བདེ་བར་གཤེགས་པའི་མཛད་པ་ལ་མདོ་ཙམ་བསྔགས་པ་ཡོན་ཏན་རྒྱ་མཚོའི་རླབས་ཕྲེང་།

༄༅། །བདེ་བར་གཤེགས་པའི་མཛད་པ་ལ་མདོ་ཙམ་བསྔགས་པ་ཡོན་ཏན་རྒྱ་མཚོའི་རླབས་ཕྲེང་ཞེས་བྱ་བ། ༀ་སྭ སྟི་སིདྡྷི། རླབས་ཆེན་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས། །ཉེར་འཁྲུངས་མཁྱེན་བརྩེ་ནུས་པའི་ཆ་རྫོགས་ཤིང་། །ཕྲིན་ལས་འོད་སྟོང་སྐྱེ་དགུ་པདྨའི་གཉེན། །ཀུན་མཁྱེན་ཤཱཀྱ་སེང་གེ་ལ་ཕྱག་འཚལ། །ཤེས་རབ་ཟབ་མོས་སྲིད་མཚོ་བརྒལ་ཟིན་ཀྱང་། །སྙིང་རྗེ་ཆེན་པོས་འགྲོ་ལ་རྗེས་ཆགས་གར། །གཟིགས་པ་རྣམ་ལྔས་དགའ་ལྡན་ལྷ་ཡུལ་ནས། །འཕོ་མཛད་དམ་པ་ཏོག་དཀར་ལ་ཕྱག་འཚལ། །ཉེས་པའི་དྲི་བྲལ་གངས་རི་ལྟར་དཀར་ལུས། །ཕྱིན་དྲུག་མཆེ་རྫོགས་གཉིས་འཐུང་གཞོན་ནུ་ཡི། །རྣམ་པས་ས་ཟླའི་འཕེལ་ཕྱོགས་བཅོ་ལྔའི་ཉིན། །ལྷ་མོ་སྒྱུ་ཕྲུལ་ལྷུམས་སུ་ཞུགས་ཕྱག་འཚལ། །ལུམྦི{མྦཱ}འི་ཚལ་དུ་གློ་གཡས་སྤྲིན་གསེབ་ལས། །ངོ་མཚར་མཚན་དཔེའི་རྟ་ལྗང་གསལ་བའི་མོད། །ས་གསུམ་དགེ་ལེགས་སྣང་བས་ཁྱབ་མཛད་པའི། །ལྷ་ཡི་ལྷར་གྱུར་དོན་ཀུན་གྲུབ་ཕྱག་འཚལ། །སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་ང་རོ་ཡིས། །ཤཱཀ་རིགས་དྲེགས་ལྡན་མྱོས་པའི་གཉིས་འཐུང་སྟོང་། །ཁེངས་པའི་སྣ་ལྗགས་ས་ལ་བསྙིལ་མཛད་པའི། །སྐྱེས་མཆོག་མི་ཡི་སེང་གེ་ལ་ཕྱག་འཚལ། །འདམ་ལས་སྐྱེས་པའི་པདྨ་ཇི་བཞིན་དུ། །སྲིད་ན་གནས་ཀྱང་ཉེས་པའི་དྲི་བྲལ་བའི། །རྒྱལ་སྲས་མཆོག་དེས་ས་མཚོ་གྲགས་འཛིན་སོགས། །བཙུན་མོའི་འཁོར་ལ་དགྱེས་རོལ་མཛད་ཕྱག་འཚལ། །སྔོན་སྨོན་ཐུགས་བསྐྱེད་བཙན་པོའི་གྲུ་གཟིངས་མཆོག །རྣམ་དག་གཟིགས་རྐྱེན་བཞི་ཡི་དྲི་བཞོན་གྱིས། །བསྐུལ་ལས་སྲིད་མཚོར་མ་ཆགས་རྣམ་གྲོལ་གྱི། །རིན་ཆེན་གླིང་དུ་གཤེགས་པར་མཛད་ཕྱག་འཚལ། །འགྲོ་ལ་བརྩོན་པས་བྱང་ཆུབ་སྒྲུབས་ཤིག་ཅེས། །ལེགས་པར་འདོམས་སླད་ཆུ་བོ་ནཻརཉྫར། །ལོ་དྲུག་དཀའ་བ་སྤྱད་པའི་བརྫུ་བག་གིས། །འོག་མིན་གནས་ནས་མངོན་བྱུང་མཛད་ཕྱག་འཚལ། །སྟོབས་ཀྱི་གླང་པོ་བྱང་ཆུབ་ཤིང་དབང་དྲུང་། །མངོན་གཤེགས་རྩྭ་མཆོག་ཀུ་ཤ་བསྣོལ་བའི་ཁྲིར། །སྐྱིལ་ཀྲུང་གཅིག་ལ་རྫོགས་བྱང་མངོན་བྱེད་པའི། །དམ་བཅའི་རི་བོ་བརྟན་ལ་ཕྱག་འཚལ་ལོ། །ཡིད་སྲུབ་སྡེར་བཅས་ཁྲོས་པའི་རུ་མཚོན་འབུམ། །བྱམས་ཆེན་གོ་ཆ་གཅིག་པུས་རབ་གཞིལ་ཚེ། །ས་ཡི་ལྷ་མོས་བདེན་གསོལ་བསྔགས་བརྗོད་ཀྱི། །པུཥྤེ་ཆར་དུ་བསྙིལ་ལ་ཕྱག་འཚལ་ལོ། །གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཤེས་སྒྲིབ་འཛིན་སྟངས་ལྷག་མེད་བཅོམ་པ་ལས། །ཟབ་ཞི་སྤྲོས་བྲལ་འོད་གསལ་སྙིང་པོ་ཡི། །བདུད་རྩི་མངོན་དུ་མཛད་ཚུལ་བསྟན་ཕྱག་འཚལ། །དཔག་ཡས་ཐུགས་རྗེའི་ཆུ་འཛིན་ལྷུན་སྟུག་པོ། །ཚངས་དབང་དབྱར་རྔའི་སྒྲ་ཡིས་བསྐུལ་བའི་རྒྱུས། །རིགས་ཅན་གསུམ་གྱི་གདུལ་བྱའི་ཞིང་ས་ལ། །ཐེག་གསུམ་ཆོས་ཆར་སྤྲོས་ལ་ཕྱག་འཚལ་ལོ། །ཆད་ལྟ་འདུལ་ཕྱིར་འཕགས་པའི་བདེན་པ་བཞི། །རྟག་ལྟ་སུན་འབྱིན་སྟོང་མཚན་སྨོན་པ་མེད། །ཡོངས་སུ་སྨིན་ལ་ངེས་དོན་སྙིང་པོ་ཡི། །ཆོས་འཁོར་རིམ་གསུམ་བསྐོར་ལ་ཕྱག་འཚལ་ལོ། །རྨད་བྱུང་ཆོ་འཕྲུལ་ཆེན་པོ་སེང་གེའི་སྒྲས། །མུ་ཅོར་སྨྲ་བའི་ཝ་ཚོགས་ཟིལ་མནན་ནས། །གདུལ་བྱ་རྒྱ་མཚོའི་རི་སྐྱེས་གཞོན་ནུའི་ཚོགས། །རྣམ་གྲོལ་གསུམ་ལ་འགོད་མཛད་ལ་ཕྱག་འཚལ། །ཆུ་སྣོད་མེད་ན་ཟླ་གཟུགས་མི་སྣང་བཞིན། །འགྲོ་བའི་བསོད་ནམས་རྗེས་འགྲོ་གཟུགས་ཀྱི་སྐུ། །འོད་གསལ་ཆོས་སྐུའི་ཀློང་དུ་བསྡུས་ནས་སླར། །སྐུ་གདུང་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །འགྲོ་ལ་ཕན་མཛད་ཐུབ་ཆེན་ལྷ་ཡི་ལྷ། །དེས་གསུང་འགོག་ལམ་གྱིས་བསྡུས་ལུང་རྟོགས་ཆོས། །རིག་གྲོལ་སྤོབས་པ་རྨད་བྱུང་དགེ་འདུན་སྡེར། །རྡུལ་སྙེད་ལུས་སྤྲུལ་སྒོ་གསུམ་གུས་ཕྱག་འཚལ། །ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་སྣ་བདུན་ལྷ་མིའི་འབྱོར་པའི་ཚོགས། །བདག་ལུས་ཕུང་ཁམས་དུས་གསུམ་དགེ་རྩར་བཅས། །ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ཏེ་འབུལ། །བདག་གཞན་ཐོག་མེད་དུས་ནས་ད་ལྟའི་བར། །མི་ཤེས་བག་མེད་ཉོན་མོངས་དབང་གྱུར་པས། །བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་ཀུན། །སྙིང་ནས་འགྱོད་པས་བཤགས་ཤིང་སྡོམ་པར་བགྱི། །དགེ་ལེགས་ཕན་བདེ་ཀུན་གྱི་གཞིར་གྱུར་པའི། །འཕགས་དང་སོ་སོ་སྐྱེ་བོ་ཇི་སྙེད་ཀྱི། །ལེགས་སྤྱད་དགེ་བའི་དངོས་པོ་མཆིས་ཀུན་ལ། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་འབུལ། །སེམས་ཅན་ཁམས་ནི་ནམ་མཁའི་མཐའ་དང་མཉམ། །དེ་ཀུན་ལས་ཉོན་ནད་ཀྱིས་རབ་བཏབ་པས། །སྨན་པའི་རྒྱལ་རྣམས་བཏང་སྙོམས་མི་མཛད་པར། །ཐེག་གསུམ་དམ་ཆོས་སྨན་མཆོག་སྩལ་བར་མཛོད། །ཉམ་ཐག་དམན་པའི་འགྲོ་བ་ཡལ་བོར་ནས། །དག་པ་ས་བཅུའི་འཁོར་ལ་རྟག་གཟིགས་ནས། །འཕགས་པའི་ཐུགས་རྗེ་ཅི་འདྲ་ལགས་པ་དགོངས། །དེ་སླད་སྲིད་པ་ཇི་སྲིད་རྟག་བཞུགས་གསོལ། །འདིས་མཚོན་དུས་གསུམ་བྱས་བསགས་དགེ་ཚོགས་ཀུན། །འཁོར་གསུམ་དམིགས་པའི་མཚན་འཛིན་རིང་བཏང་ནས། །རྨད་བྱུང་ཐབས་ཤེས་ཟབ་མོའི་རྟེན་འབྱུང་གིས། །འོད་གསལ་ཆོས་དབྱིངས་ཀློང་དུ་བསྔོ་བར་བགྱི། །ཐུབ་བསྟན་ཡུན་གནས་བསྟན་འཛིན་ཞབས་བརྟན་ཞིང་། །བཤད་སྒྲུབ་སྡེ་རྒྱས་ཆོས་སྤྱོད་བྱ་བ་འཕེལ། །འགྲོ་ཀུན་ཐེག་ཆེན་ལམ་གྱི་སྣོད་གྱུར་ནས། །དོན་གཉིས་འདོད་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་བོད་ཡུལ་དབུས་ཀྱི་རྡོ་རྗེ་གདན་དཔལ་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོར་སྟོན་པའི་ཞལ་སྐྱིན་{རྐྱེན}ཇོ་བོ་རིན་པོ་ཆེའི་སྤྱན་སྔར། ཤཱཀྱའི་དགེ་ཚུལ་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོས་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན་གང་ཤར་གསོལ་བ་བཏབ་པ་སྟེ། འདིས་ཀྱང་འགྲོ་ཀུན་རྒྱལ་བ་མཆོག་གིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།