བཀའ་བརྒྱུད་གྲུབ་པའི་ཚོགས་ཀྱི་ཐུགས་དམ་གནད་ནས་བསྐུལ་བའི་གླུ་ཆུང་དད་བརྒྱའི་རྦ་རླབས་གཡོ་བའི་ཆུ་གཏེར།༄༅། །བཀའ་བརྒྱུད་གྲུབ་པའི་ཚོགས་ཀྱི་ཐུགས་དམ་གནད་ནས་བསྐུལ་བའི་གླུ་ཆུང་དད་བརྒྱའི་རྦ་རླབས་གཡོ་བའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ། རྣམ་ཀུན་མཆོག་ལྡན་སྟོང་ཆེན་ཆོས་སྐུ་ཡི་རང་རྩལ། །ཕུན་ཚོགས་ངེས་པ་ལྔ་ལྡན་ལོངས་སྐུ་རུ་བཞེངས་ནས། །བདེ་ཆེན་ཁ་སྦྱོར་བདུན་གྱི་གསང་མཛོད་ལ་རོལ་བའི། །དྲུག་པ་རྡོ་རྗེའི་འཆང་དེ་སྙིང་དབུས་ནས་དྲན་བྱུང་། །འོད་གསལ་བསམ་མི་ཁྱབ་པའི་ཡེ་ཤེས་ཀྱི་མཁའ་ལ། །ཕུལ་བྱུང་མཁྱེན་བརྩེའི་ཆུ་འཛིན་ལང་ལིང་དུ་འཁྲིགས་པས། །ངེས་གསང་སྙིང་པོའི་ཆོས་ཆར་མཛད་མེད་དུ་སྤྲོ་མཛད། །ཏེ་ལོ་ཤེས་རབ་བཟང་པོ་དེ་སྙིང་དབུས་ནས་དྲན་བྱུང་། །ལུང་རིགས་ཚད་མའི་ང་རོས་ལྟ་དམན་གྱི་ཝ་ཚོགས། །ཟིལ་མནན་ཐེག་མཆོག་གདུལ་བྱའི་རི་སྐྱེས་ཚོགས་སྐྱོང་བའི། །གྲུབ་གཉིས་རྩལ་གསུམ་རྫོགས་པ་གདོང་ལྔ་ཡི་དབང་པོ། །ནཱ་རོ་ཛྙཱ་ན་ཏ་པ་དེ་སྙིང་དབུས་ནས་དྲན་བྱུང་། །འཕགས་ཡུལ་གྲུབ་པའི་ཐུགས་བཅུད་གདམས་ཟབ་ཀྱི་བདུད་རྩི། །གངས་ལྗོངས་དད་བསོད་རྫིང་བུར་ཅིག་ཅར་དུ་དྲངས་ནས། །བཀའ་བརྒྱུད་གྲུབ་པའི་པད་ཚལ་ཅི་དགའ་རུ་བཞད་མཛད། །དགྱེས་མཛད་མར་པ་ལོ་ཙཱ་དེ་སྙིང་དབུས་ནས་དྲན་བྱུང་། །ཡང་གསང་འབྲས་བུའི་ཐེག་པའི་གསང་ལམ་ལ་བརྟེན་ནས། །སྙིགས་དུས་ཚེ་ཐུང་གཅིག་ལ་སྐུ་བཞི་ཡི་རྒྱལ་སར། །བདེ་བར་ངལ་འཚོ་ཐོབ་པ་གྲུབ་བརྒྱ་ཡི་གཙུག་ནོར། །དབང་ཕྱུག་བཞད་པ་རྡོ་རྗེ་དེ་སྙིང་དབུས་ནས་དྲན་བྱུང་། །འགྲོ་བསོད་དགེ་བའི་སྐྱ་རེངས་ཁ་ལོ་ཡིས་དྲངས་པའི། །མཁྱེན་བརྩེའི་ཆ་ཤས་ཡོངས་གང་རྟ་བདུན་གྱི་དབང་པོ། །བཀའ་ཕྱག་བརྒྱུད་པའི་པད་ཚལ་ཆེས་ཆེར་དུ་བཞད་མཛད། །དྭགས་པོ་ཟླ་འོད་གཞོན་ནུ་དེ་སྙིང་དབུས་ནས་དྲན་བྱུང་། །འཕགས་བོད་མཁས་དང་གྲུབ་པའི་ཞལ་ལུང་གི་ཉིང་ཁུ། །བཏུང་བས་ལུས་སྟོབས་ཆེར་རྒྱས་གྲུབ་མཆོག་གི་དབང་ཕྱུག །མཁའ་སྤྱོད་དབུ་མའི་གྲོང་ན་མིག་འཕྲུལ་བཞིན་བསྐྱོད་པའི། །རས་ཆུང་རྡོ་རྗེ་གྲགས་པ་དེ་སྙིང་དབུས་ནས་དྲན་བྱུང་། །བསླབ་གསུམ་འདབ་མའི་ཁྱོན་ཡངས་ཨུ་དུམ་ནི་བཱ་ར། །ལུང་རྟོགས་སྦྲང་རྩིས་གཏམས་པའི་གེ་སར་གྱི་འཛུམ་གྱིས། །སྐལ་བཟང་རྐང་དྲུག་ཚོགས་ཀྱི་རེ་བ་མཆོག་སྐོང་མཛད། །ཕག་གྲུ་རྡོ་རྗེ་རྒྱལ་པོ་དེ་སྙིང་དབུས་ནས་དྲན་བྱུང་། །རྟོགས་པ་མཁའ་དང་མཉམ་པ་གླིང་ཆེན་གྱི་རས་པ། །འགྲོ་དོན་མཁའ་དང་མཉམ་པ་གཙང་པ་ཡི་རྒྱ་རས། །ཕྲིན་ལས་མཁའ་དང་མཉམ་པ་ལོ་རྒོད་དང་དབོན་རས། །བཀའ་བརྒྱུད་གྲུབ་པའི་ཚོགས་རྣམས་སྙིང་དབུས་ནས་དྲན་བྱུང་། །ཕྱག་ན་པད་དཀར་འཆང་བའི་ཐུགས་བསྐྱེད་ཀྱི་རོལ་གར། །གདུལ་དཀའ་འགྲོ་བ་འདུལ་བའི་ཕྲིན་ལས་ནི་ཟླ་བྲལ། །མཆོག་གི་སྤྲུལ་སྐུ་ཀར་རབས་ཡང་སྤྲུལ་ནི་བརྒྱུད་བཅས། །ངོ་མཚར་གསེར་རིའི་ཕྲེང་བཟང་སྙིང་དབུས་ནས་དྲན་བྱུང་། །གཞན་ཡང་དྭགས་པོ་གདན་རབས་འབའ་རོམ་དང་ཚལ་བ། །འབྲི་སྟག་ཁྲོ་གླིང་སྨར་ཡེར་གཡའ་བཟང་དང་ཤུག་གསེབ། །གྲུབ་པའི་ཚང་ཆེན་རྡོལ་བའི་ཆུ་མགོ་རུ་གྱུར་པའི། །ཆེ་བཞི་ཆུང་བརྒྱད་བརྒྱུད་པ་སྙིང་དབུས་ནས་དྲན་བྱུང་། །ཤླ་ཀ་འདི་གཉིས་སླད་ནས་མོས་ལྡན་འགའ་རེའི་གསུང་ངོར་བསྣན་པ་ཡིན། མཆན། སྒྱུ་ལུས་ལྷ་སྐུར་གྲོལ་བའི་རྗེས་ཐོབ་ཀྱི་རོལ་རྩེད། །ངོ་མཚར་སྤྲུལ་བསྒྱུར་འབུམ་གྱི་ཟློས་གར་དང་འགྲོགས་ནས། །བདེ་ཆེན་མཁའ་སྤྱོད་དགའ་མའི་འཛུམ་དཀར་ལ་རོལ་བའི། །བཀའ་བརྒྱུད་གྲུབ་པའི་ཚོགས་རྣམས་སྙིང་དབུས་ནས་དྲན་བྱུང་། །སྲོག་རྩོལ་ཐབས་ལ་མཁས་པས་ལས་རླུང་གི་རྒྱུ་བ། །དབུ་མ་སྒྲ་གཅན་དབྱིངས་སུ་ལྷག་མེད་དུ་བཙུད་པའི། །རང་རྩལ་ཟབ་གསང་སྙིང་པོའི་དོ་ཧ་རུ་སྟོན་མཛད། །བཀའ་བརྒྱུད་གྲུབ་པའི་ཚོགས་རྣམས་སྙིང་དབུས་ནས་དྲན་བྱུང་། །གཟུང་འཛིན་ཨ་འཐས་ཞེན་པའི་ཁུ་རླངས་ཀྱི་ཚོགས་རྣམས། །འོད་གསལ་ཆོས་ཉིད་མཁའ་ལ་རང་དེངས་སུ་སོང་བས། །མཁྱེན་བརྩེའི་ཉི་ཟླ་གསར་པའི་དཀྱིལ་འཁོར་གྱིས་མཛེས་པའི། །བཀའ་བརྒྱུད་གྲུབ་པའི་ཚོགས་རྣམས་སྙིང་དབུས་ནས་དྲན་བྱུང་། །མོས་གུས་དབྱར་རྔའི་སྒྲ་ཡིས་བསྐུལ་མཁན་ཞིག་ཡོད་ན། །བྱིན་རླབས་སྤྲིན་གྱི་མྱུ་གུ་འཛད་མེད་དུ་འཇོ་བས། །དོན་གཉིས་ཆུ་གཏེར་འཕེལ་བའི་དགེ་མཚན་ལ་རོལ་བ། །བཀའ་བརྒྱུད་གྲུབ་པའི་ཚོགས་རྣམས་སྙིང་དབུས་ནས་དྲན་བྱུང་། །ཡང་ཡང་སྙིང་ལ་ཤར་བའི་མོས་གུས་ཀྱི་གསོལ་འདེབས། །ལྷང་ལྷང་མགྲིན་པའི་རྒྱུད་ནས་གླུ་དབྱངས་སུ་ལེན་ན། །ཐིབས་ཐིབས་བཀའ་བརྒྱུད་བླ་མའི་བྱིན་ཆེན་དེ་ཕོབས་ལ། །ཟབ་ཟབ་རྟོགས་པའི་ཕ་ཕོག་སྟན་འདི་རུ་སྩོལ་ཅིག །ཆོས་བརྒྱད་ཆོམ་ལ་ཕེབས་པའི་བྱ་བཏང་གི་རྣལ་འབྱོར། །སྒོམ་མེད་ཀློང་དུ་གྱུར་པའི་རྟོགས་ལྡན་གྱི་རྒྱལ་པོ། །དོན་གཉིས་མཐའ་རུ་ཕྱིན་པ་ཀུན་མཁྱེན་གྱི་ཞལ་ཚབ། །བཀའ་བརྒྱུད་རྣམ་ཐར་འཁྱོང་བའི་བྱིན་རླབས་ཤིག་སྩོལ་ཅིག །བཀའ་བརྒྱུད་བླ་མའི་བྱིན་རླབས་སྤྲིན་ཕུང་ནི་ཐིབས་ཐིབས། །ཡི་དམ་ཞི་ཁྲོའི་དངོས་གྲུབ་ཆར་རྒྱུན་ནི་སིབ་སིབ། །མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་གློག་དམར་ནི་ཁྱུགས་ཁྱུགས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་དེ་སྩོལ་ཅིག །ཅེས་བཀའ་བརྒྱུད་གྲུབ་པའི་ཚོགས་ཀྱི་ཐུགས་རྗེ་བསྐུལ་བའི་གླུ་ཆུང་འདི་ནི། མ་ཅིག་གྲུབ་པའི་རྒྱལ་མོ་དང་དབང་ཕྱུག་བཞད་པ་རྡོ་རྗེས་ལུང་བསྟན་པའི་གནས། རས་ཆུང་རྡོ་རྗེ་གྲགས་པ་ཉིད་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད་ས་ལོ་རོ་མོག་པ་ཚེ་སྐང་གི་སྒྲུབ་ཕུག་ཏུ་རྗེ་བཙུན་རས་པ་ཆེན་པོའི་བླ་སྒྲུབ་དང་རྗེས་སུ་འབྲེལ་བར་ཚོགས་ཀྱི་མཆོད་པ་བགྱིས་པའི་སྐབས། མདོ་ཁམས་ཞེ་སྤྲུལ་མིང་འཛིན་པ་ཨོ་རྒྱན་མི་འགྱུར་ཀུན་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་བཏབ་པ་སྟེ། འདིས་ཀྱང་རང་གཞན་ཀུན་གྱི་རྒྱུད་ལ་ཟབ་གསང་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་སྐྱེ་བའི་རྒྱུར་གྱུར་ཅིག། །། |