །ནད་དང་འཇིགས་དང་མྱ་ངན་སྡུག་བསྔལ་བྲལ། །པདྨའི་ནང་བཞིན་འཇམ་དང་ཡངས་པར་འགྱུར། །འདི་ནི་རྒྱལ་བའི་སྐུ་གཟུགས་བྱེད་པ་གང་། །བྲན་དུ་མི་འགྱུར་དབུལ་པོའི་རང་བཞིན་མིན། །ལས་བྱེད་མ་ཡིན་སྐྱེ་བ་དམན་པར་མིན། །ཞེས་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། གང་ཞིག་སྟོན་པ་མི་མཆོག་གཟུགས་བྱེད་པ། །རས་འདྲི་རྩིག་ངོས་འདྲིའམ་གསེར་ལས་བྱས། །དེ་ཡི་ཆོས་ཀྱི་ཁྱད་པར་གང་ཡིན་པ། །དེ་དག་མ་ལུས་རབ་ཏུ་བསྟན་གྱིས་ཉོན། །དེ་ནི་བལྟར་མིན་ལོང་བར་ཞར་མི་འགྱུར། །རྒུར་བོར་མི་འགྱུར་ཡན་ལག་མི་སྡུག་མིན། །དེ་ནི་གཟུགས་དང་ལྡན་ཞིང་ཁ་དོག་ལྡན། །སུམ་ཅུ་རྩ་གཉིས་མཚན་གྱི་གོ་ཆར་འགྱུར། །ལུས་ནི་རྣམ་པར་དག་ཅིང་ཁྱད་པར་འཐོབ། །སྤོབས་པ་འཐོབ་ཅིང་སྒྲ་སྙན་ཡིད་དུ་འོང་། །ཤེས་བཞིན་ལྡན་ཞིང་འཇིག་རྟེན་ཀུན་གྱི་གཙོ། །དེ་མཐོང་སེམས་ཅན་བདེ་ཞིང་དགའ་བར་འགྱུར། །སྡིག་བྱེད་མི་འགྱུར་ཞེ་སྡང་མེད་སེམས་ལྡན། །གཡོ་མེད་མི་རྐུ་རྒྱལ་པོ་འཁྲུག་མི་བྱེད། །མཐུ་དང་ལྡན་ཞིང་དབང་ཆེ་གྲགས་པར་འགྱུར། །བྱམས་ལ་གནས་ཤིང་མི་དམན་སེམས་དང་ལྡན། །འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །དེ་ནི་མཆོག་གྱུར་སྐྱེ་བོ་མང་མཆོད་འོས། །བློ་ལྡན་ཕྱུག་ཅིང་དེ་ཉིད་རྒྱ་ཆེར་ལྡན། །དབང་ལྡན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། །འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །ལྷ་ཡི་དབང་པོ་དབང་ཕྱུག་དབང་ཐོབ་པ། །ལྷུན་པོའི་ཟོམ་ན་དབང་ཐོབ་བརྒྱ་བྱིན་འགྱུར། །བདག་པོ་ལྷུན་པོའི་ཟོམ་ན་རྒྱལ་སྲིད་སྟོན། །དེ་ནི་བྲན་དང་བློ་གྲོས་མི་ལྡན་མིན། །དེ་ནི་རྟོགས་མོས་ཤེས་རབ་ཚང་བར་འགྱུར། །འཇིག་རྟེན་ཀུན་ན་དབུགས་ཕྱིན་ཐོབ་འགྱུར་ཏེ། །འདི་ནི་ཡེ་ཤེས་ལྡན་ཞིང་དམྱལ་བ་སྤངས། །སེམས་ཅན་སྙིང་པོ་མཚུངས་མེད་མཆོད་བྱས་ན། །དུད་འགྲོའི་སྐྱེ་གནས་གཤིན་རྗེའི་ཡུལ་མི་འགྲོ། །ངན་སོང་གསུམ་པོ་དེས་ནི་རྣམ་སྤངས་ཏེ། །བདག་དེར་ཕྱིས་མི་སྐྱེ་བར་ཤེས་པར་འགྱུར། །འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །དབང་ལྡན་དབང་ཕྱུག་ཉིད་ཀྱི་ལྷར་འགྱུར་ཏེ། །མི་དམན་དགའ་བའི་སེམས་ཀྱིས་སངས་རྒྱས་མཆོད། །རྒྱལ་བ་མཆོག་གི་བསྟན་ལ་དད་པར་འགྱུར། །ཚངས་པའི་འཇིག་རྟེན་དབང་ཐོབ་ཚངས་པར་འགྱུར། །ཡིད་འོང་ཤིནཏུ་མཛེས་པའི་སྤོས་ངད་ལྡན། །འཛམ་བུའི་ཀླུང་གསེར་འོད་བྱེད་དགའ་འགྱུར་བའི། །གཞལ་མེང་ཁང་མཆོག་ལྟ་སྡུག་ཐོབ་པར་འགྱུར། །དེ་ནི་དེད་དཔོན་སྟོབས་བཅུ་ལྡན་པ་པོ། །སེམས་ཅན་སྙིང་པོ་མཚུངས་འདྲ་མེད་པ་འཐོབ། །ཁ་དོག་མཐའ་ཡས་འཇིག་རྟེན་ཀུན་ཏུ་གསལ། །གསེར་སྟེང་རིན་ཆེན་བཻཌཱུཪྱ་དང་མཚུངས། །ཞེས་དང་། ཏིང་འཛིན་རྒྱལ་པོའི་མདོ་ལས། སངས་རྒྱས་སྐུ་གཟུགས་ཤིན་ཏུ་མཛེས་པ་དག །རིན་ཆེན་བྱི་དོར་ལེགས་པར་བྱས་པ་ཡང་། །ལྟ་ན་སྡུག་ཅིང་ཤིན་ཏུ་མཛེས་པར་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་ཐོབ། །དེ་བཞིན་གསེར་དག་དང་ནི་དངུལ་དག་དང་། །ཙནྡན་གྱི་ནི་སྐུ་གཟུགས་བཟང་པོ་དག །མཛེས་ཤིང་ཤིན་ཏུ་ལྟ་ན་སྡུག་པར་གྱིས། །རིང་པོར་མི་ཐོགས༴འཇིམ་པ་དང་ནི་དེ་བཞིན་རྡོ་བ་དང་། །ཤིང་ལ་རི་མོར་བྲིས་པའི་སྐུ་གཟུགས་ཀྱང་། །མཛེས་ཤིང་ཤིན་ཏུ་ལྟ་ན་སྡུག་པ་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་ཐོབ། །ཅེས་དང་། གསལ་རྒྱལ་གྱིས་ཞུས་པའི་ཚིགས་སུ་བཅད་པ་ལས། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བར། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་འཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་འཐོབ། །སུ་དག་འདིར་ནི་རྒྱལ་བའི་གཟུགས་བྱེད་པ། །དེ་དག་གཟུགས་བཟང་ཡིད་འོང་ཡོན་ཏན་ལྡན། །དབང་པོ་བསྡམས་ཤིང་འོད་འབར་ཉི་མ་བཞིན། །འཇིག་རྟེན་དག་ན་མིག་ཏུ་སྡུག་པར་འགྱུར། །སུ་དག་བདེ་བར་གཤེགས་པའི་གཟུགས་བྱེད་པ། །དེ་ཡི་ལུས་ནི་དྲི་མ་མེད་པ་དང་། །པདྨའི་སྙིང་པོ་ལྟ་བུར་འཇམ་ཞིང་ཡངས། །ནད་དང་མྱ་ངན་སྡུག་བསྔལ་འཇིགས་ལས་ཐར། །སུ་ཞིག་འཇིག་རྟེན་མགོན་པོའི་གཟུགས་བྱེད་པ། །བྲན་དུ་མི་སྐྱེ་མངག་གཞུག་སྐྱེས་མི་འགྱུར། །དབུལ་པོར་མི་འགྱུར་རིགས་དམན་མི་འགྱུར་ཞིང་། །དབང་པོ་རྣམས་ཀྱང་ཉམས་པར་ཡོངས་མི་འགྱུར། །ཞེས་དང་། དྲི་མ་མེད་པས་ཞུས་པའི་མདོ་ལས། སངས་རྒྱས་མཆོག་གཟུགས་པདྨ་མཆོག་བཞུགས་བྱེད་དུ་འཇུག །ཆུ་སྐྱེས་མེ་ཏོག་ལག་པས་བཀང་སྟེ་འབུལ་བར་བྱེད། །ཕ་རོལ་དག་ལ་དགའ་བ་སྐྱེད་པའི་ཚིག་ཀྱང་སྨྲ། །དགའ་བར་བྱེད་ལ་མངོན་པར་བརྩོན་པའི་སྐྱོན་མི་འཛིན། །སེམས་ཅན་ཀུན་ལ་ཕན་ཕྱིར་བསོད་ནམས་ཡོངས་སུ་བསྔོ། །ཐུབ་མཆོག་རྣམས་ཀྱི་སངས་རྒྱས་བྱང་ཆུབ་སྒྲུབ་པ་ཤེས། །སངས་རྒྱས་གསུངས་པའི་ཡོན་ཏན་འདི་བཞི་བསྟེན་ན་ནི། །རྒྱལ་བ་མཆོག་རྣམས་དྲུང་དུ་རྫུས་ཏེ་སྐྱེ་བར་འགྱུར། །ཞེས་དང་། དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་བསྟན་པ་ལས་ཕན་ཡོན་ཆེན་པོ་ལྔ་གསུངས་པ། གཞལ་ཡས་ཁང་གནས་གྲགས་བཟང་སྤྲོ་བ་མང་། །ཚེ་རིང་གྲགས་ལྡན་བདེ་མང་དང་པོའོ། །ཕྱུག་ཅིང་ནོར་མང་ཡོ་བྱེད་ལོངས་སྤྱོད་ཆེ། །འབྲུ་ནོར་གཉེན་ཕྱུགས་བྲན་མང་གཉིས་པའོ། །གཟུགས་བཟང་མདོག་མཛེས་རྒྱན་ལྡན་གསུམ་པ་སྟེ། །འཁོར་ལོས་སྒྱུར་རྒྱལ་ཉིད་འགྱུར་བཞི་པའོ། །ལྷ་རྒྱལ་ཁྱད་པར་ཅན་དུ་སྐྱེས་ནས་ཀྱང་། །ཚེ་སོགས་གནས་བཅུར་དབང་བྱེད་ལྔ་པའོ། །ཞེས་དམ་པ་སྔ་མ་རྣམས་ཀྱིས་བསྡོམས་སུ་བསྡུས་པ་དང་། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ་བུ་མོ་གཞན་གང་ལ་ལ་ཞིག་སངས་རྒྱས་ཀྱི་སྐུ་གཟུགས་གཅིག་རི་མོར་བྲིས་པ་འདི་ནི་བསོད་ནམས་གྲངས་མེད་པར་བསྐྱེད་དོ། །ཞེས་དང་། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་མཐུ་བོ་ཆེའི་ལུས་ཀུན་ནས་མཛེས་པ་འདི་ནི་སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་པ་དང་། མཆོག་རྟེན་ཞིག་པ་བཅོས་པ་དང་། གཞན་འཇིགས་པ་ལས་དབུགས་དབྱུང་བ་དང་། སེམས་ཅན་མི་འདུམ་པའི་སྡུམ་པ་བྱས་པས་གྲུབ་སྟེ། ཞེས་འབྱུང་བ་དང་། ཚོང་དཔོན་སྤོབས་པའི་བློ་གྲོས་ཀྱིས་ཞུས་པ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་འཇུག་པ་དང་། མདོའི་དོན་འཆད་ཉན་བགྱིད་པ་དང་། བྱམས་པ་སྒོམ་པ་དང་། མཁན་སློབ་ལ་གུས་ཤིང་རིམ་གྲོ་བྱེད་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་ལ་རང་ཉིད་བརྩོན་ཞིང་གཞན་དག་དེ་ལ་བཀོད་པའི་ཆོས་ལྔ་པོ་དང་ལྡན་ན་ཚེ་རབས་ཀུནཏུ་མཆོག་གསུམ་དང་མི་འབྲལ་ཞིང་། སངས་རྒྱས་རྣམས་མཇལ་ཞིང་དམ་པའི་ཆོས་ཐོས་པ་དང་། ཅི་འདོད་པའི་ཕུན་སུམ་ཚོགས་པ་ཐོབ་ཅིང་མཐར་གྱིས་བྱང་ཆུབ་བརྙེས་པར་འགྱུར་བར་གསུངས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆེ་བ་ལས། སངས་རྒྱས་མཐོང་བ་དང་མི་འབྲལ་བའི་ཆོས་བརྒྱད་གྱི་ཡ་གྱལ་གཅིག་སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་པ་ལ་བཤད་པ་དང་། དཀོན་མཆོག་ཏ་ལའི་མདོ་ལས། སྐུ་གཟུགས་མཆོད་རྟེན་བྱས་པ་དང་། དེ་མཐོང་བ་དང་། དེ་ལ་མར་མེ་སོགས་ཀྱིས་མཆོད་པས་འོད་ཟེར་གྱི་ཁྱད་པར་མཐའ་ཡས་པ་འགྲུབ་པའི་རྒྱུར་གསུངས་པ་དང་། འཕགས་པ་དོན་དམ་རྣམ་པར་ངེས་པའི་མདོ་ལས། དེ་བཞིན་གཤེགས་པའི་སྐུ་སྲེད་མེད་ཀྱི་བུ་ལྟ་བུར་ཀུན་ནས་མཛེས་པ་འདི་ནི། སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་པ་དང་། མཆོད་རྟེན་ཞིག་པ་བཅོས་པ་དང་། གཞན་དག་འཇིགས་པ་དག་ལས་དབུགས་དབྱུང་བར་བྱས་པས་མངོན་པར་གྲུབ་བོ། །ཞེས་གསུངས་པ་སོགས་ཤིན་ཏུ་མང་ཞིང་། སློབ་དཔོན་དཔའ་བོས་མཛད་པའི་སྐུ་གཟུགས་ཀྱི་གཏམ་ལས། སངས་རྒྱས་སྐུ་གཟུགས་བཞེངས་གསོལ་བ། །དང་པོར་མྱ་ངན་སེལ་བར་བྱེད། །རྩོད་པ་ཀུནསྤངས་མཐོང་ན་དགའ། །སྐལ་ལྡན་གཏེར་ཚོགས་དཔལ་དང་ལྡན། །ལུས་སྟོབས་ལྡན་ཞིང་སྙན་པར་སྨྲ། །གཟི་བརྗིད་ལྡན་ཞིང་གཟུགས་མཛེས་ལ། །གསུང་རབ་ཀུན་ལ་མཁས་འགྱུར་ཞིང་། །དབང་པོའི་རྟ་ནི་ཐམས་ཅད་ཐུལ། །བློ་ལྡན་གཏོང་དང་ལྡན་པར་འགྱུར། །བཅོམ་ལྡན་སྐུ་གཟུགས་མཆོད་རྟེན་ལ། །ཕྲ་རབ་རྡུལ་ནི་ཇི་སྙེད་སོང་། །དེ་སྙེད་ས་འོག་ས་སྟེང་འདིར། །དེ་སྙེད་རྒྱལ་པོར་ངེས་པར་འགྱུར། །གཟུགས་དང་གཟུགས་མེད་ཏིང་འཛིན་འགྲུབ། །ཐམས་ཅད་བདེ་བ་མ་ལུས་སྤྱོད། །ཐ་མར་སྐྱེ་དགུའི་རྒུད་སངས་ནས། །དེ་དག་བྱང་ཆུབ་གོ་འཕང་ཐོབ། །བདེ་གཤེགས་སྐུ་གཟུགས་བཞེངས་གསོལ་བ། །མཚན་བཟང་གིས་མཚན་འཁོར་ལོས་སྒྱུར། །སུམ་ཅུ་རྩ་གཉིས་ལུས་མཛེས་ཐོབ། །ངེས་པར་དགྲ་འཇོམས་རྒྱལ་བར་འགྱུར། །དབང་པོ་རྣམས་ནི་མ་ཚང་མེད། །དཔལ་ལྡན་ངན་འགྲོ་རྣམས་ལས་རིང་། །མི་ཡི་རིགས་སུ་སྐྱེ་འགྱུར་ཞིང་། །ངག་ནི་བཙན་པ་ཉིད་དུ་འགྱུར། །སྐྱེ་བར་ཐོས་དང་དྲན་ལྡན་བརྟན། །མངོན་པར་འདོད་སར་འབྱུང་འགྱུར་ཞིང་། །གནས་ལ་མངོན་པར་དད་པ་དང་། །འདོད་ཆགས་སོགས་ཀྱིས་གནོད་པ་མེད། །འདི་རྒྱལ་རྫོགས་པའི་བྱང་ཆུབ་ཀྱི། །ཁྱད་ལེགས་པ་ཡི་གཞུང་ལ་བརྟེན། །གང་འདི་རྒྱལ་བའི་སྐུ་གཟུགས་བཞེངས། །སངས་རྒྱས་སྐུའམ་མཆོད་རྟེན་ནམ། །བཞེངས་བྱེད་སྲོག་དང་ལྡན་པ་དེ། །བྲན་དང་དབུལ་པོར་མི་སྐྱེ་ཞིང་། །མངག་གཞུག་པར་མིན་རིགས་དམན་མིན། །ཞེས་དང་། གཞན་ཡང་སེམས་ཅན་རྣམས་ལ་ཉིན་རེ་བཞིན། །བསྐལ་པ་གདྒཱའི་བྱེ་མ་སྙེད། །ལྷ་ཡི་ཞལ་ཟས་བྱིན་པ་བས། །དགེ་བསྙེན་གཅིག་ལ་ཟས་གཅིག་བྱིན། །དེ་བས་བསོད་ནམས་གྲངས་མེད་སྐྱེད། །དགེ་སློང་དད་པའི་རྗེས་འབྲང་དང་། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་། །དགྲ་བཅོམ་རང་རྒྱལ་བརདུ་སྦྱར། །ལ་ལས་ཕྱོགས་བཅུའི་རྡུལ་སྙེད་ཀྱི། །རང་རྒྱལ་རྣམས་ལ་ཉིན་རེ་བཞིན། །བསྐལ་པ་གདྒཱའི་བྱེ་མ་སྙེད། །ལྷ་ཡི་ཟས་གོས་བྱིན་པ་བས། །གང་གིས་སངས་རྒྱས་སྒྲ་ཐོས་སམ། །སངས་རྒྱས་སྐུ་གཟུགས་བྲིས་པའམ། །འཇིམ་པ་ལས་བྱས་མཐོང་བ་ཡང་། །དེ་བས་བསོད་ནམས་ཆེས་ལྷག་ན། །སྐུ་མཐོང་ཐལ་མོ་སྦྱར་བའམ། །བསྔགས་པ་ཚིག་གཅིག་ཙམ་བརྗོད་དམ། །མཆོད་པ་བྱེད་པ་ལྟ་ཅི་སྨྲོས། །ཞེས་གསུང་པ་དང་། བསླབ་བཏུས་ལས་ཀྱང་། མི་མཇེད་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་འདོད་ཡོན་ལྔའི་སྦྱིན་པ་བྱིན་པ་བས། དགེ་བསྙེན་རྣམ་དག་གཅིག་ལ་བསྙེན་བཀུར་བ་བསོད་ནམས་ཆེས་ཁྱད་པར་དུ་འཕགས་སོ། །དེ་ཐམས་ཅད་ལས་ནི་དགེ་ཚུལ་གཅིག་ལའོ། །དེ་ཐམས་ཅད་ལས་ནི་དགེ་སློང་གཅིག་ལའོ། །དེ་ཐམས་ཅད་ལས་རྡོ་རྗེ་འཛིན་པ་གཅིག་ལའོ། །དེ་ཐམས་ཅད་བསྙེན་བཀུར་བ་ལས་ནི་སྐུ་གཟུགས་མཚན་ཉིད་དང་ལྡན་པ་ཚོན་གང་བ་ཞིག་བཞེངས་པ་བསོད་ནམས་ཆེས་ཁྱད་པར་འཕགས་སོ། །ཞེས་གསུངས་པ་སོགས་ལུང་མཐའ་ཡས་ཏེ་ཞིབ་པར་མདོ་དང་བསླབ་བཏུས་སོགས་ལས་ཤེས་པར་བྱའོ། །

གསུམ་པ་ཐུགས་རྟེན་དུ་བདེ་བར་གཤེགས་པའི་རིང་བསྲེལ་ཅན་གྱི་མཆོད་རྟེན་བཞེངས་པའི་ཕན་ཡོན་བསྟན་པ།

གསུམ་པ་ཐུགས་རྟེན་དུ་བདེ་བར་གཤེགས་པའི་རིང་བསྲེལ་ཅན་གྱི་མཆོད་རྟེན་བཞེངས་པའི་ཕན་ཡོན་བསྟན་པ་ནི། འཕགས་པ་རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་ལས། ཀུན་དགའ་བོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་གྱི་བུའམ་རིགས་གྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ་རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལསསྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ། ཁབ་ཙམ་གྱིས་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱིས་གདུགས་བྱས་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུང་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན། དེ་ནི་དེ་བས་བསོད་ནམས་ཆེའོ་ཞེས་ང་སྨྲའོ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་ཡེ་ཤེས་དཔག་ཏུ་མེད་པ། དེ་བཞིན་དུ་སྦྱར་ཏེ། །ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཚད་མེད་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་དྲན་པ་ཉེ་བར་བཞག་པ་མ་འདྲེས་པ་གསུམ་དང་སྙིང་རྗེ་ཆེན་པོས་དཔག་ཏུ་མེད་པ་སྟེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཞེས་དང་། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། ཕྱོགས་བཞིའི་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་དང་གནས་ཁང་བརྩིགས་པ་དང་། དགྲ་བཅོམ་པ་རྣམ་ཐར་བརྒྱད་དང་ལྡན་པསསྟོང་གསུམ་གྱི་སྟོང་ཆེན་པོ་འདི་འདམ་བུའི་ཚལ་ལྟར་གང་བ་དེ་དག་བཅིངས་པ་ལྔས་བཅིངས་པ་ལ། མཐུ་ཆེན་པོ་དང་ལྡན་པའི་གང་ཟག་ཞིག་གིས་བཅིངས་པ་བཀྲོོལ་ནས་ལོ་བརྒྱ་སྟོང་གི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་མཆོད། དེ་དག་མྱ་ངན་ལས་འདས་པའི་རིང་བསྲེལ་ལ་ལྷ་ཡི་ཡོ་བྱད་སྣ་ཚོགས་ཀྱིས་རབ་ཏུ་མཆོད་པའི་བསོད་ནམས་ཀྱིས་ཀྱང་། སངས་རྒྱས་ཀྱི་རིང་བསྲེལ་གྱི་ཕྱིར་མཆོད་རྟེན་བརྩིགས་པའི་བསོད་ནམས་ཀྱི་ཕུང་པོ་ལ་བྱེ་བ་བརྒྱསྟོང་དཔེ་དང་རྒྱུའི་ཆར་ཡང་མི་འགྲོ་བར་གསུངས་པ་དང་། དམ་ཆོས་པད་དཀར་ལས། རྒྱལ་བ་མྱ་ངན་འདས་པ་དེ་དག་གི། །རྒྱལ་བའི་རིང་བསྲེལ་དག་ལ་སུས་མཆོད་ཅིང་། །རིན་ཆེན་མཆོད་རྟེན་སྟོང་ཕྲག་དུ་མ་དག །གསེར་དང་དངུལ་དང་འོན་ཏེ་ཤེལ་གྱིའམ། །རྡོ་ཡི་སྙིང་པོའི་མཆོད་རྟེན་གང་གིས་བྱས། །བཻཌཱུཪྱ་མཆོག་དེ་བཞིན་ཨནྡ་སྙིལ། །ལ་ལས་མུ་ཏིག་ཀེ་ཀེ་རུ་ལས་བྱས། །དེ་དག་གིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །གང་གིས་མཆོད་རྟེན་རྡོ་ལས་བྱས་པ་དང་། །དེ་བཞིན་ཨ་ག་རུ་དང་ཙནྡན་ནམ། །གང་གིས་ཐང་ཤིང་མཆོད་རྟེན་བྱས་པ་དང་། །ལ་ལས་ཤིང་མང་གཞན་ལས་བྱས་པ་དང་། ས་དང་སོགས་ཕག་ལས་ནི་བརྩེགས་པ་ཡི། །རྒྱལ་བའི་མཆོད་རྟེན་དགའ་ཞིང་བྱས་པ་དང་། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང་། །མྱ་ངན་དགོན་པ་དག་ཏུ་བྱས་པ་དང་། །བྱིས་པ་རྩེད་མོར་དེ་དང་དེ་དག་ཏུ། །གང་ཕྱིར་རྒྱལ་བ་དེ་དག་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོ་བྱས་ན་ཡང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་འཐོབ་པར་འགྱུར། །ཞེས་དང་། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། ཐུབ་དབང་མཆོད་རྟེན་བྱེད་པའི་མི་རྣམས་ནི། །མྱ་ངན་ཡོངས་མེད་ལུས་ཀུན་བརྟན་པ་དང་། །ལོངས་སྤྱོད་མཆོག་ལྡན་རིན་ཆེན་མཛོད་མང་ལྡན། །དགྲ་ཡི་ཚོགས་རྣམས་ཀྱང་ནི་ཐུབ་པར་གྱུར། །རྒྱལ་བའི་མཆོད་རྟེན་སྲོག་ཤིང་ཕུལ་བ་ཡིས། །ཆོས་དང་རྗེས་མཐུན་ཆོས་ལ་སྒྲུབ་པ་དང་། །ཚུལ་ཁྲིམས་ཐོས་དང་བཟོད་པའི་མཆོག་དང་ལྡན། །འཇིག་རྟེན་དག་ན་དོན་ཀུནགྲུབ་པར་འགྱུར། །མཆོད་རྟེན་མཆོག་ལ་གདུགས་བརྩེགས་ཕུལ་བ་ཡིས། །ལྷ་དང་མི་ཡི་ནང་ན་སྐྱེ་བ་དང་། །སྲེད་མེད་བུ་ཡི་ལུས་འདྲ་ལུས་ཀུན་བརྟན། །བཀུར་སྟི་བྱ་བའི་ཡོན་ཏན་ལྡན་པར་འགྱུར། །གསེར་དངུལ་སྤ་བའི་གླེགས་མོས་གཡོགས་པ་ཡི། །ཐུབ་པའི་དབང་པོའི་མཆོད་རྟེན་བྱས་པ་ཡིས། །མི་རྣམས་སྲིད་པའི་ཁྱད་པར་གཞན་དག་ཏུ། །ལུས་མཁྲེགས་འོད་ཀྱང་འབར་ཞིང་མཛེས་པར་འགྱུར། །ཞེས་སོགས་ཕན་ཡོན་ཚད་མེད་པར་གསུངས་པ་དང་། མདོ་སྡེ་ལས་རྣམ་འབྱེད་ལས། རྒྱལ་པོའི་ཁྱིམ་དུ་སྐྱེ་བ་དང་། གཟུགས་བཟང་བ་དང་། མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་ནས། ནོར་མང་བ་དང་། ཚེ་རིང་བ་དང་། ལུས་རྡོ་རྗེ་ལྟར་སྲ་བ་དང་། མཚན་དཔེས་བརྒྱན་པ་དང་། མཐོ་རིས་སུ་སྐྱེ་བ་དང་། མྱུར་དུ་མྱ་ངན་ལས་འདའ་བར་འགྱུར་བའི་བར་གྱི་མཆོད་རྟེན་བཞེངས་པའི་ཕན་ཡོན་བཅོ་བརྒྱད་གསལ་བར་གསུངས་པ་དང་། གསང་བ་རིང་བསྲེལ་ཟ་མ་ཏོག་གི་གཟུངས་ལས། གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཞགས་པ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྙིང་པོ་རིང་བསྲེལ་གྱི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུངས་ཀྱི་སྙིང་པོ་གསང་བས་བྱིན་གྱིས་བརླབས་པའི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཏིལ་གྱི་གོང་བུ་སྙེད་དགུ་བཅུ་རྩ་དགུའི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་དང་། སྤྱན་གྱི་མཆོད་རྟེན་དུ་བྱིན་གྱིས་བརླབ་པར་འགྱུར་རོ། །ཞེས་སོགས་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། ཆོས་ཀྱི་རྣམ་གྲངས་འདིའི་མཐུ་དང་། བྱིན་གྱིས་བརླབས་དང་། བདེན་པ་དང་། དམ་ཚིག་གིས་བྱངཆུབ་ཀྱི་སྙིང་པོར་ཐུག་གི་བར་བྱིན་གྱིས་བརླབ་པར་འགྱུར་རོ། །སེམས་ཅན་གང་གིས་མཆོད་རྟེན་དེ་ལ་ཕུ་དུད་དང་བསྟི་བསྟང་བྱེད་པ་དེ་དག་ངེས་པར་ཕྱིར་མི་ལྡོག་པར་འགྱུར་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཕྱག་འཚལ་བ་གཅིག་དང་། སྐོར་བ་བྱེད་{པ་ཞུ་མཆན}གཅིག་གིས་མནར་མེད་པར་ཐུག་པ་ལ་སོགས་པ་རྣམས་ལས་ཡོངས་སུ་ཐར་བར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །གནས་གང་ན་མཆོད་རྟེན་ནམ་གཟུགས་བརྙན་འདི་ལྟ་བུ་གནས་པའི་ས་ཕྱོགས་དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་རོ། །ཞེས་དང་། མཆོད་རྟེན་བཞུགས་པའི་ཕྱོགས་དེར་རྒྱལ་ཆེན་སྡེ་བཞི་སོགས་ལྷ་དང་གནོད་སྦྱིན་ཐམས་ཅད་ཀྱིས་སྲུང་བ་དང་། ནད་རིམས་འཁྲུགས་རྩོད་སད་སེར་དུས་མིན་འཆི་བ་སོགས་གནོད་པ་གང་ཡང་མི་འབྱུང་བ་དང་། མཆོད་རྟེན་དངསྐུ་གཟུགས། ས་རྡོ་ཤིང་དང་གསེར་དངུལ་གང་ལ་བྱེད་ཀྱང་གཟུངས་འདི་བཞག་མ་ཐགཏུ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱིན་གྱིས་བརླབས་ཤིང་ཕྱོགས་ཀུན་ན་དེ་བཞིན་གཤེགས་པའི་གཟུགས་བརྙན་གནས་པར་འགྱུར་བ་སོགས་གསུངས། བྱང་ཆུབ་སྙིང་པོ་རྒྱན་འབུམ་གྱི་ཆོ་ག་ཞིབ་མོ་ལས། གང་ལ་ལ་ཞིག་གིས་བྱང་ཆུབ་སྙིང་པོ་རྒྱན་འབུམ་གྱི་གཟུངས་འདི་གྲོ་ག་ལ་བྲིས་ཏེ། ཕྱག་མཚན་གྱི་རྡོ་རྗེའི་ནང་དུ་བཅུག་པའམ། སྐུ་གཟུགས་ཀྱི་ནང་དུ་བཅུག་པའམ། ཁོག་པར་བྲིས་པའམ། ལྷ་ཁང་གི་གནྡྷོ་ལའི་ནང་དུ་བཅུག་པའམ། མཆོད་རྟེན་གྱི་ནང་དུ་བཅུག་ན། དེས་མཆོད་རྟེན་གཅིག་བྱས་པས་འབུམ་བྱས་པར་འགྱུར་རོ། །མཆོད་རྟེན་དེ་སྙེད་བཞེངས་པའི་བསོད་ནམས་ཐོབ་པར་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ངས་སྔར་དཔེ་དྲངས་ཏེ་བསྟན་པ་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཆོས་ཀྱི་སྐུའི་རིང་བསྲེལ་དང་། ཆོས་ཀྱི་དབྱིངས་ཀྱི་རིང་བསྲེལ་དང་། རུས་པའི་རིང་བསྲེལ་དང་། ཤ་ཡི་རིང་བསྲེལ། དེ་དག་ཐམས་ཅད་ལ་མཆོད་རྟེན་བྱས་པའི་བསོད་ནམས་འཐོབ་པར་འགྱུར་རོ། །ཞེས་སོགས་དང་། གསེར་དངུལ་ཟངས་ལྕགས་ས་རྡོ་ཤིང་དང་སྨན་འདམ་སོགས་མཆོད་རྟེན་སྐུ་གཟུགས་བྱས་པའམ། རི་མོར་བྲིས་པ་ལའང་གཟུངས་འདི་དར་རས་ཤོག་བུ་ལ་བྲིས་ཏེ་ནང་དུ་བཅུག་ནས། ཕྱག་མཆོད་བཀུར་སྟི་རིམ་གྲོ་བྱས་ན། སངས་རྒྱས་ཀྱི་མཁྱེན་པ་དང་འོད་ཟེར་གྱི་གཞལ་བ་དང་། སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་རིང་བསྲེལ་གྲངས་ཇི་སྙེད་པ་དང་། རྒྱ་མཚོ་ཆེན་པོའི་ཆུ་ཐིགས་ཀྱི་གྲངས་དང་མཉམ་པའི་མཆོད་རྟེན་དང་སྐུ་གཟུགས་བྱས་པར་འགྱུར་བ་དང་། དེ་སྙེད་ལ་ཕྱག་མཆོད་སྲི་ཞུ་བྱས་པའི་བསོད་ནམས་ཀྱི་འབྲས་བུ་ཐོབ་པར་གསུངས། འོད་ཟེར་དྲི་མེད་ཀྱི་གཟུངས་ལས། ཡང་གང་ལ་ལ་ཞིག་གིས་གསང་སྔགས་ཡི་གེར་བྲི་བ་གཞན་གྱི་མིང་ནས་སྨྲོས་ཏེ། མཆོད་རྟེན་གྱི་ནང་དུ་བཅུག་ལ་ནན་ཏན་དུ་མཆོད་པར་བྱས་ན་ཤི་བ་གང་ཡིན་པ་དེ་ངན་སོང་གི་གནས་ནས་ཐར་ཏེ་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །ཡང་ན་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ངན་སོང་དུ་ལྟུང་བར་མི་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་མཆོད་རྟེན་དེ་ལ་བསྐོར་བ་བྱས་སམ། ཕྱག་བྱས་སམ་མཆོད་པ་ཕུལ་ཡང་རུང་སྟེ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་མ་ལུས་པར་འབྱང་བར་འགྱུར་རོ། །ཐ་ན་བྱ་དང་རི་དྭགས་ལ་སོགས་ཏེ་གང་དག་ལ་མཆོད་རྟེན་དེས་གྲིབ་མ་ཕོག་པ་དེ་དག་ཀྱང་ནམ་ཡངདུད་འགྲོ་ལ་སོགས་པ་ངན་སོང་གི་གནས་སུ་སྐྱེ་བར་མི་འགྱུར་རོ། །གང་ལ་ལས་མཚམས་མེད་པ་ལྔའི་སྡིག་པ་ཆེན་པོ་དང་ལྡན་པ་ཡང་མཆོད་རྟེན་དེ་ལ་རེག་གམ། དེའི་གྲིབ་མ་ཕོག་ཀྱང་རུང་སྟེ། དེའི་སྡིག་པ་ཐམས་ཅད་བྱང་ཞིང་ཟད་པར་འགྱུར་རོ། །ཞེས་སོགས་དང་། འཇིགས་པ་གནོད་པ་ལྟས་ངན་བཀྲ་མི་ཤིས་པ་ཐམས་ཅད་ཞི་ཞིང་ཕྱིར་ལྡོག་པའི་ཚུལ་རྒྱ་ཆེར་གསུངས་ལ་སྲོག་ཤིང་གི་གསང་སྔགས་དགུ་བཅུ་རྩ་དགུ་གཞུག་པའི་ཡོན་ཏན་ཡང་། གང་ལ་ལ་ཞིག་གིས་འཇིམ་པ་ལས་མཆོད་རྟེན་ཆུང་ངུ་ཞིག་བྱས་ཏེ། དེའི་ནང་དུ་གསང་སྔགས་འདི་དག་བཅུག་ན་ཡང་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དགུ་ཁྲི་དགུ་སྟོང་བརྩིགས་པ་དང་འདྲའོ། །ཞེས་དང་། ཐ་ན་བྱ་དང་སྦྲང་མ་ལ་སོགས་པ་མཆོད་རྟེན་དེས་གྲིབ་མས་ཕོག་ན་ཡང་དེ་བཞིན་གཤེགས་པས་མཁྱེན་ཅིང་རྗེས་སུ་དགོངས་པར་མཛད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཅིང་ཕྱིར་མི་ལྡོག་པའི་ས་ལ་གནས་པར་ཡང་འགྱུར་རོ། །ཡང་གང་ལ་ལ་ཞིག་གིས་མཆོད་རྟེན་འདི་ལྟ་བུ་རྨི་ལམ་དུ་རྨིས་སམ། རྒྱང་ནས་མཐོང་ངམ། དྲིལ་བུའི་སྒྲ་ཐོས་སམ། མཆོད་རྟེན་བཞེངས་པ་རྣ་བར་གཏམ་ཐོས་པ་དེ་དག་ཀྱང་མཚམས་མེད་པ་ལྔ་སོགས་ཏེ། སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་སྟེ། རྟག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྲུང་བ་དང་། རྗེས་སུ་དགོངས་པར་མཛད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། །ཞེས་དང་། སྒྲིབ་སེལ་གཟུངས་སོགས་ལས་དེ་མཚུངས་གསུངས་ཤིང་། འདིའི་སྲོག་ཤིང་བཙུགས་པའི་ཆོ་ག་ཚུལ་བཞིན་བྱས་པའི་ཕན་ཡོན་ཀྱང་ངོ་མཚར་ཆེ་ཞིང་ཚད་མེད་པ་རྒྱས་པར་གསུངས་ནས། དེ་ལྟར་སེམས་ཐག་པ་ནས་ཆོ་ག་ཚུལ་བཞིན་དུ་བྱས་ན་ཡོན་ཏན་དེ་དག་དང་། གཞན་ཡང་མཆོད་རྟེན་དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་བྱས་པའི་བསོད་ནམས་ཐོབ་པར་འགྱུར་ཏེ། རིན་པོ་ཆེའི་རྣམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ལས་མཆོད་རྟེན་བྱས་པ་དང་འདྲ་བར་འགྱུར་ཏེ། དགེ་བའི་རྩ་བ་རྒྱ་ཆེན་པོ་དང་ལྡན་ཞིང་ལུས་རྣམ་པར་དག་ལ་ཚེ་རིང་ཞིང་ནད་མེད་པ་དང་། བགེགས་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །གང་གཞན་ལ་ལ་ཞིག་གིས་མཆོད་རྟེན་འདི་མཐོང་ངམ། མཆོད་རྟེན་དེའི་དྲིལ་བུའི་སྒྲ་ཐོས་ན་ཡང་ལས་ཀྱི་སྒྲིབ་པ་དང་། སྡིག་པ་ཐམས་ཅད་བྱང་བར་འགྱུར་ཏེ། མཚམས་མེད་པ་ལྔ་བྱས་པ་ཡང་ཡོངས་སུ་བྱང་ནས་འཆི་བའི་དུས་བྱས་པའི་འོག་ཏུ་བདེ་བ་ཅན་གྱི་འཇིག་རྟེན་དུ་སྐྱེའོ། །གང་ལ་ལ་ཞིག་གིས་མཆོད་རྟེན་དེའི་མིང་ཙམ་ཐོས་པ་ཡང་འཆི་བའི་དུས་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་འཐོབ་པར་འགྱུར། ཐ་ན་བྱ་དང་། རི་དྭགས་ལ་སོགས་པ་སེམས་ཅན་གང་གིས་མཐོང་བ་དེ་ཡང་ཚེ་འཕོས་ནས་དུད་འགྲོའི་སྐྱེ་གནས་སྤངས་ཏེ། བསོད་ནམས་དང་ལྡན་པའི་ལུས་ཐོབ་པར་འགྱུར་རོ། །ཞེས་སོགས་མཐའ་ཡས་པར་གསུངས། རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་ལས། སྤྱན་རས་གཟིགས་དབང་ཕྱུག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་མི་གནས་པའི་ས་ཕྱོགས་སུ་མཆོད་རྟེན་ནི་སྐྱུ་རུ་རའི་འབྲུ་ཙམ། སྲོག་ཤིང་མོ་ཁབ་ཙམ། གདུགས་ནི་བ་ཀུ་ལའི་མེ་ཏོག་ཙམ་ཞིག་བྱས་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་ཆོས་ཀྱི་དབྱིངས་ཀྱི་ཚིགས་སུ་བཅད་པ་ནང་དུ་བཅུག་ན། དེས་ཚངས་པའི་བསོད་ནམས་བསྐྱེད་པར་འགྱུར་ཏེ། འདི་ནས་ཤི་འཕོས་ཤིང་འཆི་བའི་དུས་བྱས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས། གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་ལས། གཟུངས་དེ་ཉིད་ཡི་གེར་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོ། རི་མཐོན་པོ། ཁང་སྟེང་དང་མཆོད་རྟེན་གྱི་ནང་དུ་བཞག་པས། དེ་མཐོང་ངམ། དེ་དང་ཉེ་བར་གནས་སམ། ཐ་ན་དེའི་གྲིབ་མས་ཕོག་གམ། དེའི་རྡུལ་རླུང་གིས་བཏབ་པ་ཕོག་ནའང་། སྡིག་པ་ཐམས་ཅད་བྱང་ཞིང་ངན་འགྲོར་འགྲོ་བའི་འཇིགས་པ་མི་འབྱུང་། ངན་སོང་གསུམ་དང་ལྷ་མ་ཡིན་གྱི་རིས་སུ་མི་སྐྱེ། །སངས་རྒྱས་ཐམས་ཅད་ཀྱིས་ལུང་བསྟན་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོགཐ་ན་མཆོད་རྟེན་སོགས་ཀྱི་ཤིང་བཟོ་བྱེད་པ་ལའང་ཕན་ཡོན་ཆེན་པོར་འགྱུར་ན་ཕྱག་བསྐོར་མཆོད་པ་བགྱིད་པ་ལྟ་ཅི་སྨྲོས་ཤིང་། ལམ་གྱི་གཞི་མདོར་གཟུངས་འདི་བཞག་པའི་མཆོད་རྟེན་བཞེངས་ཏེ་ཕྱག་བསྐོར་སོགས་བྱས་པའི་ཕན་ཡོན་ནི་ཚད་མེད་པར་གསུངས། གཙུག་ཏོར་དྲི་མེད་ཀྱི་གཟུངས་ལས། མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་པ་ལ་རིགས་སྔགས་ཀྱི་སྙིང་པོ་འདི་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཅུག་ནས་དཀྱིལ་འཁོར་གྱི་སྟེང་དུ་བཞག་ན་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གདུང་དང་རིང་བསྲེལ་མཆོད་རྟེན་རེ་རེའི་ནང་དུ་བཅུག་པར་འགྱུར་རོ། །རིང་བསྲེལ་གྱི་སྙིང་པོར་ཡང་འགྱུར་རོ། །ཞེས་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་ལ་གུས་པར་བྱས་ཏེ་མཆོད་རྟེན་གྱི་ལས་བྱས་ན་ཚེ་ཟད་པ་ལས་སླར་ནུར་ཏེ་ཚེ་རིང་པོར་སྤྱོད་པར་བྱེད་དོ། །གལ་ཏེ་ཤི་འཕོས་ན་ཡང་སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་ཀྱང་། སྐལ་བ་མཉམ་པར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །འཆི་བའི་སྡུག་བསྔལ་མྱོང་བར་མི་འགྱུར་རོ། །ཕྱིན་ཆད་ནམ་ཡང་འཆི་བའི་ཚོར་བ་མྱོང་བར་མི་འགྱུར་རོ། །ཕྱིན་ཆད་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དང་། ངན་འགྲོར་འགྲོ་ཞིང་སྐྱེ་བར་མི་འགྱུར་རོ། །ཕྱིན་ཆད་སེམས་ཅན་དམྱལ་བ་པའི་སྒྲ་རྣ་ལམ་དུ་ཡང་གྲགས་པར་མི་འགྱུར་ན། འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ལྟ་ཅི་སྨྲོས་ཏེ་དེ་ནི་གནས་མེད་དོ། །ཞེས་དང་། འདིའི་ཆོ་གའི་ཚུལ་ཡང་གསལ་བར་བསྟན་ནས། དེས་ནི་གདྒཱའི་ཀླུང་གི་བྱེ་མ་སྙེད་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ། །མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་ཡོངས་སུ་བྱང་བར་འགྱུར་རོ། །སེམས་ཅན་དམྱལ་པ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་རྣམས་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཚེ་རིང་པོར་འགྱུར་རོ། །སྦྲུལ་གྱི་པགས་པ་བརྗེས་པ་བཞིནདུ་ལུས་བོར་ནས་སྐལ་བ་མཉམ་པའི་ཕྱིར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །ཕྱིན་ཆད་མངལ་གྱི་གནས་ཀྱི་དྲི་མས་མི་གོས་པར་འགྱུར་རོ། །གང་དང་གངདུ་སྐྱེ་བ་དེ་དང་དེར་བརྫུས་ཏེ་སྐྱེ་ཞིང་པདྨ་ལས་སྐྱེ་བར་འགྱུར་རོ། །ཚེ་རབས་ཐམས་ཅདདུ་ཚེ་རབས་དྲན་པར་འགྱུར་རོ། །རྟག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་བལྟ་འདོད་པར་འགྱུར་རོ། །བསམ་པ་ཐམས་ཅད་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །

བཞི་པ་གསུང་རྟེན་དམ་པའི་ཆོས་གླེགས་བམ་བཞེངས་པའི་ཕན་ཡོན།

བཞི་པ་གསུང་རྟེན་དམ་པའི་ཆོས་གླེགས་བམ་བཞེངས་པའི་ཕན་ཡོན་ནི། དབུས་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པའོ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམསཕུང་པོ་དཔག་ཏུ་མེད། །ཅེས་ཆོས་སྤྱོད་བཅུའི་ཕན་ཡོན་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ། ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། སྟོང་གསུམ་རིན་པོ་ཆེས་བཀང་ནས་དེ་བཞིན་གཤེགས་པ་ལ་ཕུལ་བ་བས་བསྟན་པའི་མཇུག་དེང་སང་ལྟ་བུར་ཆོས་ཚིགས་བཞི་པའི་ཚིགསསུ་བཅད་པ་གཅིག་འདྲི་བ་དང་། ཀློག་པ་དང་། གཞན་ལ་འཆད་པ་སོགས་ཕན་ཡོན་ཆེ་བར་གསུངས་པ་དང་། འཕགས་པ་སངས་རྒྱས་ཀྱི་སྟོབས་སྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་བ་བསྟན་པའི་མདོ་ལས། འཛམ་བུའི་གླིང་འདི་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པས་གང་བར་བགྱིས་ཏེ་ལོ་འབུམ་དུ་ལྷས་ཡོ་བྱད་སྣ་ཚོགས་པས་མཆོད་པ་དང་། འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པ་ལ་བཞག་ཅིང་། དེ་དག་ལ་ལོ་སྟོང་དུ་ཡོ་བྱད་ཐམས་ཅད་ཀྱིས་མི་བྲེལ་བར་མཆོད་པ་ལས་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་སུ་བཅད་པ་གཅིག་འབྲི་འཆད་ཉན་ཀློག་གི་ཕན་ཡོན་ཆེ་བར་གསུངས། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། དེ་ཉིད་འཆད་ཉན་འདྲི་འཆང་བྱས་མ་ཐག་ཏུ་བྱེད་པ་པོ་དེས་བྱང་ཆུབ་ཐོབ་བོ་སྙམ་དུ་འདུ་ཤེས་སྐྱེད་ཆོག་ཅིང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བའི་འོས་སུ་གསུངས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་མདོ་ལས། བྱང་ཆུབ་སེམས་དཔའ་གང་གིས་བསྐལ་པ་འབུམ་གྱི་བར་དུ་ཐབས་ལ་མཁས་པ་མེད་པར་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱད་པ་བས། ཆོས་ཀྱི་རྣམ་གྲངས་འདི་སོམ་ཉི་དང་བཅས་ཐོས་པས་བསོད་ནམས་ཆེ་བར་གསུངས་པ་སོགས་མདོ་རྒྱུད་སོ་སོ་ལས་སོ་སོའི་འབྲི་ཀློག་འཆང་སོགས་ཀྱི་ཕན་ཡོན་ཚད་མེད་པར་གསུངས་ཤིང་། ཕྱོགས་ཙམ་མཚོན་ན། སྡུད་པ་ཚིགས་སུ་བཅད་པ་ལས་ཀྱང་། ལ་ལས་བདེ་གཤེགས་ཡོངས་སུ་མྱ་ངན་འདས་པ་ཡི། །མཆོད་རྟེན་རིན་ཆེན་བདུན་ལས་བྱས་ཤིང་མཆོད་བྱེད་ལ། བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་གངྒཱ་ཡི། །བྱེ་མ་སྙེད་ཀྱི་བྱེ་བ་ཕྲག་སྟོང་ཞིང་བཀང་སྟེ། །ཡོངས་སུ་བརྟག་བཟུང་ཞིང་རྣམས་བྱེ་བ་མཐའ་ཡས་ན། །སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས། །ལས་གཞན་མི་བྱེད་ལྷ་ཡི་མེ་ཏོག་སྤོས་རབ་དང་། །བྱུག་པས་དུས་གསུམ་བསྐལ་པའམ་དེ་བས་ལྷག་མཆོད་ན། །གང་ཞིག་གང་ལས་རྣམ་འདྲེན་སྟོབས་བཅུ་འབྱུང་འགྱུར་བ། །བདེ་བར་གཤེགས་ཀྱི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། །འཆང་ཞིང་མེ་ཏོག་བྱུག་པས་བསྟི་སྟང་བྱེད་གྱུར་ན། །མཆོད་རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད། །ཅེས་དང་། ལ་ལས་གང་གཱའིཀླུང་གི་བྱེ་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོར་ཀུན་དགྲ་བཅོམ་ཉིད་བརྟུལ་བས། །གང་གི་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཅི་ཕྱིར་ཞེ་ན་སྨྲ་མཆོག་དེ་དག་འདིར་བསླབས་ནས། །ཆོས་རྣམས་མཐའ་དག་སྟོང་པ་ཉིད་དུ་འདིར་སྟོན་བྱེད། །དེ་ཐོས་ཉན་ཐོས་མྱུར་ལམ་རྣམ་པར་གྲོལ་ལ་རེག །རང་རྒྱལ་བྱང་ཆུབ་དང་ནི་སངས་རྒྱས་བྱང་ཆུབ་རེག །ཅེས་གསུངས། མདོར་ན་སྐུ་གཟུགས་མཚན་ཉིད་དང་ལྡན་པ་འཇིག་རྟེན་གྱི་ཁམས་གང་བ་བཞེངས་ཤིང་མཆོད་པ་བགྱིས་པ་ལས་མཆོད་རྟེན་ཆུང་ངུ་ཙམ་བཞེངས་པ་ཕན་ཡོན་ཆེ་ཞིང་། མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་འཇིག་རྟེན་གྱི་ཁམས་གང་བར་བཞེངས་ནས་ཉིན་རེ་བཞིན་དུ་ལྷ་རྫས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་མཆོད་པ་ལས་ཀྱང་དམ་པའི་ཆོས་ཚིགས་བཞི་པ་ཞིག་འབྲི་ཀློག་བགྱིས་པའི་ཕན་ཡོན་ཆེ་བར་གསུངས། དེ་བཞིན་དུ་ཟབ་མོའི་ཆོས་ཀྱི་ཚུལ་སྣ་གཅིག་ཙམ་ཡང་ཐོས་པ་དང་འཆད་པ་དང་འཛིན་པའི་ཕན་ཡོན་ཁོ་ནའང་མཐའ་གཟུང་བར་མི་ནུས་པའི་ཚུལ་ཞིབ་པར་འོག་ཏུ་འཆད་མོད་འདིར་ས་ཁོངས་འཛིན་བྱེད་ཙམ་སྨོས་ན། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། སྟོང་ཆེན་པོ་ཡི་འཇིག་རྟེན་ཁམས་འདི་ནི། །གསེར་གྱིས་བཀང་སྟེ་བདེ་གཤེགས་ཕུལ་བ་བས། །གང་གི་ཆོས་ཀྱི་མཛོད་འདི་ཐོས་ནས་ནི། །མོས་པའི་བསོད་ནམས་འདི་ནི་ཁྱད་པར་འཕགས། །གང་གིས་འཇིག་རྟེན་ཁམས་ཁྲི་རིན་ཆེན་བཀང་། །དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བ་བས། །གང་གིས་མདོ་སྡེ་འདི་ལ་འཇུག་བྱས་པ། །བསོད་ནམས་དེ་ལ་སྔ་མས་བསྐྱེད་དུ་མེད། །གང་གིས་འཇིག་རྟེན་ཁམས་ནི་སྟོང་ཕྲག་བཅུ། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པ་བས། །གང་གིས་མདོ་འདི་བཏོན་ནས་སྟོན་པ་ཡི། །བསོད་ནམས་དེ་ཡི་ཆ་ནི་སྔ་མ་མིན། །ཞིང་ནི་བྱེ་བ་ཁྲག་ཁྲིག་སྟོང་གི་ཁམས། །རིན་ཆེན་བཀང་སྟེ་འཇིག་རྟེན་སློབ་དཔོན་སྐྱོབ། །སངས་རྒྱས་རྣམས་ལ་དབུལ་བར་ཕུལ་བ་བས། །གང་འདིར་ཚུལ་འདིར་རབ་ཏུ་སྦྱོར་བ་དང་། །ཕྱོགས་བཅུ་རྣམས་སུ་གང་གཱའི་བྱེ་སྙེད་ཞིང་། །རིན་ཆེན་བཀང་སྟེ་རྒྱལ་ལ་ཕུལ་བ་བས། །ཇི་ལྟར་བསྟན་པ་བཞིན་དུ་གང་གནས་པའི། །བསོད་ནམས་དེ་ལ་མཉམ་པ་ཡོད་མ་ཡིན། །རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་རྗེ་བ། །ཆོས་བཞི་འདི་དག་བསོད་ནམས་མཐའ་ཡས་སྟེ། །དེ་དག་མཐའ་ནི་བདེ་གཤེགས་མི་གསུང་ངོ་། །ཞེས་གསུངས་ཤིང་། བྱེ་བྲག་བཤད་པ་པོས་ཐོབ་པའི་ཕན་ཡོན། སྡུད་པ་ལས། །བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་མཆོག་བསྒོམས་ཏེ། །དེ་ལས་ལངས་ནས་གོས་པ་མེད་པའི་ཆོས་བརྗོད་ཅིང་། །དེ་ཡང་འགྲོ་བའི་དོན་དུ་བྱུང་ཆུབ་རྒྱུར་བསྔོ་ན། །དགེ་བ་དེ་དང་མཉམ་པ་འཇིག་རྟེན་གསུམ་ན་མེད། །ཅེས་གསུངས། ཉན་པའི་ཕན་ཡོན། མདོ་སྡེ་ལས། མིག་ལྡན་སྣང་བ་ཡོད་གྱུར་ན། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དངསྡིག་པའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཞེས་གསུངས། གཉིས་ཀས་བསྒྲུབ་པའི་ཕན་ཡོན། མངོན་རྟོགས་རྒྱན་ལས། དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་དེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་པ་ལྟར་ཐེག་ཆེན་གྱི་སྒྲུབ་པ་བླ་ན་མེད་པར་འགྱུར་བ་དང་། མདོ་ལས། གང་ཆོས་ཉན་པའི་རྒྱུའམ་ཆོས་འཆད་པའི་རྒྱུར་ཐ་ན་གོམ་པ་གཅིག་འདོར་རམ། ཐ་ན་དབུགས་གཅིག་འབྱིན་ནམ་རྔུབ་ཀྱང་རུང་སྟེ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །ཞེས་གསུངས་ཤིང་། ལྷག་པར་བསྟན་པ་འཇིག་པར་ཉེ་བ་ན་དམ་ཆོས་བཟུང་བའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་སྟེ། འཕགས་པ་སྤྱན་རས་གཟིགས་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །མཐུ་དང་སྟོབས་དང་ལྡན་ཞིང་བརྩོན་འགྲུས་ལྡན། །མི་དམན་པ་རྣམས་ཀུན་ཏུ་རྣམ་པར་རྒྱུ། །སངས་རྒྱས་བརྒྱ་སྟོང་དག་ལ་བསྙེན་བཀུར་བྱེད། །འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །མཆོག་ཏུ་རབ་མཛེས་གཟུགས་ལྡན་ཤེས་རབ་ལྡན། །མི་ཡི་འཇིག་རྟེན་མཆོག་ཏུ་བསྙེན་བཀུར་བྱེད། །རྒྱལ་པོ་མཁས་པ་མཛངས་པ་རྣམས་ཀྱིས་བསྔགས། །ཞེས་དང་། གང་གིས་སངས་རྒྱས་སྟོང་རྣམས་དང་། །བརྒྱ་དང་བྱེ་བ་བགྲང་དག་ལ། །བསྐལ་པ་གདྒཱའི་བྱེ་མ་སྙེད། །དེ་སྙེད་བསྐལ་པར་བཀུར་བ་ལས། །འཇིག་རྟེན་མགོན་གྱིས་གསུངས་པ་ཡི། །དམ་ཆོས་འཇིག་ཚེ་གང་ཞིག་གིས། །ཉིན་དང་མཚན་དུ་འཛིན་བྱེད་པ། །དེ་ནི་བསོད་ནམས་ཁྱད་པར་འཕགས། །ཆོས་འཇིག་དུས་སུ་ཆོས་འཛིན་པ། །སྔོན་གྱི་སངས་རྒྱས་ཐམས་ཅད་དང་། །སངས་རྒྱས་ཡེ་ཤེས་རབ་གནས་པ། །ང་ལ་དེས་ནི་མཆོད་པ་བྱེད། །དམ་པའི་ཆོས་ནི་འཇིག་པའི་ཚེ། །སྟོན་པའི་བསྟན་པ་སྲུང་བྱེད་པ། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །དེ་ནི་ནམ་ཡང་རྒུད་མི་འགྱུར། །ལུས་ཀྱི་བདེ་བ་མྱོང་འགྱུར་ཞིང་། །དེ་ནི་ནད་ཀྱིས་བཏབ་མི་འགྱུར། །དེ་ནི་ཡིད་དུ་མི་འོང་བས། ནམ་ཡང་འཕྲོག་པར་མི་འགྱུར་རོ། །སྟོན་པའི་བསྟན་པ་བསྲུངས་བྱས་ན། །བཟོད་པ་ཕུན་སུམ་ཚོགས་པ་དང་། །དེས་དང་གསལ་དང་མཉེན་པ་དང་། །སེམས་ཅན་རྣམས་ལ་བྱམས་སེམས་འགྱུར། །ཞེས་དང་། མདོ་རྒྱ་ཆེ་རོལ་པ་ལས། སངས་རྒྱས་གཟིགས་པས་སེམས་ཅན་གང་དག་ངས་མཐོང་བ། །དེ་དག་ཤཱ་རིའི་བུ་འདྲར་དགྲ་བཅོམ་པར་གྱུར་ལ། །གལ་ཏེ་ལ་ལས་གངྒཱའི་ཀླུང་གི་བྱེ་སྙེད་ཀྱིས། །བསྐལ་པ་བྱེ་བར་དེ་དག་རྣམས་ལ་མཆོད་བྱེད་ལ། །གང་ཞིག་ཉིན་ཞག་གཅིགཏུ་རབ་ཏུ་དགའ་བ་ཡིས། །རང་སངས་རྒྱས་རྣམས་ལ་ནི་ཕྲེང་བ་དེ་བཞིན་དུ། །གཞན་ཡང་རྣམ་པ་མཆོག་རྣམས་ཀྱིས་ནི་མཆོད་བྱེད་ན། །དེ་བས་བསོད་ནམས་བྱས་པ་འདི་ནི་ཁྱད་པར་འཕགས། །གལ་ཏེ་སེམས་ཅན་ཐམས་ཅད་རང་རྒྱལ་ཐོབ་གྱུར་ལ། །དེ་དག་རྣམས་ལ་གང་ཞིག་འདིར་ནི་བག་ཡོད་པར། །བསྐལ་པ་དུ་མར་ཟས་དང་སྐོམ་དང་བགོ་བ་དང་། །མེ་ཏོག་སྤོས་དང་བྱུག་པ་རྣམས་ཀྱིས་མཆོད་བྱེད་ལ། །གང་ཞིག་གིས་ནི་དེ་བཞིན་གཤེགས་པ་གཅིག་ཅིག་ལ། །ལན་ཅིག་ཕྱག་འཚལ་བྱེད་ཅིང་དྭངས་པའི་སེམས་ཀྱིས་ནི། །དགྲ་བཅོམ་པ་ལ་ཕྱག་འཚལ་ལོ་ཞེས་ཚིག་བརྗོད་ན། །དེ་བས་བསོད་ནམས་འདི་ནི་ཤིན་ཏུ་ཆེས་མཆོག་གོ །གལ་ཏེ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་གྱུར་ལ། །དེ་དག་རྣམས་ལ་གང་ཞིག་སྔར་བཞིན་མཆོད་བྱེད་ཅིང་། །ལྷ་ཡི་མེ་ཏོག་རྣམས་དང་མི་ཡི་མཆོག་རྣམས་དང་། །རྣམ་པ་མང་པོས་བསྐལ་པ་དུ་མར་མཆོད་བྱེད་ལ། །གང་ཞིག་དམ་པའི་ཆོས་ནི་རྣམ་པར་འཇིག་པའི་ཚེ། །རང་གི་ལུས་དང་དེ་བཞིན་སྲོག་ཀྱང་བཏང་ནས་ནི། །ཞག་གཅིག་བར་དུ་མདོ་སྡེ་འདི་ནི་འཛིན་བྱེད་ན། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས་པར་འགྱུར། །གང་ཞིག་རྣམ་པར་འདྲེན་པ་རྣམས་དང་རང་རྒྱལ་དང་། །དེ་བཞིན་ཉན་ཐོས་རྣམས་ལ་མཆོད་པ་བྱེད་འདོད་པ། །དེ་ཡིས་བྱང་ཆུབ་སེམས་ནི་བརྟན་པོར་བསྐྱེད་བྱས་ཏེ། །མདོ་སྡེ་འདི་ནི་རྟག་ཏུ་རབ་ཏུ་བཟུང་བར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་མངོན་བྱུང་གང་ཡིན་པ། །འདི་ནི་ལེགས་པར་བཤད་པ་ཀུན་གྱི་རྒྱལ་པོ་ཡིན། །མདོ་སྡེ་དཀོན་མཆོག་འདི་ནི་གང་ལ་གནསགྱུར་པ། །དེ་ཡི་ཁྱིམ་དུ་དེ་བཞིན་གཤེགས་པ་རྟག་ཏུ་གནས། །གང་གིས་མདོ་འདི་ཕ་རོལ་དག་ལ་བྱིན་པ་དང་། །ཚིག་གཅིག་བརྗོད་པ་དེ་ཡང་བསྐལ་པ་བྱེ་བར་ནི། །ཚིག་འབྲུ་རྣམས་ལས་མི་ཉམས་དོན་ལས་ཉམས་མི་འགྱུར། །སྤོབས་པ་དགེ་བ་མཐའ་ཡས་པ་དག་འཐོབ་པར་འགྱུར། །གང་ཞིག་ཆོས་འདི་ཐོས་ནས་རབ་ཏུ་སྒྲུབ་བྱེད་པ། །དེ་ནི་མི་ཡི་འདྲེན་པ་མ་གཏོགས་འོག་ཏུ་ནི། །དེ་འདྲ་བ་ཡི་སེམས་ཅན་གང་ཡང་ཡོད་མ་ཡིན། །དེ་ནི་རྒྱ་མཚོ་ལྟ་བུར་ཟད་མི་ཤེས་པར་འགྱུར། །ཞེས་སོགས་མདོ་སྡེ་རིན་པོ་ཆེ་རྣམས་ནས་རྒྱ་ཆེར་གསུངས་པ་དང་། ཁྱད་པར་ཇོ་ནང་རྗེ་བཙུན་ཆེན་པོས། ཆགས་བྲལ་གྱི་སྐུ་གཟུགས་བརྒྱ་བཞེངས་པ་བས། སྔགས་སྐུ་གཅིག་བཞེངས་པ་བསོད་ནམས་ཆེ་བར་གསུངས་པ་བཞིན་མདོ་འདུལ་སོགས་ཐུན་མོང་གི་ཐེག་པར་བཤད་པའི་རྟེན་གསུམ་ལས་རྡོ་རྗེ་ཐེག་པ་ཐུན་མིན་ནས་བཤད་པའི་རྟེན་གསུམ་ཕན་ཡོན་ལྷག་པར་ཆེ་སྟེ། དེའི་རྒྱུ་མཚན་ཡང་། ར་ལི་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། ཉན་ཐོས་ལ་སོགས་ཐེག་ཆུང་ལ། །མན་ངག་ཡོད་པ་མ་ཡིན་ཏེ། །ལྟ་བསྤྱོད་པ་སེམས་བཟུང་དང་། །རྒྱུ་དང་ལམ་དང་འབྲས་བུ་ས། །དུས་དང་ལོངས་སྤྱོད་རྣལ་འབྱོར་དང་། །བདག་གཞན་དོན་དང་དགོས་པ་དང་། །ངལ་དུབ་མཐའ་སྤངས་ཚེགས་ཆུང་དང་། །ཚོགས་བསགས་པ་ཡི་ཁྱད་པར་དག །ཁྱད་པར་རྣམ་པ་བཅོ་ལྔ་ཡིས། །རིག་འཛིན་ཐེག་པ་ཁྱད་པར་འཕགས། །ཞེས་དང་། རྣམ་སྣང་མངོན་བྱང་ལས། རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དང་། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །ཞེས་དང་། སྒྱུ་འཕྲུལ་གསང་བ་སྙིང་པོ་ལས། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུསྦྱངས་ལ་རབ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འདས་དང་ད་ལྟར་བྱུང་བ་ཡི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །བསྙེན་ནས་སྐུ་ལྔ་ལྷུན་གྱིས་རྫོགས། །འབྱུང་དང་མ་འོངས་ཐམས་ཅད་ཀུན། །འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར། །འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་གསུངས། དེའི་ཕྱིར་སྤྱི་མདོ་དགོངས་འདུས་ལས། དབུ་མ་རྣམ་ཐར་གསུམ་སྒོར་དཀར་སྤྱད་ཀྱང་། །དེ་ལ་རྒྱལ་བས་མི་དགོངས་བཀུར་མི་མཛད། །སྙིང་པོའི་དོན་རིག་སྐད་ཅིག་ཙམ་གྱིས་ཀྱང་། །བྱིན་རླབས་ཡོན་ཏན་རྒྱལ་བས་བཤད་མི་རྫོགས། །དཀར་པོ་མཐར་ཐུག་བསོད་ནམས་ཀུན། །སེན་མོ་ཐོག་གི་ས་རྡུལ་འདྲ། །རྡོ་རྗེ་སྙིང་པོར་གཅིག་བསྐྱེད་པས། །ས་ཡི་དཀྱིལ་འཁོར་ཆེན་པོ་ཙམ། །དཀར་པོ་ཕྱོགས་ཀྱི་མཐར་ཐུག་པ། །དེ་ནི་མུན་ཁང་སྒྲོན་མེ་ཙམ། །རྡོ་རྗེ་སྙིང་པོར་གཅིག་རིག་པ། །དུས་མཐའི་བསྐལ་པའི་མེ་ཆེན་འདྲ། །དབུ་མར་སྣང་བའི་ནམ་མཁའ་ནི། །གང་གི་གསེང་ཁུང་ནམ་མཁའོ། །རྡོ་རྗེ་གསང་བའི་ནམ་མཁའ་ནི། །འབྱུང་ཆེན་གཏོས་ཀྱི་ནམ་མཁའ་འདྲ། །ཞེས་དང་། བྱེ་བྲག་དཀྱིལ་འཁོར་བྲིས་པའི་ཕན་ཡོན་ཡང་། ཡེ་ཤེས་རྒྱས་པ་ལས། གང་གིས་རྒྱལ་བའི་དཀྱིལ་འཁོར་མཆོག །ཐིག་དང་ཚོན་གྱིས་འདྲི་བྱེད་ན། །ཕྱོགས་བཅུའི་སངས་རྒྱས་ཞིང་ཁམས་ཀུན། །རིན་ཆེན་བདུན་བྱིན་བསོད་ནམས་ལས། །དེ་ཡི་ཕུང་པོ་དཔག་ཏུ་མེད། །ལས་རྣམས་འགྲུབ་ཅིང་རྒྱལ་བས་དགོངས། །དཀྱིལ་འཁོར་བསམ་ཡས་ཐོབ་པར་འགྱུར། །ཞེས་གསུངས། བྲིས་སྐུ་བཞེངས་པའི་ཕན་ཡོན་ཡང་། སྡོམ་འབྱུང་ལས། སྔགས་པ་ལས་ནི་དང་པོ་པས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། །བྲིས་སྐུ་སྒྲུབ་ན་མྱུར་དུ་ནི། །དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། བསྐལ་པ་བྱེ་བར་བསགས་པའི་སྡིག །ཤིན་ཏུ་མི་བཟད་གང་ཡིན་པ། །ས་སྟེང་རི་མོ་མཐོང་བ་ཡིས། །དེ་ཡི་མོད་ལ་བྱང་བར་བྱེད། །ཅེས་སོགས་རྒྱ་ཆེར་གསུངས་སོ། །གླེགས་བམ་བཞེངས་པའི་ཕན་ཡོན་ཡང་རིན་ཆེན་སྤུངས་པའི་རྒྱུད་ལས། འདི་ཉིད་སུ་ཡིས་བྲིས་པའི་མི། །སངས་རྒྱས་ཀུན་གྱི་གསུང་ལ་རོལ། །ཞེས་དང་། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རིན་ཆེན་སྣ་བདུན་ལ་སོགས་ལ། །རྒྱལ་བ་ཀུན་གྱི་རང་བཞིན་གྱིས། །མ་ལུས་བསྡུས་པའི་ངོ་བོ་ཉིད། །སྐུ་གསུང་ཐུགས་ཉིད་བྲིས་པ་ཡིན། །དེ་བས་རྒྱལ་བ་ཀུན་བྲིས་པའི། །ཆེ་བའི་ཡོན་ཏན་བསམ་མི་ཁྱབ། །ཅེས་དང་། མཆོད་ཅིང་བཟུང་བའི་ཕན་ཡོན་ཡང་། དེ་ཉིད་ལས། གྲོ་ག་ཤིང་ཤུན་ལ་སོགས་ལ། །གསང་བའི་རྒྱུད་འདི་རབ་བྲིས་ནས། །རིན་ཆེན་ཁྲི་ལ་ལེགས་བཞག་སྟེ། །གུས་པས་མཆོད་ཅིང་རབ་བཟུང་ན། །ཇི་སྲིད་གནས་པར་བསམ་པ་ཡིས། །དགའ་བའི་བསམ་པས་འཛིན་བྱེད་པར། །སངས་རྒྱས་ཐམས་ཅད་བཟུང་བ་ཡིན། །ཞེས་དང་། ཨ་ཏི་བཀོད་པ་ཆེན་པོ་ལས། འདི་ཉིད་གང་གིས་བཟུང་བ་དེ། །བཟོ་དང་སྒྱུ་རྩལ་ཐམས་ཅད་དང་། །བསྟན་བཅོས་ཀུན་དང་སྒྲ་རྣམས་ནི། །ཇི་ལྟར་འདོད་བཞིན་ཤེས་པར་འགྱུར། །གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་པ་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །ཞེས་དང་། བཅངས་ཤིང་བཀླགས་པའི་ཕན་ཡོན་ཡང་། དེ་ཉིད་ལས། འདི་ཉིད་བཅངས་པ་ཙམ་གྱིས་ནི། །ལུང་དང་མན་ངག་འཛིན་པར་འགྱུར། །ཞེས་དང་། རིན་ཆེན་སྤུངས་པའི་རྒྱུད་ལས། དེ་ཡི་ཕྱིར་ན་གསང་བའི་རྒྱུད། །འདི་ཉིད་འཛིན་པའི་སྐྱེས་བུ་ནི། །རང་རིག་རྣམས་ཀྱི་དབང་ཐོབ་སྟེ། །རྒྱུད་འདི་བཅངས་པ་ཙམ་གྱིས་ནི། །རྡོ་རྗེ་འཆང་གི་སྤྲུལ་པར་འགྱུར། །རྒྱུད་འདི་སུ་ཡིས་བཀླགས་པའི་མི། །ལྟ་བའི་དོན་ཀུན་སེམས་ལ་འཆར། །ཞེས་གསུངས་ཤིང་ཞིབ་པར་འོག་ཏུ་འཆད་དོ། །

