རྒྱལ་སྲས་སེང་གེའི་ཞབས་འབྲིང་པས་མཛད་པའི་ཐུབ་དབང་སྐྱེས་རབས་སོ་ལྔ་པའི་བསྡུས་དོན་གྱི་བསྟོད་པ་བསོད་ནམས་ཆུ་གཏེར་འཕེལ་བའི་ཟླ་གཞོན།

༄༅། །རྒྱལ་སྲས་སེང་གེའི་ཞབས་འབྲིང་པས་མཛད་པའི་ཐུབ་དབང་སྐྱེས་རབས་སོ་ལྔ་པའི་བསྡུས་དོན་གྱི་བསྟོད་པ་བསོད་ནམས་ཆུ་གཏེར་འཕེལ་བའི་ཟླ་གཞོན་ཞེས་བྱ་བ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །མཐའ་བྲལ་ཆོས་དབྱིངས་ཀུན་གསལ་ཡངས་པའི་ངོགས། །མཁྱེན་བརྩེའི་ཉི་ཟླ་གསར་པས་མཛེས་བྱས་ཤིང་། །གདུལ་འགྲོའི་རྣམ་གྲོལ་པད་ཚལ་བཞད་མཛད་པའི། །དཔལ་ལྡན་ཤཱཀྱ་སེང་གེར་ཕྱག་འཚལ་ལོ། ༡ །གང་གི་རྟོགས་བརྗོད་རབ་སྙན་དབྱར་གྱི་རྔ། །ཐོས་པས་རབ་དགའ་མྱོས་པའི་གཙུག་སྒྲོ་ཅན། །དད་བརྒྱའི་སྤུ་ལོང་ཅིག་ཅར་གཡོ་བཞིན་དུ། །སྙན་ཚིག་བསྟོད་དབྱངས་འཇོ་སྒེག་ཟློས་གར་འཛིན། ༢ །རབ་མྱོས་ལྕགས་ཀྱུས་དུལ་མིན་གླང་པོ་ཡིས། །རབ་འཇིགས་ནགས་སུ་ཁྱེར་བའི་འོད་ལྡན་བདག །རབ་སྣང་བདེ་གཤེགས་མཚན་མཆོག་ཐོས་པའི་རྒྱུས། །རབ་གུས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་གྱུར། ༣ །ལྷ་ཡིས་རབ་བསྐུལ་ས་བདག་ཚངས་པས་བྱིན། །ལུས་སྲོག་ཡལ་བར་བོར་བའི་སྙིང་སྟོབས་ཀྱིས། །རྒྱ་ཤུག་གླིང་བགྲོད་རྙེད་པའི་ནོར་མཆོག་གིས། །ས་སྟེང་དབུལ་བ་མ་ལུས་མིང་མཐར་བྱས། ༤། ལེགས་བཤད་ཚིགས་སུ་བཅད་པ་གཅིག་གི་ཕྱིར། །ཆོས་འདོད་རབ་འབར་མེ་འོབས་ཞུགས་གྱུར་ཚེ། །བསོད་ནམས་མཐུས་སྤྲུལ་པདྨའི་རྫིང་བུ་མཆོག །གཡོན་ཅན་བཤེས་ལ་འཕྱ་བ་དགོད་པ་འདྲ། ༥ །རབ་འབར་མེ་དཔུང་མཚོར་བསྒྱུར་པད་དཀར་སྟེང་། །སྙིང་རྗེའི་གཏེར་གྱུར་རི་བོང་འགྱིང་པ་ཡིས། །དྲང་སྲོང་དཀའ་ཐུབ་ཉམས་ལས་སྲུང་ངོ་ཞེས། །གྲགས་སྙན་སྒྲོགས་སླད་དབྱར་རྔ་ལྡིར་བ་བཞིན། ༦ །མ་རུངས་སྡིག་ལྡན་དྲག་པོའི་མིག་ཅན་ལ། །དཔལ་ལྡན་ས་སྤྱོད་ཟླ་བའི་དབུ་བྱིན་པའི། །ངོ་མཚར་སྐབས་གསུམ་དབང་པོར་སྦྲོན་སླད་དུ། །ས་ཆེན་རིར་བཅས་ཅིག་ཅར་གཡོ་མིན་ནམ། ༧ །བཀྲེན་ལ་རང་གི་ཤ་སྦྱིན་གཟུགས་ལྡན་མས། །རྫོགས་བྱང་སྨོན་འབྲས་འགྲུབ་ལ་མི་མཚར་ཡང་། །གང་གི་ཞབས་ཀྱི་གྲིབ་བསིལ་སྣུམ་པོ་ལ། །བརྟེན་གྱུར་འགྲོ་རྣམས་ཨེ་མ་སྐལ་བ་སྦོམས། ༨། སྦྱིན་སོགས་དཔལ་གྱིས་རབ་ཏུ་འཁྱུད་གྱུར་པས། །མཚན་རྒྱུ་འབུམ་གྱིས་ཟ་བར་ནུས་མིན་པའི། །ཟླ་བའི་འོད་ལྡན་ཚོང་དཔོན་མཆོག་གི་སྐུ། །དུད་འགྲོ་རྣམས་ལ་བརྩེ་བས་བྱིན་པར་གྱུར། ༩ །ས་སྤྱོད་དཔལ་རྒྱས་པདྨ་ཆེན་པོ་ནི། །དམན་རྣམས་སྐྱོབ་ཕྱིར་འཚོ་བ་གཏོང་བ་ཡི། །སྨོན་ལམ་མཐུས་སྤྲུལ་ཉ་ཆེན་རོ་ཧི་ཏས། །སེམས་ཅན་འདུལ་བའི་ནད་རྣམས་ཞི་བར་མཛད། ༡༠ །བཀྲེས་པས་ཉམ་ཐག་ཡི་དྭགས་ལྟ་བུ་ཡི། །སྐྱེ་དགུ་མ་ལུས་འཆི་ལས་སྲུང་བའི་ཕྱིར། །རང་སྲོག་ལྟོས་མེད་ཚངས་བྱིན་སྙིང་སྟོབས་ལ། །ལྷ་དབང་མགུ་དེས་གྲོང་ཁྱེར་འབྱོར་བར་གྱུར། ༡༡ །ཁྱབ་པར་དཀྲིགས་སོ་ལྷ་ཡི་རྫིང་རིང་ངོགས། །ཆར་ལྡན་ཆུ་འཛིན་འཐུག་པོའི་བླ་བྲེ་དང་། །ས་ལ་རྒྱལ་སྲས་ཕན་པར་འདོད་པ་ཡི། །ཕུལ་བྱུང་མཆོད་སྦྱིན་གྲགས་པ་དཀར་པོས་ཀྱང་། ༡༢ །མ་རུངས་སྡིག་སྤྱོད་རྒྱལ་པོ་གཤིན་རྗེའི་ཁར། །སྦྲུམ་མའི་སྲོག་གི་གླུད་ཕྱིན་རི་དྭགས་བདག །བརྩེ་ལྡན་སྙིང་རྗེའི་གཟི་བརྗིད་རྨ་མེད་པས། །གཏུམ་པོ་དེ་ཡི་གདུག་པ་བཅད་པར་མཛད། ༡༣། རྔོན་རྣམས་མི་བདག་འཇིགས་ལས་བསྐྱབ་པའི་ཕྱིར། །རང་གི་ལུས་སྲོག་ལྟོས་མེད་རྨ་བྱའི་དབང་། །གསེར་སྣང་ས་བདག་མདུན་སར་ཉེར་བསྐྱོད་ལ། །བརྒྱ་བྱིན་མིག་སྟོང་བསྒྲད་ནས་བལྟ་བ་བཞིན། ༡༤ །སྦྱིན་ཚུལ་བཟོད་བརྩོན་ཏིང་འཛིན་ཤེས་རབ་ཀྱི། །དཀའ་ཐུབ་གྲུབ་པ་དྲང་སྲོང་སྟོན་པ་ཡིས། །འཁོར་རྣམས་ངེས་འབྱུང་ཚུལ་ཁྲིམས་ལ་བཀོད་ཚེ། །ནགས་ཀྱི་སྲོག་ཆགས་རྣམས་ཀྱང་སྡོམ་ལྡན་བཞིན། ༡༥ །མིག་བྲལ་ཕ་མ་དཀའ་ཐུབ་གནས་པ་ལ། །གུས་པས་དཔལ་འབྱོར་རིང་བཏང་སྲི་ཞུ་མཁན། །སྔོ་བསངས་འཕོང་སྐྱེན་{འཕུང་རྐྱེན} མདའ་ཡིས་བསད་གྱུར་ཀྱང་། །བདེན་ཚིག་མཐུ་ཡིས་དབང་པོས་སླར་གསོས་གྱུར། ༡༦ །དཔལ་རྒྱས་བདེ་ལ་ཆགས་མེད་དྲང་སྲོང་གིས། །ནགས་སུ་མི་མིན་གྲོགས་དག་སྐྱོང་གྱུར་མཚར། །རང་འཁོར་དགའ་བས་སྲུང་བ་ཁ་ལྔ་པ། །མི་གཙང་ཁྲོད་དུ་མི་གནས་དངོས་པོའི་གཤིས། ༡༧ །ས་བདག་བརྒྱ་བྱིན་དཔལ་སྤངས་ཀ་ཤི་མཛེས། །མིའམ་ཅི་མོས་བསླུ་བར་མ་ནུས་ཚེ། །དྲང་སྲོང་དཀའ་ཐུབ་བརྟན་པའི་གྲགས་པ་དཀར། །ཚངས་པའི་འཇིག་རྟེན་ལས་ཀྱང་བརྒལ་བར་ངེས། ༡༨ །དཔལ་ལྡན་འཕུར་འགྲོ་དཀའ་ཐུབ་བདག་པོ་ཡིས། །བསྡུ་བ་རྣམ་བཞིས་རང་འཁོར་ལེགས་བསྐྱངས་ནས། །བདེན་པས་ཆར་དབབ་གང་གི་ཡོན་ཏན་ལྕིད། །འདེགས་བཟོད་རྒྱ་མཚོའི་གོས་ཅན་ཨེ་མ་བརླིང་། ༡༩ །མ་རུངས་བློ་ངན་བསླུ་ཚིག་དུག་ཆུ་ཡིས། །རབ་མྱོས་ས་བདག་རི་རབ་གླང་པོའི་དཔུང་། །བཟོད་པའི་ལྕགས་ཀྱུ་གཅིག་གིས་དབང་བྱེད་པའི། །དགའ་བའི་སྡོམ་ཆང་མཚུངས་ཟླར་འགོད་འོས་སུ། ༢༠ །གཡོན་ཅན་མི་བསྲུན་དུག་མདས་སྙིང་ཕུག་ཀྱང་། །བཟོད་ལྡན་སྙིང་རྗེས་འདོད་པའི་རེ་སྐོང་ནས། །བདེན་པའི་སྟོབས་ཀྱིས་རང་ཉིད་གསོ་མཛད་པའི། །གླང་ཆེན་རྒྱལ་པོ་འཕགས་པའི་དྲང་སྲོང་བཞིན། ༢༡། བཟོད་པའི་གོ་ཆ་མཆོག་ལྡན་རྒྱལ་བའི་སྲས། །ཟླ་བ་མཆོག་གི་གྲགས་པའི་ཕུང་པོ་ནི། །དཔག་ནུས་མིན་ཡང་ས་ཆེན་འདིར་ཤོང་བ། །ཨེ་མ་འཁོར་ཡུག་དང་བཅས་འཇིག་རྟེན་ཡངས། ༢༢ །ཉིན་མོར་བྱེད་ལས་མུན་པའི་དངོས་པོ་དང་། །དེ་བཞིན་ཆུ་ཤེལ་དབང་པོ་ལས་ནི་མེ། །རྒྱལ་སྲས་ལྟོ་འཕྱེ་ཆེན་པོ་དར་དར་གྱི། །ཐུགས་ལ་འཁྲུག་པའི་གོ་སྐབས་ནམ་ཡང་མིན། ༢༣ །ལུས་སྲོག་ཡལ་བར་བོར་བའི་བརྩོན་འགྲུས་ཀྱིས། །བརྩེ་བའི་འཁོར་རྣམས་འཆི་ལས་སྲུང་མཛད་པ། །རི་དྭགས་རྒྱལ་པོའི་སྙིང་རྗེ་ལྕི་བའི་ཁུར། །འདེགས་པར་མ་བཟོད་ནོར་འཛིན་འདར་བར་དོགས། ༢༤ །དཔའ་བོ་སྟོབས་ལྡན་གདོང་པ་ལྔ་པ་ཡིས། །གནོད་སྦྱིན་གླང་པོའི་ཚོགས་རྣམས་རབ་བཅོམ་ཞིང་། །རང་འཁོར་གཉེན་བཤེས་རི་དྭགས་སྐྱོང་བའི་དཔལ། །གསེར་གྱི་གོ་ཆའི་གྲགས་པ་སྲིད་ན་གསལ། ༢༥ །བླ་མ་ལ་གུས་བཟོད་དེས་བརྩོན་འགྲུས་ཅན། །སྙིང་རྗེ་རྒྱ་ཆེན་གཉིས་སྐྱེས་རྩྭ་ཅན་གྱིས། །ནད་སེལ་སྨན་གྱིས་འཕགས་པ་རང་རྒྱལ་མཆོག །མཉེས་བྱས་བསོད་ནམས་ཕུང་པོ་སུ་ཡིས་དཔོག ༢༦ །དཔལ་ལྡན་ནོར་བཟང་སྟོབས་འཕྲུལ་ལྕགས་ཀྱུ་ཡིས། །མི་མིན་དབང་མོ་འགུགས་པའི་ཆོ་གར་ལྟོས། །སྙིང་སྟོབས་ཕུལ་ཕྱིན་རྒྱལ་སྲས་དཔའ་རྣམས་ཀྱི། །བརྩོན་པས་མི་འགྲུབ་ཆོས་དེ་སྲིད་ན་སུ། ༢༧ །བསམ་གཏན་བཞི་གྲུབ་དྲང་སྲོང་སྙིང་རྗེའི་གཏེར། །འབར་བ་ཅན་གྱི་ཞབས་སེན་ཀེ་ཏ་ཀས། །མ་དག་ཉེས་ཚོགས་དྲི་མ་བགྲུངས་པའི་རྒྱུས། །དགའ་ལྡན་ཞིང་ལའང་རེ་བ་ལྷོད་པོར་བྱས། ༢༨ །ཤེས་རབ་ལ་སོགས་དཔལ་རྒྱས་རྒྱལ་བའི་སྲས། །འགྲོ་ལ་ཕན་པར་མཛད་པ་ཀེ་ཤ་པའི། །ཡོན་ཏན་ཆ་ཙམ་བརྗོད་འདོད་ཆུ་ལྷ་མོས། །བརྒྱ་ཕྲག་སྨྲ་བའི་འབབས་སྟེགས་སྤྲུལ་ལམ་སྙམ། ༢༩ །ཚངས་པས་བྱིན་གྱི་བསོད་ནམས་གོས་བཟང་རྩེར། །རྐང་རྗེས་ཤེས་པ་ནོར་བུའི་ཏོག་མཛེས་པས། །ཆོམ་རྐུན་འཚེ་བྲལ་ཆབ་འབངས་དར་བ་ཡི། །དགའ་སྟོན་རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེངས། ༣༠ །ལེགས་ལེགས་ཐུབ་པའི་སྲས་མོ་དཔེ་མེད་མས། །མཛེས་མཛེས་ཡིད་འཕྲོག་གར་གྱི་བཀོད་པ་བཅས། །སྙན་སྙན་ལེགས་བཤད་བདུད་རྩི་བྲན་པ་ཡིས། །མང་མང་འགྲོ་བ་ཐར་གྲོལ་ལམ་བཀོད་མཚར། ༣༡ །དཔལ་རྒྱས་ས་སྐྱོང་མེ་ལོང་གདོང་ཅན་གྱི། །རྒུད་པ་ཀུན་སྐྱོབ་བརྩེ་ལྡན་རྣམ་དཔྱོད་མཆོག །ཆ་ཙམ་དཔོག་འདོད་རིག་བྱེད་དྲན་པོ་ཡང་། །སྐྱེང་བའི་མལ་ན་རབ་ཏུ་འདར་བ་བཞིན། ༣༢ །ཆགས་བྲལ་གཏམ་གྱི་བྱིན་ཟ་འབར་བ་ཡིས། །ཀུན་རྨོངས་སྲེད་པའི་བུད་ཤིང་བསྲེག་མཛད་པ། །དེད་དཔོན་ལེགས་འགྲོ་སྲེག་བླུགས་མཁན་ཡོད་བཞིན། །དྲང་སྲོང་ནགས་ན་གནས་དེས་སུ་ལ་ཅི། ༣༣། རང་བཞིན་དགེ་བ་མཆོད་སྦྱིན་བརྒྱ་བ་ཡིས། །གཞན་སྲོག་སྐྱོབ་སླད་རང་ལུས་ཡོངས་གཏོང་ཞིང་། །ཆོས་ཀྱི་སྦྱིན་པས་གདུལ་དཀའ་འདུལ་གྱུར་ན། །གདོང་ལྔའི་དབང་པོ་ཁྱོད་དང་མཚུངས་པར་གྱུར། ༣༤ །མཁྱེན་བརྩེའི་ཟླ་བ་ལྷ་དབང་བརྒྱ་བྱིན་གྱི། །ལེགས་བཤད་བསིལ་ཟེར་འབུམ་ཕྲག་སྤྲོས་པ་ཡིས། །སྲེད་ལྡན་དྲང་སྲོང་གདུང་བའི་ཚད་གཞིལ་ནས། །སྲིད་རྩེའི་བསམ་གཏན་ཀུ་མུཏ་བཞད་པར་མཛད། ༣༥། ཐུབ་པ་ཁྲ་ཅན་མངོན་ཤེས་རྫུ་འཕྲུལ་མཐུས། །ཀ་ཤིའི་རྒྱལ་པོ་སྲིད་མཚོ་ལས་བསྒྲལ་བའི། །ངོ་མཚར་རྣམ་ཐར་ཁྱོད་མཚུངས་སྲིད་པ་ན། །མ་འཚལ་རང་ཉིད་དཔེ་ཟླར་བཞག་ལས་ཅི། ༣༦ །ཨེ་མ་རླབས་ཆེན་རྒྱལ་སྲས་སྤྱོད་པ་ཡིས། །གྲངས་མེད་གསུམ་དུ་ཚོགས་གཉིས་བསགས་པའི་མཐུས། །རྩོད་པའི་དུས་འདིར་མངོན་པར་སངས་རྒྱས་པ། །འགྲོ་བའི་བླ་མ་ཁྱོད་ལ་ཕྱག་འཚལ་ལོ། ༣༧ །བདེ་གཤེགས་སྐྱེས་རབས་རྒྱ་ཆེན་ལམ་གསུམ་འབབས། །མཁས་པ་སེང་གེའི་ལྟོ་བར་བསྐྱིལ་བ་ལས། །ལེགས་པར་འོངས་པའི་གང་གཱའི་དཔལ་མོ་ཡི། །ཟེགས་མ་ཕྲ་མོ་བདག་གིས་འཐོར་བ་འདིས། ༣༨ །མཐའ་ཀླས་འགྲོ་རྣམས་སྙིང་རྗེས་རྒྱུད་བརླན་ནས། །སྡིག་སེམས་ཡིད་ལ་སྐད་ཅིག་མི་འགྱུར་ཞིང་། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་གཞོལ་བ་ཡིས། །སྟོབས་བཅུའི་དབང་ཕྱུག་གོ་འཕང་མྱུར་ཐོབ་ཤོག ༣༩ །རྒྱལ་སྲས་སེང་གེའི་ཞབས་འབྲིང་བས་མཛད་པའི་སྐྱེས་རབས་སོ་ལྔ་པའི་བསྡུས་དོན་གྱི་བསྟོད་པ་འདི་ནི་ཤཱཀྱའི་དགེ་ཚུལ་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོས་གྲུབ་པའི་གནས་མཆོག་བདེ་ཆེན་སེང་གེ་གནམ་རྫོང་གི་མགུལ་སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་གི་དབེན་ཁང་རིག་འཛིན་གྲུབ་པའི་དགའ་ཚལ་དུ་དད་པ་རྣམ་པར་འཕེལ་བའི་ངག་གིས་བརྗོད་པ་སྟེ། འདིས་ཀྱང་སྐྱེ་ཀུན་རྒྱལ་བ་མཆོག་གིས་རྗེས་སུ་བཟུང་ཞིང་རྒྱལ་སྲས་སྤྱོད་པ་རླབས་པོ་ཆེ་ལ་བརྟེན་ནས་དོན་གཉིས་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག། །།