ལྔ་པ་རྟེན་གསུམ་ཡོངས་རྫོགས་བཞེངས་པའི་ཕན་ཡོན་གྱི་ཁྱད་པར།

ལྔ་པ་རྟེན་གསུམ་ཡོངས་རྫོགས་བཞེངས་པའི་ཕན་ཡོན་གྱི་ཁྱད་པར་ཡང་། འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་ནས། རྟེན་གསུམ་བཞེངས་དང་སྲོག་འདོན་ཟམ་པ་འཛུགས། །མཆོད་སྦྱིན་ཁྲུས་དང་བསྐོར་བ་ཚུལ་ཁྲིམས་རྣམས། །འགྲོ་བའི་དོན་དུ་བརྩོན་པ་ང་ཡི་སྲས། །ལུས་དེ་བོར་ནས་བདེ་བ་ཅན་དུ་འགྲོ། །ཞེས་དང་། མདོ་དྲན་པ་ཉེར་བཞག་ལས། རྟེན་དང་བརྟེན་པ་ལེགས་བསྐྲུན་དང་། །དགེ་འདུན་གནས་མལ་བཅའ་ལ་སོགས། །དགེ་ནས་དགེ་བར་རྟག་ཏུ་འགྱུར། །བསྐལ་པ་བྱེ་བ་སྟོང་དུ་ཡང་། །དགེ་བ་ཡོངས་སུ་ཆུད་མི་འཛའ། །ཞེས་དང་། བཀའ་བརྒྱད་ཡོངས་རྫོགས་ཀྱི་རྒྱུད་ཆེན་གསང་བ་འདུས་པ་ལས། སྐུ་གསུམ་རྒྱལ་བ་ཞི་དང་ཁྲོ༔ གསང་བ་ཡོངས་རྫོགས་བདེ་གཤེགས་ཀྱི༔ རྟེན་གསུམ་ཡོངས་རྫོགས་ངོ་མཚར་ཆེ༔ རྟེན་འདི་ཇི་སྲིད་གནས་ཀྱི་བར༔ དེ་སྲིད་སངས་རྒྱས་བསྟན་པ་རྒྱས༔ འགྲོ་བ་ཀུན་འདུལ་ལས་སྒྲིབ་སྦྱོང༔ བསོད་ནམས་ཕུན་ཚོགས་ཡོངས་རྫོགས་ཤིང༔ རྒྱུ་སྦྱོར་བཞེངས་མཁན་མ་ལུས་ཀུན༔ ཚེ་འདིར་བཀྲ་ཤིས་ཚེ་རིང་འཕེལ༔ ཕྱི་མ་ཞིང་ཁམས་རྣམ་དག་འཐོབ༔ ཡུལ་ཕྱོགས་རྒྱལ་ཁམས་བཀྲ་ཤིས་འབྱུང༔ ཐབས་མཆོག་ཡོངས་རྫོགས་རྨད་བྱུང་པའོ༔ བསྟན་པའི་རིམ་གྲོ་དེ་ཁོ་ན༔ དང་དུ་ལོངས་ཤིག་བསམ་པ་འགྲུབ༔ ཅེས་དང་། བྱང་གཏེར་རབ་གནས་བསེ་སྒྲོམ་མ་ལས། སེམས་ཅན་བདེ་སྐྱིད་རྟེན་ལ་ཡོད༔ ཅེས་གསུངས་པས་གནས་སྐབས་ཀྱི་བདེ་སྐྱིད་ཀྱང་རྟེན་གསུམ་ཚད་ལྡན་བཞུགས་པ་ལ་རག་ལས་ཤིང་། ཁྱད་པར་དེང་སང་ལྟ་བུའི་སྐལ་ངན་དུས་ཀྱི་ཁུག་པ་བཟློག་པའ་རིམ་གྲོའི་གཙོ་བོའང་གཙུག་ལག་ཁང་དང་རྟེན་གསུམ་རྙིང་པ་གསོལ་བ་དང་། གསར་དུ་བཞེངས་པ་དང་རབ་གནས་བསྐྱར་བ་དང་མཆོད་པ་དང་སྒྲུབ་མཆོད་འཛུགས་པ་དང་སྡེ་སྣོད་བཤད་པ་སོགས་གལ་ཆེ་བའང་། པདྨའི་ཞལ་ལུང་ལམ་རིམ་ཡེ་ཤེས་སྙིང་པོ་ལས། གཞན་ཡང་བོད་ཁམས་ཐམས་ཅད་ལ༔ བདེ་སྐྱིད་བཀྲ་ཤིས་འབྱུང་འདོད་ན༔ མེས་དབོན་གསུམ་གྱི་བཞེངས་པ་ཡི༔ གཙུག་ལག་ཁང་རྣམས་ཐམས་ཅད་དང༔ སྒྲུབ་པའི་གནས་རྣམས་ཉམས་པ་གསོ༔ དགེ་འདུན་རྣམས་ཀྱི་རྟེན་བཞུགས་དང༔ ནུས་ལྡན་རབ་གནས་ཡང་ཡང་འཐོར༔ ཕྱག་མཆོད་བཀུར་སྟི་རྒྱ་ཆེར་བྱ༔ སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ལ༔ དུས་སྟོན་བཙུགས་ཤིང་སྡེ་སྣོད་བཤད༔ གནས་ཆེན་བྱིན་འབེབས་ཆོ་ག་དང་༔ བདུད་རྩི་སྨན་གྱི་སྒྲུབ་པ་དང་༔ ཚོགས་མཆོད་རྡོ་རྗེའི་གླུ་གར་བྱ༔ ཞེས་དང་། དེ་བཞིན་བསྟན་པའི་འཕེལ་འགྲིབ་འབྱུང་བའི་རྐྱེན༔ རབ་ཏུ་བྱུང་དང་སྔགས་པའི་སྡེ་གཉིས་ཀྱི༔ སྤྱོད་པ་བཟང་ངན་ཅི་བྱེད་དེ་ལ་རག༔ དེ་ཕྱིར་མཁན་སློབ་གཉིས་ཀྱི་བསླབ་བྱ་ལྟར༔ སྤང་བླང་ཚུལ་བཞིན་བགྱིས་ན་བསྟན་པ་འཕེལ༔ ཞེས་གསུངས། མདོར་ན་ཀུན་མཁྱེན་ཆོས་རྗེས། རྟེན་གསུམ་ངོ་མཚར་ཅན་བཞེངས་པ་ལས་བསོད་ནམས་དཔགཏུ་མེད་པ་ཐོབ་སྟེ། འདི་ལྟར་བརྩམས་པ་ཐམས་ཅད་དགེ་བས། དེའི་ཕྱོགས་ལ་གཏོགས་པ་ཐམས་ཅད་དགེ་བ་ལ་བཀོད་པ་དང་། རྒྱུན་རིང་བས་དུས་ཕྱི་མའི་མཐར་ཀུན་གྱི་དགེ་བའི་རྟེན་བྱེད་པས་ཕྱག་འཚལ་བ་དང་། མཆོད་པ་དང་། སྐོར་བ་བྱེད་པ་ལ་སོགས་པའི་བསོད་ནམས་ཐམས་ཅད་བཞེངས་པ་ལས་བྱུང་བས། བཞེངས་པ་པོས་དེ་དག་གི་བསོད་ནམས་གྱི་ཤས་ཐོབ་ཅིང་། གཞན་བསྐུལ་བའི་དགེ་བ་ཐོབ་པས། འདིར་ཡང་ཚེ་རིང་བ་དང་། ནད་མེད་པ་དང་། ཆབ་སྲིད་མངའ་ཐང་ཆེ་བ་ལ་སོགས་པ་ཐོབ་ལ། ཕྱི་མར་མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་རོ། །ཞེས་གསུངས་པ་བཞིན་ནོ། །ཇི་ལྟར་སྟོན་གནམ་དྭངས་པའི་ཟླ་གཞོན་མཆོག །རྙོག་བྲལ་མཚོ་སྔོན་ནང་དུ་ཤར་བ་བཞིན། །འགྲོ་སེམས་བསོད་ནམས་བསགས་པའི་ཞིང་ས་ལ། །ངོ་མཚར་རྒྱལ་བའི་རྟེན་གསུམ་རྣམ་པར་བཀྲ། །དོན་དམ་གཤིས་ལ་མཚན་མར་མ་གྲུབ་མཉམ། །ཀུན་རྫོབ་གདུལ་བྱའི་བློ་ངོར་སྣང་བ་མཉམ། །མཐར་ཐུག་རྣམ་གྲོལ་སྦྱིན་ལ་མཛད་པ་མཉམ། །དེ་སླད་དམན་མཆོག་འཛིན་པ་བྱིས་བློའི་སྐྱོན། །རྟོག་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །སྐྱེ་རྒུར་ཕན་བདེའི་འདོད་སྟེར་མཐོན་ཀའི་དཔལ། །དད་བསོད་རྒྱལ་མཚན་རྩེ་མོར་མཆོད་རྣམས་ལ། །སྲིད་ཞིའི་དབུལ་བས་མི་བརྫི་དངོས་པོའི་གཤིས། །རིན་ཆེན་རྣམ་གསུམ་མཚན་སྙན་དབྱིག་གི་མཆོག །བསྐལ་མང་བསོད་ནམས་ཟོང་གིས་ཁུག་མིན་ན། །མངོན་སུམ་བསོད་ནམས་འགྲོནདུ་འཐོབ་པ་འདི། །དཔག་ཡས་སྔོན་གོམས་དགེ་བའི་མཐུ་ལས་ཅི། །དེ་བས་གྲོགས་དག་འདིར་སྣང་འཆིང་བུའི་རྡོ། །མ་བརྟགས་རིན་ཆེན་རེ་བའི་བྱི་དོར་གྱིས། །དོན་ཆེན་གཏན་འདུནསྒྲུབ་ལས་གཡེལ་མིན་པར། །དལ་བའི་རྟེན་ལ་སྙིང་པོ་ལོན་པར་མཛོད། །ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་དངོས་གཞིའི་ས་ཁོངས་དང་པོ་སྨོས་ཟིན་ཏོ། །གཉིས་པ་བསམ་སྦྱོར་དག་པའི་ཁྱད་པར་བྱེ་བྲག་ཏུ་བཤད་པ་ལའང་། བསམ་པ་དང་། དངོས་པོ་དང་། སྦྱོར་བ་དག་པའི་ཁྱད་པར་གསུམ་ལས། དང་པོ་བསམ་པ་དག་པ་ནི། ཞིང་དག་པ་སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་པ་སོགས་ཀྱིས་མཚོན། སྦྱིན་པ་དང་། ཚུལ་ཁྲིམས་དང་། བསྒོམ་པ་ལས་བྱུང་བའི་ལེགས་སྤྱད་དགེ་བའི་དངོས་པོ་ཆེ་ཕྲ་གང་དང་ཅི་སྒྲུབ་ཀྱང་ཐོག་མར་བསམ་པ་རྒྱུའི་ཀུན་སློང་ཉིད་གཙོ་སྟེ། །ཆེད་དུ་བརྗོད་པའི་ཚོམ་ལས། ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ། །ཡིད་མགྱོགས་ཡིད་ནི་གཙོ་བོ་ཡིན། །ཇི་ལྟར་ཡིད་རབ་གདུག་པ་ཡིས། །སྨྲས་སམ་ཡང་ན་བྱས་ཀྱང་རུང་། །དེ་ཡིས་དེ་ཡི་སྡུག་བསྔལ་འཐོབ། །འཁོར་ལོས་མགོ་བོ་བཅད་པ་བཞིན། །ཇི་ལྟར་ཡིད་རབ་དྭངས་པ་ཡིས། །སྨྲས་སམ་ཡང་ན་བྱས་ཀྱང་རུང་། །དེ་ཡིས་དེ་ནི་བདེ་བ་འཐོབ། །གྲིབ་མ་རྗེས་སུ་འབྲང་བ་བཞིན། །ཞེས་དང་ཡེ་ཤེསགྲུབ་པ་ལས། ལས་གང་བྱ་བ་ཅི་ཡང་རུང་། །ལུས་དང་ངག་དང་ཡིད་ཀྱིས་བྱེད། །བཞི་པ་གཞན་ནི་ཡོད་མིན་པས། །དེ་རྣམས་འདི་ལྟར་དཔྱད་པར་བྱ། །སེམས་མེད་པར་ནི་ལུས་དག་གིས། །ཅི་ཡང་བྱེད་པར་ནུས་མ་ཡིན། །དེ་མེད་པར་ནི་ཚིག་གིས་ཀྱང་། །ནམ་ཡང་ནུས་པར་མི་འགྱུར་རོ། །དེ་བས་ལུས་དང་ངག་རྣམས་ནི། །ཡིད་ཉིད་ལས་ནི་འགྱུར་བ་ཡིན། །འགྲོ་བ་ཐམས་ཅད་སེམས་ཀྱི་ནི། །དགེ་དང་མི་དགེ་གང་བྱེད་པ། །ཕན་དོན་གྱུར་པའི་ལས་རྣམས་ནི། །ཐམས་ཅད་ལེགས་པར་སྤྱད་པར་འགྱུར། །ལོག་པས་བསོད་ནམས་མ་ཡིན་ཞེས། །རྒྱལ་བ་མཆོག་རྣམས་རབ་ཏུ་གསུངས། །དེས་ན་དགེ་དང་མི་དགེ་ཀུན། །སེམས་ཉིད་ཀྱིས་ནི་བྱེད་པ་དང་། །སེམས་ཉིད་ཀྱིས་ནི་འཇིག་འགྱུར་ཞེས། །འགྲོ་བའི་བླ་མས་གསུངས་པ་ཡིན། །ཞེས་གསུངས། དེའི་ཕྱིར་ཡོན་ཏན་རིན་པོ་ཆེའི་མཛོད་ལས་ཀྱང་། རྩ་བ་སྨན་དུ་མཆིས་ན་མྱུ་གུའང་སྨན། །རྩ་བ་དུག་ཡིན་མྱུ་གུ་སྨོས་ཅི་དགོས། །བསམ་པ་དགེ་དང་མི་དགེའི་འཕེན་བྱེད་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་སོ། །ཀུན་སློང་དེ་ལའང་དབྱེ་ན་ཇོ་བོའི་བྱང་ཆུབ་ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་གང་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་སྐྱེས་བུ་གསུམ་གྱི་བློ་སྐྱེ་ཚུལ་གསུངས་པ་ལས། འདིར་གང་བཟུང་སྙམ་ན་ཕྱི་མ་ཉིད་བཟུང་དགོས་ཏེ། མགོན་པོ་བྱམས་པས། སྐྱེས་བུ་རྨོངས་པ་རང་གི་བདེ་དོན་བརྩོན། །རྟག་ཏུ་དེ་མ་ཐོབ་པར་སྡུག་བསྔལ་འགྱུར། །བརྟན་པ་རྟག་ཏུ་གཞན་ཕན་བརྩོན་ལྡན་པས། །གཉིས་ཀའི་དོན་བྱས་མྱ་ངན་འདའ་བར་འགྱུར། །ཞེས་གསུངས་ཏེ། དེའི་རྒྱུ་མཚན་ཡང་། སྐྱེས་བུ་ཆུང་ངུའི་དོན་དུ་གཉེར་བྱ་འཁོར་བའི་བདེ་བ་ནི་ཇི་ཙམ་དུ་མྱོང་ཡང་རྟག་མི་ཐུབ་ཅིང་མཐར་སྡུག་བསྔལ་གྱི་རྒྱུ་ལས་མ་འདས་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། སྲིད་པ་འདི་ནི་འགྱུར་བ། སྲིད་པ་འདི་ནི་མི་རྟག་པ། སྲིད་པ་འདི་ནི་སྡུག་བསྔལ་བའོ། །ཞེས་དང་། བཤེས་སྤྲིང་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྟུང་། །འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །མཐོ་རིས་བུ་མོའི་ནུ་མ་སྐེད་པ་ལ། །རེག་པའི་བདེ་བ་ཡུན་རིང་མྱོང་ནས་སླར། །དམྱལ་བར་འཐག་གཅོད་དབང་པའི་འཁྲུལ་འཁོར་གྱིས། །རེག་པ་ཤིན་ཏུ་མི་བཟད་བརྟེན་འཚལ་ལོ། །རྐང་པའི་རེག་པ་ནེམ་པར་བདེར་བཟོད་པ། །ལྷུན་པོའི་སྤོ་ལ་ཡུན་རིང་གནས་ནས་ནི། །སླར་ཡང་མེ་མུར་རོ་མྱགསརྒྱུ་བ་ཡི། །སྡུག་བསྔལ་མི་བཟད་ཕོག་སྙམ་བགྱིད་འཚལ་ལོ། །མཐོ་རིས་བུ་མོས་འབྲོངས་ཤིང་དགའ་བ་དང་། །རྣམ་པར་མཛེས་ཚལ་སོན་པར་རྩེས་ནས་སླར། །འདབ་མ་རལ་གྲི་འདྲ་ཚལ་ནགས་རྣམས་ཀྱིས། རྐང་ལག་རྣ་བ་སྣ་གཅོད་འཐོབ་པར་འགྱུར། །དལ་གྱིས་འབབ་པ་ལྷ་ཡི་བུ་མོ་ནི། །གདོང་མཛེས་གསེར་གྱི་པདྨ་ལྡན་ཞུགས་ནས། །སླར་ཡང་དམྱལ་བའི་ཆུ་བོ་རབ་མེད་པར། །ཚ་སྒོ་བཟོད་བརླག་ཆུ་ཚན་འཇུག་འཚལ་ལོ། །ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བརྟེན་འཚལ་ལོ། །ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི། །འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། །སླར་ཡང་མུན་ནག་སྨག་ཏུ་ཕྱིན་གྱུར་ནས། །རང་གི་ལག་པ་བརྐྱང་པའང་མཐོང་མི་འགྱུར། །ཞེས་དང་། སློབ་སྤྲིང་ལས། འགྲོ་བར་ལན་བརྒྱར་མ་སོང་འགྲོ་དེ་གང་ཞིག་ཡོད། །སྔོན་ཆད་ལན་མང་མ་མྱོང་བདེ་བ་དེ་གང་ཞིག །རྔ་ཡབ་དཀར་མཛེས་ལྟ་བུའི་དཔལ་གང་མ་ཐོབ་པ། །དེ་ཡང་གང་ཞིག་ཡོད་ན་འོན་ཀྱང་འདོད་ཆགས་འཕེལ། །གང་གི་གླིང་བར་མ་གནས་ཆུ་བོ་དེ་ཡོད་མིན། །ཡུལ་ཕྱོགས་གང་དུ་གནས་མ་བཅས་པའི་གནས་དེ་མེད། །གང་དུ་མ་སོན་ནམ་མཁའི་ཕྱོགས་དེའང་ཡོད་མིན་ན། འོན་ཀྱང་འདོད་ཆགས་དགང་དཀའ་འཕེལ་བར་འགྱུར་བ་ཉིད། །སྔོན་ཆད་ལན་མང་མ་མྱོང་སྡུག་བསྔལ་དེ་ཡོད་མིན། །འགྲོ་བ་གང་གིས་ཚིམ་གྱུར་འདོད་པ་དེ་དག་མེད། །གང་གི་ལྟོར་མ་ཉལ་བའི་སེམས་ཅན་དེ་མེད་ན། །འོན་ཀྱང་ཇི་ལྟར་འཁོར་བ་ཅན་ན་ཆགས་བྲལ་མེད། །ཅེས་དང། མྱ་ངན་བསལ་བ་ལས། གང་ཁྱོད་འདི་ལྟར་འཁོར་གྱུར་ཏེ། །མགོལ་ལན་གྲངས་བརྒྱར་བརྗེད་པ། །དེ་ཉིད་བྲན་གྱུར་ཁྱོད་ཡིན་ཏེ། །རྡོག་པས་ལན་གྲངས་བརྒྱར་ཡང་བཏགས། །འགྲོ་བ་རྒྱུ་ཡི་དངོས་པོ་ཡིས། །སྔོན་ཆད་གཞན་དུ་སྣང་གྱུར་པ། །གཞན་ན་ཡོངས་སུ་འགྱུར་བ་སྟེ། །སྨེ་བདུན་དྲང་སྲོང་བདུན་ཚོགས་བཞིན། ཞེས་གསུངས་པ་ལྟར་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་རྟག་ཐུབ་པ་ནི་གཅིག་ཀྱང་མེད་ལ། ཚེ་འདིའི་རིགས་གཟུགས་དཔལ་འབྱོར་སོགས་ཇི་ཙམ་དུ་ཆེ་ཞིང་འབྱོར་ཡང་རང་ཉིད་འཆི་བའི་ཚེ་ན་ཕན་པ་ཅུང་ཟད་ཀྱང་མེད་དེ། །སྤྱོད་འཇུག་ལས། རྙེད་པ་མང་པོ་ཐོབ་གྱུར་ཅིང་། །ཡུན་རིང་དུས་སུ་བདེ་སྤྱད་ཀྱང་། །ཆོམ་པོས་འཕྲོག་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་འགྲོ། །ཞེས་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་འཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་སོ། །མདོར་ན་མགོན་པོ་བྱམས་པས། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ལ་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཞེས་དང་། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བར་ཁབ་ཀྱི་རྩེ་ཙམ་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས། དེས་ན་བཤེས་སྤྲིང་ལས། འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང་། །དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་མཁྱེན་པར་མཛོད། །ཅེས་གསུངས་པས་སྲིད་པ་དང་སྲིད་པའི་ཕུན་ཚོགས་ཀུན་ལ་མ་ཆགས་པར་ཐར་འདོད་ཀྱི་བློ་བཅོས་མིན་རེ་བསྐྱེད་པ་ཅིས་ཀྱང་གལ་ཆེ་ཞིང་། དེར་མ་ཟད་སྐྱེས་བུ་འབྲིང་གི་དོན་དུ་གཉེར་བྱ་རང་ཉིད་ཞི་བདེ་ཙམ་དོན་དུ་གཉེར་བའང་སྨད་པར་བྱ་བའི་གནས་ཏེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ནང་དུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྟུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །བྱིས་པ་པང་ན་བཙའ་བ་ཅི་ཡང་མི་ནུས་པ། །གང་གི་ནུ་ཞོ་བྱམས་པའི་ཤུགས་གྱིས་གཟག་འཐུངས་ཤིང་། ངལ་བ་མང་བསྟེན་ཤིནཏུ་བྱམས་ལྡན་རྟེན་མ་འདི། །ཤིན་ཏུ་མ་རབས་ཤིག་ནའང་སྤང་བར་སུ་ཞིག་སྤྲོ། །ཞེས་གསུངས། འཐོབ་བྱའི་འབྲས་བུ་རང་གི་ངོས་ནས་ཀྱང་། ཐེག་ཆེན་ལ་ལྟོས་ན་རང་དོན་དུ་སྤངས་རྟོགས་ཀྱི་ཡོན་ཏན་མ་རྫོགས་ཤིང་། གཞན་དོན་གདུལ་བྱ་འདུལ་བ་ལ་བརྩོན་འགྲུས་རྒྱ་ཆུང་བ་དང་། མཐར་འབྲས་རྫོགས་པའི་བྱང་ཆུབ་ལ་བསྐལ་ཆེན་བརྒྱད་ཁྲིས་རིང་བ་སོགསསྐྱོན་མང་སྟེ། སྐྱབས་འགྲོ་བདུན་ཅུ་པ་ལས། རང་དོན་ལ་གཞོལ་འདི་དག་ནི། །སྙིང་རྗེ་ཆེན་པོ་དང་བྲལ་བས། །རང་རྒྱལ་རྒྱལ་བའི་གསུང་ལས་སྐྱེས། །ཐེག་པ་ཆེན་པོས་མི་བསྔགས་སོ། །རྒྱལ་བའི་ཡོན་ཏན་མཐའ་ཡས་པ། །ཐེག་པ་ཆེ་ལས་གསུངས་པ་དང་། །བྱང་ཆུབ་སེམས་དཔའི་མཐུ་ཐོས་ནས། །དེ་ནི་སྣོད་ཉིད་གྱུར་པ་ཡིན། །དེས་ནི་ཐེག་པ་ཆེན་པོའི་ཤིང་། །མ་ལུས་རང་གི་ལམ་གྱིས་བསྲེགས། །བྱང་ཆུབ་སེམས་དཔའི་ནང་དུ་ནི། །སྐྱེས་བུ་དབུལ་པོ་ལྟ་བུར་གནས། །འདི་དག་སྲིད་པས་སྐྲག་པ་ཡི། །ཡོད་ཀྱིས་བྱང་ཆུབ་གཉིས་ཐོབ་པ། །ཚེ་ཟད་པར་ནི་དགར་འགྱུར་ཞིང་། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དེ་ལ་མྱ་ངན་འདས་ཡོད་མིན། །ཞེས་དང་། རྣམ་སྣང་མངོན་བྱང་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་གྱིས་བླ་ན་མེད་པའི་འབྲས་བུ་ལ་བསྐལ་པ་ཆེན་པོ་བརྒྱད་ཁྲིས་རིང་སྟེ་ཞེས་གསུངས་པ་སོགས་ཀྱིས་མཚོན་ལ། ཁྱད་པར་ཐེག་ཆེན་ལ་ཞུགས་ཟིན་པ་རྣམས་ཀྱིས་ནི་སེམས་བསྐྱེད་གཏོང་བའི་རྒྱུའི་གཙོ་བོ་འདི་ཉིད་ཡིན་པས་རྟག་པར་གཟབ་དགོས་ཏེ། མདོ་རྒྱན་ལས། ཇི་ལྟར་བདག་ལ་ཕན་འདོད་དུག་དང་མཚོན་དང་ནི། །གནམ་ལྕགས་ལྕེ་དང་དགྲ་ལས་རང་གི་ལུས་བཟློག་པ། །དེ་བཞིན་རྒྱལ་སྲས་ཐེག་པ་དམན་པ་རྣམ་གཉིས་ལས། །ལས་རྣམ་གསུམ་གྱིས་བདག་ཉིད་ཟློག་པར་བྱེད་པ་ཡིན། །ཞེས་དང་། སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་དང་། སྤྱོད་འཇུག་ལས། དེ་ནི་བྱང་ཆུབ་སེམས་དཔའ་ལ། །ལྟུང་བའི་ནང་ནས་ལྕི་བ་སྟེ། །འདི་ལྟར་དེ་ནི་བྱུང་གྱུར་ན། །སེམས་ཅན་ཀུན་གྱི་དོན་ལ་དམན། །གང་གཞན་སྐད་ཅིག་ཙམ་ཡང་འདིའི་། །བསོད་ནམས་བར་ཆད་གེགས་བྱེད་པ། །སེམས་ཅན་དོན་ལས་དམན་གྱུར་པས། །དེ་ཡི་ངན་འགྲོ་མུ་མཐའ་མེད། །སེམས་ཅན་གཅིག་གི་བདེ་བ་ཡང་། །བཤིག་ན་བདག་ཉིད་ཉམས་གྱུར་ན། །ནམ་མཁའ་མ་ལུས་མཐའ་ཀླས་པའི། །ལུས་ཅན་བདེ་བཤིག་སྨོས་ཅི་དགོས། །དེ་ལྟར་ལྟུང་བ་སྟོབས་ལྡན་དང་། །བྱང་ཆུབ་སེམས་སྟོབས་ལྡན་པ་དག །འཁོར་བར་རེས་ཀྱི་འདྲེ་བྱེད་ན། །ས་ཐོབ་པ་ལ་ཡུན་རིང་འཐོག །ཅེས་གསུངས་པ་བཞིན་ནོ། །གང་སྐྱེས་བུ་ཆེན་པོའི་དོན་དུ་གཉེར་བྱ་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ནི་དེ་ལས་ལྡོག་སྟེ། རང་དོན་དུ་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིར། གཞན་དོན་དུ་མཁྱེན་བརྩེ་ནུས་གསུམ་གྱི་སྒོ་ནས་མུ་མེད་པའི་འགྲོ་བ་མཐའ་དག་སྐྱོབ་པའི་མགོན་དང་དཔུང་གཉེན་གཅིག་པུར་གྱུར་པ་སྟེ། དེ་ནི་སྐྱེས་བུ་དམ་པ་རྣམས་ཀྱི་དོན་དུ་གཉེར་བྱའི་མཆོག་དང་ཐོབ་བྱའི་འབྲས་བུ་བླ་ན་མེད་པ་ཉིད་ཡིན་ཏེ། མགོན་པོ་བྱམས་པས། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་ནས། །སེམས་ཅན་སྲེད་ཕྱིར་བློ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་བརྩེ་བྱངཆུབ་སེམས་བརྟན་ན། །འཕགས་པ་འཁོར་བའམ་མྱ་ངན་འདའ་མི་འགྱུར། །ཞེས་དང་། ཞི་བ་ལྷས། འདི་ནི་བྱང་ཆུབ་སེམས་སྟོབས་ཀྱིས། །སྔོན་གྱི་སྡིག་པ་ཟད་བྱེད་ཅིང་། །བསོད་ནམས་རྒྱ་མཚོ་སྡུད་བྱའི་ཕྱིར། །ཉན་ཐོས་རྣམས་ལས་མཆོག་ཏུ་བཤད། །ཅེས་གསུངས། གཞན་ཡང་སྡོང་པོ་བཀོད་པ་ལས། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་ཡོད་པ་བྱང་ཆུབ་སེམས་ཀྱི་ཡོན་ཏན་དང་ཕན་ཡོན་ཀྱང་དེ་སྙེད་དོ། །དེ་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཐམས་ཅད་འདི་ལས་འབྱུངསྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འདི་ལས་སྐྱེས་སོ། །ཞེས་གསུངས་པས་མཚོན་ཕན་ཡོན་གྱི་བསྔགས་པ་བསམ་ཀྱིས་མི་ཁྱབ་མོད། འདི་དག་གི་རྣམ་གཞག་རྒྱས་པ་ནི་གཞན་དུ་འབྲི་བར་བྱ་བ་ལས་འདིར་ཡི་གེས་འཇིགས་ནས་མ་སྨོས་ལ། དོན་གྱི་གནད་ནི། དགེ་བའི་རྩ་བ་རྒྱ་ཆེ་ཆུང་གང་སྒྲུབ་ཀྱང་ཐོག་མར་རང་གི་རྒྱུད་ལ་བརྟགས་ཏེ། གཞན་ལ་འགྲན་སེམས་དང་ཆོས་བརྒྱད་ཀྱི་རྟོག་པ་སོགས་བསམ་པ་ངན་པ་དང་རང་དོན་ཡིད་བྱེད་སོགས་ཀྱི་དྲིས་མ་སྦགས་པར། གཞན་ཕན་ལྷག་པའི་བསམ་པ་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླང་སྟེ་ཡང་ཡང་ཐེག་པ་ཆེན་པོའི་ལམདུ་བློ་བཅོས་པ་འདི་གལ་ཅིས་ཀྱང་ཆེ་སྟེ། འཕགས་པ་གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་ལས་རིགས་ཀྱི་བུ། དེ་ལ་རང་དོན་དུ་དགེ་བའི་རྩ་བ་བསྒྲུབས་པ་དེ་དག་ནི་སྲིན་བུ་མེ་ཁྱེར་ལྟ་བུའོ། །གཞན་དོན་དུ་དགེ་བའི་རྩ་བ་སྒྲུབ་པ་ནི་ཉི་མའི་དཀྱིལ་འཁོར་ལྟ་བུའོ། །ཞེས་དང་། རྒྱ་མཚོས་ཞུས་པ་ལས། འདི་ལྟར་དགེ་བའི་རྩ་བ་རྣམས། །རང་དོན་ཉིད་དང་གཞན་དོན་དུ། །མངོན་པར་བསྒྲུབས་པའི་བསོད་ནམས་གང་། །རྒྱ་མཚོ་བ་ལང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་དེ་དང་མཚུངས། །ཞེས་དང་། སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པས་རང་དོན་བྱས་པ་དང་། ཐུབ་པས་གཞན་དོན་མཛད་པ་ཡི། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་གསུངས། བྱེ་བྲག་ཏུ་འཕགས་པ་ལག་བཟང་གིས་ཞུས་པའི་མདོ་ལས། ལག་བཟང་བྱང་ཆུབ་སེམས་དཔའ་ཆེན་པོ་ཇི་ལྟར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། ལག་བཟང་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཀྱིས་ལོངས་སྤྱོད་རྣམས་ཡོངས་སུ་ཚོལ་གྱིས་ཆོས་མ་ཡིན་པས་ནི་མ་ཡིན་ནོ། །མཉམ་པས་ཡིན་གྱི་མི་མཉམ་པས་མ་ཡིན་ནོ། །དེ་སྲོག་ཆགས་གཞན་དག་དང་། སེམས་ཅན་གཞན་རྣམས་ལ་གནོད་པ་མི་བྱེད། ཉམ་ང་བ་མི་བྱེད་པར་སྦྱིན་པ་སྦྱིན་ཏེ། བརྗེད་པ་དང་། སྒྲ་དང་། ཚིགས་སུ་བཅད་པའི་ཕྱིར་མ་ཡིན་འཛེམས་པའི་ཕྱིར་མ་ཡིན། འཇིགས་པའི་ཕྱིར་མ་ཡིན། ལན་དུ་ཕན་འདོགས་སུ་རེ་བའི་ཕྱིར་མ་ཡིན། མཐོ་རིས་ཀྱི་ཕྱིར་མ་ཡིན། ཚུལ་འཆོས་པ་མ་ཡིན། ཁ་གསག་བྱེད་པ་མ་ཡིན་བརྙས་པ་མ་ཡིན་པའོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། བྱང་ཆུབ་སེམས་དཔའི་ས་ལས་བྱང་ཆུབ་སེམས་དཔའ་ནི་གྲགས་པ་དང་ཚིགས་སུ་བཅད་པའི་ཕྱིར་སྦྱིན་པར་མི་བྱེད། གཞན་དང་འགྲན་པའི་ཕྱིར་ཡང་སྦྱིན་པར་མི་བྱེད། དབུལ་པོར་འགྱུར་དུ་དོགས་པའི་འཇིགས་པས་སྦྱིན་པར་མི་བྱེད། བརྒྱ་བྱིན་ཉིད་དང་། འཁོར་ལོས་སྒྱུར་བ་ཉིད་དང་། དབང་ཕྱུག་ལ་བརྟེན་ཞིང་སྦྱིན་པར་མི་བྱེད། འབྲས་བུ་ལ་ལྟ་ཞིང་སྦྱིན་པར་མི་བྱེད་དོ། སྦྱིན་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་ཀྱི་ཕྱིརསྦྱིན་ཞིང་བསྔོ་བར་བྱེད་དོ། །ཞེས་གསུངས་པས་འདི་ལྟར་ངེས་པར་བྱ་སྟེ། འཕགས་པ་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་ལེའུ་ཉེར་བཞི་པ་ཉེ་བར་འཁོར་གྱིས་ཞུས་པ་ལས། ཇི་ལྟར་སྒྱུ་མ་མཁན་གྱིས་འཇིག་རྟེན་ན། །སེམས་ཅན་བརྒྱ་ཕྲག་མང་པོ་སྤྲུལ་བྱས་ཏེ། །སྤྲུལ་པ་དེ་དག་ཐམས་ཅད་བསད་གྱུར་ཀྱང་། །སྒྱུ་མ་དེ་དག་བསད་པ་ཡོད་མིན་ལྟར། །འགྲོ་བ་འདི་ཀུན་སྒྱུ་མའི་རང་བཞིན་ཏེ། །འདི་ལ་མཐའ་ནི་ནམ་ཡང་དམིགས་སུ་མེད། །ཅེས་དང་། འགྲོ་དོན་བྱང་ཆུབ་ཕྱིར་ནི་སེམས་བསྐྱེད་ཅེས། །སྤྱོད་མཆོག་ཁྱད་པར་འཕགས་པ་བསྟན་བྱས་ཀྱང་། །བྱང་ཆུབ་ནམ་ཡང་དམིགས་སུ་ཡོད་མིན་ཏེ། །འདོད་པ་གང་ཡིན་དེ་ཡང་ཡོད་མ་ཡིན། །ཞེས་དང་། སྦྱིན་པའི་བསྔགས་པ་འཇིག་རྟེན་ངས་བརྗོད་ཀྱང་། །སེར་སྣའི་ཆོས་དེའང་དམིགས་སུ་ཡོད་མ་ཡིན། །དེ་ལྟར་རྒྱལ་བའི་ཆོས་རྣམས་བསམ་ཡས་ཏེ། །དེ་ཡང་དམིགས་མེད་དེ་ཡང་མཐོང་བ་མེད། །ཅེས་དང་། ཏིང་འཛིན་རྒྱལ་པོ་ལས། ཡིད་ཀྱི་འདུ་ཤེས་དང་ནི་འཛིན་པ་ཡིས། །བདེ་གཤེགས་མཐོང་མཆོད་སངས་རྒྱས་མཉེས་བྱས་སྙམ། །སྐྱེས་པ་མེད་ཅིང་མཆོད་པ་བྱས་པའང་མེད། །མི་དག་བདག་གི་ཁྱིམ་ན་རྨི་ལམ་བཞིན། །ཞེས་དང་། མ་དྲོས་པས་ཞུས་པའི་མདོ་ལས། རྐྱེན་ལས་སྐྱེས་པ་གང་ཡིན་དེ་མ་སྐྱེས། །དེ་ལ་སྐྱེ་བ་ངོ་བོ་ཉིད་ཀྱིས་མེད། །རྐྱེན་ལ་རག་ལས་གང་ཡིན་སྟོང་པར་གསུངས། །སྟོང་ཉིད་གང་ཤེས་དེ་ནི་བག་ཡོད་པའོ། །ཞེས་གསུངས་པ་ལྟར། ཤེས་བྱའི་ཆོས་ཐམས་ཅད་བདེན་པས་སྟོང་ཞིང་དོན་དམ་པར་ཡོད་མེད་ལ་སོགས་པའི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་རང་བཞིན་མཉམ་པ་ཆེན་པོ་ལ་ཀུན་རྫོབ་ཏུ་ཡང་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་བདེན་མེད་སྒྱུ་མ་དང་རྨི་ལམ་ལྟ་བུར་ཤེས་པའི་ངང་། གང་ལའང་ཞེན་པ་དང་འཛིན་པ་མེད་པས། དེ་ལྟར་མ་རྟོགས་པའི་སེམས་ཅན་སྣང་བ་ལ་མངོན་པར་ཞེན་པའི་དབང་གིས་སྐྱེ་ཤིའི་ཁ་བརྒྱུད་དེ་སྲིད་པའི་གནས་སུ་སྡུག་བསྔལ་མུ་མཐའ་མེད་པ་ལ་སྤྱོད་པ་འདི་རྣམས་སྙིང་རེ་རྗེ། འདི་ཐམས་ཅད་འཁོར་བ་ཐོག་མ་མེད་པ་ནས་ལན་གྲངས་དཔག་ཏུ་མེད་པར་ཕ་མ་བྱས་པའི་དྲིན་ཆེན་ཤ་སྟག་ཡིན་པས་འདི་རྣམས་ཡལ་བར་འདོར་མི་རིགས་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། བདག་དང་སེམས་ཅན་ཐམས་ཅད་བདེ་སྡུག་མཚུངས། །བདེ་སྡུག་མཚུངས་པ་ཅན་ནི་གཉེན་ཡིན་ན། །བདག་གིས་དེ་དག་རབ་ཏུ་སྤངས་ནས་ཀྱང་། །མྱ་ངན་འདས་པར་འཇུག་པར་མི་རིགས་སོ། །ཞེས་གསུངས། དེས་ན་ད་ལྟ་བདག་ལ་འགྲོ་བ་སྒྲོལ་བའི་ནུས་པ་མིི་འདུག་པས་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དེ་ཅིས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་བསོད་ནམས་དང་ཡེ་ཤེས་ཀྱིས་བསྡུས་པའི་དགེ་བའི་རྩ་བ་འདི་དང་འདི་ལྟ་བུ་སྒྲུབ་པར་བགྱིའོ་སྙམ་དུ་བསམ་པ་སྟེ། མགོན་པོ་བྱམས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུང་། དེས་ན་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་དང་། སེམས་ཅན་རྣམས་ཕན་བདེ་ལ་འགོད་འདོད་ཀྱི་བརྩེ་བ་དང་། དེའི་ཆེད་དུ་རྫོགས་བྱང་དོན་གཉེར་གྱི་འདུན་པ་སྟེ་དེ་གསུམ་དང་མ་འབྲལ་བའི་ངང་ནས་སྦྱོར་རྗེས་ཀྱི་ཡན་ལག་གཞན་རྣམས་ཀྱང་ཚང་བར་བྱ་དགོས་སོ། །དེ་ལྟར་བགྱིས་ན་ནམ་བྱང་ཆུབ་སྙིང་པོ་ལ་ཐུག་གི་བར་དུ་བར་མ་དོར་ཆུད་མི་འཛའ་ཞིང་གོང་དུ་འཕེལ་བ་དང་། དེར་ཡང་དོར་བ་མེད་པའི་སྟོང་པ་ཉིད་དང་དབྱེར་མེད་རོ་མཉམ་པར་གྱུར་ཏེ། ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡང་འཛད་པར་མི་འགྱུར་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་ཏེ། འཕགས་པ་བརྒྱད་སྟོང་པ་ལས། བཙུན་པ་ཤཱ་རིའི་བུ། དགེ་བའི་རྩ་བ་གང་རུང་གིས་ལྷ་དང་མིའི་ནང་དུ་ཕྱིན་ནས་བླ་ན་མེད་པ་སངས་རྒྱས་སུ་འགྱུར་བ་ཡོད་དེ། གང་ཞེ་ན། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གཅིག་དང་ལྡན་པའི་དགེ་བ་བཅུ་དང་། གསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་ཕ་རོལདུ་ཕྱིན་པ་དྲུག་སྟེ་བར་མ་དོར་ཟད་ཅིང་མེད་པར་མི་འགྱུར་རོ། །ཞེས་དང་། བྱམས་པས་ཞུས་པའི་མདོ་ལས། དཔེར་ན་རྒྱ་མཚོ་ཆེན་པོར་ཆུ་གང་ཇི་སྙེད་གཅིག་འབབ་པ་དེ་དག་བསྐལ་པའི་བར་དུ་ཟད་པར་མི་འགྱུར་རོ། །བྱམས་པ་དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཟིན་པའི་དགེ་བ་ཡང་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་ཟད་པར་མི་འགྱུར་རོ། །བྱམས་པ་ཡང་འདི་ལྟ་སྟེ། དཔེར་ན་འབྱུང་ཁུངས་བཟང་པོར་གང་ཅི་ཡང་རུང་བའི་ས་བོན་ཐམས་ཅད་རྒྱས་ཤིང་འཕེལ་བ་དེ་བཞིན་དུ། བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་བའང་རྒྱ་ཆེར་འཕེལ་བར་འགྱུར་རོ། །ཞེས་དང་། ཟ་མ་ཏོག་བཀོད་པ་ལས་ཀྱང་། འཇམ་དཔལ་འདི་ལྟ་སྟེ་ཤིང་ལྗོན་པ་སྣ་ཚོགས་པ་ནི་ཁམས་བཞིས་བཟུང་ན་རྣམ་པར་འཕེལ་ལོ། །འཇམ་དཔལ་དེ་བཞིན་དུ་དགེ་བའི་རྩ་བ་ཡང་བྱང་ཆུབ་སེམས་ཀྱིས་བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པར་བསྔོས་ན་རྣམ་པར་འཕེལ་ལོ། །ཞེས་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་དགེ་བའི་རྩ་བའི་ལས་ཀྱི་རྣམ་པར་སྨིན་པས་ལན་དུ་མར་ལྷ་ཡི་ནང་དུ་སྐྱེས། ལན་དུ་མར་མིའི་ནང་དུ་སྐྱེས་ཏེ། ལྷ་དང་མིར་སྐྱེས་པ་ཐམས་ཅད་དུའང་དབང་པོ་བྱེད་པར་གྱུར་ཀྱང་། ད་དུང་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དགེ་བའི་རྩ་བའི་ལས་ལ་བྲི་བའམ་གང་བ་མི་མངོན་ནོ། །ཞེས་དང་། འཕགས་པ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གང་དང་ལྡན་པ་དེའི་ལུས་དང་ངག་དང་སེམས་ཀྱི་རྩོམ་པ་ཐམས་ཅད་དོན་ཡོད་པ་སྟེ་རྟག་ཏུ་རོ་གཅིག་ཏུ་འགྱུར་རོ། །ཞེས་དང་། འཕགས་པ་བྱམས་པ་འཇུག་པའི་མདོ་ལས། གལ་ཏེ་སེམས་ཅན་མཐའ་དག་སངས་རྒྱས་ཏེ། །སྤོབས་པ་མཐའ་ཡས་ལྡན་པ་ཉིད་གྱུར་ལ། །ཇི་ལྟར་སྔོན་གྱི་འཁོར་བའི་བསྐལ་པའི་བར། །སེམས་ཅན་གཅིག་པུས་མཆོད་པ་བྱས་པ་བས། །མཁས་པའི་མི་ནི་གང་ཡང་རུང་བ་ཡིས། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་ནས་ཀྱང་། །མེ་ཏོག་གཅིག་པུ་ཕུལ་བའི་བསོད་ནམས་འདིས། །དེ་བས་ཁྱད་པར་འཕགས་པར་འགྱུར་བ་ཡིན། །བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་ནི། །བསོད་ནམས་དེ་ཡི་བཤད་པ་བརྩམས་བྱས་ཀྱང་། བསོད་ནམས་འབྲས་བུ་དེ་ཡི་བཤད་པ་ནི། །ནམ་ཡང་ཟད་པར་འགྱུར་བ་མ་ཡིན་ནོ། །ཞེས་དང་། རིན་ཆེན་ཕུང་པོའི་མདོར། སྲིད་པ་གསུམ་གྱི་སེམས་ཅན་དེ་དག་རེ་རེས་མཆོད་རྟེན་རི་རབ་ཙམ་རེ་རེ་བྱེད་ལ། སོ་སོ་ནས་བསྐལ་པ་གདྒཱའི་ཀླུང་གི་བྱེ་སྙེད་དུ་བསྟི་སྟང་བྱེད་པ་བས། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་མེ་ཏོག་གཅིག་འཐོར་ན་སྔ་མ་ལས་བསོད་ནམས་ཆེས་མང་དུ་བསྐྱེད་པར་གསུང་བས་མཚོན་ལུང་མཐའ་ཡས་ཤིང་། དེ་ལྟར་འབྱུང་བའི་འཐད་པའང་རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་པ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་དང་། སྤྱོད་བཇུག་ལས། །སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ། །བསལ་ལོ་སྙམ་དུ་བསམ་ན་ཡང་། །ཕན་འདོད་བསམ་པ་དང་ལྡན་ཞིང་། །བསོད་ནམས་དཔག་མེད་འབྱུང་འགྱུར་ན། །སེམས་ཅན་རེ་རེའི་མི་བདེ་བ། །དཔག་ཏུ་མེད་པ་བསལ་འདོད་ཅིང་། །རེ་རེའང་ཡོན་ཏན་དཔག་མེདདུ། །སྒྲུབ་པར་འདོད་པ་སྨོས་ཅི་དགོས། །ཞེས་དང་། ཕན་པར་བསམ་པ་ཙམ་གྱིས་ཀྱང་། །སངས་རྒྱས་མཆོད་ལས་ཁྱད་འཕགས་ན། །སེམས་ཅན་དཔག་ཏུ་མེད་པ་ཡིས། །བདེ་དོན་བཙོན་པ་སྨོས་ཅི་དགོས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་དངོས་པོ་རྣམ་པར་དག་པ་ནི། གོང་དུ་སྨོས་མ་ཐག་པ་བཞིན་ཞིང་དང་བསམ་པ་རྣམ་པར་དག་པས་དགེ་བའི་རྩ་བ་ཆེ་ཕྲ་གང་སྒྲུབ་ཀྱང་དངོས་པོ་རྣམ་པར་དག་པ་ཁ་ན་མ་ཐོ་བའི་དྲིས་མ་གོས་པ་ཤིན་ཏུ་གལ་ཆེ་སྟེ། མདོ་ལས། དངོས་པོ་རྐུ་འཕྲོག་དཀོར་ཟས་དང་། །གཞན་ལ་གནོད་པ་མ་ཡིན་པ། །རབ་ཏུ་གཅེས་དང་ཡིད་འོང་རྫས། །མཁོ་བར་གྱུར་ན་མཆོག་ཡིན་ནོ། །ཞེས་དང་། དངོས་པོ་གང་ཞིག་སྡིག་དང་མ་འདྲེས་ཤིང་། །དགེ་འདུན་ལ་སོགས་ཕན་བདེ་སྐྱེད་པས་ཏེ། །ཞེས་དང་། མདོ་རྒྱན་ལས། རྒྱལ་སྲས་རྣམས་ཀྱི་བརྩེ་བས་སྦྱིན་པ་ནི། །ཁ་ན་མ་ཐོ་མེད་ཅིང་དག་པའི་གཞི། །བདེ་བ་འདྲེན་པ་བྱེད་པ་ཉིད་དང་ནི། །རྗེས་སུ་སྲུང་བཅས་ཚོལ་དང་གོས་པ་མེད། །ཅེས་དང་། ཀུན་འདུས་ལས། ཁ་ན་མ་ཐོར་བཅས་པ་དང་། །ཉམས་པ་ལས་བྱུང་ཉེས་དང་བཅས། །མ་དག་པ་ཡི་ཡོ་བྱད་རྣམས། །གདུག་ཅན་འཕང་དུ་འོང་བ་ལྟར། །ཝ་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །བསྐལ་པར་བཤུགས་ཏེ་སྤང་བར་བྱ། །ཞེས་གསུངས་ཤིང་། དེ་ཡང་རིན་ཆེན་ཕྲེང་བ་ལས། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁ་བསག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྔར་ནི་སྨྲ་བའོ། །གཞོག་སློང་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པའོ། །ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པའོ། །རྙེད་པས་རྙེད་པ་རྣམས་འདོད་པ། །སྔར་ཐོབ་པ་ལ་སྔག་བྱེད་པའོ། །ཞེས་ལོག་འཚོ་ལྔ་སྤྱིར་བསྟན་པ་དང་། བྱེ་བྲགགསོད་པར་ཕྱུགས་མ་སྟེར་བ་དང་། །མཆོག་གི་ནོར་ནི་མཆོག་མིན་ལ། །སྟེར་སོགས་མདོ་ལས་བཀག་པས་ན། །མ་དག་པ་ཡི་སྦྱིན་པ་ཡིན། །ཞེས་དང་། དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས། ཞིང་བསམ་སྦྱོར་དངོས་ཅི་རིགས་པས་མ་དག་པའི་སྦྱིན་པར་འགྱུར་བ་སུམ་ཅུ་རྩ་གཉིས་གསུངས་པ། ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པས་སྡོམ་དུ་མཛད་པ། དྲང་སྲོང་རྒྱས་པ་ཞུས་མདོ་ལས། མ་དག་སྦྱིན་པར་གསུངས་པ་ནི། ༡། ཕྱིན་ཅི་ལོག་ལྟས་མོས་མེད་དང་། ༢། དད་པ་མེད་པར་སྦྱིན་པ་གཏོང་། །༣སྔར་ཕན་ལན་དུ་སླར་བྱིན་དང་། ༤། འདོད་པས་མེ་ལ་སྦྱིན་པ་དང་། ༥། དེ་བཞིན་ཆུ་ལ་སྟེར་བ་དང་། ༦། བདག་ཉིད་ཤེས་ཕྱིར་རྒྱལ་པོར་སྟེར། ༧། འཇིགས་ནས་རྐུན་པོ་རྣམས་ལ་སྟེར། ༨། དུག་རྣམས་སྟེར་བར་བྱེད་པ་དང་། ༩། དེ་བཞིན་མཚོན་ཆ་སྦྱིན་པ་དང་། ༡༠། སྲོག་ཆགས་བསད་དེ་ཤ་སྦྱིན་དང་། ༡༡། བག་མེད་རྣམས་ལ་ཆང་སྟེར་དང་། ༡༢། འཁོར་དུ་བསྡུ་ཕྱིར་སྦྱིན་པ་དང་། ༡༣། རང་ལ་བསྟོད་ཕྱིར་སྦྱིན་པ་དང་། ༡༤། རྩེ་ཕྱིར་རོལ་མོ་མཁན་ལ་སྦྱིན། ༡༥། མཚན་མ་ལྟ་ཕྱིར་སྐར་མཁན་སྟེར། ༡༦། གཞན་ནོར་མཛའ་ལ་སྟེར་བ་དང་། ༡༧། གཞན་འབྲུ་དུད་འགྲོས་ཟོས་ལ་དགའ། ༡༨། བཟོ་ཕྱིར་བཟོ་བོ་རྣམས་ལ་སྟེར། ༡༩། ནད་ཀྱིས་འཇིགས་ཕྱིར་སྨན་པར་སྟེར། ༢༠། སློང་བ་རྣམས་ལ་སྤྱོས་ནས་སྟེར། ༢༡། རྣམ་སྨིན་ཐེ་ཚོམ་ཟ་བཞིན་སྟེར། ༢༢། བྱིན་རྗེས་འགྱོད་པས་གདུང་བ་དང་། ༢༣། ཕྱི་མར་སླར་སྦྱིན་འོང་སྙམ་དང་། ༢༤། རྣམ་སྨིན་རང་གཅིག་སྤྱོད་སྙམ་དང་། ༢༥། ལང་ཚོར་བབ་པས་སྦྱིན་པར་དང་། ༢༦། ནད་སོགས་ཚེན་བསྐུལ་ནས་མཆོད། ༢༧། ཡུལ་གཞན་དག་ཏུ་གྲགས་ཕྱིར་དང་། ༢༨། གཏོང་བའི་ཕོད་པ་བསྟན་ཕྱིར་དང་། ༢༩། བུད་མེད་འདོད་ཕྱིར་སྦྱིན་པ་དང་། ༣༠། བུ་མེད་སྙམ་ནས་གང་དགར་སྟེར། ༣༡། གང་བྱིན་ཕྱི་མར་རྙེད་སྙམ་དང་། ༣༢། དབུལ་བོ་དོར་ནས་ཕྱུག་པོརསྟེར། །འདི་རྣམས་མ་དག་སྦྱིན་པ་སྟེ། །གྲངས་ནི་སུམ་ཅུ་རྩ་གཉིས་གསུངས། །འདི་འདྲའིསྦྱིན་པ་གང་ཕུལ་བ་། །རྣམ་སྨིན་མེད་པ་མ་ཡིན་ཀྱང་། །ཚ་སྒོ་ཅན་ལ་ས་བོན་དག །ངན་པ་བཞིན་དུ་འབྲས་བུའི་ཆ། །གྲུང་པོ་ཉིད་དུ་འགྱུར་མ་ཡིན། །དེ་སྤངས་ནས་ནི་བསམ་སྦྱོར་དང་། །དངོས་པོ་སྐྱོན་མེད་ཕུན་ཚོགས་པ། །ཞིང་གསུམ་ལ་ནི་གང་ཕུལ་བ། །ཤིན་ཏུ་ཡིད་འོང་འབྲས་བཅས་འགྱུར། །མདོ་ཡི་དོན་བཞིན་ཚིགས་བཅད་དུ། །མི་ཕམ་པ་ཡིས་བསྡེབས་པ་དགེ། །ཞེས་སོ། །ཁྱད་པར་རྐུ་འཕྲོག་དང་སྲོག་གཅོད་ཀྱི་ཉོ་ཚོང་སོགས་སེམས་ཅན་ལ་གནོད་པའི་རྒྱུར་གྱུར་པས་ནི། ཇི་ཙམ་དུ་འབད་ཀྱང་རྒྱལ་བ་དགྱེས་པའི་ཐབས་སུ་མི་འགྱུར་ཏེ། སྤྱོད་འཇུག་ལས། གང་དག་བདེ་བས་ཐུབ་རྣམས་དགྱེས་འགྱུར་ཞིང་། །གང་དག་གནོད་ན་མི་དགྱེས་འབྱུང་འགྱུར་བ། །དེ་དག་དགའ་བས་ཐུབ་པ་ཀུན་དགྱེས་ཤིང་། །དེ་ལ་གནོད་བྱས་ཐུབ་ལ་གནོད་པ་བྱས། །ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་བ། །འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་བ། །དེ་བཞིན་སེམས་ཅན་གནོད་པ་བྱས་ན་ཡང་། །ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ། །ཞེས་གསུངས་ཤིང་། གཞན་ཡང་། འཕགས་པ་ལངྐར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ། ང་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་བཞིན་གྱི་འདུ་ཤེས་དང་ལྡན་པ་ཡིན་ན་ཇི་ལྟར་བདག་གི་བུའི་ཤ་བཟའ་བར་ཉན་ཐོས་རྣམས་ལ་གནང་བར་བྱ། རང་གིས་བཟའ་བ་ལྟ་ཅི་སྨོས་ཏེ། ངས་ཉན་ཐོས་རྣམས་ལ་གནང་བ་དང་། བདག་ཉིད་ཀྱི་ཟོས་སོ་ཞེས་བྱ་བ་འདི་ནི་བློ་གྲོས་ཆེན་པོ་གནས་མེད་དོ། །ཞེས་དང་། དྲི་ང་འཕགས་པ་མིན་པས་བསྙེན། །མི་སྙན་པར་ཡང་བྱེད་པ་སྟེ། །ཤ་ནི་གཅན་གཟན་རྣམས་ཀྱི་ཟས། །བཟར་མི་རུང་བར་ཐུབ་ཆེན་གསུངས། །ཟོས་ན་ཉེས་པ་གང་ཡིན་དང་། །མ་ཟོས་པ་ཡི་ཡོན་ཏན་དག །ཤ་ཟ་དེ་ལ་གང་ཡོད་པ། །བློ་གྲོས་ཆེན་པོས་ཤེས་པར་གྱིས། །འཁྲུལ་པ་དང་ནི་གཉེན་བཤེས་དང་། །ཁུ་ཆུ་ཁྲག་ལས་བྱུང་བའི་ཕྱིར། །འབྱུང་པོ་རྣམས་ནི་དངངས་འགྱུར་བས། །རྣལ་འབྱོར་ཅན་གྱིས་ཤ་མི་བཟའ། །ཞེས་དང་། ཁེ་ཡི་ཕྱིར་དུ་སེམས་ཅན་གསོད། །ཤ་ཡི་ཆེད་དུ་ནོར་སྦྱིན་བྱེད། །དེ་དག་གཉིས་ཀ་སྡིག་པ་ཅན། །འོ་དོད་འབོད་ལ་སོགས་པར་བཙོ། །གང་གིས་ཐུབ་པའི་ཚིག་འདས་ཏེ། །བསམ་པ་ངན་པས་ཤ་བཟའ་ན། །འཇིག་རྟེན་གཉིས་ནི་གཞིག་པའི་ཕྱིར། །ཤཱཀྱའི་བསྟན་ལས་བརྟུལ་ཞུགས་ཉམས། །ཤིན་ཏུ་མི་བཟད་དམྱལ་བར་ཡང་། །སྡིག་པའི་ལས་ཅན་དེ་དག་འདོང་། །མ་རུང་འོ་དོད་འབོད་སོགསསུ། །ཤ་ཟ་དེ་དག་བཙོ་བར་འགྱུར། །རྣམ་གསུམ་དག་པའི་ཤ་རྣམས་ནི། །མ་བརྟགས་པ་དང་མ་བསླངས་དང་། མ་བསྐུལ་བ་ཡང་ཡོད་མིན་པས། །དེ་བས་ཤ་ནི་མི་བཟའ་འོ། །རྣལ་འབྱོར་ཅན་གྱིས་ཤ་མི་ཟ། །ང་དང་སངས་རྒྱས་དག་གིས་བཤད། །སེམས་ཅན་གཅིག་ལ་གཅིག་ཟ་བ། །ཤ་ཟན་དག་གི་རིགས་སུ་སྐྱེས། །དྲི་མི་ཞིམ་དང་སྨད་པ་དང་། །སྨྱོན་པ་རྣམས་སུ་སྐྱེ་བར་འགྱུར། །གདོལ་པ་སྨེ་ཤ་ཅན་རིགས་དང་། །བཙོ་བླག་མཁན་དུ་ཡང་ཡང་སྐྱེ། །ཕྲ་མེན་རིགས་ཀྱི་སྐྱེ་གནས་དང་། །ཤ་ཟའི་རིགས་སུ་སྐྱེ་བར་འགྱུར། །མི་ཡི་ཐ་མ་དེ་དག་ནི། །སྲིན་དང་བྱི་ལའི་མངལ་དུ་སྐྱེ། །གླང་པོ་རྩ་དང་སྤྲིན་ཆེན་དང་། །མྱ་ངན་འདས་དང་སོར་ཕྲེང་དང་། ལངྐར་གཤེགས་པའི་མདོ་ལས་ཀྱང་། །ངས་ནི་ཤ་ཡང་རྣམ་པར་སྨད། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉམ་ཐོས་རྣམས་ཀྱིས་སྨད་པ་ལ། །ངོ་མི་ཚ་བར་ཟ་བ་ནི། །རྟག་ཏུ་སྨྱོན་པར་སྐྱེ་བར་འགྱུར། །ཤ་ལ་སོགས་པ་སྤང་བའི་ཕྱིར། །བྲམ་ཟེའི་རིགས་སམ་རྣལ་འབྱོར་ཅན། །ཤེས་རབ་ཅན་དང་ནོར་ལྡན་པར། །དེ་དག་རྣམས་ནི་སྐྱེ་བར་འགྱུར། །མཐོང་དང་ཐོས་དང་དོགས་པ་ཡི། །ཤ་རྣམས་ཐམས་ཅད་རྣམ་པར་སྨད། །ཤ་ཟན་རིགས་སུ་སྐྱེས་པ་ཡི། །རྟོག་གེ་པ་རྣམས་མི་ཤེས་སོ། །ཇི་ལྟར་འདོད་ཆགས་ཐར་པ་ལ། །བར་ཆོད་བྱེད་པར་འགྱུར་བ་བཞིན། །དེ་བཞིན་ཤ་དང་ཆང་ལ་སོགས། །བར་ཆད་བྱེད་པར་འགྱུར་བའོ། །མ་འོངས་པ་ཡི་དུས་ན་ནི། །ཤ་ཟ་གཏི་མུག་སྨྲ་བ་དག །ཤ་ནི་སྡིག་མེད་རུང་བའོ་ཞེས། །སངས་རྒྱས་ཀྱིས་ནི་བཤད་ཅེས་ཟེར། །ཟས་ལ་སྨན་དང་འདྲ་བ་དང་། །བུ་ཡི་ཤ་དང་མཚུངས་པ་ཡང་། །རན་པར་དང་ནི་མི་འཕྲོད་པར། །རྣལ་འབྱོར་ཅན་གྱིས་ཟས་ལ་སྤྱོད། །སེང་གེ་དང་ནི་སྟག་རྣམས་དང་། །ཝ་ལ་སོགས་དང་འགྲོགས་བྱ་བ། །ངས་ནི་བྱམས་པས་གནས་པ་ལ། །རྟག་པར་རྣམ་པར་ཀུན་ཏུ་སྨད། །ཐར་པའི་ཆོས་དང་འགལ་བའི་ཕྱིར། །མི་རྣམས་དངང་བར་འགྱུར་བའི་ཤ། དེ་ཕྱིར་བཟའ་བར་མི་བྱ་སྟེ། །འདི་ནི་འཕགས་པའི་རྒྱལ་མཚན་ནོ། །ཞེས་དང་། གལ་ཏེ་ཤ་རྣམས་ཟ་བྱེད་ན། །སེམས་ཅན་དག་ནི་སྐྲག་འགྱུར་ལ། །དེ་ཕྱིར་རྣལ་འབྱོར་པ་དག་གིས། །སྙིང་རྗེའི་སེམས་ཀྱིས་ཤ་མི་བཟའ། །ཤ་ཟ་སྙིང་རྗེ་ཤེས་རབ་མེད། །རྣམ་པར་གྲོལ་ལ་རྒྱབ་ཀྱིས་ཕྱོགས། །འཕགས་པའི་རྒྱལ་མཚན་དག་དང་འགལ། །དེ་ཡི་ཕྱིར་ན་བཟའ་མི་རིགས། །ཞེས་དང་། འཇམ་དཔལ་གྱི་ལྟ་འདོད་མདོར་བསྟན་ལས། །རྫས་ཐོབ་དོན་དུ་སྲོག་གཅོད་དང་། །བཟའ་བའི་དོན་དུ་རིན་འཇལ་བ། །གཉིས་པོ་དག་ཀྱང་གསོད་པ་སྟེ། །ངུ་འབོད་ལ་སོགས་རྣམས་སུ་འཚེ། །གང་ཕྱིར་རྫས་ཀྱི་ཤ་ཉོས་པ། །ཁྱིམ་པ་རྣམས་ལ་སྡིག་མེད་ན། །དེ་བཞིན་སྐུ་གཟུགས་ལ་སོགས་པ། བྱས་ནའང་ཇི་ལྟར་བསོད་ནམས་འགྱུར། །གསོད་པོ་ནོར་ལ་སྲེད་པ་དག །བསྐལ་པ་འབུམ་དུ་འཚེད་པའོ། །ཟ་བོ་ཤ་ལ་སྲེད་པ་དག །བསྐལ་པ་བྱེ་བར་འཚེད་པའོ། །ཤ་བཟའ་བ་ཡི་མི་གང་ཞིག །དང་པོ་ཡིདྭགས་འགྲོ་བ་སྟེ། །ཕྱི་མ་ངུ་འབོད་འགྲོ་བའོ། །ཞེས་དང་། གཞན་གྱིས་བསད་པ་བརྒྱ་ལས་ནི། །རང་གིས་བསད་དང་གསོད་བཅུག་པའི། །ཤ་ནི་ཉེས་པ་བརྒྱ་འགྱུར་ལྕི། །ཞེས་དང་། སྔ་འགྱུར་གཏོར་མའི་རྒྱུད་ལས། བརྩེ་བ་མེད་པར་སེམས་ཅན་གྱི་སྲོག་གཅོད་པ་དང་། སྲེད་པས་ཤ་ཁྲག་ལ་ཟ་བ་དག་བར་གྱི་བསྐལ་པ་ལྔ་བརྒྱར་ཚ་བའི་དམྱལ་བར་གནས་པར་གསུངས་པས་མཚོན་ཉེས་པ་མཐའ་ཡས་པ་གསུངས་ཤིང་། དེར་མ་ཟད་དེང་སང་གི་དུས་ན་རྟེན་བཞེངས་དང་སྒྲུབ་མཆོད་ཆོས་སྟོན་གཤིན་གསོན་གྱི་དགེ་སྒྲུབ་སོགས་ཀྱི་ཆེད་སེམས་ཅན་བསད་ན་རྣམ་སྨིན་སྡིག་པར་མི་འགྱུར་ཞིང་སེམས་ཅན་དེའང་འཚེང་སྙམ་པ་མང་དག་ཀྱང་སྣང་མོད། དེ་དག་གང་ཟག་འཕགས་པའི་རིགས་ཅན་ཐབས་དེས་གཞན་དོན་དུ་འགྱུར་བ་དང་། འགྱུར་བར་ཤེས་པ་དང་། རང་གི་དགེ་ཚོགས་མི་འགྲིབ་པ་སྟེ་རྒྱུ་མཚན་གསུམ་ཚང་ངེས་ཡིན་ན་དེ་ལ་ལུས་ངག་གི་སྤང་བདུན་གནང་བའི་སྐབས་ཡོད་པའི་ཕྱིར་དང་། ཁྱད་པར་ལྟ་དགོངས་ཚད་དུ་ཕྱིན་པས་རྟོགས་པས་བདག་དང་། ཐུགས་རྗེས་གཞན་སྒྲོལ་ནུས་པའི་མངོན་རྟགས་བསད་པ་གསོ་ནུས་པ་སོགས་སྔོན་ཟུར་པ་ཡབ་སྲས་དང་ཆོས་རྗེ་ཀཿཐོག་པ་ལྟ་བུ་ཡིན་ན་ཤིན་ཏུ་ངོ་མཚར་ཆེ་མོད། དེ་ལྟ་བུའི་རྒྱུ་མཚན་གང་ཡང་མེད་པར་སྐྱེས་བོས་རང་གར་སྤྱད་པ་ཡིན་ན་ནི་དེ་ལ་འདི་སྐད་ཅེས་འདྲི་བར་བྱ་སྟེ། ཀྭ་ཡེ་གྲོགས་པོ་དག་ཤེས་པར་གྱིས་ཤིགཁྱེད་ཀྱི་ངལ་བ་འདི་ཅིའི་སླད་དུ་སྒྲུབ། ཐབས་འདི་རྒྱལ་བ་དགྱེས་པའི་རྒྱུར་འདོད་པ་ཡིན་ནམ་མ་ཡིན། རྣམ་སྨིན་གྱི་འབྲས་བུ་ཡིད་འོང་འཐོབ་པའི་ཕྱིར་ཡིན་ནམ་མ་ཡིན། སྐྱེ་བོ་ཡ་རབས་ཀྱི་རྗེས་སུ་སློབ་པར་འདོད་པ་ཡིན་ནམ་མ་ཡིན། ཚུལ་འདི་ནང་པ་སངས་རྒྱས་པའི་ལུགས་དང་འབྲེལ་བ་ཡིན་ནམ་མ་ཡིན། དེ་བཞི་གང་ཡང་མ་ཡིན་ན་ཁྱེད་ཅག་ཅི་དགར་བྱོས་དང་ཁོ་བོ་ལ་གཉེར་མེད་དོ། །གལ་ཏེ་རྒྱལ་བ་དགྱེས་པའི་ཕྱིར་ཡིན་ན་ནི། བ་ཚྭའི་ཆུ་ཀླུང་གི་མདོ་ལས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཁོལ་དུ་ཕྱུང་བ། སེམས་ཅན་དོན་ཉིད་ང་ལ་གུས་ཡིན་གཞན་ལ་གུས་པས་མིན། །གུས་པའི་འང་ང་ཡི་དེ་ལ་སྙིང་རྗེ་མི་སྤོང་བ་ཡིན་ཏེ། །སྙིང་རྗེ་སྤངས་པའི་སྤྱོད་པས་དམན་པར་གྱུར་པ་གང་ཡིན་ལ། །སྙིང་རྗེ་ཉིད་ཀྱིས་དེ་ལ་གནོད་པར་རིགས་ཀྱི་གཞན་གྱིས་མིན། །གང་ཞིག་སེམས་ཅན་རྣམས་ལ་སྙིང་རྗེ་ལྡན་པས་རབ་འཇུག་ན། །དེས་ནི་ང་ལ་མཆོད་ཅིང་བསྟན་པ་གཅེས་པར་རབ་ཏུ་བཟུང་། །གང་ལ་ཚུལ་ཁྲིམས་ཐོས་དང་སྙིང་རྗེ་བློ་གྲོས་གསལ་ཡོད་པ། །དེ་ལྟར་དེས་ནི་བདེ་བར་གཤེགས་པ་རྟག་ཏུ་མཆོད་པར་འགྱུར་བ་ཡིན། །སེམས་ཅན་ཕན་པའི་དབང་དུ་བྱས་ནས་ངས་འདི་བསྒྲུབས་པ་སྟེ། །སྐུ་འདི་སེམས་ཅན་དོན་ཉིད་ཁོ་ནར་ཀུན་ནས་བསྐྱེད་པ་ལ། །གང་གིས་ཡིད་ཀྱིས་ཀྱང་ནི་སེམས་ཅན་དག་ལ་གནོད་བྱེད་པ། །དེ་ནི་ཇི་ལྟར་ང་ལ་བརྟེན་ཏེ་ང་ལ་ལྟོས་བྲལ་ཡིན། །གང་གིས་ཡིད་ལ་དགའ་བ་བསྐྱེད་ན་མཆོད་པ་ཡིན་པས་ན། །སེམས་ཅན་དག་ལ་ཕན་ན་དེ་ནི་ཆུང་ཡང་མཆོད་པ་ཡིན། །འཚེ་བའི་བདག་ཉིད་ཅན་དང་གཞན་ལ་གནོད་པ་འབྱུང་བ་ཡི། །མཆོད་པ་ལེགས་པར་སྦྱར་བ་ཡིན་ཡང་མཆོད་པར་འགྱུར་བ་མིན། །ཆུང་མ་རྣམས་དང་བུ་དང་དབང་ཕྱུག་རྒྱལ་སྲིད་ཆེན་པོ་དང་། །ཤ་རྣམས་དང་ནི་ཁྲག་དང་ཚིལ་དང་ལུས་རྣམས་དང་ནི་མིག །གང་རྣམས་ཁོ་ན་དགའ་བའི་དབང་བྱས་པ་ཡིས་བཏང་བ་སྟེ། །གང་ཞིག་དེ་ལ་འཚེ་ན་དེ་ནི་ང་ལ་གནོད་པ་ཡིན། །སེམས་ཅན་རྣམས་ལ་མཆོག་ཏུ་ཕན་ན་ང་ལ་མཆོད་མཆོག་ཡིན། །སེམས་ཅན་རྣམས་ལ་གནོད་པའི་མཆོག་ནི་ང་ལ་གནོད་མཆོག་ཡིན། །ང་དང་སེམས་ཅན་དག་ནི་བདེ་དང་སྡུག་བསྔལ་མཚུངས་འདོད་པས། །གང་ཞིག་སེམས་ཅན་གནོད་བྱེད་དེ་དག་ང་ལ་ཇི་ལྟར་མོས། །སེམས་ཅན་བརྟེན་ནས་ང་ཡིས་སྐྱོབ་པ་མཉེས་དང་དགེ་བ་བྱས། །སེམས་ཅན་དག་ལ་བརྟེན་ནས་དོན་བསྒྲུབས་ཕ་རོལ་ཕྱིན་པའང་འཐོབ། །སེམས་ཅན་དོན་ལ་ཡིད་ནི་བརྩོན་པ་བསྐྱེད་ནས་བདུད་བརྟུལ་ཏེ། །དེ་བཞིན་སེམས་ཅན་དེ་ཉིད་སྤྱོད་གང་ཡིན་པས་ང་སངས་རྒྱས། །གལ་ཏེ་སྐྱེ་དང་སྐྱེ་བར་སྲོག་ཆགས་དགའ་བའི་གྲོགས་མིན་ན། །གང་འདི་བྱམས་དང་སྙིང་རྗེ་སུ་ལ་དམིགས་པའི་གཞི་ལས་སྐྱེ། །རྣམ་ཐར་དགའ་སོགས་སུ་ལ་ལྟོས་ཤིང་ཡུལ་དང་གཞི་གང་ཡིན། །སུ་ཡི་དོན་དུ་རིང་ནས་ང་ཡི་ཡིད་ཀྱིས་སྙིང་རྗེ་བསྒོམ། །ངས་ནི་སྲོག་ཆགས་ཉིད་དེ་གླང་སོགས་དངོསགྱུར་དུ་མ་བྱིན། །སེམས་ཅན་ཉིད་ནི་སྣོད་དུ་གྱུར་པས་ང་ཡིས་སྦྱིན་པ་བླངས། །སེམས་ཅན་སྣ་ཚོགས་རྒུད་གྱུར་པ་ལས་ང་ཡི་སྙིང་རྗེ་འཕེལ། །གལ་ཏེ་སེམས་ཅན་མི་སྐྱོང་སུ་ཡི་དོནདུ་བསྒྲུབ་པར་བྱ། །གལ་ཏེ་སྲོག་ཆགས་འཁོར་བར་སྡུག་བསྔལ་དུ་མས་བཅོམ་མིན་ན། །སྐྱེ་བ་ལེན་ཅིང་སྡུག་བསྔལ་ཉམས་མེད་སུ་ཕྱིར་བདག་གིར་བྱེད། །བདག་ཉིད་ཆེན་པོ་འཁོར་བའི་རྒྱན་གྱི་བདེ་བར་གཤེགས་པ་འདི། །གལ་ཏེ་སེམས་ཅན་དགའ་ཕྱིར་མིན་ན་ངལ་འདིསུ་ཡི་ཕྱིར་དུ་བསྒྲུབས། །ང་ཡི་བསྟན་པ་ཇི་སྲིད་འགྲོ་བ་འདི་ན་གསལ་སྣང་བ། །དེ་སྲིད་གཞན་ལ་མཆོག་ཕན་བདག་གཞན་མཉམ་པར་གནས་པར་གྱིས། །ང་ཡི་སེམས་ཅན་དོན་དུ་རབ་མཉམ་སྐྱོ་མེད་སྦྱོར་རྣམས་ལ། །སྐྱོ་བར་བྱེད་པ་ལུས་འདི་ཟད་ཀྱིས་གསོས་པའི་སྙིང་པོ་མེད། །ཅེས་གསུངས་པ་དང་དངོས་སུ་འགལ་བར་མ་བྱེད་ཅིགཡང་རྣམ་སྨིན་གྱི་འབྲསབུ་བདེ་བ་དོན་དུ་གཉེར་བ་ཡིན་ན་ནི། དཀོན་མཆོག་བརྩེགས་པ་ལས། ཅི་འདྲ་བ་ཡི་ལས་བྱས་ན། །རྣམ་པར་སྨིན་པ་དེ་འདྲར་འགྱུར། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །དེ་ནི་ཅུང་ཟད་འགྱུར་བ་མེད། །ཅེས་དང་། འཇམ་དཔལ་རྩ་རྒྱུད་ལས། ལས་རྣམས་སྣ་ཚོགས་བདག་ཉིད་ཆེ། །རྟག་ཏུ་དཀར་ལ་དཀར་བ་འབྱུང་། །ནག་ལ་ནག་པའི་ལས་རྣམས་ནི། །ནག་པོ་ཉིད་དུ་སོ་སོར་སྨིན། །འདྲེས་མ་འདྲེས་མའི་ལས་རྣམས་ནི། །འདྲེས་མ་ཉིད་དུ་སོ་སོར་སྨིན། །ཞེས་དང་། རིན་ཆེན་ཕྲེང་བ་ལས། དགེ་བ་ལས་ནི་བདེ་བ་དང་། །དེ་བཞིན་འགྲོ་བ་འདི་དག་གོ །མི་དགེ་བ་ལས་སྡུག་བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དེ། །ཞེས་དང་། རྨི་ལམ་ཡིད་བཞིན་ནོར་བུ་ལས། འདི་ལྟར་ཕན་དང་གནོད་པ་བྱས་པ་ལས། །བདེ་བ་དང་ནི་སྡུག་བསྔལ་ཚད་མེད་པ། །གཉིས་ཀའི་རྒྱུ་རུ་འགྱུར་བ་དེ་ཡི་ཕྱིར། །སེམས་ཅན་རྣམས་ནི་བདག་གི་བླ་མ་ཡིན། །འདི་ཉིད་ལ་ནི་གསོད་དང་འཆིང་བ་དང་། །བརྡེགས་དང་བསྡིགས་སོགས་སྡུག་བསྔལ་མྱོང་བ་གང་། དེ་ནི་སེམས་ཅན་འཚེ་བའི་འབྲས་བུ་ཞེས། །བདེ་བར་གཤེགས་པ་རྣམས་ཀྱིས་བཀའ་སྩལ་ཏོ། །གཟུགས་དང་ནད་མང་དག་གིས་གནོད་པ་དང་། །ཕོངས་དང་རིགས་ངན་ཚེ་ནི་ཐུང་བ་དང་། །ཆུང་མ་ཤི་དང་ལོང་བར་གྱུར་པ་ཉིད། །སེམས་ཅན་གནོད་པ་བྱས་པའི་འབྲས་བུ་ཡིན། །མནར་མེད་པ་ཡི་བར་གྱི་ངན་སོང་གི། །གནསསུ་སྡུག་བསྔལ་སྣ་ཚོགས་མྱོང་བ་གང་། །དེ་དག་ཐམས་ཅད་རང་གི་ཉེས་པ་ཡིས། །སེམས་ཅན་རྣམས་ལ་གནོད་པ་བྱས་པས་ཡིན། །ཞེས་དང་། སྦྱིན་པའི་ཕར་ཕྱིན་བསྟན་པའི་མདོ་ལས། མངལ་ན་གནས་པ་ཡན་ཆད་ཀྱང་། །ཀུན་ལ་སྲོག་ནི་སྡུག་པའི་ཕྱིར། །བདག་གི་སྲོག་ཕངས་གང་ཡིན་པ། །དེ་ནི་སྲོག་ཆགས་གསོད་མི་བྱེད། །ཅེས་དང་། ཚེ་མཐའི་མདོ་ལས། བ་གླང་མ་ཧེ་ར་ལུག་དང་། །རི་དྭགས་བྱ་གག་ཕག་རྣམས་དང་། །དེ་བཞིན་སྲོག་ཆགས་གཞན་གསོད་པ། །བསྡུས་འཇོམས་དག་ཏུ་སྐྱེ་བར་འགྱུར། །ཞེས་དང་། དྲན་པ་ཉེར་བཞག་ལས། སེམས་ཅན་གཅིག་གི་སྲོག་བཅད་ན་བར་གྱི་བསྐལ་པ་གཅིག་ཏུ་སེམས་ཅན་ཉི་ཚེ་བའི་དམྱལ་བར་གནས་པ་དང་། ཕྱུགས་བསད་པའི་མཆོད་སྦྱིན་བྱས་ན་མུན་པ་ཆེན་པོའི་དམྱལ་བར་སྐྱེ་བར་གསུངས་པ་དང་། རྟ་དབྱངས་ཀྱིས། ཟས་ཀྱི་ཆེད་དུ་བརྩེ་མེད་པར། །སྲོག་ཆགས་གསོད་ཅིང་སྦྱིན་བྱེད་གང་། །དེ་དག་ཤི་ནས་ངེས་པར་ནི། །སྲིན་པོའི་བཟའ་དང་བཅའ་བར་འགྱུར། །ཞེས་སོགས་ལུང་མཐའ་ཡས་ལ། མདོར་ན་སྐྱེས་རབས་ལས། བདག་གི་ཕྱིར་དང་གཞན་གྱི་ཕྱིར་དག་ཏུ། །བདེ་བ་འདོད་ན་སྡིག་པ་མི་བྱ་སྟེ། །བྱིས་པ་བདེ་འདོད་གང་ཞིག་སྡིག་བྱེད་ན། །དེ་ཡི་འབྲས་བུ་སོ་སོར་མྱོང་བར་འགྱུར། །ཞེས་དང་། མ་མཐོང་བར་ནི་སྡིག་པ་བགྱིས་པ་དག །དུག་ཟོས་བཞིན་དུ་བདེ་བར་ག་ལ་འགྱུར། །ལྷ་དང་རྣལ་འབྱོར་ཅན་གྱི་མི་དག་གིས། །རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། །ཞེས་དང་། ཆེད་དུ་བརྗོད་བའི་ཚོམ་ལས། གང་ཞིག་བདེ་བ་འདོད་པའི་ཕྱིར། །རྒོད་བཞིན་སྡིག་པའི་ལས་བྱས་པའི། །སྡིག་པའི་ལས་དེའི་རྣམ་སྨིན་དག །ངུ་བཞིན་ཉམས་སུ་མྱོང་བར་འགྱུར། །ཞེས་གསུངས་ན་བདེ་བ་དང་དངོས་སུ་འགལ་བའི་རྒྱུ་ལ་ཅིའི་ཕྱིར་འབད། དེས་ན་བཤེས་སྤྲིང་ལས། ཁྱོད་ཀྱིས་དགེ་སྦྱོང་ལྷ་དང་བྲམ་ཟེ་དང་། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །འཁོར་གྱི་སླད་དུའང་སྡིག་པ་མི་བགྱི་སྟེ། །དམྱལ་བའི་སྡུག་བསྔལ་སྐལ་ནོད་འགའ་མ་མཆིས། །སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང་ནི། །དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་ཀྱང་། །འཆི་བའི་དུས་ལ་བབ་ན་སྡིག་པ་ཡི། །ལས་ཀྱི་འབྲས་བུ་གང་ལགས་མངོན་དུ་འགྱུར། །ཞེས་གསུངས། དེ་བས་ན་གང་སྐྱེས་བུ་རྣམས་ཀྱི་དོན་དུ་གཉེར་བྱ་ནི་མཐོ་རིས་ཀྱི་ཡོན་ཏན་བདུན་པོ་འདི་དག་ཡིན་ཏེ། དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་བ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་མདོ་སྡེ་དག་ལས་གསུངས། །ཞེས་དང་། དེ་རྣམས་འགྲུབ་བྱེད་ཀྱི་རྒྱུའང་། གསོད་སར་ཚུད་པ་ལེགས་བཏང་དང་། །དེ་བཞིན་སྲོག་གིས་ཕན་བཏགས་ཤིང་། །སྲོག་ཆགས་འཚེ་བ་ལས་ལྡོག་པས། །ཚེ་རིང་བ་དག་ཐོབ་པར་འགྱུར། །ནད་པའི་བསྙེན་བཀུར་བྱས་སྨན་པ། །སྨན་ནི་རབ་ཏུ་ཕྱིན་པ་དང་། སྲོག་ཆགས་བོང་བ་དབྱིག་སོགས་ཀྱིས། །འཚེ་བ་མེད་པས་ནད་མེད་ཡིན། །ཁྲོ་བ་མེད་ལ་བརྟེན་པ་དང་། །རྒྱན་བྱིན་པ་ལས་གཟུགས་བཟང་ཉིད། །ཕྲག་དོག་མེད་པའི་འབྲས་བུ་ཉིད། །སྐལ་བ་བཟང་པོར་ཡོངས་སུ་བཤད། །དམ་པ་མཆོད་ཅིང་བསྙེན་བཀུར་བྱས། །ང་རྒྱལ་སྤངས་པས་རིགས་མཐོར་འགྱུར། །སྦྱིན་བྱེད་རྐུ་བ་ལས་ལྡོག་པས། །ལོངསསྤྱོད་ཕུན་སུམ་ཚོགས་འཐོབ་འགྱུར། །དགེ་དང་སྡིག་པ་གང་ཡིན་ཞེས། །ཡང་དག་འདྲི་ལ་བརྩོན་པ་དང་། །ཆོས་ཀྱི་བསྟན་བཅོས་བྱིན་པ་ཡིས། །བློ་གྲོས་རྒྱ་ཆེན་ཐོབ་པར་འགྱུར། །ཞེས་གསུངས། གཞན་ཡང་འཕགས་པ་རྒྱལ་བའི་བློ་གྲོས་ཀྱི་མདོ་ལས་གསུངས་པའི་དོན་ཚིགས་བཅད་དུ་སྡེབ་པ། བསོད་ནམས་འདོད་པས་དེ་བཞིན་གཤེགས་མཆོད་བྱ། །ཤེས་རབ་འདོད་པས་ཐོས་ལ་བརྩོན་པར་བྱ། །མཐོ་རིས་འདོད་པས་ཚུལ་ཁྲིམས་བསྲུང་བར་བྱ། །ལོངས་སྤྱོད་འདོད་པས་གཏོང་བ་སྤེལ་བར་བྱ། །གཟུགས་བཟང་འདོད་པས་བཟོད་པ་བསྒོམ་པར་བྱ། །སྤོབས་པ་འདོད་པས་བླ་མ་ལ་གུས་བྱ། །གཟུངས་ཐོབ་འདོད་པས་ང་རྒྱལ་མེད་པར་བྱ། །ཡེ་ཤེས་འདོད་པས་ཚུལ་བཞིན་ཡིད་བྱེད་བྱ། །ཐར་པ་འདོད་པས་སྡིག་རྣམས་སྤང་བར་བྱ། །འགྲོ་ཀུན་བདེ་འདོད་བྱང་ཆུབ་སེམས་བསྐྱེད་བྱ། །སྐད་སྙན་འདོད་པས་བདེན་པར་སྨྲ་བར་བྱ། །ཡོན་ཏན་འདོད་པས་དབེན་པར་དགའ་བར་བྱ། །ཆོས་འདོད་དགེ་བའི་བཤེས་ལ་བསྟེན་པར་བྱ། །ཞི་གནས་འདོད་པས་འདུ་འཛི་མེད་པར་བྱ། །ལྷག་མཐོང་འདོད་པས་ཆོས་ཀུན་སྟོང་པར་བརྟག །ཚངས་གནས་འདོད་པས་བྱམས་སོགས་བསྒོམ་པར་བྱ། །ལྷ་མིའི་དཔའ་འདོད་དགེ་བཅུའི་ལས་ལམ་བླང་། །མྱ་ངན་འདའ་འདོད་ཆོས་ལ་མངོན་དགའ་བྱ། །ཡོན་ཏན་ཐོབ་འདོད་དཀོན་མཆོག་མཆོད་པར་བྱ། །དེ་སྐད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པས། །རང་གཞན་གནས་སྐབས་མཐར་ཐུག་བདེ་བའི་རྒྱུ། །དོན་དུ་གཉེར་རྣམས་འདི་ལ་འབད་པར་མཛོད། །ཡང་སྐྱེ་བོ་ཡ་རབས་ཀྱི་རྗེས་སུ་སློབ་པར་འདོད་པ་ཡིན་ན་ནི། ལུགས་ཀྱི་བསྟན་བཅོས་དམ་པའི་རྒྱན་ལས། བཀུར་བར་འོས་པ་ལེགས་ཁུར་ཞིང་། །མགོན་མེད་པ་ལ་ལྷག་པར་བྱམས། །བྱས་ལ་དྲིན་ལན་མི་བརྗེད་པ། །དམ་པ་རྣམས་ཀྱི་མཛད་སྤྱོད་ཡིན། །ངོ་ཚ་དོར་བའི་འཚོ་བ་དང་། །སྡིག་དང་འབྲེལ་བའི་ལོངས་སྤྱོད་དང་། །མཛའ་བོ་བསླུ་བའི་མངའ་ཐང་ལས། །དམ་པ་རང་ཉིད་འཆི་བ་འདམ། །ཞེས་དང་། སྐྱེ་བོ་ངན་པ་སྡིག་ལ་དགའ། །བྱས་ལ་དྲིན་དུ་མི་གཟོ་དང་། །ངོ་ཚ་དགྲ་བོ་བཞིན་དུ་འདོར། །རང་དོན་འགྲུབ་ན་ཅིར་ཡང་བྱེད། །ཅེས་དང་། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་བཅད་ལས། རྒྱ་མཚོ་དང་ནི་རི་རབ་དང་། །ས་རྣམས་བདག་གི་ཁུར་མིན་གྱི། །བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་ཡིན། །མི་གང་སེམས་ནི་མི་རྒོད་ཅིང་། །བྱས་པ་གཟོ་དང་བྱས་པ་ཚོར། །བྱས་པ་ཆུད་གཟོན་མི་བྱེད་པ། །དེ་དག་མཁས་པས་རབ་ཏུ་བསྔགས། །གང་ཞིག་རྒན་དང་བྱིས་པ་ནད་པ་དང་། །ཉམ་ཆུང་ཐབས་སྟོར་དེ་བཞིན་དམན་པ་དང་། །རྒྱལ་པོསསྤངས་དང་སྐྱབས་མེད་པ་དག་ལ། །སྙིང་བརྩེ་མེད་པ་དེ་དག་མིར་མི་རུང་། །ཞེས་དང་། ཆེད་དུ་བརྗོད་པའི་ཚོམ་ལས། བག་ཡོད་འཆི་མེད་གནས་ཡིན་ཏེ། །བག་མེད་པ་ནི་འཆི་བའི་གནས། །བག་ཡོད་འཆི་བར་མི་འགྱུར་ཏེ། །བག་མེད་པ་ནི་རྟག་ཏུ་འཆི། །དེ་ཡི་ཁྱད་པར་འདི་རིག་པས། །མཁས་པ་རྣམས་ནི་བདག་དང་བཅས། །བག་ཡོད་པ་ལ་རབ་དགའ་བ། །འཕགས་པའི་སྤྱོད་ཡུལ་དགའ་བ་ཡིན། །འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །བག་མེད་པ་ལ་སྦྱོར་བྱེད་པ། །སྐྱེ་བོ་བྱིས་པ་བསམ་བརླག་ཡིན། །ཚོང་དཔོན་ནོར་རྣམས་བསྲུང་བ་ལྟར། །མཁས་པ་བག་དང་ལྡན་པར་བྱ། །བག་མེད་ཕ་རོལ་བུད་མེད་བསྟེན་བྱེད་པའི། །མི་གང་ཡིན་ལ་གནས་སྐབས་འདི་བཞི་འབྱུང་། །བསོད་ནམས་མི་འཐོབ་བདེ་བར་མི་ཉལ་དང་། །གསུམ་པ་སྨད་གྱུར་བཞི་པ་དམྱལ་བར་འགྱུར། །བསོད་ནམས་མ་ཐོབ་སྡིག་པའི་འགྲོ་བ་དང་། །འཇིགས་དང་བག་ཚ་ལྷན་ཅིག་བདེ་བ་ཆུང་། །རྒྱལ་པོའི་ཆད་པ་ཆེན་པོས་གཅོད་འགྱུར་ཞིང་། །ལུས་ཞིག་སེམས་ཅན་དམྱལ་བ་རྣམས་སུ་འཚེད། །ཚེ་འདིའི་དོན་ནི་གང་ཡིན་དང་། །ཕྱི་མའི་དོན་ནི་གང་ཡིན་པ། །དེ་དག་བརྟན་པས་རྟོགས་པས་ན། །མཁས་པ་ཞེས་ནི་བརྗོད་པ་ཡིན། །ཕྱོགས་རྣམས་གང་དུ་སེམས་ཀྱིས་རྣམ་བརྟགས་ཀྱང་། །བདག་ལས་ཆེས་སྡུག་འགའ་ཡང་མ་མཐོང་བ། །དེ་ལྟར་སོ་སོར་གཞན་ལའང་རབ་སྡུག་པས། །དེ་ཕྱིར་བདག་དགས་གཞན་ལ་གནོད་མི་བྱ། །ཐམས་ཅད་ལ་ཡང་སྲོག་འདི་སྡུག །ཐམས་ཅད་ཆད་པས་འཇིགས་པས་ན། །རང་གི་ཉམས་ལ་དཔག་གྱིས་ཏེ། །བརྡེག་པར་མི་བྱ་གསད་མི་བྱ། །གང་དག་དོན་ནི་མི་ལྡན་ཚིག །ཚིགས་བཅད་བརྒྱ་དག་སྨྲ་བ་བས། །གང་དག་ཉེ་བར་ཞི་གྱུར་པའི། །དོན་ལྡན་ཚིག་གཅིག་ཐོས་པ་རུང་། །ཚུལ་འཆལ་མཉམ་པར་མ་བཞག་པར། །ལོ་བརྒྱར་གསོན་པ་གང་ཡིན་ལས། །ཚུལ་ཁྲིམས་ལྡན་ཞིང་མཉམ་བཞག་པ། །ཉིན་ཞག་འགའ་ཞིག་གསོན་པ་རུང་། །སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །མཁས་དང་འདྲི་དང་བྱིས་པའི་སྐྱེ་བོ་དང་། །ལྷན་ཅིག་སྤྱོད་དང་གཅིག་པུར་གནས་ཀྱང་རུང་། །ངང་པས་ཆུ་ལས་འོ་མ་འཐུང་བ་ལྟར། །མཁས་པས་སྡིག་པ་ཅན་རྣམས་རབ་ཏུ་སྤང་། འཇིག་རྟེན་ཉེས་དམིགས་མཐོང་བ་དང་། །འགོག་པར་འགྱུར་བའི་ཆོས་མཐོང་བས། །འཕགས་པ་སྡིག་ལ་དགའ་མི་བྱེད། །སྡིག་ཅན་དགེ་ལ་དགའ་མི་འགྱུར། །གནས་མིན་བཟློག་དང་ལེགས་སྨྲ་དང་། ཉེས་དམིགས་སྟོན་པར་བྱེད་པ་དང་། །མཁས་པས་ཚར་གཅོད་སྨྲ་བྱེད་པ། །དེ་ལྟའི་སྐྱེ་དགུ་བརྟེན་པར་བྱ། །དེ་ལྟ་བུ་དག་བརྟེན་བྱས་ན། །སྡིག་པར་མི་འགྱུར་ལེགས་པར་འགྱུར། །ཉེ་བར་ཞི་ཞིང་རབ་ཞི་ལ། །དལ་བུས་སྨྲ་ཞིང་ཁེངས་མེད་པ། །སྡིག་པའི་ཆོས་རྣམས་སྤྲུག་བྱེད་དེ། །རླུང་གིས་ལྗོན་ཤིང་ལོ་མ་བཞིན། །གང་ཞིག་སྐྱེས་བུ་དག་ཅིང་ཉོན་མོངས་མེད། །རབ་ཏུ་སྡང་མེད་མི་ལ་ཁྲོ་བྱེད་པའི། །བྱིས་པ་དེ་ལ་སྡིག་པ་ཕྱིར་འགོག་སྟེ། །རྫི་ཕྱོགས་སུ་ནིརྡུལ་རྣམས་གཏོང་བ་བཞིན། །དགེ་བ་བྱེད་པས་དགེ་བ་དང་། །སྡིག་པ་བྱེད་པས་སྡིག་པསྟེ། །མི་ཡིས་གང་དང་གང་བྱས་པ། །དེ་དེ་རང་གིས་མཐོང་བར་འགྱུར། །བདག་གིས་སྡིག་པ་བྱས་ན་ནི། །དེ་བདག་ཁོ་ན་ཀུན་ཉོན་མོངས། །བདག་གིས་སྡིག་པ་མ་བྱས་ན། །བདག་ཉིད་ཁོ་ན་རྣམ་པར་དག །གཞན་གྱི་གཞན་སྤྱོད་མི་བྱེད་ཀྱི། །དག་དང་མ་དག་རང་རང་བྱེད། །བདག་ཉིད་ཀྱིས་ནི་སྡིག་པ་དག །བྱས་ཤིང་ཉེ་བར་བསགས་པ་ཡིས། །བསམ་བརླག་མངོན་པར་འཇོམས་པར་བྱེད། །རྡོ་རྗེས་ནོར་བུ་འབིགས་པ་བཞིན། །མིག་ལྡན་འགྲོ་བར་བྱེད་པ་ཡིས། །ཉམ་ངའི་ལམ་དག་ཇི་ལྟ་བར། །མཁས་པས་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤང་། །ནོར་ཆེན་གྱིས་ནི་གྲོགས་ཉུང་དང་། །ཚོང་པས་འཇིགས་བཅས་ལམ་དང་ནི། །གསོན་པར་འདོད་པས་དུག་ལྟ་བུར། །མཁས་པས་སྡིག་ཅན་ཡོངས་སུ་སྤང་། །གལ་ཏེ་ལག་མཐིལ་རྨ་མེད་ན། །ལག་པས་དུག་ནི་བཟུང་བྱས་ཀྱང་། །རྨ་མེད་དུག་ནི་མི་འཛིན་ལྟར། །མ་བྱས་པ་ལ་སྡིག་པ་མེད། །བདག་ལ་མི་ཕན་བྱ་བ་དང་། །ལེགས་པ་མ་ཡིན་བྱ་བར་སླ། །གང་དག་ཕན་ཞིང་བདེར་འགྱུར་བ། །དེ་ནི་མཆོག་ཏུ་བྱ་བར་དཀའ། །དམ་པས་ལེགས་པ་བྱ་སླ་ཡི། །དམ་པས་སྡིག་པ་བྱ་བར་དཀའ། །ངན་པས་སྡིག་པ་བྱ་སླ་ཡི། །འཕགས་པས་སྡིག་པ་བྱ་བར་དཀའ། །ཇི་སྲིད་སྡིག་པ་མ་སྨིན་པ། །དེ་སྲིད་བྱིས་པ་མངར་བར་སེམས། །གང་ཚེ་སྡིག་པ་སྨིན་གྱུར་པ། །དེ་ཚེ་དེ་ནི་ཚ་བར་སེམས། །ཇི་སྲིད་སྡིག་པ་མ་སྨིན་པ། །དེ་སྲིད་སྡིག་པ་རུང་བར་ལྟ། །གང་ཚེ་སྡིག་པ་སྨིན་གྱུར་པ། །དེ་ཚེ་སྡིག་པ་མཐོང་བར་འགྱུར། །ཇི་སྲིད་བཟང་པོ་མ་སྨིན་པ། །དེ་སྲིད་བཟང་པོ་སྡིག་པར་མཐོང་། །གང་ཚེ་བཟང་པོ་སྨིན་གྱུར་པ། །དེ་ཚེ་བཟང་པོ་མཐོང་བར་འགྱུར། །སྡིག་པ་སྡུག་བསྔལ་སོགས་པས་ན། །དེ་ལ་དགའ་བར་མི་བྱའོ། །བརྒྱ་ལ་སྡིག་པར་བྱས་ན་ཡང་། །ཡང་དང་ཡང་དུ་དེ་མི་བྱ། །བསོད་ནམས་བདེ་བ་སོགས་པས་ན། །དེ་ཉིད་ལ་ནི་དགའ་བར་བྱ། །གལ་ཏེ་བསོད་ནམས་བྱས་ན་ཡང་། །དེ་ནི་ཡང་དང་ཡང་དུ་བྱ། །སྡིག་ལ་ཡིད་ནི་མངོན་དགའ་བ། །བསོད་ནམས་དལ་བུས་བྱེད་འགྱུར་བས། །སྡིག་པ་ལས་ནི་སེམས་བཟློག་སྟེ། །བསོད་ནམས་མངོན་པར་བསྒྱུར་ཏེ་བྱ། །སྡིག་པ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །བསོད་ནམས་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་བདེ་བར་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་སུམ་འབྱོར་པ་བཞིན། །གང་ཞིག་ཉེས་མེད་ཆད་པས་གཅོད། །སྡང་བ་མིན་ལ་རབ་སྡང་བ། །གནས་གཞན་གང་ཡང་རུང་བ་བཅུ། །མྱུར་དུ་ཐོབ་པ་ཁོ་ནར་འགྱུར། །ཚོར་བ་མི་བཟད་པ་དག་གམ། །ཡང་ན་ལུས་ནི་འདྲལ་བའོ། །གནོད་པའི་ཚོར་བ་ཚ་བའང་རུང་། །ཡང་ན་སེམས་འཁྲུགས་ཐོབ་པར་འགྱུར། །གཉེན་འདུན་རྣམས་དང་བྲལ་བའམ། །ལོངསསྤྱོད་ཟད་པར་འགྱུར་བའམ། །རྒྱལ་པོའི་གནོད་པ་འགྱུར་བའམ། །མི་སྙན་ཤིན་ཏུ་མི་བཟད་དམ། །ཡང་ན་ཁྱིམ་ནི་མེ་ཆེན་པོས། །ངེས་པར་སྲེག་པར་བྱེད་པར་འགྱུར། །ཤེས་རབ་འཆལ་བས་ལུས་ཞིག་ནས། །བཅུ་པ་ངན་འགྲོར་འགྲོ་བར་འགྱུར། །སྡིག་པ་བྱས་པས་བག་དབབ་མི་བྱ་སྟེ། །རིང་བྱས་རྒྱང་མར་བྱས་ཀྱང་བག་མི་དབབ། །དབེན་པར་བྱས་ཀྱང་བག་དབབ་མི་བྱ་སྟེ། །དེ་ཡི་རྣམ་སྨིན་ཡོད་པས་བག་མི་དབབ། །བདག་ཉིད་ནག་པོའི་ཆོས་དང་ལྡན་མཐོང་ནས། །འདིར་ཡང་མྱ་ངན་གཞན་དུའང་མྱ་ངན་བྱེད། །སྡིག་པ་བྱས་པས་གཉིས་ཀར་མྱ་ངན་བྱེད། །དེ་ནི་མྱ་ངན་དེ་རབ་མྱ་ངན་མེད། །སྡིག་པ་བྱས་ཤིང་བསོད་ནམས་མ་བྱེད་ལ། །ཆོས་དང་གོལ་ཞིང་ཆོས་མིན་ཐོབ་པའི་མོད། །སྡིག་པའི་ལས་ཅན་འཆི་བས་འཇིགས་འགྱུར་ཏེ། །ཆུ་ཆེན་ནང་དུ་གྲུ་ངན་ཞིག་པ་བཞིན། །གཞན་ལ་སྡུག་བསྔལ་བསྐྱེད་པ་ཡིས། །གང་ཞིག་བདག་ནི་བདེ་འདོད་པ། །དགྲ་དང་མི་འབྲལ་འགྲོགས་པ་དང་། །དེ་ནི་སྡུག་བསྔལ་ལས་མི་འགྲོལ། །བདེ་{བ་ཞུ་མཆན།} འདོད་ཕྱིར་འབྱུང་པོ་ལ། །གང་ཞིག་འཚེ་ཞིང་ཆད་པས་གཅོད། །བདག་གི་བདེ་བ་འདོད་པ་དེ། །ཕ་རོལ་དུ་ཡང་བདེ་མི་འགྱུར། །གང་ཞིག་བདེ་བ་འདོད་པ་དང་། །འབྱུང་པོ་ལ་ནི་མི་འཚེ་ཞིང་། །ཆད་པས་མི་གཅོད་བདེ་འདོད་པ། །དེ་དག་ཕ་རོལ་བདེ་བ་འཐོབ། །ཆོས་སྤྱོད་ལེགས་པར་སྤྱད་བྱ་ཞིང་། །ཉེས་པར་སྤྱད་པ་དེ་མི་སྤྱད། །ཞེས་སོགས་རྒྱ་ཆེར་གསུངས་ཏེ། འདི་ལ་འབྱུང་པོ་ནི་སྲོག་ཆགས་སྤྱི་ལ་འཇུག་པའི་མིང་ངོ་། །མདོར་ན་རྨི་ལམ་ཡིད་བཞིན་ནོར་བུ་ལས། །གང་གི་མངལ་དུ་ལན་གཅིག་མིན་པར་བདག །མ་གནས་པའམ་གང་ལ་བདག་མ་གནས། །སེམས་ཅན་དེ་ནི་འདི་ན་གང་ཡང་མེད། །དེ་ཕྱིར་ཐམས་ཅད་གཉེན་དུ་གྱུར་པ་ཡིན། །ཞེས་གསུངས་པས། དེ་དག་བསད་ནས། ཤ་ཁྲག་གིསྟོན་མོ་འགྱེད་པ་དམ་པའི་ངང་ཚུལ་དང་ཡ་རབས་ཀྱི་སྤྱོད་པར་ཇི་ལྟར་འགྱུར། དེ་བས་ན་འཇིག་རྟེན་ཕ་རོལ་ཡོད་པ་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་ལྡན་པས། སྤྱོད་པ་མི་དགེ་བཅུ་སྤང་གི་དགེ་བཅུའི་ལམ་ཡང་དག་པ་དང་། འབྱེད་པའི་ལེའུ་ཆུང་བ་ལས། དཀོན་མཆོག་ལ་དད་པ་སྐྱོ་ངལ་མེད་པར་བྱེད་པ་དང་། དོན་དམ་པར་དམ་པའི་ཆོས་བཙལ་བ་དང་། གཙུག་ལག་བཟང་པོ་ལ་མཁས་པར་སློབ་པ་དང་། ཅི་ལའང་རན་ཞིང་ཚོད་ཟིན་པར་བྱ་བ་དང་། མ་བཅོས་པའི་ལས་ལ་གཏོགས་འདོད་མི་བྱེད་པ་དང་། མིག་མཐོ་སར་བལྟ་ཞིང་གོང་མ་རྣམས་ཀྱི་རྗེས་སུ་སྙེག་པ་དང་། དུས་གསུམ་གྱི་ཕ་མ་ལ་དྲིན་ལན་བསླན་པ་དང་། ཕུ་ནུ་དང་ཕ་ཚན་གྱི་ནང་དུ་ཤོང་ཡངས་ཆེ་བ་དང་། རིམ་པས་རྒན་པ་ལ་བཀུར་སྟི་བྱ་བ་དང་། ཁྱིམ་མཚེས་ལ་བྱམས་པར་བྱ་བ་དང་། གཉེན་གྲོགས་ཀྱི་དགེ་བཤེས་ལ་དཀའ་ལས་ཀྱིས་ཕན་འདོགས་པ་དང་། སྲིད་ཀྱིས་འབྲེལ་བའི་ཉེ་རིང་ལ་ཆབ་གང་མཐར་དབྱུང་བ་དང་རིག་བྱེད་བཟོ་ལ་མཁས་པས་གཞན་ལ་ཕན་པ་དང་། ལྟོས་པའི་མི་དྲིན་གྱིས་སྐྱབས་འོག་ཏུ་གཞུག་པ་དང་། ངན་བྱེད་ཀྱི་གྲོས་བཀག་ནས་རྒྱལ་ཁམས་བདེ་ཡངས་ཀྱི་གྲོས་གཞི་འདིང་བ་དང་། ལས་མཐའ་ཆོས་ལ་གཏད་དེ་ཕྱི་མར་བུ་སྨད་ཀྱིས་བྱང་ཆུབ་ཀྱི་གཞི་ཐོབ་པར་བྱའོ། །ཞེས་གསུངས་པ་ལྟར་མི་ཆོས་གཙང་མ་བཅུ་དྲུག་ལ་ཚུལ་བཞིན་དུ་སྤྱོད་ན་སྐྱེ་བོ་དམ་པའི་གྲངས་སུ་འགྲོ་ཞིང་། དངོས་སུ་མཐོ་རིས་དང་། བརྒྱུད་ནས་ཐར་པ་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། ཀླུ་སྒྲུབ་ཀྱི་ཤེས་རབ་བརྒྱ་བ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཞེས་གསུངས་པས་ཚུལ་དེ་ལ་སྤྱོད་ཅིགཡང་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་འབྲེལ་བར་འདོད་པ་ཡིན་ན་ནི། ཇི་སྐད་དུ། སངས་རྒྱས་འཇིག་རྟེན་ཕན་བརྩོན་པའི། །ཆོས་ནི་འཚེ་བ་མེད་པ་ཡིན། །དེ་ལ་ཡིད་བརྟན་དེ་རྗེས་ཞུགས། །དེ་ཡང་འཚེ་བ་མེད་པར་བརྗོད། །ཡུན་རིང་ཕན་པའི་བྱ་བ་མཛད། །དེ་ལས་བྱང་ཆུབ་ཐོབ་གྱུར་ན། །རྟག་ཏུ་འཚེ་མེད་ཕན་པར་སྤྱོད། །འཁོར་ལའང་ཕན་པ་བརྩོན་པར་འདོམས། །བྲམ་ཟེའམ་ཡང་ན་དགེ་སྦྱོང་ནི། །གཞན་གྱི་ཐོས་པའི་ཚིག་ལ་ཡང་། །འདིས་གནོད་བྱས་པའི་ཚུལ་ཡོན་མིན། །ཀུན་ཏུ་དགེ་བའི་ངང་ཚུལ་འདིའོ། །ཞེས་དང་། ཁྱད་པར་འཕགས་བསྟོད་ལས། ལྷ་རྟེན་དང་ནི་མཆོད་སྦྱིིན་ལ། །སེམས་ཅན་གསོད་པར་བྱེད་པ་གང་། །འཇིག་རྟེན་པ་ཡི་ཆོས་སུ་འཚལ། །ཁྱོད་ཀྱིས་བསྟན་ལ་འདི་དག་སྨད། །གང་ཞིག་སྲོག་ཆགས་ལ་རྟག་གནོད། །དེ་ལ་ཆོས་ཉིད་ག་ལ་ཡོད། །གཙོ་བོ་ཁྱོད་ཀྱིས་རང་ཉིད་ཀྱི། །སྲོག་གིས་སེམས་ཅན་ལེགས་པར་བསྲུང་། །ཞེས་དང་། མཆོད་སྦྱིིན་ལ་ནི་ཕྱུགས་འགུམ་པ། །དྲང་སྲོང་རྣམས་ནི་སྨྲ་ཞེས་གྲགས། །སྡིག་མེད་ཁྱོད་ཀྱིས་གྲོག་མ་ལའང་། །གནོད་པ་བགྱིད་པ་རྗེས་མ་གནང་། །ཞེས་མ་གསུངས་སམ། གཞན་ཡང་། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པས་རྣམ་གྲོལ་གྱི་ཡོན་ཏན་བསྐྱེད་པའི་གཞིའམ་རྩ་བར་གྱུར་བ་ནི་སྐྱབས་སུ་འགྲོ་བའི་སྡོམ་པ་ཉིད་ཡིན་ན། དེའི་བསླབ་བྱར། ཤིན་ཏུ་རྒྱས་པའི་མདོ་ལས། དམ་པའི་ཆོས་ལ་སྐྱབས་གསོལ་ན། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །ཞེས་དང་། སོ་སོར་ཐར་པ་ལས་ཀྱང་། རབ་ཏུ་བྱུང་བ་གཞན་ལ་འཚེ་བ་དང་། །གཞན་ལ་གནོད་པ་དགེསྦྱོང་མ་ཡིན་ནོ། །ཞེས་པ་དང་། བྱང་ཆུབ་སེམས་དཔའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་ཡང་ཅིའི་ཕྱིར་མི་འགལ། ཡང་སེམས་ཅན་དེའི་ཤ་ཁྲག་གི་འབྲེལ་བས་ཆོག་སྙམ་ན། སྐྱེས་རབས་ལས། ལོག་པར་སྤྱད་པའི་ཡིད་ནི་མ་ལོག་ཅིང་། །དགེ་བའི་ལས་ལམ་ངེས་པར་མ་བྱས་པའི། །ཕྱུགས་རྣམས་མཆོད་སྦྱིན་ལ་ནི་བསད་གྱུར་ན། །བདག་ཅག་གཞི་མེད་ཇི་ལྟར་མཐོ་རིས་འགྲོ། །མཆོད་སྦྱིན་ལ་བསད་མཐོ་རིས་འགྲོ་ན་ནི། །བྲམ་ཟེ་རང་ཉིད་ཕྱུགས་ལ་བསྒྱུར་ལ་རག །ཞེས་མ་གསུངས་སམ། དེ་ཕྱི་རོལ་བའི་མཆོད་སྦྱིན་ལ་དགོངས་སྙམ་ན། བྱང་ཆུབ་སེམས་དཔའི་སྐྱེས་རབས་ཇི་སྙེད་པར་ཐབས་མཁས་ཀྱི་མཛད་པས་གདུལ་བྱ་རྣམས་ཡོངས་སུ་སྨིན་པར་མཛད་པ་ལ་དེ་ལྟར་མཛད་པའི་རྣམ་ཐར་གང་ནས་བསྟན། དེར་མ་ཟད་ཉན་ཐོས་མཽང་གལ་བུ་ལྟ་བུས་ས་ཆེན་པོ་འདམ་བུའི་ཚལ་བཞིན་གང་ཡང་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་གི་སྟོབས་དང་རྫུ་འཕྲུལ་ལ་དཔེ་གྲངས་རྒྱུར་ཡང་མི་འགྲོ་ན་ཐབས་དེ་ཆེས་སླ་བའི་ཕྱིར་ཚུལ་དེས་སེམས་ཅན་ཅན་རྣམས་དྲངས་ཟིན་ནས་ད་ལྟ་སུ་ཡང་འཁོར་བ་ན་གནས་པའི་མི་རིགས་སོ། །ཡང་འཕགས་པའི་དགེ་འདུན་དང་གཟུངས་སྔགས་སོགས་ཀྱི་ནུས་པའི་མཐུ་བསམ་གྱིས་མི་ཁྱབ་སྙམ་ན། དེ་དེ་ལྟར་ལགས་མོད་སེམས་ཅན་གྱི་ལསཚུལ་འདི་ཡང་བསམ་གྱིས་མི་ཁྱབ་སྟེ། སངས་རྒྱས་ཤཱཀྱ་ཐུབ་པའི་ཕྱག་གིས་ཀྱང་མ་ཁེགས་འདུག་པའི་ཕྱིར། ཇི་སྐད་དུ། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུད་ལ། །འགྲོ་བའི་སྡུག་བསྔལ་ཕྱག་གིས་སེལ་མིན་ཞིང་། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཡང་། །ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་འགྱུར། །ཞེས་དང་། ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་གྱི། །ཐར་པ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་དང་། མངོན་རྟོགས་རྒྱན་ལས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམ་ནི་བྱོན་གྱུར་ཀྱང་། །བསྐལ་པ་མེད་པས་བཟང་མི་མྱོང། །ཞེས་དང་། སྤྱོད་འཇུག་ལས། སེམས་ཅན་ཐམས་ཅད་ཕན་མཛད་པའི། །སངས་རྒྱས་གྲངས་མེད་བྱོན་གྱུར་ཀྱང་། །བདག་ནི་རང་གི་ཉེས་པ་ཡིས། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ། །ད་དུང་དེ་བཞིན་བདག་བྱེད་ན། །ཡང་དང་ཡང་དུའང་དེ་བཞིན་ཏེ། །ངན་འགྲོར་ན་དང་འཆིང་བ་དང་། །བཅད་དང་གཤགས་སོགས་མྱོང་བར་འགྱུར། །ཞེས་གསུངས་མདོར་ན། བཤེས་སྤྲིང་ལས། ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱི་གྲོགས་བགྱིར་ཅི་ཡང་མ་མཆིས་པས། །ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡིས། །བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད། །ཅེས་སོ། །གལ་ཏེ་སྔགས་ལ་ཁུངས་འཆོལ་སྙམ་ན། གསང་བ་འདུས་པའི་ཆོ་ག་ཀླུ་སྒྲུབ་ཀྱིས་མཛད་པ་དང་རྒྱུད་རྡོ་རྗེ་རྩེ་མོས་ལས། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། །བྱང་ཆུབ་སེམས་ཆེན་བསྐྱེད་བྱས་ནས། །སྡོམ་པ་སྦྱིན་པར་བྱ་བ་ཡང་། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །འདོད་པས་ལོག་པར་གཡེམ་མི་བྱ། །ཉེས་པ་ཀུན་གྱི་རྩ་བ་ནི། །ཆང་དག་བཏུང་བ་སྤང་བར་བྱ། །ཞེས་པ་ནས། ལུས་ངག་ཡིད་ཀྱི་མི་དགེ་བཅུ། །ཅི་ནུས་པར་ནི་བསྲུང་བར་བྱ། །ཞེས་འཇུག་སྒོ་དབང་གི་སྐབས་སུ་དམ་བསྒྲགས་ཤིང་། རང་གིས་ཀྱང་། དེང་ནས་སྲོག་གཅོད་མི་བྱ་ཞིང་། །སོགས་ཀྱིས་ཁས་མ་བླངས་སམ། གཞན་ཡང་དུས་འཁོར་གྱི་བརྟུལ་ཞུགས་ཉེར་ལྔ་སོགས་སྔགས་གཞུང་རྣམས་ནས་གསལ་བར་བསྟན་པས་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་ཅིའི་ཕྱིར་མི་ཕོགམདོར་ན་དོན་དམ་བསྙེན་པ་ལས། ཐམས་ཅད་མཁྱེན་པ་ཉིད་ཀྱི་གཞུངཀུན་རྣམས་ལས་ནི། །སྲོག་གཅོད་ཀྱིས་ནི་གྲོལ་བ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །དེ་ནས་རྡོ་རྗེེ་རྩེ་མོ་ལས། བརྟན་པ་མ་ཐོབ་བར་དུ་ནི། །ཁ་ན་མ་ཐོ་རྡུལ་མེད་ཅིང་། །སྡོམ་པ་གསུམ་ལ་གནས་པར་བྱ། །ཞེས་གསུངས། ཚུལ་དེ་ལ་དགོངས་ནས། ཨོ་རྒྱན་དུས་གསུམ་མཁྱེན་པས་ཀྱང་། ཁ་ཅིག་གསང་སྔགས་ཡིན་པར་གསོལ་ནས་སྤྱོད་པ་རྩིང་པོར་བྱེད་པ་འདི་གསང་སྔགས་མིན། ཐེག་པ་ཆེན་པོ་བྱ་བ་སེམས་ཅན་ལ་གཅེས་པར་འཛིན་པ། སྙིང་རྗེ་ཕྱོགས་རིས་མེད་པ་ལ་ཟེར་བ་ཡིན། གསང་སྔགས་པར་ཁས་བླངས་ནས་མི་དགེ་བར་མི་འཛེམས་པ་འདིས་མི་བཏུབ་པས། གསང་སྔགས་པ་ལ་སྙིང་རྗེ་ཆེན་པོ་རྒྱུད་ལ་སྤྱོད་པ་གལ་ཆེ། སྙིང་རྗེ་རྒྱུད་ལ་མ་སྐྱེས་ན། གསང་སྔགས་པར་ཁ་བླངས་ཀྱང་མུ་སྟེགས་ལོག་ལྟར་འགྲོ་གསུངས། ལྟ་དགོངས་ཚད་དུ་ཕྱིན་པའི་གང་ཟག་ཅིག་ཡིན་ཀྱང་ཕྱི་ཚུལ་ཀུན་སྤྱོད་མདོ་སྡེའི་ལུགས་ལྟར་བགྱིས་ན་དགག་བྱ་ཆུང་ལ་དགོས་པ་ཆེ་བར་དགོངས་ནས་སྔོན་གྱི་ཆོས་རྒྱལ་དང་། ལོ་པཎ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དེ་ལྟར་བཀས་མ་བཅད་དམ། གཞན་ཡང་འོད་སྲུང་གིས་ཞུས་པའི་མདོ་ལས། བདག་མེད་བཟོད་པས་མཉམ་པ་ཉིད་གནས་ཀྱང་། །སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད། །ཡོངས་སྨིན་བྱ་ཕྱིར་སྦྱིན་པ་སྦྱིན་བྱེད་ཀྱང་། །ལས་ཀྱི་རྣམ་པར་སྨིན་ལ་རེ་བ་མེད། །བསམ་པས་རྟག་ཏུ་མྱ་ངན་འདས་ལ་གནས། །དེ་ཡི་སྦྱོར་བ་འཁོར་བར་གནས་པ་ཡིན། །ཆོས་རྣམས་སྟོང་པ་ཉིད་དུ་རྟོགས་མོད་ཀྱང་། །ལས་ཀྱི་རྣམ་པར་སྨོན་ལ་ཡིད་ཆེས་སོ། །ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་ཉིད་ཤེས་ནས། །དགེ་བའི་ལས་འབྲས་རྟེན་བྱེད་པ། །ངོ་མཚར་བས་ཀྱང་ངོ་མཚར་ཞིང་། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་གསུངས་པ་དང་། གཞན་ཡང་། སོ་སོར་ཐར་པའི་མདོ་ལས། ང་ནི་མྱ་ངན་འདས་གྱུར་ནས། །འདི་ནི་ཁྱོད་ཀྱི་སྟོན་པའོ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །ཅེས་དང་། འདུལ་བ་ལ་ནི་ཉེ་བར་གནས། །ཚུལ་ཁྲིམས་བསླབ་པར་རང་ཡིད་ཆེས། །མི་དེ་ཉི་མ་གཅིག་ལ་ཡང་། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །བསོག་ཅིང་སངས་རྒྱས་འབྲས་བུ་འགྲུབ། །ཅེས་དང་། རྒྱན་ལས། རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟས་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་ཆུབ་སེམས་དཔའ་ལས་ཁྱད་འཕགས། །ཞེས་དང་། དུས་འཁོར་ལས་རྡོ་རྗེ་འཛིན་པའི་རབ་འབྲིང་ཐ་གསུམ་དུ་དབྱེ་བ་དང་། ས་ཐོབ་མ་གཏོགས་ཁྱིམ་པའི་རྟགས་ཅན་གྱིས་རྒྱལ་པོའི་མཆོད་གནས་སོགས་མི་བྱ་བར་གསུངས་པའི་དོན་སོགས་ཀྱང་དྲན་པར་བྱའོ། །དེ་བཞིན་དུ་ཆང་གི་ཉེས་པའང་། བདེ་མཆོག་སྡོམ་པ་འབྱུང་པའི་རྒྱུད་ལས། སུ་ཞིག་ཆང་གིས་མྱོས་གྱུར་པ། །དེ་ལ་བགེགས་ནི་མང་པོ་འབྱུང་། །སྔགས་པ་ཆང་གིས་མྱོས་གྱུར་པས། །འདོད་ལ་དགའ་ཞིང་འཁྲིག་པར་སྲེད། །རྒོད་ཅིང་གླུ་ནི་རྣམ་པར་ལེན། །འཐབ་མོ་ལ་དགའ་རྣམ་པར་འཁྲུལ་། །སྨོད་ཅིང་ཉམས་པར་བྱེད་པ་སྟེ། །ངུ་འབོད་གནས་སུ་སྐྱེ་བར་འགྱུར། །རྣལ་འབྱོར་མ་རྣམས་ཁྲོས་ནས་ནི། །དེ་ལ་ནད་དང་མྱ་ངན་འཇིགས། །འཇིག་པར་བྱེད་པས་རྣམས་གཙེས་ནས། །སྡིག་ཅན་དམྱལ་བར་འཁྲིད་པར་འགྱུར། །བདུད་རྩི་དེ་ཉིད་དུག་དེ་ཉིད། །དངོས་གྲུབ་སྒྲུབ་པ་འབྲས་བུ་མེད་། །སྔགས་པས་འདི་དག་སྤང་བར་ནི། །སྔོན་གྱི་སངས་རྒྱས་ཀུན་གྱིས་བཤད། །ཅེས་དང་། དྲན་པ་ཉེར་བཞག་ལས། ཆང་ལ་བརྟེན་པའི་མི་དག་ནི། །ཆོས་རྣམས་ཀུན་གྱི་སྟྭ་གྲི་ཡིན། །ངོ་ཚ་མེད་པར་བྱེད་པའི་མཆོག །ཕང་པ་དག་ཏུ་ཉེ་བར་གནས། །བློ་ནི་ཤིན་ཏུ་རྨོངས་བསྐྱེད་ཅིང་། །འཇིག་རྟེན་གཉིས་ནི་རྣམ་འཇིག་བྱེད། །ཐར་པའི་ཆོས་ལ་མེ་ལྟ་བུར། །སྲེག་བྱེད་ཉིད་ནི་ཆང་ཡིན་ནོ། །ཞེས་དང་། ཆང་འཐུང་བ་ལ་རྟག་ཏུ་ནི། །ཉེས་དམིགས་སུམ་ཅུ་རྩ་གཉིས་ཡོད། །དེ་བས་ཉེས་དམིགས་ཤེས་པ་གང་། །དེ་ཡིས་ཆང་ནི་རྟག་ཏུ་སྤོངས། །རིགས་བཙུན་མཁས་པ་དག་ལ་ནི། །དྲི་མ་ཆེན་པོ་བྱེད་པ་ཡིན། །སྐྱེ་བོ་སོས་ཀའི་མེ་ཏོག་ལྟར། །སྤངས་པ་ཁོ་ནར་བྱེད་པ་ཡིན། །ཞེས་གསུངས། ཉེས་དམིགས་སུམ་ཅུ་རྩ་གཉིས་ནི་དགའ་བ་ཅན་གྱིསཞུས་པའི་མདོ་སོགས་ལས་གསལ་བ་བཞིན་ལ། གཞན་ཡང་དགེ་སྡིག་རྣམ་པར་འབྱེད་པའི་མདོ་ལས། ཚེ་འདི་ལ་ཆང་འཐུང་ཞིང་མྱོས་པ་ནི་ཟངས་ཁུ་འཐུང་བའི་དམྱལ་བར་ལྟུང་ངོ་། །ཞེས་དང་། སེང་གེས་ཞུས་པ་ལས། གཞན་ལ་ཆང་སྦྱིན་ན་སྐྱེ་བ་ལྔ་བརྒྱར་ལག་རྡུམདུ་སྐྱེའོ། །ཞེས་དང་། སྐྱེས་རབས་ལས། གང་ཞིག་འཐུང་ན་ར་རོ་སློང་ནས་གོམ་པའང་དབང་མེད་འདོར་ཞིང་འགྲོ། །ཡུལ་ཕྱོགས་མ་འདྲིས་པར་ཡང་འཁྱམས་ཤིང་རྡེག་ཆོས་དྲན་པ་ཉམས་པར་འགྱུར། །བཟའ་དང་མི་བཟའ་དཔྱད་པ་མེད་པར་དེ་དག་ཟར་འགྱུར་བ། །དེ་དང་དེ་ཡིས་གང་བའི་བུམ་པ་ཐ་ཤལ་འདི་ཉོས་ཤིག །གང་གིས་བདག་གི་སེམས་ལ་དབང་མེད་བློ་ཉམས་རྣམ་པར་འཁྱམས། །ཕྱུགས་དང་འདྲ་བར་བླུན་ཞིང་དགྲ་བོས་འཕྱས་ཀྱང་བྱམས་པར་འགྱུར། །གང་གི་འདུན་སར་གར་བྱེད་འགྱུར་ཞིང་རང་གི་མཁར་རྔ་བརྡུང་། །དགེ་བ་མེད་པ་བུམ་པའི་ཆང་འདི་ཁྱོད་ཀྱིས་ཉོ་བར་རིགས། །འཐུངས་ན་གང་གིས་བདག་གི་ངོ་ཚ་འོས་པ་འདོར། །གོས་དང་བྲལ་ཞིང་གཅེར་བུར་བྱུང་ཡང་མི་དགའ་མེད། །གྲོང་ཁྱེར་སྐྱེ་བོ་མང་པོའི་ལམ་དུ་ཡིད་རྟོན་འགྲོ། །བུམ་པ་འདིར་ནི་བཙོང་བར་འོས་པ་དེ་བླུགས་སོ། །གང་འཐུངས་ན་ནི་བསྐྱུགས་པའི་ཟས་ཀྱིས་གོས་འགྱུར་ཞིང་། །ཁྱི་ཡིས་ཁ་ཡང་དོགས་པ་མེད་པར་ལྡག་པར་འགྱུར། །དྲན་པ་མེད་པར་ལམ་པོ་ཆེ་ནའང་ཉལ་འགྱུར་བ། །བཙོངས་ན་བྲིམ་པ་དེ་ནི་བུམ་པ་འདིར་བླུགས་སོ། །གང་ཞིག་འཐུངས་ན་མྱོས་ཏེ་དབང་མེད་པར། །ཕ་མ་དག་ཀྱང་ཤིང་ལ་འཆིང་བར་བྱེད། །ནོར་གྱི་བདག་པོ་དག་ཀྱང་ཁྱད་དུ་གསོད། །ཕན་བརླག་དེ་ནི་བུམ་བ་འདིར་བླུགས་སོ། །ཞེས་དང་། གང་ལ་ཆགས་ན་དཔལ་གྱི་གཞིར་འགྱུར་རིགས། །ཇེ་མཐོ་ཇེ་མཐོར་འགྱུར་བའང་བརླག་པར་འགྱུར། །ནོར་གྱི་དབྱིག་ལྡན་རིགས་ཀྱང་ཕུང་གྱུར་པ། །བཙོང་རྒྱུ་དེ་ནི་བུམ་པ་འདི་ན་འདུག །གློ་བུར་ངུ་ཞིང་འདུག་ལ་དགོད་ཅིང་མ་ངེས་སྨྲ། །གདོན་གྱིས་ཟིན་པ་བཞིན་དུ་མིག་ནི་མཆི་མས་གང་། །སྨད་ཅིང་བརྙས་པར་འགྱུར་བའི་གནས་སུ་ངེས་འགྱུར་བ། །བློ་ཉམས་འགྱུར་བ་འདི་ནི་བུམ་པ་འདི་ན་ཡོད། །རྒས་པར་གྱུར་ཀྱང་གང་གི་སེམས་ཉམས་ཤིང་། །བདག་ལ་ཕན་པའི་ལམ་དུ་མི་འཇུག་ལ། །མ་བརྟགས་མང་དུ་སྨྲ་བར་ངེས་འགྱུར་བ། །ཞེས་པ་ནས། མི་བདེན་པའང་བདེན་པ་བཞིནདུ་ངོ་མཐོན་སྨྲ། །མི་བྱ་བའང་བྱ་བ་བཞིན་དུ་དགའ་བཞིན་བྱེད། །གང་གིས་ལན་གྱིས་ཡོད་མེད་ཕྱིན་ཅི་ལོག་ཏུ་ཤེས། །དེ་ནི་སྨོད་པའི་ལུས་བཞིན་བུམ་པ་འདི་ན་འདུག །མྱོས་འགྱུར་རིགས་སྔགས་སྡུག་བསྔལ་རྒྱུར་འགྱུར་བ། །སྡིག་པའི་མ་མོ་བྱུར་ངན་མངོན་སུམ་བཞིན། །རྩོད་པའི་ལམ་དང་ཐ་དད་མ་ཡིན་པས། །སྙིང་གི་བུམ་པ་མི་བཟད་དེ་ཉོས་ཤིག །གང་གི་བློ་ནི་རབ་ཏུ་ཉམས་གྱུར་ནས། །ཕ་མ་ཉེས་པ་མེད་པའང་གསོད་འགྱུར་ཞིང་། །བདེ་ལ་མ་ཆགས་དཀའ་ཐུབ་ཅན་ཡང་གསོད། །བཙོང་ན་ཆོ་ག་རྒྱལ་ལ་ཕུལ་བ་བཞེས། །མི་ཡི་བདག་པོ་ཆང་ནི་དེ་འདྲ་ཡང་། །འཇིག་རྟེན་འདི་ན་ལྷ་ཞེས་རབ་ཏུ་གྲགས། །ཡོན་ཏན་ལ་ནི་གང་དག་མི་དགའ་བ། །དེ་དག་ཆང་འདི་ཉོ་ལ་འབད་བར་གྱིས། །གང་ཞིག་བརྟེན་ན་ངན་པསྤྱོད་པར་འགྱུར། །རབ་ཏུ་འཇིགས་པའི་སེམས་ཅན་དམྱལ་བར་ལྷུང་། །དུད་འགྲོའི་གནས་དང་ཡི་དྭགས་དབུལ་འགྱུར་བ། །མཐོང་བར་འདོད་པ་དེ་ནི་སུ་ཞིག་ཡོད། །ཆང་དེ་ཉུང་ངུར་འཐུངས་ཀྱང་རྣམ་པར་སྨིན་པ་ནི། །མི་ཡི་གནས་སུ་སྐྱེས་ཀྱང་ཚུལ་ཁྲིམས་ལྟ་བ་ཉམས། །གང་གི་ཕྱིས་ཀྱང་མནར་མེད་འབར་བས་བསྲེགས་པར་འགྲོ། །ཡི་དྭགས་ཡུལ་དང་དུད་འགྲོ་དམན་པར་གནས་པར་འགྱུར། །ཚུལ་ཁྲིམས་ཉམས་པར་འགྱུར་ཞིང་གཏམ་ངན་མངོན་དུ་འབྱུང་། །ངོ་ཚ་མེད་ཅིང་བློ་གྲོས་དྲི་མ་ཅན་དུ་འགྱུར། །གང་ཞིག་འཐུངས་ན་ཡོན་ཏན་དེ་དང་དེ་དག་ཉམས། །དེ་བས་རྒྱལ་པོ་ཁྱོད་ཀྱིས་ཆང་འཐུང་ག་ལ་རིགས། །ཞེས་གསུངས་པས་མཚོན་མཐའ་ཡས་ལ། ཁྱད་པར་དུའང་། འདུལ་བ་ལུང་ལས། ང་ལ་སྟོན་པར་ཁས་འཆེ་བའི་དགེ་བསྙེན་ཡན་ཆོད་ཀྱིས་ཆང་མི་བཙོ། མི་བླུད། མི་བཏུང་། དེ་ལྟར་མི་བྱེད་ན། དེ་ཡང་ངའི་འཁོར་མིན་ལ། ང་ཡང་དེའི་སྟོན་པ་མིན་ནོ། །ཞེས་གསུངས་པས། དེང་དུས་རབ་བྱུང་གི་རྟགས་འཆང་ཞིང་མྱོས་འགྱུར་གྱི་བཏུང་བ་བག་མེད་དུ་སྤྱོད་པ་དང་། ངན་པ་ཁ་ཅིག་གིས་གཞན་ངོར་འཕྱོར་ཟས་ལྟ་བུ་བྱེད་པར་སྣང་བ་འདི་ནི། རང་ཉིད་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་མ་ཡིན་པའི་ནང་ཆ་ཟང་མ་ངོམས་པ་སྟེ། ཚེ་འདིར་ལྷ་དང་བཅས་པའི་སྐྱེ་བོ་རྣམས་ཀྱིས་ཁྲེལ་ཞིང་སྨོད་པའི་གནས་དང་། ཕྱི་མར་ངན་སོང་དམྱལ་བ་ཆེན་པོ་ཉམས་སུ་མྱོང་ཞིང་། གལ་ཏེ་མིར་སྐྱེས་ཀྱང་ཚེ་རབས་སུ་སྨྱོན་པ་འབའ་ཞིག་གི་སྐྱེ་བ་བརྒྱུད་མར་ལེན་པར་གདོན་མི་ཟ་ཞིང་། དེར་མ་ཟད་གནས་སྐབས་དེར་ཡང་ཀུན་མཁྱེན་ཆོས་རྗེས། གང་ཞིག་འཐུངས་ནས་ཁོང་དུ་སོང་མ་ཐག །འཁྲུག་བྱེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །འཐབ་རྩོད་འཁྲུགས་ལོང་ཕུང་ཁྲོལ་བཅོམ་རླག་བྱེད། །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །ཅེས་དང་། འཆགས་བྱེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །བཟོ་རིགས་ཡོན་ཏན་འཇིག་རྟེན་བྱ་བ་འཆགས། །ཅེས་དང་། གང་གིས་མྱོས་པས་དད་དང་ངེས་འབྱུང་འགྲིབ། །ཁྲོ་དང་ཚིག་རྩུབ་ཁོང་ངན་ཟུག་རྔུ་འཕེལ། །འཐབ་ཅིང་རྩོད་པས་དམ་ཚིག་ཉམས་པའི་རྒྱུ། །མྱོས་བྱེད་ཆང་ནི་རབ་ཏུ་སྤང་བར་མཛོད། །ཅེས་གསུངས་པ་ལྟར་བཟོ་ཁྱད་ཀྱི་ལེགས་ཆ་ཉམས་པ་དང་། འཁོན་འཛིང་སོགས་ཀྱིས་དགེ་ལས་སྡིག་པར་བསྒྱུར་བའང་མངོནསུམ་གྱིས་གྲུབ་པའི་ཕྱིར་དང་། ཐ་མ་ཁ་ནི། སྔོན་སངས་རྒྱས་འཇིག་རྟེན་དུ་བཞུགས་དུས་མ་བྱུང་ལ། དེའི་རྗེས་སུ་བྱུང་བས་བཅས་པ་དངོས་ཀྱིས་མ་ཕོག་ཀྱང་། འདུལ་བ་མདོར་བསྟན་པར། ངས་འདུལ་བ་རྒྱ་ཆེར་ནི་བཤད་ན། མདོར་བསྡུས་པ་ནི་སྔོན་ཆད་མ་བཤད་པས། དེང་ཕྱིན་ཁྱེད་རྣམས་ཀྱིས། གང་རུང་བ་དང་ཉེ་ཞིང་མི་རུང་བ་ལས་ལྡོག་པ་ནི་ཀུན་ཏུ་སྤྱོད་ཅིགགང་མི་རུང་བ་དང་ཉེ་ཞིང་རུང་བ་ལས་ལྡོག་པ་ནི་ཀུན་ཏུ་སྤོངས་ཤིགཅེས་གསུངས་པ་བཞིན་ཕྱོགས་མཐུན་བརྩིས་ན། མདོ་རྩ་བར། རྩ་བ་དང་། སྡོང་པོ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་མྱོས་པར་འགྱུར་བ་རྣམས་ཀྱང་ངོ་། །ཞེས་གསུངས་པའི་བྱེ་བྲག་སྡོང་པོ་དང་འདབ་མ་དང་འབྲས་བུ་ཅི་རིགས་པ་ལས་བྱུང་བའི་མྱོས་འགྱུར་གྱི་རྫས་ཏེ། དེ་ལ་བརྟེན་ནས་ཉོན་མོངས་འཕེལ་བར་འགྱུར་པའི་ཕྱིར་དང་། བསླབ་པ་གཞན་ལའང་གནོད་པའི་ཕྱིར་ཏེ། དེ་ཉིད་ཀྱི་དྲི་རོ་ལ་སྲེད་པ་དང་། དེའི་ཉེས་པ་ལ་རྨོངས་པའི་གཏི་མུག་དང་། ཕ་རོལ་པོ་ལ་འགྲན་སེམས་དང་ཁེངས་སེམས་ཀྱིས་ཀྱང་རུང་སྟེ་ཚུལ་དེ་ལ་འཇུག་པ་དང་། དེའི་ཆེད་དུ་རྫུན་དང་། རློམ་སེམས་དང་། འཆབ་སེམས་དང་། རྐུ་ཐབས་ཀྱི་སྦྱོར་བ་སོགས་ཉེས་པ་དུ་མ་བསྐྱེད་པ་མངོན་སུམ་གྱིས་མཐོང་བས་སོ། །དེས་ན་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་གཉིས་ཀ་ཡིན་ཞིང་། འདིའི་ཁུངས་དང་ཉེས་པ་སོགས་རྒྱས་པར་གུ་རུའི་གཏེར་ལུང་རྣམས་ལས་འབྱུང་བ་ཡིན་ཏེ། གཏེར་ཆེན་རཏྣ་གླིང་པའི་གཏེར་ལུང་ལས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ དམ་སྲི་སྤུན་དགུ་དམ་ལ་བཞག་པའི་དུས༔ སློབ་དཔོན་ཉིད་ཀྱིས་རྫུ་འཕྲུལ་ཆེན་པོ་ཡིསཿཔདྨ་དྲག་པོ་ཉིད་ཀྱི་དཀྱིལ་འཁོར་དུཿསྐད་ཅིག་ཉིད་དུ་བཀུག་ནས་མནན་པ་མཛད༔ དམ་སྲི་སྤུན་དགུ་མྱ་ངན་ཟིལ་གྱིས་ནོནཿདེ་ཚེ་སྤུན་དགུའི་ཐ་ཆུང་འདི་སྐད་ཟེར༔ སྤུན་རྣམས་མྱ་ངན་མ་བྱེད་ང་ལ་ཉོན༔ ང་ནི་ཐ་མ་ཁ་ཞེསདུག་ཏུ་སྤྲུལ༔ བོད་ཀྱི་མཐའ་སྐོར་རྣམས་སུ་སྐྱེ་ནས་སྡོད༔ མཐའ་མི་རྣམས་ཀྱི་དབུས་སུ་ཁྱེར་ནས་འོང༔ བོད་འབངས་བདེ་བའི་ལོངས་སྤྱོད་དེ་ལ་བྱེད༔ དེ་ཡི་སྟོབས་ཀྱིས་དུག་ལྔ་རགས་ཤིང་རྒྱས༔ དགེ་བཅུ་སྤངས་ནས་མི་དགེ་བཅུ་ལ་སྤྱོད༔ བོད་འབངས་མུ་གེ་ལོ་གསུམ་ཙམ་ཞིག་འབྱུང༔ མི་རྣམས་སུམ་གཅིག་མུ་གེས་འཆི་བར་བྱེད༔ འཁྲུག་རྩོད་མཚོན་གྱི་བསྐལ་པ་ཆ་གཅིག་འབྱུང༔ བསྟན་འཛིན་སྐུ་ཚེ་མི་བརྟན་ཞིང་དུ་གཤེགས༔ དུག་གི་དུད་པ་ས་ཡི་འོག་ཏུ་སོང༔ ཀླུ་ཡི་གྲོང་ཁྱེར་ཆེན་པོ་འབུམ་ཚོ་འཇོམས༔ དེ་ཡི་སྟོབས་ཀྱིས་གནམ་ལ་སྤྲིན་མི་འདུ༔ ཆར་ཆུ་མི་འབེབས་ལོ་ཕྱུགས་རྟག་མི་ལེགས༔ དུག་གི་དུད་པ་ནམ་མཁའི་མཐོངསསུ་སོང༔ དེ་ཡི་ནུས་པས་ལྷ་ཡི་གཟི་བྱིན་ཉམས༔ འདི་འཐུང་ཉེས་པས་ངན་སོང་གསུམ་དུ་སྐྱེ༔ འདོད་ཆགས་ཆུ་དུག་ཞེ་སྡང་མེ་དུག་དང༔ ཕྲག་དོག་རླུང་དུག་ང་རྒྱལ་ས་དུག་དང༔ གཏི་མུག་རྨོངས་དུག་དུག་ལྔ་འདི་ལ་ཚང༔ དུག་གི་ཁ་རླངས་ན་བུན་བཞིན་དུ་འཐིབ༔ དུག་གི་ཁ་རླུང་ཧ་ཅང་ཆེ་དྲག་པས༔ གཟའ་འཛིན་དུས་ལོག་སྐར་མ་རྟགས་ཅན་ཤར༔ རང་ལུས་ལྷ་གནས་ཞི་ཁྲོའི་ཕོ་བྲང་འཇིག༔ དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་འབུམ་ཚོ་སྟོང༔ ལུས་ལ་རྒྱུ་བའི་བྱང་ཆུབ་སེམས་རྩ་ཉམས༔ སྲོག་ལ་གདོན་ཞུགས་ཚེ་ཐུང་དབུགས་ཀྱང་ཐུང༔ བཞི་བརྒྱ་རྩ་བཞིའི་ནད་ཀྱང་སློང་བར་བྱེད༔ ལྟོ་ཟས་གོས་ཀྱི་གོ་སོ་མི་ཆོད་ཀྱང༔ དུས་ངན་མི་དང་ཟས་ངན་ལྷན་ཅིག་འཛོམ༔ སྨོན་ལམ་ངན་པས་མི་འཐུང་རང་དབང་མེད༔ འཐུང་བ་ཤི་ཚད་ངན་སོང་གསུམ་བརྒྱུད་ནས༔ ཕྱི་མ་དམ་སྲིའི་འཁོར་དུ་སྐྱེ་བར་འགྱུར༔ སྐུ་གསུངཐུགས་རྟེན་བྱིན་རླབས་ཅན་གྱི་མདུན༔ འདི་ཉིད་འཐུང་བའི་དུད་པའི་ཕོག་ཙམ་གྱིས༔ ཡེ་ཤེས་པ་ནི་སྐད་ཅིག་ཙམ་མི་བཞུགས༔ སྤུན་རྣམས་དེ་འདྲའི་རྣམ་འཕྲུལ་ང་ལ་ཡོད༔ ཞེས་ཟེར་སྤུན་དགུའི་ཐ་ཆུང་དུག་ཏུ་སྤྲུལ༔ བྱང་ཆུབ་ཐར་ལམ་སྒྲིབ་པར་ཁོས་ཁས་བླངས༔ དེ་ཕྱིར་ཉོན་མོངས་ཟས་འདི་སྤོང་བར་མཛོད༔ ཡི་དམ་དྲག་སྒྲུབ་ནང་དུ་གདོན་བཤལ་ཐོངས༔ ཕྱི་ལ་བཟང་དྲུག་སྨན་གྱི་བྱུགས་པ་བྱ༔ ཕྱིན་ཆད་གནོང་འགྱོད་དྲག་པོས་བཤགས་སྡོམ་འབད༔ དེ་ལྟར་བྱས་ན་སྔོན་འཐུང་ཉེས་པ་དག༔ ཅེས་དང་། རིག་འཛིན་རྒོད་ལྡེམ་ཅན་གྱི་གཏེར་ལུང་ལས། སོག་པོའི་རྒྱལ་པོ་མི་མ་ཡིན་གྱི་གཟུགས༔ དེ་དང་མཉམ་དུ་དུ་བ་ཞེས་བྱ་བ༔ མ་རུངས་ཟས་ཤིག་བོད་ཡུལ་དབུས་འདིར་འབྱུང༔ ཁ་རུ་འཐུང་བས་ལུས་ཀྱི་ལྷ་རྣམས་བྲོས༔ དེ་ཡི་རྟགས་ལ་མིག་ནས་མཆི་མ་དང༔ ཁ་ནས་ཆུ་འབྱུང་ལུས་ནི་ས་ལ་འགྱེལ༔ ཁ་ཡི་ཅ་ཅོསྨྲ་ཞིང་དྲན་མེད་བརྒྱལ༔ རྩ་སྦུག་འགག་པས་བརྗེད་སླ་མིག་མི་གསལ༔ ཕྱི་མ་ཆོས་མེད་དུ་འགྲོའི་གནས་སུ་སྐྱེ༔ ཞེས་དང་། བདུད་འཇོམས་རྡོ་རྗེའི་གཏེར་ལུང་ལས། དུས་ཀྱི་ཐ་མར་དྲི་རྣམས་ཟ་བའི་ཟས༔ དྲི་ངན་ཧ་སྤྱུགས་ངན་པ་ཟས་སུ་ཟ༔ དྲི་ཚོར་ཙམ་གྱིས་ངན་སོང་གསུམདུ་ལྷུང༔ ཞེས་དང་། རིག་འཛིན་སྟག་ཤམ་རྡོ་རྗེའི་གཏེར་ལུང་ལས། ལྔ་བརྒྱ་ཐ་མ་དུས་ཀྱི་སྙིགས་མའི་མཐར༔ ལོག་འཚོ་ཧ་ལ་ནག་པོ་ཐ་མ་ཁ༔ སེམས་ཅན་བསོད་ནམས་དམན་པའི་དུས་སུ་འོང༔ མ་རིག་འཁྲུལ་བའི་དབང་གིས་དེ་ལ་སྤྱོད༔ འདི་འཐུང་མི་ལ་འཕོ་བའི་སྲང་ལམ་མེད༔ རྩ་གནས་ཐམས་ཅད་དུ་བའི་དྲེག་པས་འགགས༔ དྲི་ཚོར་ཙམ་གྱིས་མནར་མེད་དམྱལ་བར་ལྟུང༔ ཐོས་བསམ་སྒོམ་སོགས་དགེ་བཅུ་ཅི་བསགས་ཀྱང༔ འདི་འཐུང་ཉེས་པས་ཕན་ཐོགས་རྡུལ་ཙམ་མེད༔ འདི་ཡི་དྲི་མས་སྟེང་འོག་ལྷ་ཀླུ་དང༔ གཙུག་ལག་གཏེར་སྲུང་རྣམས་ཀྱང་བརྒྱལ་ཞིང་འཁྲུགས༔ རང་ལུས་དག་པའི་རྩ་ཁམས་དབུ་མ་འགགས༔ ཞི་ཁྲོའི་ལྷ་འཇིག་ཕྱི་ཡི་དབང་པོ་འགྲིབ༔ ཤི་མ་ཐག་ཏུ་མནར་མེད་དམྱལ་བར་སྐྱེ༔ དུད་པས་དབུགས་འཚུབ་ཁྲོ་ཆུ་ཁོལ་མས་འཚིག༔ ཚེ་ལོ་བྱེ་བ་ཁྲག་ཁྲིག་ཐར་སྐབས་མེད༔ ད་དུང་རིམ་བཞིན་སྡུག་བསྔལ་མྱོང་བར་འགྱུར༔ སྐྱེ་བ་མང་པོར་དཀོན་མཆོག་སྒྲ་མི་ཐོས༔ ཚེ་འདིར་དབུལ་ཕོངས་འཇུར་གེགས་ཡི་དྭགས་ལུས༔ དུས་ངན་ནད་ཡམས་དམ་སྲི་བརྫུས་པའི་དུས༔ འདི་ཡི་ཉེས་པ་བརྗོད་ཀྱིས་མི་ལང་བས༔ པདྨ་ང་ཡི་བཀའ་བཞིན་སྤོང་བར་མཛོད༔ ཅེས་སོགས་མིང་དོན་དབྱེ་བ་རྒྱུ་དང་ཉེས་དམིགས་སོགས་རྒྱ་ཆེར་གསུངས་པ་དང་། གཞན་ཡང་སངས་གླིང་། བདུད་འདུལ། ཀློང་གསལ་སོགས་ཀྱི་གཏེར་ལུང་དང་། ཉག་བླ་པདྨ་བདུད་འདུལ་སོགས་ཀྱི་དག་སྣང་དང་། སྐུ་ཞབས་དགེ་མང་རིན་པོ་ཆེ་དང་། ཞབས་དཀར་བ་སོགས་ཀྱིས་མཛད་པའི་ཐ་མ་ཁའི་ཉེས་དམིགས་བསྟན་པ་རྣམས་ནས་ཞིབ་པར་གསུངས་པ་བཞིན་དགེ་འདུན་འདུས་པའི་ཚོགས་གྲལ་དུ་འཐེན་པ་པོ་གཅིག་བྱུང་ན་དེ་འཚོགས་ཀྱི་སྒྲུབ་པའི་འབྲས་བུ་ཆུད་གསོན་པ་དང་། རྟེན་ཁྱད་པར་ཅན་གྱི་སྤྱན་སྔར་འཐེན་ན་ཡེ་ཤེས་པ་སྐད་ཅིག་ཀྱང་མི་བཞུགས་པར་གཤེགས་པར་འགྱུར་བ་དང་། དབང་དང་རབ་གནས་སོགས་ཀྱི་སྐབས་འཐེན་ན་ཡེ་ཤེས་པ་དང་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཕྱོགསསུ་ཉེ་མི་ནུས་ཤིང་ནག་ཕྱོགས་དམ་སྲི་འབྱུང་པོའི་ཚོགས་རྣམས་སྤྲིན་བཞིན་དུ་འདུ་བས་མཐོང་བའི་ཆོས་ཚེ་འདི་ལ་ཡང་ནད་མཚོན་མུ་གེའི་བསྐལ་ངན་དར་བ་སོགས་བཀྲ་མི་ཤིས་ཤིང་། ཕྱི་མར་འཐུང་པ་པོ་རྣམས་བསྐལ་པ་གཅིག་གི་བར་དུ་ཚ་བའི་དམྱལ་བ་མྱོང་དགོས་པ་སོགས་ཉེས་པ་མཐའ་ཡས། དེ་ལྟར་འབྱུང་བའི་རྒྱུ་མཚན་ཡང་། དྲང་སྲོང་གོ་ཏ་མའི་དམོད་པས་བརྒྱ་བྱིན་གྱི་ལུས་ལ་བུད་མེད་ཀྱི་མཚན་མ་སྟོང་ཕྲག་བྱུང་བ་དང་། དྲང་སྲོང་གནས་ངན་ལེན་གྱི་དམོད་པའི་སྟོབས་ལས་ཁྱབ་འཇུག་གི་རིགས་མ་ལུས་པ་རླག་པར་བྱེད་པའི་ལྕགས་ཀྱི་གཏུན་བུ་སྐྱེས་པ་སོགས་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པར་བཤད་པ་བཞིན། བདུད་དང་དམ་སྲིའི་ཚོགས་ཀྱིས་ལོག་པའི་སྨོན་ལམ་བཏབ་པ་དུས་སུ་སྨིན་པའི་འབྲས་བུར་རིགས་པར་བྱ་ཞིང་། འཕོ་བའི་གསེང་ལམ་འགགས་པའང་སྒྲིབ་པ་ཚན་ཆེ་བའི་དབང་གིས་ཏེ། དཔེར་ན་མཚམས་མེད་བྱས་པའི་སྒྲིབ་པས་ཚེ་འདིར་མཐོང་ལམ་སྐྱེ་བའི་གེགས་བྱེད་པ་དང་འདྲའོ། །དེས་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས་བག་ཡོད་པར་མཛོད་ཅིག་ཅེས་འཕྲོས་དོནཅུང་ཟད་བརྗོད་ནས་སྐབས་དོན་ལ། རྟེན་གསུམ་སོགས་གང་ལ་ཡང་བཞེངས་པ་པོ་རང་གི་འབྱོར་འཁོས་དང་བསྟུན་ཏེ། སེར་སྣ་ལ་སོགས་པའི་ཀུན་སློང་ངན་པའི་དྲིས་མ་སྦགས་ཤིང་། གཞན་ལ་གནོད་པ་སོགས་སྡིག་དང་མ་འདྲེས་པའི་ཡོ་བྱད་གང་འཛོམས་ཀྱིས་ཚུལ་བཞིནསྒྲུབ་ན་རྒྱལ་བ་དགྱེས་པའི་ཐབས་སུ་དེ་རང་ཆེ་བ་ལགས་སོ། །གསུམ་པ་སྦྱོར་བ་རྣམ་པར་དག་པ་ལས། ཐོག་མར་ཡོན་བདག་གི་མཚན་ཉིད། པྲ¡yཛྙཱ་མ་དཔེ་མི་གསལ། ¡zས། སྡིག་ལ་མི་འཛེམ་དད་འདུན་ཆུང་། །ཕན་ཡོན་མ་མཐོང་ཡིད་མ་ཆེས། །སྒྲུབ་བློོ་མེད་པའམ་ཡོད་ན་ཡང་། །ཚེ་འདིའི་ལོ་འདོད་གྲགས་འདོད་ཕྱིར། །རྐྱེན་དང་མི་འཚམ་བློ་རྒྱ་བསྐྱེད། །ངང་ཐུང་བློ་དོག་བཟོད་བསྲན་ཆུང་། །ལྷ་དང་བཟོ་བོ་སྨོད་བྱེད་ཅིང་། །འགྱོད་པ་སྐྱེས་ནས་འཕྲོ་འཇོག་པའོ། །ཞེས་སྐྱོན་དང་། ཕན་ཡོན་མཐོང་བའི་ཤེས་རབ་ཅན། །རྩེ་གཅིག་སེམས་པའི་བསམ་གཏན་ཅན། །བརྟན་ཞིང་སྤྲོ་བའི་བརྩོན་འགྲུས་ཅན། །དཀའ་སྤྱད་མི་སྐྱོ་བཟོད་བསྲན་ཅན། །ངང་རིང་ཚིག་འཇམ་ཚུལ་ཁྲིམས་ཅན། །གཡོ་མེད་གཏོང་ཕོད་སྦྱིན་པར་ལྡན། །ལྷ་དང་བཟོ་བོར་དད་གུས་ལྡན། །རིམ་གྱི་དགའ་སྤྲོ་སྒོམ་པའོ། །ཞེས་ཡོན་ཏན་དང་། བཟོ་བོའི་མཚན་ཉིད་ཀྱང་། ཡོན་ཏན་མི་མཁས་ང་རྒྱལ་ཆེ། །འགྲོགས་པ་མི་བདེ་བཀུར་སྟི་འདོད། །འཕྲལ་དུ་ཚིག་རྩུབ་ཕུག་འདོད་ཆེ། །ཡོན་རྒྱགས་གླ་ཐང་ཚད་མེད་འབེབས། །དེས་ཀྱང་མི་ཚིམ་རྒྱུ་རྩ་རྐུ། །ཅུང་ཟད་ཙམ་ལ་བཟོ་འཕྲོ་འཇོག །འགྲོ་སྡིགས་བྱེད་ཅིང་ཆང་ནག་འཚོལ། །དགེ་ལས་སྡིག་པར་སྒྱུར་མཁན་ཡིན། །ཞེས་སྐྱོན་དང་། འདོད་པ་ཆུང་ཞིང་བཀུར་སྟི་སླ། །མཁས་ཤིང་ཁེངས་མེད་ཁ་ལ་ཉན། །ལྷ་ལ་གུས་ཤིང་སྤྱོད་ལེགས་པའོ། །ཞེས་ཡོན་ཏན་སྤྱི་དང་། ཁྱད་པར་རྒྱུད་ཀྱི་བྲིས་སྐུ་སོགས་ཚད་ལྡན་བཞེངས་ན། ཀླུ་སྒྲུབ་ཀྱིས། སེམས་སྐྱེད་སྡོམ་ལྡན་དམ་ཚིག་གཙང་། །དད་ལྡན་དབང་ཐོབ་ཤེས་རྒྱུད་འབྱོངས། །ལག་གི་འདུ་བྱེད་མཁས་པ་སྟེ། །དེ་བདུན་ལྡན་པས་སྐུ་གཟུགས་བཞེངས། །ཞེས་དང་། སམ་བུ་ཊི་ལས། དུལ་ཞིང་དད་ལྡན་ལང་ཚོར་བབས། །དབང་པོ་རྣམ་གསལ་རྣམ་རྟོག་མེད། །ཁྲོ་མེད་ལྐོག་འཕྱས་མི་བྱེད་ཅིང་། །ཤིན་ཏུ་མཁས་ལ་སྤྲོ་བ་ཆེ། །བཟོད་ལྡན་སྙིང་རྗེ་ཆེན་པོ་ཅན། །ཞེས་གསུངས། དེ་ལྟ་བུ་སྐྱོན་རྣམས་སྤངས་ཤིང་ཡོན་ཏན་གྱི་ཚུལ་ལ་གནས་པའི་ཡོན་མཆོད་གཉིས་ཀྱིས་ཇི་ལྟར་བཞེངས་པའི་ཚུལ་ཡང་། གསང་བ་སྤྱིི་རྒྱུད་སོགས་ནས་བསྟན་པའི་དུས་ཚེས་གཟའ་སྐར་སྦྱོར་བྱེད་དགེ་བར་གནས་གཙང་མར། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་སྐུ་གཟུགས་ཀྱི་རྒྱུ་དང་བཟོ་བོ་བསང་སྦྱང་སྟོང་པའི་ངང་ལས་ཧཱུྃ་ལས་མི་བསྐྱོད་པ་དང་། ཤོག་བུ་དང་ཡིག་མཁན་ཧྲཱིཿལས་འོད་དཔག་མེད། མཆོད་རྟེན་གྱི་རྒྱུ་དང་བཟོ་བོ་ༀ་ལས་རྣམ་སྣང་དུ་བསྐྱེད་ནས་ཡེ་ཤེས་པ་དགུག་བསྟིམ་རྒྱས་གདབ། དབང་བསྐུར་ནས་མཆོད་བསྟོད་བྱས་ལ་སྙིང་པོ་བཟླ། རང་གི་ལྕེ་བྱིན་གྱིས་བརླབས་ནས་སྙན་གསན་དབབ་པའི་བར་བྱས་རྗེས་སྔགས་ཀྱིས་བརྟན་པར་བྱས་མཐར་རྒྱུ་དང་བཟོ་བོའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་ལས་དེ་ཉིད་དུ་གྱུར་པར་མོས། སླར་ཡང་བཟོ་བོའི་ཡན་ལག་དང་ཉིང་ལག་གནས་གསུམ་བྱིན་གྱིས་བརླབས་པ་བཅས་དང་། ཤོག་བུ་རྣམས་ཧྲཱིཿཡིག་ཏུ་གྱུར་པ་ལས་བྱུང་པའི་འོད་ཟེར་གྱིས་གསུང་རྡོ་རྗེ་ཡི་གེའི་རྣམ་པར་སྤྱན་དྲངས་ནས་ཤོག་བུ་ལ་ཐིམ་པར་བསམ། པིར་དངསྙུ་གུ་ཚོན་རྩི་སྣག་ཚ་སོགས། འཁོར་ལོས་སྒྱུར་བའི་སྔགས་དང་ལས་ཐམས་ཅད་པ་བཟླས་པས། པིར་སོགས་ཤེས་རབ་ཡེ་ཤེས་ཀྱི་བདག་ཉིད་ཚོན་སྣག་སོགས་རྡོ་རྗེའི་རྡུལ་ཕྲ་རབ་ཡོངས་སུ་གྱུར་པའི་ཡེ་ཤེས་ཀྱི་བདུད་རྩིར་བསམ་ལ་སྔགས་ཀྱིས་བརྟན་པར་བྱ་བ་སྔོན་དུ་འགྲོ་དགོས་པ་དང་། ཡང་རྙིང་པ་གསོ་བ་དང་ཡུལ་བཟང་པོར་སྤོ་བ་སོགས་ལ་ཨརྒྷའི་ཆོ་ག་ཚུལ་བཞིན་བྱས་མཐར། འདྲེ་ཅན་སོགས་མ་ཡིན་པ་རྟེན་གསར་པའི་རྒྱུར་བསྲེ་རུང་བ་རྣམས་དེ་ལྟར་བྱ་ཞིང་། གཞན་རྣམས་བཀུར་སྟི་དང་བཅས་ཏེ་ཆུ་བོ་ཆེན་པོར་གཤེགས་པའམ། སྦྱིིན་སྲེག་གིས་སྦྱང་བ་སོགས་ཇི་ལྟར་འོས་པ་དེ་ལྟར་བྱ་ཞིང་གལ་ཏེ་རྟེན་དེ་རང་ལ་མི་མཁོ་བའམ། རྒྱུ་དང་ནང་གཞུག་སོགས་ལ་རྔམས་ནས་ནི་ཨརྒྷའི་ཆོ་ག་བྱར་མི་རུང་སྟེ་ཉེ་བའི་མཚམས་མེད་དུ་འགྱུར་བར་གསུངས་སོ། །གང་ལྟར་ཡང་ནུས་ན་བཟོ་བོ་རྣམས་ལྷ་ཡི་ང་རྒྱལ་ལ་གནས་པ་དང་། མི་ནུས་ཀྱང་བསྙེན་གནས་ཀྱི་སྡོམ་པ་ལེན་པའམ་ཁྲུས་དང་གཙངསྦྲ་སོགས་རང་གཞུང་ནས་ཇི་ལྟར་བཤད་པ་བཞིན་གྱིས་ཆ་ཚད་སོགས་མ་འཁྲུལ་བར་ལེགས་པར་གཏན་ལ་དབབ་ན་ཕན་ཡོན་སོགས་ཀྱང་རྒྱུད་གཞུང་སོགས་ལས་ཇི་སྐད་གསུངས་པ་རྣམས་གདོན་མི་ཟ་བར་འབྱུང་ངེས་ལ། གལ་ཏེ་གང་བྱུང་དེས་ཆོག་སོགས་ཀྱིས་ནི་བྱས་ལ་མ་བསགས་པའི་ལས་སུ་འགྱུར་ཉེན་ཆེ་བར་མ་ཟད་འདི་ཕྱིར་འཕྲལ་གྱི་རྐྱེན་དང་། ཡུན་གྱི་སྒྲིབ་པར་འགྱུར་བའང་སྲིད་པས། རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་ཉིད་མི་བསླུ་བར་ཡིད་རྟོན་པ་གཅེས་སོ། །གཞན་ཡང་སྙིང་ལ་བཅང་བྱ། ཨོ་རྒྱན་དུས་གསུམ་མཁྱེན་པས། ཡོན་བདག་ཁེ་གྲགས་མེད་པ་ཡིས། །མཆོད་གནས་ཡོན་གྱིས་མཉེས་པར་གྱིས། །དད་པའི་སེམས་ཀྱིས་ཡོན་ཕུལ་ལ། །ཞེ་འདོད་མེད་པར་བཞེས་ནས་ནི། །རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུར། །ཡོན་མཆོད་ཐུན་མོང་བསྔོ་བྱས་ན། །གཉིས་ཀ་བསོད་ནམས་རྫོགས་པར་འགྱུར། །ཡོན་བདག་བསམ་པ་མ་དག་ཅིང་། །མཆོད་གནས་འདོད་པ་མ་བསྐངས་ན། །དགེ་རྩར་བྱས་ཀྱངསྡིག་པར་འགྲོ། །ཞེས་གསུངས་ཤིང་། ཁྱད་པར་དམ་ཚིག་གི་གཙོ་བོ། མི་གཡོ་བའི་རྒྱུད་ལས། བྲིས་སྐུ་ཚད་དང་ལྡན་པ་ཡོངས་སུ་ཟིན་པ་དང་། འབྲི་མཁན་ཁོ་རང་ཇི་ལྟར་འདོད་པའི་ཡོན་ཕབ་སྟེ་སྦྱིན་པར་བྱའོ། །ཞེས་དང་། རབ་གནས་ཀྱི་རྒྱུད་ལས་བཟོ་བོ་མ་མཉེས་པའི་ལྷ་ལ་ནི་ཡེ་ཤེས་པ་མི་འཇུག་སྟེ། རབ་གནས་ཀྱི་ཐོག་མར་བཟོ་བོ་མཉེས་པར་བྱའོ། །ཞེས་དང་། གླང་པོ་དང་ནི་ཤིང་རྟ་ནོར། །ཡོན་གྱི་དམ་པ་དབུལ་བར་བྱ། །དེ་བས་དེ་ལ་ནན་ཏན་གྱིས། །ལོངས་སྤྱོད་གསོ་བ་དབུལ་བར་བྱ། །གལ་ཏེ་ལྷ་ཉིད་དགྱེས་འདོད་ན། །བླ་མ་གུས་པས་དགྱེས་བྱ་ཞིང་། །ཞེས་སོགས་དང་། རྒྱུད་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནས་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་གསུངས་པས། རབ་ཏུ་གནས་པའི་སློབ་དཔོན་དང་། དེའི་རྗེས་སུ་འབྲང་བ་རྣམས་དང་། བཟོ་བོ་གྲོགས་དན་དང་བཅས་པ་ཅི་འབྱོར་པས་མཆོད་པས་མཉེས་པར་བྱ་བ་གལ་ཆེ་ཞིང་། དེ་ཡང་དུས་གཞན་དུ་བྱིན་པ་བས་རབ་གནས་དང་དབང་བསྐུར་སོགས་ཀྱི་དུས་བྱིན་ན་བརྒྱ་འགྱུར་གྱི་འཕེལ་ཆེ། དེ་ལས་གཞན་དུའང་རུང་སྟེ། འཕགས་པ་སྦྱིིན་པའི་ཕན་ཡོན་བསྟན་པའི་མདོ་ལས། སེར་སྣ་རྣམ་པར་སྤང་བའི་ཕྱིར་དད་པས་སྦྱིན་པ་སྦྱིན་ནོ། །དུས་སུ་སྦྱིན་ནོ། །དེ་བཞིན་གཤེགས་པས་གནང་བའི་རུང་བ་དངོས་པོ་གསུམ་ཡོངས་སུ་དག་པར་སྦྱིན་པ་སྦྱིན་ནོ། །སེམས་ཀྱི་འཁྲུགས་པའི་སྐྱོན་ཐམས་ཅད་སྤོང་བའི་ཕྱིར་བསྟིསྟང་དུ་བྱས་ཏེ་སྦྱིན་པ་སྦྱིིན་ནོ། །སྙིང་པོ་མེད་པའི་ལུས་ལ་སྙིང་པོ་བླང་བའི་ཕྱིར་རང་གི་ལག་ནས་སྦྱིན་པ་སྦྱིིན་ནོ། །གཞན་ལ་མི་གནོད་པ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་གཏོང་བ་ཆེན་པོ་རབ་ཏུ་འཐོབ་པར་འགྱུར་རོ། །ཁ་དོག་ཕུན་སུམ་ཚོགས་པ་སྦྱིིན་པ་བྱིན་ན་རྣམ་པར་སྨིན་པ་ཁ་དོག་མཛེས་པ་རབ་ཏུ་འཐོབ་པར་འགྱུར་རོ། །དེ་བཞིན་དུ་སྤོས་བྱིན་ན་གྲགས་པའི་སྤོས་འཐོབ་པ་དང་། རོ་བྲོ་བས་རོ་བྲོ་བ་མཆོག་གི་དཔེ་བྱད་བཟང་པོ་དང་། གྱ་ནོམ་པས་ལོངསསྤྱོད་གྱ་ནོམ་པ་དང་། རྒྱ་ཆེན་པོས་ལོངས་སྤྱོད་རྒྱ་ཆེན་པོ་དང་། བཟའ་བས་ཚེ་རབས་ཐམས་ཅད་དུ་བཀྲེས་པ་རྣམ་པར་གཅོད་པ་དང་། བཏུང་བས་ཚེ་རབས་ཐམས་ཅད་དུ་སྐོམ་པ་རྣམ་པར་གཅོད་པ་དང་། བགོ་བས་གོས་ཀྱི་ལོངས་སྤྱོད་སྣ་ཚོགས་པ་དང་། གནས་ཀྱི་པུ་ཤུ་དང་ཁང་པ་བརྩེགས་པ་དང་ཁྱམས་དང་ཁང་པར་དང་གཞལ་མེད་ཁང་དང་། སྐྱེད་མོས་ཚལ་དངཀུན་དགའ་ར་བ་དང་ཡུལ་འཐོབ་པ་དང་། མལ་ཆས་རིགས་མཐོ་བ་དང་། བཞོན་པས་རྫུ་འཕྲུལ་གྱི་རྐང་པ་བཞི་དང་། སྨན་གྱིས་རྒ་ཤི་མེད་ཅིང་མྱ་ངན་དང་ཀུན་ཉོན་འགོག་པའི་མྱང་འདས་དང་། ཆོས་ཀྱིས་སྐྱེ་བ་དྲན་པ་དང་། མེ་ཏོག་གིས་བྱང་ཆུབ་ཡན་ལག་གི་མེ་ཏོག་དང་། ཕྲེང་བས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དྲི་མ་རྣམ་པར་དག་པ་དང་། བདུག་པས་ཉོན་མོངས་པའི་དྲི་ང་བ་ཐམས་ཅད་མེད་པར། གདུགས་ཀྱིས་ཆོས་ལ་དབང་བའི་དབང་ཕྱུག་དང་། དྲིལ་བུས་སྒྲ་དབྱངས་ཡིད་དུ་འོང་བ་དང་། སིལ་སྙན་གྱིས་ཚངས་པའི་སྒྲ་དབྱངས་ལྟ་བུ་དང་། མར་མེས་ལྷ་ཡི་མིག་དྲི་མ་མེད་ཅིང་རྣམ་པར་དག་པ་དང་། དར་གྱིས་ལྷ་དང་མིའི་ནང་ན་རྣམ་པར་གྲོལ་བའི་དར་གྱིས་བཅིངས་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་འབྲི་མར་དྲི་ཞིམ་པོ་ཕུལ་ལམ། སྤོས་ཀྱི་ཁྲུས་ཆུ་དབུལ་བ་ཕུལ་ན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་འཐོབ་པ་དང་། ཁྲུས་ཀྱིས་ཡོ་བྱད་ཀྱིས་ཚེ་རབས་ཐམས་ཅད་དུ་ནད་ཉུང་བ་དང་རིགས་ཀྱིས་མཆོག་ཏུ་སྐྱེ་ཞིང་ཀུན་ཏུ་མཛེས་པ་དང་། སྙིང་པོ་ལྔས་ཚེ་རབས་ཐམས་ཅདདུ་མཐུ་ཆེ་ཞིང་སྤྲོ་བ་ཆེན་པོ་གཞན་གྱིས་མི་ཐུལ་བ་དང་། བྱམས་པ་ལ་གནས་ཏེ་བྱིན་ན་གནོད་སེམས་མེད་པ་དང་། སྙིང་རྗེ་ལ་གནས་ཏེ་སྦྱིན་པ་བྱིན་ན་འཚེ་བ་མེད་པ་དང་། དགའ་བ་ལ་གནས་ཏེ་སྦྱིན་པ་བྱིན་ན་མི་འཇིགས་པ་སྦྱིན་པ་འཐོབ་པ་དང་། བཏང་སྙོམས་ལ་གནས་ཏེ་བྱིན་ན་མི་དགའ་བ་སྤོང་བ་དང་། རྣམ་པ་སྣ་ཚོགས་ཀྱི་སྦྱིན་པ་བྱིན་ན་ལོངས་སྤྱོད་པ་སྣ་ཚོགས་པ་འཐོབ་པ་དང་། ལན་ལ་མི་རེ་བ་ལ་གནས་ཏེ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རབ་ཏུ་འཐོབ་པར་འགྱུར་ཏེ། དགེ་སློང་དག་མཁས་པ་རྣམས་ཀྱིས་རྣམ་པ་སུམ་ཅུ་རྩ་བདུན་པོ་དེ་དག་སྦྱིན་པ་སྦྱིིན་ནོ། །ཞེས་དང་། འཕགས་པ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས། ཁ་དོག་ཕུན་སུམ་ཚོགས་པ་བྱིན་པས་ནི་ཁ་དོག་དང་ལྡན་པར་འགྱུར་གྱིས་བདག་གིས་ཁ་དོག་ཕུན་སུམ་ཚོགས་པ་སྦྱིན་པར་བྱ་བ་གོར་མ་ཆག་སྙམ་དུ་སེམས་ཤིང་། དྲི་ཕུན་སུམ་ཚོགས་པ་བྱིན་པས་ནི་གྲགས་པའི་དྲི་དང་ལྡན་པར་འགྱུར། རོ་བྲོ་བ་ཕུན་སུམ་ཚོགས་པ་བྱིན་པས་ནི་ཡོ་བྱད་གྱ་ནོམ་པ་འཐོབ་བར་འགྱུར། རེག་པ་ཕུན་སུམ་ཚོགས་པ་བྱིན་པས་ནི་རྐང་ལག་འཇམ་ལ་གཞོན་ཤ་ཆགས་པར་འགྱུར། རང་གི་ལག་ནས་བྱིན་པས་ནི་བསྙེན་བཀུར་བྱེད་པ་འཐོབ་བར་འགྱུར། གུས་པར་བྱས་ཏེ་བྱིན་པས་ནི་གཉེན་ལ་སོགས་པའི་ནང་དུ་གཞན་གྱིས་བཀུརསྟི་བྱ་བར་འགྱུར། དུས་སུ་བྱིན་པས་ནི་ནོར་རྣམས་དུས་སུ་འགྲུབ་ཅིང་རྒྱས་པར་འགྱུར། མཐུན་པ་དང་ཡིད་དུ་འོང་བ་བྱིན་པས་ནི་མལ་དང་གོས་ལ་སོགས་པ་ལོངས་སྤྱོད་ཡིད་དུ་འོངས་པ་རྣམས་ལ་སེམས་འཇུག་པར་འགྱུར། གཞན་ལ་མི་གནོད་པར་བྱིན་པར་ནི་ལོངསསྤྱོད་བརྟན་པ་དག་འཐོབ་པར་འགྱུར་རོ། །མི་དགའ་བ་དང་དུ་ལེན་པའི་སྦྱིན་པས་ནི་འཁོར་སྙིང་ཉེ་བར་འགྱུར་རོ། །ཟས་བྱིན་པས་ནི་སྟོབས་དང་ལྡན་པར་འགྱུར། སྐོམ་བྱིན་པས་ནི་སྐོམ་པ་མེད་པར་འགྱུར། གོས་བྱིན་པས་ནི་ཁ་དོག་དང་ལྡན་པར་འགྱུར། མར་མེ་བྱིན་པས་མིག་དང་ལྡན་པར་འགྱུར། རོལ་མོའི་སྒྲ་བྱིན་པས་རྣ་བ་ཉམས་པ་མེད་པར་འགྱུར། བཞོན་པ་བྱིན་པས་བདེ་བ་དང་ལྡན་པར་འགྱུར། སྨན་བྱིན་པས་ནི་ནད་ཉུང་བར་འགྱུར། མེ་ཏོག་བྱིན་པས་ནི་གཞན་གྱིས་མཆོད་པར་འགྱུར། མེ་ཏོག་ཕྲེང་བ་བྱིན་པས་ནི་གཞན་གྱིས་རིམ་གྲོ་བྱེད་པར་འགྱུར། བསྟོད་པ་བྱིན་པས་ནི་ཚངས་པའི་དབྱངས་དང་ལྡན་པར་འགྱུར། སྟན་བྱིན་པས་ནི་བླ་མའི་གནས་ཐོབ་པར་འགྱུར། བཞོན་པ་བྱིན་པས་ནི་རྫུ་འཕྲུལ་དང་ལྡན་པར་འགྱུར། བྱུག་པ་བྱིན་པས་ནི་རྨ་མེད་པར་འགྱུར། ཕྱག་དར་བྱ་བ་བྱིན་པས་ནི་རྡུལ་དང་བྲལ་བར་འགྱུར། དྲིལ་བུ་བྱིན་པས་ནི་ཚེ་རབས་དྲན་པར་འགྱུར། གནས་བྱིན་པས་ནི་ཐམས་ཅད་བྱིན་པར་འགྱུར། ཆོས་བྱིན་པས་ནི་བདུད་རྩི་བྱིན་པར་འགྱུར་གྱིས་བདག་གིས་ཆོསསྦྱིན་པ་སྦྱིན་པར་གོར་མ་ཆག་སྙམ་མོ། །སྦྱིན་པ་དེ་ལྟ་བུ་སྦྱིན་པ་ནི་ཆགས་པས་སྦྱིན་པར་མི་བྱེད། སྡང་བས་སྦྱིན་པར་མི་བྱེད། ཚིག་པ་ཟ་ཞིང་སྦྱིིན་པར་མི་བྱེད། བརྙས་བཞིན་དུསྦྱིན་པར་མི་བྱེད། རྡེག་ཅིང་སྦྱིན་པར་མི་བྱེད། ཚར་བཅད་དེ་སྦྱིན་པར་མི་བྱེད། ཁྱད་དུ་གསོད་ཅིང་སྦྱིིན་པར་མི་བྱེད། སྨད་དེ་སྦྱིན་པར་མི་བྱེད། ང་རྒྱལ་གྱིས་ཁེངས་བཞིན་དུ་སྦྱིན་པར་མི་བྱེད། འགྱིང་བཞིན་དུ་སྦྱིན་པར་མི་བྱེད། ལྷག་མར་གྱུར་པ་སྦྱིིན་པར་མི་བྱེད། རུལ་ཞིང་མྱགས་པ་སྦྱིན་པར་མི་བྱེད་ཀྱི་སྦྱིིན་པ་གང་དང་གང་སྦྱིན་པ་དེ་གུས་པར་བྱས་ཏེ་སྦྱིན་པར་བྱེད། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཤིང་རྗེད་ནས་སྦྱིན་པར་བྱེད། མང་དུསྦྱིན་པར་བྱེད། བཟང་པོ་སྦྱིན་པར་བྱེད། རབ་ཏུ་དགའ་བས་སྦྱིན་པར་བྱེད། དགའ་ཞིང་མགུ་བས་སྦྱིན་པར་བྱེད། གཙང་བ་དང་རྒྱ་ཆེར་སྦྱིན་པར་བྱེད། རང་གི་ལག་པས་སྦྱིན་པར་བྱེད། གུས་པ་དང་བཅས་པ་དང་ཞེ་ས་དང་བཅས་པས་སྦྱིན་པར་བྱེད། བསམ་པ་དག་ཅིག་བཟང་ལ་དགེ་བས་སྦྱིན་པར་བྱེད། སེར་སྣ་མེད་པར་སྦྱིན་པར་བྱེད། བརྐམ་{བསྐམ}པ་མེད་པར་སྦྱིན་པར་བྱེད། ཞུམ་པ་མེད་པར་སྦྱིན་པར་བྱེད། འཇིགས་པ་མེད་པར་སྦྱིན་པར་བྱེད། རྒྱ་ཆེ་ཞིང་ཡངས་པར་སྦྱིན་པར་བྱེད་དོ། །ཞེས་དང་། བྱེ་བྲག་ཁ་ཟས་བྱིན་པའི་ཕན་ཡོན་ཀྱང་། ཁ་ཟས་སྦྱིན་པ་བྱིན་ན་ནི། །དེས་ནི་ཚེ་དང་ཁ་དོག་དང་། །སྟོབས་དང་བདེ་བ་ལྔ་པ་སྤོབས། །ཤེས་རབ་ཅན་གྱིས་བྱིན་པ་ཡིན། །ཁ་ཟས་བྱིན་པས་དགའ་བ་དང་། །ཚེ་རིང་བདེ་སྐྱིད་སྟོབས་ལྡན་འགྱུར། །སྐྱིད་ཅིང་བརྟན་པ་དེ་དག་ནི། །ཐོགས་མེད་སྤོབས་པ་ལྡན་པར་འགྱུར། །ཕྱུག་ཅིང་ནོར་མང་དཔལ་དང་ལྡན། །མི་ནི་དེས་ཤིང་བློ་ལྡན་ལ། །བསོད་ནམས་ལྡན་ཞིང་མཁས་ལ་ཞི། །ཁ་ཟས་བྱིན་པས་དེ་ལྟར་འགྱུར། །ཞེས་དང་། དེ་བཞིན་དུ། སྐོམ་བྱིན་ན། སྐོམ་བྱིན་པས་ནི་མཁས་པ་དེ། །ཀུན་ཏུ་འབར་ཞིང་རབ་འབར་བའི། །ཡི་དྭགས་ཉམས་པར་མི་སྐྱེ་ཞིང་། །སྐོམ་པའི་གནོད་པ་འབྱུང་མི་འགྱུར། །ཞེས་དང་། བཞོན་པ་བྱིན་ན། བཞོན་པ་སྦྱིན་པ་དྲང་སྲོང་ཆེ། །སངས་རྒྱས་ཞིང་ནས་ཞིང་དག་ཏུ། །བློ་ལྡན་བྱ་ཡི་ཤུགས་འདྲ་བར། །རྫུ་འཕྲུལ་གྱིས་ནི་མཁའ་ལ་འགྲོ། །ཞེས་དང་། གོས་བྱིན་ན། གོས་སྦྱིན་ཤིན་ཏུ་དཔལ་དང་ལྡན། །རྟག་ཏུ་རིགས་ལྡན་གཟུགས་བཟང་ཞིང་། །མི་དེ་ངོ་ཚ་ཤེས་པར་འགྱུར། །མི་ནི་གྲགས་ལྡན་སྐལ་དང་ལྡན། །ཞེས་དང་། རྒྱན་བྱིན་ན། ནོར་བུ་མུ་ཏིག་སྦྱིན་པས་ནི། །གང་དང་གང་དུ་དེ་སྐྱེ་བ། །སྐྱེ་གནས་དེ་དང་དེ་དག་ཏུ། །རིན་ཆེན་ཆར་ནི་འབབ་པར་འགྱུར། །ཞེས་དང་། མར་མེ་བྱིན་ན། མི་དེ་མར་མེ་སྦྱིན་པ་ཡིས། །འཇིག་རྟེན་དག་ན་དུས་ཀུན་ཏུ། །སངས་རྒྱས་རྣམས་ཀྱི་སྤྱན་ལྔ་དང་། །རིམ་གྱིས་སུ་ནི་ལྡན་པར་འགྱུར། །ཞེས་དང་། རོལ་མོའི་སྒྲ་བྱིན་ན། རོལ་མོའི་སྒྲ་ནི་བྱིན་པས་ན། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །དཔའ་བོ་རྣམས་ཀྱི་ལྷ་ཡི་སྙན། །གང་དུ་སྐྱེས་པ་དེ་ཡིས་འཐོབ། །ཅེས་དང་། སྤོས་བྱིན་ན། སྤོས་དང་ཕྱེ་མ་བྱིན་པ་དང་། །བྱུག་པ་བྱིན་པས་སྐྱོབ་རྣམས་ཀྱི། །ལྷ་ཡི་ཤངས་དང་ལྷ་ཡི་སྐུ། །སྐྱོན་མེད་དེ་ཡིས་འཐོབ་པར་འགྱུར། །ཞེས་དང་། མེ་ཏོག་བྱིན་ན། མེ་ཏོག་མེ་ཏོག་ཕྲེང་བྱིན་པར། །གང་དང་གང་དུ་སྐྱེས་པ་དེར། །རྒྱལ་པོ་བློན་པོ་ཞང་བློན་གྱིས། །རྟག་ཏུ་མཆོད་ཅིང་རིམ་གྲོ་བྱེད། །ཅེས་དང་། རོ་བྲོ་བ་བྱིན་ན། རོ་ཡི་སྦྱིན་པས་ཡིད་གཞུངས་ཤིང་། །དྲན་ལྡན་བློ་གྲོས་རྒྱ་མཚོ་བཞིན། །དེས་ནི་རོ་ཡིི་རྣམ་གྲངས་འཐོབ། །ལྷུན་གྱིས་གྲུབ་པར་ལོངས་སྤྱོད་ལྡན། །ཞེས་དང་། གནས་བྱིན་ན། གཞལ་མེད་ཁང་གནས་སྦྱིན་པ་ཡིས། །གང་དང་གང་དུ་སྐྱེས་པ་ན། །ཁྱིམ་དང་གནས་དང་ཡུལ་འཁོར་གྱི། །བདག་པོ་དག་ནི་གཙོ་བོར་འགྱུར། །ཞེས་དང། སྔས་མལ་བྱིན་ན། མལ་དང་སྔས་རྣམས་སྦྱིན་པར་བྱེད་པའི་མི། །བསྟན་བཅོས་དག་ལ་མཁས་པར་སྐྱེ་བར་འགྱུར། །ཞི་གནས་འཐོབ་ཅིང་རྒྱ་ཆེར་སྦྱིན་པ་དང་། །པདྨ་ལསབྱུང་གཟི་ཅན་གཞོན་ནུར་འགྱུར། །ཞེས་དང་། སྟན་བྱིན་ན། སྣ་ཚོགས་རིན་ཆེན་བདུན་ལས་བྱས། །འཕང་དུ་དཔག་ཚད་གཉིས་ཡོད་པ། །ཁོ་ར་ཁོར་ཡུག་དཔག་ཚད་གཅིག །རི་རབ་བཞིན་དུ་སྤ་བ་དང་། །རིན་ཆེན་ལྗོན་ཤིང་བརྒྱས་བསྐོར་ཅིང་། །གཞལ་མེད་ཁང་གིས་ལེགས་པར་བརྒྱན། །དྲིལ་བུ་གཡེར་ཁའི་དྲྭ་བས་བཀབ། །ནོར་བུ་རིན་ཆེན་སྤྲས་གསལ་བ། །ཚངས་པ་མཚུངས་པར་སྤྱོད་རྣམས་ལ། །ཁྲིའུ་སྟན་དང་སྟེགས་བྱིན་པས། །འཁོར་བ་དག་ན་འཁོར་བའི་ཚེ། །དེ་འདྲའི་སྟན་ནི་འཐོབ་པར་འགྱུར། །ཞེས་དང་། མཁོ་བའི་ཡོ་བྱད་བྱིན་ན། ཡོ་བྱད་རབ་ཏུ་བྱིན་པ་ཡིས། །གང་དང་གང་དུ་སྐྱེས་པ་དེར། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཡན་ལག་ཐམས་ཅད་རྫོགས་པར་འགྱུར། །ཞེས་དང་། སྨན་བྱིན་ན། རྩི་དང་སྨན་གྱི་སྦྱིན་པ་ཡིས། །ཟླ་བ་ཉ་ལྟར་ནད་མེད་ཅིང་། །གནོད་ཆུང་སྐྱིད་ཅིང་བདེ་བར་གནས། །མི་རྣམས་ཚེ་ནི་རིང་བར་འགྱུར། །ཞེས་དང་། གསེར་དངུལ་སོགས་རིན་པོ་ཆེ་བྱིན་ན། རིན་ཆེན་སྣ་ཚོགས་བྱིན་པ་ཡིས། །ངེས་པར་གང་དང་གར་སྐྱེས་པ། །འཇིག་རྟེན་མཚམས་མེད་ཡན་ཆད་དུ། །དེས་ནི་འོད་ཟེར་སྣང་བར་བྱེད། །ཅེས་དང་། རྟ་སོགས་བྱིན་ན། གླང་ཆེན་བྱིན་ཞིང་རྟ་བྱིན་པས། །གསལ་ཞིང་མཁས་ལ་ཤེས་ཉེན་ཅན། །ཐེག་པ་ཆེ་ལ་མོས་པ་དང་། །མི་དེ་སྐལ་བ་ཅན་དུ་འགྱུར། །ཞེས་དང་། སྐྱེད་ཚལ་དང་། གཙུག་ལག་ཁང་སོགས་བྱིན་ན། ལྷ་ཁང་སྐྱེད་མོས་ཚལ་བྱིན་པས། །རྣལ་འབྱོར་ཅན་གྱི་མི་དེ་ནི། །བསམ་གཏན་ཡན་ལག་ཡོངས་རྫོགས་ཤིང་། །རྣལ་འབྱོར་སྤྱོད་པ་དཀའ་ཐུབ་ཆེ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེ་ལྟར་ཞིང་དང་བསམ་པ་དང་དངོས་པོ་དང་སྦྱོར་བ་རྣམ་པར་དག་པ་བཞི་ཡི་སྒོ་ནས་བསྐྲུན་པའི་རྟེན་གྱི་དངོས་པོ་ཆེ་ཕྲ་གང་ཡང་རུང་། ལྷ་དང་བཅས་པའི་འགྲོ་བ་རྣམས་ཀྱི་ཕྱག་མཆོད་དད་པའི་ཡུལ་ཁྱད་པར་དུ་འཕགས་པར་བསྒྲུབ་པ་ནི། རྟེན་དེ་ཉིད་རིང་བསྲེལ་གྱི་སྙིང་པོར་བསྐྲུན་པ་དང་། དེ་ལ་ཡེ་ཤེས་དབབ་བའམ་རབ་གནས་ཀྱི་ཆོ་ག་གཉིས་ལ་རག་ལས་པར་གསུངས་ཏེ། དེའི་དང་པོ་གཟུངས་འབུལ་གྱི་ཁུངས་ནི། མདོ་ལས། རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་སྐྱུ་རུ་རའི་འབྲུ་ཙམ་གྱི་ནང་དུ་བཅུག་སྟེ་སྲོག་ཤིང་ཁབ་ཙམ་གཟུག་ཅིང་གདུགས་རྒྱ་ཤུག་གི་ལོ་མ་ཙམ་གྱིས་འགེབས་པའི་དཔེས་མཚོན་པ་དང་། སྔགས་རྒྱུད་ལས། རིང་བསྲེལ་ཅན་གྱི་མཆོད་རྟེན་དྲུང་། །བདེ་བར་གཤེགས་པའི་བསྔགས་པས་འགྲུབ། །ཅེས་སོགས་མང་དུ་འབྱུང་བ་དང་། དཔུང་བཟང་གིས་ཞུས་པའི་མདོ་ལས། བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱང་བའི་ཕྱིར་ནི་རྟག་ཏུ་གདབ། །རིང་བསྲེལ་ཅན་གྱི་གཟུགས་སམ་མཆོད་རྟེན་ལ། །བསྟོད་ཅིང་ཕྲེང་བ་དྲི་དང་མར་མེ་འབུལ། །ཞེས་སོགས་གསུངས་ཏེ། དེ་ལ་མཆོད་རྟེན་ནི་མཆོད་པར་འོས་པའི་རྟེན་ཞེས་སམ། ཡང་ན། ཙཻ་ཏྱ་ཞེས་པའི་སྒྲ་ལས་དྲངས་ན་གསག་བྱའམ་དྲན་བྱ་ལ་འཇུག་པས་དཀོན་མཆོག་གི་སྤྱི་ལའང་འཇུག་ཏུ་རུང་སྟེ། ཇི་སྐད་དུ། དཀར་པོའི་ཆོས་རྣམས་བསགས་པ་དང་། །སྡིག་པ་མ་ལུས་སྤང་བའི་ཕྱིར། །སངས་རྒྱས་བཅོམ་ལྡན་འདས་ལ་ནི། །མཆོད་རྟེན་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས། རིང་བསྲེལ་ནི། གཟུངས་སྔགས་རྣམས་ཆོས་སྐུའི་རིང་བསྲེལ། གདུང་རུས་སོགས་སྐུ་གདུང་གི་རིང་འསྲེལ། དབུ་ལོ་ཕྱག་སེན་སོགས་སྐུ་བལ་གྱི་རིང་བསྲེལ། ཤ་རི་རམ་སོགས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་བཅས་བཞི་པོ་ཡོངས་གྲགས་དང་། རྒྱ་ནག་ནས་གསར་འགྱུར་གྱི་བྱང་ཆུབ་སྙིང་པོ་རྒྱན་གྱི་གཟུངས་ཀྱི་ཆོ་ག་ཞིབ་མོ་ལས། ཆོས་སྐུའི་རིང་བསྲེལ། སྐུ་གདུང་གི་རིང་བསྲེལ། སྐུ་བལ་གྱི་རིང་བསྲེལ། ཆོས་ཀྱི་རིང་བསྲེལ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་དང་ལྔར་བཤད་པ་སོགས་དབྱེ་བསྡུ་དང་ངོས་འཛིན་གྱི་ཁྱད་པར་ཅུང་ཟད་འདྲ་མིན་འབྱུང་ན་ཡང་། དེ་དག་ལས། སངས་རྒྱས་གཙོ་བོར་གྱུར་པའི་གདུང་ཤ་རི་རམ་འཕེལ་གདུང་དུ་གྲགས་པ་ཡུངས་འབྲུ་ལྟ་བུ་དང་། གཟུངས་ཆེན་སྡེ་ལྔ་གཙོ་བོར་གྱུར་པའི་གཟུངས་ཆོས་ཀྱི་རིང་བསྲེལ་གཉིས་གཙོ་བོ་ལ། དེ་གཉིས་ཀའམ་གང་རུང་རེ་མེད་དུ་མི་རུང་ཞིང་གཞན་རྣམས་གང་འབྱོར་བྱ་ཆོག་པར་གསུངས། འབུལ་ཚུལ་ཡང་། རྗེ་གཏེར་ཆེན་བླ་མས། གཙུག་ཏོར་དང་དབུའི་ནང་དུ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་སོགས་བྱིན་རྟེན་དང་བླ་བརྒྱུད་ཀྱི་མཚན་སྔགས་དང་སྐུ་གཟུགས་ཨུཥྞིཥའི་གཟུངས་རྣམས་བཞུགས། མགུལ་དུ་རྟེན་འབྲེལ་སྙིང་པོ་དང་དབྱངས་གསལ་སོགས་བྱིན་རླབས་ཀྱི་ཚོགས། སྐུའི་སྟོད་ཟོམ་ལ་རྣལ་འབྱོར་ཆེན་པོའི་སྡེ་གསུམ་གྱི་གཟུངས་རྣམས་དང་། དེ་དག་གི་སྐུ་གཟུངས་བཞི་རྣམས། ཐུགས་ཀར་རིག་པ་ཕུག་རོན་ཁྱད་པར་ལྷ་གང་ཡིན་གྱི་རྩ་སྔགས། འཁོར་ལོ་སོགས། དེའི་འོག་ཏུ་ཡོ་ག་དང་། སྐེད་པར་སྤྱོད་རྒྱུད། ལྟེ་བར་བྱ་རྒྱུད་ཀྱི་གཟུངས་རྣམས་དང་དེ་དག་གི་སྐུ་རྟེན། སྨད་དུ་སངས་རྒྱས་རབ་བདུན་གྱི་གསོ་སྦྱོང་སོགས་མདོ་སྡེའི་གཟུངས་རྣམས་གཞུག་ཅིང་གཞན་ཡང་གནས་ཡིག་དང་སྐྱེ་མཆེད་བྱིན་རླབས་རྣམས་སོ་སོའི་གཞུང་བཞིན་དགོད། མ་ཁེངས་ན་སྐུའི་སྟོད་སྨད་ཐམས་ཅད་སྔར་གྱི་རིམ་པ་བཞིན་མ་ནོར་བར་མདོ་རྒྱུད་ཀྱི་གླེགས་བམ་སོགས་གཞུགཔད་གདན་ལ་ཆོས་སྐྱོང་ནོར་ལྷའི་སྔགས་དང་སྲོག་འཁོར་བླ་རྡོ། ཁྱད་པར་ཚུལ་བཞིན་བསྒྲུབས་པའི་གནོད་སྦྱིན་འཁོར་ལོ་རིན་ཆེན་འབྲུསྨན་དར་ཟབ་དྲི་བཟང་སོགས་ཡོ་བྱད་ཇི་སྙེད་པ་དང་བཅས་གཞུགརིག་པ་ཕུག་རོན་དང་རྟེན་འབྲེལ་སྙིང་པོ་ནི་སྟོད་སྨད་ཐམས་ཅད་དུ་གཞུག་ཅིང་འབུལ་བའི་ཚེ་ངག་ཏུའང་བཟླའོ། །མཆོད་རྟེན་གྱི་ཚེ་དབུའི་རྣམས་འཁོར་ལོ་དང་བྲེ་ཡན། སྐུ་ངོ་བོའི་རྣམས་བུམ་པ་ནས་བང་རིམ་འོག་མ་ཡན་དང་། པདྨའི་རྣམས་གདན་ཁྲིར་གཞུག་པར་གསུངས་ཤིང་། བྲིས་སྐུ་ལ་ནི། ཧེ་རུ་ཀ་གལ་པོ་ལས། ཐང་སྐུའི་རྒྱབ་ཏུ་སྐུ་གསུམ་གྱིས། །བྱིན་རླབས་སྔགས་ཀྱང་བྲི་བར་བྱ། །ཞེས་གསུངས་པ་བཞིན། རྒྱབ་ཏུ་སྐུ་གཟུགས་ཀྱི་གནས་གསུམ་སོ་སོའི་ཐད་དུ་འབྲུ་གསུམ་དང་། རྒྱུད་གལ་པོ་ནས་གསུངས་པའི་ཆོས་སྐུར་བྱིན་གྱིས་བརླབས་པའི་སྔགས་རྣམསསྤྱི་བོའི་ༀ་ཡིག་གི་གཤམ་དང་། དེ་བཞིན་ལོངས་སྐུར་བྱིན་རླབས་སྔགས་མགྲིན་པར་ཨཱཿཡི་འོག་དང་། སྤྲུལ་སྐུར་བྱིན་རླབས་ཐུགས་ཀར་ཧཱུྃ་གི་འོག་ཏུ་འབྲི། སྤྲོ་ན་སྐྱེ་མཆེད་བྱིན་རླབས་དང་། ལྷ་སོ་སོའི་མཚན་སྔགས་དང་གཟུངས་སྔགས། སརྦ་བིདྱཱ། བཛྲ་ཨ་ཡུ་ཥེ། རྟེན་སྙིང་། གསོ་སྦྱོང་། ཤིས་བརྗོད་སོགས་ཇི་ལྟར་རིགས་པ་བྲི། གསུང་རྟེན་གླེགས་བམ་ལ་ནི་དེ་ཉིད་ཀྱི་གཤམ་དུ་བྲི་བར་ཀུན་མཁྱེན་དྷརྨ་ཤྲཱིས་གསུངས། དེ་ལྟར་བགྱིས་པའི་ཕན་ཡོན་ཡང་། མཁས་མཆོག་དཔའ་བོས། སྐྱེ་བོ་གང་ཞིག་སྐུ་བཞེངས་པའི། །ནང་དུ་རིང་བསྲེལ་བཅུག་བྱས་ན། །ཀུན་ནས་བརྒྱ་བྱིན་ལས་འཕགས་པའི། །མི་དབང་གླིང་བཞི་རྣམས་སུ་ནི། །དཔལ་དང་ལྡན་པར་ལོངས་སྤྱོད་ནས། །མཐའ་རུ་རྣམ་དག་གོ་འཕང་འཐོབ། །ཅེས་སོགས་རྒྱ་ཆེར་གསུངས་པ་བཞིན་ཏེ་ཞིབ་པར། གང་ལ་བྱ་བའི་རྟེན། གང་གིས་བྱེད་པའི་མཁན་པོ། གང་ལས་བཤད་པའི་ཁུངས། ཇི་ལྟར་བྱ་བའི་ཚུལ། དེ་ལྟར་བྱས་པའི་ཕན་ཡོན་བཅས། རྗེ་བླ་མའི་ཞལ་སྔ་ནས་བསྩལ་པའི་གཟུངས་འབུལ་གྱི་ལག་ལེན་སོགས་ལས་ཤེས་པར་བྱའོ། །གཉིས་པ་རབ་གནས་ནི། ངོ་བོ། རྟེན་གང་ལ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་རྣམས་བསྡུས་ནས་དགེ་ཞིག་བཀྲ་ཤིས་པའི་དོན་ཅན་དུ་བྱེད་པ་ཡིན་ཏེ། ཁྲོ་གཉེར་ཅན་གྱི་རྟོག་པ་ལས། རྒྱལ་བའི་སྐུ་གཟུགས་བཞེངས་ནས་ནི། །གུས་པར་རྒྱལ་བ་ལྟར་མཆོད་བྱ། །ཐུབ་པས་དེ་ལྟར་གཟིགས་ནས་ནི། །ཡིད་ཅན་རྣམས་ལ་སྐྱོབ་པར་མཛད། །ཅེས་དང་། གལ་པོར། སྐུ་གསུངཐུགས་ཀྱི་རྟེན་རྣམས་ལ། །ཡེ་ཤེས་གཞུག་པའི་བྱིན་རླབས་ཅན། །འཁོར་བ་འབྱུང་བ་ལྔ་ཡི་གནས། །སྐུ་དང་གསུང་དང་ཐུགས་ཉིད་ཡིན། །ཞེས་གསུངས། ངེས་ཚིག་གམ་སྒྲ་དོན། སུ་པྲ་ཏིཥྛ་བི་དྷི་ཞེས་པའི་སྒྲ་ལས་བཟང་པོར་བསྒྲུབས་པ་དང་ཡུན་རིང་དུ་གནས་པར་བྱེད་པའི་ཆོ་ག་སྟེ། རྟེན་ཡེ་ཤེེས་སེམས་དཔའི་ངོ་བོ་ཉིད་དུ་བསྒྲུབས་པས་བཟང་པོ་དང་འཁོར་ཇི་སྲིདདུ་གནས་པར་བྱེད་པས་ཡུན་རིང་བའོ། །དེ་གཉིས་ཀྱང་ཡེ་ཤེས་དགུག་གཞུག་དང་བརྟན་བཞུགས་དང་འབྲེལ་བའི་ཕྱིར་རབ་གནས་ཀྱི་ཆོ་ག་ཞེས་བྱ། ཡང་། སུ་ར་བ། པྲ་ཏི་སོ་སོ། ཥྛ་གནས་པ་སྟེ་རྟེན་སོ་སོའི་བདག་ཉིད་དུ་གནས་པ་ལ་ཡང་བགྲང་དུ་རུང་ངོ་། །དབྱེ་ན་བདུན་ལས། རབ་གནས་ཀྱི་རང་བཞིན་ནི། སློབ་དཔོན་ཆེན་པོ་བདེ་འདུས་རབ་གནས་སུ་བྱ་དགོས་མི་དགོས་གཉིས་སུ་བརྟགཅེས་པ་ལྟར། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་མཆོག་ཏུ་མི་འགྱུར་བའི་ཆོས་ཉིད་ནམ་མཁའ་ལྟར་ཀུན་ཁྱབ་ཏུ་བཞུགས་པའི་གནས་ལུགས་རྟོགས་པ་ཤེས་རབ་ཅན་གྱི་དབང་དུ་བྱས་ན། སྔ་མ་ལས། ཆོས་ཉིད་སྟོང་པའི་དོན་རྟོགས་ན། །གང་ཞིག་གང་གིས་གང་དུ་བརླབ། །གདོད་ནས་མ་སྐྱེས་སྐྱེ་མེད་ལ། །ཅི་འདྲ་ཅི་འདྲར་རབ་ཏུ་གནས། །ཆོས་རྣམས་འོད་གསལ་སྐྱེ་མེད་དུ། །རྟོགས་པར་ལྡན་པས་མཆོད་གནས་རྣམས། །རབ་ཏུ་གནས་པ་མི་དགོས་སོ། །ཞེས་དང་། ཡང་སྐུ་གཟུགས་ཀྱི་རྟེན་སོགས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེའི་རྣམ་རོལ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སྤྲུལ་པའོ་སྙམ་པའི་དད་པ་ཅན་གྱི་དབང་དུ་བྱས་ནའང་སྔ་མ་ལས། ཡང་ན་སྟོང་ཉིད་མ་རྟོགས་ཀྱང་། །སྐུ་གཟུགས་གླེགས་བམ་མཆོད་རྟེན་སོགས། །སངས་རྒྱས་རྣམ་སྤྲུལ་བྱིན་རླབས་ལས། །བྱུང་སྟེ་མིན་ན་མི་འབྱུང་བར། །རྟོགས་ཏེ་ཤིན་ཏུ་དད་ལྡན་ལ། །རབ་ཏུ་གནས་པ་མི་དགོས་སོ། །ཞེས་གསུངས། དེ་ལྟ་བུའི་དོན་གཉིས་པོ་ཁོང་དུ་མ་ཆུད་པའི་གདུལ་བྱ་ཐུན་མོང་བ་རྣམས་ཚོགས་གཉིས་ཀྱི་གནས་ལ་འགོད་པའི་ཆེད་དུ་རབ་གནས་དགོས་པར་བསྟན་པ་ནི། འཇིག་རྟེན་ཐ་སྙད་ལ་གནས་ཏེ། །ཀུན་རྫོབ་དོན་དུ་བསྟན་པ་ཡིན། །ཞེས་དྲངས་ངེས་ཀྱི་དབྱེ་བས་གསུངས་པ་བཞིན་རབ་གནས་ཀྱི་རྟོག་པ་ལས་ཀྱང་། སངས་རྒྱས་ཀུན་ན་རབ་ཏུ་བཞུགས། །རབ་ཏུ་གནས་པ་གང་ཡང་མེད། །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པ་རབ་ཏུ་བརྟགས། །ཞེས་དང་། རྡོ་རྗེ་བཀོད་པ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ། །མཐའ་ཡས་གྲོལ་བའི་རྒྱུ་ཡི་ཕྱིར། །རྒྱལ་བ་དགུག་དང་གཞུག་པར་བྱ། །ཞེས་གསུངས། གང་ལ་གནས་བྱའི་རྟེན་ནི། རྟོག་པ་ལས། བརྡུང་བ་དང་། བྲིས་པ་དང་། འབུར་དུ་བྱས་པ་ལ་སོགས་ཀྱིས་མཚོན་པའི། གཟུགས་སྐུའི་རྟེན་དེ་བཞིན་གཤེགས་པ་ཞི་ཁྲོའི་སྣང་བརྙན་དང་། གསུང་གི་རྟེན་རྫོགས་པའི་སངས་རྒྱས་དང་འཕགས་པ་རྣམས་ཀྱི་གསུང་རབ་གླེགས་བམ། ཐུགས་རྟེན་ནི་ཆོས་སྐུའི་རྟེན་སྤྱི་མིང་བྱེ་བྲག་ཏུ་བཏགས་པ་མཆོད་རྟེན་བརྒྱད་ལ་སོགས་པ་རྣམས་དང་། གཞན་ཡང་གཙུག་ལག་ཁང་དང་། རྒྱན་དང་ཕྱག་མཚན་ལ་སོགས་པ་ཇི་སྙེད་པ་རྣམས་སོ། །དེ་དག་ཀྱང་དབྱིབས་དང་རྒྱན་ལ་སོགས་པ་སོ་སོའི་མཚན་ཉིད་དང་ལྡན་པར་ཚད་ལ་ཕེབས་པར་བྱ་དགོས་པ་ནི། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་ཉམས་དང་ལྡན། །ཚད་ཀྱིས་ཚད་ལ་ཕབ་ཅིང་བཟང་། །དེ་འདྲ་རབ་ཏུ་གནས་པར་བྱ། །ཞེས་གསུངས། དགོས་པ་ལ་སྐྱོན་ཡོན་གྱི་ཆ་གཉིས་ལས། དང་པོ་ནི། རྟེན་དེ་ཡང་རབ་གནས་མ་བྱས་པ་དང་། ཆོ་ག་དམན་པས་བྱས་ནའང་མི་ཤིས་པ་དང་བསོད་ནམས་ཀྱི་ཞིང་དུ་མི་འགྱུར་ཏེ། རྔམ་གློག་ལས། དཀྱིལ་འཁོར་ལ་སོགས་གང་བྱས་ཀྱང་། །རབ་གནས་ཡེ་ཤེས་མི་ལྡན་ན། །ཚོགས་དང་དབྲི་བའི་ནུས་པ་མེད། །ཅེས་དང་། སྔ་མ་ལས། གང་དུ་སྐུ་གཟུགས་རབ་རྫོགས་པ། །བྱིན་མ་བརླབས་པར་རིང་བྱས་ན། །དེ་ལ་བཀྲ་མི་ཤིས་པ་འབྱུང། །དེ་སྲིད་མཆོད་པ་དེ་མི་འོས། །ཞེས་དང་། ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་མི་ཤིས། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །ཞེས་སོ། །གཉིས་པ་ནི། སྔར་བཤད་པའི་སྐྱོན་རྣམས་མི་འབྱུང་བ་དང་། རྟེན་དེ་ཉིད་མཆོད་པ་ལས་བསོད་ནམས་འཕེལ་ཞིང་རྒྱུད་བྱིན་གྱིས་བརླབ་པ་སོགས་དོན་ཆེན་པོར་འགྱུར་བ་ཡིན་ཏེ། དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཆོ་ག་བདག་ཉིད་ནུས་པ་ཡིས། །བརྟག་པ་ལས་བྱུང་ཚུལ་ལེགས་པས། །དེ་བྱས་བསོད་ནམས་ཆེ་བ་ནི། །མཐོང་དང་མ་མཐོང་རྣམས་སུ་སྐྱེ། །སྐུ་གཟུགས་སྔགས་ཀྱི་མཚན་ཉིད་ཀྱིས། །དེ་ལ་བྱིན་རླབས་འཇུག་པར་འགྱུར། །ཞེས་དང་། པདྨ་དབང་ཆེན་གྱི་རྒྱུད་ལས། སྐུ་གསུངཐུགས་རྟེན་ཁྱད་པར་ཕྱིར། །རབ་གནས་བཟང་པོའི་ཆོ་ག་བྱ། །ཞེས་དང་། ཕྱག་རྡོར་དབང་བསྐུར་ལས། དཔེར་ན་གཙུབ་སྟན་རྟེན་ནས་སུ། །གཙུབ་ཤིང་གཙུབས་པར་བྱས་པ་ཡིས། །མེ་ཡི་རྩོལ་བ་བྱས་རྒྱུ་ལས། །སྟོབས་དང་ལྡན་པའི་མེ་འབྱུང་ངོ་། །དེ་བཞིན་སྔགས་དང་ཕྱག་རྒྱ་ལྷ། །གསུམ་ནི་འདུས་པར་གྱུར་པ་ལས། །ཆེན་པོ་དག་ནི་འབྱུང་འགྱུར་ཏེ། །བྱུང་ནས་ཡིད་ལ་གང་འདོད་པའི། །དགོས་པ་ཐམས་ཅད་བྱེད་པར་འགྱུར། །ཞེས་དང་། གསང་སྙིང་ལས། ས་ལ་སོགས་པ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་དང་། རྒྱལ་བཟང་གིས། ཡེ་ཤེས་དག་པའི་བྱིན་རླབས་དང་། །རྣལ་འབྱོར་ཏིང་འཛིན་མཐུ་བྱིན་དང་། །རྒྱལ་བ་བཞུགས་པའི་ནུས་མཐུ་ཡིས། །སྒྲིབ་པ་དག་ཅིང་ཚོགས་གཉིས་རྫོགས། །གང་འདོད་དེ་ཡི་དངོས་གྲུབ་ཐོབ། །ཅེས་གསུངས་པ་བཞིན་ནོ། །གནས་བྱེད་ཀྱི་སློབ་དཔོན་ནི། ཐེག་པ་གསུམ་གྱི་བསླབ་པས་རྒྱུད་སྦྱངས་ཤིང་། ཁྱད་པར་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་དབང་གིས་སྨིན་ཅིང་དམ་ཚིག་དག་པ། ཕྱི་ནང་གི་དེ་ཉིད་བཅུ་སོགས་སློབ་དཔོན་གྱི་ལས་རབ་འབྱམས་ལ་དབང་འབྱོར་པ། རབ་གནས་ཀྱི་ཆོ་ག་ལ་མཐོང་བརྒྱུད་ཕྱིན་ཆད་ཀྱིས་མཁས་པས་དོན་མཐུན་ལག་ཏུ་ལོངས་པ་དགེ་སློང་དགེ་ཚུལ་ཁྱིམ་ན་གནས་པ་རྣམས་རིམ་བཞིན་རབ་འབྲིང་ཐ་མར་བྱས་པས་ཏེ། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པའོ། །ཞེས་དང་། དུས་འཁོར་ལས། དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། །དགེ་ཚུལ་ཞེས་བྱ་དེ་ཉིད་ལས། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་གསུངས། གང་དུ་བྱ་བའི་གནས་ནི། ཕྱོགས་དང་ཁ་དོག་ལ་སོགས་བའི་སྒོ་ནས་ཞི་རྒྱས་ཀྱི་གནས་སུ་བསྔགས་པ་དང་། ཁྱད་པར་བཀྲ་ཤིས་ཤིང་ཉམས་དགའ་བའི་གནས་ཏེ། ཡང་ཐོག་མཆོད་རྟེན་ལ་སོགས་དང་། །ཁྱིམ་དང་ལྷ་ཡི་གནས་རྣམས་སུ། །སངས་རྒྱས་ལ་སོགས་རབ་གནས་ནི། །ཆོ་ག་དག་དང་ལྡན་པར་བྱ། །ཞེས་དང་། གལ་པོར། བཀྲ་ཤིས་དག་པ་ཆེན་པོའི་གནས། །ཡིད་འོང་ཉམས་ནི་རྣམ་པར་དགའ། །ཞེས་སོགས་ཀྱིས་མཚོན་ཏེ་དཀྱིལ་འཁོར་གྱི་ཆོ་ག་རྣམས་ལས་བཤད་པ་བཞིན་ནོ། །གང་གི་ཚེ་བྱ་བའི་དུས་ནི། ཟླ་བ་དྲུག་དང་གཟའ་བཞི་དང་། །རྒྱུ་སྐར་བཅུ་བཞི་གང་ཡིན་དང་། །ཚེས་གྲངས་བདུན་གྱི་བདག་ཉིད་ལ། །རྒྱལ་བས་རབ་གནས་ལ་སོགས་བསྔགས། །ཞེས་པ་ལྟར་དགུན་ཟླ་ཐ་ཆུང་ནས་དབྱར་ཟླ་འབྲིང་པོའི་བར་ཉི་མ་བྱང་བགྲོད་ཀྱི་དཀར་ཕྱོགས་གཟའ་སྐར་འཕྲོད་སྦྱོར་བཟང་ཞིང་བཀྲ་ཤིས་པ་ལ་བྱ་སྟེ། སྒྱུ་འཕྲུལ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པས། །གསང་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །གཟའ་སྐར་ཤིས་པ་བླང་བར་བྱ། །ཞེས་དང་། རྔམ་གློག་ལས། རིག་བྱེད་དག་གི་ཡན་ལག་ལས། །དུས་རྣམས་ཤེས་པར་བྱ་བ་ནི། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །སྦྱོར་དང་དུས་ཚེས་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་ཀྱི། །བརྟགས་ན་བཀྲ་ཤིས་མཚན་མ་འབྱུང་། །ཞེས་དང་། གཞན་ཡང་། དཀྱིལ་འཁོར་དང་ནི་རབ་གནས་པ། །ཡར་གྱི་ངོ་ལ་བརྟག་པར་བྱ། །ཞེས་པའང་གཙོ་ཆེ་བའི་དབང་དུ་དགོངས་ཀྱི་གཞན་དུ་ན། གཟའ་དང་སྐར་མ་འཛོམས་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཅེས་གསུངས་པས་མཚོན་ནོ། །གང་ཞིག་བྱ་བའི་ཆོ་ག་ནི། རྟེན་འབྲེལ་རབ་གནས་སུ་གྲགས་པ་དང་། བསླབ་བཏུས་ལས། སངས་རྒྱས་སྲས་དང་བཅས་པ་དད་པས་སྤྱན་དྲངས་ནས་རྟེན་ལ་བཞུགས་སུ་གསོལ་ཏེ། ཕྱག་མཆོད་དང་ཤིས་བརྗོད་བྱེད་པ་མདོ་ལུགས་སུ་གྲགས་པ་དང་། གསང་སྔགས་ཀྱི་རྒྱུད་སྡེ་ཐ་དད་ནས་གསུངས་པ་རྣམས་དང་། ཁྱད་པར་རྣལ་འབྱོར་ཆེན་པོའི་རྒྱུད་མདོ་སྒྱུ་སྒྲུབ་སྡེ་རྣམས་སུ་གསུངས་པའི་དོན་པཎ་གྲུབ་ཤིང་རྟ་ཆེན་པོར་གྲུབ་པ་རྣམས་ཀྱིས་ཇི་ལྟར་བཀྲལ་པ་བཞིན་སྙིང་པོར་དྲིལ་བའི་ཆོ་ག་རྣམ་པར་དག་པ་ཉིད་ཀྱིས་བྱ་དགོས་ཏེ། སངས་རྒྱས་ལ་སོགས་རབ་གནས་ནི། །ཆོ་ག་དག་དང་ལྡན་པར་བྱ། །ཞེས་གསུངས་པས་སྦྱོར་དངོས་རྗེས་གསུམ་ཚང་བའི། ཆོ་ག་དངོས་ནི་གསར་རྙིང་གི་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱིས་མཛད་པ་སྤྱི་དང་། ཁྱད་པར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་གཏེར་ཆེན་བླ་མ་རིག་འཛིན་འགྱུར་མེད་རྡོ་རྗེའི་ཞལ་སྔ་ནས་སྩལ་པའི་རབ་གནས་ཀྱི་ཆོག་དགེ་ལེགས་འདོད་འཇོ་རྩ་བ་ཡན་ལག་དང་བཅས་པ་ལས་ཤེས་པར་བྱའོ། །ལེགས་བྱས་བྱེ་བའི་ཆུ་གཏེར་བསྲུབས་པ་ལས། །ཉེར་ཐོན་མངོན་མཐོའི་རྟེན་གྱི་འོད་དཀར་ཅན། །ཡོན་ཏན་དཀྱིལ་འཁོར་རྒྱས་པའི་དཔལ་ཐོབ་ཚེ། །བག་མེད་སྒྲ་གཅན་གནས་ལས་བྱོལ་བར་འོས། །མཐོ་རིས་ཡོན་ཏན་བདུན་གྱི་འབྲས་བཟང་ཕུལ། །སྔོན་བསགས་རྣམ་དཀར་རྩ་བ་བརྟན་པའི་མཐུར། །ལེགས་པར་ཤེས་ནས་ཚོགས་གཉིས་ས་བོན་འབུམ། །ཀུན་གཞིའི་ཞིང་སར་འདེབས་རྣམས་འདུན་མ་བཟང་། །གཞན་དུ་ཉེས་སྤྱོད་གདུག་པའི་མེ་ཆེན་གྱིས། །རང་གཞན་དགེ་བའི་བུད་ཤིང་སྲེག་བྱེད་པའི། །མི་བསྲུན་སྦྲུལ་ནག་ཁྲོས་འདྲའི་ངང་ཚུལ་ཅན། །དེ་དག་སྟོབས་འབྱོར་དྲེགས་ཀྱང་སུ་ཞིག་སྨོན། །རྒྱལ་བའི་རིང་ལུགས་ཐོག་མཐའ་བར་དགེའི་ཆོས། །ཞི་བསིལ་ཡན་ལག་བརྒྱད་ལྡན་ལྷ་ཆུའི་རྒྱུན། །གུས་པའི་སྙིམ་པས་འཐུང་བར་མི་བྱེད་ན། །སྲིད་པའི་སྐོམ་པ་ནམ་ཞིག་སེལ་བར་འགྱུར། །ཆོས་བརྒྱུདདུག་ཅན་སྦྲུལ་གྱིས་ཉེར་བརྟེན་ཅིང་། །སྙིགས་སྤྱོོད་ལས་འབྲས་འཆོལ་བའི་བ་ཚྭའི་རོས། །ལེགས་བྱས་སྤྲིན་བཅུད་བསིལ་པོའི་དྲི་རོ་ཡང་། །མ་རུངས་བྱེད་འདི་ཀྱེ་མ་རང་བློའི་སྐྱོན། །དེ་སླད་སྐལ་བ་བཟང་ལྡན་དོན་མཐུན་གྲོགས། །བསམ་སྦྱོར་རྣམ་པར་དག་པའི་སྨན་ཤིང་སོན། །དད་པའི་ཞིང་སར་ཚུལ་བཞིན་འདེབས་མཁས་ན། །རིང་མིན་རྒྱལ་བ་དགྱེས་པའི་བཅུད་ལེན་རྩིས། །རྣམ་གྲོལ་སྲོག་ཟུང་བརྟས་ལ་དཀའ་བ་ཅི། །ཡང་ཡང་དཀོན་མཆོག་མཚན་ཙམ་ཐོས་དཀའ་ཞིང་། །ཡང་ཡང་འདི་འདྲིའི་འབྱོར་པ་རྙེད་དཀའི་ཚུལ། །ཡང་ཡང་སྙིང་ལ་བརྣག་ནས་བསོད་ནམས་དཔུང་། །ཡང་ཡང་གསོག་པའི་སྙིང་སྟོབས་ལྷོད་མེད་མཛོད། །ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་ས་ཁོངས་གཉིས་པ་སྨོས་ཟིན་ཏོ། །

གསུམ་པ་མཆོད་པ་དང་བཀུར་སྟི་བགྱིས་པ་སོགས་ཀྱི་ཕན་ཡོན་འཕྲོས་དོན་དང་བཅས་ཁྱད་པར་དུ་བཤད་པ།

གསུམ་པ་མཆོད་པ་དང་བཀུར་སྟི་བགྱིས་པ་སོགས་ཀྱི་ཕན་ཡོན་འཕྲོས་དོན་དང་བཅས་ཁྱད་པར་དུ་བཤད་པ་ལ་བཞི་ལས།

དང་པོ་སྐུ་གཟུགས་དང་མཆོད་རྟེན་སོགས་ལ་མཆོད་པའི་ཕན་ཡོན་སྤྱིིར་བསྟན་པ།

དང་པོ་སྐུ་གཟུགས་དང་མཆོད་རྟེན་སོགས་ལ་མཆོད་པའི་ཕན་ཡོན་སྤྱིིར་བསྟན་པ་ནི། སྤྱིིར་མཆོད་པའི་ངོ་བོ་ནི། བཀུར་བྱའི་གནས་གང་ཞིག་སྒོ་གསུམ་གྱིས་མཆོད་པ་དང་། རྫས་ཀྱི་སྒོ་ནས་མཉེས་པར་བྱེད་པའོ། །ངེས་ཚིག་ནི། པཱུ་ཛ་ཞེས་པའི་སྒྲ་ལས་དྲངས་ན་སྔོན་དུ་བསྐྱེད་པ་དང་། ཡང་དང་ཡང་དུ་དགྱེས་པ་བསྐྱེད་པ་དང་། བཀུར་བའི་དོན་གྱི་གནས་སུ་སྟོབས་པར་བྱེད་པའི་དོན་གྱིས་མཆོད་པ་ཞེས་གྲགས། དབྱེ་ན། བྱང་ཆུབ་སེམས་དཔའི་ས་ལས། སངས་རྒྱས་ཀྱི་སྐུ་གཟུགས་ཉིད་ལ་མཆོད་པ་དང་། མཆོད་རྟེན་ལ་མཆོད་པ་དང་། མངོནསུམ་དང་། མངོན་སུམ་མ་ཡིན་པ་དང་། བདག་གིས་བྱས་པ་དང་། གཞན་ལ་བྱེད་དུ་བཅུག་པ་དང་། རྙེད་བཀུར་དང་། རྒྱ་ཆེན་པོ་དང་། ཀུན་ནས་ཉོན་མོངས་པ་མ་ཡིན་པ་དང་། སྒྲུབ་པའི་མཆོད་པ་སྟེ་བཅུ་དང་། ཆོས་དང་དགེ་འདུན་ལ་ཡང་དེ་དང་འདྲ་བར་ཅི་རིགས་པར་མཆོད་པར་གསུངས་པ་དང་། ཐེག་པ་ཆེན་པོ་མདོ་སྡེེ་རྒྱན་ལས། རབ་དྭངས་སེམས་དང་ལྡན་པ་ཡིས། །ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར། །སངས་རྒྱས་རྣམས་ལ་གོས་སོགས་ཀྱིས། །མངོན་སུམ་མངོན་སུམ་མིན་པར་མཆོད། །སངས་རྒྱས་འབྱུང་བར་དོན་ཡོད་པར། །སྨོན་ལམ་དང་ནི་ལྡན་པ་ཡི། །གསུམ་པོ་དམིགས་པར་མི་བྱེད་པ། །སངས་རྒྱས་མཆོད་པ་རྫོགས་པ་ཡིན། །ཞེས་མཆོད་པ་ལ་འཇུག་པའི་རྒྱུ་སེམས་རབ་ཏུ་དྭངས་པ་དང་མཚུངས་ལྡནདུ་གྱུར་པའི་དད་པ་དང་། ཡོངས་སུ་བསྔོ་བ་རང་གཞན་གྱི་ཚོགས་གཉིས་རྫོགས་པར་བྱ་བའི་འདུན་པ་དང་། རྟེན་རང་གི་མདུན་དུ་མངོན་སུམ་དུ་བཞུགས་པའམ་ཡིད་ཀྱིས་དམིགས་པ་དང་། དངོས་པོ་གོས་དང་རྒྱན་ལ་སོགས་པ་ཡིད་དུ་འོང་བ་དང་། རྒྱུ་སྔོན་གྱི་སྐྱེ་བ་རྣམསསུ་སངས་རྒྱས་འབྱུང་བ་ལ་དོན་ཡོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་། ཡེ་ཤེས་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཏེ་འཁོར་གསུམ་པོ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་སྟེ་དྲུག་གིས་མཆོད་པ་རྫོགས་པར་གསུངས་པ་དང་། ངོམས་མི་ཤེས་པ་དང་། རྒྱ་ཆེ་བ་དང་། དགའ་བ་དང་། ཕན་པ་དང་། མ་གོས་པ་དང་། དགེ་བའི་བསམ་པ་སྟེ་དྲུག་སོགས་ཀྱང་གསུངས་ཤིང་། སྤྱོད་འཇུག་རྣམ་བཤད་ལས། རྟེན་དམ་པ་བྱང་ཆུབ་ཐོབ་འདོད་ཀྱི་བསམ་པ། ཆེད་དུ་བྱ་བ་དམ་པ་སེམས་ཅན་ཀྱི་དོན་དུ། དངོས་པོ་དམ་པ་ཡིད་འོང་གི་རྣམ་པ། ཐབས་ལ་མཁས་པ་དམ་པ་འཁོར་གསུམ་ཡོངས་སུ་དག་པ། རྣམ་པར་དག་པ་དམ་པ་མི་མཐུན་ཕྱོགས་ཀྱི་དྲི་མ་དང་བྲལ་བ། ཡོངས་སུ་བསྔོ་བ་དམ་པ་བྱང་ཆུབ་ཆེན་པོར་འདུན་པར་བསྒྱུར་བ་སྟེ་དམ་པ་དྲུག་ཏུ་གསུངས་པ་དང་། གཞན་ཡང་ཞིང་དག་པ། བསམ་པ་དག་པ། དངོས་པོ་དག་པ་སྟེ་གསུམ་དང་། རྒྱུ་བཟང་བ། དངོས་གཙང་བ། བཀོད་ལེགས་པའི་ཚུལ་གྱིས་འབུལ་བར་གསུངས་པ་སོགས་དབྱེ་བསྡུའི་ཁྱད་པར་དུ་མ་ཡོད་དོ། །དེ་ལ་སྤྱིར་རྟེན་གསུམ་བཞེངས་ཤིང་བསྙེན་བཀུར་བ་ནི། དཀོན་མཆོག་ལ་བྱ་བ་བྱེད་པ་ཡིན་པས་བསོད་ནམས་བསམ་གྱིས་མི་ཁྱབ་སྟེ། མདོ་སྡེ་དཀོན་མཆོག་སྤྲིན་ལས། ཇི་ལྟར་ན་བྱངཆུབ་སེམས་དཔའ་མཆོད་པ་དང་། རིམ་གྲོའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་བྱ་བ་དག་བྱེད་པ་དེ། ཇི་ལྟར་ན་སངས་རྒྱས་ལ་བྱ་བ་དག་བྱེད་ཅེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་མཆོད་རྟེན་དག་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་སྤོས་སམ་མེ་ཏོག་གམ། བདུག་པའམ། བྱུག་པའམ། སྐྱོང་ནུལ་ལམ། དེ་བཞིན་གཤེགས་པའི་མཆོད་རྟེན་ཞིག་པ་བཅོས་པ་དག་གིས་ཏེ། དེ་ལྟར་ན་སངས་རྒྱས་ལ་བྱ་བ་དག་བྱེད་དོ། །ཇི་ལྟར་ན་ཆོས་ལ་བྱ་བ་དག་བྱེད་ཅེ་ན་དེ་ཆོས་ཉན་ཏོ། །ཀློག་གོ །འཆད་དོ། །ཡི་གེར་འདྲིའོ། །ཁ་ཏོན་བྱེད་དོ། །ཀུན་ཆུབ་པར་བྱེད་དོ། །སེམས་སོ། །ཕྱིན་ཅི་མ་ལོག་པར་སྦྱོར་བས་གོམས་པར་བྱེད་དེ། དེ་ལྟར་ན་ཆོས་ལ་བྱ་བ་དག་བྱེད་དོ། །ཇི་ལྟར་ན་དགེ་འདུན་ལ་བྱ་བ་དག་བྱེད་ཅེ་ན། དེ་ལ་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་རྐྱེན་སྨན་དང་། ཡོ་བྱད་རྣམས་དང་། ཆུང་ངུ་ན་ཆུ་གྲང་མོ་ཁྱོར་བ་གང་ཙམ་ཡང་དགེ་འདུན་ལ་འབུལ་ཏེ། དེ་ལྟར་ན་དགེ་འདུན་ལ་བྱ་བ་དག་བྱེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་མཆོད་པ་དང་རིམ་གྲོའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཞེས་དང་། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ལས། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གདྒཱའི་ཀླུང་གི་བྱེད་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི། རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་སངས་རྒྱས་རི་མོར་བྲིས་པའམ། གཟུགས་སུ་བྱས་པ་མཐོང་ན། འདི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་ན། ཐལ་མོ་སྦྱར་བའམ། མེ་ཏོག་གམ། བདུག་པའམ། སྤོས་སམ། མར་མེ་འབུལ་བ་ལྟ་ཅི་སྨོས་ཏེ་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །ཞེས་དང་། ཕལ་པོ་ཆེ་ལས། རྒྱལ་བ་དེ་དག་ཐོས་མཐོང་མཆོད་པ་བྱས་པས་ཀྱང་། །ཚད་མེད་པ་ཡི་བསོད་ནམས་ཕུང་པོ་འཕེལ་བར་འགྱུར། །ཉོན་མོངས་འཁོར་བའི་སྡུག་བསྔལ་ཐམས་ཅད་སྤང་འགྱུར་ཞིང་། །འདུས་བྱས་འདི་ནང་བར་མ་དོར་ནི་ཟད་མི་འགྱུར། །ཞེས་དང་། ཁང་བུ་བརྩེགས་པའི་མདོ་ལས། ཀུན་དགའ་བོ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་གསུམ་པོ་འདི་ནི་འཁོར་བར་ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ། ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་ཡིན་ནོ། །ཞེས་དང་། ངེས་པ་དང་མ་ངེས་པར་འགྲོ་བའི་ཕྱག་རྒྱ་ལ་འཇུག་པའི་མདོ་ལས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཁ་ཟས་བྱེད་དུ་བཅུག་ལ། སྟོང་གསུམ་གྱིསྟོང་ཆེན་པོ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་རྣམས་ཀྱི་གནས་འཛམ་བུ་ཆུ་བོའི་གསེར་ལས་བྱས་པ། ནོར་བུ་རིན་པོ་ཆེ་གློག་གི་སྒྲོན་མས་སྤྲས་པ། ནོར་བུ་རིན་པོ་ཆེསྣང་བ་ཐམས་ཅད་བརྩེགས་པའི་སྟེགས་བུས་བསྐོར་བ། ནོར་བུ་དང་མུ་ཏིག་དང་རིན་པོ་ཆེའི་ཆུན་པོས་མཛེས་པར་བྱས་པ། གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་བ་། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་དྲྭ་བས་བཀབ་པ། དྲིལ་བུ་གཡེར་ཁའི་བླ་རེ་བྲེས་པ། ཙནྡན་སྦྲུལ་གྱི་སྙིང་པོས་བྱུགས་པ། མེ་ཏོག་མནྡ་ར་བ་དང་། མནྡ་ར་བ་ཆེན་པོ་དང་། མན་ཛུ་ཥ་ཀ་དང་། མན་ཛུ་ཥ་ཀ་ཆེན་པོ་དང་། སྣ་མའི་མེ་ཏོག་དང་། ཀླུ་ཤིང་གི་མེ་ཏོག་དང་། ཏར་ནི་བ་ར་ན་དང་། གོ་ཏར་ནི་དང་། དྲི་མཆོག་དང་། དྷ་ནུ་སྐ་རི་དང་། ལྷའི་སྣ་མའི་མེ་ཏོག་དང་། ཨུཏྤལ་དང་། པདྨ་དང་། ཀུ་མུད་དང་། པདྨ་དཀར་པོ་དང་། མེ་ཏོག་ཆེན་པོ་རྣམས་བཀྲམ་པ་བྱེད་དུ་བཅུག་སྟེ། རང་སངས་རྒྱས་དེ་དག་ལ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཅིང་ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གདྒཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི། སངས་རྒྱས་ཞེས་བྱ་བའམ། ཐམས་ཅད་མཁྱེན་པ་ཞེས་བྱ་བའམ། འཇིག་རྟེན་གྱི་མགོན་པོ་ཞེས་བྱ་བའི་སྒྲ་ཐོས་སམ། རི་མོར་བྲིས་པ་མཐོང་ངམ། གཟུགས་སུ་བྱས་པ་མཐོང་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་པར་འགྱུར་ན། གང་སོར་མོ་བཅུའི་ཐལ་མོ་སྦྱར་བ་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །གང་མར་མེའམ། བདུག་པའམ། མེ་ཏོག་གམསྤོས་འབུལ་བ་ལྟ་ཅི་སྨོས་ཏེ། ཐ་ན་དེའི་ཡོན་ཏན་བསྔགས་པ་གཅིག་ཙམ་བརྗོད་ན་ཡང་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །ལོངས་སྤྱོད་ཆེན་པོ་འགྲུབ་པར་བྱེད་ཅིང་མཐར་གྱིས་ཐམས་ཅད་མཁྱེན་པ་ཉིད་དུ་འགྲོ་བར་འགྱུར་རོ། །འཇམ་དཔལ་དཔེར་ན་ཆུའི་ཐིགས་པ་ཆུང་ངུ་རྒྱ་མཚོ་ཆེན་པོར་སོང་བ་ཡང་སྲེག་པའི་བསྐལ་པའི་མེ་མ་བྱུང་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པར་མི་འགྱུར་རོ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་ཇི་ལྟར་ཆུང་བ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མེ་མབྱུང་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་མཐར་ཐུག་པར་མི་འགྱུར་རོ། །འཇམ་དཔལ་དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་ཇི་ལྟར་ཆུང་ཡང་འདི་ལྟ་སྟེ། བོངས་དང་ཁྱོན་དང་ཆེ་བས་སྐར་མའི་ཚོགས་ཐམས་ཅད་ཟིལ་གྱིས་མནན་ནས་ལྷང་ངེར་འདུག་ཅིང་ཀུན་ཏུ་ལྷང་ངེར་འདུག་གོ །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་ཇི་ལྟར་ཆུང་བ་ཡང་འདི་ལྟ་སྟེ། མཐོ་བ་དང་ཡངས་པ་དང་ཆེ་བས་དགེ་བའི་རྩ་བ་ཐམས་ཅད་ཟིལ་གྱིས་མནན་ནས་ལྷང་ངེར་འདུག་གོ །འཇམ་དཔལ་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། །ཞེས་དང་། སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས། མཆོད་རྟེན་དང་ནི་རི་མོ་དང་། །སྐུ་གཟུགས་བྱེད་དུ་གཞུག་པ་དང་། །མཆོད་དང་བཀུར་སྟི་བྱ་བའི་ཕྱིར། །གང་དག་མཚན་ནི་དྲན་བྱེད་པ། །བྱང་ཆུབ་ཕྱིར་ནི་གནས་པ་རྣམས། །ཐམས་ཅད་ཐར་པ་ཐོབ་པར་འགྱུར། །ཞེས་དང་། དམ་ཆོས་པད་དཀར་ལས། བདེ་གཤེགས་རིང་བསྲེལ་ལ་ནི་ཅུང་ཟད་དད། །སིལ་སྙན་གཅིག་བརྡུངས་པ་ཡི་སྒྲ་ཕྱུང་ངམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །བདེ་གཤེགས་གཟུགས་དག་རྩིག་ངོས་བྲིས་པ་ལ། །འཁྲུགས་བཞིན་པ་ཡི་སེམས་ཀྱིས་མཆོད་ན་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །མཆོད་རྟེན་དག་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་པའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །དེ་བཞིན་ལན་ཅིག་ལུས་ཀྱང་བཏུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེངས་པའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཤེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་འཐོབ། །ཅེས་དང་། དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་མངལ་གྱི་དྲི་མས་མ་གོས་པར་སྐྱེའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་གཟུགས་བྱེད་པ་དང་། མཆོད་རྟེན་ཞིག་པ་བཅོས་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་སྤོས་ཀྱི་བྱུག་པ་འབུལ་བ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་དག་ལ་ཁྲུས་ཀྱི་སྤོས་ཆུ་འབུལ་བ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་ཕྱག་དར་དང་། སྐྱང་ནུལ་བྱ་བ་འབུལ་བ་དང་། ཕ་མ་དག་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང་། མཁན་པོ་དང་སློབ་དཔོན་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང་། དེ་ལ་ཟང་ཟིང་མེད་པའི་སེམས་ཀྱིས་ཏེ། ཟང་ཟིང་དང་བཅས་པས་ནི་མ་ཡིན་ལ། དགེ་བའི་རྩ་བ་དེ་ཡང་འདི་ལྟར་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་མངལ་གྱི་དྲི་མས་མ་གོས་པར་སྐྱེ་བར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་ཞིང་། དེ་ཡང་བསམ་པ་ཐག་པ་ནས་སེམས་པ་སྟེ། རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་མངལ་གྱི་དྲི་མས་མ་གོས་པར་སྐྱེའོ། །ཞེས་དང་། མེ་ཏོག་བརྩེགས་པའི་གཟུངས་ལས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལོ་གཅིག་གམ་ལོ་བརྒྱའམ་ལོ་སྟོང་ཡང་རུང་སྟེ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བ་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་རྟེན་རྣམས་ལ་མེ་ཏོག་འགའ་འབུལ་ལམ། ཆུ་སྙིམ་པ་གང་འཐོར་རམ། བྱུག་པའི་ཐིག་ལེ་འདྲིའམ། མེ་ཏོག་གི་རྡུལ་ཉལ་ཉིལ་འཕྱག་གམ། བྱུག་པ་འབུལ་ལམ། སྤོས་འབུལ་ལམ། བདུག་སྤོས་འབུལ་ལམ། མར་མེ་འབུལ་ལམ། ཕུལ་ན་དགའ་བའི་སེམས་ཀྱིས་གོམས་པའི་སྟབས་འགའ་བོར་ཏེ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ་ཞེས་སྨྲ་བ་དེ་དག་ནི། སེང་གེ་རྣམ་པར་བརྩེ་བ་བསྐལ་པ་བརྒྱའམ། བསྐལ་པ་སྟོང་དུའམ། བསྐལ་པ་བརྒྱ་ཕྲག་སྟོང་དུ་ཡང་ངན་འགྲོ་ལོག་པར་ལྟུང་བའི་གནསསུ་འགྲོ་བར་འགྱུར་བ་དེ་ནི་གནས་མེད་དོ། །ཞེས་དང་། སྙིང་རྗེ་ཆེན་པོའི་པད་དཀར་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་རྡུལ་ཕྲ་མོ་སྙེད་དེ་ཐམས་ཅད་མིར་གྱུར་ཅིང་དེ་ཐམས་ཅད་ཀྱང་འཕགས་པ་དགྲ་བཅོམ་པ་རང་སངས་རྒྱས་སུ་གྱུར་པ་ལ་གང་ཟག་གཞན་ཞིག་གིས་ཇི་སྲིད་འཁོར་བའི་ཐོག་ཐ་མི་མངོན་པ་དེ་སྲིད་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་མཆོད་ཅིང་། དེ་དག་མྱ་ངན་ལས་འདས་པའི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་ཏེ་མཆོད་པ་ཐམས་ཅད་ཀྱིས་མཆོད་པའི་བསོད་ནམས་ཀྱིས། དེ་བཞིན་གཤེགས་པ་ལ་ཡོན་འབུལ་བའམ་ཐ་ན་ཐལ་མོ་ལན་གཅིག་སྦྱར་བའི་བསོད་ནམས་ཀྱི་གྲངས་སུ་བགྲང་བའི་ཆར་ཡང་མི་ཉེ་བ་དང་། འཛམ་བུ་གླིང་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱིས་ཡོངས་སུ་གང་བ་ལ་སྟོང་གསུམ་གྱི་འབྱོར་པའི་ཁྱད་པར་ཇི་སྙེད་པས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་མཆོད་པ་བས། དམ་པའི་ཆོས་དཀོན་མཆོག་ལ་བསྟི་སྟང་བྱས་ན་ཕན་ཡོན་ཆེ་བ་དང་། ཐེག་པ་ཆེན་པོའི་ཆོསཚུལ་བཞིན་དུ་ཉན་པ་དང་། མཉན་ནས་ཀྱང་སེ་གོལ་གཏོགས་པའི་ཡུན་ཙམ་དུ་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་གོམས་པར་བྱས་ན་འཇིག་རྟེན་གྱི་ཁམས་མཐའ་དང་མུ་མེད་པའི་རྡུལ་གྱི་གྲངས་དང་མཉམ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཇི་སྲིད་འཁོར་བའི་ཐོག་ཐ་སྲིད་དུ་མཆོད་པ་བས་དོན་ཆེ་བར་གསུངས་པ་དང་། བྱེ་བྲག་ཏུ་མདོ་སྡེ་ལས་རྣམ་འབྱེད་ལས། རྟེན་ལ་ཕྱག་འཚལ་བ། ཐལ་མོ་སྦྱར་བ། ཕྱག་དར་བྱེད་པ། གདུགས། དྲིལ་བུ། བ་དན། མེ་ཏོགཕྲེང་བ། མར་མེ། བྱུག་སྤོས། རོལ་མོ་སིལ་སྙན་རྣམས་ཕུལ་བ་ལ་སོ་སོར་ཕན་ཡོན་ཆེན་པོ་བཅུ་རེ་ཡོད་པར་གསུངས་ཤིང་། ན་བཟའ་ཕུལ་བའི་ཕན་ཡོད་བཅུ་གཉིས་འཐོབ་པར་གསུངས་པ་སོགས་མདོ་སྡེ་རིན་པོ་ཆེ་རྣམས་ནས་རྒྱ་ཆེར་གསུངས་པ་ཞིབ་པར་གཞན་དུ་ཤེས་པར་བྱ་ལ། འདིར་ཕྱོགས་ཙམ་མཚོན་ན། ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་ཕན་ཡོན་ནི། ཕག་གི་རྟོགས་བརྗོད་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་དག་ངན་འགྲོར་མི་འགྲོ་སྟེ། །མི་ཡི་ལུས་ཀྱང་སྤངས་ནས་ནི། །ལྷ་ཡི་ལུས་སུ་སྐྱེ་བར་འགྱུར། །ཞེས་དང་། ཉི་མའི་སྙིང་པོའི་མདོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་གང་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཤིང་། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་ཟིན་ཀྱང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་དང་། མདོ་རྒྱལ་མཚན་དམ་པ་ལས། གང་ཞིག་སངས་རྒྱས་ཆོས་དང་ནི། །དགེ་འདུན་དག་ལ་སྐྱབས་འགྲོ་བ། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འགགས་པ་དང་། །བདེ་གཞི་མྱ་ངན་འདས་བྱས་ནས། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་དང་། མྱང་འདས་ལས། གསུམ་ལ་སྐྱབས་སུ་འགྲོ་བ་གང་། །བསོད་ནམས་ཡེ་ཤེས་དམ་པའི་ཚོགས། །འཇིག་རྟེན་རྒྱལ་བའི་ཆོས་འཕེལ་བས། །སངས་རྒྱས་ཉིད་ནི་ཐོབ་པར་འགྱུར། །ཞེས་དང་། དཀོན་བརྩེགས་ལས། མི་གང་གསུམ་ལ་སྐྱབས་འགྲོ་བ། །དེ་ཡི་ཚོགས་ཀྱང་རབ་རྫོགས་ཤིང་། །སངས་རྒྱས་ཉིད་ཀྱང་འགྲུབ་པ་དང་། །ཆོས་དང་དགེ་འདུན་ཐོབ་པར་འགྱུར། །ཞེས་དང་། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། །ཐེག་ཆེན་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་ཡང་། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ། །ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་མི་ཐོབ་ཅིང་། །འཁོར་བར་རང་གཞན་དོན་གྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་དང་། མདོ་རྒྱན་ལས། བློ་ལྡན་སེམས་མཆོག་བསྐྱེད་མ་ཐག་ཏུ་ཡང་། །མཐའ་ཡས་ཉེས་པ་བྱེད་ལས་སེམས་རབ་སྡོམ། །གཉིས་འཕེལ་བྱེད་པ་རྟག་ཏུ་དགེ་བ་དང་། །བརྩེ་ལྡན་བདེ་དང་སྡུག་བསྔལ་དག་གིས་དགའ། །ཞེས་དང་། འཕགས་པ་བྱམས་པ་འཇུག་པའི་མདོ་ལས། གང་གིས་སྟོང་གསུམ་རིན་ཆེན་གང་བྱས་ལ། །སྟོབས་བཅུ་མངའ་བ་རྣམས་ལ་འབུལ་བྱེད་པ། །དེ་བས་བྱང་ཆུབ་ཏུ་ནི་སྨོན་བྱེད་པ། །བསོད་ནམས་ཞིང་དུ་མང་པོར་འཕེལ་བར་འགྱུར། །གང་གིས་ཞིང་རྣམས་གདྒཱའི་བྱེ་མ་སྙེད། །རིན་ཆེན་གང་བར་བྱས་ཏེ་སྦྱིན་པ་བྱིན། །དེ་བས་བྱང་ཆུབ་ཏུ་ནི་སྨོན་བྱེད་པ། །བསོད་ནམས་ཞིང་དུ་མང་པོར་འཕེལ་བར་འགྱུར། །གང་གིས་བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ། །སེམས་ཅན་ཐམས་ཅད་ལ་ནི་མཆོད་པ་བྱེད། །དེ་བས་བྱང་ཆུབ་ཏུ་ནི་སྨོན་བྱེད་པ། །བསོད་ནམས་ཤིན་ཏུ་མང་པོར་འཕེལ་བར་འགྱུར། །གལ་ཏེ་སེམས་ཅན་ཐམས་ཅད་དགྲ་བཅོམ་གྱུར། །ཡེ་ཤེས་དབང་ཐོབ་གྱུར་པ་དེ་དག་ལ། །བསོད་ནམས་འདོད་པའི་གང་ཟག་ལ་ལ་ཞིག །བསྐལ་པ་ཁྲག་ཁྲིག་བར་དུ་མཆོད་པ་བྱེད། །གང་གིས་སྙིང་རྗེ་བསྐྱེད་ནས་བྱང་ཆུབཏུ། །རྒྱ་ཆེན་སེམས་ནི་བསྐྱེད་པར་བྱར་གྱུར་ཏེ། །སེམས་ཅན་ལ་ལ་གང་གིས་བྱང་ཆུབ་ཏུ། །སེམས་ཀྱི་གཙོ་བོ་བསྐྱེད་པར་བྱས་ནས་ཀྱང་། །གོམ་པ་བདུན་ནི་བོར་བའི་བསོད་ནམས་ནི། །དེ་བས་ཁྱད་པར་འཕགས་པར་འགྱུར་བ་ཡིན། །ཞེས་དང་། དཔས་བྱིན་གྱིས་ཞུས་པ་ལས། གདྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ཀུན་མི་གང་གིས། །རིན་ཆེན་བདུན་གྱིས་ཡོངས་བཀང་སྟེ། །སངས་རྒྱས་རྣམས་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བྱས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་འདི་ནི་ཁྱད་པར་འཕགས། །འདི་ལ་མཐའ་ནི་མ་མཆིས་སོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། བྱེ་བ་ཁྲག་ཁྲིག་གཏམས་པའི་ཞིང་དག་ན། མཆོད་པ་རྣམས་མང་དཔག་མེད་ཅི་ཡོད་པ། །སྐྱེས་མཆོག་རྣམས་ལ་ཉིན་རེ་རྟག་མཆོད་པས། བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་དང་། དཀོན་མཆོག་ཏ་ལ་ལས། བྱང་ཆུབ་གཞིར་གྱུར་པ་ནི་རང་བྱུང་སེམས། །ཐོག་མ་ཉིད་དུ་སྐྱེས་པ་གང་ཡིན་པ། །དེ་ཡི་ཡོན་ཏན་བསྔགས་པ་མཐའ་ཡས་ཏེ། །མཚུངས་མེད་རྣམས་ཀྱིས་དེ་དག་བརྗོད་མི་སྤྱོད། །ཅེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་བཞི་འདི་དག་ཡོན་ཏན་མཐའ་ཡས་ཏེ། །འདི་དག་མཐའ་ནི་རྒྱལ་བས་མི་གསུང་ངོ་། །ཞེས་སོ། །རྟེན་གསུམ་ལ་བསྐོར་བ་བྱས་པའི་ཕན་ཡོན་ཡང་འཕགས་པ་སྤྱན་རས་གཟིགས་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས། སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །སུ་ཞིག་བསྐོར་བ་བྱེད་བ་ནི། །ཚེ་རབས་དག་ནི་ཐམས་ཅད་དུ། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། །བསོད་ནམས་ལྡན་ཞིང་འཇིགས་མེད་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །ཚེ་རབས་དག་ནི་ཐམས་ཅད་དུ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་རྣམས་ཀྱིས་མཆོད་པར་འགྱུར། །ངས་ནི་གང་དག་བསྟན་པ་ཡི། །མི་ཁོམ་བརྒྱད་པོ་དེ་དག་སྤོང་། །སངས་རྒྱས་འབྱུང་བ་རབ་མཛེས་པ། །མཉེས་པར་བྱེད་འདི་དལ་བ་གཅིག །མདོག་ལྡན་གཟུགས་ནི་ཕུན་སུམ་ཚོགས། །མཚན་གྱིས་ལེགས་པར་བརྒྱན་པ་དང་། །མཐུ་དང་སྟོབས་དང་ལྡན་པར་འགྱུར། །ལེ་ལོ་ཅན་དུ་དེ་མི་འགྱུར། །དེ་ནི་ཕྱུག་ཅིང་ནོར་ཆེར་འགྱུར། །བསོད་ནམས་ལྡན་ཞིང་རྫི་བ་མེད། །འཇིག་རྟེན་སྒྲོན་མ་མཉེས་བྱས་ནས། །ཡང་དང་ཡང་དུ་བསྟི་སྟང་བྱེད། །བདག་མེད་སྟོང་པའི་ཆོས་ཐོས་ནས། །དེ་ནི་ཆོས་ལ་རྨོངས་མི་འགྱུར། །མྱུར་དུ་དད་པ་འཐོབ་འགྱུར་ཞིང་། །ཆོས་དོན་ཇི་བཞིན་མཁས་པར་འགྱུར། །ཚོང་དཔོན་ཁྱིམ་དང་རྒྱས་པ་དང་། །ཕྱུག་པོ་རྣམས་སུ་སྐྱེ་བར་འགྱུར། །དཔའ་ཞིང་སྦྱིན་པའི་བདག་པོར་འགྱུར། །གཏོང་བ་བཏང་ཞིང་སེར་སྣ་མེད། །འཛམ་བུའི་གླིང་ན་གང་ཡང་རུང་། །ཁྱད་པར་ཅན་གྱི་རིགས་མཛེས་པ། །དེར་ནི་བརྟན་པ་དེ་སྐྱེ་སྟེེ། །དམའ་བ་དག་ནི་རྣམ་པར་སྤངས། །མཆོད་རྟེན་བསྐོར་བ་བྱས་ན་ནི། །སྐྱེ་བ་ཐམས་ཅད་ཀུན་ཏུ་ཡང་། །དབང་ཆེར་གྲགས་པའི་ཁྱིམ་བདག་དང་། །དཔལ་དང་གཟི་བརྗིད་ལྡན་པར་འགྱུར། །བྲམ་ཟེ་སཱ་ལ་ཆེ་འདྲ་དང་། །ཚུལ་ཁྲིམས་ལྡན་ཞིང་མང་ཐོས་དང་། །རྒྱལ་རིགས་སཱ་ལ་ཆེ་འདྲ་དང་། །ཕྱུག་ཅིང་ནོར་ཆེན་ལྡན་པར་འགྱུར། །རིས་བསྐོར་རྒྱ་མཚོ་ཚུན་ཆད་ཀྱི། །ས་ཀུན་ལ་ནི་གང་སྨོན་པ། །གླིང་བཞི་དག་གི་དབང་ཕྱུག་བླ། །རྒྱལ་པོ་ཆོས་དང་ལྡན་པར་འགྱུར། །འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེ། །རིན་ཆེན་བདུག་དང་ལྡན་པར་འགྱུར། །རྒྱལ་སྲིད་གནས་ནས་སངས་རྒྱས་ལ། །ཡང་དང་ཡང་དུ་བསྟི་སྟང་བྱེད། །འདི་ནས་ཤི་འཕོས་མཐོ་རིས་སུ། །སོང་ནས་སངས་རྒྱས་བསྟན་ལ་དད། །ལྷུན་པོའི་ཟོམ་གྱི་དབང་ཕྱུག་པོ། །ལྷ་ཡི་དབང་པོ་བརྒྱ་བྱིན་འགྱུར། །ལྷ་དབང་ཤིན་ཏུ་འཐབ་བྲལ་དང་། དེ་བཞིན་དུ་ནི་དགའ་ལྡན་དང་། །ལྷ་དབང་ཤིན་ཏུ་འཕྲུལ་དགའ་དང་། །དབང་སྒྱུར་འཇིགས་པ་མེད་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །དེ་ནི་ཚངས་པའི་འཇིག་རྟེན་དུ། །ཚངས་པའི་དབང་ཕྱུག་མཁས་འགྱུར་ཞིང་། །ལྷ་རྣམས་བྱེ་བས་མཆོད་པར་འགྱུར། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མི་གང་སྐོར་བ་བྱེད་པ་ཡི། །བསྔགས་པ་བསྐལ་པ་བྱེ་བ་ཡང་། །བརྗོད་པས་ཟད་པ་བྱ་མི་ནུས། །ཞེས་དང་། མཆོད་རྟེན་བསྐོར་བའི་ཚིགས་བཅད་ལས། མཆོད་རྟེན་བསྐོར་བ་བྱས་པ་ཡིས། །ལྷ་ཀླུ་གནོད་སྤྱིན་དྲི་ཟ་དང་། ལྷ་མིན་མཁའ་ལྡིང་མིའམ་ཅི། །ལྟོ་འཕྱེ་ཆེ་རྣམས་མཆོད་བྱེད་འགྱུར། །དལ་བ་རྙེད་དཀའ་ཐོབ་གྱུར་ནས། །སྐད་ཅིག་ཙམ་གྱི་བར་དུ་ཡང་། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མི་ཁོམ་བརྒྱད་རྣམས་སྤོང་བར་འགྱུར། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། །ཁ་དོག་ལྡན་ཞིང་མཛངས་པ་དང་། ཐམས་ཅད་དུ་ནི་མཆོད་པར་འགྱུར། །ལྷ་དང་དེ་བཞིན་མི་རྣམས་ཀྱིས། །ཚེ་རིང་བ་ཡང་དེ་ཡིས་ཐོབ། །གྲགས་པ་ཆེན་པོའང་འཐོབ་པར་འགྱུར། །ཞེས་པ་ནས། དྲན་པ་ཉེ་བར་བཞག་པ་བཞི། །སེམས་ཀྱི་ཚད་མེད་བཞི་པོ་དང་། །རྫུ་འཕྲུལ་རྐང་པའི་དབང་ཡང་འཐོབ། །འཕགས་པའི་བདེན་པ་བཞི་པོ་དང་། །དབང་པོ་རྣམས་དང་སྟོབས་རྣམས་དང་། །བྱང་ཆུབ་ཡན་ལག་འབྲས་བུ་འཐོབ། །མངོན་ཤེས་དྲུག་ལྡན་ཟག་པ་མེད། །ཉོན་མོངས་ཐམས་ཅད་སྤངས་པ་ཡིན། །དགྲ་བཅོམ་རྫུ་འཕྲུལ་ཆེན་པོར་འགྱུར། །འདོད་ཆགས་ཞེ་སྡང་སྤངས་པ་དང་། །འཁོར་རྣམས་ཐམས་ཅད་སྤངས་པ་ཡི། །རང་རྒྱལ་བྱང་ཆུབ་འཐོབ་པར་འགྱུར། །འཇིག་རྟེན་དུ་ནི་དེ་བཞིན་གཤེགས། །མཚན་རྣམས་ཀྱིས་ནི་བརྒྱན་པ་དང་། །གསེར་གྱི་སྐུ་མདོག་འཐོབ་པར་འགྱུར། །ལུས་ཀྱི་ལས་ཀྱང་བསྐོར་བ་ཡིན། །ངག་གི་ལས་ཀྱང་བསྐོར་བ་ཡིན། །ཡིད་ཀྱི་ལས་ཀྱང་བསྐོར་བ་ཡིན། །སྨོན་ལམ་བཏབ་པའང་བསྐོར་བ་ཡིན། །འདིར་ནི་བསྐོར་བ་བྱས་པ་ཡིས། །བགྲོད་དཀའི་བདེ་དགུར་དོན་རྣམས་འགྲུབ། །འཇིག་རྟེན་མགོན་པོའི་མཆོད་རྟེན་ལ། །བསྐོར་བ་བྱས་པའི་ཡོན་ཏན་གང་། །དེ་ནི་ཚིག་ཙམ་ཉི་ཚེ་ཡིས། །ལེགས་པར་བསྟན་པའི་མི་ནུས་སོ། །ཞེས་པའི་བར་གྱིས་རྒྱ་ཆེར་བསྟན་པ་བཞིན་ནོ། །ཕྱག་འཚལ་བའི་ཕན་ཡོན་ཡང་། མདོ་སྔ་མ་ལས། བློ་གྲོས་རྣམ་པར་དག་པ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་གང་དག་གིས་དེ་བཞིན་གཤེགས་པའི་མཆོད་རྟེན་མཐོང་ནས་དད་པ་བསྐྱེད་དེ། པུས་མོ་གཉིས་ཀྱི་ལྷ་ང་ས་ལ་བཙུགས་ནས་ཕྱག་འཚལ་ཞིང་ཕྱག་བྱེད་དེ། དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོའི་མཚནསུམ་ཅུ་གཉིས་ཀྱིས་སྐུ་ལུས་ལེགས་པར་བརྒྱན་པ་དེ་ཅི་འདྲ་བར་བདག་གི་ལུས་ཀྱང་དེ་འདྲ་བར་གྱུར་ཅིག་ཅེས་དེ་ལ་མོས་པ་བསྐྱེད་ན། བློ་གྲོས་རྣམ་པར་དག་པ་བསོད་ནམས་ཀྱི་ཕུང་པོ་དེའི་མཐའ་བརྗོད་པར་མི་ནུས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གནས་པའི་ཕྱིར་རོ། །བསོད་ནམས་ཀྱི་ཕུང་པོ་དེ་ནི་རྒྱལ་པོ་ཉིད་དམ། བརྒྱ་བྱིན་ཉིད་དམ། ཚངས་པ་ཉིད་དམ། རང་སངས་རྒྱས་ཉིད་དམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་བླ་ན་མེད་པས་ཀྱང་ཟད་པར་བྱ་མི་ནུས་སོ། །ཞེས་དང་། འཇིག་རྟེན་སངས་རྒྱས་ཇི་ལྟར་འགྱུར་ཞེས་མོས་སྐྱེས་དེ། །སངས་རྒྱས་མཆོད་རྟེན་ལ་ནི་པུས་མོ་གཉིས་འཛུགས་དང་། །སུ་ཞིག་བྱང་ཆུབ་གཞོལ་ནས་ཕྱོགས་རྣམས་ཀུན་འགྲོ་བ། །དེ་འགྲོ་ཚེ་ན་འཇིག་རྟེན་གསུམ་པོ་འདུད་པར་བྱེད། །ཅེས་པ་ནས། བཅོམ་ལྡན་མཆོད་རྟེན་དག་ལ་པུས་བཙུགས་ཕྱག་བྱ་བ། །དེ་ལ་འཇིགས་རྟེན་ཀུན་གྱི་རྒྱལ་པོས་རབ་ཏུ་འདུད། །ལྷ་དང་ཀླུ་དང་མི་དང་ལྟོ་འཕྱེ་ཆེན་པོས་འདུད། །བསྐལ་པ་མཐའ་ཡས་རྣམས་སུ་དབུགས་འབྱིན་ཐོབ་པར་འགྱུར། །གང་ཚེ་རྒྱལ་བ་དམ་པ་བྱུང་བར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་རྣམས་དང་ཉེ་བར་འགྱུར་བ་ཐོབ། །འདྲེན་པ་གཞལ་ཡས་རྣམས་ལ་མཆོད་པ་བྱེད་པར་འགྱུར། །འཇིག་རྟེན་སངས་རྒྱས་གྱུར་ཅེས་མོས་པ་བསྐྱེད་ནས་ནི། །བཅོམ་ལྡན་མཆོད་རྟེན་རྣམས་ལ་པུས་བཙུགས་ཕྱག་འཚལ་བ། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་བགྲངས་ཟད་འགྱུར་ན། །དེ་ནི་རིང་པོར་མི་ཐོགས་བྱང་ཆུབ་མཚུངས་མེད་འཐོབ། །གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ། །བསྐལ་པ་བྱེ་བ་གཞལ་ཡས་བསྟི་སྟང་བྱེད་པ་བས། །གང་ཞིག་ཕྱི་དུས་མི་བཟད་བསྐལ་པ་འདི་ལ་ནི། །མཆོད་རྟེན་ཕྱག་འཚལ་དེ་ཡི་བསོད་ནམས་ཆེས་མང་ངོ་། །ཞེས་དང་། འཇིག་རྟེན་སངས་རྒྱས་འགྱུར་བྱར་མོས་བསྐྱེད་དེ། །སྟོན་པའི་མཆོད་རྟེན་ཐལསྦྱར་ཕྱག་འཚལ་བ། །འཇིག་རྟེན་དག་ན་བླ་མར་བཀུར་སྟི་བྱ། །དེ་ནི་མཛེས་ཤིང་ལྟ་ན་སྡུག་པར་འགྱུར། །དེ་འདིས་རྒྱལ་སྲིད་ཐོབ་ནས་ལྷ་ཀླུ་མི། །ལྟོ་འཕྱེ་ཆེ་དང་འཇིག་རྟེན་ཐམས་ཅད་འདུད། །སྟོང་གི་འཇིག་རྟེན་ཁམས་ཀུན་རྒྱས་པར་འགྱུར། །དབང་ཕྱུག་ཉིད་དུ་དབང་ཐོབ་རྒྱལ་སྲིད་སྟོན། །དེ་ཡི་ཡུལ་ན་སེམས་ཅན་གང་གནས་པ། །དེ་ཀུན་སངས་རྒྱས་ཡེ་ཤེས་རྫོགས་ལ་འགོད། །དེས་ནི་ངན་སོང་ས་ཡང་རྣམ་པར་སྤོང་། །དེ་དག་རྣམས་ཀྱི་དོན་མཆོག་དམ་པ་བྱེད། །བསོད་ནམས་བློ་གྲོས་དྲན་ལྡན་མཆོད་འོས་འགྱུར། །དབུགས་ཕྱིན་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །དེ་ཡི་གཡོག་འཁོར་ཡིད་འོང་སྒྲ་སྐད་ལྡན། །བསམ་པ་ཇི་བཞིན་དེ་དག་དགའ་བ་བསྐྱེད། །སེམས་ཅན་རྣམས་ལ་མི་ལྷོད་ཞི་ཚིག་སྟོན། །དེ་ལ་སུ་ཡང་དབངཕྱུག་མེད་མི་བྱེད། །སྐྱེ་བོ་ཚོགས་ཆེན་དག་གིས་བལྟ་འོས་འགྱུར། །དེ་ཡི་གཡོག་ཀྱང་སྒྲ་དབྱངས་ཡན་ལག་དག །སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །སྦྱིིན་དང་སྙན་པར་སྨྲ་དང་དོན་སྤྱོད་དང་། །དོན་མཐུན་པ་དག་སྐྱེ་བོ་མང་ལ་བྱེད། །སྤྱོས་ཤིང་བརྒྱད་ཀྱང་ཁྲོ་བའི་དངོས་མི་སྐྱེད། །མཐོ་རིས་འཇིག་རྟེན་གནས་ཤིང་ལྷ་དབང་འགྱུར། །མིར་གྱུར་ནའང་མི་ཡི་རྒྱལ་པོར་འོང་། །དེ་ནི་གཞར་ཡང་ཡོངས་སུ་ཉམས་མི་འགྱུར། །དེ་ནི་གཞར་ཡང་ངན་སོང་ཕྱིས་མི་ལྟུང་། །འཇིག་རྟེན་འདིར་དེ་རྟག་ཏུ་འདོད་པ་སྤོང་། །ནོར་ཅན་ནང་ན་ཕྱུག་ཅིང་མཛོད་མང་འགྱུར། །ཞེས་དང་། གསལ་རྒྱལ་གྱི་ཚིགས་སུ་བཅད་པ་ལས། མི་རྣམས་གང་དག་སངས་རྒྱས་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་མགོས་བཏུད་གུས་ཕྱག་འཚལ། །དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱིས། །ཆེར་ཡང་ཆེ་བར་བཀུར་བའི་གནསསུ་འགྱུར། །ཞེས་སོ། །མཎྜལ་ཕུལ་བའི་ཕན་ཡོན་ཡང་། མཁས་མཆོག་དཔའ་བོས། འཇིག་རྟེན་གསུམ་གྱིས་མཆོད་པ་ཡི། །སངས་རྒྱས་ལ་ནི་གང་ཞིག་འདིར། །མཎྜལ་མེ་ཏོག་བཅས་བྱེད་པ། །འགྲོ་བའི་བདག་པོ་ཚེ་རིང་ཞིང་། །སྣ་ཚོགས་ནད་ཀྱི་འཇིགས་ལས་གྲོལ། །གང་ཡིན་དེ་ཡིས་སྐད་ཅིག་འཐོབ། །བདེ་གཤེགས་མཎྜལ་བྱེད་དེ་དག །ཕ་རོལ་ཕྱིན་དྲུག་འཐོབགྱུར་ཏེ། །ཆུ་དང་ས་བསྲེས་བཏང་སྦྱིན་པ། །གྲོག་མ་སོགས་སེལ་ཚུལ་ཁྲིམས་ཏེ། །བསྲེས་ནས་ཉེད་པ་བཟོད་པ་ཡིན། །འབད་པ་བྱས་པ་བརྩོན་འགྲུས་ཡིན། །སྐད་ཅིག་དེ་ལ་རྩེ་གཅིག་ཏུ། །སེམས་འཛིན་བྱེད་པ་བསམ་གཏན་ཡིན། །ལེགས་པར་གཟོབ་པ་ཤེས་རབ་བོ། །སྣ་ཚོགས་བསོད་ནམས་ཀྱིས་རྒྱས་ལ། །ས་གཞི་བྲིས་པ་འབུལ་བྱེད་པ། །ལྷ་ཡི་བདེ་བ་ཐམས་ཅད་དང་། །ལོངས་སྤྱོད་མཆོག་དང་ལྡན་འགྱུར་ཞིང་། །མིར་སྐྱེས་གསེར་ལས་ལྷག་པ་ཡི། །ཁ་དོག་དང་ལྡན་མཛེས་པ་དང་། །པདྨའི་མདངས་ལྡན་ཡན་ལག་ཚང་། །མིག་ནི་དཀྱུས་རིང་མཛེས་པར་འགྱུར། །ཞེས་སོ། །ཡན་ལག་བདུན་པ་ཕུལ་བའི་ཕན་ཡོན་ཡང་། དཔལ་སྦས་ཀྱིས་ཞུས་པའི་མདོ་ལས། གང་གིས་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ཏེ། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དམ། །བསོད་ནམས་དག་ལ་ཡི་རང་ཞིང་། །སྡིག་པ་དག་ཀྱང་འཆགས་པར་བགྱིད། །བསྐུལ་དང་གསོལ་བ་འདེབས་གྱུར་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁའ་གང་བར་རྟག་ཏུ་འབྱུང་། །ཞེས་སོ། །མེ་ཏོག་དང་མེ་ཏོག་གི་ཕྲེང་བ་འབུལ་བའི་ཕན་ཡོན་ཡང་། སྤྱན་གཟིགས་ཀྱི་མདོ་ལས། སངས་རྒྱས་དམ་པ་སྦྱིན་གནས་མཚུངས་པ་མེད་གྱུར་པ། །སྤྱོད་པ་དམ་པ་སྤྱད་ནས་ཁྱད་པར་བརྙེས་གྱུར་པ། །མི་ཡི་ཁྱུ་མཆོག་དེ་ལ་འདིར་ནི་མཆོད་བྱས་ན། །རྣམ་པར་སྨིན་པ་དམ་པ་མཚུངས་མེད་རང་བཞིན་འགྱུར། །བྱང་ཆུབ་ཏུ་ནི་སེམས་བསྔོས་ཏེ། །མེ་ཏོག་ཕྲེང་བ་བྱས་ནས་སུ། །མཆོད་རྟེན་དག་ལ་སུས་འབུལ་བ། །དེ་ནི་ནམ་ཡང་ཕོངས་མི་འགྱུར། །མི་ཡི་ནང་ནས་ཤི་འཕོས་ནས། །སུམ་ཅུ་རྩ་གསུམ་འགྲོ་བར་འགྱུར། །དེར་ནི་རིན་ཆེན་སྣ་ཚོགས་ཀྱི། །གཞལ་མེད་ཁང་པ་འཐོབ་པར་འགྱུར། །མཆོད་རྟེན་ཕྲེང་བ་འདིར་ཕུལ་ན། །ཁང་བཟང་དག་དང་ཁང་བརྩེགས་པ། །ལྷ་ཡི་བུ་མོས་བསྟེན་པ་རྣམས། །སུམ་ཅུ་རྩ་གསུམསྤྱོད་པར་འགྱུར། །ཡན་ལག་བརྒྱད་ལྡན་ཆུས་གང་ཞིང་། །གསེར་གྱི་བྱེ་མ་བརྡལ་གྱུར་པ། །བཻཌཱུཪྱ་དང་ཤེལ་དག་གི། །ལྷ་ཡི་རྫིང་བུ་འཐོབ་པར་འགྱུར། །དེ་ནི་ལྷ་ཡི་དགའ་སྤྱད་ནས། །མཁས་པ་ཚེ་ཚད་རྫོགས་པར་འགྱུར། །ལྷ་ཡི་འཇིག་རྟེན་ཤི་འཕོས་ནས། །མི་ནང་ལོངསསྤྱོད་ལྡན་པར་འགྱུར། །དགེ་བའི་རྩ་བ་དེ་ཉིད་ཀྱིས། །མཁས་པ་བག་ཡོད་གྱུར་ནས་ནི། །དེ་བཞིན་གཤེགས་པ་མཉེས་བྱས་ཏེ། །རྐང་གཉིས་མཆོག་ལ་མཆོད་པ་བྱེད། །མཆོད་རྟེན་ཕྲེང་བ་འབུལ་བྱེད་པ། །དེ་ནི་འདོད་ཆགས་མི་འཕྲོག་ཞིང་། །ཞེ་སྡང་གིས་ཀྱང་འཕྲོག་མི་འགྱུར། །དེ་ནི་ནམ་ཡང་རྨོངས་མི་འགྱུར། །རྐང་གཉིས་མཆོག་ལ་མཆོད་བྱས་ན། །དེ་ནི་ཚེ་རབས་ཐམས་ཅད་དུ། །ཆགས་པ་མེད་ཅིང་ཞེ་སྡང་མེད། །བརྐམ་པ་མེད་ཅིང་དབང་པོ་བསྡམས། །མཆོད་རྟེན་ཕྲེང་བ་འབུལ་བྱེད་པ། །ཚེ་རབས་བྱེ་བ་སྟོང་རྣམས་དང་། །ཁྲག་ཁྲིག་དག་ནི་བརྒྱ་བགྲངས་པ། །ཀུན་ཏུ་བཀུར་སྟི་བྱས་པར་འགྱུར། །དེ་ནི་འཁོར་ལོས་སྒྱུར་བར་འགྱུར། །བརྒྱ་བྱིན་ལྷ་ཡི་དབང་ཕྱུག་འགྱུར། །ཚངས་པའི་འཇིག་རྟེན་ཚངས་པར་འགྱུར། །ཞེས་དང་། གང་ཞིག་དགའ་བའི་སེམས་ཀྱིས་མེ་ཏོག་བླང་། །དད་སྐྱེས་འཇིག་རྟེན་མགོན་ལ་ཆར་དུ་གཏོར། །དེ་ནི་མི་ཡི་འཇིག་རྟེན་བསོད་ནམས་ལྡན། །རྒྱལ་སྲིད་གནས་ནས་རྒྱལ་བ་མཆོག་བཀུར་འགྱུར། །མྱ་ངན་བསྐམས་ཤིང་ཐ་བ་དྲིར་ལྡན་ལུས། །ཡན་ལག་ལེགས་གནས་མཚུངས་མེད་འཐོབ་པར་འགྱུར། །སྐྱེ་བོ་མང་པོས་བལྟ་བའི་འོས་ཡིན་ཏེ། །དམྱལ་བ་དགྲ་རྩ་འདོད་པ་སྤོང་བར་འགྱུར། །སྤྱད་པ་རྣམ་པར་སྤྱོད་ཚེ་འདོད་པ་ལ། །ངན་སྐྱུགས་ཁུང་ལྟར་སྨད་པར་ཤེས་པར་འགྱུར། །ཚངས་སྤྱོད་དགེ་བ་ཁྱད་པར་འཕགས་ལ་སྤྱོད། །དགའ་བའི་སེམས་ཀྱིས་རྟག་ཏུ་སྤྱོད་པར་འགྱུར། །བསྐལ་པ་མཐའ་ཡིས་མང་དུ་དེ་ཁ་ནས། །རབ་མཛེས་ཨུཏྤལ་བསུང་ནི་འབྱུང་བར་འགྱུར། །དེ་ཡི་ལུས་ནི་གསེར་གྱི་མདོག་འདྲ་ཞིང་། །ཙནྡན་ལྟ་བུའི་དྲི་ཞིམ་ངད་ཀྱང་འབྱུང་། །སྤྱོད་པ་རྣམ་པར་སྤྱོད་ཚེ་ཁྲོ་བ་དང་། །ཐ་བ་དྲི་སྐྱོན་གཏི་མུག་གནོད་མི་བྱེད། །དམན་པ་མེད་པའི་སེམས་ཀྱིས་དབུགས་ཕྱིན་རྙེད། །བག་ཡོད་ལྷ་ཡི་ནང་ནས་རྒྱལ་པོ་འཐོབ། །གང་ཚེ་རྒྱལ་བ་མྱ་ངན་འདས་པ་ན། །དེ་ནི་གུས་པས་དེ་དག་ཆོས་ཀྱང་འཛིན། །མི་དམན་དགའ་བའི་སེམས་ཀྱིས་སྦྱིན་པ་སྦྱིན། །བཅོམ་ལྡན་མྱ་ངན་འདས་པའི་རིང་བསྲེལ་མཆོད། །རྒྱལ་བ་མཆོག་གི་བསྟན་པ་འཇིག་དུས་ཚེ། །རབ་ཏུ་དཀའ་བསསྟོན་པའི་ཆོས་ཚུལ་འཛིན། །དེས་ནི་ཆོས་མཆོག་མཛད་པ་དེ་སྤྱད་པས། །གནོང་པས་འཆི་བའི་དུས་བྱེད་གཞར་མི་འབྱུང་། །གལ་ཏེ་སེམས་ཅན་ཐམས་ཅད་སངས་རྒྱས་ཤིང་། །ཉོན་མོངས་མེད་པ་གསེར་མདོག་སྟོབས་བཅུར་ལྡན། །དེ་དག་བསྐལ་བྱེ་ཁྲག་ཁྲིག་བརྒྱ་སྟོངདུ། །རྒྱལ་བ་མཆོག་ལ་མཆོད་པའི་བསྔགས་བརྗོད་ནུས། །འཇིག་རྟེན་ཀུན་ཏུ་སྡིག་པའི་ལས་སྤངས་ཏེ། །དགའ་བའི་སེམས་ཀྱིས་མཆོག་གི་ལས་བྱས་ཤིང་། །རླབས་ཆེན་སྤྱོད་ཚེ་དོན་ནི་ལེགས་བྱས་ནས། །འཇིག་རྟེན་མཐུ་ཆེན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་དང་། གསལ་རྒྱལ་ལས། སུ་དག་དཀོན་མཆོག་གསུམ་ལ་མེ་ཏོག་དང་། །འབྲས་བུ་གསར་ཐོག་བྱུང་བ་འབུལ་བྱེད་པ། །དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན། །རོ་མཆོག་ཀུན་ཐོབ་མི་བརྫི་སྟོབས་དང་ལྡན། །ཕྲེང་བ་མེ་ཏོག་རྒྱ་ཆེན་ཆར་རྣམས་ཀྱིས། །སུ་དག་འདིར་ནི་རྒྱལ་བའི་གཟུགས་ལ་མཆོད། །དེ་དག་ལྷ་དང་མི་ཡི་འཇིག་རྟེན་དུ། །ཆ་བྱད་ཡིད་འོང་སྣ་ཚོགས་ལེགས་པར་བརྒྱན། །ཞེས་སོ། །བདུག་སྤོས་ཕུལ་བའི་ཕན་ཡོན་ཡང་། མདོ་སྔ་མ་ལས། གང་ཞིག་སྤོས་ཆུང་ཡུངས་འབྲུ་ཙམ་བླངས་ཏེ། །བཅོམ་ལྡན་མཆོད་རྟེན་རྣམས་ལ་བདུག་བྱེད་པ། །དེ་ནི་བསོད་ནམས་ལྡན་ཞིང་ཕྱོགས་ཀུན་རྒྱལ། །ནད་མེད་གྱུར་ཅིང་བློ་བརྟན་བག་ཡོད་ལ། །སྤྱད་པ་རྣམ་པར་སྦྱང་ཚེ་མྱ་ངན་འདུལ། །སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་། །རྒྱལ་པོ་ཐོབ་ནས་རྒྱལ་བ་མཆོག་བཀུར་འགྱུར། །མཐུ་ཆེན་རབ་མཁས་འཁོར་ལོས་སྒྱུར་འགྱུར་ཏེ། །གསེར་གྱི་མདོག་ལྡན་མཚན་གྱི་གོ་ཆ་ཅན། །འཇིག་རྟེན་ཀུན་ན་ཡིད་འོང་དྲི་ལྡན་འཐོང་། །དེ་ལ་ཡིད་མི་བདེ་དང་སྡུག་བསྔལ་མེད། །སྤྱད་པ་སྤྱོད་ཚེ་ལོངས་སྤྱོད་ཉམས་མི་འགྱུར། །ཕྱུག་ཅིང་ནོར་ལྡན་མཛོད་ནི་རབ་ཏུ་མང་། །མྱ་ངན་མེད་འགྱུར་འཇིག་རྟེན་ཀུན་ཏུ་རྒྱུ། །སྐྱེ་བོ་མང་པོ་ལྷགས་ཏེ་དེ་ལ་འདྲི། །རྒྱལ་བ་མཆོག་གི་བསྟན་པ་ཁྱད་འཕགས་ཆོས། །ཚིག་རབ་བརྗོད་ཅིང་ཐེ་ཚོམ་སེལ་བར་བྱེད། །ཆོས་ཐོས་ཡིད་བདེ་སླར་ཡང་སྨྲ་བར་བྱེད། །སྡིག་པའི་ལས་མེད་བློ་རྒྱ་ཆེ་དང་ལྡན། །རྒྱལ་བས་གསུངས་པའི་ཆོས་མཆོག་ཁྱད་འཕགས་པ། །དགའ་བར་འགྱུར་ལ་རྟག་ཏུ་མཁས་བྱས་ཏེ། །མིག་ཀྱང་སྦྱོང་ཞིང་མུན་པ་སེལ་བར་བྱེད། །འདོད་ཆགས་མི་ཆེ་ཞེ་སྡང་ཆེ་བ་མིན། །དེ་ནི་ཚངས་སྤྱོད་དག་པ་མཆོག་འདི་སྤྱོད། །མི་ཡི་དོན་ནི་དཔག་ཏུ་མེད་པར་བྱེད། །བཅོམ་ལྡན་མཆོད་རྟེན་རྣམས་ལ་སྤོས་བདུགས་ན། །དེ་ལ་གནོད་པར་སེམས་པ་སུ་ཡང་མེད། །དེ་ནི་ནམ་ཡང་ལོངས་སྤྱོད་ཉམས་མི་འགྱུར། །ལྟ་བར་འོས་ཤིང་ནོར་ཆེན་ལྡན་པར་འགྱུར། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་རྣམས་སུ། །སེམས་ནི་རྣམ་དག་སྡིག་པ་རྣམ་དག་ཅིང་། ཞི་ཞིང་རབ་ཞི་ཞི་དུལ་ལྡན་གྱུར་ན། །མི་དམན་སེམས་ཀྱིས་བྱང་ཆུབ་མཚུངས་མེད་འཐོབ། །སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་མཐའ་ཡས། །མྱ་ངན་མེད་བདེ་ཞི་བ་མཆོག་བཀོད་ཅིང་། །འཁོར་ལོ་མཚུངས་མེད་འཇིག་རྟེན་ཀུན་བསྐོར་ན། །ཕྱི་ནས་ཉོན་མོངས་རྡུལ་མེད་མྱ་ངན་འདས། །ཞེས་དང་། མདོ་ཕྱི་མ་ལས། སངས་རྒྱས་མཆོད་རྟེན་དག་ལ་དྲི་ཞིམ་ཕུལ། །བདུག་སྤོས་རྒྱ་ཆེན་མང་པོ་ལྡན་སྦྱར་ནང་། །ཨ་ག་རུ་ཡི་བདུག་སྤོས་ཕུལ་བ་ཡིས། །དེ་ཡི་ལུས་ཀུན་སྤོས་ངད་ལྡན་པར་འགྱུར། །ཞེས་སོ། །མར་མེ་ཕུལ་བའི་ཕན་ཡོན་ཡང་། འཕགས་པ་མར་མེ་འབུལ་བའི་མདོ་ལས། དེ་བཞིན་གཤེགས་པའི་རྟེན་ལ་དད་པའི་སེམས་ཀྱིས་མར་མེ་ཆུང་ངུ་ངན་ངོན་ཙམ་མམ། ཐེམ་སྐས་ཀྱི་གཞི་གཅིག་སྣང་བ་ཙམ་མམ། ཡུད་ཙམ་གློག་གི་རྒྱུན་ཙམ་སྣང་བར་བྱས་པའི་བསོད་ནམས་ཀྱི་འབྲས་བུའང་བསམ་གྱིས་མི་ཁྱབ་པས་སངས་རྒྱས་ཉག་གཅིག་མ་གཏོགས་ཉན་ཐོས་དང་རང་སངས་རྒྱས་སོགས་ཀྱིས་ཤེས་པར་མི་ནུས་པ་དང་། མར་མེ་ཕུལ་བས་འཆི་བའི་དུས་ཀྱི་ཚེ་ཁྱད་པར་ཅན་གྱི་སྣང་བ་གསུམ་དང་བཞི་རྣམས་འཐོབ་པར་དང་། སུམ་ཅུ་རྩ་གསུམ་དུ་སྐྱེས་ནས་ལྷའི་བུ་ཡོངས་སུ་དག་པ་ལྔ་དང་ལྡན་པར་འགྱུར་བ་དང་། ནམ་ཡང་ལོག་པར་མི་ལྟུང་ཞིང་མིག་རྣམ་པར་དག་པ་སོགས་ཡོན་ཏན་ཁྱད་པར་ཅན་དུ་མ་འཐོབ་ཅིང་། སངས་རྒྱས་མཐོང་ལ་ཆོས་ཀྱི་སྣང་བ་འཐོབ་པ་དང་། འདུན་པ་བཞི། ཡོངས་སུ་དག་པ་བཞི། ཆོས་ཀྱི་མཆོག་བརྒྱད་ཕྲག་གཉིས། སོ་སོ་ཡང་དག་རིག་པ་བཞི་ལ་སོགས་པ་འཐོབ་ཅིང་། འཇིགས་པ་དང་མྱ་ངན་ཐམས་ཅད་དང་བྲལ་བ་དང་། དེའང་རང་སངས་རྒྱས་ལ་བསྐལ་པའི་བར་ཕུལ་བ་ལས་སངས་རྒྱས་ལ་རྩྭའི་སྒྲོོན་མེ་ཙམ་འབུལ་བ་འབྲསབུ་ཆེ་བ་སོགས་གསུངས་ཤིང་། སྤྱན་གཟིགས་མདོར་ཡང་། སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་ན། །འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར། །སངས་རྒྱས་ཞིང་ནི་འཛམ་ཀླུང་གསེར་གྱིས་གང་། །དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས། །བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བྱས་ན། །དེ་ཡི་ལུས་ནི་མདོག་ངན་ཡང་མི་འགྱུར། །གཟུགས་མཆོག་སྲ་ཞིང་ལག་པ་གཟུ་བ་འདྲ། །སྣང་བ་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །གལ་ཏེ་རྒྱལ་བ་དམ་པ་བྱོན་གྱུར་ན། །དེ་བཞིན་གཤེགས་པ་རྣམས་དང་ཉེ་བར་འགྱུར། །ཉེ་དུར་འགྱུར་རམ་ཡང་ན་བུར་ཡང་འགྱུར། །དེ་ནི་ཡེ་ཤེས་ཕུང་པོ་མྱུར་དུ་འཐོབ། །གལ་ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང་། །ཡུངས་འབྲུ་དག་གིས་ཕྱུར་བུར་གང་གྱུར་པ། །བགྲང་བ་དང་ནི་གཞལ་ཞིང་བརྗོད་པར་ནུས། །བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟ་མིན། །སངས་རྒྱས་དམ་པ་མཚུངས་མེད་སྦྱིན་པའི་གནས། །སྤྱོད་པ་མཆོག་སྤྱད་ཁྱད་པར་བརྙེས་གྱུར་པ། །མི་མཆོག་དེ་ལ་མཆོད་པ་འདིར་བྱས་པ། །རྣམ་པར་སྨིན་པ་དམ་པ་གཞལ་ཡས་འགྱུར། །གལ་ཏེ་མི་འཇེད་འཇིག་རྟེན་ཁམས་འདི་ཀུན། །ནོར་བུ་རིན་ཆེན་བཻ་ཌཱུཪྱས་གང་བ། །ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ། །མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར། །ཀཱར་ཥ་པ་ཎས་མི་འཇེད་འཇིག་རྟེན་ཁམས། །འོག་ནས་སྲིད་པའི་རྩེ་མོའི་བར་གང་བ། །ཟད་པར༴མར་མེ༴སངས་རྒྱས་ཞིང་སྟོང་དེ་དག་ཙནྡན་གྱིས། །འོག་ནས་སྲིད་པའི་རྩེ་མོའི་དཔལ་གང་བ། །ཟད་པར༴མར་མེ༴ཚངས་པའི་འཇིག་རྟེན་ཡོད་པའི་ལྷ་རས་ཀྱི། །གོས་ཀྱིས་སངས་རྒྱས་ཞིང་སྟོང་གང་གྱུར་པ། །ཟད་པར༴མར་མེ༴ཀླུ་དང་ལྷ་མིན་མི་དང་ལྟོ་འཕྱེ་ཆེ། །ལྷ་ཡི་ལྷ་རྫས་ནོར་བུ་རིན་ཆེན་མང་། །ཟད་པར༴མར་མེ༴ལྷ་ཡི་འཇིག་རྟེན་ཡོད་པའི་ལྷ་ཡི་སྤོས། །དེ་དག་མི་མཇེད་འདི་ཀུན་གང་གྱུར་པ། །ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ། །མར་མེ་གཅིགཕུལ་དཔལ་དེ་ཟད་མི་འགྱུར། །ཕྱོགས་དང་ཕྱོགས་མཚམས་ཚད་ནི་ཤེས་པར་ནུས། །ནམ་མཁའི་ཁམས་འདིའི་ཚད་ཀྱང་ཤེས་པར་ནུས། །སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་བའི། །དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས། །ཞེས་དང་། གསལ་རྒྱལ་ལས། དཔེ་མེད་མཆོད་རྟེན་མར་མེ་ཕུལ་བ་ཡིས། །ཨུཏྤལ་སྔོན་པོ་ཁ་བྱེ་འདབ་འདྲའི་མིག །གསལ་ཞིང་སྡུག་ལ་མིག་གི་དཀྱུས་རིང་མཛེས། །དྲི་མ་མེད་པ་ལྷ་ཡི་མིག་དང་ལྡན། །སུ་དག་མཆོད་རྟེན་མར་མེ་དངར་བ་ཕུལ། །དེ་དག་མིག་ཏུ་སྡུག་ཅིང་མཛོད་རབ་རྒྱས། །མིག་གི་དཀྱུས་རིང་མཐོན་ཀའི་མདོག་དང་ལྡན། །སྐྱེས་པ་བུད་མེད་དག་གིས་བལྟ་བར་འོས། །མཚན་མོ་ཐུབ་ཆེན་སྤྱན་སྔར་ཐལ་སྦྱར་འཁོད། །འབྱོར་དང་ལྡན་པས་མར་མེའི་སྡོང་བུ་འབུལ། །དེ་དག་སྲིད་པ་གཞན་དུ་འབྲས་བུར་ལྡན། །རིན་ཆེན་རགས་པའི་འོད་ཀྱི་ལུས་ཀྱང་འཐོབ། །རྒྱལ་ལ་ཕུལ་བའི་མར་མེ་འཆི་བ་ན། །དགའ་བའི་སེམས་ཀྱིས་འདིར་ནི་དགའ་བཞིན་དུ། །སྙིང་པོ་སྐུལ་བར་བྱེད་པ་དེ་དག་ནི། །སྤྱན་ལྔ་དག་ཀྱང་ངེས་པར་འཐོབ་པར་འགྱུར། །ཞེས་སོ། །དྲིའི་བྱུག་པ་དང་ཁྲུས་སོགས་ཕུལ་བའི་ཕན་ཡོན་ཡང་། སྔ་མ་ལས། དྲི་ཞིམ་ཡིད་འོངསྤོས་ཀྱི་ཆོ་ག་བཞིན། །སངས་རྒྱས་མཆོད་རྟེན་ལ་ནི་སུས་སྐུད་པ། །དེ་ནི་ཐོབ་རྙེད་འཇིག་རྟེན་ཀུན་ཏུ་རྒྱུ། །དེ་ནི་ས་འདིར་སྙིང་པོ་བླང་བར་འགྱུར། །རྒྱལ་བའི་མཆོད་རྟེན་སྤོས་བྱུགས་ཕུལ་བྱས་ན། །བཅོམ་ལྡན་འདས་ཀྱི་བསྟན་པ་འཇིག་འགྱུར་ཚེ། །འཛམ་བུ་གླིང་དུ་སྐྱེ་བར་མི་འགྱུར་ཞིང་། །དེ་ནི་དེ་ཚེ་མཐོ་རིས་བདག་པོར་འགྱུར། །དྲི་མི་ཞིམ་དང་མི་གཙང་སྨད་པ་རྣམས། །རྟག་ཏུ་སྤོང་ཞིང་ཚུལ་ཁྲིམས་ཕུང་པོར་གནས། །དེ་ནི་རྟག་ཏུ་ཚངས་སྤྱོད་མཆོག་འདིར་སྤྱོད། །འདི་ནས་ཤི་འཕོས་མཐོ་རིས་ལྷ་དབང་འགྱུར། །རིང་པོར་མི་ཐོགས་དོན་སྟོང་རྣམས་ལ་རྟོག །ལྷ་རྣམས་ལ་ནི་རྒྱ་ཆེན་དོན་ཡང་བྱེད། །གང་གི་ཚེ་ན་མི་ཡི་འཇིག་རྟེན་ན། །ཞེ་སྡང་མེད་སེམས་འཇམ་ཞིང་མཉེན་གྱུར་པ། །དེ་ཚེ་དེ་ན་འཛམ་བུའི་གླིང་དུ་གནས། །ཁྱད་འཕགས་ཚིག་ལྡན་སྒྲ་དབྱངས་ཡིད་འོང་འགྱུར། །སྐྱེ་བོ་མང་པོ་ཡིད་འོང་དགའ་ཞིང་བཀུར། །དེ་ཡི་ཁ་བཞིན་རྟག་ཏུ་གསལ་བར་འགྱུར། །དེ་ནི་ངན་སོང་ས་རྣམས་མ་ལུས་སྤོང་། །དེ་བཞིན་གཤེགས་དང་ཉེ་བ་འཐོབ་པར་འགྱུར། །དད་པ་ཐོབ་ཅིང་རྟག་ཏུ་བདེ་ལ་དགའ། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །རྒྱལ་པོ་སྟོབས་ལྡན་འཁོར་ལོས་སྒྱུར་བར་འགྱུར། །བློན་པོ་ཚོང་དཔོན་ཁྱིམ་བདག་བསོད་ནམས་ལྡན། །ཆོས་རྗེ་འོད་མཛད་སངས་རྒྱས་སུ་ཡང་འགྱུར། །ཞེས་དང་། །ཕྱི་མ་ལས། སུ་དག་སྤོས་མཆོག་སྦྱར་བའི་འབྲུ་མར་གྱིས། །བདེ་བར་གཤེགས་པའི་མཆོད་རྟེན་ཉུག་བྱེད་པ། །དེ་དག་སྤོས་ཀྱིས་མཆོད་ཅིང་ཙནྡན་གྱིས། །ལུས་བྱུགས་ཉི་མའི་འོད་དང་འདྲ་བར་འགྱུར། །མི་རྣམས་གང་དག་ཐུབ་དབང་མཆོད་རྟེན་ལ། །སྤོས་ཆུ་གཙང་ཞིང་དྭངས་པས་ཁྲུས་གསོལ་ན། །དེ་དག་ལུས་ལ་དྲི་མ་མེད་པ་དང་། གདུང་བ་མེད་ཅིང་མདོག་འཇམ་མྱ་ངན་མེད། །ཅེས་སོ། །ཞལ་ཟས་བཟའ་བཏུང་སོགས་ཕུལ་པའི་ཕན་ཡོན་ཡང་། དེ་ཉིད་ལས། སུ་དག་རབ་ཏུ་བྱུང་དང་འཚམ་པ་ཡི། །ཁ་ཟས་བཟང་པོ་དགེ་འདུན་སྦྱིན་བྱེད་པ། །དེ་དག་འཁོར་བའི་དགོན་པར་གནས་པ་ན། །ཁ་ཟས་ཁ་དོག་རོ་ལ་སོགས་ལྡན་འཐོབ། །སུ་དག་རབ་ཏུ་བྱུང་དང་འཚམ་པ་ཡི། །བཏུང་བ་རྒྱ་ཆེན་དགེ་འདུན་སྦྱིན་བྱེད་པ། །དེ་དག་འཁོར་བའི་དགོན་པར་གནས་པ་ན། །བཏུང་བ་ཁ་དོག་རོ་ལ་སོགས་པ་འཐོབ། །ཅེས་དང་། དྲན་པ་ཉེར་བཞག་ལས། གང་ཞིག་འདི་ལ་ཟསསྦྱིན་པ། །ཚེ་དང་མདོག་དང་སྟོབས་ལྡན་ཞིང་། །དཔལ་དང་ལྡན་ཞིང་ནད་སྤངས་དང་། །རྟག་པར་བདེ་དང་ལྡན་པར་འགྱུར། །ཞེས་དང་། ལས་རྣམ་འབྱེད་ལས། ཟས་སྦྱིན་པའི་ཕན་ཡོན་བཅུ་སྟེ། ཚེ་རིང་བ་དང་། མདངས་བཟང་བ་དང་། སྟོབས་དང་ལྡན་པ་དང་དྲན་པར་དང་ལྡན་ཞིང་སྤོབས་པ་དང་ལྡན་པ། བག་ཚ་བ་མེད་པ་འཁོར་གྱི་ནང་དུ་འགྲོ་བ་དང་། འཁོར་མཐུན་པ་དང་། ལྷ་རྣམས་དང་མི་རྣམས་དགའ་བ་དང་། ལོངས་སྤྱོོད་ཆེ་བ་དང་། མཐོ་རིས་སུ་སྐྱེ་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་དང་བཅུར་གསུངས་པ་དང་། ཡང་དེ་ཉིད་ལས། བཏུང་བ་སྦྱིིན་པར་བྱས་ན། དབང་པོ་ཚང་བ་དང་། དཔྲལ་པ་དག་ཅིང་འཛུམ་བཞིན་དུ་འགྱུར་བ་དང་། ཡོན་ཏན་དང་ལྡན་པ་དང་། སེམས་རྒྱུད་མཉེན་པ་དང་། སྐོམ་པར་མི་འགྱུར་བ་དང་། སྐོམ་ན་ཆུ་འབྱུང་བར་འགྱུར་བ་དང་། ཡི་དྭགས་སུ་མི་སྐྱེ་བ་དང་། ལོངས་སྤྱོད་ཆེ་བ་དང་། མཐོ་རིས་སུ་སྐྱེ་བ་དང་། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་བ་སྟེ་བཅུར་གསུངས་པས་མཚོན་ནོ། །རོལ་མོའི་བྱེ་བྲག་དང་བསྟོད་དབྱངས་སོགས་ཀྱིས་མཆོད་པའི་ཕན་ཡོན་ཡང་། སྤྱན་གཟིགས་མདོར། རོལ་མོའི་སྒྲ་ཡིས་མི་མཆོག་མཆོད་བྱས་ན། །མྱ་ངན་མེད་ཅིང་དབང་ལྡན་རྒྱལ་པོར་འོང་། །མི་ཡི་འཇིག་རྟེན་ཡིད་འོང་སྒྲ་ལྡན་འགྱུར། །དེ་སྒྲ་ཡན་ལག་ཚང་ཞིང་དག་པར་འོང་། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། །ཤེས་བཞིན་ལྡན་ཞིང་མིག་ནི་རྣམ་དག་འགྱུར། །རྣ་བ་རྣམ་པར་དག་ཅིང་སེམས་ཀྱང་དགའ། །སྣ་ཡི་དབང་པོ་མཆོག་དང་ལྡན་པར་འགྱུར། །དེ་ཡི་ལྕེ་ནི་རབ་མཛེས་ལྟ་ན་སྡུག །ཐོག་མར་རབ་མཉེན་མཛེས་ཤིང་སྒྲ་ཡིད་འོང་། །དཔེར་ན་ལྷ་ཡི་རིན་ཆེན་བྱེའུ་འདྲ། །སྒྲ་སྐད་ཡན་ལག་བྱེ་བ་དཔག་མེད་འབྱིན། །ནམ་ཡང་སྦྲུལ་དུ་མི་འགྱུར་ལྕེ་མེད་མིན། །ཞར་བ་སྒུར་པོ་ཡ་ཡོ་ཅན་མི་འགྱུར། །ལུས་ནི་ཁྱད་པར་འཕགས་ཤིང་ཤིན་ཏུ་མཛེས། །ལྷའམ་ཀླུའམ་མིའམ་ལྟོ་འཕྱེ་ཆེ། །སུ་ཡང་དེ་ལ་མ་དད་སྐྱེད་མི་འགྱུར། །དབུགས་འབྱིན་ཐོབ་ནས་འཇིག་རྟེནཀུན་ཏུ་རྒྱུ། །དེ་ནི་མ་ནིང་ཟ་མར་གཞར་མི་འགྱུར། །ནམ་ཡང་མཛེ་དང་ཤ་བཀྲ་མི་འབྱུང་ཞིང་། །བསྔགས་པར་འོས་པའི་ལུས་ནི་འཐོབ་པར་འགྱུར། །ལྕེ་རིང་འགྱུར་ཞིང་ལུས་ཀྱང་ཆེ་བར་འགྱུར། །གསེར་གྱི་གཟུགས་ལྟར་ཁ་དོག་འབར་བར་འོང་། །ཏིང་འཛིན་བརྟན་ཞིང་ཤིན་ཏུ་རྟོགས་པར་འགྱུར། །ལྷ་ནང་བདག་པོར་འགྱུར་ཞིང་དབང་ཕྱུག་འགྱུར། །མི་ཡི་འཇིག་རྟེན་སྐྱེས་ན་དགའ་བར་འོང་། །བརྩོན་འགྲུས་ལྡན་ཞིང་བག་ཡོད་འབར་བར་འགྱུར། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། །དེ་ལ་སུ་ཡང་ཡིད་མི་བདེ་མི་སྐྱེད། །དེ་ལསསུ་ཡང་ཚིག་རྩུབ་སྨྲ་བ་མེད། །ཕྲ་མ་ཐམས་ཅད་སྤངས་ཤིང་ཡང་དག་སྨྲ། །ཞེས་དང་། གསལ་རྒྱལ་ལས། རྒྱལ་བའི་མཆོད་རྟེན་རོལ་མོའི་སྒྲ་ཕུལ་བས། །ཟབ་ཅིང་རིགས་པའི་སྤོབས་པ་ཕུན་སུམ་ཚོགས། །ཡན་ལག་ལྔ་རྫོགས་ཡིད་འོང་ཚིག་དང་ལྡན། །སྒྲ་སྐད་དག་གིས་འཇིག་རྟེན་འགེང་བར་བྱེད། །སུ་དག་རྒྱལ་བའི་གདུང་ལྡན་བསྟོད་བྱེད་པ། །དེ་དག་གླིང་བུའི་སྒྲ་དང་སྒྲ་སྙན་དང་། །སྒྲ་སྙན་ཡིད་དུ་འོང་བ་ཐོབ་པ་དང་། །སོ་སོ་ཡང་དག་རིགས་པའང་འཐོབ་པར་འགྱུར། །ཞེས་དང་། ཚིགས་སུ་བཅད་པ་བཞི་པ་ལས། གང་གིས་ཚིགས་བཅད་འདི་བཞི་ཡིས། །དེ་བཞིན་གཤེགས་པ་བསྟོད་བྱེད་ན། །བསྐལ་པ་བྱེ་བ་སྟོང་དུ་ནི། །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །ཞེས་སོ། །རྒྱལ་བའི་རྟེན་གསུམ་སོགས་ལ་ན་བཟའི་རིགས་ཕུལ་བའི་ཕན་ཡོན་ཡང་། སྤྱན་གཟིགས་མདོར། གང་ཞིག་དགའ་བའི་སེམས་ཀྱིས་གོས་ཀྱིས་ནི། །བཅོམ་ལྡན་མཆོད་རྟེན་རྣམས་ལ་མཆོད་བྱས་པ། །དེ་ནི་གོས་མཛེས་བྱེ་བ་སྟོང་རྣམས་དང་། །ཁྲག་ཁྲིག་བརྒྱ་བགྲངས་མཐའ་ཡས་རྟག་ཏུ་རྙེད། །བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ན། །དེ་ནི་བཙས་མ་ཐག་ཏུ་གོས་མཆོག་འཐོབ། །ལྷ་ཡི་ཁྱད་འཕགས་དར་གོས་རབ་བཟང་རྙེད། །བཙས་མ་ཐག་ཏུ་དེ་ལུས་ཤིན་ཏུ་བདེ། །གང་ཞིག་གོས་ཀྱིས་བཅོམ་ལྡན་མཆོད་རྟེན་དང་། །འདྲེན་པ་མཚུངས་མེད་རྣམས་ལ་མཆོད་བྱེད་པ། །དེ་འདིར་མཚུངས་པ་མེད་པའི་ལུས་ཐོབ་སྟེ། །སུམ་ཅུ་རྩ་གཉིས་མཚན་གྱི་མེ་ཏོག་རྒྱས། །ལག་མཐིལ་ནས་ནི་མུ་ཏིག་ཕྲེང་མཛེས་པ། །སྣ་ཚོགས་དག་དང་སེང་གེའི་ཕྲེང་བ་དང་། །གསེར་སྤུང་རབ་མཛེས་བསྐལ་པ་མཐའ་ཡས་འགྱུར། །ལྷའམ་ཀླུའམ་མིའམ་ལྟོ་འཕྱེ་ཆེ། །སུ་ཡང་དེ་ལ་མ་དད་སྐྱེད་མི་འགྱུར། །རྟག་ཏུ་ཚངས་པར་སྤྱོད་པ་མཆོག་འདི་སྤྱོད། །སྟོང་གི་འཇིག་རྟེན་ཁམས་ཀུན་ཟིལ་གནོན་ཏེ། །འཛམ་ཀླུང་གསེར་གྱིས་གསེར་ནི་ཟིལ་མནན་བཞིན། །སྐྱེ་དགུ་དེ་ནི་དཔག་ཏུ་མེད་པ་བྱེད། །གལ་ཏེ་རིན་ཆེན་རབ་མཆོག་སྣ་བདུན་གྱིས། །སྟོང་གི་ཞིང་ཀུན་རབ་ཏུ་བཀང་བ་ཡི། །དེ་འདྲའི་དཔལ་འདི་ཟད་པར་བྱ་ནུས་ཀྱི། །རྒྱལ་བའི་མཆོད་རྟེན་གོས་གཅིག་ཕུལ་བའི་མིན། །ནོར་བུ་རིན་ཆེན་ཟླ་བའི་འོད་རྣམས་ཀྱིས། །བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་ཞིང་བཀང་བ། །དེ་འདྲའི་དཔའ་འདི་ཟད་པར་བྱ་ནུས་ཀྱི། །རྒྱལ་བའི་མཆོད་རྟེན་གོས་གཅིག་ཕུལ་བས་མིན། །ཞེས་དང་། གསལ་རྒྱལ་ལས། རྒྱལ་བའི་མཆོད་རྟེན་ལ་ནི་གོས་ཕུལ་བས། །བསོད་ནམས་བྱམས་པའི་ངོ་ཚའི་གོས་གྱོན་ཏེ། །དགའ་ཞིང་ཡོན་ཏན་ཀུན་ལྡན་སེར་སྣ་མེད། །མདོག་ཀྱང་འཇམ་ཞིང་ཁ་དོག་གསེར་འདྲར་འགྱུར། །ཞེས་སོ། །རིང་བསྲེལ་ཅན་གྱི་མཆོད་རྟེན་སོགས་ལ་རིན་པོ་ཆེའི་ཕྲ་རྒྱན་དྲྭ་ཕྱེད་དྲིལ་གཡེར་སོགས་ཕུལ་བའི་ཕན་ཡོན་ཡང་། སྔ་མ་ལས། དགའ་བའི་སེམས་ཀྱིས་མགུ་བའི་ཤུགས་བསྐྱེད་དེ། །བཅོམ་ལྡན་མཆོད་རྟེན་ནོར་བུའི་དྲྭ་བ་འབུལ། །དེ་ནི་རྒྱལ་པོ་མཚན་གྱི་གོ་ཆ་ཅན། །མཐུ་ཆེན་བླ་མ་འཁོར་ལོས་སྒྱུར་བར་འགྱུར། །ལྟ་འོས་མཚན་གྱི་གོ་ཆ་ལྡན་གྱུར་ནས། །གཞལ་མེད་ཁང་ཆེན་རབ་མཛེས་ལྟ་སྡུག་པ། །ཁ་དོག་སྣ་ཚོགས་དཔག་མེད་ལྡན་པ་དང་། །རིན་ཆེན་ཁང་བཟང་ཆེ་འོས་དག་པ་འཐོབ། །རྒྱལ་པོའི་ཕོ་བྲང་ཁྱད་པར་འཕགསགྱུར་པ། །སྐྱེས་པ་བུད་མེད་དག་གིས་གང་བ་དང་། །མཉམ་ཞིང་ལེགས་བྱས་རབ་མཛེས་ལྟ་སྡུག་པ། །དྲྭ་བ་སྣ་ཚོགས་བདེ་བྱེད་བདེ་འཇུག་འཐོབ། །རྒྱལ་མཚན་བ་དན་གསལ་བ་མཛེས་བྱས་ཤིང་། །གདུགས་བྲེས་ཤིན་ཏུ་མཛེས་ལ་ལྟ་སྡུག་དང་། །མུ་ཏིག་དྲྭ་བ་ཕྲེང་བ་དེ་འདྲ་བའི། །རྒྱལ་སྲིད་ཡོན་ཏན་ཁྱད་འཕགས་གཞན་ཡང་འཐོབ། །དེ་ཡི་ཡུལ་ན་གཞན་ནོར་འཇིག་བྱེད་པ། །ཆོམ་རྐུན་གཡོ་ལྡན་གཡོ་ཅན་གནས་མི་འགྱུར། །སེམས་ཅན་རྒྱ་ཆེན་བློ་གྲོས་ལྡན་པ་དང་། །ཕན་བྱེད་བྱམས་སེམས་ལྡན་པ་དེ་ན་གནས། །ཤི་འཕོས་བག་ཡོད་དེ་ནི་ལྷར་འགྲོ་སྟེ། །དཀར་གནག་གང་ཡིན་བདག་ཅག་ཇི་ལྟར་གནས། །འདི་ནས་ཤི་འཕོས་ཇི་ལྟར་མིར་སྐྱེ་ཞེས། །བློ་ལྡན་དེ་ནི་མཐོ་རིས་འདི་གནས་འགྱུར། །སངས་རྒྱས་སྦྱིན་གནསམྱུར་དུ་མཐོང་འགྱུར་ཏེ། །མཐོང་ནས་མཆོད་ཅིང་མཚུངས་མེད་བསྟི་སྟང་བྱེད། །སངས་རྒྱས་མཐོང་ནས་བྱང་ཆུབ་མོས་སྐྱེད་ཅིང་། །རྡུལ་བྲལ་རྣམས་ལ་ཕྱིར་ཞིང་བསྟི་སྟང་བྱེད། །ཡེ་ཤེས་མཐའ་ཡས་མཐུ་དང་རྒྱ་ཆེར་འགྱུར། །ཁྱད་པར་ས་གནས་འཕགས་པའི་སེམས་ཅན་འགྱུར། །ཞེས་དང་། ཕྱི་མ་ལས། སྐྱེ་བོ་སུ་དག་འཇིག་རྟེན་མགོན་པོ་ལ། །རིན་ཆེན་འབར་བ་ཡིད་དང་འཐད་པ་རྣམས། །འབུལ་བ་དེ་དག་རིན་ཆེན་བདུན་པོ་དང་། །བྱང་ཆུབ་ཡན་ལག་རིན་ཆེན་དྲི་མེད་འཐོབ། །རྒྱལ་བའི་མཆོད་རྟེན་དག་ལ་དྲིལ་ཕུལ་བས། །ཚིག་བཙན་གྲགས་པ་ཆེན་པོ་དག་དང་ལྡན། །ཚངས་པའི་སྒྲ་དབྱངས་ཡིད་འོང་སྐྱེ་བ་དྲན། །དེ་དག་གིས་ནི་རྒྱན་རྣམས་སྣ་ཚོགས་འཐོབ། །མཁས་པ་སུ་དག་བདེ་གཤེགས་མཆོད་རྟེན་ལ། །དད་པའི་སེམས་ཀྱིས་ཕྲེང་བ་འདོགས་བྱེད་པ། །གསེར་ཕྲེང་རིན་ཆེན་མང་པོས་ལེགས་སྤྲས་པ། །བསོད་ནམས་ལས་ལྡན་དེ་ཡི་མགོ་ལ་ཐོགས། །སྟོན་པའི་མཆོད་རྟེན་དག་ལ་རྒྱན་འཕྱང་འདོགས། །དེ་དག་དོ་ཤལ་རྒྱན་ཕྲེང་ནོར་བུ་དང་། །གདུ་བུ་དག་དང་དཔུང་རྒྱན་མཆོག་རྣམས་ཀྱིས། །ལུས་བརྒྱན་འཇིག་རྟེན་དག་ཏུ་རྒྱུ་བར་འགྱུར། །ཤིན་ཏུ་དྲི་མེད་ཟླ་བ་ཉ་འདྲ་བའི། །མེ་ལོང་སྡུག་གུ་ཐམས་ཅད་མཁྱེན་ལ་འབུལ། །དེ་དག་ཚེ་རབས་བརྒྱུད་པ་རྣམས་སུ་ཡང་། །ལྷ་མི་རྣམས་ཀྱིས་བལྟ་བར་འོས་པར་འགྱུར། །སུ་ཞིག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །མཆོད་པའི་ཁྱད་པར་ཅི་ཡོད་ཅི་འབྱོར་པ། །འཚམ་པར་འབུལ་བྱེད་དེ་དག་དྲི་མེད་ཅིང་། །མྱ་ངན་མེད་པའི་བླ་མེད་བྱང་ཆུབ་འཐོབ། །ཅེས་སོ། །བ་དན་དང་གདུགས་དང་བླ་རེ་སོགས་མཆོད་པའི་ཡོ་བྱད་རིགས་ཕུལ་བའི་ཕན་ཡོན་ཡང་། དེ་ཉིད་ལས། སུ་དག་ལ་ལ་མཆོད་རྟེན་སྐུ་གཟུགས་ལ། །དད་པའི་སེམས་ཀྱིས་བླ་རེ་འབུལ་བྱེད་ན། །དེ་དག་སསྟེང་རྒྱ་མཚོའི་མཐའ་ཀླས་པ། །མ་ལུས་གནོད་མེད་རྒྱལ་གཅིག་དབང་བྱེད་འགྱུར། །བདེ་གཤེགས་མཆོད་རྟེན་དག་ལ་དགའ་བཞིན་དུ། །རྣམ་མང་རྒྱ་ཆེན་གདུགས་ནི་བརྟགས་པ་ཡིས། །ལྷ་མིའི་འཇིག་རྟེན་དག་ན་གདུགས་འདྲ་བར། །ལྷ་དང་མི་ཡི་དབང་པོ་ལྟ་བུར་འགྱུར། །མི་རྣམས་སུ་དག་སྐུ་གདུང་སྙིང་པོ་ཅན། །དྲི་མེད་བསོད་ནམས་འབྱུང་གནས་གྱུར་པ་ལ། །བ་དན་མཛེས་པ་སྣ་ཚོགས་འདོགས་པ་དག །མཐུ་དང་ལྡན་ཞིང་སྲིད་གསུམ་མཆོག་གནས་འགྱུར། །བདེ་གཤེགས་མཆོད་རྟེན་ཅོད་པཎ་བཏགས་པ་ཡིས། །མི་དབང་དཔལ་དང་ལྷ་དབང་དཔལ་ཐོབ་ཅིང་། །བདེ་བའི་མཆོག་ཀྱང་ཉམས་སུ་མྱོང་གྱུར་ནས། །རྣམ་པར་གྲོལ་པའི་ཅོད་པཎ་ཁྱད་པར་འཐོབ། །ཞེས་དང་། སྤྱན་གཟིགས་མདོར། འཇིག་རྟེན་མགོན་པོ་སྐྱོབ་པ་ལ། །དར་གྱི་དབུལ་བ་ཕུལ་བྱས་ནས། །ལྷ་ཡི་དག་དང་མི་རྣམས་ཀྱི། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །དམའ་བའི་རིགས་ནི་རྣམ་སྤངས་ཏེ། །དེར་ནི་དེར་སྐྱེ་འབྱུང་མ་ཡིན། །ཕྱུག་ཅིང་ནོར་ཆེན་ལྡན་པ་དང་། །འཇིག་རྟེན་དབང་ཕྱུག་དེ་འགྱུར་རོ། །དེ་བཞིན་གཤེགས་ལ་མཆོད་བྱས་ན། །གཟུགས་དང་དོན་དང་ལོངས་སྤྱོད་དང་། །ཁ་དོག་དང་ནི་འབྱོར་པ་དང་། །ཀུན་ཏུ་གྲགས་དང་ལྡན་པར་འགྱུར། །དེ་ནི་ཚེ་རབས་དྲན་འགྱུར་ཞིང་། །འདོད་ཆགས་ཀྱིས་ཀྱང་འཕྲོག་མི་འགྱུར། །འདོད་པ་རྣམས་ཀྱི་སྐྱོོན་ཤེས་ཤིང་། །ཚངས་པརསྤྱད་པ་སྤྱོོད་པར་འགྱུར། །གཟུགས་རྣམས་དང་ནི་སྒྲ་དག་དང་། །རོ་རྣམས་ཀྱིས་ཀྱང་མི་ཚུགས་ཤིང་། །སྡིག་པའི་ལས་ནི་བྱེད་མི་འགྱུར། །དེ་ནི་སྤོས་དང་མེ་ཏོག་གིས། །ནམ་ཡང་ཕོངས་པར་མི་འགྱུར་ཞིང་། །དྲན་དང་ཤེས་རབ་ལྡན་པར་འགྱུར། །དེ་བཞིན་གཤེགས་ལ་སུས་མཆོད་པས། །དེ་ཡི་ནོར་གྱི་ཕུང་པོ་ལ། །རྒྱལ་པོ་དང་ནི་ཆོམ་རྐུན་དང་། །མེ་དང་ཆུས་ཀྱང་རེག་མི་འགྱུར། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །དར་གྱི་དབུལ་བ་སུས་འབུལ་བ། །དེ་ནི་སྐམ་དང་མྱ་ངན་དང་། །ནད་བུ་ཅན་དུ་གཞར་མི་འགྱུར། །ཚེ་རབས་དག་ནི་ཐམས་ཅད་དུ། །མྱ་ངན་མེད་ཅིང་གནོད་མེད་དང་། །འཁོར་ལོས་སྒྱུར་བ་འབྱོར་ཆེན་འགྱུར། །རྐང་པ་ལག་པ་མཉེན་འགྱུར་ཞིང་། །ཡན་ལག་རྣམ་པར་དག་འགྱུར་ལ། །གཟུགས་དང་ཁ་དོག་ལྡན་པར་འགྱུར། །སྡིག་པའི་ལས་ནི་རྣམ་སྤངས་ཏེ། །བྱང་ཆུབ་སྤྱད་པ་སྤྱོད་པར་བྱེད། །གང་དག་འཇིག་རྟེན་རབ་དཀོན་པ། །རྐང་གཉིས་མཆོག་རྣམས་མཐོང་བར་འགྱུར། །བསྐལ་པ་བྱེ་བསྟོང་རྣམས་དང་། །ཁྲག་ཁྲིག་དག་ནི་བརྒྱ་བགྲངས་པར། །མཆོད་ཅིང་བདེ་ལ་ཤེས་རབ་ལྡན། །བྱང་ཆུབ་དམ་པར་འཚང་ཡང་རྒྱ། །ཞེས་དང་། འཇིག་རྟེན་སངས་རྒྱས་འབྱུང་ཞེས་མོས་སྐྱེད་དེ། །བཅོམ་ལྡན་མཆོད་རྟེན་བ་དན་ཕུལ་བྱས་ན། །དེ་ནི་སྐྱེ་བོ་མང་པོའི་མཆོད་འོས་འགྱུར། །བྱང་ཆུབ་མཆོག་སྤྱད་དམ་པ་ཞི་བ་སྤྱོད། །བཅོམ་ལྡན་མཆོད་རྟེན་བ་དན་ཕུལ་བྱས་ན། །དག་ཅིང་མཆོག་གི་ལུས་ནི་འཐོབ་འགྱུར་ཏེ། །དཔེར་ན་གསེར་ལྟར་ཤིན་ཏུ་དགར་འགྱུར་ཞིང་། །ལྷ་ཡིས་བསྔགས་ལ་མཆོད་ཅིང་བླ་མར་བྱེད། །དེ་ཡི་ལུས་ནི་གསེར་གྱི་མདོག་འདྲར་འགྱུར། །དར་གྱི་གོས་དང་ལྭ་བ་བཟང་རབ་དང་། །དུ་ཀུ་ལ་དང་ཀ་ཤི་ཀ་རྣམས་དང་། །ཤིན་ཏུ་མཛེས་པའི་གོས་ཀྱང་རྙེད་པར་འགྱུར། །མཛམ་བུའི་གླིང་ན་རིགས་མཆོག་དམ་པ་གང་། །ཕྱུག་ཅིང་ཆེ་ཉིད་བདག་དབང་ནོར་མང་དང་། །དེ་དག་ཏུ་ནི་རྟག་ཏུ་དེ་སྐྱེ་སྟེ། །དམན་ཞིང་མཆོག་ཏུ་དབུལ་བ་རྣམ་པར་སྤངས། །དེ་ལ་སེམས་ཅན་སུ་ཡང་ཕྲག་དོག་མེད། །སེམས་ཅན་གནོད་པར་སེམས་པ་གཞར་མི་འབྱུང་། །གཞན་གྱི་སྡིག་པའི་ལས་ལ་དེ་སྨོད་དེ། །རྟག་ཏུ་བག་ཡོད་ཚུལ་ཁྲིམས་རྣམ་དག་འགྱུར། །འཛིན་པ་མེད་ཅིང་སེར་སྣ་མེད་པར་འོང་། །གཏོང་བ་རབ་བཏང་མྱ་ངན་མེད་པ་འཐོབ། །དེ་ནི་སྲོག་ཕྱིར་གཞན་ལ་སྦྱིན་མི་བྱེད། །ཕོངས་པ་མི་བྱེད་རྟག་ཏུ་བག་ཡོད་འགྱུར། །སངས་རྒྱས་སྟོབས་བཅུ་དེད་དཔོན་མཐོང་ནས་ནི། །དགའ་བའི་སེམས་ཀྱིས་གདུགས་དང་བ་དན་དང་། །མར་མེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད། །བྱང་ཆུབ་སེམས་མཆོག་འདི་ནི་རྟག་པར་སྤྱོོད། །མི་ཡི་འཇིག་རྟེན་བླ་མར་བསྙེན་བཀུར་བྱེད། །ལྷ་རྣམས་ལྷ་ཡི་དག་དང་མི་ཡི་གཙོ། །ཡིད་འོང་སྤོས་མཛེས་ལྟ་ནསྡུག་པ་དང་། །ནོར་བུ་ཤེལ་འདྲ་སྣ་ཚོགས་ལྡན་པ་འཐོབ། །རི་རབ་རྩེ་མོར་ལྷ་ནང་རབ་ཏུ་གསལ། །ལྷ་ཀུན་སློབ་མར་གྱུར་ནས་མངོན་དུ་འདོད། །ཆོས་ཀྱིས་དེ་དག་ཡིད་བདེ་སྐྱེད་པར་བྱེད། །དེ་ལ་དད་མཆོག་གཞའ་གསང་འཐོབ་པར་འགྱུར། །དེ་ནས་ཤི་འཕོས་མི་ཡི་འཇིག་རྟེན་དུ། །རྒྱལ་པོ་དམ་པ་སྟོབས་ལྡན་འཁོར་ལོས་སྒྱུར། །དེ་ལ་སེམས་ཅན་སུ་ཡང་སྡིག་མི་བྱེད། །སྐྱེ་བོ་མང་པོ་དགའ་ཞིང་ཡིད་འོང་འགྱུར། །རྡུལ་བསལ་སེམས་ཅན་མཆོག་ལ་རྒྱལ་མཚན་ཕུལ། །རིང་པོར་མི་ཐོགས་ནོར་ཡང་རྙེད་པར་འགྱུར། །ཤེས་རབ་མཐའ་ཡས་མཛོད་ནི་མང་ལྡན་འོང་། །སེམས་ཆུང་མི་འགྱུར་དམན་པའི་སེམས་མི་འགྱུར། །ལོངས་སྤྱོད་རྙེད་ནས་བགོད་ཅིང་བདག་ཀྱང་སྤྱོད། །དེ་ནི་འཇིགས་མེད་ཡིད་མི་བདེ་བ་མེད། །རྒྱལ་པོ་དགའ་ནས་གྲོང་དང་ཡུལ་འཁོར་བགོད། །དེ་ལ་སེམས་ཅན་སུ་ཡང་སྡིག་མི་སྐྱེད། །གཙོ་བོ་ཁྱད་པར་འཕགས་པ་མཛོད་མང་ཞིང། །ཁྱིམ་བདག་རིན་ཆེན་སྣ་ཚོགས་ལུས་བརྒྱན་འགྱུར། །རྒྱལ་པོའི་བུའམ་དེ་བཞིན་བློན་པོར་འོང་། །རྒྱལ་པོར་གྱུར་ནས་སྟོབས་ལྡན་བརྫི་བ་མེད། །བརྙས་པའི་རིགས་དམའ་ཐམས་ཅད་ཡོངས་སུ་སྤོངས། །ལོངས་སྤྱོད་ཁྱད་འཕགས་རིགས་མཆོག་རྙེད་ནས་ནི། །རྟག་ཏུ་བག་ཡོད་སེམས་ནི་ཞུམ་མི་འགྱུར། །འདོད་པ་རྣམས་ནི་ངན་སྐྱུགསཁུང་ལྟར་སྤོང་། །ཁྱད་འཕགས་གཟུགས་དང་མཚན་རྣམས་རབ་ཏུ་འཐོབ། །ཁྱད་འཕགས་རིགས་དང་དེ་བཞིན་དབང་ཕྱུག་ཉིད། །དེ་ཡི་གཡོག་འཁོར་རྟག་ཏུ་མི་ཕྱེད་འགྱུར། །སྐྱེ་བོ་མང་པོས་མདུན་དུ་བདར་བ་འོང་། །དེ་ནི་གཞན་ལ་གནོད་པའི་སེམས་མི་སྐྱེད། །སེམས་ནི་རབ་དྭངས་རྟག་ཏུ་བག་ཡོད་ལྡན། །དེ་ལ་མེ་དང་དུག་དང་མཚོན་མི་ཚུགས། །སྐྱེ་བོ་ཚོགས་ཆེན་གྱིས་ནི་བལྟ་བར་འགྱུར། །རབ་ཏུ་དགའ་ཞིང་ཐུབ་པའི་ཆོས་ལ་སྤྱོད། །ཤེས་བཞིན་ལྡན་ནས་ཡིད་བདེ་སྐྱེད་པར་བྱེད། །འཛིན་པ་མེད་ཅིང་ཆགས་མེད་སེམས་དང་ལྡན། །ཆགས་མེད་གྱུར་ནས་དེ་ལ་མི་མཐུན་མེད། །དེ་ཡི་ལུས་གཙང་ཀུན་ནས་ཉོན་མོངས་མེད། །རྣམ་དག་སེམས་ལྡན་དེ་ནི་བདེན་པར་སྨྲ། །འཇིགས་པས་ཉེན་པ་རྣམས་ལ་ཡིད་བདེ་སྐྱེད། །སེམས་ཅན་རྣམས་ཀྱི་སྐྱབས་དང་དཔུང་གཉེན་འགྱུར། །དེ་ནི་བདག་གི་དོན་ཆེན་བྱས་ནས་སུ། །གཞན་ཡང་སངས་རྒྱས་ཡེ་ཤེས་རྫོགས་ལ་འགོད། །ཤིང་དབང་ཤིང་མཆོག་དམ་པའི་དྲུང་སོང་ནས། །མཚུངས་མེད་མཆོག་ཞི་བྱང་ཆུབ་འཚང་ཡང་རྒྱ། །ཞེས་དང་། སངས་རྒྱས་དམ་པ་མི་མཆོག་བཞུད་པའི་ཚེ། །འདྲེན་པ་མཚུངས་པ་མེད་ལ་དད་བྱས་ཏེ། །སྟོན་པའི་སྐུ་ལ་ཉི་ཟེར་མི་འབབ་པར། །མེ་ཏོག་མ་ལི་ཀ་གདུགས་བཅོམ་ལྡན་ཕུལ། །དེ་ནི་ལུས་མཛེས་དམ་པ་གུས་བྱས་པས། །ལྷ་དབང་བརྒྱ་བྱིན་དུ་ནི་ལན་འབུམ་གྱུར། །འཇིག་རྟེན་ཀུན་ཏུ་ཚངས་པའི་བདག་པོར་གྱུར། །རྒྱལ་བའི་མཆོད་རྟེན་ལ་ནི་འབུམ་ཕུལ་ནས། །འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོབས་ལྡན་གྱུར། །སྟོང་ཕྲག་བཅུ་ལ་དབང་བར་ང་གྱུར་ཏེ། །ནོར་ཆེན་རབ་ཏུ་མཛོད་མང་ཚོང་དཔོན་གྱུར། །ཁྱིམ་བདག་བློ་ལྡན་བསོད་ནམས་ལྡན་པར་གྱུར། བདེ་གཤེགས་མི་མཆོག་བྱེ་བ་ཉི་ཤུ་དག །ངས་ནི་མཉེས་བྱས་གཟིམས་ཆས་ན་བཟའ་ཡིས། །མི་མཆོག་དག་ལ་བླ་མར་བསྟི་སྟང་བྱས། དེ་དག་གཙུག་ལག་ཁང་ལ་སྤོས་ཀྱིས་བསྐུས། །ང་ཡི་ཁ་དོག་ངན་པ་ཀུན་མེད་གྱུར། །ངས་ནི་ཚད་དང་གྲངས་དང་ངལ་བ་སྤོང་། །སངས་རྒྱས་སྤྱན་སྔར་དམན་མེད་སེམས་གྱུར་ཅིང་། །དེ་དག་མཆོད་པ་དམ་པ་མཆོག་གིས་མཆོད། །རྒྱན་གྱིས་བརྒྱན་པའི་གདུགས་མཛེས་ལྟ་སྡུག་པ། །སུ་ཞིག་བཅོམ་ལྡན་མཆོད་རྟེན་འབུལ་བྱེད་པ། །དེ་འདིར་ལུས་ནི་མཚུངས་པ་མེད་འགྱུར་ཏེ། །སུམ་ཅུ་རྩ་གཉིས་མཚན་གྱི་གོ་ཆར་འགྱུར། །གང་གིས་རྒྱལ་བའི་སྐུ་ནི་རབ་འབར་ཞིང་། །ཁྱད་པར་འཕགས་པའི་གཟུགས་དང་སེམས་འདྲ་དང་། །འཛམ་ཀླུང་གསེར་ལྟར་རབ་མཛེས་ལྟ་ན་སྡུག །མཚན་གྱི་མེ་ཏོག་རྒྱས་པ་མངོན་དུ་གང་། །མངོན་པར་ཤེས་པ་འཐོབ་ཅིང་དབང་ཆེར་གྲགས། །བྱང་ཆུབ་སྤྱོད་མཆོད་དམ་པ་ཞི་བ་སྤྱོད། །དེ་ནི་ནམ་ཡང་ལོངས་སྤྱོད་འགྲིབ་མི་འགྱུར། །ལྷས་ཀྱང་བསྟི་སྟང་བྱ་ཞིང་མཆོད་པར་འོང་། །བརྟན་པ་འདོད་པའི་ལོངས་སྤྱོད་གཞར་མི་དཀའ། །ཚུལ་ཁྲིམས་རྣམ་དག་རབ་མཁས་ཚངས་པར་སྤྱོད། །ཡི་དམ་བཅས་ནས་ནགས་དང་ནགས་འདབས་སོང་། །མངོན་ཤེས་འཐོབ་ཅིང་ཁྱད་པར་འཐོབ་པར་འགྱུར། །བཅོམ་ལྡན་མཆོད་རྟེན་རྣམས་ལ་གདུགས་འབུལ་བ། །ཇི་ལྟ་བུ་ཡང་བྱང་ཆུབ་སེམས་མི་འདོར། །བྱམས་ལ་གནས་ཤིང་མི་དམན་སེམས་སུ་འགྱུར། །དེ་ཡི་ཤེས་པ་ནམ་ཡང་ཉམས་པ་མེད། །ཅེས་སོ། །གཙུག་ལག་ཁང་གི་བཀོད་པ་དང་ཚོན་རྩི་ཞལ་བ་སྐུ་དཀར་སོགས་ཕུལ་བའི་ཕན་ཡོན་ཡང་། དེ་ཉིད་ལས། འཇིག་རྟེན་མགོན་པོ་སྐྱོབ་པ་ལ། །ཕྲེང་བའི་ཁང་པ་བྱས་ན་ནི། །དེ་ནི་གཡོག་འཁོར་མི་ཕྱེད་ཅིང་། །རྒྱལ་པོ་འབྱོར་པ་ཆེན་པོར་འགྱུར། །འཕགས་པ་རྣམས་ཀྱིས་གང་སྤངས་པ། །སྡིག་པའི་ལས་ནི་སྤོང་བར་བྱེད། །རྫོགས་སངས་རྒྱས་ཀྱིས་བཤད་པ་ཡི། །དགེ་བའི་ལས་ལ་བསྟེན་པར་བྱེད། །ལྷ་འམ་འོན་ཏེ་ཀླུ་རྣམས་སམ། །འཇིག་རྟེན་དག་ན་གང་མཁས་པ། །དེ་དག་དགའ་ཞིང་མགུ་བ་དང་། །བསྟི་སྟང་བྱས་ཤིང་བསྔགས་པར་འགྱུར། །བརྟན་པ་དག་ནི་གར་སྐྱེས་པ། །བསོད་ནམས་གཟི་བརྗིད་རབ་ཏུ་བརྗོད། །ཡུལ་འཁོར་དག་དང་གྲོང་ཁྱེར་དང་། །རིགས་དེར་བསྟིསྟང་བྱེད་པར་འགྱུར། །སངས་རྒྱས་གཞན་གྱིས་མི་ཐུབ་པ། །རྐང་གཉིས་མཆོག་ལ་སུས་མཆོད་པ། །དེ་དག་མཐུ་སྟོབས་ཆེ་བ་དང་། །གཡོག་འཁོར་ཆེན་པོས་མཛེས་པར་འགྱུར། །བྱང་ཆུབ་ཏུ་ནི་ཡོངས་བསྔོས་ཏེ། །ཕྲེང་བའི་གཙུག་ལག་ཁང་བྱས་ན། །སངས་རྒྱས་རྣམས་ཀྱིས་གང་བསྔགས་པའི། །འབྱོར་པ་དག་ནི་དེས་འཐོབ་བོ། །དེ་ནི་འཐེང་དང་ཞར་བ་དང་། །དམན་དང་མ་རུངས་མི་འགྱུར་གནས། །གང་དང་གང་དུ་སྐྱེས་པར་ཡང་། །མཚན་རྣམས་ཀྱིས་ནི་བརྒྱན་པར་འགྱུར། །སེམས་ཅན་དབུལ་པོ་རྣམས་མཐོང་ན། །དེ་ནི་ནོར་གྱིས་སྡུད་པར་བྱེད། །དེ་ནི་ནོར་དང་ལྡན་འགྱུར་ཞིང་། །དེ་ནི་བྱང་ཆུབ་སྤྱད་པ་སྤྱོད། །བློ་གྲོས་ཆེན་པོས་ས་འདིཀུན། །ཡོངས་སུ་བཏང་བ་བྱས་ནས་ཀྱང་། །དམན་པའི་སེམས་སུ་མི་འགྱུར་ཞིང་། །དེ་ནི་ནམ་ཡང་ཕོངས་མི་འགྱུར། །ཞེས་དང་། གསལ་རྒྱལ་ལས། ཐུབ་དབང་མཆོད་རྟེན་རྡོ་ཐལ་བྱུགས་པ་ཡིས། །ལྷ་མིའི་འཇིག་རྟེན་འདི་ན་ཚེ་རིང་ཞིང་། །ལུས་སེམས་ནད་དང་མྱ་ངན་བྱེདསྤངས་དེ། །རྟག་ཏུ་སྐྱིད་ཅིང་ནོར་གྱིས་ཕྱུག་པར་འགྱུར། །སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །ས་དང་ལྕི་བས་ཉུག་པ་དེ་དག་ནི། །ལྷ་དང་མིར་སྐྱེས་ལུས་མདོག་སྡུག་པ་དང་། །རྣམ་དག་རྨ་མེད་བདེ་དང་ལྡན་པར་འགྱུར། །སུ་ཞིག་སངས་རྒྱས་མཆོད་རྟེན་སྐུ་གཟུགས་ཁང་། །ཚོན་རྩི་སྣ་ཚོགས་དག་གིས་མཛེས་བྱེད་པ། །དེ་ནི་བདེ་གཤེགས་མངའ་བའི་ཡོན་ཏན་རྣམས། །སྣ་ཚོགས་ལྡན་པ་ཀུན་གྱིས་བརྩེགས་པར་འགྱུར། །མི་རྣམས་གང་དག་རྩྭ་ཤིང་སོ་ཕག་གིས། །འཇིག་རྟེན་བླ་མའི་སྤྱི་གབ་རིག་པས་བྱེད། །ཡང་ན་གཞན་དག་བྱེད་དུ་འཇུག་ཀྱང་རུང་། །དེ་དག་འགྲོ་བ་རྣམས་ཀྱི་སྐྱབས་འདྲར་འགྱུར། །མི་རྣམས་གང་དག་རྒྱལ་བའི་གཙང་ཁང་བྱེད། །དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན། །ལྷ་དབང་གནས་འདྲའི་ཁང་ཁྱིམ་འོད་འབར་བ། །དུས་ཚིགས་ཀུན་ཏུ་བདེ་ལྡན་ཐོབ་པར་འགྱུར། །མཐོ་རིས་ལས་བཟང་འབྲས་བུའི་གནས་རྣམས་སུ། །བསྐལ་པར་དགའ་བྱེད་རྟག་ཏུ་དགའ་བཞིནདུ། །རྩེན་པར་བྱེད་ཅིང་མྱ་ངན་མེད་པ་དང་། །ཐ་མར་ཞི་བའི་གོ་འཕང་འཐོབ་པར་འགྱུར། །གང་དག་འཇའ་ཁུག་འདྲ་བའི་རྟ་བབས་མཛེས། །ཐུབ་པའི་ཆབ་སྒོར་སྦྲེེང་བྱེད་དེ་དག་ནི། །སྲིད་པ་གཞན་དུ་ཁང་ཁྱིམ་སྒོ་དང་བཅས། །རྣམ་པར་བརྒྱན་པ་རྣམས་ནི་འཐོབ་པར་འགྱུར། །མི་རྣམས་གང་དག་སྟོན་པའི་སྐུ་གདུང་ཁང་། །བསྲུང་ཕྱིར་དད་པས་འོབས་དང་སྒོ་འཛུགས་པ། །དེ་དག་ཚེ་རབས་གཞན་དུ་དགྲ་རྣམས་ཀྱིས། །དཔལ་ཡོན་རྣམས་དང་དབྲལ་བར་ཡོངས་མི་ནུས། །མི་རྣམས་སུ་དག་མཆོད་རྟེན་རྙིང་པ་རྣམས། །གཞན་གྱི་ངོར་བྱེད་མ་ཡིན་རང་གི་བློས། །རལ་ཚེམ་བྱེད་པའི་སྐྱེ་བོ་དེ་དག་ནི། །ལུས་བཟང་ཡོན་ཏན་དམ་པས་བརྒྱན་པར་འགྱུར། །སུ་དག་གླང་ཆེན་དྲིལ་སྦྱངས་སྤ་བར་བརྒྱན། །དུལ་བའི་རྟ་དང་སྦྱར་བའི་ཤིང་རྟ་དག །སྟོན་པ་དང་ནི་འཕགས་པའི་ཚོགས་ལ་འབུལ། །དེ་དག་བླ་མེད་ཐེག་ཆེན་འཐོབ་པར་འགྱུར། །ཚུལ་ཁྲིམས་ལྡན་པ་ཕྱོགས་ནས་ལྷགས་པ་ལ། །སུ་དག་དགའ་བཞིན་མལསྟན་སྦྱིན་བྱེད་པའི། །མི་རྣམས་འགྲོ་བ་དག་ཏུ་འཁོར་བ་ན། །གསེར་གྱི་ཁྲི་དང་སྟན་གྱི་མཆོག་རྣམས་འཐོབ། །སུ་དག་འཇིག་རྟེན་བླ་མས་གསུངས་པ་ཡི། །དམ་ཆོས་ཚུལ་བཟང་ཐོས་ནས་ཉམས་སུ་ལེན། །དེ་དག་ཉོན་མོངས་ཆུ་རླབས་རབ་འཇིགས་པའི། །སྲིད་པའི་རྒྱ་མཚོ་མྱུར་དུ་བརྒལ་བར་འགྱུར། །ཞེས་སོ། །གཙུག་ལག་ཁང་དང་རྟེན་ལ་ཕྱག་དར་དང་བྱི་དོར་ཐིགས་ཚག་སོགས་བྱས་པའི་ཕན་ཡོན་ནི། མདོ་སྔ་མ་ལས། བསོད་ནམས་འདོད་པ་སུ་ཞིག་ཕྱག་ཐོགས་ཏེ། །བཅོམ་ལྡན་མཆོད་རྟེན་གུས་པས་འཕྱག་བྱེད་པ། །དེ་ནི་སྨད་ཅིང་མི་གཙང་ལུས་མི་འགྱུར། །བ་སྤུའི་ཁུང་ནས་ཙནྡན་དྲི་ངད་འབྱུང་། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ། །ཡན་ལག་མ་སྨད་ཁྱད་འཕགས་ལུས་འཐོབ་ཅིང་། །མཛེས་ལ་མཚན་གྱི་གོ་ཆར་བྱས་པར་འགྱུར། །ལྷ་ཡི་ཙནྡན་ཁྱད་འཕགས་རབ་མཛེས་པའི། །གཞལ་མེད་ཁང་མཆོག་ཡིད་འོང་དྲི་ལྡན་འཐོབ། །དེ་ནི་དེ་ལ་གཞར་ཡང་སྲེད་མི་སྐྱེད། །ཡིད་འོང་དྲི་ལྡན་མཆོག་ཏུ་ལྟ་སྡུག་པའི། །ལྷ་ཡི་བུ་མོ་བྱེ་བ་སྟོང་འཐོབ་ཅིང་། །དེ་ནི་དེ་ལ་ནམ་ཡང་ཆགས་མི་སྐྱེད། །སྐྱེད་མོས་ཚལ་མཆོག་ཡོད་པའི་རྫིང་བུ་ནི། །ཡན་ལག་བརྒྱད་ལྡན་ཆུ་གཙང་མཛེས་གྱུར་པ། །མེ་ཏོག་ཨུཏྤལ་ལས་ནི་རྒྱས་པ་འཐོབ། །དེ་ཡི་གཡོག་འཁོར་རྟག་ཏུ་མཐུན་འགྱུར་ཞིང་། །མི་དམན་སེམས་ཅན་ལྷ་ཡི་སྒྲ་ཡང་ཐོས། །ལྷ་མོ་རྣམས་ཀྱི་གླུ་དབྱངས་སྙན་སྒྲ་ཐོས། །འཇིག་རྟེན་ཀུན་ཏུ་སྐྱེས་ཚེ་བདག་ཉིད་ཀྱིས། །འདི་ནས་ཤི་འཕོས་ངན་འགྲོར་མི་འགྲོ་ཞིང་། །མི་ཡི་འཇིག་རྟེན་སངས་རྒྱས་མཐོང་བར་ཤེས། །དེ་ནི་ལྷ་ལ་སྙན་པའི་གཏམ་བྱས་ཏེ། །སངས་རྒྱས་ཡེ་ཤེས་རྫོགས་ལ་ལྷ་བཀོད་ནས། །ཤི་བའི་དུས་སུ་འཛམ་བུའི་གླིང་དུ་སྐྱེ། །བཙས་མ་ཐག་ཏུ་བསྐལ་པ་མཐའ་ཡས་དྲན། །སྔོན་གྱི་སངས་རྒྱས་གཙོ་རྣམས་བཀུར་བ་དང་། །དེ་དག་མཚན་དང་ཡོན་ཏན་ཆོས་ཀྱང་དྲན། །འཇིག་རྟེན་སངས་རྒྱས་ཇི་ལྟར་འགྱུར་ཞེས་ཏེ། །མོས་པ་བསྐྱེད་ནས་མཆོད་རྟེན་རྩྭ་སྐྱེས་སེལ། །དེ་ཡི་ཕན་ཡོན་དེ་དག་ངས་བཤད་ཀྱིས། །ཐ་བ་དྲི་སོལ་དད་པའི་སེམས་ཀྱིས་ཉོན། །མཐུ་ཆེན་སྐྱེས་བུ་དམ་པ་ཁྱད་འཕགས་པ། །རྒྱལ་བ་དམ་པ་མ་འོངས་དུས་ན་མཐོང་། །དེ་དག་མཆོད་པ་དམ་པ་མཆོག་གིས་མཆོད། །དེ་ནི་གཞར་ཡང་དད་པ་དམ་པ་འཐོབ། །སངས་རྒྱས་སྟོབས་བཅུ་དེད་དཔོན་དེས་མཐོང་ནས། །འདྲེན་པ་མཚུངས་མེད་དེ་ལ་མཆོད་པ་བྱས། །མཚན་གྱི་གོ་ཆར་བྱས་པའི་སངས་རྒྱས་སུ། །འགྱུར་ཞེས་ཐུགས་དགྱེས་དེ་དག་ལུང་ཡང་སྟོན། །གྲོང་ཁྱེར་ཡངས་པ་ཉམས་དགའ་མཆོག་གནས་ཤིང་། །ང་ནི་ཆོས་སྟོན་གང་གིས་མཐོང་གྱུར་པ། །དེ་དག་ཕྱི་དུས་རབ་ཏུ་འཇིག་པའི་ཚེ། །རྒྱལ་མཆོག་མྱ་ངན་འདས་པའི་ཆོས་འཛིན་འགྱུར། །མཆོད་རྟེན་རྩྭ་སྐྱེས་སེལ་བར་བྱེད་པ་ནི། །རྒྱལ་བ་དམ་པ་མི་ཐུལ་མཐོང་འདོད་པའི། །རྒྱུ་དང་ས་བོན་འགྱུར་བ་འདི་ཡིན་ནོ། །འདོད་དང་དམྱལ་དང་དུད་འགྲོའི་སྐྱེ་གནས་སྤོང་། །ཞེས་དང་། འཇིག་རྟེན་སྒྲོན་མ་མཚུངས་མེད་བསོད་ནམས་ཞིང་། །དེ་ཡི་མཆོད་རྟེན་བ་རྒྱ་སུས་སེལ་བ། །བག་ཡོད་གྱུར་ནས་དེ་ནི་བདུད་རྒྱ་འདྲལ། །དུས་རྣམས་ཀུན་ཏུ་ངན་སོང་ས་ཡང་སྤོང་། །རྟག་ཏུ་སངས་རྒྱསརྡུལ་བྲལ་བསྟི་སྟང་བྱེད། །རྟག་ཏུ་སྟོབས་ལྡན་འཁོར་ལོས་སྒྱུར་བར་འགྱུར། །མི་ཡི་འཇིག་རྟེན་སྐྱེས་ནས་བསོད་ནམས་ལྡན། །རྒྱལ་པོ་ཀུན་གྱིས་མཆོད་པའི་གནས་སུ་འགྱུར། །ལྷ་དང་ལྷ་ཡི་དབང་པོའི་མཆོད་གནས་འགྱུར། །དེ་ནི་མྱུར་དུ་ལྷ་ཡི་ཚེ་ཡང་འཐོབ། །དཔལ་ལྡན་གསེར་གྱི་གཞལ་མེད་ཁང་པ་རྙེད། །ལྷ་ཡི་བདེ་བ་མཚུངས་མེད་དབང་ཕྱུག་ཉིད། །གཟུགས་དང་སྒྲ་དང་དྲི་རབ་རོ་མཆོག་དང་། །རེག་བྱ་དཔལ་ལྡན་ལྷ་ཡི་འབྱོར་པ་འཐོབ། །མཐུ་ཆེན་ལྡན་ཞིང་བལྟ་བའི་འོས་སུ་འགྱུར། །ལྷ་མོ་རྣམས་ལ་འདོད་པའི་སྲེད་མི་སྐྱེད། །བཅོམ་ལྡན་མཆོད་རྟེན་བ་རྒྱ་བསལ་བྱས་ན། །འདི་ནས་ཤི་འཕོས་མི་ཡི་འཇིག་རྟེན་འགྲོ། །ཡན་ལག་ལེགས་གནས་ཁྱད་པར་འགྲོ་བར་འགྱུར། །ནམ་ཡང་བསྟན་བཅོས་མི་ཉུང་མང་པོ་འཐོབ། །དེ་ནི་མི་ཁོམ་བརྒྱད་པོ་ཀུན་སྤོང་ཞིང་། །དེ་ནི་དལ་འགྱུར་དེ་བཞིན་ཁྱད་པར་འཕགས། །དེ་ནི་སངས་རྒྱས་མཚུངས་མེད་མཆོད་པ་བྱེད། །བག་ཡོད་བློ་གྲོས་བརྟན་ལ་དཔའ་བོར་གྱུར། །འདོད་པའི་ཡོན་ཏན་དག་ལ་དགའ་མི་སྐྱེད། །མི་དམན་སེམས་ཀྱིས་མངོན་པར་འབྱུང་བར་འགྱུར། །དེ་ནི་ནམ་ཡང་བྱང་ཆུབ་སེམས་མི་འདོར། །ཚུལ་ཁྲིམས་སྐྱོན་མེད་ཤིན་ཏུ་བསྡམས་པར་འགྱུར། །རྣམ་དག་འདོད་ཆགས་བྲལ་བའི་ཆོས་ཀྱང་འཐོབ། །དེ་ནི་མདོག་ངན་ལུས་རྣམས་ཀུན་ཏུ་སྤོང་། །འཆལ་བའི་ཤེས་རབ་མ་ལུས་རྣམ་པར་སྤོང་། །ཤེས་རབ་རྒྱ་ཆེན་གྱུར་ནས་སྤྱོད་ལ་གནས། །བཅོམ་ལྡན་མཆོད་རྟེན་བ་རྒྱ་བསལ་བྱས་ན། །ཁ་ཟས་གཙང་མ་དག་ཀྱང་རྙེད་འགྱུར་ལ། །ཁྱད་འཕགས་ཁ་དོག་ལྡན་ཞིང་ལྟ་སྡུག་པ། །རེག་དང་ལྡན་ཞིང་རབ་མཛེས་གོས་རྣམས་འཐོབ། །དད་པའི་ཤུགས་ཀྱིས་བཅོམ་ལྡན་མཆོད་རྟེན་ལ། །མེ་ཏོག་སྐམ་པོ་ཉལ་ཉིལ་ཕྱགས་བྱས་ན། །འདོད་པ་སྨད་པ་སྡུག་བསྔལ་བྱེད་པ་སྤོང་། །སྟོབས་བཅུ་མངའ་བའི་དེད་དཔོན་མཉེས་པར་བྱེད། །མཆོད་རྟེན་མེ་ཏོག་རྙིང་པ་སུས་འཕྱག་པ། །དེ་ནི་མཛེས་ཤིང་རྣམ་དག་ལུས་སུ་འགྱུར། །སྐྱེ་བོ་མང་པོས་མཆོད་འོས་བལྟ་འོས་འགྱུར། །དེ་ལ་རྒྱལ་པོ་གནོད་པ་སེམས་མི་འགྱུར། །ངན་སོང་ས་ཡི་ལས་ངན་ཐམས་ཅད་གཅོད། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཕུང་པོར་གནས། །བག་ཡོད་མྱ་ངན་རྣམས་དང་སྐྱོན་རྣམས་སྤོང་། །ནད་རྣམས་མ་ལུས་དུ་མ་རྣམ་པར་སྤོང་། །བསྐལ་པ་མཐའ་ཡས་རྣམས་སུ་དབུགས་ཕྱིན་འཐོབ། །སྦྱིན་གནས་མཚུངས་མེད་སངས་རྒྱས་འཐོབ་པར་འོང་། །མཚུངས་མེད་ཐོབ་ཅིང་ལྷ་མིས་མཆོད་འོས་འགྱུར། །རྣམ་དག་ལུས་རྒྱས་རྒྱན་གྱིས་བརྒྱན་པར་འགྱུར། །ལྷ་ཡི་མེ་ཏོག་རབ་མཛེས་མན་ད་ར། །མཚུངས་མེད་པ་ཏ་ལ་ཡང་སུས་འབུལ་དང་། །མཆོད་རྟེན་མེ་ཏོག་ཉལ་ཉིལ་སུས་འཕྱག་པ། །དེ་དག་རྣམ་སྨིན་འདྲ་སྟེ་མཆོག་ཏུ་འགྱུར། །དེ་ལུསདུག་གིས་མི་ཚུགས་མཚོན་མི་ཚུགས། །མེ་འབར་འོད་འཕྲོ་ཕུང་པོ་ཆེས་མི་ཚུགས། །ནོར་གྱི་ཕུང་པོ་རྐུན་པོས་བརྐུ་མི་འགྱུར། །མགུ་ཞིང་རབ་ཏུ་དགའ་བའི་ཤུགས་སྐྱེད་དེ། །བཅོམ་ལྡན་མཆོད་རྟེན་མེ་ཏོག་སྐམ་འཕྱག་ན། །དེ་ཡི་བསོད་ནམས་བཟུང་བར་གང་གྱུར་པ། །གྲངས་སམ་ཆ་ཡང་བརྗོད་པར་སླ་མ་ཡིན། །སུམ་ཅུ་རྩ་གཉིས་མཚན་གྱི་གོ་ཆར་འགྱུར། །མི་ཡི་འཇིག་རྟེན་ན་ནི་རྟག་ཏུ་དགའ། །མཐུ་དང་ལྡན་ཞིང་ཡིད་འོང་སྒྲ་སྐད་འབྱུང་། །མཆོད་རྟེན་མེ་ཏོག་རྙིང་པ་སུས་འཕྱག་པ། །ཆོས་མཆོག་རབ་མཛེས་ཡང་དག་སྦྱོར་བྱེད་ཅིང་། །དེ་ལུས་རྣམ་པར་དག་ལ་ཆེན་པོར་འོང་། །རིང་པོར་མི་ཐོགས་འཇིག་རྟེན་སངས་རྒྱས་འགྱུར། །ཞེས་དང་། མདོ་ཕྱི་མ་ལས། ཐུབ་དབང་མཆོད་རྟེན་བྱི་དོར་བྱས་པ་ཡིས། །ཤིན་ཏུ་ལྟ་ན་སྡུག་ཅིང་རབ་ཏུ་མཛེས། །བྱད་བཞིན་བཟང་ཞིང་པདྨོའི་མདོག་དང་ལྡན། །སྲིད་པའི་སྐྱོན་རྣམས་དང་ཡང་འབྲལ་བར་འགྱུར། །སུ་དག་དཔྱིད་ཀའི་དུས་ན་གཙང་མའི་ཆུས། །མཆོད་རྟེན་ཉེ་སྐོར་རྡུལ་རྣམས་ཞི་བྱེད་པ། །དེ་དག་བུད་མེད་རྣམས་ནི་དགའ་བཞིན་དུ། །རྡུལ་གཡབ་གསེར་གྱི་ཡུ་བ་ཅན་གྱིས་གཡོབ། །དཀོན་མཆོག་གསུམ་ཕྱིར་མི་རྣམས་གང་དག་གིས། །འཕགས་པ་དགྱེས་པའི་དཀྱིལ་འཁོར་བྱས་པས་ནི། །རྐང་ལག་སོར་མོ་དྲྭ་བར་འབྲེལ་བ་དང་། །ཡན་ལག་ཐམས་ཅད་ཀྱང་ནི་སྐྱོན་མེད་འགྱུར། །རྒྱལ་བའི་མཆོད་རྟེན་མེ་ཏོག་རྙིང་བསལ་བས། །འདོད་ཆགས་ཆགས་མེད་ཞེ་སྡང་སྡང་མི་འགྱུར། །གཏི་མུག་རྨོངས་མེད་ལྟ་ངན་ཆགས་མི་འགྱུར། །མི་རྣམས་དགའ་ཞིང་རབ་ཏུ་སྐྱིད་པར་འགྱུར། །ཞེས་དང་། དགེ་རྩ་ཡོངས་འཛིན་མདོར། དེ་བཞིན་གཤེགས་པའི་མཆོད་རྟེན་མཆོད་པ། ཕྱིར་བཅོས་པ་དང་། བྱི་དོར་བགྱིས་པས། གཟུགས་དང་། དལ་བ་དང། ཡང་དག་པར་བླང་བ་དང་། དེ་བཞིན་གཤེགས་པར་བལྟ་བའི་སྨོན་ལམ་གྱི་མཆོག་རྣམ་པར་དག་པ་བཞི་རྗེས་སུ་ཐོབ་པར་གསུངས་པ་དང་། འདུལ་བ་ལུང་ལས། ཕྱག་དར་བྱས་པ་ལ་ཕན་ཡོན་ལྔ་འཐོབ་སྟེ། རང་གི་སེམས་དྭངས་པར་འགྱུར་བ་དང་། གཞན་གྱི་སེམས་མོས་པར་འགྱུར་བ་དང་། ལྷ་རྣམས་ཡིད་དགའ་བར་འགྱུར་བ་དང་། མཛེས་པར་འགྱུར་བའི་དགེ་བའི་རྩ་བ་སོག་པར་འགྱུར་རོ། །ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་སོ། །མདོར་ན་སྤྱན་གཟིགས་མདོར། བློ་གྲོས་རྣམ་པར་དག་པ་དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་དག་པ་ལ་སུ་ཞིག་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རོལ་མོའི་སྒྲ་དང་། བྱུགས་པ་རྣམས་ཀྱིས་བསྟི་སྟང་བྱེད་པ་དེའི་བསོད་ནམས་ཀྱི་ཕུང་པོའི་མཐའ་རྟོགས་པར་མི་ནུས་ཏེ། དེའི་མཐའ་ནི་ཐེག་པ་གསུམ་པོ་ལས་ཐེག་པ་གང་ཡང་རུང་བས་མྱ་ངན་ལས་འདས་པའི་མཐར་ཐུག་པ་མ་གཏོགས་པར་བསོད་ནམས་ཀྱི་ཕུང་པོ་ཕྱི་མའི་མཐར་ཡང་ཟད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པ་ཇི་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་ཚད་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བའང་ཚད་མེད་དོ། །མཐའ་ཡས་སོ། །བསམ་གྱིས་མི་ཁྱབ་བོ། །མཚུངས་པ་མེད་དོ། །དཔག་ཏུ་མེད་དོ། །གྲངས་མེད་དོ། །དཔག་གིས་མི་ལང་ངོ། །བརྗོད་དུ་མེད་དོ། །བློ་གྲོས་རྣམ་པར་དག་པ་སུ་ཞིག་དེ་བཞིན་གཤེགས་པ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་པ་ལ་བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། རྗེད་པ་དང་། ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་སུ་ཞིག་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། རྗེད་པར་དང་། ཡང་དག་པའི་སེམས་ཉེ་བར་བཞག་སྟེ་བྱང་ཆུབ་ཏུ་གཞོལ་བའི་སེམས་བསྐྱེད་པས་ཕྱག་འཚལ་བ་དང་། ཕྱག་བྱེད་པ་དང་། བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ། མཆོད་པ་དང་། རྗེད་པ་དང་། གསོལ་བ་དང་། བསྔགས་པ་དང་། སྐོར་བ་བྱེད་པ་དེས་ཕན་ཡོན་ལྔ་ཡོངས་སུ་གཟུང་བར་འགྱུར་ཏེ། ལྔ་གང་ཞེ་ན། དྲན་པ་དང་ལྡན་པར་འགྱུར་བ་དང་། རྟོགས་པ་དང་ལྡན་པར་འགྱུར་བ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན་པར་འགྱུར་བ་དང་། མྱུར་དུ་སངས་རྒྱས་བཅོམ་ལྡན་འདས་མཐོང་བར་འགྱུར་བ་དང་། མཐོང་ནས་ཀྱང་དད་པ་སྐྱེད་པར་འགྱུར་བ་སྟེ་ཕན་ཡོན་ལྔ་པོ་དེ་དག་ཡོངསསུ་གཟུང་བར་འགྱུར་རོ། །དེ་ཆོས་བཞི་དང་ལྡན་པར་འགྱུར་ཏེ། བཞི་གང་ཞེ་ན། དེ་བཞིན་གཤེགས་པའི་བསྟན་པ་འཛིན་པ་དང་། དེ་ཡང་ཇི་སྐད་བསྟན་པ་བཞིན་བསྒྲུབ་པ་དང་། བསྒྲུབས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཉེ་བར་འགྱུར་བ་དང་། མྱུར་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་བ་སྟེ་ཆོས་བཞི་པོ་དེ་དག་གོ །བློ་གྲོས་རྣམ་པར་དག་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བདུད་དམ་བདུད་ཀྱི་རིས་ཀྱི་ལྷའིབུ་རྣམས་ཀྱིས་མི་བརྫི་བར་འགྱུར་ཏེ། བཞི་གང་ཞེ་ན། རིགས་མཐོ་ཞིང་རིགས་ཆེ་བ་དང་། བཙས་མ་ཐག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡིད་ལ་བྱེད་པ་དང་། ཕྱི་མའི་དུས་དམ་པའི་ཆོས་འཛིན་པ་དང་། རྟག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྗོགས་པའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབ་པར་འགྱུར་བ་སྟེ། བློ་གྲོས་རྣམ་པར་དག་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བདུད་དམ་བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་མི་བརྫི་བར་འགྱུར་རོ། །ཞེས་དང་། འཕགས་པ་བདུད་རྩི་བརྗོད་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ལྔ་དང་ལྡན་ན། བདུད་ཀྱི་རིས་ཐམས་ཅད་ཀྱིས་བགེགས་བྱ་བར་མི་འགྱུར་བ་དང་། བདུད་ཀྱི་འཁོར་ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་ཚེ་རིང་དུ་སྐྱོང་བར་བྱེད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ལྔ་པོ་དག་གང་ཞེ་ན། འདི་ལྟ་སྟེ། རྒྱུན་མི་འཆད་པར་ཆོས་སྦྱིན་པ་དང་། རྒྱུན་མི་འཆད་པར་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་དང་། རྒྱུན་མི་འཆད་པར་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་དགའ་བ་ཆེན་པོ་དང་བཏང་སྙོམས་ཆེན་པོ་བསྒོམ་པ་དང་། རྒྱུན་མི་འཆད་པར་མཆོད་རྟེན་རྙིང་པ་གསོས་པ་དང་། རྒྱུན་མི་འཆད་པར་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་མོས་པར་བྱས་པ་སྟེ། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ལྔ་པོ་དེ་དག་དང་ལྡན་ན་བདུད་ཀྱི་རིས་ཐམས་ཅད་ཀྱི་བགེགས་བྱ་བར་མི་འགྱུར་བ་དང་། བདུད་ཀྱི་འཁོར་ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་ཚེ་རིང་དུ་སྐྱོང་བར་བྱེད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྗོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་པ་སོགས་ཀྱིས་མཚོན་ཏེ་ཤེས་པར་བྱ་ལ། སྐབས་འདི་དག་ཏུ་གསུངས་པའི་མཆོད་རྟེན་ནི། བདེ་བར་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གཙོ་བོར་གྱུར་པསྟེ། དཀོན་མཆོག་གསུམ་གྱི་རྟེན་སྤྱི་ལའང་འཇུག་པ་ཡིན་ནོ། །ཁྱད་པར་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་སྔ་ནས་ཀྱང་། གུ་རུ་ཉིད་ཀྱི་སྐུ་ཚབ་གཙོ་བོར་གྱུར་པའི་རྟེན་གསུམ་ལ། སྨན་ལྔ་ཕུལ་ན་འདུ་བའི་ནད་ལས་གྲོལ། ན་བཟའ་ཕུལ་ན་ཡེ་ཤེས་ཀྱི་སྤྱན་དང་ལྡན། གདནཕུལ་ན་རེག་འཇམ་མཛེས་པའི་གདན་ཐོབ། མར་མེ་ཕུལ་ན་བློ་དང་རིག་པ་གསལ། རིན་པོ་ཆེའི་རིགས་ཕུལ་ན་དབུལ་ཕོངས་བྲལ། སྤོས་ལྔ་ཕུལ་ན་ཀུན་གྱིས་ཡིད་དུ་འོང་། སྙིང་པོ་ལྔ་ཕུལ་ན་བདེ་བའི་མཆོག་ཐོབ། དྲི་བཟང་ཕུལ་ན་གནས་གཙང་དྲི་མ་མེད་པ་ཐོབ། འབྲུ་བཅུད་ཕུལ་ན་བདུད་རྩིའི་རྒྱ་མཚོར་སྤྱོད། མེ་ཏོག་ཕུལ་ན་ཉོན་མོངས་ལྔ་ཞི་ཞིང་སྒྲིབ་པ་བྱང་། དཀར་གསུམ་ཕུལ་ན་བདུད་རྩིའི་འདོད་འཇོའི་བ་ལ་ལོངས་སྤྱོད། མངར་གསུམ་ཕུལ་ན་བདུད་རྩི་ཁ་ཟས་ཞིམ་དགུ་ཐོབ། སྤྱན་གཟིགས་ཕུལ་ན་བསོད་ནམས་དང་ལོངསསྤྱོད་འཕེལ། འབྲུ་ལྔ་ཕུལ་ན་མ་རྨོས་ལོ་ཏོག་ལ་ལོངས་སྤྱོད། འཕན་གདུགས་ཕུལ་ན་ཆོས་ཀྱི་བཤད་པ་བླ་ན་མེད་པ་ཐོབ། དར་དཔྱངས་ཕུལ་ན་ལྷ་ཡི་ན་བཟའ་ཐོབ། སིལ་སྙན་ཕུལ་ན་དབྱངས་སྙན་ཞིང་ངག་བདེ། རོལ་མོ་ཕུལ་ན་སྟོབས་ཆེ་ཞིང་གཟུགས་བཟང་། གསེར་དངུལ་གཡུ་ལྕགས་དུང་ཟངས་སྣག་ཚ་རྣམས་ཕུལ་ན་རྒྱལ་སྲིད་བདུན་ཐོབ་ཅིང་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་མཐོང་། སྤྱན་ལ་སྤྱན་དབྱེ་བྱས་ན་ཡེ་ཤེས་ཀྱི་སྤྱན་དང་ལྡན། སྙན་ལ་སྙན་ཤལ་དང་དར་དཔྱངས་ཕུལ་ན་ལྷའི་སྙན་དང་ལྡན། ཤངས་ལ་དྲི་ཞིམ་མཆོད་ན་དྲི་བསུང་ངད་ལྡན་གྱི་གནས་ཐོབ། ཚེམས་ལ་དཀར་མདངས་བཏོན་ན་དུག་གསུམ་རྩད་ནས་གཅོད། ལྗགས་ལ་རོ་མཆོག་ཕུལ་ན་འགྲོ་ཀུན་འཁོར་བ་ལས་སྒྲོོལ་བའི་ཆོས་འཆད་པའི་ལྗགས་དང་ལྡན། བཞུགས་ཁང་གི་གཞལ་ཡས་ཁང་ཕུལ་ན་ལྷའི་ཕོ་བྲང་ནང་དུ་སྐྱེ། བཞུགས་ཁང་གི་ལས་དཔོན་བྱས་ན་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཐོབ། རྟེན་གསུམ་གྱི་བཟོ་གནས་བྱས་ན་རིག་པའི་གནས་ལྔ་ལ་མཁས། རྟེན་གྱི་རྒྱུ་འདམ་རྫབ་སྦྱར་ན་བསོད་ནམས་གོང་ནས་གོང་དུ་འཕེལ། རྡུལ་ཕྱིས་ན་གཟུགས་བཟང་བ་དང་ཆོས་གོས་ལེགས་པ་དང་ཁ་དོག་མཛེས་པ་ཐོབ། སྐུ་ཁྲུས་གསོལ་ན་དྲི་མ་མེད་ཅིང་ཡིད་དུ་འོང་བའི་ཁ་དོག་དང་ལྡན། མཆོད་གཡོག་བྱས་ན་རྫུ་འཕྲུལ་གྱི་རྐང་པ་ཐོབ། ཕྱག་དང་བསྐོར་བ་བྱས་ན་འཁོར་བའི་སྡུག་བསྔལ་ཐམས་ཅད་ཞི་ནས་མྱ་ངན་འདས་པའི་བདེ་བ་ཐོབ། བསྐྱེད་རྫོགས་དང་ལྡན་པས་རབ་གནས་བྱས་ན་ཡུལ་དེར་དམག་འཁྲུགས་དང་མུ་གེ་ནད་ཡམས་ལ་སོགས་ཞི། རྟེན་ལ་རྟེན་བཤད་བྱས་ན་སེམས་བསྐྱེད་དང་ཏིང་ངེ་འཛིན་ལ་གནས། གཞན་ལ་ཕྱག་མཆོད་བསྐོར་བ་སོགས་བྱེད་པར་བསྐུར་མ་བཏབ་ན་འབྲེལ་ཚད་དོན་དང་ལྡན་ཞིང་འགྲོ་བ་མང་པོའི་ལས་སྒྲིབ་དགགཞན་ཡང་རྟེན་གྱི་སྤྱན་སྔར་ལེགས་པའི་སྨོན་ལམ་གང་བཏབ་འགྲུབ་པ་དང་། ཇི་ལྟར་འདོད་པའི་དོན་ལ་གསོལ་བ་གང་བཏབ་ཡིད་བཞིན་དུ་སྩོལ་བ་སོགས་ཕན་ཡོན་རྒྱ་ཆེར་པདྨ་བཀའ་ཡི་ཐང་ཡིག་སོགས་ལས་གསུངས་སོ། །མདོར་ན་ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། ཁམས་གསུམ་དག་ན་བདེ་ཞིང་སྐྱིད་པ། །ཐམས་ཅད་དཀོན་མཆོག་མཆོད་ལསབྱུང་བ། །དེས་ན་བདེ་ཞིང་སྐྱིད་པར་འདོད་པས། །དཀོན་མཆོག་གསུམ་པོ་མཆོད་ལ་བརྩོན་བྱ། །ཞེས་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། སངས་རྒྱས་བྱང་ཆུབ་མཚུངས་མེད་མཆོག་ཐོབ་ནས། །སྟོབས་བཅུ་ལྡན་ཞིང་གཡོ་བ་མེད་གྱུར་ལ། །བྱང་ཆུབ་སངས་རྒྱས་སྡུག་བསྔལ་སྐྱེ་འགྲོ་ལ། །འཇིག་རྟེན་ཀུན་ཏུ་མཚུངས་མེད་སངས་རྒྱས་ཤོག །དེ་ཡི་སྨོན་ལམ་འདི་འདྲ་འདི་དང་ནིི། །སངས་རྒྱས་ཡེ་ཤེས་དེ་སེམས་དགའ་མཁྱེན་ནས། །སྟོབས་བཅུ་འཛུམ་མཛད་འཇིག་རྟེན་ཐམས་ཅད་དུ། །མཚུངས་མེད་སངས་རྒྱས་འགྱུར་ཞེས་ལུངསྟོན་ནོ། །སྐྱེས་བུ་དམ་པ་མཆོག་གི་གསུང་ཐོས་ནས། །བདེ་གཤེགས་མཆོག་གསུམ་གཞནདུ་མི་འགྱུར་ཏེ། །བདག་ནི་རྒྱལ་བ་མཆོག་གྱུར་དོགས་མེད་ཅེས། །དགའ་བཞིན་མགུ་ནས་བར་སྣང་ཀུན་ཏུ་རྒྱུ། །འཇིག་རྟེན་ལྷ་ཡི་ལྷར་གྱུར་སངས་རྒྱས་སུ། །ཁྱད་འཕགས་མཚུངས་མེད་སྦྱིན་གནས་འགྱུར་བ་དང་། །དེ་སེམས་སྤྱོད་དང་དགའ་བར་གནས་མཁྱེན་ནས། །དེ་ལ་སྟོབས་བཅུ་མངའ་བས་བཞེས་པར་འགྱུར། །བདེ་གཤེགས་མཆོག་གིས་གོས་ནི་བཞེས་རིག་ནས། །དེ་ནི་ཤུགས་སྐྱེས་རབ་དགའ་སེམས་མགུ་སྟེ། །མཚུངས་མེད་འཇིག་རྟེན་མགོན་ལ་བལྟས་ནས་ནི། །འཇིག་རྟེན་སངས་རྒྱས་བདག་འགྱུར་མོས་པར་བསྐྱེད། །སྐྱེ་ཤི་ཕ་རོལ་སེམས་ཅན་བསྒྲལ་བར་བྱ། །གྲོལ་ནས་སྐྱེ་བོ་མང་པོ་འདུས་བྱས་དགྲོལ། །འཇིག་རྟེནཀུན་ན་ལོང་བའི་མིག་བདག་འགྱུར། །སྣང་བ་ཐོབ་ནས་མུན་པ་རབ་རིབ་བསལ། །དེ་ལྟས་ཕན་ཡོན་ཆེན་པོ་འདི་ཐོས་ནས། །མེ་ཏོག་ཕྲེང་བ་རྒྱལ་མཚན་གོས་མཆོག་དང་། །རོལ་མོའིསྒྲ་དང་གདུགས་དང་བྱུག་བདུག་གིས། །མགོན་པོ་མཆོད་ལ་སངས་རྒྱས་འགྱུར་བར་གྱིས། །ཞེས་སངས་རྒྱས་རང་ཉིད་ཀྱིས་རྗེས་སུ་འདོམས་པར་མཛད་པ་བཞིན་ནོ། །འོ་ན་སངས་རྒྱས་དངོས་སུ་བཞུགས་དང་། ད་ལྟར་རྟེན་ལ་མཆོད་པ་གཉིས་ལ་ཁྱད་པར་ཡོད་དམ་ཞེ་ན། དེ་ནིཅུང་ཟད་ཀྱང་མེད་དེ་མདོ་ལས། དྲང་སྲོང་ཆེན་པོ་གང་ལ་ལ་ཞིག་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ད་ལྟར་བཞུགས་པ་ལ་མཆོད་པ་བྱེད་པ་རྣམ་པར་སྨིན་པ་ནི་མཚུངས་ཞིང་འདྲའོ་ཞེས་ང་འཆད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་གཟུགས་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་ཡིན་གྱི། ཆོས་གཟུགས་ཀྱི་སྐུས་རབ་ཏུ་ཕྱེ་བ་མ་ཡིན་པའི་ཕྱིར་རོ། །གང་ལ་ལ་ཞིག་ང་འདུག་པའམ། ཡོངས་སུ་མྱ་ངན་ལས་འདས་པ་ལ་མཆོད་ན་སེམས་མཚུངས་པའི་ཕྱིར་འདི་གཉིས་ལ་བསོད་ནམས་ཀྱི་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །ཞེས་དང་། ད་ལྟ་ང་ལ་མཆོད་པ་དང་། །མ་འོངས་སྐུ་གཟུགས་མཆོད་པ་གཉིས། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །འདི་གཉིས་ཐ་དད་ཅུང་ཟད་མེད། །ཅེས་དང་། རྒྱལ་བ་མྱ་ངན་འདས་པ་དང་། །གང་དག་ད་ལྟ་བཞུགས་པ་ལ། །གང་ཞིག་དད་པས་གུས་མཆོད་པ། །སེམས་དགེ་བ་ནི་མཚུངས་པའི་ཕྱིར། །བསོད་ནམས་ཕུང་པོ་མཉམ་པར་ཐོབ། །ཅེས་གསུངས་ཤིང་། རྟེན་དེ་ཡང་སྔོན་གྱི་འཕགས་ཆེན་རྣམས་ཀྱིས་བཞེངས་པའི་ཆོས་འཁོར་རྣམ་གསུམ་གྱི་རྟེན་སོགས་དང་། ད་ལྟ་རང་རང་གིས་གསར་དུ་བཞེངས་པ་གཉིས་ལ་ཁྱད་པར་ཡོད་དམ་ཞེ་ན། དེ་ཡང་མེད་དེ། བྱེད་པ་པོ་ལ་ཁྱད་པར་ཡོད་ཀྱང་། སངས་རྒྱས་ཀྱི་ཐུགས་རྗེ་ལ་སྔོན་དང་ད་ལྟར་གྱི་ཁྱད་པར་མེད་པས། བྱ་བའི་ཡུལ་ལ་ཐུགས་རྗེ་དང་བྱིན་རླབས་མཉམ་པར་འཇུག་སྟེ། པད་དཀར་ལས། གང་དུ་མོས་པས་སྤྱན་དྲངས་པ་དེར་དེ་བཞིན་གཤེགས་པ་རིན་ཆེན་མང་བྱོན་པར་འགྱུར་རོ། །ཞེས་དང་། གསང་བ་རྒྱ་མཚོ་ལས། ཏིང་འཛིན་རོལ་མོ་བསམ་ཡས་དང་། །སྔགས་དང་ཕྱག་རྒྱས་དགུག་བྱས་ན། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམསཀུན། །གཤེགས་ནས་བྱིན་གྱིས་རློབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། བསོད་ནམས་ཀྱི་ཞིང་དུ་མཉམ་པར་གྲུབ་པ་ཡིན་ཞེས་ཀུན་མཁྱེན་ཆོས་རྗེས་གསུངས་སོ། །གལ་ཏེ་ཉེ་སྐོར་སོགས་སུ་རྟེན་མེད་ན་ཇི་ལྟར་བྱ་སྙམ་ན། ཡིད་དད་མོས་རྩེ་གཅིག་པས་མདུན་ན་མངོནསུམ་དུ་བཞུགས་པར་མོས་ལ་ཕྱག་མཆོད་བྱས་ནའང་སྔ་མ་དང་མཉམ་པར་བྱིན་རླབས་འཇུགསྟེ། ཡུམ་བར་མ་ལས། གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ཡིད་ལ་བྱས་ཏེ། སངས་རྒྱས་ལ་ཕྱག་འཚལ་ལོ། ཞེས་བརྗོད་ན་ཡང་། དེའི་མདུན་ན་དེ་བཞིན་གཤེགས་པ་བཞུགས་སོ། །ཞེས་དང་། འཇམ་དཔལ་ཞིང་གི་ཡོན་ཏན་བསྟན་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གི་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་འཐོབ་པར་འགྱུར། །གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་བྱེད་ཅིང་། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། འཆག་དང་འདུག་དང་འགྲེང་དང་ཉལ་བ་ན། །མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པ། །དེ་ཡི་མདུན་ན་རྟག་ཏུ་སྟོན་པ་བཞུགས། །དེ་ནི་རྒྱ་ཆེན་མྱ་ངན་འདའ་བར་འགྱུར། །ཞེས་གསུངས། མདོར་ན་ཆོ་འཕྲུལ་རྣམ་པར་བསྟན་པ་ལས། གང་ཞིག་དེ་བཞིན་གཤེགས་པ་ལ་མངོན་སུམ་དུ། མེ་ཏོག་དང་། སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ན་བཟའ་དང་། རྒྱན་སོགས་ཀྱིས་མཆོད་པ་ལྟ་སྨོས་ཀྱང་ཅི་དགོས། ལྷའི་བུ་དགགང་སེམས་ཅན་ལ་ལས་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་སྟོང་ངམ་བསྐལ་པ་བྱེ་བ་ལོན་ཡང་། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་མཚན་ནས་ལན་བདུན་བརྗོད་ནས་ནམ་མཁའ་ལ་མེ་ཏོག་གཏོར་ན་དེ་དག་ཐམས་ཅད་སྡུག་བསྔལ་གྱི་མཐར་འགྱུར་རོ། །ཞེས་གསུངས་པས། བསླུ་མེད་རྡོ་རྗེའི་བདེན་གསུངས་ལ་ཡིད་ཆེས་པར་བྱའོ། །སྨྲས་པ། ལྷ་ལ་ལྷ་ཡི་དཔག་བསམ་མནྡ་ར། །ཀླུ་ལ་ཀླུ་ཡི་ནོར་བུ་མཐོན་ཀའི་དཔལ། །མི་ལ་མི་མཆོག་རྒྱལ་བའི་རྟེན་གསུམ་ཕུལ། །རེ་བའི་འབྲས་བུ་སྩོལ་ལ་མཚུངས་པ་ཉིད། །དེང་དུས་རྙོག་མ་ལྔ་ཡིས་བསླད་པའི་འགྲོ། །ཕོངས་པ་བརྒྱ་ཡིས་ནོན་ལ་སྐྱོབ་པ་མཆོག །སྣ་ཚོགས་སྤྲུལ་སྐུར་ཤར་བ་འདི་ཁོ་ན། །དེ་སླད་སེམས་ཤེས་སུ་ཞིག་གུས་མི་བྱེད། །འདི་ན་རང་བཞིན་འགྲོགས་དཀའ་སྦྲུལ་ལྕེ་ཅན། །ཉམ་ཆུང་ཏིལ་མར་འཐུང་དགའ་མི་བསྲུན་ཕལ། །རང་གསོད་སྤུ་གྲི་བཞིན་དུ་བསྙེན་བྱེད་ན། །གཏན་དུ་ཕན་པ་སྦྱིན་གང་ཅིས་མི་མཆོད། །ཞིང་རབ་མཆོག་ལ་དད་པའི་སྙིམ་པ་ཡིས། །རྡུལ་ཙམ་འཐོར་ཡང་རྒྱ་མཚོའི་གོས་ཅན་ཁྱོན། །སྐུ་གདུང་གིས་བརྒྱན་མཐོ་རིས་གྲོང་ཁྱེར་མཆོག །མངོན་མཛེས་འཕགས་པའི་ཡོན་གྱིས་འབྱོར་ཞེས་གྲགས། །ལྷར་བཅས་སྐྱེ་དགུའི་གཙུག་ནོར་འོད་རིས་ཀྱིས། །རྐང་རྟེན་མཛེས་བྱས་མི་དབང་དཔལ་དེ་ཡང་། །དད་པའི་ཞིང་སར་སྲན་འབྲུ་དྲུག་བཏབ་པའི། །འབྲས་བུ་ལགས་པར་ཐུབ་པ་མཆོག་གིས་གསུངས། །ཇི་ལྟར་གདྒཱ་རྒྱ་མཚོར་སྙོགས་པ་བཞིན། །གང་དང་སུ་འབྲེལ་བྱང་ཆེན་ལས་མི་ལྡོག །དེ་སླད་ཐར་པ་ཆ་མཐུན་དགེ་བ་ཞེས། །དམ་པས་རབ་བསྔགས་ཐུགས་བསྐྱེད་བཙན་པོའི་མཐུ། །དེ་སླད་སྲིད་དང་ཞི་བའི་ཕུན་ཚོགས་དཔལ། །སྦྱིིན་གྱིས་འདི་ན་ལེན་པོ་སུ་ཡོད་ཅེས། །མངོན་སུམ་མདུན་ན་གནས་ཀྱང་མི་རྩོལ་ཕལ། །ཀྱི་ཧུད་གདོན་གྱིས་མྱོས་སམ་ཅི་ཞིག་ཉེས། །དེས་ན་བདག་ཕན་འདོད་པ་འགའ་མཆིས་ན། །ཡིད་ཀྱི་ཤིང་རྟ་འགེངས་ཐབས་འདི་མིན་སུ། །དེ་ཕྱིར་རིངས་པར་བརྩོན་པའི་དཔུང་བསྐྱེད་ལ། །ཞབས་ཏོག་སྲི་ཞུས་དལ་རྟེན་དོན་ཡོད་མཛོད། །

གཉིས་པ་གསུང་རབ་དམ་པའི་ཆོས་ལ་བཀུར་སྟི་སོགས་བགྱིས་པའི་ཕན་ཡོན་བྱེ་བྲགཏུ་བཤད་པ།

གཉིས་པ་གསུང་རབ་དམ་པའི་ཆོས་ལ་བཀུར་སྟི་སོགས་བགྱིས་པའི་ཕན་ཡོན་བྱེ་བྲགཏུ་བཤད་པ་ལ། སྤྱི་དང་། བྱེ་བྲག་གཉིས་ལས། དང་པོ་ནི། ཁྱད་པར་དུའང་གསུང་རབ་དམ་པའི་ཆོས་ལ་བསྙེན་བཀུར་བགྱིས་ན་བསོད་ནམས་ཚད་མེད་པ་འབྱུང་སྟེ། སྤྱིར་དམ་པའི་ཆོས་གླེགས་བམ་དང་དེ་འཛིན་པ་པོ་བཞུགས་པའི་ས་ཕྱོགས་དེར་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགོངས་ཤིང་བྱིན་གྱིས་བརླབ་པར་འགྱུར་བ་དང་། ལྷ་དང་གནོད་སྦྱིན་ལ་སོགས་པ་ཆོས་སྐྱོང་བའི་སྲུང་མ་མཐུ་བོ་ཆེ་རྣམས་ཀྱིས་རྟག་ཏུ་མི་གཡེལ་བར་སྲུང་ཞིང་འཇིགས་པ་དང་གནོད་པ་ལས་སྐྱོབ་པར་དམ་བཅས་པ་ཡིན་པས་ཆོས་འཛིན་པ་པོ་དང་། ཆོས་ལ་བཀུར་སྟི་ཚད་ལྡན་ཡོད་ན་གནས་སྐབས་ཀྱི་རྐྱེན་སེལ་ལ་ཡང་སྲུང་བཟློག་གསོལ་མཆོད་བརྒྱ་སྟོང་མང་པོས་དོ་ཟླ་མིན་ཏེ། ཕྱོགས་ཙམ་མཚོན་ན། བྱང་ཆུབ་སེམས་དཔའ་བྱམས་པས་འདི་ལྟར་དམ་བཅས་སོ། །བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་འཇིག་པའི་དུས་ལ་བབ་ཅིང་། སངས་རྒྱས་ཀྱི་བྱང་ཆུབ་འཇིག་པར་འགྱུར་བ་འཇིག་པ་ཆེན་པོས་འཇིག་པའི་དུས་ན་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་སྐྱེས་བུ་དམ་པ་དེ་དག་ལ་རབ་ཏུ་བསྟན་པར་འགྱིའོ། །དེ་དག་ལ་གཟི་བྱིན་བསྩལ་བར་བགྱིའོ། །ཡུལ་གང་ན་མདོ་སྡེ་འཛིན་པ་དེ་ལྟ་བུ་དག་གནས་པའི་ཡུལ་དེར་བདག་གིས་དུས་མ་ལགས་བའི་སེར་བ་དང་། དགུན་ཆར་དང་། མུ་གེ་དང་། བྲོ་ནད་ཡ་ང་བ་དང་། མི་ངས་དང་། ཡམས་ཀྱི་ནད་དང་། གནོད་པ་དང་། འཁྲུགས་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །ཡུལ་གང་ན་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། གླེགས་བམདུ་བགྱིས་པའམ། རྒྱལ་མཚན་གྱི་རྩེ་མོར་བཏགས་ལ་མཆོད་པ་བགྱིད་པའི་ཡུལ་དེར་བདག་གིས་བྱིན་གྱིས་བརླབས་ཀྱིས་ཕ་རོལ་གྱི་དམག་ཚོགས་ཐམས་ཅད་དང་། ཆོམ་རྐུན་དང་། སྲིན་པོ་དང་། མཁའ་འགྲོ་མའི་ཡ་ང་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །གང་དག་ན་ཆོས་སྨྲ་བ་འདི་ལྟ་བུ་དག་དང་། མདོ་སྡེ་འདི་འཆད་པའི་ཡུལ་དེར་བདག་གིས་ལོ་ཏོག་དང་། ནོར་དང་། འབྲུ་དང་། མེ་ཏོག་དང་། ལོ་མ་དང་། འབྲས་བུ་ཐམས་ཅད་ཕུན་སུམ་ཚོགས་པ་དང་། བདེ་བ་ཐམས་ཅད་འབྱུང་བར་བྱིན་གྱིས་བརླབ་པར་བགྱིའོ། །ཞེས་དང་། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། བཙུན་པ་བཅོམ་ལྡན་འདས་ནམ་མིའི་རྒྱལ་པོས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་དེ་ཐོས་ནས། མདོ་སྡེའི་དབང་པོ་འདི་འཛིན་པའི་དགེ་སློང་དེ་དག་ཕྱིར་རྒོལ་བ་ཐམས་ཅད་ལ་ཀུན་ཏུ་སྲུང་བར་བགྱིད། ཡོངས་སུ་སྐྱོབ་པ་དང་། ཡོངས་སུ་འཛིན་པ་དང་། ཡོངས་སུ་སྐྱོང་བར་བགྱིད་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས། མིའི་རྒྱལ་པོ་དེའི་ཡུལ་ཐམས་ཅད་ནི་གནས་པའི་སེམས་ཅན་རྣམས་ཀུན་ཏུ་བསྲུང་བར་བགྱིད། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །ཞེས་དང་། སྡུད་པ་ལས། ཤེས་རབ་ཕ་རོལ་ཕྱིན་པ་གང་ལ་མགོན་སྤྱོད་པ། །འདི་དག་གང་ཞིག་གུས་བྱས་འཛིན་དང་ཆུབ་བྱེད་པ། །དེ་ལ་དུག་དང་མཚོན་དང་མེ་དང་ཆུས་མི་ཚུགས། །བདུད་དང་བདུད་ཀྱི་ཕྱོགས་ཀྱིས་གླགས་ཀྱང་རྙེད་མི་འགྱུར། །ཞེས་གསུངས། གཞན་ཡང་ཡུམ་གྱི་འགྲེལ་པར། གཙོ་བོར་ཆོས་སྐུའི་དེ་བཞིན་གཤེགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉིད་ཡིན་ནོ། །དེ་བས་ན་དེ་སྟོན་པར་བྱེད་པའི་རྒྱལ་བའི་ཡུམ་ལ་མཆོད་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཆོས་ཀྱི་སྐུ་ལ་མཆོད་པའི་ཕྱིར་བསོད་ནམས་མང་དུ་སྐྱེ་བ་ཡིན་ནོ། །ཞེས་དང་། སྡུད་པ་ཚིགས་སུ་བཅད་པ་ལས། རྒྱལ་བས་བརྒྱ་བྱིན་དྲི་བ་ཡོངས་དྲིས་ལན་གསོལ་བ། །གལ་ཏེ་གདྒཱའི་བྱེ་སྙེད་སངས་རྒྱས་ཞིང་གྱུར་པ། །དེ་ཀུན་རྒྱལ་བའི་རིང་བསྲེལ་ཕྱུར་བུར་གཏམས་གྱུར་ཀྱང་། །བདག་ནི་ཤེས་རབ་ཕ་རོལ་ཕྱིན་པ་འདི་ཉིད་ལེན། །ཅི་སླད་ཅེ་ན་སྐུ་གདུང་མི་གུས་བདག་མ་ལགས། །འོན་ཀྱང་ཤེས་རབ་ཡོངས་སུ་བསྒོས་པས་མཆོད་པར་བགྱིད། །དཔེར་ན་རྒྱལ་པོ་བརྟེན་མི་རིམ་གྲོ་ཐོབ་པ་ལྟར། །སངས་རྒྱས་རིང་བསྲེལ་ཤེས་རབ་ཕ་རོལ་ཕྱིན་ལ་བརྟེན། །ནོར་བུ་རིན་ཆེན་ཡོན་ཏན་ཀུན་ལྡན་རིན་ཐང་མེད། །གབ་ཚེ་གང་དུ་སྩལ་པ་དེ་ནི་ཕྱག་བགྱི་འོས། །དེ་ཕྱུང་གྱུར་ཀྱང་གབ་ཚེ་ལ་ནི་དགའ་བར་བགྱིད། །ཡོན་ཏན་དེ་དག་ནོར་བུ་རིན་ཆེན་དེ་ཡིས་ལགས། །དེ་བཞིན་ཤེས་རབ་ཕ་རོལ་ཕྱིན་མཆོག་ཡོན་ཏན་གྱིས། །རྒྱལ་བ་མྱ་ངན་འདས་ཀྱང་རིང་བསྲེལ་མཆོད་པ་བརྙེས། །དེ་ལྟའི་གང་ཞིག་རྒྱལ་བའི་ཡོན་ཏན་འཛིན་འཚལ་དེས། །ཤེས་རབ་ཕ་རོལ་ཕྱིན་བླང་འདི་ནི་ཐར་པ་ལགས། །ཞེས་དང་། སངས་རྒྱས་ཕལ་པོ་ཆེའི་བཟང་པོ་དཔལ་གྱི་ལེའུ་ལས། རྣམ་ཐར་དམ་པ་འདི་དག་སུས་ཐོས་ནས། །ཡིད་ཆེས་འཛིན་ཅིང་རྗེས་སུ་སྒྲོགས་བྱེད་པ། །དེ་དག་ངོ་མཚར་རྨད་བྱུང་ཆོས་ལྡན་ཏེ། །དེ་དག་དགའ་བྱེད་མི་ཡི་འཇིག་རྟེན་ན། །འདི་འདྲའི་ཆོས་དེར་གང་དག་དད་གྱུར་པ། །སེམས་ཅན་སོ་སོ་སྐྱེ་བོའི་ཚོགས་ན་དཀོན། །གང་དག་དགེ་བསགས་བསོད་ནམས་བྱས་གྱུར་པ། །དེ་དག་རྒྱུ་ཡི་སྟོབས་ཀྱིས་འདི་ལ་དད། །གང་དག་ཉན་ཐོས་ཐེག་པའང་ཡིད་ཆེས་པའི། །མི་དག་མི་ཡི་འཇིག་རྟེན་རྣམས་ན་ཉུང་། །དེ་བས་རྐྱེན་གྱི་ཐེག་པར་རབ་ཏུ་ཉུང་། །ཐེག་པ་ཆེན་པོར་དེ་དག་དེ་བས་ཉུང་། །ཐེག་པ་ཆེ་ལ་ཞུགས་པ་དེ་དཀོན་ཏེ། །གང་དག་ཆོས་འདིར་དད་པའང་རབ་དཀོན་ན། །འཇུག་ཅིང་འཛིན་པ་སྨོས་ཀྱང་ཅི་དགོས་ཏེ། །གང་དག་དེ་བཞིན་སྒྲུབ་པ་སྨོས་ཅི་དགོས། །གང་དགསྟོང་གསུམ་རི་དང་རྒྱ་མཚོར་བཅས། །ཕྱི་མའི་བསྐལ་པར་མགོ་བོས་འདེགས་བྱེད་ཀྱང་། །ཆོས་འདིར་དད་པའི་བྱ་དཀའ་ཅི་འདྲ་བ། །དེ་འདྲ་དེ་ནི་དེ་ལ་ཡོད་མ་ཡིན། །ལ་ལས་སྟོང་གསུམ་རྡུལ་སྙེད་སེམས་ཅན་ལ། །བདེ་བ་ཀུན་གྱིས་བསྐལ་པར་བསྙེན་བཀུར་ཀྱང་། །ཆོས་འདིར་དད་པའི་བསོད་ནམས་ཅི་འདྲ་བ། །བསོད་ནམས་ཁྱད་པར་དེ་འདྲ་དེ་ལ་མེད། །ལ་ལས་ཞིང་བཅུ་རི་དང་རྒྱ་མཚོར་བཅས། །ལག་པའི་མཐིལ་དུ་བསྐལ་པར་མཁར་འཛིན་ཀྱང་། །ཆོས་འདིར་དད་པའི་བྱ་དཀའ་ཅི་འདྲ་བ། །དེ་འདྲ་དེ་ནི་དེ་ལ་ཡོད་མ་ཡིན། །ལ་ལས་ཞིང་བཅུའི་རྡུལ་སྙེད་སེམས་ཅན་ལ། །དགེ་བ་ཀུན་གྱིས་བསྐལ་པར་བསྙེན་བཀུར་ཀྱང་། །ཆོས་འདིར་དད་པའི་བསོད་ནམས་ཅི་འདྲ་བ། །བསོད་ནམས་ཁྱད་པར་དེ་འདྲ་དེ་ལ་མེད། །ལ་ལས་ཞིང་བཅུའི་རྡུལ་སྙེད་སངས་རྒྱས་རྣམས། །བདེ་བ་ཀུན་གྱིས་བསྐལ་པར་བསྙེན་བཀུར་བས། །གང་གིས་ཆོས་ཀྱི་ལེའུ་འདི་བཟུང་བྱས་པ། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །ཞེས་དང་། སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པའི་མདོ་ལས། སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་ལ། །གང་གིས་ཁམས་གསུམ་སྦྱིན་པ་བྱིན་པ་བས། །མདོ་སྡེ་འདི་ལ་མཆོད་པ་བྱས་ན་ནི། །སྦྱིན་པ་དེ་ཡི་དཔེར་ཡང་མི་ཕོད་དོ། །གང་གིས་སངས་རྒྱས་ལ་ནི་དད་བྱས་ཏེ། །ཚད་མེད་གཙུག་ལག་ཁང་ནི་བརྩེགས་པ་བས། །གང་ཞིག་མདོ་འདི་འཛིན་པ་གང་ཡིན་པ། །དེ་ནི་དེ་བས་བསོད་ནམས་མང་པོར་འགྱུར། །གང་ཞིག་མེ་ཏོག་གཅིག་ཙམ་འཐོར་བྱེད་ཅིང་། །གོས་དང་ཕྲེང་བ་བྱུགས་པ་དེ་བཞིན་ཏེ། །ཏིང་འཛིན་འདི་ལ་བསྙེན་བཀུར་བྱེད་གྱུར་ན། །བསོད་ནམས་མཆོག་ཚད་སྔ་མ་དེ་མི་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པས་མཚོན་ནོ། །གཉིས་པ་བྱེ་བྲག་ཏུ་ལུང་གི་ཆོས་ལ་ཐོས་བསམ་བྱས་པའི་ཕན་ཡོན་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མེད་སྤོང་བར་འགྱུར། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་ཕྱི་ནང་གི་གྲུབ་མཐའ་ཤེས་པས་བླང་དོར་གྱི་དམིགས་ཕྱེད། ཚུལ་ཁྲིམས་ཀྱི་བསླབ་པ་ཐོས་པས་ཉེས་སྤྱོད་ལས་བཟློགསེམས་ཀྱི་བསླབ་པ་ཐོས་པས་དོན་མེད་པའི་གཡེང་བ་སྤང་། ཤེས་རབ་ཀྱི་བསླབ་པ་ཐོས་པས་ཟག་ཟད་ཀྱི་མྱང་འདས་ཐོབ་པར་བྱེད་པ་སྟེ་བཞིར་གསུངས་པ་དང་། ལུང་རྣམ་འབྱེད་ལས། མང་དུ་ཐོས་པ་ལས་ཕན་ཡོན་ལྔ་ཡོད་དེ། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། དེའི་གདམས་ངག་དང་རྗེས་སུ་བསྟན་པ་གཞན་ལ་རག་མ་ལས་པ་ཡིན་ནོ། །ཞེས་དང་། སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་སོགས་ཀྱིས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །གནོད་པ་མེད་པའི་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའི་དགྲ་འཇོམས་དཔུང་གི་མཆོག །གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་དུ་མཁས་པ་དགའ་བར་འགྱུར། །ཕས་ཀྱི་རྒོལ་བར་ཉི་མའི་འོད་དང་འདྲ། །འགྲན་པ་རྣམས་ཀྱི་གྲགས་དང་དྲེགས་པ་སེལ། །ཞེས་པ་ནས། དུལ་ཞིང་རབ་ཏུ་གསལ་བའི་སྤོབས་པ་སྐྱེ། །གྲགས་པ་ཆེན་པོ་འཕྲལ་དུ་འབྱུང་བར་བྱེད། །སྨྲ་ལྕེ་བདེ་འགྱུར་ཁྱད་པར་ཅན་གྱི་རྒྱུ། །ཐོས་པའི་དཔལ་གོམས་དོན་གསལ་རྟོགས་པར་འགྱུར། །ཐོས་དང་ལྡན་ན་འགལ་བ་མེད་པ་ཡིན། །སྡེ་གསུམ་ལམ་ལ་རབ་ཏུ་གནས་པར་འགྱུར། །ཞེས་གསུངས། དེས་ན་བློ་གྲོས་དང་ལྡན་པ་རྣམས་ཀྱིས་མང་དུ་ཐོས་པ་འཚོལ་བ་སོགས་ཀྱི་སྒོ་ནས་རང་རྒྱུད་ཡོན་ཏན་གྱིས་འབྱོར་པའི་ཐབས་ལ་འབད་པར་བྱ་སྟེ། །དེ་ཉིད་ལས། ཡོན་ཏན་ཡོད་ན་རྒྱལ་པོའི་གོ་འཕང་དང་། །སྐྱེ་དགུ་མངོན་པར་འདུ་བའང་ཐོབ་པར་འགྱུར། །ལྷ་དབང་དཔལ་ཡང་ཡོན་ཏན་ལ་ལྟོས་ཏེ། །ཡོན་ཏན་ཡོད་ན་ཕ་རོལ་མགུ་བར་འགྱུར། །གྲགས་པ་རྣམས་ཀྱང་ཡོན་ཏན་ཉིད་ལས་འཕྲོ། །བདག་ཉིད་ཆེ་བའང་ཡོན་ཏན་ལྡན་ལས་འབྱུང་། །ཟླ་འོད་ལས་ཀྱང་གསལ་བའི་ཡོན་ཏན་གྱིས། །དགྲ་བོ་མི་ཟད་དྲེགས་ཤིང་སྡང་བ་དང་། །འཁོན་རྙིང་ཡོད་ཅིང་ཕྲག་དོག་ཆེ་བ་ཡང་། །ཡིད་ནི་རབ་ཏུ་དྭངས་ཤིང་མགུ་བྱེད་དོ། །ཞེས་གསུངས། ཁྱད་པར་ཉན་པའི་ཕན་ཡོན། གཎྜིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །རྔའམ་གཎྜིའི་བརྡུངས་པའི་སྒྲ། །ཐོས་པས་བྱང་ཆུབ་འཐོབ་འགྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་དང་། སློབ་དཔོན་དབྱིག་གཉེན་གྱིས། དད་པས་ཉན་པ་གང་གིས་ནི། །མཐོ་རིས་དགའ་བའི་བསོད་ནམས་དང་། །གང་གིས་མྱ་ངན་འདའ་ཐོབ་པའི། །ཤེས་རབ་ས་བོན་བརྟས་པར་འགྱུར། །ཞེས་དང་། མ་ཐོས་པ་ཐོས་པར་འགྱུར་བ་དང་། ཐོས་པ་ཡོངས་སུ་བྱང་བར་འགྱུར་བ་དང་། སོམ་ཉི་སྤོང་བ་དང་། ལྟ་བ་དྲང་པོར་བྱེད་པ་དང་། ཤེས་རབ་ཀྱིས་ཚིག་དང་དོན་ཟབ་མོ་རྟོགས་པར་འགྱུར་བ་སོགས་ཕན་ཡོན་ལྔ་ཚན་གསུམ་དཔེ་དང་བཅས་པ་བསྟན་པས་མཚོན་ཤིན་ཏུ་མང་ངོ་། །བཤད་པའི་ཕན་ཡོན་ཀྱང་མདོ་ལས། གང་ལ་ཕན་ཕྱིར་ང་ཡི་ཆོས། །ཚུལ་བཞིན་བསྟན་པས་མཆོད་འགྱུར་ཏེ། །མེ་ཏོག་བྱུགས་པ་མར་མེ་ཡིས། །རྒྱལ་བ་ཡང་དག་མཆོད་མ་ཡིན། །ཞེས་སོགས་བླ་ན་མེད་པའི་མཆོད་པར་འགྱུར་བ་དང་། གསེར་འོད་ལས། སྦྱིན་པ་རྣམས་ཀྱི་ནང་ནས་འདི་ལྟ་སྟེ། །ཆོས་ཀྱི་སྦྱིན་པ་མཆོག་ཅེས་ངས་བཤད་དོ། །ཞེས་དང་། བྱམས་པ་སེངྒེ་སྒྲའི་མདོ་ལས། གང་གིས་གངྒཱའི་བྱེ་སྙེད་སངས་རྒྱས་ཞིང་། །རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས། །རབ་དགའི་སེམས་ཀྱིས་རྒྱལ་ལ་འབུལ་བ་དང་། །གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེན་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེེས་སྒྲུབ་དེ་ལ། །ཆར་ཡང་མི་ཕོད་གྲངས་སུའང་མ་ཡིན་ན། །གཉིས་དང་གསུམ་ལ་བསམ་དུ་ག་ལ་ཡོད། །ཅེས་དང་། སྟོང་ཆེན་འཇིག་རྟེན་ཁམས་ནི་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པར་བྱེད་པ་ནི། །ཚིགས་བཞིའི་ཚིགས་སུ་བཅད་པ་གཅིག་བརྗོད་པས། །ཇི་ལྟར་ཕན་འདོགས་དེ་ལྟར་འགྱུར་མ་ཡིན། །ཕན་འདོགས་བྱེད་པར་འདོད་པ་གང་ཞིག་གིས། །འཇིག་རྟེན་གསུམ་ན་སེམས་ཅན་ཐམས་ཅད་ཀྱིས། །བདེ་བ་གང་དག་ཡོད་པ་དེ་དག་ཀུན། །སེམས་ཅན་གཅིག་ལ་སྦྱིན་པ་བྱས་པ་བས། །གང་གིས་དེ་ལ་སངས་རྒྱས་ལུགས་ཀྱི་ནི། །ཚིགས་བཞིའི་ཚིགས་སུ་བཅད་པ་གཅིག་བསྒྲགས་ན། །དེ་ནི་ཤིན་ཏུ་ཕན་འདོགས་མཆོག་ཡིན་ཏེ། །དེས་ནི་སྡུག་བསྔལ་དག་ལས་གྲོལ་བར་འགྱུར། །ཞེས་ཟང་ཟིང་གི་སྦྱིན་པ་ལས་མཆོག་ཏུ་གྱུར་ཅིང་ཕན་འདོགས་ཀྱི་མཆོག་ཡིན་པ་དང་། སེངྒེསཞུས་པ་ལས། ཆོས་ཀྱི་སྦྱིན་པ་སྐྱེ་བ་དྲན། །ཞེས་དང་། རྒྱ་མཚོས་ཞུས་པ་ལས། ཆོས་ཀྱི་སྦྱིིན་པས་ནི་ཟག་པ་ཟད་པ་མངོན་པར་ཤེས་པ་རྣམ་པར་དག་པར་འགྱུར་རོ། །ཞེས་དང་གཟུངས་དང་མངོན་ཤེས་ཐོབ་པའི་རྒྱུར་འགྱུར་བ་དང་། ལྷག་བསམ་བསྐུལ་བའི་མདོ་ལས། བྱམས་པ། གང་རྙེད་པ་དང་བཀུར་སྟི་མི་འདོད་པར་ཆོས་ཀྱི་སྦྱིན་པ་བྱིན་ན། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད་པའི་ཕན་ཡོན་ཉི་ཤུ་སྟེ། ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་དང་ལྡན་པ་ཡིན། བློ་དང་ལྡན་པ་ཡིན། བློ་གྲོས་དང་ལྡན་པ་ཡིན། མོས་པ་དང་ལྡན་པ་ཡིན་ནོ། །ཤེས་རབ་དང་ལྡན་པ་ཡིན། འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པར་འགྱུར་བ་ཡིན། འདོད་ཆགས་ཆུང་བ་ཡིན། ཞེ་སྡང་ཆུང་བ་ཡིན། གཏི་མུག་ཆུང་བ་ཡིན། བདུད་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་ལ་དགོངས་པ་ཡིན། མི་མ་ཡིན་པ་རྣམས་ཀྱིས་དེ་ལ་བསྲུང་བ་ཡིན། ལྷ་རྣམས་ཀྱིས་དེའི་ལུས་ལ་མདངས་འཇུག་པ་ཡིན། མི་མཛའ་བ་རྣམས་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། དེ་མཛའ་བོ་རྣམས་དང་མི་ཕྱེད་པ་ཡིན། ཚིག་གཟུང་བར་འོས་པ་ཡིན། མི་འཇིགས་པ་ཐོབ་པ་ཡིན། ཡིད་བདེ་བ་མང་བ་ཡིན། མཁས་པས་བསྔགས་པ་ཡིན། དེ་ཆོས་ཀྱི་སྦྱིིན་པ་དེ་རྗེས་སུ་དྲན་པར་འགྱུར་བ་ཡིན་ཏེ། བྱམས་པ། ཕན་ཡོན་ཉི་ཤུ་པོ་དེ་དག་གོ །ཞེས་དང་། བསླབ་བཏུས་ལས། ཆོས་ཀྱི་སྦྱིིན་པ་ཟང་ཟིང་མེད། །བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ། །ཞེས་གསུངས་པས་མཚོན་བསོད་ནམས་འཕེལ་བས་བྱང་ཆུབ་འཐོབ་པར་འགྱུར་བའོ། །ཉན་བཤད་གཉིས་ཀས་ཀྱང་ཐེག་པ་གསུམ་གྱི་ཁམས་བརྟས་པ་དང་། མཁས་པར་འགྱུར་བས་ཀུན་གྱིས་བཀུར་བ་དང་། བསྟན་པ་བཟུང་བས་བྱང་ཆུབ་འཐོབ་པར་འགྱུར་བ་སྟེ་དེའི་ཚུལ་སྔར་ཡང་བསྟན་མོད་འོག་ཏུ་ཡངསྟོན་པར་འགྱུར་རོ། །དེ་ལས་ཁྱད་པར་དུ་ཐེག་པ་ཆེན་པོའི་ཆོས་ཉན་བཤད་བྱས་ན་ཕན་ཡོན་ཆེ་སྟེ། གཞི་དུས་སུ་ཐེག་དམན་གྱི་དགེ་བ་ཟིལ་གྱིས་གནོན་པ་ཡང་། ཡུམ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཉིད་དགྲ་བཅོམ་པ་འཐོབ་པར་འགྱུར་ལ། དགྲ་བཅོམ་པ་དེ་དག་གིས་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ་ལ། ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། བསོད་ནམས་ཀྱི་ཕུང་པོ་དེ་མང་བ་ཡིན་ནམ། གསོལ་བ་བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ། དེ་བས་ཀྱང་སུ་ཞིག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་ལྡན་པའི་ཆོས་ཐ་ན་ཉིན་གཅིག་བཏོན་ན། དེའི་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་སྐྱེའོ། །ཞེས་པ་ནས། ཀུན་དགའ་བོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཆོས་ཀྱི་སྦྱིན་པ་སྟེ། ཉན་ཐོས་ཀྱི་ཐེག་པ་ཐམས་ཅད་དང་། རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཟིལ་གྱིས་གནོན་པའོ། །ཞེས་གསུངས། ལམ་དུས་སུ་སྒྲིབ་པ་མ་ལུས་པ་སྤངས་ནས་བསོད་ནམས་གཞན་ལས་ལྷག་པའང་། རྒྱུད་བླ་མ་ལས། གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ལ། །ཁྲིམས་ཀྱིས་མཐོ་རིས་སྒོམ་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་དེ་ཉིད་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། །ཞེས་གསུངས། འབྲསདུས་སུ་རྣམ་པ་ཐམས་ཅད་འཁྱེན་པ་མངོན་དུ་འགྱུར་བའང་། མདོ་སྡེ་རྒྱན་ལས། གང་ཞིག་ཚིག་གི་དོན་བསྒོམས་ནས། །ཚིགས་བཅད་གཉིས་འཛིན་རབ་སྦྱོར་བ། །སེམས་ཅན་བློ་ལྡན་མཆོག་དེ་ཡིས། །ཡོན་ཏན་རྣམ་བཅུ་འཐོབ་འགྱུར་ཏེ། །ཁམས་ནི་ཟད་པར་བརྟས་པ་དང་། འཆི་བའི་ཚེ་ན་རབ་དགའ་ཐོབ། །ཇི་ལྟར་འདོད་པར་སྐྱེ་བ་དང་། །ཀུན་ཏུ་ཚེ་རབས་དྲན་པ་དང་། །སངས་རྒྱས་རྣམས་དང་ཕྲད་པ་དང་། །དེ་ལ་ཐེག་མཆོག་ཐོས་པ་དང་། །མོས་པ་བློ་དང་ལྡན་པ་དང་། །སྒོ་གཉིས་བྱང་ཆུབ་མྱུར་ཐོབ་བོ། །ཞེས་གསུངས། དེ་ལས་ཀྱང་རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་སྔགས་བླ་མེད་ཀྱི་ཆོས་རྣམས་ལ་ཉན་བཤད་བསྒོམས་གསུམ་བྱས་ན་སྔ་མ་ལས་ཕན་ཡོན་འགྱུར་ཁྱད་ཆེ་སྟེ། རྡོ་རྗེ་ཐེག་པ་ནི་སངས་རྒྱས་ལས་ཀྱང་འགྱུར་བར་དཀོན་ཅིང་བདག་ཅག་གི་སྟོན་པ་འདིས་རྩོད་ལྡན་གྱི་འགྲོ་བ་མ་དུལ་བ་རྣམས་འདུལ་བའིཐུགས་བསྐྱེད་ཁྱད་པར་དུ་འཕགས་པའི་སྟོབས་ཀྱིས་བསྟན་པ་འདི་ལ་བྱོན་པ་མ་གཏོགས། དུས་གསུམ་སངས་རྒྱས་ཀྱི་བསྟན་པ་ལ་མ་བྱུང་མི་འབྱུང་འབྱུང་བར་མི་འགྱུར་བར་གསུངས་པས་ན་རྒྱུད་སྡེ་ཟབ་མོ་རྣམས་འབྲི་འཆང་ཀློག་ཅིང་དོན་སྒོམ་པར་བྱེད་པ་རྣམས་བྱང་ཆུབ་རྡོ་རྗེ་ཉིད་དུ་བལྟ་བར་བྱ་བ་སོགས་རྒྱུད་སྡེ་རྣམས་ནས་རྒྱ་ཆེར་གསུངས་པ་ཕྱོགས་ཙམ་མཚོན་ན། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦཱ་རིའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའིཚུལ་འཆང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་ཉམས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་པས། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །ཞེས་དང་། སྒྱུ་འཕྲུལ་རྩ་བའི་རྒྱུད་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་ཀུན་ཏུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་དང་། ཡེ་ཤེས་གྲུབ་པ་ལས། སྟོན་པའི་གསང་ནི་རྒྱ་མཚོ་ཀུན། །བསྡུས་ཏེ་སྙིང་པོའི་བཅུད་ཕྱུང་བ། །གསང་ཆེན་ངེས་པ་འདི་ཡིན་ཏེ། །འདི་མ་སྣང་བར་གྲོལ་བ་མེད། །ཅེས་དང་། དགོངས་པ་ལུང་སྟོན་ལས། ཤིན་ཏུ་གྲངས་མེད་བསྐལ་པ་རུ། །སངས་རྒྱས་རྣམས་ཀྱིས་གང་མཁྱེན་པ། །སྔགས་པ་རྣམས་ཀྱིས་དུས་གཅིག་ཏུ། །ཚེ་གཅིག་རྫོགས་པའི་བྱང་ཆུབ་ཐོབ། །ཅེས་གསུངས། བྱེ་བྲག་གཙོ་བོར་རྒྱུད་ཉན་པ་པོས་ཐོབ་པའི་ཕན་ཡོན་ནི། གསང་སྙིང་ལས། གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །ཞེས་དང་། ཀུན་འདུས་རིག་པའི་མདོ་ལས། གསང་སྔགས་ཀྱི་ལྷའི་མཚན་རྣ་བར་ཐོས་པ་ཙམ་གྱིས་བསྐལ་པ་དགུ་བཅུ་རྩ་གསུམ་དུ་བསགས་པའི་སྒྲིབ་པ་ཐམས་ཅད་ཟད་པར་བྱེད་དོ། །ཞེས་གསུངས། རྒྱུད་འཆད་པ་པོས་ཐོབ་པའི་ཕན་ཡོན་ཡང་། སྒྱུ་འཕྲུལ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ནི་ང་ཡིན་དབང་ཡང་རྫོགས། །ཞེས་གོང་དུ་དྲངས་པ་དང་། དེ་ནི་ངེས་པར་ལུང་བསྟན་ཏེ། །སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ས་རབ་རིག་པ་འཛིན་ལ་གནས། །ཞེས་གསུངས། གཉིས་ཀས་མཉམ་པོར་ཐོབ་བའི་ཕན་ཡོན་ཡང་། དེ་ལས། རྒྱལ་བའི་རིག་པ་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡི། །སྲས་དང་སྤུན་དགོངས་བྱིན་གྱིས་རློབ། །ཅེས་དང་། སྒྱུ་འཕྲུལ་བཤད་རྒྱུད་རྒྱ་མཚོ་ལས། སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ཆེན་འདི། །མོས་དང་མཐོང་དང་བྲིས་པ་དང་། །བཀླགས་པ་ཙམ་གྱིས་འགྲུབ་འགྱུར་ན། །རྟོགས་དང་གོམས་པའི་སྦྱོར་བ་ཡིས། །འབྲས་བུ་ཐོབ་པ་སྨོས་ཅི་དགོས། །ཞེས་དང་། ཧེ་རུ་ཀ་གལ་པོ་ལས། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །རྣལ་འབྱོར་འདིར་གྱུར་ཕྱིན་ཆད་ནི། །ཀློག་གམ་ཡང་ན་སེམས་ཀྱང་རུང་། །དེ་ཡང་རྡོ་རྗེ་འཛིན་འདྲར་འགྱུར། །ཞེས་གསུངས། ཚུལ་བཞིན་ཉམས་སུ་བླངས་པས་བཙོན་འགྲུས་རབ་ཚེ་འདིར་གྲོལ་བར་བྱེད་པའི་ཕན་ཡོན་ཡང་། སམ་བུ་ཊི་ལས། བསྐལ་པ་བྱེ་བ་དུ་མ་རུ། །བསྒྲུབ་པར་དཀའ་བའི་སངས་རྒྱས་ཀྱང་། །ཚེ་འདི་ཉིད་ལ་སྟེར་བས་ན། །འབྲས་བུའི་ཐེག་པ་ཞེས་བྱའོ། །ཞེས་དང་། སངས་རྒྱས་མཉམ་སྦྱོར་ལས། བསྐལ་པ་བྱེ་བ་གྲངས་མེད་ཀྱིས། །སངས་རྒྱསཀུན་དངོས་མི་ཐོབ་པ། །གསང་སྔགས་ཚེ་འདིའི་ཆོ་ག་ཡིས། །ཚེ་འདི་ཉིད་ལ་འཐོབ་པར་འགྱུར། །ཞེས་དང་། རྡོ་རྗེ་གསང་བའི་རྒྱུད་ལས། ཤིན་ཏུ་བརྩོན་པས་གང་སྒྲུབ་པ། །ཚེ་འདི་ཉིད་ལ་སངས་རྒྱས་ཏེ། །གདུལ་བྱའི་ཞིང་དུ་མཛད་པ་སྟོན། །གྲངས་མེད་རྡོ་རྗེ་འཆང་རྣམས་ཀྱི། །ཟབ་མོའི་ཉེ་ལམ་མཐར་ཐུག་པའོ། །ཞེས་དང་། ཐུན་མོང་མ་ཡིན་པ་གསང་བ་སྒྲ་རྒྱུད་ལས། དངོས་གྲུབ་མཆོག་རྣམས་མཐར་ཐུག་པ། །འབད་ཅིང་རྩོལ་བས་མ་ཡིན་པར། །གང་དང་སུ་འཕྲད་གྲོལ་བར་ངེས། །དེས་ན་རྫོགས་ཆེན་བྱ་བ་བྲལ། །གཞན་འབད་པ་ལས་འབྱུང་བ་མིན། །ཆོས་ཉིད་མངོན་སུམ་ཁྱད་པར་གྱིས། །དབང་པོ་རྣོ་དང་རྟུལ་མེད་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ལས། །གཞན་དུ་གནས་པ་མ་ཡིན་ནོ། །ཞེས་དང་། རྒྱུད་ཉི་ཟླ་ཁ་སྦྱོར་ལས། ང་ཡི་རྒྱུད་འདི་སུས་བཟུང་བ། །འཇིག་རྟེན་ཕན་པའི་འབྲསབུ་དང་། །ངེས་པར་སྣང་བའི་ས་ཐོབ་སྟེ། །སྐུ་གསུམ་ལ་ཡང་ལོངས་སྤྱོད་དོ། །འདི་ཉིད་བཅངས་པ་ཙམ་གྱིས་ནི། །མ་བསྒོམས་བསམ་གཏན་འབབ་པ་དང་། །མ་བསླབས་ཆོས་རྣམས་ཤེས་པ་དང་། །མ་བསྟན་གདམས་ངག་ཉིད་གོམས་དང་། །མ་བཤད་རྒྱུད་རྣམས་རང་ཤེས་དང་། །མ་བསྐྱེད་ལྷ་ཡང་མངོན་དུ་སྣང་། །དེ་ཡི་ཕྱིར་ན་རྒྱུད་འདི་དག །རྣལ་འབྱོར་གང་ཞིག་སྐལ་ཆེ་བས། །འདི་ཉིད་བཅངས་པས་དངོས་གྲུབ་འཐོབ། །སངས་རྒྱས་མཛད་སྤྱོད་དང་དུ་ལོང་། །ངན་སོང་གནས་གསུམ་དོང་སྤྲུགས་ཏེ། །བདེ་བ་ཆེན་པོའི་ལམ་དུ་འཛུད། །རང་སྣང་གོམས་པའི་གདེང་ཐོབ་ནས། །དབྱིངས་སུ་འཕོ་བའི་འཇིགས་མེད་རྙེད། །ཅེས་གསུངས། བརྩོན་པ་འབྲིང་བར་དོར་གྲོལ་བའི་ཕན་ཡོན་ཡང་། རྡོ་རྗེ་གདན་བཞི་ལས། བུ་ག་དགུ་ཡི་སྟེང་ཕྱོགས་ནས། །འཕྲལ་དུ་ཡིད་ཀྱིས་འཕོ་བྱེད་ན། །ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་དང་། །ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པ། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། གཟུགས་ཅན་ཕུང་པོར་རགས་ལུས་སུ། །ཚེ་འདི་ཉིད་ལ་མ་གྲུབ་ཀྱང་། །ཡིད་ནི་རྡོ་རྗེའི་སྐུ་གྲུབ་ནས། །བར་དོར་ཡང་དག་འགྲུབ་པར་འགྱུར། །ཞེས་དང་། སྒྱུ་འཕྲུལ་ལམ་རིམ་ལས། བརྩོན་པ་འབྲིང་གི་རྣལ་འབྱོར་པ། །རྣམ་སྨིན་འབྱུང་བའི་ལྷག་མ་བཞག །རྡོ་རྗེ་འཆང་སར་རིག་པས་འགྲོ། །རྣམ་པར་སྨིན་ཞེས་དེ་ལ་བརྗོད། །ཅེས་དང་། ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་འདི་སྤངས་མ་ཐག །བླ་ན་མེད་པའི་ཡེ་ཤེས་སྐུ། །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །བརྩོན་འགྲུས་ལྡན་རྣམས་སྨོས་ཅི་དགོས། །ཞེས་གསུངས། དབང་པོ་དང་བརྩོན་འགྲུས་ཐ་མ་སྐྱེ་བ་བརྒྱུད་ནས་གྲོལ་བའི་ཕན་ཡོན་གྱི་ཁྱད་པར་ཡང་། སངས་རྒྱས་ཐོད་པའི་རྒྱུད་ལས། དེ་ཕྱིར་རྣལ་འབྱོར་བློ་ལྡན་གྱིས། །ཤིན་ཏུ་སྦྱོར་བའི་སེམས་ཀྱིས་ནི། །སྐྱེ་འདིར་དངོས་གྲུབ་མ་ཐོབ་ཀྱང་། །སྐྱེ་གཞན་སྲིད་པར་དངོས་གྲུབ་ཐོབ། །ཅེས་ཐ་མའི་རབ་སྐྱེ་བ་ཕྱི་མ་ཁོ་ནས་དང་། གསང་བ་མཛོད་ལས། དབང་བསྐུར་ཡང་དག་སྦྱིིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ལ་ནི། །མ་བསྒོམས་ཀྱང་ནི་འགྲུབ་པར་འགྱུར། །ཞེས་ཐ་མའི་འབྲིང་དབང་ཐོབ་དམ་ཚིག་མ་ཉམས་ན་སྐྱེ་བ་བདུན་ནས་དང་། རྡོ་རྗེ་རྩེ་མོ་ལས། ཕ་རོལ་ཕྱིན་པའི་ཐེག་པ་ནི། །བསྐལ་པ་གྲངས་མེད་མི་འཐོབ་པ། །གལ་ཏེ་རྣལ་འབྱོར་པ་དེ་བརྩོན། །ཚེ་འདི་ཉིད་ལ་མྱ་ངན་འདའ། །ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདའ། །སོ་སོའི་སྐྱེ་བོ་སངས་རྒྱས་ཉིད། །འགྲུབ་པར་འགྱུར་གྱིས་གཞན་དུ་མིན། །ཞེས་ཐ་མའི་ཐ་མ་དཀྱིལ་འཁོར་དུ་ཞུགས་པ་ཙམ་གྱིས་ཀྱང་སྐྱེ་བ་བཅུ་དྲུག་གིས་གྲོལ་བར་གསུངས་སོ། །བྱེ་བྲག་ཏུ་དཀྱིལ་འཁོར་གྱི་ཞལ་མཐོང་བ་ཙམ་གྱིས་ཀྱང་། མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་སྔོན་དུ་མཐོང་བ་ཡིས། །བསོད་ནམས་བརྟག་པ་གང་ཡིན་པ། །ཕྱིས་བྱས་པའང་དེ་བཞིན་ནོ། །ཞེས་དང་། སྒྱུ་མ་ཆེན་པོ་ལས། མཐོང་བ་དང་ནི་ཞུགས་པ་ཡིས། །དེ་ཀུན་སྡིག་ལས་རྣམས་པར་གྲོལ། །ཞེས་གསུངས། ལམ་གྱི་རྩ་བ་དབང་བསྐུར་ལེགས་པར་ཐོབ་པའི་ཕན་ཡོན་ཡང་། རྔམ་གློག་ལས། གསང་བ་མཆོག་གི་དཀྱིལ་འཁོར་དུ། །འཇུག་དང་དངོས་གྲུབ་གསོལ་བ་དང་། །དབང་བསྐུར་བ་ཡི་ལས་རྣམས་བྱ། །དེས་ནི་ཚེ་འདི་ཉིད་ལ་ཡང་། །སངས་རྒྱས་ཉིད་ཀྱང་འཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེས་དང་། ཧེ་རུ་ཀ་མངོན་འགྱུར་ལས། དཀྱིལ་འཁོར་བདག་པོ་མཐོང་ནས་ནི། །ཅུང་ཟད་དེ་ནི་མི་འགྲུབ་མེད། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། །ཞེས་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། དབང་རྫོགས་སྐུ་གསུམལྷུན་གྱིས་གྲུབ། །ཅེས་དང་། གསང་སྙིང་ལས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་གསུངས་། དབང་སྲོག་དམ་ཚིག་བསྲུང་བའི་ཕན་ཡོན་ཡང་། དམ་ཚིག་མཆོག་གི་རྒྱུད་ལས། འདི་ལས་འགལ་བར་མ་བྱས་ན། །རྡོ་རྗེ་འཛིན་པ་རྫོགས་སངས་རྒྱས། །ཚེ་འདི་ཉིད་ལ་ཐོབ་པར་ངེས། །ཞེས་དང་། རྡོ་རྗེ་སྙིང་པོ་སྲ་བ་འབྱུང་གནས་ཀྱི་རྒྱུད་ལས། དམ་ཚིག་སྡོམ་པ་རྣམ་བཤད་པ། །ཀུན་ཀྱང་རང་གི་སེམས་ལས་སོ། །དེ་ཡི་འཕེན་པ་བླ་མས་ཤེས། །དེ་ཕྱིིར་སེམས་ལ་འདྲིས་པའི་མིས། །སངས་རྒྱས་ཞིང་ཁམས་མཐོང་བ་དང་། །སྐུ་གསུམ་ཚད་དུ་འབྱོང་བ་དང་། །སངས་རྒྱས་ཡོན་ཏན་མངོན་པར་འགྲུབ། །བླ་མ་རྟག་ཏུ་བསྟེན་པའི་མིས། །མཁའ་འགྲོའི་གཟུགས་རྣམས་མཐོང་བ་དང་། །དེ་ཡི་བྱིན་རླབས་འཇུག་པ་དང་། །དུས་གསུམ་ལུང་ཡང་སྟོན་པ་དང་། །སྐྱེ་ཤི་གཉིས་ལ་དབང་འཐོབ་འགྱུར། །གྲོགས་ལ་བརྩེ་གདུང་ལྡན་པའི་མིས། །འགྲོ་བ་ཐམས་ཅད་འདུལ་བ་དང་། །ཀུན་གྱིས་སྙན་པར་གྲགས་པ་དང་། །གཟུགས་ཅན་ཀུན་ཀྱང་བྱམས་པ་དང་། །མཁའ་འགྲོ་མ་རྣམས་འདུ་བ་དང་། །མ་བསྒྲུབས་དངོས་གྲུབ་འབྱུང་བ་དང་། །ངག་ལ་ནུས་པ་འབར་བ་དང་། །དེ་བཞིན་མཆོག་དང་ཐུན་མོང་གི། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །རྟག་ཏུ་དགོན་པར་གནས་པའི་མིས། །རླུང་སེམས་ཚད་རྣམས་ཟིན་པ་དང་། །སྣང་བ་གྲོགས་སུ་འཆར་བ་དང་། རང་གི་སེམས་ལ་དབང་ཐོབ་འགྱུར། །བླ་མ་བསྙེན་བཀུར་བྱས་པའི་མིས། །འགྲོ་བའི་གཙོ་བོར་འགྱུར་བ་དང་། །ཀུན་གྱིས་མཐོང་ན་དགའ་བ་དང་། །ཡེ་ཤེས་མངོན་སུམ་འབྱོངས་པ་དང་། །སངས་རྒྱས་རྣམས་ཀྱིས་བྱིན་བརླབ་འགྱུར། །རྟག་ཏུ་གཏོར་མའི་ལས་བྱེད་པ། །བསོད་ནམས་ཚོགས་ནི་རྫོགས་པ་དང་། །བར་ཆད་མེད་ཅིང་ལས་རྣམས་འགྲུབ། །འདོད་པ་ཕུན་སུམ་ཚོགས་པ་དང་། །མཁའ་འགྲོ་བྲན་བཞིན་འཁོལ་བར་འགྱུར། །ཞེས་དང་། བཀོད་པ་ཆེན་པོ་ལས། རྣལ་འབྱོར་དམ་ཚིག་ལྡན་པ་ཡིས། །དངོས་གྲུབ་ཡ་མཚན་ཆེན་པོ་འགྲུབ། །ཕྲིན་ལས་བཞི་པོ་ཐོགས་མེད་ཅིང་། །རྟོགས་པ་མཆོག་ནི་གོང་དུ་འཕེལ། །ཞེས་དང་། སྒྱུ་འཕྲུལ་ལས། བདེ་གཤེགས་ཉིད་ཀྱི་ཡུལ་བཞུགས་པ། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཞེས་གསུངས། དབང་ཐོབ་དམ་ཚིག་ལ་གནས་ཤིང་བསྐྱེད་རྫོགས་ཀྱི་གནད་དང་ལྡན་པས་བསྙེན་སྒྲུབ་སྤྱི་དང་ཁྱད་པར་ཚོགས་སྒྲུབ་བགྱིས་པའི་ཕན་ཡོན་ཡང་། གསང་འདུས་ལས། དད་བརྩོན་དྲག་པོས་སྒྲུབ་གྱུར་ན། །མཚམས་མེད་ལྔ་པོ་སྤྱོད་པས་ཀྱང་། །དངོས་གྲུབ་ཐོབ་པ་གསང་སྔགས་ཁྱད། །དད་ལྡན་རྣམས་ལ་སྨོས་ཅི་དགོས། །ཞེས་དང་། ཞག་བདུན་དང་ནི་ཟླ་ཕྱེད་དང་། །ཟླ་གཅིག་ཟླ་བ་ཕྱེད་དང་གཉིས། །རྡོ་རྗེའི་དམ་ཚིག་སྒྲུབ་ན་སྟེ། །དངོས་གྲུབ་མྱུར་དུ་འཐོབ་འགྱུར་རོ། །ཞེས་དང། གསང་སྙིང་ལས། ཆོ་ག་ལྔ་རྣམས་རྫོགས་བྱས་ཤིང་། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པ། །མ་ཉམས་འཇུག་ལ་རབ་བརྩོན་ན། །ཞག་ནིསུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་དང་། ལམ་རིམ་ཡེ་ཤེས་སྙིང་པོ་ལས། དེ་ལྟར་ཟླ་དྲུག་བཅུ་གཉིས་བཅོ་བརྒྱད་ནས༔ ཕྱི་ནང་བསྐྱེད་རྫོགས་སེམས་ལ་དབང་ཐོབ་པས༔ རླུང་རིག་ལས་རུང་འོད་གསལ་མངོན་དུ་འགྱུར༔ རྣམ་སྨིན་ལུས་ལ་སེམས་ཉིད་ལྷ་སྐུར་སྨིན༔ ཟག་པ་གསུམ་ཟད་ཚེ་ལ་དབང་བ་ཐོབ༔ རིགས་ལྔའི་གདུང་འཛིན་ཕྱག་རྒྱ་ཆེན་པོའི་སྐུས༔ རྒྱལ་ཚབ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ༔ ཅེས་ཤེར་བརྩོན་རབ་ཟླ་དྲུགའབྲིང་ལོ་གཅིགཐ་མ་ལོ་གཅིག་དང་ཟླ་བ་གཉིས། ཡང་ཐ་ལོ་གཅིག་དང་ཟླ་བ་བཞི་ནས་རིག་འཛིན་གྱི་གོ་འཕང་བགྲོད་པར་གསུངས་པ་དང་། གཞན་ཡང་རྒྱུད་ལས། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིའི། །མིང་ཙམ་འཛིན་པར་བྱེད་པ་ཡང་། །གཙུག་གི་ནོར་བུ་འོད་འབར་ལྟར། །གཡོ་སྒྱུ་མེད་ཅིང་གུས་ལྡན་པའི། །སེམས་ཀྱིས་བླངས་ནས་སྤྱི་བོ་ཡིས། །གཙུག་ཏུ་བཞག་སྟེ་བཀུར་བར་བགྱི། །དེ་ཡི་དགོས་པ་ཅི་ཡང་རུང་། །མ་ལུས་རྫོགས་པར་བདག་ཅག་སྒྲུབ། །ཅེས་ལྷ་ཆེན་པོ་སོགས་འཇིག་རྟེན་གྱི་གཙོ་བོ་རྣམས་ཀྱིས་བྲོ་བོར་བ་དང་། ཨོ་རྒྱན་ཆེན་པོས་ཀྱང་། སྒྲུབ་ཆེན་འདི་ཡི་མིང་ཙམ་སུ་གང་འཛིན༔ ཨོ་རྒྱན་ང་དང་སྙིང་ཁྲག་གཅིག་ཏུ་འདྲེས༔ ཞེས་དང་མདོར་ན་ཨོ་རྒྱན་ངས་བསྟན་ཆོས་རྣམས་ལ༔ གཞུང་བཞིན་སུ་དང་སུ་ཡིས་སྐྱོབ་པ་ཀུན༔ ཐམས་ཅད་ང་ཡི་སྤྲུལ་པ་ཡིན་པར་ངེས༔ མ་འོངས་ཀུན་གྱིས་ཡིད་གཉིས་ཐེ་ཚོམ་སྤོངས༔ གུས་པས་བཀུར་སྟི་ཕུ་དུད་འབྲེལ་བ་ཞོག༔ ཅེས་དང་། མཚོ་རྒྱལ་གྱིས། མ་འོངས་པདྨའི་ཆོས་ལ་མོས་པ་ཀུན༔ དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ༔ ཐམས་ཅད་ལས་ཅན་ཡིན་པས་དགའ་བ་བསྒོམ༔ ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན༔ ཞེས་གསུངས། བསྐྱེད་རྫོགས་ཀྱི་གདེང་དང་ལྡན་པས་སྤྲོས་བཅས་ཀྱི་ཡན་ལག་སྔགས་དང་ཕྱག་རྒྱའི་ཡོ་བྱད་ལ་སྤྱད་ན། རྒྱུད་ལས། དོན་གྲུབ་དངོས་གྲུབ་ཐོབ་པ་ནི། །སྔགས་ཀྱི་བཟླས་པས་འགྲུབ་པ་ཡིན། །ཞེས་དང་། རིན་ཆེན་ཕྲེང་བ་ལས། ལན་གཅིག་ཙམ་ཡང་སྔགས་བརྗོད་ན༔ འདས་དང་འབྱུང་དང་འབྱུང་གང་ཡིན༔ གང་གིས་ལྕེ་ལ་སྨྲ་གྱུར་བ༔ དེ་དག་བདེན་པ་ཐོབ་པར་འགྱུར༔ ཞེས་དང་། གསལ་བཀྲ་ལས། རང་གི་སྒོ་གསུམ་ཡི་དམ་གྱི། །སྐུ་གསུང་ཐུགས་སུ་མངོན་སྦྱང་ལ། །རྟག་ཏུ་བཟླས་པ་བྱེད་པ་ནི། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །ཞེས་དང་། གསང་སྙིང་ལས། སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོ་འབྱུང་། །ཞེས་གསུངས་པས་མཚོན་གསང་རྒྱུད་རྣམས་ནས་རྒྱ་ཆེར་གསུངས་པ་བཞིན་གསང་སྔགས་ཡིག་འབྲུ་གཅིག་ཙམ་བཟླས་པའི་ཕན་ཡོན་ཡང་ཚད་གཟུང་བར་མི་ནུས་སོ། །དེ་བཞིན་དུ་ལྷ་ཡི་སྟངས་སྟབས་སོགས་བྲོ་གར་འདུ་འཕྲོའི་ཡོ་བྱད་ལ་སྤྱད་ན། གསང་སྙིང་ལས། སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །དཀྱིལ་འཁོར་བརྟན་པའི་ཏིང་ངེ་འཛིན། །བྲོ་གར་འདུ་འཕྲོའི་ཕྱག་རྒྱ་ཡིས། །འཛུལ་ལམ་ནམ་མཁའ་འགྲོ་བར་འགྱུར། །ཞེས་གནས་སྐབས་སུ་ལུས་ཀྱི་རྫུ་འཕྲུལ་སྣ་ཚོགས་སྟོན་ནུས་ཤིང་མཐར་ཐུག་སངས་རྒྱས་དོན་ཡོད་གྲུབ་པ་འགྲུབ་པར་གསུངས་པ་དང་། དབྱངས་རོལ་སོགས་གླུ་ཚིག་སྒྲ་ཡི་ཡོ་བྱད་ལ་བརྩོན་ན། གླུ་ཚིག་སྒྲ་ཡི་ཡོ་བྱད་ཀྱིས། །ཆོས་ཀྱི་དངོས་གྲུབ་འཐོབ་པར་འགྱུར། །ཞེས་གནས་སྐབས་སུ་གདུལ་བྱའི་བློ་དང་འཚམ་པར་ཆོས་སྟོན་ནུས་ཤིང་མཐརཐུག་གསུང་སྣང་མཐའ་འགྲུབ་པར་གསུང་པ་དང་། དེ་གཉིས་ཐུན་མོང་དུ། ཁྲག་འཐུང་ཆེན་པོ་ལ་སོགས་པའི། །བྲོོ་གར་གླུ་ཚིག་ཆེན་པོས་ནི། །ཐམས་ཅད་ཐམས་ཅད་ཅི་འདོད་པར། །ཐམས་ཅད་ཐམས་ཅད་བྱེད་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་སོ། །ཞི་བ་དང་ཁྲོ་བོའི་ཆས་སོགས་རྒྱན་དང་བགོ་བའི་ཡོ་བྱད་ལ་སྤྱད་ན། རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །ཅེས་ལུས་གཟི་བྱིན་འབར་ཞིང་ཕ་རོལ་གྱི་དཔུང་གིས་མི་བརྫི་བ་དང་རྣམ་སྣང་འགྲུབ་པར་གསུངས་པ་དང་། ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལས་ཀྱང་། མ་འོངས་དུས་ན་སྐྱེས་བུ་དག །དུས་གསུམ་སངས་རྒྱས་ཀུན་ངོ་བོ། །སྐུ་གསུམ་ཕྲིན་ལས་ཆེ་བའི་མཆོག །ཀུན་ཏུ་བཟང་པོ་ཀུན་གྱི་བདག །ཧེ་རུ་ཀ་ཡིཚུལ་འཆང་བ། །བརྟུལ་ཞུགས་བཟང་པོ་དེ་ལ་ནི། །མ་རིག་ལོག་པར་ལྟ་བའི་ཚོགས། །བདུད་བཞིའི་ཕྱོགས་སུ་གཏོགས་རྣམས་ཀྱིས། །འཚེ་ཞིང་བར་དུ་གཅོད་པ་ཡང་། །གདུག་ཅིང་འདའ་བར་ནུས་མ་ཡིན། །ཞེས་གསུངས། ཤ་ལྔ་བདུད་རྩི་ལྔ་སོགས་བཟའ་བཏུང་གི་ཡོ་བྱད་ལ་སྦྱར་ན། གསང་སྙིང་ལས། བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཅེས་ལུས་མདངས་དང་ལྡན་ཞིང་། ཟས་བདུད་རྩིའི་བཅུད་དང་ལྡན་པས་འཛད་པ་མེད་པ་དང་། རིན་འབྱུང་འགྲུབ་པར་གསུངས། བརྟུལ་ཞུགས་ཀྱི་ནུས་པ་ཁྱད་པར་བ་དང་ལྡན་པས་ཨཱ་ལི་ཀཱ་ལིའི་ཡོ་བྱད་ལ་སྤྱད་ན། ཨཱ་ལི་ཀཱ་ལིའི་ཕྱག་རྒྱ་ཡིས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཞེས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཐོབ་པར་གསུངས་པ་དང་། ཚོགས་ཀྱི་མཆོད་པ་སོགས་ཕུལ་བའི་ཕན་ཡོན་ཀྱང་། རྡོ་རྗེ་དྲྭ་བ་ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་འཐོབ་པར་འགྱུར། །ཞེས་གསུངས། མདོར་ན་ལམ་རིམ་ཡེ་ཤེས་སྙིང་པོ་ལས། མདོར་ན་རིམ་པས་སྨིན་ཅིང་དམ་ཚིག་ལྡན༔ ལྟ་བས་རྒྱུད་སྦྱངས་ཏིང་འཛིན་རྩེ་གཅིག་བརྟན༔ དཀྱིལ་འཁོར་ལེགས་བཀོད་སྒྲུབ་པའི་རྣལ་འབྱོར་པས༔ སྔགས་དང་ཕྱག་རྒྱ་མཆོད་པའི་དཔུང་བསྐྱེད་དེ༔ སྤྱོད་པས་མཚམས་སྦྱར་དངོས་གྲུབ་མཐུ་ཐོབ་ནས༔ མཆོག་དང་ཐུན་མོང་ཕྲིན་ལས་འབད་མེད་འགྲུབ༔ ཅེས་དང་༔ རྒྱུད་ལས། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་པ་བཞིན་ནོ། །ཁྱད་པར་རྩོདདུས་ཀྱི་འགྲོ་བ་སྙིགས་མའི་མཐའ་ལ་ཐུགས་པས་ཚེ་ཐུང་ཞིང་རྐྱེན་མང་བ་དང་ཉོན་མོངས་པ་ཤུགས་དྲག་པས་རྩོལ་བཅས་ཀྱི་ལམ་གྱིས་གདུལ་བའི་སྣོད་དུ་མ་གྱུར་པ་རྣམས་ལ་ལྷག་པར་དགོངས་ནས། སྒོམ་མི་དགོས་པར་གྲོལ་བའི་གདམས་ཟབ་མཐའ་ཡས་པ་ཞིག་སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་ལས་རང་ཤར་བའི་ཚུལ་གྱིས་སྣང་བར་མཛད་པ་སྟེ། དེའངཐུན་མོང་བ། སོར་འབྲང་མའི་འཁོར་ལོ་དང་ཇོ་བོའི་གྲོང་ཁྱེར་སྒྲོལ་འཁོར་སོགས་བཏགས་གྲོལ། བྲིས་སྐུ་མཐོང་བ་དོན་ལྡན་སོགས་བྲིས་སྐུའི་ཆོ་ག་རབ་འབྱམས་དང་དྲི་མེད་དང་ཇོ་བོའི་དབུ་ཞྭའི་མཆོད་རྟེན་མི་འཁྲུགས་པའི་གཟུངས་རྣམས་ཀྱི་མཐོང་གྲོལ། གཟུངས་སྔགས་ཟབ་མོ་དུ་མའི་སྒྲ་ཐོས་པ་དང་པདྨ་གཙུག་ཏོར་གྱི་སྔགས་དུང་ལ་བཟླས་པའི་ཐོས་གྲོལ། དེ་ཉིད་ཀྱི་བདུག་སྤོས་ཚོར་གྲོལ། བདུད་རྩི་རིལ་བུ་དང་གཟུངས་སྒྲུབ་ཀྱི་བུམ་ཆུའི་མྱོང་གྲོལ། བྱེ་མ་ལ་གཟུངས་བཟླས་པ་དང་། ཞལ་བཅུ་གཅིག་པའི་སྔགས་བཟླས་པ་པོའི་རྫི་ཕྱོགས་ཕོག་པའང་སྡིག་པ་ལས་གྲོལ་བར་གསུངས་པའི་རེག་གྲོལ་སོགས་སྔགས་གསར་མའི་གཞུང་ལས་ཀྱང་ཆ་མཐུན་ཅི་རིགས་པར་འབྱུང་བ་དང་། ཁྱད་པར་སྔ་འགྱུར་གྱི་རྒྱུད་གཞུང་རྣམས་ལས་ཐུན་མོང་མ་ཡིན་པ། མཐོང་གྲོལ་འཁོར་ལོ་དང་འོད་གསལ་ངོ་སྤྲོད། བཏགས་གྲོལ་གླེགས་བམ་དང་ཙཀྲ། མྱོང་གྲོལ་སྐྱེ་བདུན་གྱི་དམ་རྫས། ཐོས་གྲོལ་བར་དོ་དྲུག་གི་ངོ་སྤྲོད། ཚོར་གྲོལ་བདུག་སྤོས་ལ་འདེབས་པའི་སྔགས། རེག་གྲོལ་པདྨ་ཅན་གྱི་མྱུར་ལམ་སོགས་མཐའ་ཡས་པར་བྱོན་པ་རྣམས་ནི་ངོ་མཚར་རྨད་དུ་བྱུང་བའི་སངས་རྒྱས་ཀྱི་ཕྲིན་ལས་རླབས་པོ་ཆེ་སྟེ། དམན་པ་དུད་འགྲོ་ཡན་ཆོད་ཀྱི་རྒྱུད་ལ་ཐར་པའི་ས་བོན་འཇོག་ཅིང་། གང་ཟག་གི་རྒྱུད་ཚོད་དང་བསྟུན་ནས་དབང་པོ་རབ་འབྲིང་སོགས་སྐུ་གསུམ་གྱི་ཞིང་ཁམས་སོ་སོར་གྲོལ་བ་དང་། ཡང་ཐའང་ངན་འགྲོའི་སྐྱེ་སྒོ་ལས་ཐར་ཞིང་བྱང་ཆུབ་ཀྱི་མྱུ་གུ་གསོས་ཐེབས་པས་རིམ་གྱིས་གྲོལ་བར་མཛད་པ་ནི་རྒྱལ་བ་རྡོ་རྗེ་འཆང་གི་གསུངས་ལ་ནམ་ཡང་བསླུ་བ་མི་སྲིད་པས་ཡིད་ཆེས་ཀྱི་དད་པ་བརྟན་པོས་ལག་ལེན་དུ་ཅི་ཐེབས་ལ་བརྩོན་པ་གལ་ཆེ་ཞིང་། དེ་དག་སོ་སོའི་ཕན་ཡོན་རང་གཞུང་ལས་བསྟན་པ་བཞིན་ཞིབ་པར་འགོད་རིགས་ཀྱང་ཧ་ཅང་རྒྱ་ཆེ་བའི་ཕྱིར་འདིར་ཡི་གེས་འཇིགས་ལ་དོགས་སེལ་དང་རྩོད་སྤོང་སོགས་ཞིབ་པར་མཁས་མཆོག་སོག་བཟློག་པའི་གསུང་སོགས་ལས་ཤེས་པར་བྱ་བ་གལ་ཆེའོ། །དེ་ལས་གལ་ཆེ་བ་བཏགས་གྲོལ་དང་མྱོང་གྲོལ་གྱི་ཕན་ཡོན་ཅུང་ཟད་སྨོས་ན། བཏགས་གྲོལ་ཐུན་མོང་བ། སོ་སོར་འབྲང་མ་ལས། བྲམ་ཟེ་ཆེན་པོ་གང་ལ་ལ་ཞིག་གིས་རིག་པའི་རྒྱལ་མོ་སོ་སོར་འབྲང་མ་ཆེན་པོ་འདི་ཆོ་ག་བཞིན་དུ་བྲིས་ཏེ། ལག་པའམ་མགུལ་དུ་བཏགས་ན། དེ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱིས་བརླབས་པར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིང་བསྲེལ་གྱི་སྙིང་པོ་ཅན་དུ་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ཡིན་པར་རིག་པར་བྱའོ། །དེ་རྡོ་རྗེ་ཆེན་པོའི་ལུས་སུ་རིག་པར་བྱའོ། །དེ་འབར་བ་འོད་འཕྲོ་བའི་ལུས་དང་ལྡན་པར་རིག་པར་བྱའོ། །དེ་མི་ཤིགས་པའི་གོ་ཆ་ཅན་དུ་རིག་པར་བྱའོ། །དེ་དགྲ་ཐམས་ཅད་རབ་ཏུ་འཇོམས་པར་རིག་པར་བྱའོ། །སྒྲིབ་པ་ཐམས་ཅད་རབ་ཏུ་འཇོམས་པར་རིག་པར་བྱའོ། །དེ་སེམས་ཅན་དམྱལ་བའི་འགྲོ་བ་པ་རྣམ་པར་སྦྱོང་བར་རིག་པར་བྱའོ། །ཞེས་སོགས་བཏགས་པས་གྲོལ་བའི་ཚུལ་དང་ཇི་ལྟར་གྲོལ་བའི་ལོ་རྒྱུས་བཅས་རྒྱས་པར་གསུངས་པ་དང་། དེར་མ་ཟད་པདྨོཥྞིཥའི་གཟུངས་ཀྱི་འོག་ཏུ་ལན་གཅིག་འཛུལ་བས་ཚེ་རབས་འབུམ་དུ་བསགས་པའི་ལས་སྒྲིབ་འབྱང་བར་གསུངས་པ་དང་། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་བྲིས་ཏེ་རྒྱལ་མཚན་གྱི་རྩེར་བཏགས་ན་དེ་མཐོང་བའམ། དེ་དང་ཉེ་བར་གྱུར་ཏམ། ཐ་ན་དེའི་གྲིབ་མ་ཕོག་པའམ། དེའི་རྡུལ་རླུང་གིས་ཁྱེར་བ་ཕོག་ནའང་། ངན་སོང་གསུམ་དང་ལྷ་མ་ཡིན་གྱི་རིགས་སུ་མི་སྐྱེ་ཞིང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ལུང་སྟོན་ཅིང་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གསུངས་པ་དང་། ཇོ་བོ་རྗེའི་ལུགས་གྲོང་ཁྱེར་སྒྲོལ་འཁོར་ཞེས་དེ་ཉིད་གྲོང་ཁྱེར་གཅིག་ལ་ཡོད་ན་དེར་གནས་པའི་འགྲོ་བ་ཐམས་ཅད་འཁོར་བ་ལས་བསྒྲལ་ནས་ཐར་པ་ཐོབ་པར་གསུངས་པ་སོགས་ཅི་རིགས་པར་འབྱུང་བ་ནི་མིང་གི་ཁྱད་པར་ཙམ་ལས་དོན་དུ་བཏགས་གྲོལ་ལས་མ་འདས་ཤིང་། ལྷག་པར་ཐུན་མོང་མ་ཡིན་པ་བཏགས་གྲོལ་སྙིང་པོའི་རྒྱུད་ལས། ཨེ་མ་འདི་ནི་ཁྱད་པར་འཕགས། །དབང་པོ་རྣམ་ལྔ་འོན་གྱུར་ཅིང་། །རྒན་གཞོན་ཕོ་མོ་དགེ་སྡིག་མེད། །བག་ཆགས་བཟང་ངན་མེད་པ་རུ། །འདི་ཉིད་བཅངས་པས་འཚང་རྒྱའོ། །ཐ་མ་དབུགས་ལ་སླེབས་ཀྱང་གྲོལ། །སངས་རྒྱས་གདུང་འཛིན་སྲས་གཅིག་ཡིན། །ཞེས་དང་། རྡོ་རྗེ་འཆང་གིསདུས་གནད་ངེས་པ་ལས། འདི་ཉིད་བཅངས་པ་ཙམ་གྱིས་ཀྱང་། །སངས་རྒྱས་ཉིད་དུ་འགྱུར་བ་ལ། །ཐེ་ཚོམ་བྱ་བར་ཅི་ཞིག་དགོས། །གལ་ཏེ་བྱོལ་སོང་མགུལ་དུ་འདི། །བཏགས་པ་ཙམ་གྱིས་དེ་གྲོལ་ན། །འགྲོ་བ་མི་རྣམས་སྨོས་ཅི་དགོས། །ཨེ་མ་རང་བྱུང་ཡི་གེ་འདིས། །སེམས་ཅན་རྣམས་ཀྱི་དོན་བྱེད་ན། །ཚེ་འདས་དེ་ཡི་སྤྱི་བོའམ། །མགུལ་དུ་འདི་བཏགས་བསྲེགས་ན་ནི། །འདི་ཉིད་གྲོལ་བར་སྨོས་ཅི་འཚལ། །མཚམས་མེད་ལྔ་པོ་སྤྱད་པ་ཡང་། །ཉན་ཐོས་རྣམས་དང་སྐལ་བ་མཉམ། །ལུང་དུ་མ་བསྟན་སྐྱེ་བོ་རྣམས། །བྱང་ཆུབ་སེམས་དཔའི་ས་དང་མཉམ། །ཡིད་དཔྱོད་འཛིན་པའི་གྲུབ་མཐའ་ཡང་། །རྡོ་རྗེ་འཆང་དང་མཉམ་པར་ངེས། །འདི་ཉིད་བཅངས་པའི་སྐྱེས་བུ་དེ། །གང་ན་འདུག་པའི་ཡུལ་ཕྱོགས་ཙམ། །ངན་སོང་དག་ནས་གྲོལ་བར་འགྱུར། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །རིག་པ་དངོས་ཀྱི་རྟགས་ཡོད་པའི། །སྐལ་ལྡན་དེ་ལ་བསྲེག་མི་དགོས། །འཆི་ཁར་འཕྲོད་པས་འགྱུར་བ་ཡིན། །ཞེས་གསུངས་པས་མཚོན་རྫོགས་ཆེན་གྱི་རྒྱུད་གཞུང་བཀའ་གཏེར་རྣམས་ནས་གསུངས་པའི་ལུང་མཐའ་ཡས་སོ། །མྱོང་གྲོལ་སྐྱེ་བདུན་རིལ་བུ་ནི། བརྟག་གཉིས་ལས། དེ་ཡི་གྲིབ་མ་བདུན་དུ་འགྱུར། །མཐོང་ནས་རྣལ་འབྱོར་པ་ཡིས་མཚོན། །དེ་ནི་ཟོས་པ་ཙམ་གྱིས་ནི། །སྐད་ཅིག་ཉིད་དུ་མཁའསྤྱོད་འགྱུར། །ཞེས་དང་། སྡོམ་འབྱུང་ལས། དེ་བླངས་ལ་དཔའ་ཧེ་རུ་ཀའི་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་ཐིག་ལེ་བྱས་ན་སྟེང་དུ་ལྡིང་བར་འགྱུར་ཞིང་དཔག་ཚད་བྱེ་བར་འགྲོ་བར་འགྱུར་རོ། །དེ་ཟོས་པ་ཙམ་གྱིས་དུས་གསུམ་གྱི་ཡེ་ཤེས་ཅན་དུ་འགྱུར་རོ། །ཞེས་སོགས་ཞིབ་པར་བདེ་མཆོགངེས་བརྗོད་བླ་མ། མཁའ་འགྲོ་རྒྱ་མཚོ། ཧེ་རུ་ཀ་མངོན་འབྱུང་། སམྦུ་ཊི། ཕྱག་ཆེན་ཐིག་ལེ། སྒྱུ་འཕྲུལ་ཆེན་མོ་སོགས་ལས་ཀྱང་བསྟན་ཅིང་། བརྟག་གཉིས་སྟོང་ཐུན་ལས། རྒྱལ་པོ་གྲགས་པ་མཐའ་ཡས་མངའ་འབངས་དང་བཅས་པ་སྐྱེ་བདུན་གྱི་ཤ་ཟོས་པས་མཁའ་སྤྱོད་དུ་སོང་སྟེ་གྲོང་ཁྱེར་སྟོང་པར་བཤད་པ་སོགས་ཡིད་ཆེས་ཀྱི་ལོ་རྒྱུས་མང་ཞིང་། ཁྱད་པར་སྤྱན་རས་གཟིགས་དོན་ཡོད་ཞགས་པའི་རྒྱུད་ལས། རིལ་བུ་ཟོས་པ་ཙམ་གྱིས་ནི། །ནད་རྣམས་ཐམས་ཅད་རྣམ་པར་འཇིག །གང་གིས་རིལ་བུ་དེ་ལ་བརྟེན། །རིལ་བུ་ཐིག་ལེ་རྟག་བྱེད་པ། །དེ་བཞིན་གཤེགས་ཀུན་དགོངས་པར་མཛད། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་། །དེ་ཉིད་རིགས་ལ་རྟག་ཏུ་ནི། །མཆོག་སྦྱིན་དུས་ཀུན་གཟིགས་པར་མཛད། །བསོད་ནམས་ཕུང་པོ་སྟོང་དག་ནི། །ཉི་མ་རེ་རེར་སོག་པར་བྱེད། །འཇིག་རྟེན་པ་ལ་བདེ་སྤྱད་ཅིང་། །འཇིག་རྟེན་ཕ་རོལ་ཤིན་ཏུ་བདེ། །ཚེ་བརྗེ་བ་ནི་འཕོས་ནས་སུ། །བདེ་བ་ཅན་དུ་མོད་ལ་འགྲོ། །གང་དང་གང་དུ་སྐྱེ་བ་དེར། །ཚེ་རབས་རྟག་ཏུ་ཚེ་རབས་དྲན། །ལག་ན་རྡོ་རྗེ་གནོད་སྦྱིན་ཆེ། །གནོད་སྦྱིན་བྱེ་བས་ཡོངས་བསྐོར་ཞིང་། །གཡེལ་བ་མེད་པར་ཉིན་མཚན་དུ། །དུས་ཀུན་དུ་ནི་སྲུང་བར་བྱེད། །ཅེས་དང་། རིལ་བུ་སུ་ལ་ཡོད་པ་ནི། །ཕྱིར་མི་ལྡོག་པར་ལུང་བསྟན་ཅིང་། །མགོན་པོ་ས་བཅུ་དག་ལ་གནས། །རྟག་ཏུ་མཆོད་རྟེན་གྱུར་པ་སྟེ། །སྐུ་གདུང་སྙིང་པོའི་བདག་ཉིད་ཅན། །རྟག་ཏུ་སངས་རྒྱས་བདག་ཉིད་འགྱུར། །ཞེས་དང་། རིལ་བུ་མཐོང་བ་ཙམ་གྱིས་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །སྡིག་པ་ཐམས་ཅད་རྣམ་པར་གཅོད། །སྒྲིབ་པ་ཐམས་ཅད་རྣམ་པར་དག །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །ཕྱིར་ཞིང་གནས་མཆོག་ཞི་བ་ཐོབ། །ཅེས་གསུངས་པ་དང་། ཐུགས་ཆེན་གསང་འདུས་རྒྱུད་ལས། རིལ་བུ་སུ་ཡི་ལྟོར་སོང་བ༔ ཚེ་རབས་གང་དང་གར་སྐྱེས་ཀྱང༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ བདག་བས་གཞན་གཅེས་འགྲོ་དོན་སྤྱོད༔ ཅེས་དང་། ཨོ་རྒྱན་ཆེན་པོས། བདག་འདྲ་འཆི་མེད་རིག་འཛིན་པད་འབྱུང་ནི༔ སྐྱེ་འགྲོ་སེམས་ཅན་རྣམས་ཀྱི་དོན་ལས་མེད༔ གང་ལ་གང་འདུལ་སྤྲུལ་བསྒྱུར་ཐབས་མཆོག་གི༔ ཚོར་གྲོལ་མཐོང་གྲོལ་རེག་གྲོལ་མྱོང་གྲོལ་སོགས༔ འདུས་བྱས་འགྲོ་བ་འདུལ་བའི་བློ་འཚམས་སུ༔ མ་བསྒོམས་སངས་རྒྱས་ཐབས་མཆོག་དཔག་མེད་སྟོན༔ བྲམ་ཟེའི་འཕེལ་གདུང་རིལ་བུའི་རྒྱུ་མཆོག་ནི༔ བྲམ་ཟེ་ཆེན་པོ་པྲ་བྷ་ཧ་སྟི་དང༔ བྲམ་ཟེ་དུང་རྣ་ཅན་དང་པདྨ་དཀར༔ རིག་འཛིན་ཆེན་པོ་བརྒྱད་ཀྱི་འཕེལ་གདུང་དང༔ མནྡ་རས་རྙེད་དྲི་མེད་སྐུ་ཤ་རྣམས༔ གཅིག་བསྡུས་འཕེལ་གདུང་མྱོང་གྲོལ་རིལ་བུ་འདི༔ རེག་མྱོང་ལྡན་པས་ཚེ་གཅིག་སངས་རྒྱས་འགྲུབ༔ ཞེས་དང་། ཚེ་གཅིག་སངས་རྒྱས་འགྲུབ་པའི་མྱོང་གྲོལ་འདི༔ ལུས་ལ་བཅངས་ན་ནད་མཚོན་འཇིགས་བརྒྱད་ཁོག༔ རྩ་གསུམ་རྒྱ་མཚོའི་ལྷ་ཚོགས་སྤྲིན་བཞིན་འདུ༔ མ་སྲིང་མཁའ་འགྲོའི་ཚོགས་རྣམས་གྲིབ་བཞིན་འགྲོགས༔ དམ་ཅན་རྒྱ་མཚོའི་ཚོགས་རྣམས་བྲན་ལྟར་ཁོལ༔ ནག་ཕྱོགས་ལྷ་སྲིན་གདུག་པའི་རྩུབ་འགྱུར་ཞི༔ འཕོ་ལྟུང་ཉམས་པའི་ལས་སྒྲིབ་ཐམས་ཅད་དག༔ མྱོང་བ་ཙམ་གྱིས་ཚེ་གཅིག་སངས་རྒྱས་འགྲུབ༔ ཐ་ན་ཁྱི་ཕག་ལྟ་བུ་ཡིན་མོད་ཀྱང༔ སྲོ་མ་ཙམ་ཞིག་ཁ་ལ་སོང་གྱུར་ན༔ དལ་འབྱོར་ཆོས་ལྡན་མི་ལུས་ཐོབ་ནས་ནི༔ ཚེ་གཅིག་ཀུན་མཁྱེན་འབྲས་བུ་རྙེད་པར་ངེས༔ ཟག་མེད་དམ་རྫས་ཁྱད་འཕགས་མྱོང་གྲོལ་འདི༔ ཆུ་ལ་འཐོར་བས་ཆུ་གནས་སེམས་ཅད་ཀུན༔ ལས་སྒྲིབ་དག་ནས་སངས་རྒྱས་ཐོབ་པར་ངེས༔ མེ་ལ་བསྲེགས་ན་དུད་པ་ཕོག་ཚད་ཀུན༔ གཟུགས་ཅན་མི་དང་གཟུགས་མེད་ཡིན་ཡང་རུང༔ ཚེ་གཅིག་སངས་རྒྱས་འགྲུབ་པར་ཐེ་ཚོམ་མེད༔ ཚོང་འདུས་ས་མདོ་རི་རྩེར་སྦས་གྱུར་ན༔ དེར་ཕྱིན་རླུང་གི་ཟེར་མ་ཕོག་ཚད་ཀུན༔ མངོན་པར་བྱང་ཆུབ་སངས་རྒྱས་ཐོབ་པར་ངེས༔ ས་གནས་གསོ་དང་སྐུ་གསུང་ཐུགས་རྟེན་བཞེངས༔ ནང་གཞུགས་འཇུག་པ་མི་མིན་གདོན་བགེགས་འཇོམས༔ རྟེན་དེ་མཇལ་བས་བྱང་ཆུབ་སངས་རྒྱས་རེག༔ མི་མཐུན་འཇིགས་པ་བརྒྱད་ལས་སྐྱོབ་པར་ངེས༔ ཞེས་དང་། ཤིག་གི་སྙིང་ཙམ་སུ་ཡི་ལྟོར་སོང་བ༔ རྨང་པོའི་ལྟོར་སོང་བུ་ཡི་དངོས་གྲུབ་ཐོབ༔ དབུལ་པོའི་ལྟོར་སོང་ནོར་གྱི་དངོས་གྲུབ་ཐོབ༔ འཆི་ཉེའི་ལྟོར་སོང་ཚེ་ཡི་དངོས་གྲུབ་ཐོབ༔ དད་ཅན་ལྟོར་སོང་ཆོས་ཀྱི་དངོས་གྲུབ་ཐོབ༔ ནད་པའི་ལྟོར་སོང་ཉོན་མོངས་ཟུག་རྔུ་ཞི༔ དེ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་ཀྱང༔ ལོག་ལྟ་ཅན་གྱིས་ཡོན་ཏན་སྐྱོན་དུ་མཐོང༔ དེ་ཡང་འབྲེལ་བ་སྣ་རེ་ཐོགས་པ་ཡིས༔ སྒྲིབ་གཉིས་དག་ཅིང་ཆོས་ཀྱིས་ལས་དང་ལྡན༔ དེ་ཕྱིར་སྐྱེ་བདུན་རིལ་བུ་འདི་དག་ནི༔ མཐོང་ཐོས་དྲན་རེག་དོན་དང་ལྡན་པར་བྱེད༔ ཅེས་དང་། དྲི་མ་མེད་པའི་ཏིལ་ཙམ་ཞིག་གིས་ཀྱང༔ ངན་སོང་འགྲོ་ངེས་ཞིག་ཀྱང་མཐོ་རིས་སྐྱེ༔ དཀར་པོ་དགེ་བའི་ལས་ཀྱི་ས་བོན་ཐེབས༔ དྲང་སྲོང་གཟའ་ཡི་ནད་དང་གདོན་བགེགས་དང༔ འདྲེ་ཡི་གཙེས་པ་རྣམས་ཀྱང་སྒྲིབ་པར་འགྱུར༔ མཚམས་མེད་ལྔ་བྱས་ལས་ཀྱང་བྱང་བར་འགྱུར༔ ལས་ཀྱི་དབང་གིས་དུད་འགྲོར་སྐྱེ་གྱུར་ཀྱང༔ ཡུལ་བཟང་བདག་བྱམས་བརྡུང་བརྩོག་མེད་པར་འགྱུར༔ མདོར་ན་རྒྱལ་བ་སྲས་བཅས་བྱིན་རླབས་འདི༔ བསོད་ནམས་ཆུང་བའི་དུད་འགྲོ་ཡིན་ཡང་རུང༔ མི་ཚེ་སྡིག་བསྒྲིལ་བཤན་པ་ཡིན་ཡང་རུང༔ སྐྱེ་བ་དམན་པའི་བུད་མེད་ཡིན་ཡང་རུང༔ ལས་ཀྱི་འཕྲོ་མེད་མི་ལུས་ཡིན་ཡང་རུང༔ ཆུ་ལ་གནས་པའི་ཉ་སྲམ་ཡིན་ཡང་རུང༔ མཁའ་ལ་གནས་པའི་འདབ་ཆགས་ཡིན་ཡང་རུང༔ སྡིག་སྒྲིབ་དག་ཅིང་མི་ལུས་གཙང་མ་ཐོབ༔ དུག་གསུམ་ནད་སེལ་བདུད་རྩི་སྨན་གྱི་མཆོག༔ སྙིགས་མའི་འགྲོ་རྣམས་མྱོང་གྲོལ་རྫས་ཀྱིས་གྲོལ༔ ཅེས་དང་། ཡང་གཏེར་རྒྱལ་རྒྱམ་རིལ་སྒྲུབ་སྐབས་ལས་ཀྱང་། སྐྱེ་བདུན་རྫས་ཀྱི་རིལ་བུ་གང༔ མྱོང་བསཐུགས་རྗེའི་བྱིན་རླབས་ཞུགས༔ ཐ་མའི་ལུས་ལ་ཡེ་ཤེས་རྙེད༔ སྤྱན་རས་གཟིགས་དང་སྐལ་བ་མཉམ༔ མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང༔ ངན་སོང་འཁོར་བ་དོང་སྤྲུགས་ནས༔ སྐྱེ་བ་གཞན་གྱིས་མ་ཆོད་པར༔ བདེ་བ་ཅན་དུ་བྱང་ཆུབ་ཐོབ༔ གང་ཞིག་རིལ་བུ་མཐོང་བའམ༔ རིལ་བུ་ཐིག་ལེ་བྱེད་པ་དང༔ འཆང་དང་ཐོས་དང་དྲན་པས་ཀྱང༔ བྱང་ཆུབ་ས་བོན་ཐེབས་པར་འགྱུར༔ ཞེས་སོགས་ཐུགས་ཆེན་རིལ་སྒྲུབ་རྣམས་ཀྱི་གཏེར་གཞུང་སོགས་ལས་ཕན་ཡོན་མཐའ་ཡས་པར་གསུངས་སོ། །མྱོང་གྲོལ་བདུད་རྩི་སྨན་སྒྲུབ་ཀྱི་ཕན་ཡོན་ཡང་། བདུད་རྩི་བམ་བརྒྱད་ལས། བདུད་རྩིའི་ཆོས་ཀྱི་དོན་འདི་ནི་དཔེར་ན་མེ་དང་འདྲ་སྟེ། ཆུང་སྟེ་རྡུལ་ཙམ་ནས་ཆེ་སྟེ་སྲིད་པའི་རི་བོ་ཡང་བསྲེག་གོ །དེ་བཞིན་དུ་ཆོས་བདུད་རྩི་ཆེན་པོ་འདིས་ཀྱང་སེམས་ཅན་གྱི་ཉོན་མོངས་པའི་རྟོག་པ་ཕྲ་མོ་དང་། དུག་ལྔའི་རྡུལ་དཔྱིས་ཕྱུང་སྟེ་རིགས་ལྔ་ཡེ་ཤེས་ལྔར་འཚང་རྒྱ་བར་བྱེད་དོ། །ཞེས་དང་། འཇམ་དཔལ་བསྐལ་པ་སྟོང་གི་བར་དུ་སེམས་ཅན་གྱི་དོན་བྱས་པ་བས་བདུད་རྩི་ཆེན་པོ་འདིས་ལན་གཅིག་སེམས་ཅན་གྱི་དོན་བྱས་པ་བསོད་ནམས་ཆེ་སྟེ། སེམས་ཅན་ཐམས་ཅད་དམྱལ་ཁམས་བཅོ་བརྒྱད་ཀྱི་ནང་ནས་ཐར་པའི་ལམ་དུ་འདྲེན་པ་ཡིན་ནོ། །ཞེས་གསུངས་པ་དང་། ཨོ་རྒྱན་ཆེན་པོས་ཀྱང་། བདེ་གཤེགས་མ་ལུས་མཆོད་པའི་རྫས། །བླ་མ་ཡི་དམ་སྡུད་པའི་རྩི། །མཁའ་འགྲོ་ཀུན་གྱི་སྙིང་ཁྲག་ཡིན། །ཟོས་པས་ཡོན་ཏན་བརྗོད་མི་ལང། །སངས་རྒྱས་སྐུ་ལྔའི་ཡོན་ཏན་འཐོབ། །ཕྱི་ལྟར་ལུས་ཀྱི་ནད་གདོན་འཇོམས། །ནང་དུ་ཉོན་མོངས་དུག་ལྔ་འདག །དམ་ཚིག་ཉམས་ཆག་ཐམས་ཅད་བསྐང་། །གསང་བ་རང་བྱུང་ཡེ་ཤེས་རྟོགས། །ཉན་ཐོས་རང་སངས་རྒྱས་རྣམས་ཀྱིས། །ཟོས་ན་ས་བཅུ་ཐོབ་ནས་ཀྱང་། །ཐེག་ཆེན་བྱང་ཆུབ་སེམས་དཔར་འགྱུར། །བླ་མ་མཆོད་ན་བྱིན་རླབས་འཇུག །ཡི་དམ་མཆོད་ན་དངོས་གྲུབ་སྟེར། །བདེ་གཤེགས་མཆོད་ན་ཐུགས་རྗེ་འབྱུང་། །མཁའ་འགྲོ་མཆོད་ན་ལུང་ཡང་སྟོན། །རྣལ་འབྱོར་པའམ་སུས་ཟོས་ཀྱང་། །ཕྱི་ཡི་ནད་གདོནསྡིག་སྒྲིབ་བྱང་། །ནང་གི་བསྐྱེད་རིམ་ཏིང་འཛིན་གསལ། །གསང་བ་རང་རིག་ཆོས་སྐུར་རྟོགས། །ཉན་ཐོས་རང་སངས་རྒྱས་རྣམས་ཀྱིས། །ཉམས་དང་ལྷག་ཆད་མ་ལུས་སྐོང་། །འཆང་བས་དུས་མིན་འཆི་བ་བཟློག །གདུག་པའི་དུག་ཀྱང་འཇིལ་བར་ནུས། །བྱུག་པས་ནད་གདོན་མ་ལུས་སེལ། །བསྲེགས་ན་ནད་གདོན་ཐམས་ཅད་སྐྲོད། །འདི་ཉིད་བསྒྲུབས་པའི་གནས་དེ་ཡང་། །དུར་ཁྲོད་བསིལ་བའི་ཚལ་དང་མཚུངས། །དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ། །ས་ཕྱོགས་བྱིན་དང་ལྡན་པར་འགྱུར། །ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས། །གང་བསྒྲུབ་ས་ཡི་གནས་དེ་ན། །སུ་བསྡད་མི་རྣམས་ཏིང་འཛིན་འཆར། །ནམ་ཞིག་ཚེ་ཡི་དུས་བྱས་ནས། །ཕོ་མོ་བཟང་ངན་མེད་པ་རུ། །རིག་པ་འཛིན་པའི་ས་ལ་གནས། །དེ་ཕྱིར་མཆོག་གི་དམ་རྫས་སོ། །ཞེས་དང་། ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ལས་ཀྱང་། སྐད་ཅིག་ཐུག་འཕྲད་བསྟེན་པ་ཡིས༔ ཚེ་རིང་ནད་མེད་བདེ་བ་དང༔ ལང་ཚོ་ཁ་དོག་སྟོབས་དང་གཟི༔ འཕེལ་ཞིང་དབང་པོ་རིག་པ་གསལ༔ མཁའ་ལ་འགྲོ་ཞིང་ཕ་རོལ་གྱི༔ ནུས་སྟོབས་གནོད་པས་མི་ཚུགས་ཤིང༔ ཀུན་གྱི་བཀུར་སྟིའི་འོས་སུ་མཐོང༔ ཁམས་ཀྱི་ཟས་དང་མ་འདྲེས་ཤིང༔ གོས་མེད་མཁའ་ལ་གཅེར་བུར་སྤྱོད༔ སྔོན་གྱི་རྒྱལ་བ་ཆེ་རྣམས་ཀྱི༔ རིག་པ་འཛིན་པའི་གྲལ་འཐོབ་འགྱུར༔ དེ་ཉིད་མ་རེག་བར་དུ་ཡང༔ ནད་དང་མུ་གེས་མི་ཚུགས་ཤིང༔ བར་གྱི་བསྐལ་པའི་འཇིགས་ལས་ཐར༔ གཞན་ལ་ཕན་པ་སྒྲུབ་པ་སོགས༔ ཡོན་ཏན་ཆེན་པོ་དཔག་མེད་ཐོབ༔ ཅེས་དང་། སྒྱུ་འཕྲུལ་ལས། རྡོ་རྗེ་ལྕེ་ཡི་དམ་ཚིག་ནི། །རྡོ་རྗེ་ཅན་གྱི་ཧཱུྃ་བསྒོམ་སྟེ། །མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས། །མྱ་ངན་རྡོ་རྗེའི་ཐུགས་འཐོབ་འགྱུར། །ཞེས་སོགས་རྒྱུད་གཞུང་རྣམས་ལས་རྒྱ་ཆེར་གསུངས་པ་ཡིན་ནོ། །སྨྲས་པ། གཞི་རྒྱུད་གདོད་ནས་དག་པའི་བཻཌཱུཪྱ། །ཐབས་རྒྱུད་སྨིན་གྲོལ་ལམ་གྱིས་ཡོངས་སྦྱངས་པས། །འབྲས་རྒྱུད་སྐུ་བཞིའི་འདོད་པ་འཇོ་བའི་དབྱིག །ཤེར་བརྩོན་རྒྱལ་མཚན་རྩེ་མོར་ཅིས་མི་བསྙེན། །དུས་གསུམ་གཤེགས་པའི་སྟོབས་བཅུ་མངའ་བ་རྣམས། །ལམ་འདིར་མ་བརྟེན་འགའ་ཡང་ཡོན་མིན་ཞེས། །དྲུག་པ་རྡོ་རྗེ་འཆང་དེས་ལན་སྟོང་དུ། །ཡང་ཡང་བསྔགས་པའི་ཚུལ་ལ་སུ་མི་རངས། །སྟོང་ཁམས་ནོར་བུའི་གྲམ་བུ་བརྡལ་བས་ཀྱང་། །མཚོན་མིན་གྲོལ་བ་དྲུག་ལྡན་འདོད་དགུའི་གཏེར། །ཀུན་བཟང་པདྨས་རྗེས་འཇུག་སྐལ་བར་གནང་། །དམན་ལམ་སེར་བུའི་རིལ་བུ་ཅི་ཕྱིར་གཉེར། །སྣང་གྲགས་རྟོག་ཚོག་དཀྱིལ་འཁོར་གསུམ་གྱི་ངང་། །འདོད་ཡོན་མ་སྤངས་ཡེ་ཤེས་རོལ་པའི་རྒྱན། །ཡེ་ནས་དག་མཉམ་ཆོས་སྐུའི་རོལ་པ་ལ། །མ་དག་འཁྲུལ་མཚན་རྡུལ་ཙམ་བསལ་བྱ་ཅི། །དེ་ཚུལ་ཤེས་པའི་སྐལ་བཟང་འགའ་ཡོད་ན། །ཐ་སྙད་ཚིག་ཆུའི་རོལ་ལ་མི་ཞེན་པར། །ཟབ་གསང་མན་ངག་འཆི་མེད་བདུད་རྩིའི་བཅུད། །སྙིང་གི་བུམ་པར་ཅི་དགར་བསྟེན་པར་འོས། །འདི་ན་མི་རྟག་སྲིན་མོས་མ་ཟོས་པའི། །འདུས་བྱས་དངོས་དེ་སྔོན་ཆད་མ་འཚལ་ན། །སོས་དལ་བག་སྐྱོང་སྤྱོད་པའི་སེམས་ཁྱོད་ལ། །མི་འཇིགསསྦྱིན་པོ་དེ་ནི་སུ་ཞིག་ཡིན། །ཚེ་འདིའི་བདེ་སྡུག་རྨི་ལམ་ཡད་ཡུད་ཙམ། །འཇིག་རྟེན་ཕྱི་མ་འདི་ཞེས་ཚད་བཟུང་ཅི། །ད་རེས་རྟེན་འདིར་སྲིད་མཚོ་མ་བརྒལ་ན། །སྡུག་བསྔལ་རྦ་ལས་ནམ་ཞིག་ཐར་པར་འགྱུར། །དེ་ཕྱིར་ད་ལྟ་རང་དབང་འབྱོར་དུས་འདིར། །འདིར་སྣང་ཆོས་བརྒྱད་ཞགས་པས་འཆིང་མིན་གང་། །གང་དུ་སྲས་བཅས་རྒྱལ་རྣམས་བགྲོད་གཅིག་ལ། །ལམ་མཆོག་འདིར་ཞུགས་ཐར་གླིང་བསྙེགས་པར་རིགས། །སྐལ་བཟང་སྐལ་བཟང་དོན་མཐུན་སྐྱེ་བོ་རྣམས། །ཡང་ཟབ་ཡང་ཟབ་སྙིང་པོའི་བསྟན་མཇལ་ཚེ། །མྱུར་བར་མྱུར་བར་བརྩོན་པའི་དཔུང་བསྐྱེད་ལ། །རང་བྱུང་རང་བྱུང་རྒྱལ་བའི་སྐུ་འགྲུབ་མཛོད། །དེ་ལྟར་ཐུན་མིན་རྡོ་རྗེ་ཐེག་པའི་ཁྱད་ཆོས་ཅུང་ཟད་སྨོས་ནས། ཐུན་མོང་དུ་རྟོགས་པའི་ཆོས་ལ་བསྒྲུབས་པ་བྱས་པའི་ཕན་ཡོན་ཡང་། ཏིང་འཛིན་རྒྱལ་པོ་ལས། གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་དུ་ཡང་དག་འཇོག་པ་ལ་བརྩོན་པའི་ཕན་ཡོན་ནི་བཅུ་སྟེ། སེམས་རྙོག་པ་མེད་པ་དང་། བག་ཡོད་པར་གནས་པ་དང་། སངས་རྒྱས་རྗེསསུ་དྲན་པ་དང་། སྤྱོད་པ་ལ་དད་པ་དང་། ཡེ་ཤེས་ལ་ནེམ་ནུར་མེད་པ་དང་། སངས་རྒྱས་ལ་བྱས་པ་གཟོ་བ་དང་། ཆོས་མི་སྤོང་བ་དང་། ཤིན་ཏུ་བསྡམས་པར་གནས་པ་དང་། དུལ་བའི་རྗེས་སུ་འཐོབ་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་མངོན་དུ་བྱེད་པ་སྟེ། གཞོན་ནུ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་དུ་ཡང་དག་འཇོག་པ་ལ་བརྩོན་པའི་ཕན་ཡོན་ནོ། །ཞེས་པ་ནས། བྱང་ཆུབ་སེམས་དཔའ་དེ་ནི་ཤི་འཕོས་ནས། །བདེ་བ་ཅན་གྱི་འཇིག་རྟེན་ཁམས་སུ་འགྲོ། །ཚེ་དཔག་མེད་ལས་ཆོས་བཟང་མཆོག་ཐོས་ནས། །སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་འཐོབ། །ཅེས་པའི་བར་གྱིས་བསྟན་པ་དང་། ཁྱད་པར་སྦྱིན་སོགས་ལས་མཆོག་ཏུ་གྱུར་པའི་ཕན་ཡོན་ཡང་། མདོ་ལས། འཇམ་དཔལ། བྱང་ཆུབ་སེམས་དཔའ་གང་ལ་ལས་ལྷ་ཡི་ལོ་སྟོང་དུ་དཀོན་མཆོག་ལ་ཅི་དགོས་པ་བྱིན་པ་བས། བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་ཐ་ན་སེ་གོལ་གཏོགས་པ་སྲིད་དུ། འདུ་བྱེད་ཐམས་ཅད་མི་རྟག་པའོ། །འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ། །འདུ་བྱེད་ཐམས་ཅད་ནི་སྟོང་པའོ། །འདུ་བྱེད་ཐམས་ཅད་ནི་བདག་མེད་པའོ། །སྙམ་དུ་དཔྱོད་ན་དེ་དེ་བས་བསོད་ནམས་གྲངས་མེད་བསྐྱེད་པར་བྱེད་དོ། །ཞེས་དང་། བྱམས་པ་སེངྒེའི་སྒྲ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་བཀང་སྟེ། དེ་བཞིན་གཤེག་པ་ལ་ལོ་འབུམ་གྱི་བར་དུ་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕུལ་བ་བས་ནི། གང་གིས་བྱང་ཆུབ་དོན་དུ་གཉེར་ཞིང་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པ་དེས། མཁན་པོ་ལས་ལུང་མནོས་ཏེ། ཁ་ཏོན་དུ་བྱེད་ཅིང་ཐ་ན་ཚིགས་བཞི་པའི་དོན་ཡིད་ལ་བྱེད་པ་དང་། འདུ་འཛི་ལ་སྐྲག་ནས་དགོན་པར་གོམ་པ་བདུན་བོར་བ་བསོད་ནམས་ཆེ་བར་གསུངས་པ་དང་། གཞན་ཡང་རྒྱལ་པོ་མུ་ཁྱུད་འཛིན་གྱིས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་ལ་ལོ་བརྒྱད་ཁྲི་བཞི་སྟོང་དུ་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་བས། གང་དགོན་པར་གནས་ཏེ་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་ཐ་ན་སེ་གོལ་གཏོགས་པ་ཙམ་དུ་བསྒོམ་ན། སྔ་མ་དེསསྟོང་ནས་བྱེ་བ་ཁྲག་ཁྲིག་འབུམ་གྱི་བར་གྱི་ཆ་དང་གྲངས་ནས་རྒྱུའི་བར་དུ་ཉེ་བར་མི་འགྲོ་བར་གསུངས་པ་དང་། རྟོགས་པ་རྒྱས་པའི་མདོ་ལས། ཐང་གཅིག་བསམ་གཏན་ཐུན་ཞུགས་ན། །ཁམས་གསུམ་གང་བའི་མི་རྣམས་ལ། །སྲོག་སྦྱིན་བས་ནི་འདི་དོན་ཆེ། །ཞེས་གསུངས། ཉན་པ་སོགས་ལས་ཁྱད་པར་དུ་གྱུར་པའང་། དེ་ཁོ་ན་ཉིད་བསྟན་བའི་མདོ་ལས། ཤཱ་རིའིབུ། གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། །གང་གིས་སེ་གོལ་གཏོགས་པ་ཙམ་གཅིག་དུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་ན་བསོད་ནམས་མང་དུ་འཕེལ་ལོ། །ཤཱ་རིའི་བུ་དེ་ལྟ་བས་ན། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞན་ལ་ནན་གྱིས་གདམས་པར་བྱའོ། །ཞེས་དང་། གཙུག་ཏོར་ཆེན་པོའི་མདོ་ལས། བསྐལ་པ་མང་པོར་ཐོས་པ་དང་བསམ་པ་བས་ནི་ཉིན་གཅིག་ཆོས་ཉིད་ཀྱི་དོན་བསྒོམས་ན་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། དེས་སྐྱེ་འཆིའི་ལམ་དང་རིང་དུ་བྱེད་པའི་ཕྱིར་རོ། །ཞེས་གསུངས། དེ་ཁོ་ན་ཉིད་བསྒོམས་པས་སྒྲིབ་པའི་ཚོགས་ཀྱི་གཉེན་པོ་བྱེད་པའང་། མདོ་ལས། སྐྱེ་བ་པོ་ཡི་ལྷག་མཐོང་དང་། །ཞི་གནས་གོམས་པར་བྱས་ནས་ནི། །གནས་ངན་ལེན་གྱི་འཆིང་བ་དང་། །མཚན་མའི་འཆིང་ལས་རྣམ་གྲོལ་འགྱུར། །ཞེས་དང་། དཀོན་བརྩེགས་ལས། མུན་ཁང་དུ་སྒྲོན་མེ་བཏེགས་པའི་དཔེ་སྔོན་དུ་བཏང་ནས། འོད་སྲུང་དེ་བཞིན་དུ་ལས་དང་ཉོན་མོངས་པར་གྱུར་པ་ལོ་འབུམ་དུ་བསགས་པ་ཡང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་སོ་སོར་རྟོག་པ་གཅིག་གིས་མེད་པར་འགྱུར་རོ། །ཞེས་དང་། འོད་སྲུང་ཚུལ་བཞིན་ཡིད་ལ་བྱེད་པ་སོ་སོར་རྟོག་པ་གཅིག་གིས་བསྐལ་པ་འབུམ་དུ་བསགས་པའི་ལས་དང་ཉོན་མོངས་པ་རྣམ་པར་བྱང་བར་འགྱུར་རོ། །ཞེས་དང་། དགོངས་འགྲེལ་ལས། བསམ་གཏན་གྱིས་ཉོན་མོངས་པ་རྣམ་པར་འཇིལ་ལོ། །ཤེས་རབ་ཀྱིས་བག་ལ་ཉལ་རབ་ཏུ་སྤང་ངོ་། །ཞེས་གསུངས། འདོད་ཡོན་ལ་ཞེན་པ་བཟློག་ཅིང་མངོན་ཤེས་དང་ཏིང་འཛིན་འཆར་བའང་། སྡུད་པ་ལས། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར། །རིགས་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་འགྲུབ། ཅེས་གསུངས། ཐེ་ཚོམ་གྱི་གནས་རྣམས་གཅོད་པའང་། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། ཏིང་འཛིན་བསྒོམས་པས་ཐེ་ཚོམ་གཅོད་འགྱུར་གྱི། །དེ་མ་རྟོགས་པར་གཞན་གྱིས་ནུས་མ་ཡིན། །དེ་བས་ཏིང་འཛིན་སྒོམ་པ་མཆོག་ཡིན་གྱི། །མཁས་པ་དག་གིས་དེ་ལ་ནན་ཏན་བྱ། །ཞེས་གསུངས། སྙིང་རྗེ་ཆེན་པོ་སྐྱེ་ཞིང་ཡང་དག་པའི་དོན་མཐོང་བས་མྱ་ངན་ལས་འདས་པའི་འབྲས་བུ་མངོན་དུ་བྱེད་པའང་། ཆོས་ཡང་དག་པར་སྡུད་པ་ལས། ཡིད་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བས་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཇུག་གོ །ཞེས་དང་། ཏིང་རྒྱལ་ལས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེར་བརྟག་གལ་ཏེ་བསྒོམ་པ་ནི། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་གིས་དེ་ནི་ཞིར་མི་འགྱུར། །ཞེས་གསུངས། གདུལ་བྱ་རྣམས་ཡོངས་སུ་སྨིན་པར་ནུས་པའི་ཁྱད་པར་ཡང་། མདོ་རྒྱན་ལས། བསམ་གཏན་གྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་འགོད། །ཅེས་དང་། ཤེར་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་ཏིང་ངེ་འཛིན་གསུམ་ལ་གནས་ཤིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །ཞེས་གསུང་། གཞན་ཡང་དཀོན་བརྩེགས་ལས། སྔོན་གྱི་སངས་རྒྱས་འཇིག་རྟེན་མགོན། །གང་དུ་མྱ་ངན་འདས་གྱུར་པ། །ཀུན་གྱི་དགོན་པ་རབ་དགོན་དུ། །བླ་མེད་བྱང་ཆུབ་བརྙེས་པར་གྱུར། །མྱུར་དུ་དགོན་པར་གནས་བྱེད་ན། །འདོད་པའི་སྲེད་པསྤོང་འགྱུར་ཞིང་། །ཉེས་པ་ཇི་བཞིན་རྣམ་རིག་ནས། །དེ་དག་ལས་ནི་སེམས་རྟོག་འགྱུར། །ཁྱིམ་ནི་མྱུར་དུ་སྤངས་ནས་སུ། །དགོན་པ་ལ་ནི་གནས་འགྱུར་བ། །མཁས་པ་ཡང་དག་མཐོང་བ་རྣམས། །སངས་རྒྱས་རྣམས་ཀྱི་རྗེས་སུ་སློབ། །གང་དག་བྱང་ཆུབ་ཕྱིར་བརྩོན་པ། །དེ་དག་དབེན་པ་བརྟེན་བྱེད་ཅིང་། །དེ་དག་དགོན་པར་དགའ་འགྱུར་གྱི། །དེ་དག་ཁྱིམ་ལ་དགའ་མི་འགྱུར། །དེ་དག་སངས་རྒྱས་རྣམ་དག་གི། །སྤྱོད་ཡུལ་རྣམས་དང་སྤྱོད་པ་སྟེ། །གང་ཞིག་མལ་འདི་འཇུག་འབྱུང་བ། །དེ་དག་བྱང་ཆུབ་རྙེད་དཀའ་མིན། །ཞེས་དང་། ཟླ་བ་སྒྲོན་མའི་མདོ་ལས། འདོད་{པ་ཞུ་མཆན།} དག་ནི་རབ་ཏུ་བརྟེན་བྱེད་ཅིང་། །བུ་དང་ཆུང་མ་དག་ལ་སྲེད་བསྐྱེད་ཅིང་། །སྨད་པར་བྱ་བའི་ཁྱིམ་ལ་བརྟེན་པ་སྟེ། །བླ་མེད་བྱང་ཆུབ་དམ་པ་གཞར་མི་འཐོབ། །གང་དག་འདོད་པ་ལྕི་སྐམ་མེ་བཞིན་སྤོངས། །བུ་དང་ཆུང་མ་དག་ལ་སྲེད་སྤངས་ནས། །ཁྱིམ་གྱིས་སྐྲག་ནས་ཁྱིམ་ནས་མངོན་བྱུང་བ། །དེ་དག་བྱང་ཆུབ་མཆོག་འདི་རྙེད་མི་དཀའ། །གང་དག་ཁྱིམ་ན་གནས་པའི་བྱེད་བཞིན་དུ། །བྱང་ཆུབ་དམ་པ་མཆོག་འདི་ཐོབ་པ་ཡི། །སངས་རྒྱས་གང་ཡང་སྔོན་ཆད་མ་བྱུང་སྟེ། །མ་འོངས་པར་ཡང་མི་འབྱུང་གནས་པ་མེད། །རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས་ནས། །དབེན་པར་འདོད་དེ་དགོན་པར་གནས་བྱེད་པ། །ཉོན་མོངས་སྤངས་ཏེ་བདུད་ཀྱི་དཔུང་བཅོམ་ནས། །བྱང་ཆུབ་རྡུལ་མེད་འདུས་མ་བྱས་འཚང་རྒྱས། །གང་ཞིག་བྱང་ཆུབ་རབ་ཏུ་འདོད་བྱེད་ཅིང་། །འདུས་བྱས་ངན་པས་ཡིད་ཕྱུང་སེམས་ཅན་གྱིས། །མངོན་པར་ཕྱོགས་ཏེ་དགོན་པར་གོམ་བདུན་བོར། །འདི་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །གང་དག་དགའ་དང་མི་དགའ་ཅུང་ཟད་མེད། །དེ་དག་མི་ཡི་འཇིག་རྟེན་རྟག་རབ་བདེ། །གང་དག་གནས་དང་རི་སུལ་དགའ་བ་ནི། །དགེ་སྦྱོང་ཉིད་ཀྱི་རང་བདེ་མྱོང་བར་འགྱུར། །གང་དག་བདག་གིར་བྱེད་པ་ཅི་ཡང་མེད། །གང་དག་ཡོངས་འཛིན་རྣམ་པ་ཀུན་ཏུ་མེད། །བསེ་རུ་ལྟ་བུར་འཇིག་རྟེན་འདིར་གནས་པ། །དེ་དག་ནམ་མཁའ་ལ་ནི་རླུང་ལྟར་འགྲོ། གང་དག་འཇིག་རྟེན་ལ་ནི་ཡིད་མི་ཆགས། །དེ་དག་མི་ཡི་འཇིག་རྟེན་རབ་ཏུ་བདེ། །དགའ་དང་མི་དགའ་ལ་ནི་ཆགས་མེད་པ། །དེ་དག་འདི་ན་རྟག་ཏུ་སེམས་རླུང་འདྲ། །གང་དག་སྡུག་བསྔལ་མཛའ་དང་བྲལ་བ་དང་། །གང་དག་སྡུག་བསྔལ་གནས་པ་མི་དགའ་བ། །མཐའ་དེ་གཉིས་ཀ་རབ་ཏུ་སྤངས་ནས་སུ། །མི་གང་ཆོས་ལ་དགའ་བ་དེ་དག་བདེ། །ཞེས་དང་། ཉེས་པའི་ཚོགས་མང་ཐམས་ཅད་སྤངས་ནས་སུ། །རྣལ་འབྱོར་ཅན་ནི་རྟག་ཏུ་བྱེད་པ་ཉུང་། །རྣལ་འབྱོར་དག་བརྩོན་ནམ་ཡང་རྩོད་པ་མེད། །དགོན་པར་གནས་པ་དེ་ཡི་ཕན་ཡོན་ནི། །དེ་ནི་རྟག་ཏུ་འདུས་བྱས་ཡིད་འབྱུང་འགྱུར། །དེ་ནི་འཇིག་རྟེན་ཅི་ལའང་འདོད་པ་མེད། །ཟག་པ་དག་ནི་རྣམ་པར་འཕེལ་མི་འགྱུར། །ནགས་ན་གནས་པ་དེ་ཡི་ཕན་ཡོན་ནི། །དེ་ནི་ནམ་ཡང་རྩོད་པར་མི་འགྱུར་ཏེ། །རྟག་ཏུ་ཞི་ཞིང་དགའ་ལ་དབེན་པར་འགྱུར། །ལུས་དང་ངག་དང་ཡིད་ནི་རབ་བསྡམས་པ། །དགོན་པར་གནས་པ་འདི་ལ་ཡོན་ཏན་མང་། །དེ་ནི་ཐར་པའི་རྗེས་སུ་མཐུན་པ་ཡིན། །དེ་ནི་རྣམ་གྲོལ་ཞི་བ་མྱུར་རྟོགས་བྱེད། །ནགས་ན་གནས་ཤིང་རྣམ་གྲོལ་རྟེན་བྱེད་ན། །དགོན་གནས་དེ་ལ་ཡོན་ཏན་འདིཀུན་འབྱུང་། །ཞེས་དང་། གྲོང་དང་གྲོང་ཁྱེར་དག་ལ་དགའ་སྤངས་ལ། །རྟག་ཏུ་དབེན་ཞིང་ནགས་ཁྲོད་བརྟེན་པར་གྱིས། །བསེ་རུ་ལྟ་བུར་རྟག་ཏུ་གཉིས་མེད་བྱོས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་ཐོབ། །ཅེས་དང་། འཇམ་དཔལ་གྱི་ཞིང་བཀོད་པ་ལས་ཀྱང་བྱང་ཆུབ་སེམས་དཔའ་ཁྱིམ་པས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ལ། དེ་སྙེད་ཀྱི་བསྐལ་པར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱས་པ་བས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་ནས་སམ། བྱུང་བར་འདོད་པར་དགོན་པར་ཕྱོགས་ཏེ་གོམ་པ་བདུན་བོར་བ་བསོད་ནམས་ཆེ་བར་གསུངས་པས་མཚོན་ཞིབ་པར་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་དང་། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་དང་། འཕགས་པ་དཀོན་མཆོག་སྤྲིན་དང་། རིན་ཆེན་ཕུང་པོའི་མདོ་སོགས་ནས་དབེན་པའི་ཡོན་ཏན་དང་ཇི་ལྟར་བསྟེན་པའི་ཚུལ་རྒྱ་ཆེར་འབྱུང་བ་དང་། རྣམ་པར་མི་རྟོག་པ་བསྒོམ་པའི་ནང་དུ་འདུས་བྱས་ཀྱི་དགེ་བ་དང་། འདུས་མ་བྱས་ཀྱི་ཆོས་ཀུན་འདུ་བའི་ཚུལ་མདོ་སྡེ་རིན་ཆེན་རྣམས་ནས་རྒྱ་ཆེར་གསུངས་པའི་དོན་སློབ་དཔོན་མཁས་པ་ཆེན་པོ་བི་མ་ལ་མི་ཏྲས་མཛད་པའི་སྒོམ་རིམ་སོགས་ལས་ཤེས་པར་བྱའོ། །དེར་མ་ཟད་ཏིང་ངེ་འཛིན་སྒོམ་མི་ནུས་པ་དག་གིས་ཀྱང་གཞན་སྒོམ་པ་སོགས་ལ་རྗེས་སུ་ཡི་རང་བར་བྱས་ནའང་ཕན་ཡོན་ཚད་མེད་པར་འབྱུང་སྟེ། སྐལ་བཟང་ལས། སྔོན་བྱུང་བ་འདས་པའི་དུས། དེ་བཞིན་གཤེགས་པ་བརྩོན་འགྲུས་མཐའ་ཡས་ཞེས་བྱ་བ་འཁོར་ཐེར་འབུམ་སྙེད་དང་བཅས་པ་ཞིག་བྱུང་བར་གྱུར་ཏེ། ཏིང་ངེ་འཛིན་འདི་སྟོན་ཏོ། །དེ་ཏིང་ངེ་འཛིན་དེ་སྟོན་པ་ན། དེ་ཚེ་རྒྱལ་པོ་བསོད་ནམས་མེ་ཏོག་ཅེས་བྱ་བ་ཞིག་བྱུང་བས་ཐོས་ནས། དེས་བཙུན་མོ་སྟོང་དང་སྲས་སྟོང་ལ་སྨྲས་པ། ཏིང་ངེ་འཛིན་ཟད་པར་སྣང་བ་འདིའི་དོན་མི་ཤེས་སོ། །མ་ཤེས་པས་རྟོགས་པར་བྱར་ཡང་མི་ནུས་སོ། །དེ་ལྟ་ཡིན་ཀྱང་དེ་བཞིན་གཤེགས་པས་ལེགས་པར་གསུངས་པ་ལ་བདག་ཅག་གིས་རྗེས་སུ་ཡི་རང་བར་ནི་བྱའོ། །བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་ཤིང་བཤད་པའི་ཏིང་ངེ་འཛིན་འདི་ལ་རྗེས་སུ་ཡི་རང་བ་བྱས་པས། དེ་དག་རྗེས་སུ་ཡི་རང་བའི་མོད་ལ་བསྐལ་བ་བརྒྱད་ཁྲིར་འཁོར་བ་ཕྱིར་བསྙིལ་ནས་དེ་ལས་ཁ་ཕྱིིར་ཕྱོགས་པར་གྱུར་ཏོ། །ཁྱིམ་ཅན་ཞེས་བྱ་བའི་གཟུངས་ཐོབ་པར་གྱུར་ཏོ། །དགེ་བའི་རྩ་བ་དེས་ནི་སངས་རྒྱས་སུམ་འབུམ་དག་མཉེས་པར་གྱུར་ཏོ། །ཐམས་ཅད་དུ་ཡང་ཏིང་ངེ་འཛིན་འདི་ཐོབ་པར་གྱུར་ཏོ། །ལོག་པར་ལྟུང་བ་དང་། མི་ཁོམ་པ་དག་ཏུ་ནམ་ཡང་ལྟུང་བར་མ་གྱུར་ཏོ། །རྒྱུ་དེ་ཁོ་ནས་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། །ཞེས་གསུངས། མདོར་ན་དོན་དམ་རིག་པ་ལས། གང་ཞིག་བླ་མའི་མན་ངག་བདུད་རྩིའི་ཆུ། །གདུང་སེལ་བསིལ་ལྡན་ངོམས་པར་མི་འཐུང་བར། །དེ་ནི་བསྟན་བཅོས་དོན་མང་མྱ་ངན་གྱི། །ཐང་ལ་སྐོམ་པས་གདུང་སྟེ་ཤི་བར་ཟད། །ཅེས་དང་། དཔལ་ལྡན་ཨ་ཏི་ཤས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པར། །ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། །རང་གི་འདོད་པ་དང་དུ་བླང་བར་བྱ། །འཇིག་རྟེན་སྤྱོད་པ་དག་ལ་ཕར་བལྟས་པས། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམ་ཡང་སྙིང་པོ་མི་གདའ་བས། །རང་གི་སེམས་ལ་བལྟ་བར་གོམས་པར་གྱིས། །ཞེས་ཐུགས་བརྩེ་བས་འདོམས་པར་མཛད་པ་བཞིན་གཙོ་བོར་དབེན་པ་བརྟེན་ཞིང་སྒོམ་སྒྲུབ་ལ་བརྩོན་པ་གལ་ཆེ་བར་མངོན་ནོ། །ཐོས་བསམ་སྒོམ་གསུམ་སྤེལ་མར་བྱས་པའི་ཕན་ཡོན་ཡང་། རྒྱན་ལས། འདི་ན་དང་པོ་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། །ཚུལ་བཞིན་ཡིད་ལ་བྱས་པ་ལས་ཀྱང་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །དེ་ལས་ཆོས་ཐོབ་དེ་ཡང་དེ་ལས་བློ་གྲོས་རབ་ཏུསྐྱེ། །གང་ཚེ་དེ་ནི་སོ་སོ་རང་རིག་མེད་ན་ཇི་ལྟར་ངེས། །ཞེས་དང་། དེ་ལྟས་རྣལ་འབྱོར་ཅན་གྱི་སྒོམ་པ་གང་ཡིན་དེ་ནི་དོན་མེད་མིན། །དེ་ལྟར་བདེ་བར་གཤེགས་ཀྱིས་བསྟན་པ་དེ་ཡང་དོན་མེད་མིན། །གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་སྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་ཡང་སྒོམ་འཇུག་འགྱུར་ན་བསྟན་པ་དོན་མེད་འགྱུར། །ཞེས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །དེ་དང་བསམ་པ་གཉིས་ནི་ཡོད་གྱུར་ན། །དེ་ལས་སྒོམ་པ་ལ་ནི་རབ་ཏུ་སྦྱོར། །དེས་ནི་དངོས་གྲུབ་བླ་ན་མེད་པ་འབྱུང་། །ཞེས་གསུངས། མདོར་ན་ཐོས་པས་སེམས་ལ་བག་ཆགས་འཇོག་བསམ་པས་དོན་རྟོགས་པར་བྱེད། སྒོམ་པས་ཞི་གནས་ཀྱིས་ཉོན་མོངས་པ་ཞི་བ་དང་། ལྷག་མཐོང་གིས་ཆོས་ཉིད་རབ་ཏུ་རྟོགས་པར་བྱེད་པའི་སྒོ་ནས་རྣམ་པར་གྲོལ་བར་བྱེད་པ་སྟེ། དེ་དག་གི་གོ་རིམ་ཡང་། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུསྦྱོར། །ཞེས་གསུངས་པའི་ཚུལ་བཞིན་ཤེས་པར་བྱའོ། །ཀ་ཡེ་དོན་མཐུན་དགེ་བའི་གྲོགས་པོ་དག །ཁ་གསག་གཡོ་སྒྱུས་རང་མགོ་མ་བསྐོར་བར། །ག་ནས་བསམས་ཀྱང་ཕུང་ཀྲོལཀུན་གྱི་གཞི། །ང་བདག་གཟུང་འཛིན་མགོ་བོ་ཆོམས་པར་མཛོད། །ཅ་ཅོའི་འཁྲུལ་གཏམ་ཆགས་སྡང་འཕེལ་བའི་རྒྱུ། །ཆ་ལུགས་འཆོལ་སྤྱོད་རང་རྒྱུད་རེངས་པའི་རྐྱེན། །ཇ་སོགས་ནོར་ལ་སྲེད་པ་མ་ཆེ་བར། །ཉ་རྒྱས་ཟླ་ལྟའི་ཚུལ་ཁྲིམས་ཉམས་མེད་སྲུངས། །ཏ་ཐཱ་ག་ཏས་ལེགས་གསུངས་དམ་པའི་ཆོས། །ཐ་དག་ངེས་དོན་ཀློང་དུ་རོ་གཅིག་པས། །ད་ནས་དག་སྣང་མིག་བཟང་བསྐྱེད་རེ་རན། །ན་མར་ཐོས་བསམ་སྒོམ་ལ་བརྩོན་པར་མཛོད། །པ་སངས་ལྟར་དཀར་ལྷག་པའི་བསམ་པ་ཡིས། །ཕ་རོལ་ཕྱིིན་ལམ་སྤྱོད་པ་རྒྱ་མཚོར་གཞོལ། བ་ལང་ལྟ་བུར་རྨོངས་པའི་འགྲོ་བ་རྣམས། །མ་ལུས་སྒྲོལ་བའི་དམ་བཅའི་གོ་བགོས་ཤིག །ཙཱ་གངས་ལ་སོགས་དབེན་པའི་ནགས་ཁྲོད་དུ། །ཚ་གྲང་དཀའ་སྤྱད་བཟོད་པའི་ཁུར་ཁྱེར་ནས། །ཛ་ལང་གདུག་པའི་རང་རྒྱུད་འདུལ་སླད་དུ། །ཝ་ཆུའི་རྒྱུན་བཞིན་དྲན་དང་ཤེས་བཞིན་བརྟེན། །ཞྭ་ལྟར་བླ་མ་སྤྱིི་བོའི་གཙུག་ཁུར་ཞིང་། །ཟ་གོས་གནས་མལ་གང་བྱུང་དེས་ཆོག་དང་། །འ་འུར་ཆོས་བརྒྱད་འཆིང་བའི་རྒྱ་ཁྲོལ་ལ། །ཡ་མཚན་དོན་བརྒྱུད་རྒྱལ་ས་ཟིན་པར་མཛོད། །ར་བ་བརྒལ་དཀའ་སྲིད་པའི་གྲོང་ཁྱེར་འདི། །ལ་ལ་ཙམ་མིན་སྡུག་བསྔལ་གསུམ་གྱི་སྣོད། །ཤ་བཙོན་དོང་ནས་ཐར་འདྲའི་ངེས་འབྱུང་བློས། །ས་ར་ཧ་པའི་རྣམ་ཐར་སྐྱོངས་བར་མཛོད། །ཧ་ཅང་བྱ་བྱེད་མང་ན་འཆལ་བའི་རྒྱུ། །ཨ་ཏི་ཁྲེགས་ཆོད་དགོངས་པའི་གསང་མཛོད་ཆེ། །བྱར་མེད་ལྷུན་རྫོགས་ཀུན་བཟང་དགོངས་ཀློང་དུ། །གདོད་མའི་ས་ལ་བཙན་ས་ཟིན་པར་མཛོད། །

གསུམ་པ་དགེ་འདུན་ལ་བསྙེན་བཀུར་ཕུལ་བའི་ཕན་ཡོན་བསྟན་པ།

གསུམ་པ་དགེ་འདུན་ལ་བསྙེན་བཀུར་ཕུལ་བའི་ཕན་ཡོན་བསྟན་པ་ནི། སྤྱིརཕུལ་བ་དང་ལོངས་སུ་སྤྱོད་པ་གཉིས་ཀྱིས་འགྲོ་བའི་རྫས་ལས་གྱུར་པའི་བསོད་ནམས་འཕེལ་བའི་ཕྱིར་ཞིང་ཐམས་ཅད་ཀྱི་ནང་ནས་དགེ་འདུན་དཀོན་མཆོག་བཟང་བར་གསུངས་ཏེ། སྟོང་ཆེན་མོ་རབ་ཏུ་འཇོམས་པའི་མདོ་ལས། ཞིང་རབ་གཤིན་ལ་ས་བོན་བཏབ་པ་ལས། །དགེ་འདུན་དཀོན་མཆོག་རིན་ཆེན་མཆོག་ཏུ་གསུངས། །ཞེས་དང་། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། ལྷ་མིའི་ལོངས་སྤྱོད་ལྡན་པ་ཐམས་ཅད་ཀྱང་། །རབ་ཏུ་བྱུང་བ་དག་ལས་ཐོབ་པའི་ཕྱིར། །ཆོས་གོས་གྱོན་པ་འདི་ལ་མཆོད་པས་ན། །བདེ་བ་ཚད་མེད་པར་ཡང་འབྱུང་བར་འགྱུར། །ཞེས་དང་། རྗེས་དྲན་གྱི་མདོ་ལས། བསོད་ནམས་ཀྱི་དཔལ་གྱི་ཞིང་། ཡོན་ཡོངས་སུ་སྦྱོང་བ་ཆེན་པོ། སྦྱིན་པའི་གནས་སུ་གྱུར་པ་ཀུན་ཏུའང་སྦྱིིན་པའི་གནས་སུ་གྱུར་པ་ཆེན་པོའོ། །ཞེས་དང་། དེའི་འགྲེལ་པར། གང་ཞིག་ཟླ་བ་རེ་རེ་ལ། །མཆོདསྦྱིན་བརྒྱ་སྟོང་མཉམ་བྱས་པས། །དགེ་འདུན་རྣམས་ལ་དད་བྱས་པ། །དེ་ཡི་བཅུ་དྲུག་{པ་ལྷག}ཆར་མི་ཕོད། །ཅེས་སློབ་དཔོན་ཐོགས་མེད་ཀྱིས་ལུང་དྲངས་པ་དང་། བྱ་རྒྱུད་ལེགས་གྲུབ་ལས། ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་གསུངས། བྱེ་བྲག་ཏུ་བྱང་ཆུབ་སེམས་དཔའི་དགེ་འདུན་ནི། སྤྱན་གཟིགས་ཀྱི་མདོ་ལས། གང་དག་བྱངཆུབ་མངོན་ཞུགས་པ། །འཇིག་རྟེན་ཀུན་ན་དེ་རིན་ཆེན། །དེ་དག་འབྱུང་བ་ཤིན་ཏུ་དཀོན། །དམན་པ་མེད་པའི་སྦྱིན་གནས་འགྱུར། །ས་འདི་དག་ནི་རིམ་གྱིས་སུ། །བགྲང་བར་བྱ་ཞིང་དཔག་པར་ནུས། །དེ་དག་རྣམས་ཀྱི་ཡོན་ཏན་མཐའ། །ཚིག་གི་བསྟན་པར་མི་ནུས་སོ། །སེམས་ཅན་དག་ནི་ཐམས་ཅད་ཀྱི། །དུས་གསུམ་སེམས་ནི་ཤེས་པར་ནུས། །དེ་དག་རྣམས་ཀྱི་ཡོན་ཏན་མཐའ། །ཚིག་གིས་བསྟན་པར་མི་ནུས་སོ། །ཞེས་པ་ནས། རྫོགས་སངས་རྒྱས་ཀྱི་སྲས་རྣམས་ལ། །གང་ཞིག་ཆོས་ཀྱིས་སྲུང་བྱེད་པ། །དེས་ནི་ངན་འགྲོ་ཀུན་སྤངས་སྟེ། །མྱུར་དུ་བཟང་འགྲོར་འགྲོ་བར་འགྱུར། །ཕྱུག་ཅིང་ནོར་ཆེན་ལྡན་པ་དང་། །སྟོབས་དང་ལྡན་ཞིང་འཇིགས་པ་མེད། །དྲན་དང་ལྡན་ཞིང་ཤེས་རབ་ལྡན། །བདེ་ཞིང་ངོ་ཚ་ཁྲེལ་ལྟས་ལྡན། །གང་དུ་འཇིག་རྟེན་རྣམས་ཀྱི་སྒྲོོན། །ཡོངས་སུ་མྱ་ངན་འདས་གྱུར་པ། །སངས་རྒྱས་མཆོད་རྟེན་མཐོང་ནས་ནི། །ཡང་དང་ཡང་དུ་བསྟི་སྟང་བྱེད། །རྫོགས་སངས་རྒྱས་ཀྱིས་གསུངས་པ་ཡི། །འདི་འདྲའི་ཆོས་ནི་ཐོས་གྱུར་ནས། །སངས་རྒྱས་སྲས་པོ་རྣམས་ལ་ནི། །སུ་ཞིག་ཕྱི་ཕྱིར་དད་མི་བྱེད། །ཅེས་པའི་བར་གྱིས་རྒྱ་ཆེར་གསུངས་པ་དང་། སྙིང་རྗེ་པད་དཀར་ལས། གང་ལ་ཆོས་སྨྲ་བ་ལ་སྤོས་ཀྱིས་མཆོད་པ་བྱེད་ན་དེ་ཡང་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྤོས་འཐོབ་བོ། །ཆོས་སྨྲ་བ་ལ་མེ་ཏོག་གིས་མཆོད་པ་བྱེད་ན་བླ་ན་མེད་པའི་ཡེ་ཤེས་ཀྱི་མེ་ཏོག་དག་འཐོབ་པར་འགྱུར་རོ། །ཆོས་སྨྲ་བ་ལ་འབྲས་ཆན་དང། བཟའ་བ་དང་། བཏུང་བ་དག་བྱིན་ན་དེ་བཞིན་གཤེགས་པའི་ཟས་བླ་ན་མེད་པ་འཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ལ་གོས་ཀྱིས་བཀབ་ན་དེ་བཞིན་གཤེགས་པའི་སྐུ་མདོག་བླ་ན་མེད་པ་འཐོབ་བོ། །གང་ཞིག་ཆོས་སྨྲ་བ་ལ་རིན་པོ་ཆེ་དག་གིས་འགེབས་པར་བྱེད་ན་རིང་པོར་མི་ཐོགས་པར་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་རིན་པོ་ཆེ་རྣམས་འཐོབ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་ཀྱི་གཟུངས་ཀྱི་སྒོ་ལ་འཇུག་པ་དེ་ནི་དེ་ལྟར་དོན་ཆེ་བ་ཡིན་ནོ། །ཞེས་དང་། ངེས་པ་དང་མ་ངེས་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ལས། འཇམ་དཔལ། ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ་ཕྱོགས་བཅུའི་འཇིག་རྟེན་ཀྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་བཏོན་པར་གྱུར་པ་ལ། བྱམས་པའི་སེམས་དང་ལྡན་པ་འགའ་ཞིག་གིས་དེ་དག་ཐམས་ཅད་ཀྱི་མིག་བསྐྱེད་པར་བྱས་པ་བས། གང་ལ་ལ་ཞིག་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་སེམས་དྭངས་པས་ལྟ་ན། འདི་ནི་དེ་བས་བསོད་ནམས་ཆེས་ལྷག་པར་སྐྱེའོ། །ཞེས་དང་། སྤྱོོད་འཇུག་ལས། འོན་ཏེ་གང་ཞིག་ཡིད་རབ་དྭངས་བྱེད་ན། །དེ་ཡི་འབྲས་བུ་དེ་བས་ལྷག་པར་འཕེལ། །རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་། །སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ། །གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་། །གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་གསུངས། དེའང་ཀློག་པའི་སྡེ་ལས་སྤོང་བ་པ་ཁྱད་པར་དུ་མས་འཕགས་ཏེ། ཏིང་འཛིན་ཚོགས་དམ་པ་ལས། བསམ་གཏན་ཏིང་ངེ་འཛིན་{པ་ལྷག}བསྒོམས་པས་དགེ་སྦྱོང་གི་འབྲས་བུ་བཞི་མ་ཐོབ་ཀྱང་། མང་དུ་ཐོས་པ་བས་ཁྲི་ཕྲག་སྟོང་གིས་འཕགས་སོ། །ཞེས་གསུངས། དེ་ལས་ཀྱང་མདོ་འདུལ་དང་རྒྱུད་སྡེ་འོག་མའི་ཏིང་འཛིན་སྒོམ་པ་པོ་ལས། སྔགས་བླ་མེད་སྤྱི་དང་ཁྱད་པར་གསང་ཆེན་འོད་གསལ་རྡོ་རྗེ་རྩེ་མོའི་རྣལ་འབྱོར་པ་ལ་ཡོན་ཕུལ་ན་བསོད་ནམས་ཆེ་བར་གསུངས་ཏེ། རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་གློག་ལས། རིགས་ཀྱི་བུ་གང་ཟག་ལ་ལ་ཞིག་གིས་བསྐལ་པ་གདྒཱའི་ཀླུང་གི་བྱེ་མ་སྙེད་དུ་སོ་སོའི་སྐྱེ་བོའམ། ཉན་ཐོས་སམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བ་སྙེད་ལ་མེ་ཏོག་དང་། ཕྲེང་བ་དང་། བྱུག་སྤོས་དང་། བླ་བྲེ་དང་རྒྱལ་མཚན་དང་། བ་དན་དང་། ལྷབ་ལྷུབ་དང་། རོལ་མོའི་ཁྱད་པར་མང་པོ་ལ་སོགས་པས་སངས་རྒྱས་ཀྱི་ཞིང་ཡོང་སུ་གང་བར་བྱས་ཏེ་ཕུལ་བ་བས། ཐ་ན་གསང་བའི་ཐེག་པ་ལ་གནས་པའི་རྣལ་འབྱོར་པ་གཅིག་ཙམ་ལའང་གཡོ་སྒྱུ་དང་། གསོག་འཇོག་སྤངས་པའི་སྒོ་ནས་འདོད་པའི་ཡོན་ཏན་གྱི་ཚོགས་སྐད་ཅིག་ཙམ་བཏེགས་ཤིང་ལོངས་སྤྱད་པའི་བསོད་ནམས་ཁྱད་པར་དུ་འཕགས་ཏེ་འབུམ་གྱི་ཆར་ཡང་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོའམ། ཉན་ཐོས་སམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་དེ་དག་བས་གསང་བའི་ཐེག་པ་ལ་གནས་པ་གཅིག་གི་བ་སྤུའི་ཆ་གཅིག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ཁྱད་པར་དུ་འཕགས་ཏེ་འབུམ་གྱི་ཆར་ཡང་མི་ཕོད་དོ། །དེ་བཞིན་དུ་གང་ཟག་ལ་ལ་ཞིག་གིས་མེ་ཏོག་ལ་སོགས་པས་སངས་རྒྱས་ཀྱི་ཞིང་ཡོངསསུ་གང་བ་ཕུལ་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་གང་ཡིན་པ་དེ་བས་འདོད་པའི་ཡོན་ཏན་གྱི་ཚོགས་ཆེན་པོ་གཅིག་གི་རྡུལ་ཕྲ་རབ་ཀྱི་ཆ་ཙམ་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ཁྱད་པར་དུ་འཕགས་ཏེ་འབུམ་གྱི་ཆར་ཡང་མི་ཕོད་དོ། །རིགས་ཀྱི་བུ་དེ་བས་ན་དད་པ་ཅན་གྱི་སྐྱེ་བོ་གསང་བའི་ཐེག་པ་ཉིད་དང་། གསང་བའི་ཐེག་པ་ལ་གནས་པའི་བླ་མ་འཁོར་དང་བཅས་པ་ལ་དད་པའི་སེམས་ཀྱིས་གཡོ་སྒྱུ་དང་། གསོག་འཇོག་སྤངས་པའི་ཚོགས་གསོག་པ་དེའི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ནི་ཚད་མེད་དེ། ཐམས་ཅད་མཁྱེན་པ་སངས་རྒྱས་རྣམས་ཀྱིས་ཀྱང་བགྲང་བར་མི་ནུས་སོ། །ཞེས་སོགས་གསང་རྒྱུདཀུན་ནས་མཐའ་ཡས་པ་འབྱུང་བ་དང་། དེར་མ་ཟད་རྒྱུད་ཀྱི་ཚིག་དོན་ཉམས་སུ་ལེན་པའི་རྣལ་འབྱོར་པ་དེའི་ཞལ་མཇལ་བ་གསུང་ཐོས་པ། ཕྱག་དང་ཞབས་ཀྱི་དབང་ཐོབ་པས་མཚོན། ལུས་ཀྱི་ཆ་ཤས་ལ་རེག་པ་ཙམ་གྱིས་ཀྱང་སྔོན་བསགས་ཀྱི་སྡིག་པ་ཐམས་ཅད་སྐད་ཅིག་ལ་བྱང་ཞིང་རིང་པོར་མི་ཐོགས་པར་ཧེ་རུ་ཀའི་གོ་འཕང་ཐོབ་པར་འགྱུར་བའི་ཚུལ། བདེ་མཆོག་རྩ་རྒྱུད་ལས། མཐོང་བ་དང་ནི་རེག་པ་དང་། །ཐོས་པ་དང་ནི་དྲན་པ་ཡིས། །སྡིག་པ་ཀུན་ལས་གྲོལ་འགྱུར་བ། །དེ་ལྟ་ཉིད་དུ་ཐེ་ཚོམ་མེད། །ཅེས་དང་། ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། །རྣམ་པར་དག་པའི་མཚན་ཉིད་ཀུན། །སྒྲུབ་པ་པོ་ཡི་བདེ་བའི་ཆུ། །གཉིས་མེད་གཉིསསུ་མེད་པ་ཉིད། །གཉིས་མེད་སྦྱོར་བ་ཡིས་རེག་པ། །དག་བྱེད་སྡིག་པ་འཇོམས་བྱེད་པ། །རེག་པ་དང་ནི་སྨྲས་པས་ཀྱང་། །སྡིག་པ་ཀུན་ལས་གྲོལ་བར་འགྱུར། །སྡིག་པ་ཐམས་ཅད་རྣམ་གྲོལ་ཞིང་། །ལུས་དག་པ་ལས་སྐྱོན་མེད་པ། །མི་མཆོག་ཀུན་ནས་སྦྱང་བྱེད་པ། །སྡིག་པ་ཐམས་ཅད་རྣམ་དག་པའི། །དེ་བཞིན་གཤེགས་པའི་ས་ཐོབ་འགྱུར། །སྡིག་པ་ཐམས་ཅད་རྣམ་དག་པ། །དེ་བཞིན་གཤེགས་པའི་རིགས་སྐྱེ་ཞིང་། །ཆོས་དང་ལྡན་པའི་རྒྱལ་པོར་འགྱུར། །ཅེས་སོ། །དེའི་རྒྱུ་མཚན་ཡང་རྒྱུད་དོན་ཉམས་སུ་ལེན་པའི་རྣལ་འབྱོར་པ་ལ་དཔལ་ཧེ་རུ་ཀས་རྟག་ཏུ་བྱིན་གྱིས་རློབ་པར་མཛད་ཅིང་། དེའི་སྙིང་གར་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་ལ་སོགས་པའི་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་མངོན་དུ་བཞུགས་ནས་དེ་དང་ལྷན་ཅིག་པར་དགྱེས་ཤིང་བརྩེ་བའི་སྒོ་ནས་རྗེས་སུ་ཆགས་པར་མཛད་པའི་ཕྱིར། །རྣལ་འབྱོར་པ་དེ་དངདུས་མཉམ་དུ་སྐྱེས་ནས་མཐོང་ཐོས་དྲན་རེག་གི་འབྲེལ་བ་ཐོབ་པའི་སྲོག་ཆགས་རྣམས་ཀྱང་བསོད་ནམས་རྒྱ་ཆེན་པོ་བསགས་པར་གསུངས་ཏེ། དེ་ཉིད་ལས། རྟག་པ་ཉིད་དུ་དཔལ་ཆེན་དང་། །རོལ་པར་ལྡན་པར་ཐེ་ཚོམ་མེད། །དེ་མི་ཐུགས་ཀར་གནས་ཕག་མོ། །ང་དང་དཔའ་བོ་རྣལ་འབྱོར་མ། །ཕོ་ཉ་རྣམས་དང་ལྷན་ཅིག་གནས། །དེ་དག་གང་ཞིག་ལེགས་སྐྱེས་པའི། །སྲོག་ཆགས་བསོད་ནམས་མཐོང་བ་ཡིན། །ཞེས་གསུངས། ཁྱད་པར་ཐེག་ཆེན་ལམ་གྱི་རྟེན་འབྲེལ་མཐའ་དག་དགེ་བའི་བཤེས་གཉེན་ལ་བརྟེན་ནས་སྒྲིག་དགོས་པའི་ཕྱིར། མདོ་རྒྱུད་ཀུན་ནས་རང་གི་རྩ་བའི་བླ་མ་ནི་སངས་རྒྱས་དངོས་སུ་བལྟ་བར་གསུངས་ཏེ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། གསང་བའི་བདག་པོ་སློབ་དཔོན་ལ་སློབ་མས་ཇི་ལྟར་བལྟ་བར་བྱ་ཞེ་ན་སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟ་བ་དེ་བཞིན་ནོ། །དེ་ཡིས་སེམས་ནི་དེ་ལྟ་ན། །རྟག་ཏུ་དགེ་བ་སྐྱེ་བར་འགྱུར། །དེ་ནི་འཇིག་རྟེན་ཐམས་ཅད་ལ། །ཕན་པར་བྱེད་པའི་སངས་རྒྱས་འགྱུར། །ཞེས་དང་། རྡེ་རྗེ་མེ་ལོང་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་གསུངས། དེའི་རྒྱུ་མཚན་སྤྱིར་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ཚུལ་སྡོང་པོ་བརྒྱན་པ་སོགས་ནས་བཀའ་བསྩལ་པའི་དོན་ཀུན་མཁྱེན་བླ་མས་སེམས་ཉིད་ངལ་གསོར་གསུངས་པ། གང་གི་ཡོན་ཏན་ཤིན་ཏུ་མཐའ་ལས་ཏེ། །འགྲོ་བའི་གཉེན་གྱུར་ཕྱོགས་ཙམ་རབ་བསྔགས་ན། །སྲིད་མཚོ་སྒྲོལ་བའི་གྲུ་ཆེན་མཉན་པ་སྟེ། །ལམ་ཞུགས་རྣམས་ཀྱི་དེད་དཔོན་བླ་ན་མེད། །རྒུད་པ་སེལ་བས་ཡིད་བཞིན་ནོར་བུ་སྟེ། །ལས་དང་ཉོན་མོངས་མེ་སེལ་བདུད་རྩིའི་ཆུ། །ཆོས་ཆར་བསིལ་བས་ཆར་སྤྲིན་བཟང་པོ་སྟེ། །འགྲོ་ཀུན་དགའ་སྐྱེད་ལྷ་ཡི་རྔ་བོ་ཆེ། །དུག་གསུམ་ནད་སེལ་སྨན་པའི་རྒྱལ་པོ་སྟེ། །མ་རིག་མུན་སེལ་སྒྲོན་མ་འོད་པོ་ཆེ། །སྐྱེ་དགུ་བདེ་འབྱུང་དཔག་བསམ་ཤིང་ཆེན་ཏེ། །འདོད་དགུ་ལྷུན་གྲུབ་རིན་ཆེན་བུམ་པ་བཟང་། །བྱམས་ཆེན་ཉི་མ་འོད་ཟེར་དཔག་མེད་དེ། །གདུང་སེལ་ཟླ་བ་ཕན་བདེའི་འོད་དཀར་ཅན། །དགོངས་ཀློང་ཡངས་པས་དྲི་མེད་མཁའ་འདྲ་ལ། །ཏིང་འཛིན་འོད་གསལ་གཟའ་སྐར་ལྷུན་གྲུབ་འདྲ། །མཁྱེན་བརྩེའི་རང་བཞིན་དཔག་མེད་མཚོ་འདྲ་ཞིང་། །ཐུགས་རྗེའི་རླབས་ཆེན་གཡོ་བས་ཆུ་ཀླུང་འདྲ། །རྣམ་གཡེང་མི་བསྐྱོད་གངས་རིའི་དཔལ་འདྲ་ཞིང་། །མཆོག་ཏུ་མི་གཡོ་རི་རྒྱལ་ལྷུན་པོ་འདྲ། །སྲིད་གནས་མི་གོས་འདམ་སྐྱེས་པད་འདྲ་ཞིང་། །ཀུན་ལ་ཐུགས་སྙོམས་བྱམས་སྡུག་ཕ་མ་འདྲ། །ཡོན་ཏན་མཐའ་ཡས་རིན་ཆེན་གཏེར་འདྲ་ཞིང་། །འཇིག་རྟེན་འདྲེན་པས་རྒྱལ་བའི་དབང་པོ་འདྲ། །དེ་འདྲའི་བླ་མ་དཔལ་ལྡན་ཆོས་ཀྱི་རྗེ། །གང་ན་བཞུགས་རྣམས་སངས་རྒྱས་ཀུན་དང་མཉམ། །མཐོང་ཐོས་དྲན་རེག་འཁོར་བ་ཕྱིར་བསྙིལ་ཅིང་། །རླབས་ཆེན་ཕྲིན་ལས་ཁུར་ཆེན་དཔག་ཏུ་མེད། །ས་ཆེན་འགྲོ་བ་ཀུན་གྱི་རྟེན་བཞིན་ནོ། །ཞེས་གསུངས་པས་མཚོན་ཏེ། ཞིབ་པར་ཕལ་པོ་ཆེ་ལས། དགེ་བའི་བཤེགས་གཉེན་གྱི་ཡོན་ཏན་དང་བསྔགས་པ་བརྗོད་པ་ནི། རྒྱས་པར་བསྐལ་པར་བརྗོད་ཀྱང་ཟད་མི་ཤེས་པ་དང་ལྡན་པ་དེའི་ཕྱིར་རྟགཏུ་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱའོ། །ཞེས་གསུངས་པ་བཞིན་ཤེས་པར་བྱའོ། །དགོས་སུ་རང་ཉིད་ལ་བཀའ་དྲིན་ཆེ་བའི་ཚུལ་ཡང་། དེ་ཉིད་ལས་གཞོན་ནུ་ནོར་བཟང་། དགེ་བའི་བཤེས་གཉེན་རྣམས་ནི། བདག་ངན་སོང་ལས་སྐྱོབ་པའོ། །ཆོས་མཉམ་པ་ཉིད་རྟོགས་པར་བྱེད་པའོ། །ལམ་བདེ་བ་དང་མི་བདེ་བ་སྟོན་པའོ། །ཀུན་ཏུ་བཟང་པོའི་སྤྱོད་པས་འདོམས་པའོ། །ཐམས་ཅད་མཁྱེན་པའི་གྲོང་ཁྱེར་གྱི་ལམ་སྟོན་པའོ། །ཐམས་ཅད་མཁྱེན་པའི་གནས་སུ་སྐྱེལ་བའོ། །ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོར་འཇུག་པའོ། །དུས་གསུམ་གྱི་ཤེས་བྱའི་རྒྱ་མཚོའི་སྟོན་པའོ། །འཕགས་པའི་ཚོགས་ཀྱི་དཀྱིལ་འཁོར་སྟོན་པའོ། །དགེ་བའི་བཤེས་གཉེན་ནི་བདག་གི་དཀར་པོའི་ཆོས་ཐམས་ཅད་འཕེལ་བར་བྱེད་པའོ། །ཞེས་དང་། འདི་ནི་བདག་གི་དགེ་བཤེས་ཆོས་སྨྲ་བ། །ཆོས་ཀུན་ཡོན་ཏན་ཡོངས་སུ་སྟོན་བྱེད་དེ། །བྱང་ཆུབ་སེམས་དཔའི་སྤྱོད་ལམ་ཡོངས་སྟོན་པ། །ཡིན་ཞེས་སེམས་གཅིག་བསམས་ནས་འདིར་འོངས་སོ། །འདི་དགེ་བསྐྱེད་པས་བདག་གི་མ་ལྟ་བུ། །ཡོན་ཏན་འོ་མ་སྡུད་པའི་མ་མ་འདྲ། །བྱང་ཆུབ་ཡན་ལག་ཡོངས་སུ་སྦྱོང་བ་ཡིན། །དགེ་བཤེས་འདི་དག་གནོད་པ་རྣམ་པར་བཟློག །རྒ་ཤི་ཐར་བྱེད་སྨན་པ་ལྟ་བུ་སྟེ། །བདུད་རྩིའི་ཆར་འབེབས་ལྷ་དབང་བརྒྱ་བྱིན་འདྲ། །ཉ་ཟླ་ལྟ་བུར་དཀར་པོའི་ཆོས་ཀྱིས་རྒྱས། །ཞི་བའི་ཕྱོགས་སྟོན་ཉི་མ་གསར་པ་འདྲ། །དགྲ་དང་གྲོགས་ལ་རི་བོ་འདྲ་བ་སྟེ། །རྒྱ་མཚོ་བཞིན་དུ་མི་འཁྲུགས་སེམས་དང་ལྡན་། །ཡོངས་སུ་སྐྱོང་དང་མཉན་པ་འདྲ་བ་ཞེས། །དེ་འདྲའི་སེམས་ཀྱིས་ནོར་བཟང་འདིར་འོངས་སོ། །བྱང་ཆུབ་སེམས་དཔའ་གང་གི་བློ་བསྐྱེད་པ། །སངས་རྒྱས་སྲས་པོ་བྱང་ཆུབ་སྐྱེད་བྱེད་པ། །འདི་དག་བདག་བཤེས་སངས་རྒྱས་བསྔགས་པ་ཞེས། །དེ་ལྟར་དགེ་བའི་སེམས་ཀྱིས་འདིར་འོངས་སོ། །འཇིག་རྟེན་སྐྱོབ་པ་དཔའ་བོ་ལྟ་བུ་སྟེ། །དེད་དཔོན་མགོན་དང་སྐྱབས་སུ་གྱུར་པ་ཡིན། །འདི་དག་བདག་ལ་བདེ་སྟོབས་མིག་ཡིན་ཞེས། །དེ་འདྲའི་སེམས་ཀྱིས་དགེ་བཤེས་བསྙེན་བཀུར་བྱེད། །ཅེས་གསུངས། དེའི་ཕྱིར་སངས་རྒྱས་ལས་ཀྱང་ལྷག་པར་བཟུང་དགོས་ཏེ། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྣང་བ་མ་ཡིན་གྱི་དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོསསྟོན་ཅིང་། ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཡང་ཟུངས་ཤིགཅེས་སྔར་ཡང་དྲངས་ཟིན་པ་དང་། དགོངས་འདུས་ལས། དོན་དང་ལྡན་པའི་མཁས་པ་ལ། །དུས་གསུམ་དུས་ནི་ཐམས་ཅད་དུ། །ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །བདེ་གཤེགས་རྒྱལ་བ་ཀུན་བྱོན་ནས། །བསྔགས་དང་འདུན་པས་ཕྱག་མཛད་དོ། །ཞེས་དང་། གསང་འདུས་ལས། ཁམས་རྣམས་དང་ནི་ཕྲིན་ལས་དག །རང་བཞིན་མཉམ་པ་ཉིད་ཀྱི་ཕྱིར། །བླ་མ་སངས་རྒྱས་ཀུན་དང་མཉམ། །འགྲོ་བ་གང་ལ་ལམསྟོན་ཕྱིར། །སངས་རྒྱས་ཉིད་ལས་མཆོག་ཏུ་འཕགས། །ཞེས་གསུངས། སྦྱོར་བས་ཇི་ལྟར་བསྟེན་པའི་ཚུལ་ཡང་། སྡོང་པོ་བཀོད་པ་ལས། ཁུར་ཐམས་ཅད་ཁུར་བས་མི་སྐྱོ་བ་ས་ལྟ་བུའི་སེམས་དང་། བསམ་པ་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་སེམས་དང་། སྡུག་བསྔལ་ཐམས་ཅད་ཀྱིས་མི་བསྒུལ་བའི་ཕྱིར་འཁོར་ཡུགལས་ཐམས་ཅད་ཉམས་སུ་བླང་བ་ལ་མི་སྨོད་པས་བྲན། ང་རྒྱལ་དང་ཆེ་བའི་ང་རྒྱལ་སྤོང་བས་ཕྱག་དར་བ། ཁུར་ལྕི་བ་བཀུར་བས་ཐེག་པ། མི་ཁྲོབས་ཁྱི། འགྲོ་ཞིང་འོང་བ་ལ་མི་སྐྱོ་བས་གྲུ། དགེ་བའི་བཤེས་གཉེན་གྱི་ངོར་བལྟ་བས་བུ་མཛངས་པ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱའོ། །ཞེས་དང་། རིམ་ལྔ་ལས། དེ་ཉིད་མི་ཟད་འདོད་པ་ཡིས། །ཤིན་ཏུ་དགའ་བ་གང་དང་གང་། །ཤིན་ཏུ་ཁྱད་པར་ཅན་དེ་དེ། །དེ་དང་དེ་ནི་བླ་མར་བྱིན། །སློན་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོའི་འཇིང་ལས་ཕ་རོལ་སྒྲོལ། །ཞེས་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། བློ་ལྡན་རྡོ་རྗེའི་སློབ་མ་ཡིས། །ཅི་སྟེ་བདེ་བ་ཀུན་འདོད་ན། །དད་མོས་སེམས་ཀྱིས་འབུལ་བར་བྱ། །ཡིད་ལ་གང་བསམ་མ་ཕུལ་ལམ། །ཁས་བླངས་དེ་ནི་མ་ཕུལ་ན། །མི་དག་དམྱལ་བ་རྣམ་གཉིས་སུ། །ངེས་པར་སྐྱེ་སྟེ་བརླག་པར་འགྱུར། །ཞེས་དང་། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ལས། གང་དང་གང་གིས་སྡུག་པའི་རྫས། །རེ་བ་མེད་པའི་སེམས་ཀྱིས་ནི། །དེ་དང་དེ་ནི་བླ་མར་དབུལ། །ཞེས་སོགས་གསུངས་པའི་ཚུལ་གྱིས་མཉེས་པ་གསུམ་གྱི་སྒོ་ནས་ལེགས་པར་བསྟེན་པ་སྟེ། མདོ་རྒྱན་ལས། བཀུར་སྟི་རྙེད་པ་དག་དང་རིམ་གྲོ་དང་། །བསྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། །ཞེས་པ་ལྟར་ཡིན་ལ། དེའི་ནང་ནས་ཀྱང་གཙོ་བོ་ནི་བཀའ་བཞིན་སྒྲུབ་པར་བྱེད་པ་ཉིད་ཡིན་ཏེ། དེ་ཉིད་ལས། དེ་ཆོས་བགོ་སྐལ་ལ་སྤྱོད་ཡོན་ཏན་ལྡན། །བཤེས་གཉེན་རབ་ཏུ་བསྟེན་བྱེད་ཟང་ཟིང་མིིན། །ཞེས་དང་། སྐྱེས་རབས་ལས། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །ཞེས་གསུངས་ཤིང་། མདོར་ན་བླ་མ་ལྔ་བཅུ་པར། འདིར་མང་སྨོས་པ་ཅི་ཞིག་དགོས། །བླ་མ་དགྱེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་བ་ན། །དེ་དང་དེ་ལ་འབད་དེ་བརྟག །དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུངས་པར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་འབྱུང་བ་བཞིན་ནོ། །གལ་ཏེ་མ་དད་ལོག་ལྟ་དང་བཀའ་འགལ་ཐུགས་དཀྲུགས་སོགས་ཤོར་ན་ཉེས་པ་བསམ་གྱིས་མི་ཁྱབ་སྟེ། བླ་མའི་ཡོན་ཏན་བཟུང་བའི་རྒྱུད་ལས། བླ་མ་ལ་ཁྲོས་སྐད་ཅིག་གྲངས། །བསྐལ་པར་བསགས་པའི་དགེ་བཅོམ་ནས། །དེ་སྙེད་བསྐལ་པར་དམྱལ་སོགས་ཀྱི། །སྡུག་བསྔལ་འཚོར་བ་དྲག་པོ་བསྐྱེད། །ཅེས་དང་། སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཀུན་མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨོད་པ། །དེས་ནི་སངས་རྒྱསཀུན་སྨོད་པས། །རྟག་ཏུ་སྡུག་བསྔལ་འཐོབ་འགྱུར་ཏེ། །རིམ་དང་དུག་དང་དབྱིག་དུག་དང་། །མཁའ་འགྲོ་རྣམས་ཀྱིས་འཚེ་བ་དང་། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་ལྟུང་། །ཞེས་སོ། །དེ་ཡང་དབང་དང་མན་ངག་གི་རིམ་པས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ལྕི་བར་གསུངས་ཏེ། བུམ་པ་གསང་བ་ཤེས་རབ་དང་། །བཞི་པའི་རིམ་པ་ཤེས་པར་བྱ། །ཞེས་གསུངས་པས་མདོ་ཕྱོགས་ལས་སྔགས་དང་། རྒྱུད་སྡེ་འོག་མ་ལས་གོང་མ། དེ་ལས་ཀྱང་དབང་བཞི་པ་དང་ཕྱག་རྫོགས་ཀྱི་གདམས་པ་ཞུས་པ་རྣམས་ཆེས་གཉན་ཞིང་ལྕི་བ་ཡིན། དེའི་ཕྱིར་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བཅོམ་ལྡན་འདས་གང་དག་སློབ་དཔོན་ལ་བརྙས་པར་བགྱིད་པ་དེ་དག་གི་རྣམ་པར་སྨིན་པ་ཇི་ལྟབུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ལག་ན་རྡོ་རྗེ། ལྷ་དང་བཅས་པའི་འཇིག་རྟེན་སྐྲག་པར་འགྱུར་གྱིས་དེ་སྐད་མ་སྨྲ་ཞིགགསང་བའི་བདག་པོ། འོན་ཀྱང་ཅུང་ཟད་ཅིག་བརྗོད་པར་བྱ་ཡི། དཔའ་བོས་བསྒྲིམས་ཏེ་དེ་ཉོན་ཅིག །མཚམས་མེད་ལ་སོགས་མི་བཟད་པ། །དམྱལ་བ་གང་དག་ངས་བཤད་པ། །དེ་རྣམས་ཀྱི་ནི་གནས་སུ་བརྗོད། །དེ་ནའང་བསྐལ་པ་མཐའ་ཡས་སོ། །དེ་ལྟ་བས་ན་རྣམ་ཀུན་ཏུ། །དེ་ལ་ནམ་ཡང་བརྙས་མི་བྱ། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། མ་འོངས་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང་། །དེ་ཡིས་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་སུ་སྤོང་། །ཞེས་དང་། བླ་མ་ལྔ་བཅུ་པ་ལས། སློབ་དཔོན་ལ་ནི་སྨོད་པ་དེ། །ཡམས་དང་མཛེ་དང་ནད་རྣམས་དང་། །གདོན་དང་རིམ་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་པོ་མེད་དང་སྦྲུལ་གདུག་དང་། །ཆུ་དང་མཁའ་འགྲོ་རྐུན་པོ་དང་། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང་། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །ནམ་ཡང་སློབ་དཔོན་དག་གིས་ནི། །ཀུན་ཏུ་སེམས་དཀྲུགས་མི་བྱ་སྟེ། །གལ་ཏེ་རྨོངས་པས་བྱས་གྱུར་ན། །དམྱལ་བར་ངེས་པར་འཚེད་པར་འགྱུར། །མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བར་བསྟན་པ་གང་ཡིན་པ། །སློབ་དཔོན་ལ་ནི་སྨོད་པ་རྣམས། །དེར་ནི་གནས་པར་ཡང་དག་བཤད། །ཅེས་གསུངས། དེ་ལས་གཞན་དུའང་། ཚིགས་བཅད་གཅིག་ཙམ་མཉན་པ་ལ། །གང་གིས་བླ་མར་མི་འཛིན་པ། །ཁྱིི་ཡི་སྐྱེ་བ་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས། ཚུལ་བཞིན་བསྟེན་པའི་ཕན་ཡོན་ཡང་། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་འགྲོར་མི་ལྟུང་ངོ་། །དགེ་བའི་བཤེས་གཉེན་གྱིས་བསམ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བར་མི་བྱེད་དོ། །དགེ་བའི་བཤེས་གཉེན་གྱིས་བསྐྱབས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་ལས་མངོན་པར་འཕགས་པ་ཡིན་ནོ། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྤྱོད་པ་ཐམས་ཅད་ལ་མི་བརྗེད་པར་སྤྱོད་པ་ཡིན་ནོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་ལས་དང་ཉོན་མོངས་པ་རྣམས་ཀྱིས་ཐུབ་པར་དཀའ་བ་ཡིན་ནོ། །ཞེས་དང་། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བསྟན་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བཅོམ་ལྡན་འདས་ཐུགས་མཉེས་པར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱི་ཚིག་དང་མི་འགལ་བར་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཐམས་ཅད་མཁྱེན་པ་ཉེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱི་ཚིག་ལ་ཐེ་ཚོམ་མེད་པ་ལ་དགེ་བའི་བཤེས་གཉེན་རྣམས་ཉེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་ཡིད་ལ་བྱེད་པ་དང་མ་བྲལ་བ་ལ་དོན་ཐམས་ཅད་མངོན་དུ་འབྱུང་ངོ་། །ཞེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། །བྱང་ཆུབ་སེམས་དཔས་བླ་མ་ལ་བརྟེན་ཏེ་ཡོན་ཏན་གྱི་ཚོགས་ཐམས་ཅད་རྫོགས་པར་བྱའོ། །ཞེས་དང་། སྐྱེས་རབས་ལས། དམ་པ་རྣམས་ནིསུས་ཀྱང་མི་བསྲིང་སྟེ། དུལ་བའི་ཚུལ་གྱིས་བཤེས་གཉེན་བསྟེན་པར་བྱ། །དེ་དང་ཉེ་ན་དེ་ཡི་ཡོན་ཏན་རྡུལ། །ཆེད་དུ་མ་བགོས་པར་ཡང་གོས་པར་འགྱུར། །ཞེས་དང་། ཀུན་ཏུ་ཁ་སྦྱོར་གྱི་རྒྱུད་ལས། ཡེ་ཤེས་ཀུན་སེམས་ཞེས་བྱ་བའི། །རྒྱལ་བ་ཀུན་གྱི་སློབ་དཔོན་མཆོག །དངོས་གྲུབ་སྣ་ཚོགས་སྟེར་བས་ན། །བློ་དང་ལྡན་པས་རྟག་མཆོད་བྱ། །གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་ཆུབ་སེམས་མཆོད་བསོད་ནམས་ལས། །བླ་མའི་བ་སྤུའི་ཁུང་གཅིག་མཆོག །དེ་ཕྱིར་སློབ་དཔོན་མཆོད་བྱེད་པ། །སངས་རྒྱས་བྱང་ཆུབ་སེམས་དཔས་གཟིགས། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། འདི་ཡིས་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལས་མཆོད་པ་ལེན། །དེ་མཉེས་དེ་ཡི་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་དང་། དགོངས་འདུས་ལས། དེས་ན་སངས་རྒྱས་སྟོང་ཕྲག་ལ། །བསྐལ་པ་སྟོང་དུ་མཆོད་བྱས་པ། །བླ་མའི་བ་སྤུའི་ཁུང་རེ་ལ། །ཙནྡན་ཐིགས་པ་གཅིག་བྱུག་པའི། །སྟོང་ཕྲག་ཆར་ཡང་ཕོད་པ་མིན། །ཞེས་དང་། གསང་འདུས་ལས། དུས་གསུམས་སངས་རྒྱས་ཀུན་མཆོད་པས། །བླ་མའི་བ་སྤུ་ཉག་རེ་ལ། །མར་གྱི་ཐིགས་པ་གཅིག་བྱུགས་ན། །དེ་ཡི་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། གལ་ཏེ་ཙནྡན་ག་བུར་རམ། །དྲི་ཡིས་བླ་མ་མཉེས་བྱས་ན། །བསྐལ་པ་སྟོང་ཕྲག་དུ་མར་ནི། །སངས་རྒྱས་ཞིང་ཁམས་འབུམ་ཕྲག་ལ། །མཆོད་ལས་བསོད་ནམས་ཁྱད་པར་འཕགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །གཟུགས་སྐུ་སྟོང་ཕྲག་གཞལ་མེད་ལ། །རིན་ཆེན་ལྔ་ཡིས་སྤྲས་པ་བས། །བླ་མའི་སྐྲ་འམ་བ་སྤུ་ཞིག །རིན་ཆེན་ལྔ་ཡིས་བརྒྱན་པ་ན། །འདི་ནི་བསོད་ནམས་ཕ་མཐའ་ཡས། །ཇི་ལྟར་དགེ་སློང་ཁྲིམས་ལྡན་པ། །འབུམ་ཕྲག་དྲུག་ཅུ་རྩ་གཉིས་ལ། །སྟོན་མོ་ལན་བདུན་བཅུག་པ་བས། །བླ་མའི་ཞལ་དུ་འབྲས་ཆེན་འབྲུ། །རྡོོག་མ་བདུན་དྲངས་བསོད་ནམས་ལ། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཕོད། །ཅེས་དང་། གང་གིས་བླ་མའི་བྱ་བ་ལ། །མཁས་པའི་སྐལ་ལྡན་གང་ཡིན་དེས། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བསྐལ་པ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་པས་ནི་འདི་དོན་ཆེ། །བླ་མས་བསྒོ་བ་བཞིན་བསྒྲུབས་ན། །འདོད་པ་ཐམས་ཅད་འགྲུབ་པ་དང་། །བསོད་ནམས་དཔག་ཏུ་མེད་པ་ཐོབ། །རང་གི་རྫས་དང་ཡོ་བྱད་ཀྱིས། །བླ་མ་མཉེས་པར་སུས་བྱས་པ། །འདི་ནི་ཁམས་གསུམ་འཁོར་བ་ལས། །སྤྲུལ་སྐུའི་ཞིང་དུ་དབུགས་ཕྱུང་སྟེ། །མྱ་ངན་འདས་པའི་སར་གཤེགས་སོ། །ཞེས་གསུངས། དེ་ཡང་དུས་གཞན་དུ་མཆོད་པ་བས། དབང་ཁྲིད་ལ་སོགས་པའི་དུས་སུ་མཆོད་པ། བསོད་ནམས་ཆེ་སྟེ། དབང་རྣམ་པར་ཕྱེ་བ་ལས། གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་སྟོང་བྱེ་བ་གྲངས་མེད་པས། །དབང་གི་དུས་གཅིག་བྱས་པ་ཡི། །བསོད་ནམས་ཚད་མེད་དཔག་ཏུ་མེད། །ཅེས་སོ། །རྣལ་འབྱོར་བསྒོམ་པའི་ཕན་ཡོན་ཡང་། འཁོར་ལོ་ཆུབ་པ་རོལ་བའི་རྒྱུད་ལས། གང་གིས་བསྐལ་པ་བྱེ་བ་རུ། །ལྷ་ཡི་སྐུ་ནི་བསྒོམ་པ་བས། །མགོན་པོ་ཀུན་གྱི་དབང་ཕྱུག་ཆེ། །བླ་མ་དྲན་པ་མཆོག་ཏུ་བཤད། །ཅེས་དང་། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའིརྒྱུད་ལས། རྫོགས་པ་ཆེན་པོ་ཨ་ཏི་ལས། །བྱུང་བའི་བླ་མ་དྲིན་ལྡན་ཉིད། །སྙིང་གི་དཀྱིལ་ལམ་ལག་པའི་མཐིལ། །སྤྱི་བོའི་གཙུག་ཏུ་སུས་བསྒོམས་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང་། ཡིད་བཞིན་མཆོག་གི་རྒྱུད་ལས། གང་གིས་བླ་མ་ལྷག་པའི་ལྷ། །སྦྱིི་བོའི་གཙུག་ཏུ་བསྒོམས་པ་ཡིས། །སངས་རྒྱས་དཀྱིལ་འཁོརསྟོང་ཕྲག་ཉིད། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་གར་ལན་སྟོང་བསྟིམས་བྱས་པས། །བརྒྱ་སྟོང་རྒྱུད་དང་ཆར་མི་ཕོད། །དེས་ན་རྟག་ཏུ་དྲན་པ་ཡིས། །སྤྱིི་གཙུག་འཁོར་ལོའི་རྒྱུན་ཉིད་དུ། །དཔལ་ལྡན་བླ་མ་བསམ་པར་བྱ། །ཞེས་གསུངས། མདོར་ན་དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་བས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བརྟེན་ནས་འབྱུང་། །ཞེས་དང་། ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །མཚན་ཉིད་བཟང་ལྡན་བླ་མ་ལ། །བཀུར་ནས་རིམ་གྲོ་ཆེར་བྱས་པས། །འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར། །དཔེར་ན་ཞིང་ས་གཤིན་པོ་ལ། །ས་བོན་བཏབ་ནས་འཕེལ་རྒྱས་བཞིན། །ཞེས་གསུངས་པ་བཞིན་ནོ། །དཔག་མེད་ཡོན་ཏན་གསེརསྦྱངས་སྙིང་པོའི་ཁམས། །ཕན་བདེའི་ཕྲིན་ལས་རྩིབས་སྟོང་རྣམ་བཀྲ་ཞིང་། །གང་དང་སུ་འབྲེལ་ཐེག་མཆོག་ལམ་སྣ་འདྲེན། །འཁོར་ལོ་རིན་ཆེན་དགེ་བའི་བཤེས་གཉེན་ལགས། །ཕུལ་བྱུང་མཁྱེན་རབ་འབུམ་ཕྲག་སྣང་བའི་གཟིས། །ས་གསུམ་ཉེས་པའི་མུན་ཚོགས་སེལ་ནུས་ཤིང་། །བརྩེ་ཆེན་ཐུགས་རྗེས་འདོད་དགུའི་ཆར་འབེབས་པའི། །ནོར་བུ་རིན་ཆེན་དགེ་བའི་བཤེས་གཉེན་ལགས། །མཁས་པའི་རྣམ་དཔྱོད་ལང་ཚོའི་ཁུར་གྱིས་དུད། །བཙུན་པའི་ཡོན་ཏན་རིན་ཆེན་རྒྱན་ཆས་སྒེག །བཟང་པོའི་ཕྲིན་ལས་རེག་ན་བདེ་བ་སྟེར། །བཙུན་མོ་རིན་ཆེན་དགེ་བའི་བཤེས་གཉེན་ལགས། །འཆད་པས་ལུང་གི་ཆོས་གཏེར་བྱེ་བ་འབྱེད། །རྩོད་པས་ཕས་རྒོལ་དཔུང་གི་དྲེགས་པ་བཅོམ། །རྩོམ་པས་ལེགས་བཤད་ནོར་བུའི་གྲམ་བུར་བརྡལ། །བློན་པོ་རིན་ཆེན་དགེ་བའི་བཤེས་གཉེན་ལགས། །སྤང་བ་བསམ་གཏན་དོན་བརྒྱུད་ཤ་ཚུགས་བརླིང་། །ཀློག་པ་ཐོས་བསམ་གསེར་གྱི་དྲྭ་བས་མཛེས། །བྱ་བ་ལས་ཀྱིས་གཞན་ཕན་ཐེག་པ་ཆེ། །གླང་པོ་རིན་ཆེན་དགེ་བའི་བཤེས་གཉེན་ལགས། །ཆོས་དང་ཆོས་མིན་རྣམ་འབྱེད་སྤྱན་ཟུང་བཀྲ། །གཟུངས་དང་ཏིང་འཛིན་རྫུ་འཕྲུལ་རྐང་པས་མཛེས། །ཟབ་མྱུར་སྤོབས་པས་གླིང་བཞི་ཡུད་ཀྱིས་བསྐོར། །རྟ་མཆོག་རིན་ཆེན་དགེ་བའི་བཤེས་གཉེན་ལགས། །ཟབ་གསང་མན་ངག་གདམས་པའི་མཚོན་རྣོན་གྱིས། །འཁྲུལ་རྟོགས་གཟུང་འཛིན་སྲིད་རྩེའི་མགོ་བོ་གཅོད། །འཁོར་བའི་གཡུལ་ངོ་སྐད་ཅིག་བཟློག་ནུས་པའི། །དམག་དཔོན་རིན་ཆེན་དགེ་བའི་བཤེས་གཉེན་ལགས། །འཕགས་ནོར་རིན་ཆེན་བདུན་གྱིས་མདུན་བརྡར་ནས། །ཐུབ་བསྟན་གླིང་བཞིའི་ཁྱོན་ལ་དབང་བསྒྱུར་ཞིང་། །ཚེ་གཅིག་གདོད་མའི་རྒྱལ་ཐབས་སྦྱིན་མཛད་པའི། །འཁོར་ལོས་སྒྱུར་མཆོག་དགེ་བའི་བཤེས་གཉེན་ལགས། །རྒྱལ་དང་དེ་སྲས་འཕགས་པའི་ཚོགས་རྣམས་ཀྱིས། །ཡོན་ཏན་ཁྱད་འཕགས་ཇི་སྙེད་གང་གསུངས་པ། །དེ་ཀུན་དགེ་བའི་བཤེས་གཉེན་བསྟེན་ལས་བྱུང་། །དེ་སླད་བྱང་ཆུབ་བར་དུ་བསྟེན་པར་མཛོད། །མདོར་ན་ཆེད་དུ་བརྗོད་པའི་ཚོམ་ལས། ཟླ་བ་རེ་རེར་མཆོད་སྦྱིན་སྟོང་། །ལོ་བརྒྱར་བྱེད་པ་གང་ཡིན་དེས། །སངས་རྒྱས་ལ་ནི་དད་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་ཆོས་དང་དགེ་འདུན་སོགས་ལའང་སྦྱར་ཏེ་གསུངས་པ་དང་། དད་པའི་སྟོབས་བསྐྱེད་པ་ལས། རྒྱལ་བ་ཡི་ནི་རྟེན་གསུམ་ལ། །དད་པས་ཐལ་མོ་སྦྱར་ན་ཡང་། །ངན་འགྲོ་ལོག་པར་མི་ལྟུང་ཤིང་། །ལྷ་དང་མི་ཡི་དཔལ་ཐོབ་ནས། །རྫོགས་པའི་སངས་རྒྱས་འཐོབ་པར་འགྱུར། །ཞེས་དང་། སྙིང་རྗེ་པདྨ་དཀར་པོ་ལས། དེ་ལྟར་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །དེ་ཡི་རྣམ་སྨིན་བསམ་མི་ཁྱབ། །འདུ་ཤེས་ཡོད་དང་མེད་པ་ཡི། །སེམས་ཅན་ཐམས་ཅད་ཇི་སྙེད་པ། །བསྐལ་པ་བྱེ་བ་བརྒྱ་མང་དུ། །ཀུན་གྱིས་མཆོད་པ་བྱས་པ་དང་། །རང་སངས་རྒྱས་པ་གང་དག་དང་། །ཟག་པ་མེད་པའི་དགྲ་བཅོམ་པ། །བསྐལ་པ་བྱེ་བ་བསམ་ཡས་པར། །དེ་དག་ཐམས་ཅད་མཆོད་པ་བས། །རྫོགས་པའི་སངས་རྒྱས་བཞུགས་པའམ། །ཡོངས་སུ་མྱ་ངན་འདས་པ་ལ། །གང་གིས་ཐལ་སྦྱར་གཅིག་བྱས་པ། །བསོད་ནམས་འདི་ནི་ཁྱད་པར་འཕགས། །སངས་རྒྱསཚུལ་ཁྲིམས་མ་ཞིག་ཅིང་། །ཏིང་ངེ་འཛིན་ལ་དབང་དུ་གྱུར། །ཆོས་རྣམས་ཀུན་ལ་ཐེ་ཚོམ་མེད། །སངས་རྒྱས་སྤྱན་གྱིས་མཁྱེན་པ་ཡིན། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། འཇིག་རྟེན་འདི་ན་བདེ་ཞིང་སྐྱིད་པ་ཀུན། །དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས་ན། །རྟག་ཏུ་དཀོན་མཆོག་མཆོད་ལ་བརྩོན་པར་བྱ། །ཞེས་དང་། འཕགས་པ་བྱམས་པ་འཇུག་པ་ལས། མི་ལུས་འཐོབ་པ་རྙེད་པར་དཀའ། །སངས་རྒྱས་འབྱུང་བའང་རྙེད་པར་དཀའ། །སངས་རྒྱས་དད་པ་རྙེད་པར་དཀའ། །བྱང་ཆུབ་སེམས་ཀྱང་རྙེད་པར་དཀའ། །གནས་སྐབས་བཞི་པོ་འདི་དག་ནི། །བསྐལ་པ་བྱེ་བར་རྙེད་དཀའ་སྟེ། །དེ་ཕྱིར་ཐོབ་ནས་མ་སྤངས་ཤིག །མཐུ་རྩལ་དག་ཀྱང་ཆུད་མ་གཟན། །མི་ལུས་ཐོབ་པ་རྙེད་པ་དང་། །སངས་རྒྱས་འབྱུང་བ་རྙེད་པ་དང་། །བྱང་ཆུབ་སེམས་ནི་བསྐྱེད་ནས་ཀྱང་། །རྟག་ཏུ་བག་ནི་ཡོད་པར་གྱིས། །དྲང་སྲོང་ཆེན་པོ་དེ་དག་ནི། །བག་ཡོད་པས་ནི་བྱང་ཆུབ་བརྙེས། །སངས་རྒྱས་ཆོས་རྣམས་ཐམས་ཅད་ཀྱི། །རྩ་བའི་སྒོ་དང་ཚུལ་གྱི་ལམ། །བག་ཡོད་པ་དང་བརྩོན་འགྲུས་ཡིན། །མཁས་པ་རྣམས་ཀྱང་འདི་ལ་སློབ། །ཅེས་གསུངས་པ་ལྟར་བདག་ལེགས་སུ་འདོད་པ་རྣམས་ཀྱིས་བག་ཡོད་དང་བརྩོན་འགྲུས་ལྡན་པས་རྟག་པར་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱའོ། །དལ་འབྱོར་རྟེན་ཐོབ་དགེ་བའི་བཤེས་ཀྱིས་ཟིན། །དཀོན་མཆོག་གསུམ་ལ་དད་པའི་དཔལ་རྙེད་པ། །འདི་འདྲ་བསྐལ་པ་དུ་མར་རྙེད་དཀའ་བས། །གྲོགས་དག་རྟག་པར་བརྩོན་པའི་དཔུང་བསྐྱེད་འཚལ། །

བཞི་པ་འཕྲོས་དོན་གྱི་ཁྱད་པར་འགའ་ཞིག་བརྗོད་པ།

བཞི་པ་འཕྲོས་དོན་གྱི་ཁྱད་པར་འགའ་ཞིག་བརྗོད་པ་ནི། ད་ལྟའི་རྣམ་འདྲེན་བཞི་པའི་བསྟན་པ་འདི་ལ་བསླབ་གཞི་བླང་བ་དང་དཀོན་{མཆོག་ཞུ་མཆན།} མཆོད་པ་སོགས་མཆོག་གསུམ་ལ་བཟང་པོས་འབྲེལ་བ་རྣམས་མ་འོངས་རྒྱལ་བ་བྱམས་པ་འཇིག་རྟེན་དུ་བྱོན་པའི་ཚེ་འཁོར་གྱི་འདུས་བར་གྱུར་ཏེ་སྲིད་པ་ལས་མངོན་པར་འདའ་བར་གསུངས་ཏེ། བྱམས་པ་ལུང་བསྟན་པའི་མདོ་ལས། གདུགས་དང་རྒྱལ་མཚན་བ་དན་དང་། །དྲི་དང་ཕྲེང་བ་བྱུག་པ་ཡིས། །ཤཱཀྱཐུབ་པ་མཆོད་བྱས་པས། །ང་ཡི་བསྟན་ལ་ལྷགས་པ་ཡིན། །གུར་གུམ་ཆུ་ཡིས་གཏོར་བ་དང་། །ཙནྡན་གྱི་ནི་བྱུག་པ་ཡིས། །ཤཱཀྱ་ཐུབ་ལ་མཆོད་པ་ནི། །ཕུལ་བས་ང་ཡི་བསྟན་ལ་ལྷགས། །རྟག་ཏུ་སངས་རྒྱས་ཆོས་དང་ནི། །དགེ་འདུན་ལ་ཡང་སྐྱབས་སོང་ཞིང་། །དགེ་བའི་ལས་ཀྱང་བྱས་པ་ནི། །ང་ཡི་བསྟན་ལ་ལྷགས་པ་ཡིན། །ཤཱཀྱ་སེང་གེའི་བསྟན་པ་ལ། །བསླབ་གཞི་ཡང་དག་བླངས་ནས་སུ། །ཇི་ལྟར་གསུངས་བཞིན་བསྒྲུབས་པ་ནི། །ང་ཡི་བསྟན་ལ་ལྷགས་པ་ཡིན། །དགེ་འདུན་ལ་ཡང་ཆོས་གོས་དང་། །ཞལ་ཟས་དང་ནི་བཏུང་བ་དང་། །སྙུན་གསོལ་སྣ་ཚོགས་སྦྱིན་པ་རྣམས། །ཕུལ་བས་ང་ཡི་བསྟན་ལ་ལྷགས། །ཟླ་ཕྱེད་ཀྱི་ནི་བཅུ་བཞི་དང་། །བཅོ་ལྔ་དེ་བཞིན་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ། །ཡན་ལག་བརྒྱད་པ་ལེགས་གནས་པའི། །བསྙེན་གནས་གསོ་སྦྱོོང་བྱས་པས་ནི། །ང་ཡི་བསྟན་ལ་ལྷགས་སོ་གསུངས། །ཞེས་དང་། བྱམས་པ་དགའ་ལྡན་གནམ་དུ་སྐྱེ་བ་བླང་བའི་མདོ་ལས། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས། ངའི་འཁོར་ཉེ་གནས་ལས་གང་ལ་ལ་ཞིགབརྩོན་འགྲུས་སུ་བསོད་ནམས་བསགས་པ། སྡོམ་པ་མ་ཞིག་ཅིང་མཆོད་རྟེན་ལ་ཕྱག་དར་དང་། མཎྜལ་བྱེད་པ་དང་། སྤོས་དྲི་ཞིམ་པ་དང་། མེ་ཏོག་གིས་མཆོད་པ་དང་། རྣམ་པར་ཐར་པ་གསུམ་ལ་སྤྱོད་ཅིང་ཟབ་ཅིང་དྲང་བའི་ཆོས་ལ་སྤྱོད་པ་དང་། མདོ་སྡེ་ཀློག་ཅིང་སེམས་རྩེ་གཅིག་ཏུ་རྒྱུན་མི་ཆད་པར་ཡིད་ལ་ཟློས་པ་དང་། མངོན་པར་ཤེས་པ་དྲུག་ཐོབ་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་པ་དང་། བྱམས་པའི་མཚན་བརྗོད་པ་དེ་ལྟ་བུ་ལ་སོགས་པའི་མི་རྣམས་དེ་དག་ནི་སྐད་ཅིག་ཙམ་དུ་ཁྲིམས་བརྒྱད་མནོས་ནས། སྡིག་པ་ཐམས་ཅད་བྱང་བར་བྱེད་ཅིང་། སྨོན་ལམ་བཏབ་ནས། ཚེའི་དུས་བྱས་པའི་འོག་ཏུ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པ་ལག་པ་བརྐྱང་བ་ཙམ་དུ་དགའ་ལྡན་དུསྐྱེས་ནས་པདྨའི་སྟེང་དུ་སྐྱིལ་མོ་ཀྲུང་གིས་འདུག་ནས། འཕགས་པ་བྱམས་པ་མགོན་པོའི་ཞལ་མཐོང་ཞིང་ཆོས་ཐོས་པ་དང་། མ་འོངས་པའི་དུས་སུ་ཀླུའི་སྡོང་པོ་བྱང་ཆུབ་ཀྱི་ཤིང་དྲུངདུ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་དུ་སེམས་བསྐྱེད་པ་ཡང་འཐོབ་པར་འགྱུར་རོ། །ཞེས་གསུངས་པ་དང་། དེར་མ་ཟད་སྙིང་རྗེ་པད་དཀར་ལས། འདི་ལྟ་སྟེ། ངའི་ཕྱིར་མཆོད་རྟེན་བྱས་པ་ལ་བསྟི་སྟང་བྱེད་པ་ལྟ་ཞོགགང་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འཐོར་ན། དགེ་བ་དེ་ཡི་འབྲས་བུས་མྱ་ངན་ལས་འདས་པར་ང་སྨྲའོ། །ཞེས་དང་། སེམས་ཅན་མྱ་ངན་ལས་འདའ་བའི་སྐལ་བ་མེད་པ་ཞིག་གིས་ཀྱང་སངས་རྒྱས་ལ་དམིགས་ཏེ་མེ་ཏོག་གཅིག་ནམ་མཁའ་ལ་འདོར་བ་དང་། ཐ་ན་དུད་འགྲོ་ཞིག་གིས་ཀྱང་སངས་རྒྱས་ལ་དམིགས་པའི་དྲན་པ་རྙེད་ན་དེ་ཡང་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་དང་ཡང་གང་ལ་ལ་ང་རྗེས་སུ་དྲན་ནས་ཆོས་ཀྱི་ཤུགས་ཀྱིས་མཆི་མ་ཕྱུང་བའམ། སྤུ་ཟིང་ཞེས་བྱེད་པའམ། ཤུགས་རིང་འབྱིན་པ་དེ་དག་ནི་ནམ་ཡང་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་ལོག་པར་ལྟུང་བ་ཐམས་ཅད་དུ་མི་འགྲོའོ། །ཞེས་དང་། མཐའ་འཁོབ་ཀླ་ཀློ་སོགས་དད་པ་མེད་པའི་མི་རྣམས་ཀྱིས་ཀྱང་རྒྱལ་བའི་སྐུ་དང་མཆོད་རྟེན་མཐོང་ནས་སེམསཅུང་ཟད་ཙམ་དགའ་བའང་མཐར་བྱང་ཆུབ་ཏུ་འགྲོ་བར་གསུངས་པ་དང་། ཡང་ཕྱི་མའི་དུས་དམ་ཆོས་ཟད་པར་འགྱུར་བ་ན། གང་དག་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་བུའི་ལག་པ་ནས་བཟུང་སྟེ་ཆང་སྐྱོགས་གང་གི་ཕྱིར་ཆང་མའི་ཁྱིམ་ནས་ཆང་མའི་ཁྱིམ་དུ་འཁྱམས་ལ། ངའི་ཆོས་ཀྱི་རྗེས་སུ་སློབ་པ་དེ་ཐམས་ཅད་ཀྱང་བསྐལ་པ་བཟང་པོ་འདི་ལ་མྱ་ངན་ལས་འདས་པར་འགྱུར་རོ། །ཞེས་དང་། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། ཙམ་པ་ཀ་ཡི་མེ་ཏོག་རྙིང་གྱུར་ཀྱང་། །མེ་ཏོག་ཕལ་བ་གཞན་ལས་ཤིན་ཏུ་ལྷག །དགེ་སློང་ཚུལ་ཁྲིམས་ཉམས་ཤིང་སྡིག་སྤྱོད་ཀྱང་། །མུ་སྟེགས་ཅན་དག་ཐམས་ཅད་ཀུན་པས་མཆོག །ཅེས་གསུངས་པ་ལྟར། རྒྱལ་བ་ཉིད་ཀྱི་སྔོན་གྱི་སྨོན་ལམ་གྱི་མཐུ་བསམ་གྱིས་མི་ཁྱབ་པས་འབྲེལ་ཚད་དོན་ལྡན་གྱི་ཚུལ་དེ་ལྟར་ལགས་ན། གང་བསྟན་པ་ལ་ཞུགས་ནས་གཞི་ཚུལ་ཁྲིམས་རྣམ་པར་དག་པ་མིག་གི་འབྲས་བུ་བཞིན་དུ་བསྲུང་བ་དང་། ཐོས་བསམ་སྒོམ་གསུམ་དང་དཀོན་མཆོག་མཆོད་པ་སོགས་བསྟན་ལ་ཞབས་ཏོག་སྲི་ཞུ་རང་ནུས་ཅི་ཡོད་ཀྱིས་བརྩོན་པ་ཅི་ནས་ཀྱང་གལ་ཆེ་ཞིང་། དེ་ལྟ་བུ་མི་ནུས་བའི་རྟེན་ཁྱིམ་པ་ལྟ་བུའི་རིགས་ཅན་ཡིན་ཡང་། འཕགས་པ་དགའ་བ་ཅན་གྱི་མདོ་ལས། སྲོག་གཅོད་རྡེག་དང་འཆིང་བ་རྣམས་སྤངས་ཏེ། །སེམས་ཅན་དག་ལ་ཕན་ཞིང་སྙིང་བརྩེ་བ། །བདག་གི་ཚེ་སྐྱབས་དགའ་བ་ཇི་ལྟ་བར། །དེ་བཞིན་གཞན་རྣམས་ཀྱི་ནི་སྲོག་ཀྱང་བསྲུང་། །སྡུག་བསྔལ་མང་པོས་བསགས་པ་གཞན་གྱི་ནོར། །མ་བྱིན་དེ་ལ་ཡིད་ཀྱང་བསམ་མི་བྱ། །འཇིག་རྟེན་གྱིས་མཐོང་དགའ་དང་བྲལ་འགྱུར་ཞིང་། །གཞན་ཡང་དེ་བཞིན་ཕན་པར་གནས་པར་གྱིས། །གཞན་གྱི་བུད་མེད་རྒྱན་གྱིས་བརྒྱན་པ་དག །མེ་ལྕེ་འབར་བ་བཞིན་དུ་ཡོངས་སྤོངས་ལ། །རང་གི་ཆུང་མ་རྙེད་པས་ཆོག་པར་བྱོས། །འདོད་རྒྱུ་དུག་དང་འདྲ་བ་མ་སྤྱོད་ཅིག །རང་གི་དོན་དང་གཞན་གྱི་དོན་ཆེད་དུ། །སུས་ཀྱང་ཤེས་བཞིན་བརྫུན་ངག་མ་སྨྲ་བར། །གཞན་ལ་མི་གནོད་གཞན་ལ་མི་གདུང་བར། །བརྟགསཏེ་འཇམ་པོའི་ཚིག་གིས་སྨྲ་བར་གྱིས། །ཆང་འཐུང་བ་ལ་མངོན་པར་དགའ་བའི་མི། །བདག་ལ་ཕན་དང་གཞན་ལ་བདེ་མི་ནུས། །རྨོངས་དང་མདོག་ངན་བྱེད་པ་ཆང་ཡིན་ཏེ། །ཇི་ལྟར་ཧ་ལའི་དུག་བཞིན་དེ་མི་བཏུང་། །སྲོག་ཆགས་མི་གསོད་གཞན་གྱི་ནོར་མི་འཕྲོག །བརྫུནདུ་མི་སྨྲ་ཆང་ཡང་མི་བཏུང་ཞིང་། །གཞན་གྱི་ཆུང་མ་ཡིད་ལའང་མི་འདོད་པ། །མཐོ་རིས་གང་འདོད་ཁྱིམ་དུ་འཇུག་པ་བཞིན། །གོས་དཀར་གྱོན་པ་ཁྱིམ་པ་རྣམས་ཀྱིས་ནི། །ཁྱིམ་གནས་རྣམས་ཀྱི་བསླབ་པ་འདི་ཡིན་ཏེ། །རྒྱལ་བས་དེ་དག་རབ་ཏུ་བྱུང་རྣམས་ཀྱི། །བསླབ་གཞིའི་ཆོས་ནི་རབ་ཏུ་བསྟན་པ་ཡིན། །ཞེས་གསུངས་པ་ལྟར་གྱི་བསླབ་གཞི་ལྔ་པོ་གཏན་དུ་བླང་བའམ། མི་ནུས་ན་དུས་ཆེན་བཞིའམ། ཟླ་བ་བྱུང་ངོ་ཅོག་གི་ཉ་སྟོང་བརྒྱད་གསུམ་ལྟབུའི་དུས་ཆེན་གང་རུང་ལ། དུས་ཁྲིམས་བསྙེན་གནས་ཡན་ལག་བརྒྱད་པ་ཉིན་ཞག་གཅིག་ཙམ་དུ་བསྲུང་བའང་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། གནས་འཇོག་གི་མདོ་ལས། འདི་ལྟ་སྟེ་དཔེར་ན་འཛམ་བུའི་གླིང་ན་དགྲ་བཅོམ་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བར་འགྱུར་བས་གང་བ་དེ་དག་ལ། གང་ལ་ལ་ཞིག་གིས་ཇི་སྲིད་འཚོའི་བར་དུ། ཨངྒ་དང་། ཀཱ་ཤི་ལ་སོགས་པའི་ཡུལ་ཆེན་པོ་དྲུག་ཅུ་པོ་རྣམས། རྡོ་རྗེ་དང་། ནོར་བུ་བཻཌཱུཪྱ་སོགས་རིན་པོ་ཆེའི་རིགས་རྣམ་པ་ཐམས་ཅད་ཀྱིས་བཀང་ནས། བརྩོན་འགྲུས་ཀྱི་སྟོབས་བསྐྱེད་ཅིང་འབུལ་བ་དང་། གཞན་ཡང་ཆོས་གོས་དང་ན་བའི་གསོས་སྨན་སོགས་ཡོ་བྱད་རྣམ་པར་སྣ་ཚོགས་ཀྱིས་བསྙེན་བཀུར་བྱས་པ་བས། གང་བསྙེན་གནས་ལན་གཅིག་ལ་གནས་ན། སྔ་མ་དེས་བསྙེན་གནས་ལས་གྱུར་པའི་བསོད་ནམས་བརྒྱ་ཡི་ཆ་དང་། སྟོང་གི་ཆ་དང་། དཔེ་དང་རྒྱུར་ཡང་མི་བཟོད་པ་དང་། རྒྱ་མཚོ་ཆེན་པོ་དང་། གངྒཱ་ལ་སོགས་ཆུ་ཀླུང་ཆེན་པོ་ལྔ་ཡི་གྲངས་བུམ་པས་བཟུང་བར་ནུས་ཀྱི་བསྙེན་གནས་ཀྱི་ཕན་ཡོན་ནི་ཚད་གཟུང་མི་ནུས་པ་དང་། བསྙེན་གནས་གཙང་མ་ལན་གཅིག་གིས་རྒྱལ་ཆེན་རིགས་བཞིའི་ལྷ། ལན་གཉིས་ཀྱིས་སུམ་ཅུ་རྩ་གསུམ། གསུམ་གྱིས་འཐབ་བྲལ། བཞིས་དགའ་ལྡན། ལྔས་འཕྲུལ་དགའ། ལན་དྲུག་གིས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སུ་སྐྱེ་བར་གསུངས་པ་དང་། གདགས་པའི་མདོར། བསྙེན་གནས་ལན་གཅིག་གིས་བརྒྱ་བྱིན་དུ་སྐྱེ་བ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་སོགས་མདོ་སྡེ་མང་པོར་སྐྱེ་བ་ཀུན་ཏུ་ངན་འགྲོ་ལོག་པར་མི་ལྟུང་། སངས་རྒྱས་འབྱུང་བ་དང་འཕྲད། ཚུལ་ཁྲིམས་རྣམ་པར་དགདེའི་ཕྱིར་སྨོན་ལམ་གང་བཏབ་འགྲུབ་པ་སོགས་གསུངས་པ་དང་། ལྷས་ཞུས་པའི་མདོ་དང་རྟོགས་བརྗོད་གཉིས་ཀར། བཅུ་བཞི་དང་ནི་བཅོ་ལྔ་དང་། །ཚེས་བརྒྱད་དང་ནི་གནམ་སྟོང་ལ། །བསྙེན་གནས་ཡན་ལག་བརྒྱད་པ་བསྲུང་། །ང་ཉིད་ཅི་འདྲ་དེ་འདྲར་འགྱུར། །ཞེས་དབང་པོ་བརྒྱ་བྱིན། ཤཱརིའི་བུ། བཅོམ་ལྡན་འདས་གསུམ་གྱིས་རིམ་པར་གསུངས་པས། ལྷ་དབང་། དགྲ་བཅོམ། སངས་རྒྱས་ཀྱི་གོ་འཕང་རྣམས་ཐོབ་པར་བསྟན་པ་དང་། ཀུན་ཏུ་རྒྱུ་སེན་རིང་གིས་ཞུས་པའི་མདོ་ལས། སྲོག་གཅོད་སྤངས་པས་རྡོ་རྗེ་སྐུ་ཐོབ་སོགས་སོ་སོར་ཕན་ཡོན་རྒྱས་པར་གསུངས་པ་དང་། གནས་སྐབས་ཀྱི་འབྲས་བུའང་ཁང་བུ་བརྩེགས་པའི་མདོར། ནད་མཚོན་མུ་གེའི་བསྐལ་པ་ངན་པ་གསུམ་ལས་ཐར་པར་འགྱུར་བར་གསུངས་པས་མཚོན་ཕན་ཡོན་མཐའ་ཡས་ལ། དེ་ཉིད་ཐེག་ཆེན་གསོ་སྦྱོང་དང་འབྲེལ་བའམ། ལྷག་པར་སྨྱུང་གནས་ཀྱི་ཆོ་ག་དང་འབྲེལ་ན་ཕན་ཡོན་ཚད་མེད་དེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་སྙིགས་དུས་ཀྱི་གདུལ་བྱ་སྤྱི་དང་། ཁྱད་པར་བོད་ཁ་བ་ཅན་འདུལ་བའི་ལྷ་མཆོག་གཅིག་པུར་གྱུར་པས་བཀའ་དྲིན་བསམ་གྱིས་མི་ཁྱབ་ལ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་ཏུ་གྲགས་པ་སོགས་ལས། འཕགས་པ་འདིའི་མཚན་ཐོས་པ་ཙམ་གྱི་ཕན་ཡོན་ཡང་དཔག་ཏུ་མེད་པ་གསུངས་པ་ཐམས་ཅད་འདིར་སྨོས་ཀྱིས་མི་ལང་ལ། མདོར་སྡེ་ཟ་མ་ཏོག་བཀོད་པ་ལས། རིགས་ཀྱི་བུ་གང་ང་འདྲ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སུ་གྱུར་ལ། དེ་དག་ཀྱང་གནས་གཅིག་ཏུ་བཞག་ཅིང་ན་བཟའ་དང་། བཤོས་དང་། མལ་སྟན་དང་། ན་བའི་གསོས་སྨན་དང་ཡོ་བྱད་རྣམས་ཀྱིས་བསྐལ་པར་མཆོད་ཀྱང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་བསོད་ནམས་ཀྱི་ཕུང་པོ་བགྲང་མི་ནུས་ན། རིགས་ཀྱི་བུ་གང་ང་གཅིག་པུ་འཇིག་རྟེན་གྱི་ཁམས་འདི་ན་གནས་པས་ལྟ་ཅི་སྨོས། གང་འཇིག་རྟེན་ན་སྤྱན་རས་གཟིགས་ཀྱི་དབང་པོའི་མིང་དྲན་པ་དེ་དག་ནི་བདེ་བ་དང་ལྡན་པ་ཡིན་ནོ། །དེ་དག་ནི་རྒ་བ་དང་། ན་བ་དང་། འཆི་བ་དང་། སྡུག་བསྔལ་བ་ལས་ཡོངསསུ་ཐར་པ་ཡིན་ནོ། །དེ་དག་འཁོར་བའི་ཐ་མ་གཞན་མེད་པས་སྡུག་བསྔལ་ལས་ཐར་པར་འགྱུར་རོ། །དེ་དག་ནི་གོས་དཀར་པོ་དང་སྐྱ་བོ་བགོས་བཞིན་དུ་བྱ་ངང་པའི་རྒྱལ་པོ་མགྱོགས་པ་དང་རླུང་གི་ཤུགས་འོང་བ་བཞིན་དུ་བདེ་བ་ཅན་གྱི་ཁམས་སུ་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ལས་ཆོས་མངོན་དུ་ཉན་པའི་ཕྱིར་འགྲོའོ། །ཐོས་ནས་ཀྱང་དེ་དག་གི་ལུས་ལ་འཁོར་བའི་སྡུག་བསྔལ་མི་འབྱུང། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མི་འབྱུང་། རྒ་བ་དང། ཤི་བར་མི་འགྱུར། དེ་དག་གི་ལུས་ལ་བཀྲེས་པར་མི་འགྱུར། མངལ་ན་གནས་པའི་སྡུག་བསྔལ་བ་ཤེས་པར་མི་འགྱུར་ཏེ། ཆོས་ཀྱི་རོས་བསྐྱངས་ནས་དེ་ཉིད་དུ་པདྨའི་ནང་དུ་སྐྱེ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་ཡི་དམ་བརྟན་པོ་ཡོངས་སུ་རྫོགས་པ་དང་། སེམས་ཅན་ཐམས་ཅད་ཐར་པ་ལ་བཞག་གི་བར་དུ་འཇིག་རྟེན་གྱི་ཁམས་དེ་ན་རྟག་ཏུ་འཛིན་ཅིང་གནས་སོ། །ཞེས་སོགས་རྒྱ་ཆེར་གསུངས་པས་མཚོན་ཆེ་བའི་ཡོན་ཏན། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པའི་འཕགས་པ་དེ་ཉིད་ཀྱིས་ཐོག་མར་ཐུགས་བསྐྱེད་དམ་བཅའི་ཁྱད་པར་གྱིས་འབྲེལ་བ་བཞག་ན་མི་བསླུ་བའི་ཚུལ་ཕྱག་སྟོང་སྤྱན་སྟོང་གི་གཟུངས་སོགས་ལས་གསུངས་པ་དང་། སངས་རྒྱས་གཞན་ལས་ཀྱང་ཐུགས་རྗེ་ཆེ་བའི་ཚུལ་ཞལ་བཅུ་གཅིག་པའི་གཟུངས་དང་། རྒྱུད་པདྨ་དྲྭ་བ། མདོ་སྡེ་པད་དཀར་སོགས་ལས་གསུངས་པ་དང་། མདོ་སྔགས་གཉིས་ལས་སྔགས་ཀྱི་དཀྱིལ་འཁོར་འདི་ལྟ་བུར་ཞུགས་ནས་སྒྲུབ་པ་ཉིད་དངོས་གྲུབ་ཆེས་མྱུར་བས་འཕགས་པའི་ཚུལ་པདྨ་དྲྭ་བ་ལ་སོགས་པའི་རྒྱུད་སྡེ་མཐའ་ཡས་པ་ནས་གསུངས་པ་དང་། གཟུངས་རིང་ཐུང་བཟླས་པའི་ཕན་ཡོན་རྒྱུད་པད་དྲྭ་དང་ཞལ་བཅུ་གཅིག་པའི་གཟུངས་དང་། པདྨ་ཅོད་པན་སོགས་ལས་གསུངས་པ་དང་། ཡིག་དྲུག་བཟླས་པའི་ཕན་ཡོན་ཟ་མ་ཏོག་བཀོད་པ་སོགས་མདོ་རྒྱུད་དུ་མ་ནས་རྒྱ་ཆེར་གསུངས་པ་དང་། བླ་མ་རྣམས་ཀྱིས་མན་ངག་གི་ཚུལ་དུ་ཁ་བསྐང་བའི་གཟུངས་རྣམས་ཀྱི་ཕན་ཡོན་ཡིད་བཞིན་ནོར་བུ་འཁོར་ལོས་སྒྱུར་བའི་གཟུངས་སོགས་རང་རང་གི་གཞུང་དང་མདོ་བཏུས་སོགས་ལས་གསུངས་པ་དང་། ཆོ་ག་ཚུལ་བཞིན་དུ་བྱས་པའི་ཕན་ཡོན་པདྨ་དྲྭ་བ་དང་། ཆོ་ག་ཞིབ་མོ་དང་ཐོགས་པ་མི་མངའ་བའི་གཟུངས་སོགས་ལས་གསུངས་པ་དང་། བསྐྱེད་རྫོགས་བསྒོམས་པའི་ཕན་ཡོན་ཏིང་འཛིན་རྒྱལ་པོ་དང་། དེ་ཁོ་ན་ཉིད་བསྟན་པའི་མདོ་དང་། རྟོག་པ་ཆེན་མོ་དང་། དུས་འཁོར་རྩ་རྒྱུད་སོགས་ལས་གསུངས་པས་མཚོན་ཞིབ་པར་འདིར་ཡི་གེའི་ལམདུ་འདྲེན་མ་ནུས་པས་སྨྱུང་གནས་ཀྱི་ཕན་ཡོན་སྐལ་ལྡན་ངལ་གསོ་སོགས་དམ་པ་སྔ་མ་རྣམས་ཀྱི་གསུང་ལས་རྟོགས་པར་བྱ་ལ། འདིར་མདོར་བསྡུས་པ་རྒྱུ་སྡེའི་དགོངས་པ་བསྡུས་པའིསྨྱུང་གནས་ཕན་ཡོན་ཆེན་མོ་ལས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་སྨྱུང་བར་གནས་པ་ཚར་གཅིག་བྱས་ན་བསྐལ་པ་བཞི་ཁྲིའི་སྡིག་པ་དག་ཅིང་ལྷ་མིའི་མཆོག་དམ་པ་འཐོབ་པར་འགྱུར་རོ། །སྨྱུང་བར་གནས་པ་ལན་བརྒྱད་བྱས་ན་རྒྱུན་དུ་ཞུགས་པ་དང་ཆ་མཐུན་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཉེར་ལྔ་བྱས་ན་ལན་གཅིག་ཕྱིར་འོང་བ་དང་ཆ་མཐུན་ཞིང་བསྐལ་པ་བརྒྱད་ཁྲིའི་སྡིག་པ་དག་པར་འགྱུར་རོ། །ལན་ལྔ་བཅུ་བྱས་ན་ཕྱིར་མི་འོང་བ་དང་ཆ་མཐུན་ཞིང་བསྐལ་པ་ཁྲི་ཕྲག་བརྒྱད་ཀྱི་སྡིག་པ་དག་པར་འགྱུར་རོ། །སྨྱུང་གནས་ཚར་བརྒྱ་རྩ་བརྒྱད་བྱས་ན་དགྲ་བཅོམ་པ་དང་མཚུངས་ཤིང་བསྐལ་པ་བྱེ་བ་ཕྲག་བརྒྱའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་པར་འགྱུར་རོ། །ངེས་པར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སངས་རྒྱས་ཚེ་དཔག་མེད་ཀྱི་ཞབས་དྲུང་དུ་སྐྱེ་བར་འགྱུར་རོ། །ཞེས་དང་། གཞན་ཡང་ལུས་སྨྱུང་བར་གནས་པས་སྲོག་བཅད་པ་སོགས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དགཡི་དྭགས་སུ་མི་སྐྱེ། ནད་གདོན་ཞི། གནས་སྐབས་གཟུགས་བཟང་གཟི་བརྗིད་ཆེ། མཐར་ཐུགས་མཚན་དཔེའི་སྐུ་ཐོབ། ངག་སྨྲ་བ་བཅད་པས་རྫུན་སོགས་ངག་སྒྲིབ་དགབྱོལ་སོང་དུ་མི་སྐྱེ། ནུས་པ་ཆེ། གནས་སྐབས་སུ་ཁ་ན་མ་ཐོ་བ་དང་ངག་འཁྱལ་མི་འབྱུང་ཞིང་ངག་ཚངས་དབྱངས་དང་ལྡན། མཐར་ཐུག་གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ། ཡིད་ཏིང་ངེ་འཛིན་ལས་མ་ཡེངས་པས་བརྣབ་སེམས་སོགས་ཡིད་ཀྱི་སྡིག་སྒྲིབ་དགདམྱལ་བར་མི་སྐྱེ། ཉམས་རྟོགས་འཆར། གནས་སྐབས་སུ་བློ་རྣོ་ཞིང་ཡིད་གཞུངས། ཆོས་ཀྱི་དོན་གོ །མཐར་ཐུག་ཡེ་ཤེས་ལྔ་ཐོབ། སྨྱུང་བར་གནས་པའི་ཚེ་རང་ལུས་ཚ་གྲང་ནད་ཀྱིས་ཉེན་ན་དམྱལ་བར་སྐྱེ་བའི་ལས་བྱང་། བཀྲེས་སྐོམ་ངལ་དུབ་ཀྱིས་ཐང་ཆད་ན་ཡིདྭགས་ཀྱི་སྐྱེ་སྒོ་ཆོད། གཉིད་རྨུགས་བྱིངས་འཐིབས་དྲན་པ་མི་གསལ་བའི་ཚེ་བློ་གསེང་བསྟོད་པས་བྱོལ་སོང་དུ་མི་སྐྱེ། ཡང་སྐྱེས་པ་རྣམས་ཀྱིས་འདིའི་སྨྱུང་གནས་ལན་གཅིག་བྱས་པས་བདེ་བ་ཅན་{དུ་ཞུ་མཆན།} སྐྱེ། བུད་མེད་རྣམས་ཀྱིས་ལན་གཅིག་བྱས་པས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ཏེ་ས་དང་པོའི་ཡོན་ཏན་ཐོབ། སྨྱུང་གནས་སྔོན་འགྲོ་གདན་གཅིག་གི་ཉིན་མི་གཅིག་ལ་འཚོ་བ་དྲངས་ན་ས་བརྒྱད་པའི་བྱང་སེམས་ལ་འཚོ་བ་དྲངས་པ་དང་བསོད་ནམས་མཉམ་ཞིང་། སྨྱུང་གནས་ཚར་བའི་ཕྱིར་ནང་མི་གཅིག་ལ་འཚོ་བ་དྲངས་ཀྱང་རང་སངས་རྒྱས་ལྔ་བརྒྱ་ལ་དྲངས་པ་དང་འདྲ། གསོ་སྦྱོང་བླངས་པ་ཙམ་ལ་དྲངས་ན་དགྲ་བཅོམ་པ་ལ་དྲངས་པའི་ཕན་ཡོན་ཐོབ་པ་དང་། སྦྱིན་བདག་དེ་ངན་སོང་གསུམ་དང་། ནད་མཚོན་མུ་གེའི་བསྐལ་པར་ནམ་ཡང་མི་སྐྱེ་ཞིང་། ཚེ་རབས་ཐམས་ཅད་དུ་བདེ་སྐྱིད་ཕུན་སུམ་ཚོགས། བྱང་ཆུབ་ཀྱི་སེམས་རྒྱུད་ལ་འཁྲུངས་པ་སོགས་ཕན་ཡོན་མང་པོ་འབྱུང་བར་བྱང་སེམས་ཟླ་རྒྱལ་གྱིས་གསུངས་སོ། །དེར་མ་ཟད་སངས་རྒྱས་རེ་རེའི་མཚན་དང་། གཟུངས་སྔགས་རེ་རེའི་ཕན་ཡོན་ཡང་བསམ་གྱིས་མི་ཁྱབ་སྟེ། སངས་རྒྱས་ཤཱཀྱ་ཐུབ་པའི་མཚན་ཐོས་ན་བསྐལ་ཆེན་བརྒྱད་ཁྲིའི་སྡིག་པ་བྱང་བ་དང་། སྔགས་མུ་ནེ་ལན་གཅིག་བཟླས་ན་བསྐལ་པ་བྱེ་བ་བརྒྱ་ཕྲག་བརྒྱད་ཁྲིའི་བར་དུ་བྱས་པའི་སྡིག་པ་དག་པར་གསུངས་པས་མཚོན་ཞིབ་པར་ཀུན་གཟིགས་འཇམ་པའི་རྡོ་རྗེའི་ཞལ་སྔ་ནས་བསྩལ་པའི་མཚན་འབུམ་དང་གཟུངས་འབུམ་སོགས་ལས་ཤེས་པར་བྱའོ། །སྤྱིར་ཡང་ཟུང་གི་མདོ་ལས། གང་དག་ང་ཡི་བསྟན་པ་ལ། །སྦྱིན་པ་སྐྲ་ཙམ་བྱིན་པ་ནི། །བསྐལ་པ་སྟོང་ཕྲག་བརྒྱད་བཅུ་རུ། །ལོངས་སྤྱོད་ཆེ་ཞིང་ནོར་ཡང་མང་། །ཞེས་སོགས་སྦྱིན་པའི་ཕན་ཡོན་རྒྱ་ཆེར་འབྱུང་མོད། དེ་ལས་བསྟན་པ་ནུབ་ཀ་དེང་སང་ལྟ་བུར་བསླབ་པ་སྣེ་གཅིག་ཙམ་བསྲུང་བའམ། སེམས་ཀྱི་ཉོན་མོངས་ཅུང་ཟད་རེ་བཅོམ་ནུས་ན་ཕན་ཡོན་ཆེ་སྟེ། ཏིང་འཛིན་རྒྱལ་པོ་ལས། བསྐལ་པ་བྱེ་བ་གདྒཱའི་བྱེ་སྙེད་དུ། །དད་པའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགགས་པར་གྱུར་པའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །དེ་ནི་དེ་ལས་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། རིན་ཆེན་ཕྲེང་བ་ལས། རྗེ་ཚོད་སུམ་བརྒྱའི་ཁ་བཟས་ཀྱིས། །ཉིན་རེ་དུས་གསུམ་བྱིན་པ་བས། །བྱམས་པ་སྐད་ཅིག་བསྒོམ་པ་མཆོག །ཅེས་གསུངས། དེར་མ་ཟད་སྦྱིན་པ་ནས་ཤེས་རབ་ཀྱི་བར་གྱི་ཕར་ཕྱིན་དྲུག་པོ་དེའང་། སྦྱིན་པས་ལུས་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ལེན་པ་དང་། དགེསྦྱོང་གི་ཆོས་བཞི་དང་ལྡན་པས་བཟོད་པ་འབྱུང་བ་སོགས་སྔ་མ་སྔ་མ་རྣམས་རྒྱུ་དང་། ཕྱི་མ་ཕྱི་མ་རྣམས་འབྲས་བུ་ཡིན་པའི་ཕྱིར་དང་། ཚུལ་ཁྲིམས་ཀྱི་གཏམ་ལས། རྒྱ་མཚོ་དང་ནི་གླང་རྗེས་ཀྱི། །ཁྱད་པར་དག་ནི་གང་ཡིན་པ། །སྦྱིིན་པ་དང་ནི་ཚུལ་ཁྲིམས་ཀྱི། །ཁྱད་པར་དག་ནི་དེ་ཡིན་ནོ། །གང་ཞིག་དད་པའི་སེམས་ཀྱིས་ནི། །ལོ་བརྒྱར་སྦྱིིན་པ་བྱིན་པ་བས། །གང་ཞིག་ཉིན་གཅིག་ཚུལ་ཁྲིམས་ནི། །བསྲུང་བ་དེ་ལས་ཁྱད་པར་འཕགས། །ཞེས་དང་། སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་གསུངས་པ་སོགས་ཀྱིས་མཚོན་སྔ་མ་རྣམས་དམན་ཞིང་ཕྱི་མ་རྣམས་མཆོག་ཡིན་པའི་ཕྱིར་དང་། སྦྱིན་པ་ཤན་པ་རྣམས་དང་ནི། །རིགས་ནང་དག་ཀྱང་སྦྱིན་པར་བྱེད། །གང་ཡང་རུང་བས་ཚུལ་ཁྲིམས་ནི། །ཡོངསསུ་བསྲུང་བར་མི་ནུས་སོ། །ཞེས་སོགས་གསུངས་པ་བཞིན་སྔ་མ་རྣམས་རགས་པའམ་སྒྲུབ་སླ་བ་དང་། ཕྱི་མ་རྣམས་ཕྲ་བའམ་སྒྲུབ་དཀའ་བར་དགོངས་ནས་གོ་རིམ་ཀྱང་དེ་ལྟར་དུ་མཛད་དེ། མདོ་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་བཞིན་བསྟན་པ་ཡིན། །ཞེས་གསུངས། མདོར་ན། རྒྱལ་སྲས་ཞི་བ་ལྷས། སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས། །གོང་ནས་གོང་དུ་ཁྱད་ཞུགསསྤྱད། །ཆུང་ངུའི་ཕྱིར་དུ་ཆེ་མི་བཏང་། །གཙོ་ཆེར་གཞན་གྱི་དོན་བསམ་མོ། །ཞེས་གསུངས་པ་ལྟར་གོང་མ་གོང་མ་རྣམས་དང་གཙོ་བོར་གཞན་དོན་དུ་གང་འགྱུར་བ་དེ་སྤྱད་པར་བྱ་ཞིང་། ཕར་ཕྱིན་དྲུག་པོ་དེའང་ངོ་བོ་ཁྱད་ཆོས་བཞི་ལྡན་ཏེ། འགའ་ཟླར་རང་རང་གི་མི་མཐུན་པའི་ཕྱོགས་རྣམས་དང་བྲལ་བ། གྲོགས་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ། བྱེད་ལས་གཞན་གྱི་རེ་བ་རྫོགས་པར་བྱེད་ནུས་པ། ཐབས་དེས་གདུལ་བྱའི་རྒྱུད་བྱང་ཆུབ་གསུམ་གང་རུང་དུ་སྨིན་པར་བྱེད་པ་ཡིན་ཏེ། རྒྱན་ལས། སྦྱིན་པས་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམས་སྨིན་བྱེད་རྣམ་གསུམ། །ཞེས་གསུངས། ངེས་ཚིག་ནི། སྲིད་ཞིའི་དགེ་བ་ཐམས་ཅད་ལས་ཕུལ་དུ་བྱུང་བར་སོང་བས་ན་ཕ་རོལ་དུ་ཕྱིན་པ་ཞེས་བྱ། བྱེ་བྲག་དབུལ་བར་འདོར་བར་བྱེད་པ་སོགས་ཀྱིས་ཏེ། དབུལ་བ་འདོར་བར་བྱེད་པ་དང་། བསིལ་བ་ཐོབ་དང་ཁྲོ་བཟོད་དང་། མཆོག་སྦྱོར་བ་དང་ཡིད་འཛིན་དང་། དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་གསུངས། དབྱེ་ན་གོ་སྒྲུབ་ཀྱི་སྐབས་ལྟར་རེ་རེའང་དྲུག་རེར་དབྱེ་བས་སོ་དྲུག་གམ། ཡང་ན། སྦྱིིན་པ་ལ། ཟང་ཟིང་། ཆོས། མི་འཇིགས་པ་སྐྱབས་ཏེ་གསུམ་ཚུལ་ཁྲིམས་ལ་སྡོམ་སྡུད་དོན་བྱེད་གསུམ། བཟོད་པ་ལ། གནོད་བྱེད། སྡུག་བསྔལ། ངེས་སེམས་ཀྱི་བཟོད་པ་སྟེ་གསུམ། བརྩོན་འགྲུས་ལ། གོ་ཆ། སྦྱོར་བ། ཆོག་པར་མི་འཛིན་པ་སྟེ་གསུམ། བསམ་གཏན་ལ། བྱིས་པ་ཉེར་སྤྱོད། དོན་རབ་འབྱེད་པ། དེ་བཞིན་གཤེགས་དགེ་གསུམ། ཤེས་རབ་ལ་ཐོས་བསམ་སྒོམ་གསུམ་སོགས་སུ་དབྱེ་བས་བཅོ་བརྒྱད་དོ། །བསྡུ་ན་རྒྱུ་དང་ངོ་བོ་དང་ཁྱད་པར་གྱི་སྒོ་ནས་སྔ་མ་གསུམ་ཚུལ་ཁྲིམས་དང་། ཕྱི་མ་གཉིས་རེ་རེ། བརྩོན་འགྲུས་ཀུན་གྱི་གྲོགས་སུ་འགྲོ་བས་བསླབ་པ་གསུམ་དུ་འདུ་སྟེ། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱི་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་གསུངས་ཤིང་། དེ་ཡང་བསྡུ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སུ་འདུའོ། །སྒྲུབ་ཚུལ་ཡང་། ལན་དང་རྣམ་སྨིན་ལ་མི་རེ་བའི་སྒོ་ནས་སྦྱིན་པ་གཏོང་། ཡང་སྲིད་བདེ་འགྲོ་ལ་རེ་སྨོན་དང་བྲལ་བའི་ཚུལ་ཁྲིམས་བསྲུང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་བསྒོམ། རང་གཞན་གྱི་དགེ་ཆོས་མཐའ་དག་སྡུད་པ་ལ་ངང་གིས་སྤྲོ་བའི་བརྩོན་འགྲུས་བརྩམ། བསམ་གཟུགས་ཀྱི་སྙོམས་འཇུག་ལས་འདས་པའི་བསམ་གཏན་ལ་མཉམ་པར་འཇོགསྙིང་རྗེའི་ཐབས་དང་མ་བྲལ་བའི་ཤེས་རབ་སྒྲུབ་པར་བྱེད་པ་སྟེ། རེ་བ་མེད་པའི་སྦྱིིན་པ་དང་། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང་། །ཐམས་ཅད་ལ་ནི་བཟོད་པ་དང་། །ཡོན་ཏན་ཀུན་སྡུད་བརྩོན་འགྲུས་དང་། དེ་བཞིན་བསམ་གཏན་གཟུགས་མེད་མིན། །ཤེས་རབས་ཐབས་དང་ལྡན་པ་ཡིས། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟན་པ་རྣམས་ཀྱི་ཡང་དག་སྦྱོར། །ཞེས་གསུངས། དེ་ཐམས་ཅད་ཀྱང་མི་མཐུན་ཕྱོགས་ཆགས་བདུན་གྱི་དྲི་མས་མ་གོས་ཤིང་། མཐུན་ཕྱོགས་དམ་པ་དྲུག་གམ་བཅུ་གཉིས་དང་ལྡན་པས་ཉམས་སུ་བླང་དགོས་ཏེ། ཆགས་བདུན་ནི། སེརསྣ་འཆལ་ཚུལ་ཁོང་ཁྲོ་སོགས་རང་རང་གི་མི་མཐུན་ཕྱོགས་རྣམས་དང་། ཕྱི་བཤོལ་དང་། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་དང་། ཚེ་འདིའི་ལན་ལ་རེ་བ་དང་། ཕྱི་མའི་རྣམ་སྨིན་ལ་རེ་བ་དང་། མི་མཐུན་ཕྱོགས་ཀྱི་ས་བོན་བག་ལ་ཉལ་དང་། དམན་ལམ་ཡིད་བྱེད་དམ་འཁོར་གསུམ་དུ་རྟོག་པའི་རྣམ་གཡེང་རྣམས་ལ་ཆགས་པ་ཡིན་པས་དེ་དག་གིས་མ་གོས་པ་བྱ་དགོས་ཏེ། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ལ། །མ་ཆགས་མི་ཆགས་ཆགས་པ་མེད། །ཅེས་གསུངས། མཐུན་ཕྱོགས་དམ་པ་དྲུག་ནི། རྟེན་དམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པ། དངོས་པོ་དམ་པ་སྦྱིན་སོགས་ཕྱོགས་རེ་ཙམ་མ་ཡིན་པར་གཞིའམ་དངོས་པོ་ཐམས་ཅད་ལ་འཇུག་པ། ཆེད་དུ་བྱ་བ་དམ་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱོར་བ། ཐབས་དམ་པ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ། བསྔོ་བ་དམ་པ་བླ་ན་མེད་པའི་བྱང་ཆུབ་ཏུ་འདུན་པ་བསྒྱུར་བ། རྣམ་པར་དག་པ་དམ་པ་སྒྲིབ་གཉིས་ཀྱི་དངོས་གཉེན་དུ་སྤྱོད་པ་སྟེ་དྲུག་གོ །བཅུ་གཉིས་ནི། དབུས་མཐའ་ལས། རྒྱ་ཆེ་བ་དང་ཡུན་རིང་དང་། །ཆེད་དུ་བྱ་དང་མི་ཟད་དང་། །རྒྱུན་མི་འཆད་དང་ཚེགས་མེད་དང་། །དབང་འབྱོར་བ་དང་ཡོངས་བཟུང་དང་། །རྩོམ་དང་ཐོབ་དང་རྒྱུ་མཐུན་དང་། །འགྲུབ་པ་དམ་པར་ཡོད་པ་ཡིན། །ཞེས་གསུངས་པས། རྒྱ་ཆེ་བ་དམ་པ་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་བས་མཆོག་ཏུ་གྱུར་བའི་བྱང་ཆུབ་ཆེན་པོ་འདོད་པ། ཡུན་རིང་བ་དམ་པ་བསྐལ་པ་གྲངས་མེད་གསུམ་སོགས་སུ་བསྒོམ་པ། ཆེད་དུ་བྱ་བ་དམ་པ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ཆེད་དུ། ཟད་མི་ཤེས་པ་དམ་པ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པས་གཏན་དུ་ཟད་མི་ཤེས་པ། རྒྱུན་མི་འཆད་པ་དམ་པ་བདག་གཞན་མཉམ་ཉིད་དུ་མོས་པས་སེམས་ཅན་ཐམས་ཅད་ཀྱི་ཕྱིན་དྲུག་རྫོགས་པ། ཚེགས་མེད་པ་དམ་པ་གཞན་གྱི་སྦྱིིན་སོགས་ལ་རྗེས་སུ་ཡི་རང་བ་ཙམ་གྱིས་ཕར་ཕྱིན་རྫོགས་པར་བྱེད་པ། དབང་འབྱོར་པ་དམ་པ་ནམ་མཁའ་འཛོད་ཀྱི་ཏིང་ངེ་འཛིན་སོགས་ཐོབ་ནས་སྦྱིན་སོགས་རྫོགས་པར་བྱེད་པ་ལ་དབང་འབྱོར་པ། ཡོངས་སུ་བཟུང་བ་དམ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བཟུང་བ། རྩོམ་པ་དམ་པ་མོས་སྤྱོད་ཀྱི་ས་ལ་བཟོད་པ་ཆེན་པོར་གྱུར་པ། ཐོབ་པ་དམ་པ་ས་དང་པོ། རྒྱུ་མཐུན་དམ་པ་ས་གཉིས་པ་ནས་དགུ་པའི་བར། འགྲུབ་པ་དམ་པ་ས་བཅུ་པ་དང་དེ་བཞིན་གཤེགས་བའི་ས་ལ་བྱང་ཆུབ་སེམས་དཔའི་ས་མཐར་ཐུག་པ་དང་སངས་རྒྱས་ཀྱི་ས་འགྲུབ་པ་སྟེ་བཅུ་གཉིས་པོ་དེ་དང་ལྡན་པ་ནི་ཐེག་དམན་སོགས་ལས་ཁྱད་པར་དུ་གྱུར་པའི་ཐེག་ཆེན་ལམ་གྱི་ཕར་ཕྱིན་མཚན་ཉིད་པ་སྟེ། བཤད་སྦྱར་ལས། བསེ་རུ་ལྟ་བུ་རྣམས་ལ་ནི། །ཕ་རོལ་ཕྱིན་དྲུག་མིང་ཡང་མེད། །བཅོམ་ལྡན་ཉག་གཅིག་ཕ་རོལ་ཕྱིན། །དྲུག་གི་སྤྱི་ལ་བཞུགས་པ་ལགས། །ཞེས་གསུངས། ཕན་ཡོན་གྱིི་ཁྱད་པར་ཡང་། རྒྱ་ཆེ་བ་དང་ཟང་ཟིང་མེད་པ་སོགས་ཀྱི་ཡོན་ཏན་སྔར་བཤད་པ་བཞི་དང་། མི་ཕོངས་པ་དང་རྣམ་པར་མི་འཚེ་དང་། །རྣམ་འཚེ་བཟོད་དང་བྱ་བས་མི་སྐྱོ་དང་། །དགའ་བྱེད་ལེགས་པར་བརྗོད་པ་དེ་ཡི་ཕྱིར། །གཞན་གྱི་དོན་ཉིད་རང་གི་དོན་ཡིན་ནོ། །ཞེས་དངོས་སུ་གཞན་དོན་བྱས་པའི་ཞལ་ལ་རང་དོན་འགྲུབ་པའི་ཁྱད་པར་མདོ་རྒྱན་ལས་གསུངས་པ་དང་། རིན་ཆེན་ཕྲེང་བ་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་གཟུགས་བཟང་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །སྙིང་བརྩེ་བས་ནི་དོན་ཀུན་འགྲུབ། །ཅེས་གནས་སྐབས་སོ་སོའི་རྒྱུ་མཐུན་གྱི་འབྲས་བུ་ཕན་ཡོན་བསྟན་པ་དང་། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་ཡང་དག་འཁྲུངས། །ཆོས་ཀྱི་སྐུ་དེ་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལས་སྨིན་འབྲས་གཟུགས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་ཚོགས་མཐར་ཕྱིན་པ་ལས་བྲལ་འབྲས་ཆོས་ཀྱི་སྐུ་མངོན་སུམ་དུ་བྱེད་པར་གསུངས་པས་མཐར་ཐུག་གི་ཕན་ཡོན་བསྟན་པས་མཚོན་མཐའ་ཡས་མོད། འདི་དག་གི་རྣམ་བཞག་རྒྱས་པ་ནི་མདོ་སྡེ་རིན་པོ་ཆེ་རྣམས་དང་། རྒྱན་དང་ཐེག་བསྡུས་སོགས་དགོངས་འགྲེལ་བསྟན་བཅོས་རྣམས་ལས་ཤེས་པར་བྱ་བ་ལས་འདིར་མ་སྤྲོས་སོ། །མདོར་ན། བྱང་ཆུབ་སེམས་འགྲེལ་ལས། གཞན་དོན་ལས་ལ་མཐུ་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་གསུངས་པ་ལྟར་རྟག་ཏུ་གཞན་ཕན་གྱི་བསམ་པ་མི་འདོར་བ་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ནི་འདི་ལྟར་བྱ་བ་མང་བ། བྱེད་པ་མང་བ་སྟེ་ཐམས་ཅད་ཀྱིས་ཐམས་ཅད་དུ་སྦྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བར་ལ་བསླབ་པར་མི་ནུས་ཀྱི། དེ་བས་རྒྱལ་པོ་ཆེན་པོ་ཁྱོད། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འདུན་པ་དང་། དད་པ་དང་། དོན་དུ་གཉེར་བའི་སྨོན་པ་གསུམ་འགྲོ་ཡང་རུང་། འདུག་ཀྱང་རུང་། ཉལ་ཡངརུང་། སད་ཀྱང་རུང་ཟ་ཡང་རུང་བཏུང་ཡང་རུང་། རྟག་པར་རྒྱུན་དུ་དྲན་པས་ཡིད་ལ་བཟུངསྟེ་སྒོམས་ཤིགགཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བར་གྱིས་ཤིགརྗེས་སུ་ཡི་རང་ནས་ཀྱང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཕུལ་ཅིགཕུལ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིགདེ་ནས་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་བར་ཉིན་གཅིག་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ཤིགརྒྱལ་པོ་ཆེན་པོ་དེ་ལྟར་ན་རྒྱལ་སྲིད་ཀྱང་བྱེད་ལ། རྒྱལ་པོའི་བྱ་བའང་ཉམས་པར་མི་འགྱུར་ལ། བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་ལས་དང་པོ་པ་ལ་བསླབ་བྱ་རྣམས་བསྡུས་ཏེ་བཀའ་སྩལ་པས་མཚོན་མདོ་སོགས་ནས་ཇི་སྐད་གསུངས་པ་བཞིན་ཕར་ཕྱིན་དྲུག་གམ་བསླབ་པ་གསུམ་མམ་ཚོགས་གཉིས་ཀྱིས་བསྡུས་པའི་རྒྱལ་བའི་སྲས་ཀྱི་སྤྱོོད་པ་རྒྱ་མཚོ་ལྟ་བུ་ལ་རང་ནུས་གང་ཡོད་ཀྱིས་འབད་པས་བསླབ་པར་བྱ་བ་ནི་སྒྲུབ་པ་བླ་ན་མེད་པའི་མཆོད་པ་ཡིན་ཏེ། སྒོ་མཐའ་ཡས་པ་རྣམས་པར་སྦྱང་བའི་མདོ་ལས། ཚངས་པ་གསུམ་པོ་འདི་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བླ་ན་མེད་པའོ། །བསོད་ནམས་ཚད་མེད་པ་འབྱུང་བའོ། །གསུམ་གང་ཞེ་ན། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་དམ་པའི་ཆོས་འཛིན་པ་དང་། གང་ཇི་ལྟར་ཐོས་པ་རྣམས་དེ་བཞིན་དུ་བསྒྲུབ་པ་སྟེ། ཚངས་པ་གསུམ་པོ་དེ་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བླ་ན་མེད་པའོ། །ཚངས་པ་གལ་ཏེ་དེ་བཞིན་གཤེགས་པ་སྐུ་ཚེའི་ཚད་བསྐལ་པར་བཞུགས་པས་མཆོད་པའི་དངོས་པོ་གསུམ་པོ་འདི་དག་གི་བསོད་ནམས་ཀྱི་རྣམ་པར་སྨིན་པ་བསྐལ་པའི་བར་དུ་བསྟན་ཀྱང་རྫོགས་པར་མི་འགྱུར་རོ། །ཞེས་གསུངས་པ་བཞིན་ཤེས་བར་བྱའོ། །གཞན་ཡང་རིན་པོ་ཆེ་ཕུང་པོའི་མདོར། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་འཁོར་ལོས་སྒྱུར་རྒྱལ་ཤ་སྟག་ཏུ་གྱུར་ནས། དེ་རེ་རེས་ཀྱང་རྒྱ་མཚོའི་མར་ཁུ། རི་རབ་ཀྱི་སྡོང་བུ་བྱས་ནས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བ་བས། ཁྱིམ་ནས་རབཏུ་བྱུང་བའི་སྡོམ་ལྡན་ཞིག་གིས་ཡུངས་འབྲུ་ཙམ་གྱིས་བསྐུས་པའི་མར་མེའི་སྡོང་བུ་ཕུལ་ན་བསོད་ནམས་ཆེ་བ་དང་། འཁོར་ལོས་སྒྱུར་བ་དེ་དག་རེ་རེས་འཛམ་བུའི་གླིང་ཐམས་ཅད་མེ་ཏོག་གིས་བཀང་སྟེ་ཕུལ་བ་བས། རབ་ཏུ་བྱུང་བས་མེ་ཏོག་གཅིག་ཕུལ་ན་བསོད་ནམས་དེ་ལ། བསོད་ནམས་སྔ་མ་དེས་རྒྱ་ཡི་ཆ་དང་སྟོང་གི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱའི་བར་དུ་ཡང་མི་བཟོད་པར་གསུངས་པ་དང་། གསལ་རྒྱལ་གྱི་མདོ་ལས། མི་རྣམས་གང་དག་དགེ་བའི་སེམས་ལྡན་པས། །རྒྱལ་བའི་མཆོད་རྟེན་གཞན་གྱིས་བྱས་པ་ལ། །རྗེས་སུ་ཡི་རང་དོན་དེ་མ་བྱས་ཀྱང་། །མདོར་ན་དེ་དག་གིས་ཀྱང་བྱས་པར་འགྱུར། །ཞེས་རང་གིས་དངོས་སུ་བྱས་པ་མེད་ཀྱང་གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བར་བྱས་ན་དེའི་ཕན་ཡོན་མཉམ་དུ་ཐོབ་པར་གསུངས་སོ། །གཞན་ཡང་ཤེས་པར་བྱ་བ། ལྷ་ཁང་དང་མཆོད་རྟེན་གྱི་ཡོ་བྱད་ཇི་ཙམ་དུ་ཆེ་ཡང་དགེ་སློང་རང་གི་མས་ཏིལ་ཙམ་སྤྱད་པ་ལྟ་ཅི་སྨོས་ཏེ། དགེ་འདུན་ལ་ཡང་ཕྲ་མོ་ཙམ་བསྔོ་མི་རུང་བ་དང་། ཞིག་རལ་དུ་གྱུར་ན་དགེ་སློང་གི་རྙེད་པ་ལས་ཕྲིས་ཏེ་གསོ་བར་བྱ་བ་དང་། དགེ་སློང་གི་ཞལ་ཏ་པས་དགེ་སློང་གི་དཀོར་རྫས་སྦས་ན་ཉི་ཚེ་བའི་སེམས་ཅན་དམྱལ་བ་ཕུར་བུ་མང་པོ་ཞེས་བྱ་བར་སྐྱེས་ནས་སྡུག་བསྔལ་ཆེན་པོར་མྱོང་བར་འགྱུར་བ་སོགས་ཞལ་ཏ་བའི་བླང་དོར་ཞིབ་པར་དཀོན་བརྩེགས་ལེའུ་ཞེ་བཞི་པའི་བྱེ་བྲག་རིན་ཆེན་ཕུང་པོའི་མདོར་གསུངས་པས་ཞིབ་པར་དེར་བལྟ་བར་བྱ་བ་དང་། རྒྱ་མཚོསཞུས་པའི་མདོ་ལས། སྤུ་གྲི་རྣོན་པོ་དག་གིས་སུ། རང་གི་ཡན་ལག་གཏུབ་པ་སླའི། །བསྔོས་ཟིན་པ་ཡི་དངོས་པོ་ནི། །ཁྱིམ་པ་རྣམས་ལ་སྦྱིན་མི་བྱ། །མེ་ལྕེ་འབར་བ་ལྟ་བུ་ཡི། །ལྕགས་ཀྱི་ཐུ་ལུམ་ཟོས་སླ་ཡི། །དགེ་འདུན་དག་ལས་གལ་ཏེ་ནི། །དགེ་འདུན་གྱིས་ནི་ལོངས་མི་སྤྱད། །ལྷུན་པོ་དང་ནི་འདྲ་བའི་མེ། །བླངས་པར་བྱས་ཏེ་ཟོས་ཀྱང་སླའི། །ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱད་པར་ནི་མི་བྱའོ། །ཐམས་ཅད་དབྱུང་བར་བྱས་པ་དང་། །གསལ་ཤིངསྟེང་དུ་བཏེགས་པ་སླའི། །ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱད་པར་ནི་མི་བྱའོ། །མེ་མདག་གིས་ནི་གང་བ་ཡིས། །གནས་ཁང་དེར་ནི་ཞུགས་པ་སླའི། །ཁྱིམ་པས་དགེ་འདུན་གནས་ཁང་དུ། །མཚན་མོ་གནས་པར་མི་བྱའོ། །མེ་ལྕེ་འབར་བ་ལྟ་བུ་ཡི། །ལྕགས་ཀྱི་ཐུ་ལུམ་བླང་བ་སླའི། །རབ་བྱུང་དང་ནི་ཁྱིམ་པ་ཡི། །དབྱིག་ནི་བླང་བར་མི་བྱའོ། །འཁོར་ལོ་རྣོན་པོས་བདག་གི་ལུས། །ཀུན་ཏུ་བཏུབ་པར་བྱས་པ་སླའི། །ལེགས་པར་གསུངས་པའི་ཆོས་རྣམས་ལ། །རྒྱགས་དང་གཤེ་བ་བསྐྱེད་མི་བྱ། །ལེགས་པར་གསུངས་པའི་ཆོས་ཅན་གྱི། །མིག་ནི་རང་གིས་ཕྱུང་བ་སླའི། །སེམས་ཅན་དུ་ནི་བགྲང་བ་ལ། །ཁྲོས་པས་སྐྱེ་དགུ་མི་མངག་གོ །ལེགས་པར་གསུངས་པའི་ཆོས་ཅན་གྱི། །མེ་ཡི་གོས་ནི་གྱོན་པ་སླའི། །ཚུལ་འཆོས་པ་དང་མཐུ་ཡིས་སུ། །ཁྱིམ་པ་ལས་ནི་གོས་མི་བླང་། །མེ་འདྲ་བར་ནི་བསྐོལ་བ་ཡི། །རྩུབ་འགྱུར་ཆུ་ནི་འཐུང་བ་སླའི། །རབ་ཏུ་བྱུང་བས་གཡོ་སྒྱུ་ཡིས། །བཟའ་བཏུང་བླང་བར་མི་བྱའོ། །ཞེས་སོགས་གསུངས་པ་དང་། ལྷ་ཁང་ལ་བརྙས་བཅོས་སོགས་བྱས་ན་མཚམས་མེད་ལྔའི་སྡིག་པ་དང་འདྲ་བའི་ཉེས་པ་འབྱུང་། ཐ་ན་གཙུག་ལག་ཁང་གི་ཕྱགས་མས་རང་གི་ཁྱིམ་ཕྱགས་ན་ཕྱགས་མ་ལྟ་བུའི་དམྱལ་བར་སྐྱེ་བ་དང་རྩིག་པ་དང་ཀ་བ་ལ་སྣབས་སོགས་བགོས་ན་ཀ་བ་དང་རྩིག་པ་ལྟ་བུའི་དམྱལ་བར་སྐྱེ་བར་འགྱུར་ཞེས་འདུལ་བ་ལུང་ལས་གསུངས་ཤིང་། ཁྱད་པར་ལྷ་ཁང་གི་རྫས་དང་མཆོད་ཐེབས་རྟེན་བཞག་སོགས་ལ་ལོངས་སྤྱད་ན་ཉེས་པ་མཚམས་མེད་དང་འདྲ། དཀོན་མཆོག་གི་དཀོར་འཕྲོག་པས་བྱང་ཆུབ་སེམས་དཔའི་རྩ་ལྟུང་འབྱུང་། ཤི་མ་ཐག་ཏུ་ཁྲོ་ཆུ་ཁོལ་མ་འཐུང་བའི་དམྱལ་བར་སྐྱེ་ཞིང་། དེ་ནས་ཀྱང་ཡི་དྭགས་ཀྱི་ལུས་སྟོང་ཕྲག་ལ་སོགས་པ་ལེན་པར་གསུངས་པ་དང་། ཐ་ན་ལྷ་ཁང་དུ་སྔ་དྲོ་འབུལ་རྒྱུའི་མཆོད་རྫས་ཕྱི་དྲོ་འབུལ་བ་དང་། དབྱར་ཕུལ་ཅིག་ཟེར་བའི་མཆོད་རྫས་སྟོན་འབུལ་བ་དང་། ད་ལྟ་ཕུལ་ཅིག་ཟེར་བའི་མཆོད་རྫས་དུས་མཆོད་ལ་སོགས་པའི་བར་དུ་འཇོག་པའི་བསྔོས་བསྒྱུར་བྱས་ཚེ་ཕྱི་མ་རྐེད་པ་ཆད་པའི་ཆ་རྒྱུས་པ་ཕྲ་མོས་སྦྲེལ་ནས་སྡུག་བསྔལ་མྱོང་བའི་ཉི་ཚེ་བའི་དམྱལ་བར་སྐྱེ་བར་འདུལ་བ་ནས་གསུངས་པ་དང་། ཡང་ས་གའི་ལྷས། མི་སློབ་པ་ནི་བདག་པོར་སྤྱོོད། །ཅེས་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར་པ་དང་། སློབ་པ་བྱིན་པ་སྤྱོད་པ་སྟེ། །ཞེས་ཡོན་སྦྱོང་ནུས་པས་ལོངས་སྤྱད་རུང་བ་དང་། བསམ་གཏན་ཀློག་དང་ལྡན་པ་ནི། །རྗེས་གནང་སྤྱོད་པས་ཉེས་པ་མེད། །ཅེས་སོ་སྐྱེ་ཡིན་ཀྱང་ཁྲིམས་དག་སྤང་ཀློག་ལ་བརྩོན་པ་ལ་ནི་རྗེས་སུ་གནང་བས་ཉེས་པ་མེད་ལ། ལྷག་མ་ལེ་ལོས་བཅོམ་པ་ཡིན། །བདག་ཉིད་ལ་ནི་བུ་ལོན་སྤྱོད། །ཅེས་ཁྲིམས་དག་ཀྱང་རྒྱུད་ལེ་ལོས་ཁྱེར་བས་ཐོས་སྒོམ་མི་ནུས་པ་དག་གིས་དབུལ་པོའི་བུ་ལོན་ལྟར་སྐྱེ་བ་ཕྱི་མར་འཇལ་དགོས་ལ། ཁྲིམས་འཆལ་རྣམས་ལ་ནམ་དུ་ཡང་། །གཙུག་ལག་ཁང་སོགས་ཉེར་སྤྱོད་བཀག །ཅེས་ཁྲིམས་འཆལ་གྱིས་ནི་དད་གཤིན་གྱི་དཀོར་རྫས་ཁབ་ཙམ་ཡང་མི་དབང་ཞིང་སྤྱད་ན་ངན་སོང་གི་སྡུག་བསྔལ་ཆེན་པོ་མྱོང་སྟེ། སངས་རྒྱས་མཛོད་ཀྱི་མདོ་ལས། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་བསྐལ་པ་བརྒྱ་སྟོང་ཁྲི་འབུམ་གྱི་བར་དུ་རང་གི་ཤ་བཅད་གཏུབས་ཏེ་སྦྱིན་བདག་ལ་འཇལ་ལོ། །ཕྱུགས་སུ་སྐྱེས་ན་ཡང་ཁུར་ལྕི་བ་ཁྱེར་བ་འོང་ངོ་། སྐྲ་ཉག་མ་འབུམ་དུ་བགོས་པའི་ཆ་ཙམ་ཡང་བཞུ་བར་མི་ནུས་ན་གོས་དང་ཟས་དང་མལ་ཆ་དང་སྨན་ལ་སོགས་པ་ལྟ་ཅི་སྨོས། ཞེས་དང་། ཤཱ་རིའི་བུ་རོས་གང་བའི་ས་དེ་ན་ངའི་ཆོ་ག་བཞིནདུ་སྤྱོད་པ་ནི་ཕོད་ཀྱི་ཚུལ་ཁྲིམས་ཞིག་པའི་དགེ་སློང་དང་ལྷན་ཅིག་ཏུ་འདུག་པ་ནི་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་ལག་གིས་བླང་བའི་རྫས་སོ་ཅོག་ཚུལ་ཁྲིམས་འཛིན་པའི་ངན་དུག་པར་འགྱུར་རོ། །ཞེས་གསུངས་པ་སོགས་ཀྱང་རང་གཞན་ཀུན་གྱིས་དྲན་པར་བྱས་ཏེ་སྡོམ་པ་སོགས་ལ་ནན་ཏན་མ་བྱས་ན་སྙིགས་མའི་དུས་མཐའ་འདིར་བཙུན་པ་རྣམས་ཚུལ་ཁྲིམས་འཆལ་བས་ངན་འགྲོ་དང་། ཁྱིམ་པ་རྣམས་དང་བའི་སེམས་ཀྱིས་ལྷར་སྐྱེ་བ་སོགས་སྙིང་རྗེ་པད་དཀར་ལས་རྒྱས་པར་གསུངས་ཏེ། ཀུན་དགའ་བོ། དེ་ན་ཁྱིམ་པ་གང་དག་འཆི་བའི་དུས་བྱེད་པ་དེ་དག་འཆི་བའི་དུས་བྱས་མ་ཐགཏུ་ཕལ་ཆེར་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་རོ། །རབ་ཏུ་བྱུང་བ་གང་དག་འཆི་བའི་དུས་བྱེད་པ་དེ་དག་ནི་ཕལ་ཆེར་ལོག་པར་ལྟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཡོ་བྱད་བསྙུང་བ་ལ་མི་གནས་ཤིང་སྡོམ་པ་ལ་མི་གནས་པའི་ཕྱིར་རོ། །ཞེས་གསུངས། འོ་ན་གོང་གི་ལུང་དོན་དང་མི་འགལ་ལམ་སྙམ་ན་མི་འགལ་ཏེ། གོང་དུ་གསུངས་པ་ནི་བདག་རྐྱེན་སངས་རྒྱས་ཉིད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་གྱིས་འཁོར་བ་མཐའ་ཅནདུ་གསུངས་པ་ཡིན་ལ། འདིར་ནི་གང་ཟག་རང་རང་གི་ཉེས་པར་སྤྱོད་པའི་འབྲས་བུ་བསྟན་པ་ཡིན་པའི་ཕྱིར་རོ། །དེས་ན་སྨོས་མ་ཐག་པའི་ལུང་དོན་ལ་སྐྱི་ཟ་བས་འདུན་པ་དང་། བརྩོན་འགྲུས་དང་། བག་ཡོད་པ་སྟེ་གནས་གསུམ་ལ་ཐུན་ཚོད་རེ་ཡང་སློབ་པ་ནི་ཅི་ནས་ཀྱང་གལ་ཆེ་བ་འཕྲོས་དོན་དུ་སྨོས་པ་སྟེ། མདོར་ན་རྒྱལ་པོ་བསོད་ནམས་སྟོབས་ཀྱི་རྟོགས་པ་བརྗོད་པ་ལས། བསོད་ནམས་དག་གིས་བྱད་གཟུགས་འཐོབ། །བསོད་ནམས་ཀྱིས་ནི་ཚུལ་ཁྲིམས་ལྡན། །བསོད་ནམས་དག་གིས་དཔའ་འཐོབ་ཅིང་། །དེ་བཞིན་ལོངས་སྤྱོད་ཅན་དུ་འགྱུར། །བསོད་ནམས་དག་གིས་ཤེར་རབ་འཐོབ། །སྙན་དངགས་སྦྱོར་མཆོག་བསོད་ནམས་ཀྱིས། །བསོད་ནམས་དག་གིས་ཡིད་གཞུངས་འཐོབ། །བསོད་ནམས་དག་གིས་བཟང་འགྲོ་འཐོབ། །བསོད་ནམས་ཀྱིས་ནི་རིགས་འཐོར་སྐྱེ། །བསོད་ནམས་ཀྱིས་ནི་སྐྱེ་བ་དྲན། །བསོད་ནམས་དག་གིས་གྲགས་པ་འཐོབ། །བསོད་ནམས་དག་གིས་མཁས་པས་མཆོད། །བསོད་ནམས་དག་གིས་སྟོབས་འཐོབ་ཅིང་། །དམ་པར་འཕྲད་པ་བསོད་ནམས་ཀྱིས། །བསོད་ནམས་དག་གིས་དོན་ཀུན་འཐོབ། །འདིར་ནི་ཡོན་གནས་སུ་ཡང་རུང་། །ཅི་སྟེ་ཞིང་ལས་ཚོང་ཡང་རུང་། །མི་ནི་སྐྱིད་འདོད་ཕྱིར་བྱེད་ན། །ཅུང་ཟད་བྱས་པས་བསོད་ནམས་ཀྱིས། །ལོངས་སྤྱོད་རྒྱ་ཆེན་ཚོགས་ཀྱང་འཐོབ། །བསོད་ནམས་བྱེད་རྣམས་བསོད་ནམས་ཀྱིས། །བསམ་པ་ཙམ་གྱིས་ནམ་མཁའ་ལས། །གོས་དང་ཟས་སྐོམ་རིན་ཆེན་རྣམས། །ཐམས་ཅད་བདེ་བར་འཐོབ་བར་འགྱུར། །ཡིད་འོང་ཁྱིམ་རྣམས་བསོད་ནམས་ཀྱིས། །བསོད་ནམས་དག་གིས་བུད་མེད་མཆོག །བསོད་ནམས་ཆེན་པོས་ནོར་དང་འབྲུ། །དེ་ཡི་འདོད་དགུ་འབྱུང་བར་འགྱུར། །བསོད་ནམས་དག་གིས་འགྲོ་བ་ན། །ས་ནི་སྡོང་དུམ་ཚེར་མ་མེད། །བསོད་ནམས་ཇི་ལྟར་ལྡན་པ་བཞིན། །མཉམ་གནས་ཡང་ན་གོས་ཀྱང་བཏིང་། །ཇི་ལྟར་རེག་པ་ཙམ་གྱིས་ན། །ནད་པ་དག་ནི་སོས་འགྱུར་བཞིན། །བསོད་ནམས་དག་གིས་རེག་གྱུར་ན། །ཟས་སྐོམ་དེ་བཞིན་གཉིས་ཀ་དང་། །གོས་དང་རིན་ཆེན་འབྲུ་དག་ཀྱང་། །རྟག་ཏུ་ཟད་པར་མི་འགྱུར་རོ། །ལྷ་ཀླུ་ལྷ་མིན་གནོད་སྦྱིན་དང་། །ཡི་དྭགས་ལྟོ་འཕྱེ་མི་རྣམས་ཀྱང་། །བསོད་ནམས་བདག་ཉིད་ཆེ་བའི་ཕྱིར། །དུག་དང་གནོད་པ་རྣམས་ལས་སྲུང་། །བསོད་ནམས་དག་གིས་བསྙེན་བཀུར་འཐོབ། །སྐྱེ་བོ་མང་དགའ་བསོད་ནམས་ཀྱིས། །བསོད་ནམས་དག་གིས་གྲགས་ལྡན་འགྱུར། །བསོད་ནམས་དག་གིས་བསྐལ་བཟང་འཐོབ། །བསོད་ནམས་དག་གིས་ཚིག་ཀྱང་བཙན། །བསོད་ནམས་དག་གིས་སྡུག་གུར་འགྱུར། །ཚངས་པའི་དབྱངས་འཐོབ་བསོད་ནམས་ཀྱིས། །བསོད་ནམས་ཀྱིས་ནི་ལས་མདོག་སྡུག །བསོད་ནམས་དག་གིས་ཚིག་ཀྱང་བཟང་། །དྲན་ལྡན་མཛའ་ལྡན་གཙོ་བོར་འགྱུར། །དེ་དང་དེར་ནི་མཁས་པར་འོང་། །མི་ཕྱེད་པ་ཡི་འཁོར་དང་ལྡན། །བསོད་ནམས་ཅན་ནི་ནད་མེད་ཅིང་། །སྨོན་པའི་གནས་གྱུར་བསོད་ནམས་ཀྱིས། །བསོད་ནམས་རྙེད་ལྡན་གཟི་བྱིན་ཡོད། །བསོད་ནམས་དག་གིས་རྒྱལ་སྲིད་འཐོབ། །འགྲན་ཟླ་མེད་ཅིང་གནོད་པ་མེད། །ལོངས་སྤྱོོད་མི་ཉམས་བསོད་ནམས་ཀྱིས། །བསོད་ནམས་དག་གིས་གཏེར་ཡང་རྙེད། །འཁོར་ལོས་སྒྱུར་འགྱུར་བསོད་ནམས་ཀྱིས། །རིན་ཆེན་བདུན་ནི་མདུན་དུ་འགྲོ། །ནམ་མཁའི་བར་ནས་ཀུན་ཏུ་རྒྱུ། །ཉི་ཟླ་དང་ཡང་གཟི་བྱིན་མཉམ། །ཟླ་བ་ཉིད་འཐོབ་བསོད་ནམས་ཀྱིས། །བསོད་ནམས་ཀྱིས་འཐོབ་ཉི་མ་ཉིད། །ཚངས་པ་ཉིད་འཐོབ་བསོད་ནམས་ཀྱིས། །བསོད་ནམས་ཀྱིས་འཐོབ་བརྒྱ་བྱིན་ཉིད། །གཞལ་མེད་ཁང་ན་རྒྱུ་བ་ཡི། །བསོད་ནམས་ཀྱིས་ནི་ལྷར་ཡང་འགྱུར། །བསོད་ནམས་དེ་བཞིན་ལྷ་ཡི་བུ། །ལྷ་མིན་དབང་པོ་སྟོབས་པོ་ཆེ། །བསོད་ནམས་དག་གིས་ངན་འགྲོ་སྤོང་། །བསོད་ནམས་ཀྱིས་ནི་བདེ་འགྲོར་འགྲོ། །ཤིན་ཏུ་ཡིད་འོང་རབ་དཀོན་པའི། །མེ་ཏོག་བསོད་ནམས་དག་གིས་རྙེད། །བསོད་ནམས་དག་གིས་གྲུབ་པ་འཐོབ། །འགྲོ་བ་སྣང་བྱེད་བསོད་ནམས་ཀྱིས། །ལྷ་དང་ལྷ་མིན་མི་རྣམས་ཀྱིས། །ཡང་དག་མཆོག་གྱུར་བསོད་ནམས་ཀྱིས། །ཞེས་དང་། བསོད་ནམས་དག་གིས་གྲགས་པ་འཐོབ། །བསོད་ནམས་ཀྱིས་ནི་མང་ཐོས་འགྱུར། །རྒྱ་ཆེ་ཡིད་འོང་བསོད་ནམས་ཀྱིས། །བསོད་ནམས་དག་གིས་ཐོས་པ་འཛིན། །ནད་མེད་འཆི་བ་བསོད་ནམས་ཀྱིས། །བསོད་ནམས་ཀྱིས་ནི་འཆི་བདག་བཅོམ། །འཆི་བདག་མཆོག་ཏུ་འཇིགས་པ་ཡིས། །བསོད་ནམས་དག་གིས་འཇིགས་མི་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་བདག་ལེགས་སུ་འདོད་པའི་སྐྱེ་བོ་རྣམས་བསོད་ནམས་ཀྱི་གནས་ལ་འདུན་པར་རིགས་སོ། །ཨེ་མ་འགྲོ་མང་བསོད་ནམས་གསོག་པའི་ཞིང་། །སྲས་བཅས་རྒྱལ་བའི་རྟེན་གསུམ་ངོ་མཚར་ཅན། །མཐོང་ཐོས་དྲན་རེག་སྒྲོལ་བའི་ཕྲིན་ལས་ཕུལ། །གཟུགས་སུ་གྲུབ་ན་སྟོང་གསུམ་སྣོད་རུང་ཅི། །གང་དག་འཁྲུག་བཞིན་པའམ་ཆགས་སེམས་ཀྱིས། །བལྟས་ཀྱང་རྣམ་བྱང་ས་བོན་ཐེབས་གསུངས་ན། །དྭངས་པའི་བློ་ཡིས་མཇལ་རྣམས་སྨོས་ཅི་དགོས། །དེ་སླད་རྒྱལ་བའི་རྟེན་གསུམ་མཐོང་གྲོལ་ལགས། །དཀོན་མཆོག་མཚན་དང་ཆོས་སྟོན་གཎྜིའིསྒྲ། །གང་དུ་མཆོད་རྟེན་བཞེངས་པའི་གཏམ་ཐོས་ཀྱང་། །དེ་དག་སྲིད་པ་ཧྲུལ་པོར་གཏོང་ཞེས་གསུངས། །དེ་སླད་རྒྱལ་བའི་རྟེན་གསུམ་ཐོས་གྲོལ་ལགས། །གང་དག་དཀོན་མཆོག་རྟེན་དང་སྤོང་ཁང་སོགས། །རྨི་ལམ་རྨིས་སམ་ཡིད་ལ་དྲན་ཙམ་ཡང་། །དེ་དག་ངན་འགྲོའི་འཆིང་ཐག་གཅོད་ཅེས་གསུངས། །དེ་སླད་རྒྱལ་བའི་རྟེན་གསུམ་དྲན་གྲོལ་ལགས། །ངན་འགྲོ་ལོག་པར་ལྟུང་བ་ཕལ་དག་ཀྱང་། །མཆོད་རྟེན་སེར་ཁར་རེག་དང་དེ་ཡི་རྡུལ། །རླུང་གིས་ཁྱེར་བས་བཏབ་ཀྱང་སྲིད་མཐར་བྱེད། །དེ་སླད་རྒྱལ་བའི་རྟེན་གསུམ་རེག་གྲོལ་ལགས། །དཀོན་མཆོག་ཡོངས་རྫོགས་རྒྱལ་བའི་གསང་གསུམ་རྟེན། །དད་པ་ཅན་ལ་བསོད་ནམས་སྐལ་བར་སྣང་། །མཚན་དཔེ་ཉི་མ་འཆར་ཀའི་ལང་ཚོ་ཅན། །ཐུབ་དབང་དངོས་སུ་འཇལ་དང་ཁྱད་ཅི་ཡོད། །དེ་ཕྱིར་སྙིང་པོ་མེད་པ་སྒྱུ་མའི་ལུས། །དོན་ཆེན་རིན་ཐང་བྲལ་བ་རྒྱལ་བའི་སྐུར། །སྒྱུར་བྱེད་ཚོགས་གཉིས་ཟུང་འབྲེལ་གསེར་འགྱུར་རྩི། །སོག་པར་བྱེད་པའི་བརྩོན་པ་མི་ལྷོད་འཚལ། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་ས་ཁོངས་གསུམ་པ་སྨོས་ཟིན་ཏོ། །། །

བཞི་པ་ལས་བྱས་པ་རྣམས་དོན་ཡོད་པར་བྱ་བའི་ཕྱིར་དགེ་རྩ་གང་བགྱིས་བྱང་ཆུབ་ཆེན་པོར་ཇི་ལྟར་བསྔོ་བར་བྱ་བའི་ཚུལ་དག་བདེ་ཚིག་སྨོན་ལམ་གྱིས་མཐའ་བརྒྱན་པ།

བཞི་པ་ལས་བྱས་པ་རྣམས་དོན་ཡོད་པར་བྱ་བའི་ཕྱིར་དགེ་རྩ་གང་བགྱིས་བྱང་ཆུབ་ཆེན་པོར་ཇི་ལྟར་བསྔོ་བར་བྱ་བའི་ཚུལ་དག་བདེ་ཚིག་སྨོན་ལམ་གྱིས་མཐའ་བརྒྱན་པ་ནི། དེ་ལྟར་བསྒྲུབས་པའི་དགེ་བའི་རྩ་བ་དེ་ཡང་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་མ་ཤེས་ན། ཡུལ་ཁྱད་པར་ཅན་ལ་ཁོང་ཁྲོ་དྲག་པོ་སྐྱེས་པ་དང་། མེད་པར་ལྟ་བ་ལ་སོགས་པ་དགེ་རྩ་འཛད་པའི་རྒྱུ་འགའ་ཞིག་བྱུང་ན་འཛད་པར་འགྱུར་ཏེ། སྤྱོད་འཇུག་ལས། བསྐལ་པསྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་དང་། མདོ་ལས་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པ་རྣམས་ཀྱི་སྦྱིན་པ་ཟད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཡོངས་སུ་མ་བསྔོས་པ་དང་། ཐབས་མི་མཁས་པ་དང་། དམའ་བར་སྐྱེ་བར་འདོད་པ་དང་། སྡིག་པའི་གྲོགས་པོ་ལ་བསྟེན་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་བོ་དེ་དག་དང་ལྡན་པ་རྣམས་ཀྱི་སྦྱིིན་པ་ནི་ཡོངས་སུ་ཟད་པར་འགྱུར་རོ། །ཞེས་དང་། མ་བསྔོས་པ་དང་ལོག་པར་བསྔོས། །གཞན་ལ་བསྒྲག་དང་འགྱོད་པ་སྐྱེས། །དགེ་རྩ་འཛད་པའི་རྒྱུ་བཞི་ཡིན། །ཞེས་གསུངས། རྒྱུ་མཚན་དེའི་ཕྱིར། ཕལ་ཆེར་དོན་མེད་དོན་ཡོད་དང་། །རྣམ་ཀུན་དོན་ཡོད་ཤེས་པར་བྱ། །ཞེས་གསུངས་པས། མོས་སྤྱོད་ཀྱི་དགེ་བ་ཕལ་ཆེར་དོན་མེད་དུ་འགྲོ། ས་དང་པོ་ནས་བདུན་པའི་བར་ལ་བྱས་པའི་དགེ་བ་རྣམས་ཕལ་ཆེར་དོན་ཡོད་དུ་འགྲོ། ས་བརྒྱད་པ་ནས་སངས་རྒྱས་ཀྱི་སའི་བར་བྱས་པའི་དགེ་བ་ཐམས་ཅད་རྣམ་ཀུན་དོན་ཡོད་དུ་འགྲོ་ཞིང་། སངས་རྒྱས་ཀྱི་སར་ནི་དབུགས་ཕྱི་ནང་གི་རྒྱུ་བ་ཙམ་ཡང་གཞན་དོན་འབའ་ཞིག་ཏུ་འགྱུར་བའི་ཕྱིར་དོན་མེད་སྐད་ཅིག་ཀྱང་མི་འབྱུང་སྟེ་དབུ་མ་བཞི་བརྒྱ་པར། བཅོམ་ལྡན་ཁྱོད་ཀྱི་གཡོ་བ་ལ། །རྒྱུ་མེད་འགའ་ཡང་ཡོད་མིན་ཏེ། །དབུགས་ཀྱང་སེམས་ཅན་ཐམས་ཅད་ལ། །ཕན་སླད་ཁོ་ནར་ཡང་དག་འབྱུང་། །ཞེས་གསུངས། དེའི་ཕྱིར་མོས་སྤྱོད་ཀྱི་དགེ་བ་རྣམས་དོན་ཡོད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་དགོས། བྱང་ཆུབ་ཏུ་བསྔོས་པའི་དགེ་བ་ནི་ནམ་ཡང་མི་འཛད་ཅིང་གོང་ནས་གོང་དུ་འཕེལ་བར་འགྱུར་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བློ་གྲོས་རྒྱ་མཚོ། འདི་ལྟ་སྟེ། དཔེར་ན་མཆིལ་མའི་ཐལ་བ་ཞིག་བྱེ་མའི་སྟེང་དུ་བོར་ན་མྱུར་དུ་བསྐམ་པར་འགྱུར་རོ། །དེ་ཉིད་རྒྱ་མཚོ་ཆེན་པོར་བོར་ན་ནི་ཇི་སྲིད་རྒྱ་མཚོ་ཆེན་པོ་ཟད་ཅིང་བསྐམ་པར་འགྱུར་བ་དེ་སྲིད་ཀྱི་བར་དུ། མཆིལ་མའི་ཐལ་བ་དེ་ཡང་མི་བསྐམ་མོ། །བློ་གྲོས་རྒྱ་མཚོ། དེ་བཞིན་དུ་དགེ་བའི་རྩ་བ་བསྒྲུབས་པ་དེ་ཡང་། འགྱོད་པ་དང་། ཕངས་པ་དང་། དམན་པ་དང་ལོག་པར་བསྔོས་ན་ནི་འཛད་ལ། གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོར་བསྔོས་ན་མི་འཛད་ཅིང་གོང་དུ་འཕེལ་ལོ། །ཞེས་གསུངས། དེས་ན་བསམ་སྦྱོར་རྣམ་པར་དག་པས་དགེ་བ་གང་ཡང་། རང་གིས་བགྱིས་པ་དང་། གཞན་ལ་བགྱིད་དུ་སྩལ་པའམ་གཞན་གྱིས་བགྱིས་པ་ལའང་རུང་སྟེ་རྗེས་སུ་ཡི་རང་བར་བྱས་ནས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་འདི་གལ་ཤིནཏུ་ཆེ་སྟེ། ཚུལ་འདི་ནི་ཕྱི་རོལ་མུ་སྟེགས་བྱེད་སོགས་ལ་མ་གྲགས་པས་ནང་པ་སངས་རྒྱས་པ་ཁོ་ནའི་ཁྱད་ཆོས་ཡིན་ཏེ། སློབ་དཔོན་མཐོ་བཙུན་གྲུབ་རྗེས། བསོད་ནམས་བྱས་པའི་དངོས་པོ་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བ། །བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་གསུངས། དེར་མ་ཟད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པའི་སྒོ་རྨད་དུ་བྱུང་བའང་ཡིན་ཏེ། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི། གང་གི་ཚེ་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཟན་ཁམ་གཅིག་ཙམ་ཡང་སྦྱིན་པར་བྱེད་ན། དེ་ཡང་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིསསྦྱིན་པར་བྱེད་ཅིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བར་ཡོངས་སུ་བསྔོ་བའི་ཕྱིར་རོ། །དེ་རྒྱུ་གཉིས་ཀྱིས་ནི་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བར་བྱེད་དེ། གཉིས་གང་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་། ཡོངས་སུ་བསྔོ་བ་ལ་མཁས་པ་ཉིད་ཀྱིས་ཏེ། རིགས་ཀྱི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི། གཞན་གྱི་དགེ་བའི་རྩ་བ་མངོན་པར་འདུས་བྱས་པ་ལ་རྗེས་སུ་ཡི་རང་བར་བྱེད་ཅིང་རྗེས་སུ་ཡི་རང་ནས་ཀྱང་སེམས་ཅན་ལ་ཡོངས་སུ་བསྔོ་ཞིང་བཏང་སྟེ་ཡོངས་སུ་བསྔོ་བར་བྱེད་དོ། །དེ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པའི་དགེ་བའི་རྩ་བ་དེས། བྱང་ཆུབ་ཀྱི་སེམས་དང་བྲལ་བའིསྦྱིན་པ་པོ་དང་། སྦྱིན་བདག་གང་དག་ཡིན་པ་དེ་དག་ཀྱང་ཟིལ་གྱིས་གནོན་པར་བྱེད་ལ། ལེན་པ་པོ་གང་དག་ཡིན་པ་དེ་དག་ཀྱང་ཟིལ་གྱིས་གནོན་པར་བྱེད་དེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི། ཕྱོགས་བཅུ་དག་ན་མེ་ཏོག་གི་ཤིང་ལྗོན་པ་དང་། སྤོས་ཀྱི་ཤིང་ལྗོན་པ་དང་། མེ་ཏོག་དང་། མེ་ཏོག་གི་ཕྲེང་བ་དང་། སྤོས་དང་། ཕྱེ་མ་དང་། བྱུག་པ་བདག་གིར་མ་བྱས་ཤིང་ཡོངས་སུ་མ་བཟུང་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་བསམ་པས་ཡོངས་སུ་བཟུང་ཞིང་ཡོངས་སུ་བསྡུས་ནས་སངས་རྒྱས་ཐམས་ཅད་ལ་འབུལ་བར་བྱེད་ཅིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་ལ་གཏོང་བར་བྱེད་དེ། ཡོངས་སུ་བཏང་ནས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་སྔོ་བར་བྱེད་དོ། །ཕྱོགས་བཅུ་དག་ན་མེ་ཏོག་གི་ཤིང་ལྗོན་པ་དང་། མེ་ཏོག་དང་། མེ་ཏོག་གི་ཕྲེང་བ་དང་། སྤོས་དང་། ཕྱེ་མ་དང་། བྱུག་པ་བདག་གི་དང་བཅས་ཤིང་ཡོངས་སུ་བཟུང་བ་དང་བཅས་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་དྲི་རླུང་གིས་བཏབ་པའི་ངད་དེ་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་སངས་རྒྱས་ཐམས་ཅད་ལ་འབུལ་བར་བྱེད་ཅིང་། དགེ་བའི་རྩ་བ་དེ་ཡང་། བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ། །དེ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པའི་དགེ་བའི་རྩ་བ་དེས། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དཔག་ཏུ་མེད་པ་ཐོབ་པར་འགྱུར་ཏེ། རིགས་ཀྱི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཡིན་ནོ། །ཞེས་གསུངས། ཡང་དག་པའི་སྒྲུབ་པ་མི་ཟད་པའང་ཡིན་ཏེ། བློ་གྲོས་མི་ཟད་པའི་མདོ་ལས། གང་ཇི་ལྟར་དགེ་བའི་སེམས་སྐྱེས་ཤིང་བྱུང་བ་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོ་བར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་སྒྲུབ་པ་མི་ཟད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་ཕྱིར་ཏེ། བྱང་ཆུབ་ཏུ་བསྔོས་པའི་དགེ་བའི་རྩ་བ་ནི་བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་ཡོངསསུ་ཟད་པའམ་གཏུག་པར་འགྱུར་བ་གང་ཡང་མེད་དོ། །བཙུན་པ་ཤཱ་ཱར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྟུང་བ་ནི་བསྐལ་པའི་མེས་མ་བསྲེགས་ཀྱི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་གཏུག་པར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཏུ་བསྔོས་པའི་དགེ་བའི་རྩ་བ་ཡང་། བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་གཏུག་པར་འགྱུར་བ་གང་ཡང་མེད་དོ། །ཡང་དག་པར་འགྲུབ་པ་ཞེས་བྱ་བ་ནི་གང་འདི་ཡང་དག་པར་བསྒྲུབ་པ་སྟེ། ཡང་དག་པར་ཞུགས་པ་ནི་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པ་སེམས་ཅན་ཐམས་ཅད་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ལ་གཟུད་པའི་ཕྱིར། དགེ་བའི་རྩ་བ་དེ་དག་ཡོངས་སུ་སྔོ་བར་བྱེད་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་སྒྲུབ་པའི་ཕྱིར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཉེ་བར་འཚེ་བའི་ཕྱིར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་མྱ་ངན་ལས་བཟླ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རབ་ཏུ་འགོད་པའི་ཕྱིར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་སྒྲུབ་པ་མི་ཟད་པའོ། །ཞེས་དང་། བློ་གྲོས་རྒྱ་མཚོའི་མདོ་ལུང་ཚིགས་བཅད་དུ་སྡེབ་པ། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་གསུངས། བགྲོད་པ་གཅིག་པའི་ལམ་ཡང་ཡིན་ཏེ། ནམ་མཁའ་མཛོད་ཀྱི་མདོ་ལས། ཐ་དད་ཕྱོགས་ནས་ཆུ་ཀླུང་མང་པོ་དག །རྒྱ་མཚོ་ཆེན་པོ་རོ་གཅིག་འགྱུར་བ་ལྟར། །ཐ་དད་ཕྱོགས་ནས་དགེ་བ་གང་བྱས་པ། །བྱང་ཆུབ་བསྔོས་པ་རྣམས་ཀྱང་རོ་གཅིག་འགྱུར། །ཞེས་གསུངས། འདིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ཐམས་ཅད་ཟིལ་གྱིས་གནོན་ནུས་པར་ཡང་། འཕགས་པ་བྱམས་པ་འཇུག་པའི་མདོ་ལས། ཤེས་རབ་བཟང་པོ་མཁས་པར་གྱིས། །བྱང་ཆུབ་མཆོག་ལ་འཇུག་པར་གྱིས། །མྱ་ངན་འདས་པ་འདོད་པའི་ཕྱིར། །སངས་རྒྱས་དེ་བཞིན་གཤེགས་རྣམས་ལ། །གང་གིས་སྟོང་གསུམ་ཐམས་ཅད་ཀྱང་། །རིན་ཆེན་བཀངསྟེ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བྱས་ནས། །སེམས་ཀྱིས་བྱང་ཆུབ་བསྔོ་བྱས་ལ། །ཚིག་ཏུ་བརྗོད་པར་མ་བྱས་ཀྱང་། །དེ་ནི་དེ་བས་ཤིན་ཏུ་ཆེ། །གང་གིས་སེམས་ཅན་ཐམས་ཅད་ལ། །བསྐལ་པ་བྱེ་བ་བརྗོད་མེད་དུ། །སེམས་ཀྱིས་ཀུན་ནས་བསྙེན་བྱས་ཀྱང་། །དེ་ཡི་བཅུ་དྲུག་ཆར་མི་ཕོད། །ཅེས་དང་། སྡུད་པ་ཚིགས་སུ་བཅད་པ་ལས། སྲིད་པ་གསུམ་ན་སེམས་ཅན་ཇི་སྙེད་མ་ལུས་པ། །ཡོངས་སུ་བརྟག་པ་བཟུང་སྟེ་དེ་དག་ཐམས་ཅད་ཀྱིས། །འཇིག་རྟེན་མཁྱེན་པ་སངས་རྒྱས་དགྲ་བཅོམ་རང་རྒྱལ་ལ། །བསྐལ་པ་མཐའ་ཡས་སྦྱིན་བྱེད་ཉན་ཐོས་ལེགས་འཚོལ་ན། །བྱང་ཆུབ་སེམས་དཔའ་མཁས་པ་ཐབས་མཁས་གང་ཞིག་གིས། །དེ་དག་བསོད་ནམས་བྱ་བའི་དངོས་ལ་ཡི་རང་ནས། །སེམས་ཅན་དོན་དུ་བྱང་ཆུབ་མཆོག་རབ་ཡོངས་བསྔོ་ན། །ཡོངས་སུ་བསྔོ་བས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན། །ཞེས་གསུངས། དེ་ལྟ་བུའི་བསྔོ་བ་དངོས་དེ་ལའང་མཁས་པ་གཞན་དགཞིང་། དངོས་པོ། བསམ་པ། ཐབས། ཤེས་རབ། བསྔོ་བ་སྟེ་དྲུག་ཏུ་དབྱེ་བ་དང་། བསྔོ་བྱ། བསྔོ་ཡུལ། བསྔོ་ཐབས་ཏེ་གསུམ་དུ་སྡུད་པ་སོགས་དབྱེ་བསྡུ་མི་འདྲ་བ་མང་ཡང་། རང་ལུགས་ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་དང་། ཀུན་མཁྱེན་སྨིན་གླིང་པ་ཡབ་སྲས་རྣམས། བསྔོ་རྒྱུ། བསྔོ་བ། ཆེད་དུ་བྱ་བ། ཚུལ་ལམ་རྣམ་པ། བསྔོ་བ་རང་གི་ངོ་བོ་དང་ལྔར་བཞེད་དེ། བསྔོ་རྒྱུ་ནི། དགེ་བའི་རྩ་བ་སྟེ། དེ་ཡང་ཀུ་སཱ་ལ་མཱུ་ལ་ཞེས་པའི་སྒྲ་ལས་དྲངས་ན། ཀུ་སཱ་ལ་ནི་དགེ་བ་ཞེས་བྱ་སྟེ། རྣམ་སྨིན་བདེ་བ་བསྐྱེད་པར་བྱེད་པས་སོ། །མཱུ་ལ་ནི་རྩ་བ་ཞེས་བྱ་བ་སྟེ། བདེ་བའི་རྒྱུ་བྱེད་པའི་ཕྱིར་ཏེ། ལོ་ཐོག་གི་རྒྱུ་ས་བོན་འདེབས་པ་བཞིན་ནོ། །དབྱེ་ན་བདག་གིས་བྱས་པ། གཞན་གྱིས་བྱས་པ། གཉིས་ཀས་བྱས་པའི་དགེ་བ་སྟེ་གང་ཟག་གིས་ཕྱེ་བ་གསུམ། སྔར་བསྒྲུབས་པ། ད་ལྟ་བྱེད་བཞིན་པ། སླད་ནས་བྱེད་འགྱུར་གྱི་དགེ་བ་སྟེ་དུས་ཀྱིས་ཕྱེ་བ་གསུམ། ལུས་དང་ངག་དང་ཡིད་ཀྱིས་བྱས་པ་སྟེ། བསྒྲུབ་ཚུལ་གྱིས་ཕྱེ་བ་གསུམ། སྦྱིན་པ། ཚུལ་ཁྲིམས། བསྒོམ་པ་ལས་བྱུང་བ་སྟེ་བསོད་ནམས་བྱ་བའི་དངོས་པོས་ཕྱེ་བ་གསུམ། འཇིག་རྟེན་པ་དང་། ཐར་པ་དང་། ཐམས་ཅད་མཁྱེན་པ་དང་མཐུན་པའི་དགེ་བ་སྟེ་རྣམ་པར་སྨིན་པས་ཕྱེ་བ་གསུམ་བཅས་བཅོ་ལྔ་དང་། གཞན་ཡང་དམ་པའི་ཆོས་མངོན་པར། ངོ་བོ་ཉིད་དང། མཚུངས་ལྡན་དང་། རྗེས་འབྲེལ་དང་། སློང་བའི་དང་། དོན་དམ་པའི་དགེ་བ་སོགས་གསུངས་པས་མཚོན་མང་ཡང་། བསྡུ་ན། ཞིང་བསམ་དངོས་པོ་དག་པ་གསུམ་ཚང་བའི་སྒོ་ནས་བསྒྲུབས་པའི་དགེ་བའི་རྩ་བ་གང་ཡིན་པ་དེ་ཉིད་ཀྱིས་མཚོན་ནས་རང་གཞན་གྱིས་དུས་གསུམ་དུ་བསགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པའི་དགེ་བའི་རྩ་བ་ཐམས་ཅད་དེ། ཕལ་པོ་ཆེ་ལས། འགྲོཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དང་། །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ཀྱང་ཀུན་ནས་བཟང་པོར་རེག་གྱུར་ཅིག །ཅེས་གསུངས། བསྔོ་བ་ནི། ཆགས་སྡང་གི་བློས་དགྲ་ཐུབ་པ་དང་ཆགས་ཡུལ་ཐོབ་པ་སོགས་ཚེ་འདི་དོན་དུ་བསྔོ་བ་ནི་ལོག་པའི་བསྔོ་བ་དང་། ཕྱི་མར་ལྷ་མིའི་བདེ་འབྲས་ཙམ་ཐོབ་པའི་ཆེདདུ་བསྔོ་བའང་དམན་པའི་བསྔོ་བ་ཡིན་པས། དེ་དག་གང་དུའང་དམིགས་ནས་བསྔོ་བར་མི་བྱ་སྟེ། མངོན་རྟོགས་རྒྱན་ལས། ཁམས་གསུམ་གཏོགས་པ་མ་ཡིན་དང་། །ཞེས་གསུངས་ཤིང་། སློབ་དཔོན་རྟ་དབྱངས་ཀྱིས་ཀྱང་། དགེ་བའི་རྩ་བ་བསྒྲུབ་པ་དེ་དག་ཀྱང་། །གྲགས་དང་སྙན་དང་ལྷ་མིའི་བདེ་འབྲས་དང་། །རེ་བཅས་འཁོར་བའི་སེམས་པ་རྣམས་ཕྲལ་ཏེ། །འཇིག་རྟེན་འདས་པ་ཉིད་ཀྱི་རྒྱུར་བསྔོའོ། །ཞེས་གསུངས་པས་འཇིག་རྟེན་ལས་འདས་པའི་མྱང་འདས་གསུམ་ཡིན་ཞིང་། དེ་ལས་ཉན་རང་གཉིས་ཀྱི་མྱང་འདས་ཀྱང་ཐེག་ཆེན་མྱང་འདས་ལ་ལྟོས་ན་དམན་པའི་མྱང་འདས་ཡིན་པའི་ཕྱིར་དེར་ཡང་བསྔོ་བར་མི་བྱ་སྟེ། ཡུམ་བར་མ་ལས། རབ་འབྱོར་དགེ་བའི་རྩ་བ་འདི་ནི་སངས་རྒྱས་ཀྱི་ས་ཁོ་ནར་བསྔོ་བར་བྱ་ཡི། ཉན་ཐོས་དང་རང་སངས་རྒྱས་དང་། དེ་ལས་གཞན་གྱི་སར་ཡང་བསྔོ་བར་མི་བྱ་སྟེ། ཞེས་གསུངས། དེས་ན་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་ས་ཁོ་ནར་བསྔོ་བར་བྱ་སྟེ། བཟང་སྤྱོད་ལས། ཐམས་ཅད་དག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་དང་། ཡོངས་སུ་བསྔོ་བའི་མདོ་ལས། དགེ་བའི་རྩ་བ་འདི་དག་ཀྱང་། །སངས་རྒྱས་ཉིད་ཀྱིས་སར་བསྔོའོ། །ཞེས་གསུངས། ཆེད་དུ་བྱ་བ་ནི། རང་གཅིག་པུའམ། རང་ཉིད་ཀྱི་ཉེ་འབྲེལ་འགའ་ཞིག་གི་ཆེད་དུ་བསྔོས་ན། དགེ་བའི་ཡོ་ལང་ཆེན་པོ་ཞིག་བསགས་ཟིན་ཀྱང་དོན་ཆུང་ངུར་བཏང་བས་ཆུད་ཟོས་པར་འགྱུར་ཏེ། ཡུམ་ལས། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ཕྱིར་བསྔོ་ཡི། རང་གི་ཡོངས་སུ་ཐོབ་པ་ཙམ་གྱི་དོན་དུ་ནི་མ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པས། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བརྩེ་བ་ཆེན་པོ་བསྐྱེད་ནས། དེ་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའི་ཕྱིར་བསྔོ་བར་བྱ་སྟེ། །སྤྱོད་འཇུག་ལས། ལུས་དང་དེ་བཞིན་ལོངས་སྤྱོོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་ཀྱི་དོན་གྱི་ཕྱིར། །ཕངས་པ་མེད་པར་བཏང་བར་བྱ། །ཞེས་དང་། དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་སྤྱད། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །ཞེས་གསུངས། དེ་ལྟར་བསྔོས་ན་ནི། དགེ་བ་ཆུང་ངུ་ཞིག་ཀྱང་ཆེས་ཆེར་འཕེལ་བས་བསོད་ནམས་ཀྱི་ཚད་དཔག་ཏུ་མེད་པ་འབྱུང་སྟེ། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་པར། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་གསུངས་པ་བཞིན། སེམས་ཅན་ཚད་མེད་པ་ལ་དམིགས་པའི་བསོད་ནམས་ཀྱང་དེ་སྙེད་འབྱུང་བའི་ཕྱིར་རོ། །དེ་ལྟར་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པས་བསྔོས་ན་བཟང་པོ་བཞི་ལྡན་གྱི་བསྔོ་བར་ཡང་འགྱུར་ཏེ། མདོ་རྒྱན་ལས། དམིགས་པ་བཟང་དང་སྟོན་པ་བཟང་། །ཐབས་བཟང་བ་དང་ངེས་འབྱུང་དང་། སྦྱོར་བ་བཟང་པོའི་བདག་ཉིད་ཀྱི། །ཡང་དག་སྨོན་ལམ་ཡིན་པར་བཤད། །ཅེས་གསུངས། ཚུལ་ལམ་རྣམ་པ་ནི། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པས་བསོད་ནམས་ཀྱང་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་དམིགས་སུ་མེད་ལ། ཐ་སྙད་ཀུན་རྫོབ་ཏུ་གང་གིས་བྱེད་པ་པོ་དང་། གང་ལ་བྱ་བའི་ཡུལ་དང་། ཇི་ལྟར་བྱ་བའི་དགེ་བ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་བསྔོ་སྟེ། ཡུམ་བར་མ་ལས། རབ་འབྱོར། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་དགེ་བའང་རྨི་ལམ་དང་སྒྱུ་མ་ལྟ་བུའི་ཚུལ་གྱིས་ཡོངས་སུ་བསྔོ་བར་བྱ་སྟེ། ཞེས་དང་། སྒྱུ་མ་མཁན་བཟང་པོས་ཞུས་པའི་མདོ་ལས། གང་གིས་སྦྱིན་པ་གང་ལ་བཏང་། །སྦྱིན་པ་ཇི་ལྟར་མི་དམིགས་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །བཟང་པོ་ལ་ནི་ཡོངས་རྫོགས་ཤོགས། །ཅེས་གསུངས་ཤིང་། དེ་བཞིན་དུ། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དྭངས་ཤིང་རྙོག་པ་མེད་པའི་མཚོར་སྣང་ཡང། །ཆུ་ཟླ་སྟོང་པ་གསོབ་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་ལ། །སྙིང་པོ་འདོད་ཕྱིར་དེ་དག་གཤགས་གྱུར་ཀྱང་། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་དང་། ལྗོན་པས་ཞུས་པའི་མདོ་ལས་ཀྱང་། མེ་ལོང་དཀྱིལ་འཁོར་ཡང་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །བཞིན་གྱི་དཀྱིལ་འཁོར་སྣང་བ་ལྟར། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཞེས་གསུངས། གང་དམིགས་པའམ་ཞེན་པས་དགེ་རྩ་བདེན་བདེན་པོར་ཤེས་པ་ནི་མི་བཟང་སྟེ། ཡུམ་ལས། རབ་འབྱོར། དམིགས་པ་དང་བཅས་པའི་འདུ་ཤེས་ཅན་རྣམས་ལ་རྗེས་སུ་མཐུན་པའི་བཟོད་པ་ཡང་དཀའ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་སྨོས་ཀྱང་ཅི་དགོས། ཞེས་དང་། སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་དང་། ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །འོན་ཏེ་མཚན་མ་ཡོད་ན་བྱང་ཆུབ་བསྔོ་མ་ཡིན། །ཞེས་གསུངས་པས་དམིགས་པ་དང་ཞེན་པ་མེད་པའི་ཚུལ་གྱིས་བསྔོ་སྟེ། མངོན་རྟོགས་རྒྱན་ལས། དེ་ནི་དམིགས་མེད་རྣམས་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་གསུངས། དེ་ལྟ་བུའི་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བ་མཚན་ཉིད་པ་ནི། ས་དང་པོ་ནས་བརྩམས་ཏེ་འཕགས་པ་རྣམས་ཁོ་ན་ལ་ཡོད་ཀྱིས། མོས་སྤྱོད་ཀྱི་ལམ་པས་དེ་ཉིད་སྒྲ་ཇི་བཞིན་པར་ལམ་དུ་སློང་དཀའ་ནའང་། རྗེ་བཙུན་འཇམ་དཔལ་དབྱངས་དང་། ཀུན་ཏུ་བཟང་པོ་ལ་སོགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས། ཇི་ལྟར་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་དགེ་བའི་རྩ་བ་འདི་ཡང་ཡོངས་སུ་བསྔོ་བར་བགྱིའོ་སྙམ་པའི་འདུན་པ་དྲག་པོ་རྩེ་གཅིག་ཏུ་བསྐྱེད་ན་རྗེས་མཐུན་པར་འགྱུར་པར་གསུངས་སོ། །བསྔོ་བ་རང་གི་ངོ་བོ་ནི། དགེ་རྩ་བྱང་ཆུབ་ཏུ་འདུན་པ་སྒྱུར་བའི་བློ་དང་། ཚིག་ཁྱད་པར་ཅན་གྱི་མཐུ་བསྡོམས་པ་སྟེ། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་བཞིན་ཉིད་དུ་འགྲུབ། །ཅེས་གསུངས། འོ་ན་བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་གང་ཞེ་ན། མཁས་པ་ཕལ་ཆེར། དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་བཞེད་པའང་སྣང་མོད། རང་ལུགས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ནི། རྒྱུ་དགེ་རྩ་སྔོན་དུ་སོང་ནས་ཚིག་དང་སྨོན་པས་བསྡོམས་པ་ནི་བསྔོ་བ་ཡིན་ལ། རྒྱུ་དགེ་རྩ་སྔོན་དུ་མ་སོང་བར་སྨོན་པ་ནི་སྨོན་ལམ་དུ་བཞེད་དོ། །ངེས་ཚིག་ནི། པ་རི་ཎ་ཏ་ཞེས་པའི་སྒྲ་ལས་ཡོངས་སུ་བསྒྱུར་བའམ་སྤེལ་བ་ལ་འཇུག་པས་དམན་པ་མཆོག་ཏུ་བསྒྱུར་བ་དང་། ཉུང་ངུ་མང་པོར་སྤེལ་བའི་དོན་གྱི་བསྔོ་བ་ཞེས་བྱ། དེ་ཡང་བསྔོ་བ་བྱེད་པ་པོ་ནི། བྱང་སར་ཚུལ་ཁྲིམས་རྣམ་དག་གི་ཕན་ཡོན་འཆད་པའི་སྐབས་སུ། ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་པ་དང་། །ཞེས་དང་། འཇམ་དཔལ་ཞིང་གི་བཀོད་པ་ལས། ཚུལ་ཁྲིམས་ལྡན་པས་སྨོན་པ་འགྲུབ། །ཅེས་ཚུལ་ཁྲིམས་རྣམ་པར་དག་པའི་གང་ཟག་གིས་བསྔོས་ན་ཇི་ལྟར་སྨོན་པ་བཞིན་འགྲུབ་པར་གསུངས་པས། ཁྲིམས་ལྡན་གྱི་དགེ་སློང་བཞི་སྡེ་ལ་སོགས་པ་གང་ཡང་རུང་བས། བསྔོ་བ་འགྲུབ་པའི་དཔང་པོ་ནི། རིང་བསྲེལ་ཅན་གྱི་མཆོད་རྟེན་དྲུང་། བདེ་བར་གཤེགས་པའི་བསྔགས་པས་འགྲུབ། །ཅེས་གསུངས་པས་རྟེན་ཁྱད་པར་དུ་འཕགས་པའི་དྲུང་ངམ། མ་འཛོམས་ན། སྤྱོད་འཇུག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་ཀུན་གྱི་སྤྱན་སྔ་ན། །རྟག་པར་བདག་ནི་གནས་སོ་ཞེས། །ཞེས་གསུངས་པ་ལྟར། དགོངས་གསོལ་བརྗོད་པའི་ཚེ། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་རྒྱལ་བའི་དཀྱིལ་འཁོར་ཚད་མེད་པ་ཆོས་ཀྱི་དབྱིངས་ཀྱི་མཐའ་གཏུགས་པའི་ཞིང་ཁམས་རྒྱ་མཚོ་རྒྱས་པར་བཀང་སྟེ་བཞུགས་པར་མོས་པ་དེ་དག་གི་དྲུང་དུ་བདག་ཉིདསྣང་བར་བྱས་ཏེ། བླ་མ་དཀོན་མཆོག་ལ་དང་བའི་དད་པ། སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེའི་ཤུགས་ཆེན་པོ། དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབཏུ་བསྔོ་བའི་འདུན་པ་དྲག་པོ་སྟེ་འདུ་ཤེས་གསུམ་དང་མ་བྲལ་བའི་ལྷག་བསམ་རྩེ་གཅིག་པའི་སྒོ་ནས་དམ་པ་སྔ་མ་རྣམས་ཀྱིས་མཛད་པའི་བསྔོ་བའི་ཚིག་ཅི་རིགས་པ་དང་། ཁྱད་པར་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ཉིད་གདོན་པར་བྱ་སྟེ། དེའི་ཕན་ཡོན་གྱི་ཁྱད་པར་ཡང་། རང་གཞུང་ལས། གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང་། །ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་། །ལན་གཅིག་ཙམ་ཡང་དད་པ་བསྐྱེད་པ་ན། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་པ་ནས། བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །ཞེས་པའི་བར་གྱིས་རྒྱ་ཆེར་བསྔགས་པ་བཞིན་ཤེས་པར་བྱའོ། །ཞར་བྱུང་དུ་དེང་སང་གི་དུས་ཀྱི་འགྱུར་བ་མི་བཟད་པ་ལ་བསམ་སྟེ་བདེན་ཚིག་སྨོན་ལམ་དུ་གསོལ་བ། སྙིང་རྗེའི་སྤྱན་གྱིས་རྟག་པར་འགྲོ་ལ་གཟིགས། །བྱམས་པའི་གོ་ཆས་བདུད་རིས་འཚེ་བ་སྐྱོབ། །འགྲོ་བའི་བླ་མ་ཐུབ་དབང་སྲས་དང་བཅས། །དེང་འདིར་བདེན་ཚིག་འགྲུབ་པའི་དཔང་པོ་མཛོད། །མགོན་ཁྱོད་སློབ་པ་ལམ་དུ་ཞུགས་པའི་སྐབས། །སྲོག་ཆགས་གྲོག་སྦུར་ཙམ་ལའང་གནོད་མ་བསྐྱལ། །ལན་གྲངས་དུ་མར་ཉིད་ཀྱི་སྐུ་སྲོག་གིས། །འགྲོ་མང་སྲོག་གི་ཉེན་ལས་སྐྱབས་ལགས་ན། །བདེན་པ་དེ་ཡིས་སྐལ་ངན་དུས་ཀྱི་ཁུག །མི་བསྲུན་མཐའ་དམག་དུས་འཁྲུགས་དཔུང་ལ་སོགས། །མཚོན་གྱི་ཆད་པས་ཡིད་མི་བདེ་གྱུར་པ། །གངས་ལྗོངས་མཐའ་དབུས་ཀུན་ཏུ་ཞི་གྱུར་ཅིག །བཀྲེན་ལ་རྟ་གླང་དེ་བཞིན་རྒྱལ་སྲིད་གཉེན། །དབུ་དང་ཡན་ལག་སྦྱིན་པས་ཚིམ་མཛད་ན། །བདེན་པ་དེ་ཡིས་སྐལ་ངནདུས་འཁྲུགས་རྐྱེན། །ཉམ་ཐག་མུ་གེའི་འཇིགས་པ་མི་འབྱུང་ཤོག །འགྲོ་ལ་བརྡེག་སྤངས་ནད་ཀྱིས་ཉེན་པ་ལ། །སྨན་དང་ནད་གཡོག་སྲོག་གི་སྦྱིན་བསྩལ་ན། །བདེན་པ་དེ་ཡིས་མཐའ་དམག་དུས་འཁྲུགས་རྐྱེན། །ཉམ་ཐག་ནད་ཀྱི་འཇིགས་པ་མི་འབྱུང་ཤོག །དམ་ཆོས་ཚིག་བཞི་རེའི་ཕྱིར་རྒྱལ་སྲིད་ལུས། །ཡོངས་གཏོང་འཚོལ་དང་བསྲུང་ལ་བརྩོན་གྱུར་ན། །བདེན་པ་དེ་ཡིས་མཐའ་དམག་དུས་འཁྲུགས་རྐྱེན། །རྒྱལ་བསྟན་རིན་ཆེན་ཉམས་པར་མ་གྱུར་ཅིག །གྲངས་མེད་གསུམ་དུ་ཚོགས་གཉིས་གོམས་པའི་མཐུས། །བྱང་ཆུབ་ཤིངདྲུང་བདུད་བཅོམ་སངས་རྒྱས་ན། །བདེན་པ་དེ་ཡིས་མཐའ་དམག་དུས་འཁྲུགས་སོགས། །མི་བསྲུན་བདུད་ཀྱི་སྟོབས་རྣམས་ཉམས་གྱུར་ཅིག །རིགས་ཅན་གསུམ་གྱི་འགྲོ་ལ་ཁམས་དབང་བཞིན། །ཟབ་རྒྱས་བདུད་རྩིའི་སྒོ་འཕར་ཕྱེས་ལགས་ན། །བདེན་པ་དེ་ཡིས་མཐའ་དམག་དུས་འཁྲུགས་རྐྱེན། །འགྲོ་རྣམས་བསམ་སྤྱོད་ལོག་པར་མ་གྱུར་ཅིག །མི་དང་མི་མིན་འཕགས་པའི་ཚོགས་རྣམས་ལ། །བསྟན་པའི་གཉེར་ཁ་གཏད་ཅིང་སྐྱོང་ལགས་ན། །བདེན་པ་དེ་ཡིས་མཐའ་དམག་དུས་འཁྲུགས་རྐྱེན། །དགེ་འདུན་བཀུར་སྟི་ཉམས་པར་མ་གྱུར་ཅིག །མདོར་ན་དོན་གཉིས་མཐར་ཕྱིན་སངས་རྒྱས་ནས། །འགྲོ་ལ་ཕན་བདེའི་ལམ་བཟང་སྣང་མཛད་ན། །བདེན་པ་དེ་ཡིས་མཐའ་དམག་དུས་འཁྲུགས་ཞི། །རྫོགས་ལྡན་དུས་བཞིན་སྣོད་བཅུད་འབྱོར་གྱུར་ཅིག །སྲིད་མཐའི་བར་དུ་ཐུབ་བསྟན་ནོར་བུའི་སྒྲོམ། །འགྲོ་བསོད་རྒྱལ་མཚན་རྩེ་ནས་གཡོ་མིན་པར། །གནས་སྐབས་མཐར་ཐུག་ཕན་བདེའི་ཆར་རྒྱུན་གྱིས། །ཐར་གྲོལ་ཡོན་ཏན་འབྱོར་དགུས་ཕྱུག་གྱུར་ཅིག །དེ་ལྟར་གཡོ་ཟོལ་མེད་པའི་ལྷག་བསམ་གྱིས། །བདེན་ཚིག་སྨོན་ལམ་གསོལ་བའི་འབྲས་བཟང་ཕུལ། །དུས་ལས་ཡོལ་མིན་རྟེན་འབྱུང་ཟབ་མོའི་ཚུལ། །གེགས་མེད་མངོན་སུམ་སྣང་བར་མཛད་དུ་གསོལ། །ཞེས་ལྷག་པའི་བསམ་པ་རྩེ་གཅིག་པས་གང་ཤར་གསོལ་བ་བཏབ་པ་སྟེ་ས་ཁོངས་བཞི་པ་གཞུང་དོན་ལེགས་པར་སྨོས་ཟིན་ཏོ། །། །

གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ་ཚུལ་འདི་ལྟ་འབྲི་བའི་དགོས་པ།

ད་ནི་གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ་ཚུལ་འདི་ལྟ་འབྲི་བའི་དགོས་པ་ནི། སྤྱིར། མ་བརྒལ་བས་ནི་བསྒྲལ་མི་ནུས། །མ་གྲོལ་བས་ནི་སྒྲོལ་མི་ནུས། །ལོང་བས་ལམ་ཡང་སྟོན་མི་ནུས། །ཞེས་པ་ལྟར་བདག་ལྟ་བུའི་མང་དུ་མ་ཐོས་ཤིང་མི་མཁས་ལ། རང་རྒྱུད་ཉོན་མོངས་པའི་འཆིང་བ་བརྒྱ་ཕྲག་གིས་བཅིངས་ཏེ་འདིར་སྣང་ཆོས་བརྒྱད་དང་། མི་ཚེ་དཀོར་ནག་ལ་ཟད་པ་ཤིང་གི་རང་འཐག་དང་ཁྲོན་པའི་ལག་འགྲོ་ལྟ་བུའི་ངང་ཚུལ་ཅན་གྱིས་གཞེན་བསྐུལ་འདེབས་པ་ནི་སྙིགས་མའི་རང་མཚང་དང་རང་གཞན་ཁྲེལ་བའི་རྒྱུ་ལས་མ་འདས་ཤིང་། བྱེ་བྲག་ཏུའང་། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་བཅད་ལས། དང་བ་རྙེད་པ་དཀའ་བ་སྟེ། །རྒུད་པ་མང་བ་ཡིན་པའི་ཕྱིར། །སེམས་ཅན་དམ་པར་གྱུར་པའི་ཚེ། །ཁ་རོག་འདུག་ན་བདེ་བ་འཐོབ། །གལ་ཏེ་ནོར་མེད་ཕྱོགས་ཉུང་ངམ། །མཛའ་བཤེས་ཕྱོགས་ཀྱིསྟོབས་ཆུང་ངམ། །དགྲ་བོ་ཕྱོགས་ཀྱི་སྟོབས་ལྡན་ཚེ། །ཁ་རོག་འདུག་ན་བདེ་བ་འཐོབ། །མི་རྣམས་ཆོས་མིན་བྱེད་པ་དང་། །འདོད་པའི་ལོངས་སྤྱོད་མངོན་དགའ་ཞིང་། །དད་ཆུང་ངོ་ཚ་མེད་པའི་ཚེ། །ཁ་རོག་འདུག་ན་བདེ་བ་འཐོབ། །མི་རྣམས་ཁྲོ་བར་བྱེད་པ་དང་། །གནོད་སེམས་མང་པོར་གྱུར་པ་དང་། །གཞན་ལའང་གདུག་པའི་ཚུལ་ལྡན་ཚེ། །ཁ་རོག་འདུག་ན་བདེ་བ་འཐོབ། །མི་རྣམས་དད་པ་མེད་པ་དང་། །ཁྭ་བཞིན་མུ་ཅོར་སྨྲ་བ་དང་། །སྒྱུ་དང་གཡོ་དག་བྱེད་པའི་ཚེ། །ཁ་རོག་འདུག་ན་བདེ་བ་འཐོབ། །མི་རྣམས་ཚུལ་ཁྲིམས་འཆལ་བ་དང་། །གཏུམ་ཞིང་གཟུ་ལུམ་བྱེད་པ་དང་། །བདེན་པའི་ཆོས་དང་མི་ལྡན་ཚེ། །ཁ་རོག་འདུག་ན་བདེ་བ་འཐོབ། །མི་རྣམས་ངང་ཚུལ་ངན་པ་དང་། །ལོག་པའི་ལྟ་བས་བཅོམ་པ་དང་། །གཏུམ་ཞིང་སྡང་བར་གྱུར་པའི་ཚེ། །ཁ་རོག་འདུག་ན་བདེ་བ་འཐོབ། །ངོ་ཚ་མེད་ཅིང་བརྫུན་དུ་སྨྲ། །དོན་མེད་ཕྲ་མ་ཚིག་རྩུབ་དང་། །དབྱེན་དང་འཁྱལ་བ་སྨྲ་བའི་ཚེ། །ཁ་རོག་འདུག་ན་བདེ་བ་འཐོབ། །ཡ་རབས་ཚུལ་མེད་ཤིན་ཏུ་ཁེངས། །ང་རྒྱལ་གྱིས་ནི་འགྱིང་བ་དང་། །ཕྲག་དོག་བརྐམ་དང་ཚུལ་ཉམས་ཚེ། །ཁ་རོག་འདུག་ན་བདེ་བ་འཐོབ། །ཅེས་གསུངས་པ་ཐོག་ཏུ་བབས་པས་སྨྲ་བའི་དུས་ཀྱང་མིན་པར་ཤེས་མོད། འོན་ཀྱང་ཆེད་དུ་བརྗོད་པའི་ཚོམ་ལས། ཉེས་པར་སྤྱད་པ་བྱས་པས་གདུང་འགྱུར་ཞིང་། །ངན་འགྲོར་སོང་བའི་འོག་ཏུ་གདུང་བར་འགྱུར། །ལེགས་པར་སྤྱད་པ་བྱས་པས་དགའ་འགྱུར་ཞིང་། །བདེ་འགྲོར་སོང་བའི་འོག་ཏུའང་དགའ་བར་འགྱུར། །ཕྱིས་ནས་གདུང་འགྱུར་དེ་བྱེད་པས། །གཉིས་ན་ཉེས་བྱས་མ་བྱས་སླ། །གདུང་བར་མི་འགྱུར་དེ་བྱ་སྟེ། །ལེགས་པར་སྤྱད་པ་བྱས་ན་རུང་། །མཁས་དང་བྱིས་པ་འདྲེས་པ་ལས། །མ་སྨྲས་ཤེས་པར་མི་འགྱུར་བས། །ཞི་བའི་གོ་འཕང་སྨྲོས་ཤིག་དང་། །སྨྲས་པ་ཡིས་ནི་ཤེས་པར་འགྱུར། །ལེགས་བཤད་དྲང་སྲོང་རྒྱལ་མཚན་ཏེ། །དྲང་སྲོང་རྒྱལ་མཚན་ཆོས་ཡིན་པས། །ཆོས་ནི་བཤད་པས་གསལ་བྱ་ཞིང་། །དྲང་སྲོང་རྒྱལ་མཚན་བསྒྲེང་བར་གྱིས། །མ་སྨྲས་ན་ཡང་སྨོད་བྱེད་ཅིང་། །མང་དུ་སྨྲས་ན་སྨོད་པར་བྱེད། །དལ་བུས་སྨྲས་ཀྱང་སྨོད་བྱེད་དེ། །འཇིག་རྟེན་ན་ནི་མི་སྨད་མེད། །གཅིག་ཏུ་སྨད་པར་བྱ་བ་དང་། །གཅིག་ཏུ་བསྟོད་པར་བྱ་བའི་མི། །དེ་ལྟར་ཡོད་པ་མ་ཡིན་ཏེ། །བྱུང་བར་མ་གྱུར་འབྱུང་མི་འགྱུར། །ཞེས་སོགས་གསུངས་པའི་ཚུལ་ལ་བསམས་ཏེ། རྨད་བྱུང་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་ཡོངས་སུ་གཏམས་པས་གཞན་ཕན་གྱི་སྒོ་འཕར་བརྒྱ་ཕྲག་ལ་འཇུག་པའི་དགེ་བའི་བཤེས་གཉེན་འཕགས་པའི་མཚན་ཅན་རིན་པོ་ཆེ་དང་། དད་དང་སྙིང་རྗེ་སོགས་ཐེག་པ་ཆེན་པོའི་རིགས་ཁམས་ཡོངས་སུ་བརྟས་ཤིང་། རྡོ་རྗེ་སློབ་དཔོན་ལ་ཁོང་གི་སྙིང་དང་དཔྲལ་བའི་མིག་ལྟར་བཀུར་བའི་ཚེ་བློས་བཏང་གི་སྤང་བ་པ་རང་སློབ་སྒྲུབ་བླ་ཆོས་ཉིད་རྒྱ་མཚོ་ཟུང་གིས་དངོས་བརྒྱུད་ནས་ནན་གྱིས་བསྐུལ་མ་མཛད་པའི་ཐུགས་ཀྱི་དགོངས་པ་བསྐང་བའི་སླད་དང་། སྙིང་རྗེ་པད་དཀར་ལས་ཀྱང་། ཀུན་དགའ་བོ་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བསྒྲུབས་པ་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་འདི་ནི་གནས་གསུམ་གྱིས་མེད་པར་འགྱུར་རོ། །གསུམ་གང་ཞེ་ན། མ་དད་པ་དང་། མི་སྒྲུབ་པ་དང་། མི་སྟོན་པའོ། །ཞེས་གསུངས་པའི་ཉེས་པའང་འགོག་པའི་ཆེད་དང་། དཀོན་བརྩེགས་ལས། དགེ་བ་དང་ནི་སྡིག་པའི་ཆོས། །མ་ཐོས་པས་ནི་ཤེས་མི་འགྱུར། །ཐོས་ནས་ཆོས་རྣམས་རྣམ་པར་ཤེས། །ཐོས་ནས་སྡིག་པ་བརྟེན་མི་བྱེད། །ཐོས་ནས་སྡིག་པ་སྤོང་བར་བྱེད། །ཐོས་ནས་མྱ་ངན་འདས་པ་ཐོབ། །ཐོས་ནས་ཤེས་རབ་འཕེལ་བར་འགྱུར། །ཤེས་རབ་ཀྱིས་ནི་དོན་རྣམས་དཔྱོད། །དོན་ཐོབ་ནས་ནི་བདེ་བ་ཐོབ། །དེ་ཐོབ་ནས་ནི་ཡིད་གཞུངས་ཏེ། །ཚེ་འདི་ལ་ནི་མྱ་ངན་འདའ། །ཞེས་གསུངས་པ་ལྟར་རང་དང་སྐལ་མཉམ་གྱི་རྨོངས་པ་དག་གིས་མཐོང་ན་དེ་དག་ལ་ཅུང་ཟད་རེ་ཕན་པའང་སྲིད་སྙམ་སྟེ། སེམས་དགེ་བ་ལ་ཉེས་པ་མེད། །ཅེས་པའི་ཚུལ་གྱིས། མ་བཅས་པ་ནི་མི་བཅའ། བཅས་པ་ནི་མི་གཞིག་ཅེས་ཆེད་དུ་བསྔགས་པ་ལྟར། བདེ་བར་གཤེགས་པའི་བཀའ་ལུང་ཉུང་ཤས་ཤིག་བསྡུ་བར་བྱས་པ་སྟེ། དེ་ཡང་གཞུང་དམ་པར། དོན་གྱི་དབང་དང་མི་འགལ་བའི་དོན་ཉི་ཚེ་བཏུས་ཏེ། གཏམ་དུ་ཡང་བརྗོད་ན་མདོ་སྡེའི་མཐའ་མ་རུངས་པར་མི་འགྱུར་བར་རྗེས་སུ་གནང་བ་བཞིན། གོ་བདེ་བ་དང་ཚིག་ཚོགས་ཉུང་བ་གཙོ་བོར་བཏོན་ནས་ལུང་སྦྱོར་ཁ་ཅིག་ཚིག་སྣ་ཅུང་ཟད་བསྟུངས་ཤིང་དོན་གྱི་གནད་ཚང་བར་བགྱིས་ཁུལ་ལགས་ཏེ། རྒྱན་སྟུག་པོ་བཀོད་པ་ལས། ཡིད་ཆེས་ལུང་དང་མི་ལྡན་པར། །ཆོས་རྣམས་སྟོན་པར་བྱེད་པ་ནི། །མཚན་ཉིད་རྣམ་པར་རྟོག་པ་ཡིས། །བདག་ཀྱང་ཆུད་གསོན་གཞན་ཆུད་གསོན། །ཞེས་གསུངས་པས་སྤྱིར་ཡང་ལུང་ཚད་མ་ཉིད་གལ་ཆེ་ཞིང་། ཁྱད་པར་དུའང་གཞལ་བྱ་ཤིན་ཏུ་ལྐོག་གྱུར་གྱི་གནས་རྣམས་ཡིད་ཆེས་ཀྱི་ལུང་གི་སྒྲོན་མ་ལ་བརྟེན་ནས་རྗེས་སུ་དཔོག་དགོས་པའི་ཕྱིར་ཏེ། ཇི་སྐད་དུ། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པས་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ཟླ་བ་སྐར་མ་བཅས་པ་གནས་ལྷུང་ཞིང་། །རི་དང་གྲོང་དུ་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པར་གཞན་འགྱུར་ཀྱང་། །ཁྱོད་ཀྱིས་མི་བདེན་པ་ཡི་ཚིག་མི་གསུངས། །ཞེས་དང་། དྲན་པ་ཉེར་བཞག་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་རྒྱུ་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་གསུངས་པ་བཞིན་ཏེ། མདོར་ན་འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། བཅོམ་ལྡན་འདས་ལ་དད་པའི་སེམས་བསྐྱེད་ན། །འདི་འདྲའི་དཔལ་འདི་ཕྱིར་ཞིང་མྱོང་བར་འགྱུར། །ང་ཡི་བྱ་བ་འདི་ནི་བརྗོད་པར་བྱ། །ངས་བརྗོད་འདི་ལ་ཐེ་ཚོམ་མ་བསྐྱེད་ཅིག །སངས་རྒྱས་བཀའ་སྤངས་མནར་མེད་འགྲོ་འགྱུར་ཞིང་། །ཕྱིན་ཆད་སྡུག་བསྔལ་ཉོན་མོངས་གྱུར་ཏ་རེ། །ཞེས་དང་། མདོ་སྡེ་བསྐལ་པ་བཟང་པོ་ལས། ནམ་མཁའ་དག་ནི་ཚད་དག་བཟུང་བ་དང་། །རྒྱ་མཚོ་ཆེན་པོ་མཐར་གྱིས་བགྲང་ནུས་ཀྱི། །སངས་རྒྱས་དག་ལ་དད་པའི་ཤས་ཙམ་གྱི། །བསོད་ནམས་ཚད་བཟུང་བར་ནི་ནུས་པར་དཀའ། །ཇི་སྲིད་མྱ་ངན་འདས་བདེ་མ་རེག་པར། །དེ་སྲིད་མི་ཁོམ་སྡུག་བསྔལ་མྱོང་མི་འགྱུར། །དེ་བས་རྒྱལ་བ་བསོད་ནམས་ཞིང་ཐོབ་ནས། །བག་ཡོད་མིས་ནི་བཀུར་སྟིས་མཆོད་པར་གྱིས། །ཞེས་སངས་རྒྱས་ཉིད་ཀྱིས་རྗེས་སུ་འདོམས་པར་མཛད་པ་ལགས་པས་རྒྱལ་བའི་བཀའ་ལ་ཡིད་ཆེས་པར་བྱས་ཏེ། དཀོན་མཆོག་གི་རྟེན་གསརདུ་བཞེངས་པ་དང་། རྙིང་པ་འཆོས་པ་དང་། ཕྱོགས་གང་དུ་བཞུགས་པ་ལ་དད་པ་དག་སྣང་བསྐྱེད་དེ་ཕྱག་བསྐོར་མཆོད་པ་དང་དམ་ཆོས་འཛིན་པ་སོགས་ལ་བརྩོན་པ་བསྐྱེད་ན་གནས་སྐབས་མཐར་ཐུག་ཀུན་ཏུ་ལེགས་ཚོགས་ཀྱི་དཔལ་ཡོན་གོང་ནས་གོང་འཕེལ་དུ་འགྱུར་བ་ཡིན་པས་སྙིང་ཐག་པ་ནས་འབད་པར་མཛོད་ཅིག་ཅེས་ཐལ་མོ་སྦྱར་ཏེ་མཆོག་དམན་ཀུན་ལ་གསོལ་བ་འདེབས་པ་ལགས། སླར་ཡང་སྨྲས་པ། ཀྱེ་ཧོ་གསོན་དང་སྐལ་བཟང་སྐྱེ་བོའི་ཚོགས། །སྲིད་ན་ཕན་བདེའི་དངོས་པོ་ཇི་སྙེད་པ། །དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས་ན། །གྲོགས་དག་ལའུར་བརྩོན་པའི་དཔུང་བསྐྱེད་འཚལ། །མཐོ་རིས་ཡོན་ཏན་བདུན་གྱི་འཁྲི་ཤིང་རྩེར། །ཕུན་ཚོགསསྡེ་བཞིའི་མེ་ཏོག་ཆེས་བཀྲ་བས། །སྐྱེ་དགུའི་ཡིད་ཀྱི་རྐང་དྲུག་འགུགས་པའི་དཔལ། །སྔོན་བསགས་བཟང་པོའི་མཐུ་ལས་གཞན་གྱིས་མིན། །བསོད་ནམས་བྱེ་བའི་ཟོང་གིས་ཁུག་མིན་པའི། །མཆོག་གསུམ་མཚན་སྙན་ནོར་བུའི་ཅོད་པཎ་ཆེ། །དད་གསུམ་གཙུག་ན་འཆིང་བའི་སྐལ་བཟང་མཆོག །ཨེ་མ་མངོན་སུམ་ཐོབ་འདི་རྨི་ལམ་མིན། །དད་གསུམ་དབྱར་རྔའིསྒྲ་ཡིས་བསྐུལ་མཁས་ན། །གྲུབ་གཉིས་འདོད་དགུའི་ཆར་རྒྱུན་འཇོ་བ་ཡིས། །ཕན་བདེའི་མྱུ་གུ་ཅི་དགར་བསྐྱེད་མཛད་པའི། །ཡ་མཚན་ངོ་མཚར་གཟུགས་ཅན་བཞིན་དུ་རྒྱུ། །མཉམ་པ་ཆེན་པོའི་དགོངས་སྤྱོད་གདེང་གྱུར་པའི། །བློ་མཆོག་མངའ་རྣམས་གཞན་རྐྱེན་ལྟོས་མིན་ཡང་། །དང་པོའི་ལས་ཅན་ཚོགས་གཉིས་བསགས་པའི་རྟེན། །འཆི་མེད་དཔག་བསམ་ལྗོན་པས་དཔེར་བྱ་མིན། །དོན་དམ་ཆོས་སྐུ་སྤྲོས་མཚན་ཡུལ་མིན་ཡང་། །ཀུན་རྫོབ་འགྲོ་ངོར་མཚན་བཅས་ཕྱག་རྒྱའི་འཕྲུལ། །རང་སྐལ་འཚམ་པར་ཇི་སྙེད་འཆར་བའི་སྤྲིན། །ཞིང་ཁམས་རྒྱ་མཚོར་རྒྱས་པར་དཀྲིགས་འདི་མཚར། །གང་གང་འདུལ་ལ་དེ་དེར་སྟོན་པའི་འཕྲུལ། །རྟོག་མེད་ལྷུན་གྲུབ་རྒྱལ་བའི་ཕྲིན་ལས་ཕུལ། །རྩོལ་མེད་འཇུག་པའི་གསང་བ་ཟབ་མོའི་ཚུལ། །ཚུར་མཐོང་བྱིས་པའི་བློ་ཡིས་གཞལ་བྱ་ཅི། །རྒྱལ་བའི་ཐུགས་བསྐྱེད་སྨོན་པའི་ཆུ་ཤེལ་དབང་། །འགྲོ་བསོད་དགེ་བའི་རྫིང་བུ་དྭངས་པའི་དཔལ། །ལྷན་ཅིག་འཚོགས་ལས་སྤྲུལ་པའི་གཟུགས་བརྙན་འབུམ། །འགོག་མེད་འཆར་འདི་རྟེན་འབྱུང་ཆོས་ཉིད་ལགས། །ཡེ་ཤེས་གཅིག་ལས་གསེར་དང་གསེར་རྒྱན་བཞིན། །རྣམ་འཕྲུལ་དཔག་ཡས་ཆོས་དབྱིངས་མཉམ་པར་ཞུགས། །དེ་ལ་དམན་མཆོག་འཛིན་པ་བྱིས་པའི་མཚང་། །དག་སྣང་དཀར་པོའི་བློ་རྒྱ་བསྐྱེད་པར་རིགས། །དོན་དམ་སྤྲོས་མཚན་ཀུན་བྲལ་གཤིས་ལུགས་དང་། །ཀུན་རྫོབ་སྣ་ཚོགས་སྣང་བའི་རྒྱུ་འབྲས་ཆོས། །འགལ་མེད་རྟེན་འབྱུང་ཟབ་མོར་རོ་མཉམ་པ། །མཚུངས་མེད་རྒྱལ་བ་དགྱེས་པའི་ལམ་སྲོལ་ཡིན། །དེ་སླད་ཡང་དག་ལྟ་བའི་མིག་ལྡན་འགྲོ། །འགྲོ་སྒྲོལ་དམ་བཅའི་ཤིང་རྟ་ལ་ཞོན་ནས། །ཚོགས་གཉིས་དགེ་བའི་ལམདུ་ཞུགས་མཁས་ན། །རྣམ་མཁྱེན་གྲོང་ཁྱེར་བགྲོད་ལ་དཀའ་བ་ཅི། །རྒྱལ་རྣམས་ཏིང་འཛིན་རོལ་མོ་བསམ་འདས་ཀྱང་། །ཐུགས་རྗེའི་འཇུག་པ་གདུལ་བྱའི་ཡུལ་ལ་རག །རྒྱུ་རྐྱེན་རྟེན་འབྲེལ་མེ་དང་སྤྲ་བ་བཞིན། །ལེགས་པར་ཤེས་ནས་དད་པའི་དཔུང་བསྐྱེད་འཚལ། །བསྟན་འགྲོའི་བདེ་སྐྱིད་དཀོན་མཆོག་རྟེན་ལ་རག །བསོད་ནམས་རྒྱུན་ཆགས་མཐོ་རིས་ཨརྒྷའི་རྒྱུན། །རྣམ་མཁྱེན་རྒྱ་མཚོར་གཞོལ་ལས་གཞན་དུ་མིན། །སེམས་ཤེས་ཡོད་ན་འདི་ལ་བརྩོན་པར་རིགས། །མཚན་ཐོས་ཙམ་གྱིས་སྲིད་པའི་འཇིགས་ཀུན་འཕྲོག །ངན་པར་འབྲེལ་ཡང་འཁོར་བ་མཐའ་ཅན་བྱེད། །གུས་པས་སྲི་ཞུས་བསྙེན་རྣམས་སྨོས་ཅི་དགོས། །བཟང་པོས་འབྲེལ་རྣམས་འདུན་མ་ལེགས་པའི་རྩེ། །ཐོག་མཐའ་བར་དགེ་ཐེག་གསུམ་དམ་པའི་ཆོས། །སྲིད་པའི་རིམས་ནད་འཇོམས་པའི་སྨན་ཆེན་པོ། །བཤེས་གཉེན་འཚོ་བྱེད་མཁས་པའི་ཞལལུང་བཞིན། །བསྟེན་པར་མི་བྱེད་མི་གང་ཕྱུགས་ལས་བླུན། །གངས་ལྗོངས་བཤད་ཀ་བཅུ་དང་སྒྲུབ་བརྒྱུད་བརྒྱད། །བརྒྱུད་པའི་ཁུངས་དང་རྣམ་ཐར་སོ་སོར་ཆེ། །ཀུན་ཀྱང་ངེས་དོན་སྙིང་པོའི་ཀློང་དུ་གཅིག །ཆོས་སྤོང་དྲི་མས་མ་སྦགས་སྐལ་བ་བཟང་། །སྐྱོན་དུ་གང་སྣང་རང་བློ་ཉེས་པའི་སྐྱོན། །རང་རྒྱུད་དག་ན་མ་དག་མིང་མི་རྙེད། །མཁྲིས་ནད་ཅན་ལ་དུང་མདོག་སེར་པོར་སྣང་། །མིག་སྐྱོན་དག་ན་རབ་རིབ་གང་དུ་བཙལ། །ཐུབ་དབང་ལུང་རྟོགས་བསྟན་པའི་མ་ཎི་ཀ །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་མཆོད་མཁས་ན། །སྙིགས་ལྔའི་རྒུད་པ་སེལ་ལ་དཀའ་བ་ཅི། །རྫོགས་ལྡན་མགྲོན་དུ་འགུགས་ཐབས་འདི་ཁོ་ན། །ཉིན་ཞག་གཅིག་ཙམ་བསླབ་ཁྲིམས་བསྲུང་བས་ཀྱང་། །ལྷ་མིའི་དཔལ་ཀུན་སུག་མཐིལ་གཏེར་བཞིན་འཐོབ། །ཐབས་ལ་མཁས་ན་རྣམ་གྲོལ་ཐག་མི་རིང་། །ངན་འགྲོའི་སྒོ་འཕར་གཅོད་ལསུ་མི་སྤྲོ། །ཟག་བཅས་དགེ་ཚོགས་དངོས་ངན་གསེར་དགྲའི་ཁམས། །ཟག་མེད་རིན་ཐང་བྲལ་བའི་སུ་ཝརྞར། །སྒྱུར་བྱེད་ཐབས་ཤེས་ཟུང་འབྲེལ་རྩི་ཡི་མཆོག །སོག་པར་བྱེད་གང་མི་ཡི་སེངྒེར་འགྱུར། །ཚེ་འདིའི་སྣང་བ་རྨི་ལམ་རྒྱལ་སྲིད་འདྲ། །མི་བདེན་བདེན་པར་བཟུང་བས་བསླུས་པར་ཟད། །བྱས་པ་དོན་མེད་སྔ་མ་དེ་ཙམ་ལགས། །ད་ནི་དོན་ཆེན་དགེ་ལསྦྱོར་བར་རིགས། །ཁམས་ལྡན་མི་ཡི་གྲུ་ཆེན་རྙེད་ནས་སླར། །སྡུག་བསྔལ་སྲིད་མཚོ་བརྒལ་ལ་མི་བརྩོན་ན། །བསམ་བརླག་དེས་ནི་ནོར་བུ་ཐོབ་ནས་བོར། །སྲིད་ཞིའི་ཁོངས་ན་དེ་ལསསྨད་འོས་སུ། །ལང་ཚོའི་མེ་ཏོག་མི་བརྟན་ཡུད་ཀྱིས་རྙིང་། །དཔལ་འབྱོར་རྩྭ་རྩེའི་ཟིལ་བ་རྣམ་པར་གཡོ། །རྒ་དང་རྒུད་པའི་ཞགས་པས་དམ་བཅིངས་ཏེ། །འཆི་བདག་རལ་གྲི་གདེངས་འདི་མ་ཚོར་ནོངས། །ལྷ་དབང་ལྷ་ཡི་འབྱོར་པས་མངོན་མཐོ་ཞིང་། །མི་དབང་མི་ཡི་རྗེ་བོས་ཕྱག་བྱས་ཀྱང་། །ཟློག་མེད་དུས་ཀྱི་ཁྲིམས་ལ་འཐོག་པའི་ཚེ། །བསོད་ནམས་ལས་གཞན་གྲོགས་བགྱིར་སུ་ཞིག་ཡོད། །འདོད་ཡོན་རྣམས་ནི་ལན་ཚྭའི་ཆུ་དང་འདྲ། །ཅི་ཙམསྤྱོད་ཀྱང་ངོམས་མེད་ཕྱིར་ཞིང་སྲེད། །སྟོང་ཁམས་བདོག་པ་ཐོབ་ཀྱང་འཚེངས་མི་འགྱུར། །ད་ནི་གཏན་གྱི་རྒྱགས་ཕྱེ་ཆུབ་པར་མཛོད། །ཀྱི་ཧུད་མཆིལ་པས་ཉ་ལ་འདེབས་པ་བཞིན། །མི་རྣམས་ཉིན་བཞིན་ཁྱིམ་ནས་དྲངས་པའི་ཚུལ། །མངོན་དུ་གྱུར་ཀྱང་མི་འཇིགས་སྙིང་ཁམས་ཅན། །མ་རུངས་སེམས་ཁྱོད་རྡོ་ཡི་གོང་བུར་ངེས། །གསོད་སྲེད་གཏུམ་པོའི་མཆེ་བས་ཟིན་གྱུར་ཚེ། །བསོད་ནམས་འདོད་ཀྱང་དེ་དུས་འཕྱིས་ནས་མེད། །དུག་སྦྲུལ་ཁར་ཆུད་སྦལ་པའི་ང་རོ་བཞིན། །དུས་མ་ཡིན་ལ་འགྱོད་པས་ཅི་བྱས་ཡོད། །སྡིག་པའི་རང་གཟུགས་འཁྲུལ་བའི་གཞན་དབང་ཅན། །གྲོང་ཁྱེར་དྲུག་གི་བཙོན་ར་ཉམ་ང་བར། །རྣམ་གསུམསྡུག་བསྔལ་ཆད་པས་མནར་བའི་འགྲོ། །སྐྱོབ་ནུས་དཀོན་མཆོག་ལས་གཞན་སྲིད་ན་སུ། །དེ་སླད་བློ་ལྡན་དོན་མཐུན་གྲོགས་པོ་དག །རང་སེམས་རང་ལ་མི་དཀར་དབང་མེད་པས། །གཏན་གྱི་འདུན་མ་ལེགས་ཉེས་ད་རེས་ཡིན། །དཀོན་མཆོག་མཆོད་ལ་སངས་རྒྱས་འགྱུར་བར་གྱིས། །གྲོས་འདི་སྙིང་ནས་ཡིན་གྱི་ཟོལ་སྦྱོར་མིན། །ཕན་སེམས་བཟང་པོས་ཡིན་གྱི་རང་གར་མིན། །ལེགས་པར་བརྟགས་ནས་ཡིན་གྱི་གྱ་ཚོམ་མིན། །ཀུན་གྱིས་གསན་འོས་ཡིན་གྱི་འདོར་བྱ་མིན། །བདག་ནི་འཆིང་བ་བརྒྱ་ཡིས་བཅིངས་མོད་ཀྱི། །བརྗོད་པའི་ངག་འདི་རྒྱལ་གསུང་དཔང་པོར་བྱས། །དེ་སླད་ཚེར་མའི་ཤིང་ལས་སྦྲང་རྩི་བཞིན། །བློ་ལྡན་རྣམས་ཀྱིས་དང་དུ་ལེན་པར་འོས། །དགེ་བ་འདི་ཡིས་མཐའ་ཀླས་སྐྱེ་དགུ་ཀུན། །མཆོག་གསུམཐུགས་རྗེའི་གྲུ་གཟིངས་ལ་བརྟེན་ནས། །ཉམ་ང་སྲིད་པའི་རྒྱ་མཚོ་རབ་བརྒལ་ཏེ། །དོན་གཉིས་ནོར་བུའི་གླིང་ལ་ངལ་འཚོ་ཤོག །ཕན་བདེའི་གཞིར་གྱུར་རྒྱལ་བསྟན་རིན་པོ་ཆེ། །སྲིད་མཐའི་བར་དུ་དབྱར་མཚོ་ལྟར་རྒྱས་ཤིང་། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་མངའ་ཐང་དར། །ནག་ཕྱོགས་ཀླ་ཀློའི་འཇུག་པ་མིང་མེད་ཤོག །ཁྱད་པར་བདག་གི་ཡོངས་འཛིན་དགེ་བའི་བཤེས། །སྔོན་རབས་བྱོན་རྣམས་ཐུགས་དགོངས་རབ་རྫོགས་ཤིང་། །ད་ལྟར་བཞུགས་རྣམས་སྐུ་ཚེ་རིང་བ་དང་། །ཐུགས་ཀྱི་བཞེད་དོན་མཐའ་དག་འགྲུབ་གྱུར་ཅིག །ཇི་སྲིད་བྱངཆུབ་བར་དུ་མི་འབྲལ་བར། །འདའ་དཀའ་དམ་ཚིག་སྲད་བུས་སྦྲེལ་བ་ཡི། །རྡོ་རྗེའི་མཆེད་པོ་ཀུན་ཀྱང་དུས་རྟག་ཏུ། །དམ་ཚིག་མི་ཉམས་ས་ལམ་མྱུར་བགྲོད་ཤོག །ཡོངས་པའི་ཁྱོནཀུན་དཀོན་མཆོག་རྟེན་གྱིས་ཁེངས། །དེར་ཡང་ཕུལ་བྱུང་མཆོད་པའི་སྤྲིན་གྱིས་མཛེས། །དཀར་ཕྱོགས་ལྷ་ཀླུ་དགའ་བས་རྟག་སྲུང་བས། །མི་ཤིས་མཚན་མའི་མིང་ཡང་མི་གྲགས་ཤོག །རི་ཀུན་སྤང་བ་བསམ་གཏན་སྡེ་ཡིས་འབྱོར། །ཀླུང་ཀུན་ཀློག་པ་ཐོས་བསམ་གྲྭ་ཡིས་ཕྱུག །ཀུན་ཀྱང་ལྟ་སྤྱོད་ཏིང་འཛིན་དོན་མཐུན་པས། །བསླབ་གསུམ་ཡོན་ཏན་ཉིན་བཞིན་གོང་འཕེལ་ཤོག །མི་ཡི་རྗེ་རྣམས་རང་སྲིད་དཔལ་གྱིས་ངོམས། །གཞན་ལ་འཚེ་སྤངས་འབངས་འཁོར་བྱམས་པས་སྐྱོང་། །ཀུན་ཀྱང་ཕན་ཚུན་ཕ་མའི་འདུ་ཤེས་ཀྱིས། །འཐབ་རྩོད་འཁྲུགས་སོགས་དེང་ནས་རྒྱུན་ཆད་ཤོག །སྐྱེ་དགུ་མཐའ་དག་དཀོན་མཆོག་བསྟན་ལ་དད། །ལས་འབྲས་ཡིད་ཆེས་ལྟ་བས་རྒྱུད་གྲོལ་ཏེ། །བཅུད་ཀྱི་སྤྱོད་པས་སྣོད་ལ་ཤིས་པ་སྒྲུབས། །རྫོགས་ལྡན་ཉི་མ་གསར་དུ་འཆར་གྱུར་ཅིག །དུག་ལྔའི་རང་གཟུགས་པད་རྣམ་རྨོངས་པ་ཡང་། །ཆོས་བརྒྱད་འཁྲུལ་པའི་ཆིངས་རྒྱ་ལ་འུར་གྲོལ། །འབྲེལ་འདྲིས་བྲེལ་བ་དབེན་པའི་ནགས་ཁྲོད་དུ། །སྲོག་དང་བཅས་པའི་ལུས་འདི་གཡོ་བར་ཤོག །སྐྱེ་བ་ཀུན་ཏུ་རྒྱལ་བའི་ཆོས་མཛོད་འཛིན། །ཟང་ཟིང་མེད་པས་འགྲོ་ཁམས་སྨིན་བྱས་ནས། །རྫོགས་པའི་སངས་རྒྱས་བློ་གྲོས་མཐའ་ཡས་ཀྱི། །དགོངས་སྤྱོད་རྒྱ་མཚོར་མཉམ་པ་ཉིད་གྱུར་ཅིག །བདག་ལ་བཟང་ངན་ལས་ཀྱིས་འབྲེལ་བའི་འགྲོ། །ཀུན་ཀྱང་སྡིག་ཟད་ཉོན་མོངས་མེད་གྱུར་ཏེ། །ཚེ་དེས་སྲིད་པའི་རྒྱ་མཚོ་རབ་བརྒལ་ནས། །རྣམ་མཁྱེན་གདོད་མའི་གྲོང་ཁྱེར་མཛེས་བྱེད་ཤོག །བཀྲ་ཤིས་གང་ཞིག་ཕན་དགོངས་ཐུགས་རྗེའི་གཏེར། །བླ་མ་སྲས་བཅས་རྒྱལ་བའི་བདེན་བྱིན་གྱིས། །ཇི་ལྟར་གསོལ་ཞིང་སྨོན་ལམ་བཏབ་པའི་འབྲས། །གེགས་མེད་མྱུར་དུ་འགྲུབ་པར་མཛད་དུ་གསོལ། །ཞེས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ཤིང་བསྙེན་བཀུར་བགྱིས་པའི་ཕན་ཡོན་ལས་འཕྲོས་པའི་གཏམ་ཚོགས་གཉིས་པད་ཚལ་བཞད་བྱེད་ཡིད་ཆེས་ལུང་གི་ཉི་མ་ཞེས་བྱ་བ་འདི་ནི། གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། རྒྱལ་བས་ལུང་བསྟན་པདྨ་གར་དབང་བློ་གྲོས་མཐའ་ཡས། གངས་ཁྲོད་སྨྲ་བའི་སེང་ཆེན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། རྨད་བྱུང་བྱང་ཆུབ་སེམས་ཀྱི་མངའ་བདག་ཡོངས་ཀྱི་འདྲེན་པ་མཁན་ཆེན་ཀརྨ་བཀྲ་ཤིས་འོད་ཟེར། འཁོར་ལོའི་དབང་ཕྱུག་རབ་འབྱམས་ལྔ་པ་རིན་པོ་སོགས་སངས་རྒྱས་དངོས་བྱོན་གྱི་སྐྱེས་ཆེན་དུ་མའི་ཞབས་ཀྱི་པདྨ་ལ་སྤྱི་བོས་རེག་པའི་སྐལ་བཟང་ཉམས་སུ་མྱོང་ཡང་། རང་རྒྱུད་ཤིང་ལྟར་རེངས་པའི་དུས་མཐའི་བཙུན་གཟུགས་འཇམ་དབྱངས་བློ་གྲོས་རྒྱ་མཚོའམ། རྒྱལ་སྲས་གཞན་ཕན་ཆོས་ཀྱི་བློ་གྲོས་སོགས་མིང་མང་དང་ལྡན་པའི་འདུ་གསུམ་པས། རང་གནས་དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་བླ་བྲང་ཕུན་ཚོགས་ཡོངས་འདུའི་སྟེང་ཤག་བཀྲ་ཤིས་འཆི་མེད་འོད་སྣང་དུ་གྲུབ་པར་བགྱིས་པསྟེ་འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིགདགེའོ། །དགེའོ། །དགེའོ། །།