རྟགས་ཀྱི་འཇུག་པའི་སྡོམ་བྱང་།

༄༅། །རྟགས་ཀྱི་འཇུག་པའི་སྡོམ་བྱང་ནི། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །ཐམས་ཅད་མཁྱེན་ལ་ཕྱག་བྱས་ནས། །རྟགས་ཀྱི་འཇུག་པའི་སྡོམ་བྱང་ནི། །རྨོངས་པ་རང་དྲན་གསོ་ཕྱིར་འབྲི། །ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱ་ལི་ཤེས་རབ་རང་བཞིན་མོ། །ཀཱ་ལི་ཐབས་མཆོག་ཕོ་ཡིག་ལས། །ཕྱི་མ་གསལ་བྱེད་སུམ་ཅུ་པོོ། །དགོས་པའི་དབང་གིས་ལྔ་རུ་དབྱེ། །ཀ་ཅ་ཏ་པ་ཙ་རྣམས་ཕོ། །ཁ་ཆ་ཐ་ཕ་ཚ་མ་ནིང་། །ག་ཇ་ད་བ་ཛ་ཝ་ཞ། །ཟ་འ་ཡ་ཤ་ས་རྣམས་མོ། །ང་ཉ་ན་མ་ཤིན་ཏུ་མོ། །ར་ལ་ཧ་གསུམ་མོ་གཤམ་སྟེ། །ཨ་ནི་མཚན་མ་མེད་ཅེས་བྱ། །དེ་དག་མིང་གཞིའི་དབྱེ་བའོ། །དེ་ལས་ག་ནས་ཧ་ཡི་བར། །བཅུ་དགུ་མོ་རུ་བཞག་པ་ལས། །རྗེས་སུ་འཇུག་པ་བཅུ་དབྱུང་ཞིང་། །དེ་ཡང་ག་ད་བ་ས་ཕོ། །ང་མ་འ་གསུམ་མོ་དང་ནི། །ན་ར་ལ་གསུམ་མ་ནིང་ངོ་། །དེ་ལས་སྔོན་འཇུག་ལྔ་དབྱུང་བའི། །ཕོ་བ་མ་ནིང་ག་ད་གཉིས། །མོ་འ་ཤིན་ཏུ་མོ་ཉིད་མའོ། །སྔོན་འཇུག་གང་གིས་གང་ལ་ནི། །ཕོ་ཡིག་བ་ནི་ཕོའི་ཡི་གེ། །ཀ་ཅ་ཏ་ཙ་བཞི་དང་ནི། །མོ་ཡིག་ག་ང་ཇ་ཉ་ད། །ན་ཛ་ཞ་ཟ་ར་ཤ་ས། །བཅུ་གཉིས་ལ་ཡིན་དེ་ཡང་ནི། །ཀ་ཅ་ཏ་ཙ་ག་ད་ཞ། །ཟ་ཤ་ས་བཅུར་རྐྱང་པ་དང་། །ཀ་ག་ཟ་ར་ས་ལྔ་ལ། །འདོགས་དང་ཀ་ཏ་ཙ་ག་ང་། །ཇ་ཉ་ད་ན་ཛ་བཅུ་ལ། །བརྩེགས་འཕུལ་དག་ཏུ་འཇུག་པ་ཡིན། །མོ་ཡིག་འ་ནི་མོའི་ཡི་གེ། །ག་ཇ་ད་བ་ཛ་ལྔ་དང་། །མ་ནིང་ཁ་ཆ་ཐ་ཕ་ཚར། །རྐྱང་དང་ག་ད་བ་ཁ་ཕ། །ལྔ་ལ་འདོགས་འཕུལ་དུའང་འཇུག །མ་ནིང་ག་ནི་ཕོའི་ཡི་གེ། །ཅ་ཏ་ཙ་གསུམ་མོ་ཉ་ད། །ན་ཞ་ཟ་ཡ་ཤ་ས་སྟེ། །བརྒྱད་ལ་རྐྱང་འཕུལ་ཁོ་ནས་འཇུག །ད་ནི་ཕོ་ཡིག་ཀ་པ་གཉིས། །མོ་ཡིག་ག་ང་བ་མ་བཞིར། །རྐྱང་དང་ཀ་པ་ག་བ་མ། །ལྔ་ལ་འདོགས་འཕུལ་ཉིད་དུ་འཇུག །ཤིན་ཏུ་མོ་ཡི་མ་ཡིག་ནི། །མ་ནིང་ཁ་ཆ་ཐ་ཚ་བཞི། །མོ་ཡིག་ག་ཇ་ད་ཛ་བཞི། །ང་ཉ་ན་གསུམ་ཤིན་ཏུ་མོར། །རྐྱང་འཕུལ་ཁ་དང་ག་གཉིས་ལ། །འདོགས་ཀྱིས་འཇུག་སྟེ་རིམ་པར་དཔེར། །བཀས་བཅད་བཏུ་བཙལ་བགོས་བདག་བཞེད། །བཟང་བཤད་བསམ་དང་བསྐྱེད་བཀྲག་བཀླགས། །བསྒྱིང་བགྲད་བཟླས་བརླབས་བསླང་བསྲང་དང་། །བརྐོ་བསྐོན་བརྟས་བལྟའ་བསྟོད་བརྩེགས་བརྒལ། །བསྒོ་བརྔའ་བསྔགས་བརྗོད་བརྙས་བསྙེན་བརྡའ། །བལྡད་བསྡོག་བརྣོག་བསྣན་བརྫང་བས་འཕུལ། །འགོད་འཇུག་འདུག་འབོལ་འཛོལ་འཁོར་འཆང་། །འཐད་འཕགས་འཚལ་དང་འགྱེད་འགྲེལ་འདྲེན། །འབྱེད་འབྲེལ་འཁྱེར་འཁྲེན་འཕྱན་འཕྲན་འ། །གཅིག་གཏམ་གཙུག་གཉེར་གདངས་གནས་གཞལ། །གཟུགས་གཡེང་གཤམ་གསལ་ག་ཡིས་འཕུལ། །དཀོན་དཔལ་དགའ་དབང་དངོས་དམར་དང་། །དཀྱིལ་དཀྲོགས་དཔྱད་དཔྲལ་དགྱེས་དགྲམ་དབྱིག །།དབྲོག་དམྱལ་དབོ་མཁས་མཆོད་མཐོང་། །མཚུངས་མགུ་མཇེད་མདོག་མཛད་མངོན་མཉེས། །མནབས་དང་མཁྱེན་མཁྲངས་མགྱོགས་མགྲིན་རྣམས། །མ་ཡིས་འཕུལ་སོགས་རིགས་པས་དཔྱོད། །ཇི་ལྟར་འཇུག་པ་ཕོ་ཡིག་བ། །སྒྲ་དང་བྱེད་རྩོལ་དྲག་པས་ཏེ། །མ་ནིང་ག་ད་རན་པས་དང་། །མོ་ཡིག་འ་ཞན་ཤིན་ཏུ་མོའི། །མ་ནི་མཉམ་ཞིང་ལྷོད་པས་སོ། །ཅི་ཕྱིར་འཇུག་པ་ཕོ་ཡིག་བ། །འདས་པའི་དུས་དང་གཞན་སྒྲུབ་ཕྱིར། །མ་ནིང་ག་ད་བདག་གཞན་གཉིས། །ད་ལྟའི་དུས་ཏེ་གསུམ་ལ་འཇུག །མོ་ཡིག་འ་ནི་དངོས་པོ་བདག །དུས་ནི་ད་ལྟ་མ་འོངས་པའོ། །ཤིན་ཏུ་མོའི་མ་བདག་གཞན་དང་། །དུས་གསུམ་ཀུན་ལ་འཇུག་སྟེ་དཔེར། །བསྟནད་ཏོ་བསྟན་བྱ་བསྟན་པར་བྱ། །གཅོད་པོས་གཅོད་དོ་གཅད་བྱ་གཅད། །གཅོད་བཞིན་དཀྲི་པོས་དཀྲི་བར་བྱེད། །དཀྲི་བྱ་དཀྲིའོ་དཀྲི་ཡིན་སྣང་། །འཆད་པོས་འཆད་དོ་འཆད་བཞིན་པ། །འཆད་འགྱུར་མཁས་པ་མཁས་པར་བྱེད། །མཁས་བྱར་མཁས་བྱ་མཁས་པར་གྱུརད། །མཁས་བཞིན་མཁས་པར་འགྱུར་རོས་མཚོན། །རྗེས་འཇུག་གང་ལ་མིང་གཞི་ཡི། །ཡི་གེ་གསལ་བྱེད་ཐམས་ཅད་ལ། །གང་གིས་ཡི་གེ་བཅུ་པོ་ཡིས། །ཇི་ལྟར་སྒྲ་དང་དོན་ཀྱི་ཚུལ། །སྒྲ་ལ་དབྱེ་ན་བརྒྱད་ཡོད་དེ། །ཕོ་ཡིག་ག་ལ་ཡང་འཇུག་གི། །ས་མཐའ་ཡོད་ན་སྐྱེས་བུ་རབ། །བ་ལ་ས་ཞུགས་སྐྱེས་བུ་འབྲིང་། །ཡང་འཇུག་མེད་པའི་ག་བ་དང་། །ད་སའི་མཐར་ཅན་ཐ་སྟེ་གསུམ། །མོ་ཡིག་ང་མ་གཉིས་ཀྱི་མཐར། །ས་མཐའ་ཡོད་ན་མོ་ཙམ་དང་། །ས་མཐའ་མེད་པའི་ང་མ་དང་། །འ་མཐའ་ཤིན་ཏུ་མོ་སྟེ་གཉིས། །མ་ནིང་ན་ར་ལ་གསུམ་པོ། །མིང་གཞི་ཀ་ཅ་ཏ་པ་ཙ། །ཕོར་འཕྲད་ཡང་འཇུག་ཡོད་དམ་མེད། །ག་ཇ་ད་བ་ཛ་ཝ་ཞ། །ཟ་འ་ཡ་ཤ་ས་ང་ཉ། །ན་མ་ར་ལ་ཧ་མོར་འཕྲད། །ཡང་འཇུག་མེད་ན་འགྱུར་བ་དང་། །ག་ནས་ཧ་བར་མོ་བཅུ་དགུར། །ད་དྲག་དང་བཅས་མཚན་གཉིས་པ། །མ་ནིང་ཁ་ཆ་ཐ་ཕ་ཚར། །འཕྲད་ན་ཡང་འཇུག་ཡོད་མེད་རུང་། །མཚན་མེད་ཉིད་དེ་གསུམ་བཅས་བརྒྱད། །དཔེར་བརྗོད་དཀྲིགས་མཁྲེགས་སྒྲོགས་ངོགས་རབ། །ཀླུབས་འཁོབས་བསྒྲུབས་རྔུབས་བཅབས་ཆིབས་འབྲིང་། །སྐས་སྐད་བཀག་བཀབ་མཁས་བགྲད་ངག །ཐ་སྟེ་ཕོ་གསུམ་བསྐངས་ཁམས་གངས། །མོ་ཙམ་བསྐང་སྐོམ་བཀའ་ཁམས་མཁའ། །ཁོང་སྒྲོམ་ཤིན་ཏུ་མོ་སྟེ་གཉིས། །བསྟནད་རྐུན་བསྐོརད་བསྟར་རྩལད་བཙལ་འགྲན། །འགོར་འགུར་འགྱུར་བ་འཛིནད་བརྒྱནད་འབྱོརད། །གྱུརད་རོལད་བསལད་འདུནད་མཚན་གཉིས་དང་། །ཕྱིནད་མཐུནད་ཐརད་འཐོར་འཕྲུལད་འཁྲུལ་མཚོན། །མཚན་མེད་དང་བཅས་མ་ནིང་ངོ་། །དོན་ལ་སྔ་མ་སྔོན་འཇུག་གི། །བདག་གཞན་དུས་གསུམ་གང་སྟོན་པ། །དེ་དེར་བསྟུན་ལ་སྦྱོར་ཤེས་བྱ། །ཕྱི་མ་ཕོ་མོ་མ་ནིང་གིས། །རང་རང་མིང་མཐའ་འདྲེན་པ་སྟེ། །དཔྱིད་ཀ་སྟོནད་ཀ་བེརད་ཀ་དང་། །བསྟོད་པ་མཁྱེནད་པ་ཕྱིནད་པ་དང་། །བསྟེནད་པ་བསྟོད་པ་རྩོད་པ་དང་། །གློད་པ་ཆུབ་པ་ཁྱབ་པ་དང་། །སྒྲུབ་པ་གྲུབ་པ་སྐྱོབ་པ་དང་། །གདབ་པ་ཐོབ་པ་འགྲུབ་པ་དང་། །ཐུབ་པ་སོས་ཀ་བྱས་པ་དང་། །བསྒྲུབས་པ་དགོས་པ་དངོས་པོ་དང་། །དགོངས་པ་གོམས་པ་བཟླས་པ་དང་། །དམིགས་པ་ཆགས་པ་མཁྲིས་པ་དང་། །པགས་པ་རྟག་པ་གཅིག་པུ་དང་། །ཅིག་ཅར་ལ་སོགས་ཕོ་ཡིས་དྲངས། །གང་བ་སྙིང་ག་གདུང་མ་དང་། །འདེམ་ག་གསུམ་ག་ཟླ་བ་དང་། །འདྲ་བ་དཔའ་བ་བདེ་བ་དང་། །ཉི་མ་ཡ་ག་ཉ་ག་དང་། །འདི་ག་གྲོ་ག་ཁྱི་གུ་དང་། །ལུ་གུ་ལ་སོགས་མོ་ཡིས་དྲངས། །སྟོན་ཁ་དབྱར་ཁ་ཐལ་ཁ་དང་། །མོན་ཁ་སེར་ཁ་རལ་ཁ་སོགས། །མ་ནིང་རང་གིས་དྲངས་པར་བཞེད། །གཞན་ཡང་དམ་པ་རིམ་པ་དང་། །དར་བ་ཤར་བ་རྒྱལ་བ་དང་། །སྟོང་པ་ལྟད་མོ་སྟོན་མོ་པ། །སྟག་མོ་ལ་སོགས་བརྗོད་བདེ་འདྲེན། །དེ་ལྟས་རྣམ་དབྱེ་ཚིག་ཕྲད་སོགས། །མ་ནོར་ཞིབ་མོའི་བློ་ཡིས་སྦྱར། །ཅིའི་ཕྱིར་ཡི་གེའི་ཁོང་ནས་མིང་། །མིང་ལས་ཚིག་འབྱུང་ཚིག་དེ་ལས། །བསླབ་དང་རིག་བྱེད་ལ་སོགས་པའི། །བརྗོད་པ་མཐའ་དག་འབྱུང་དེ་ཡིས། །འཇིག་རྟེན་གསུམ་པོ་སྣང་བར་བྱེད། །དེས་ན་བློ་དང་ལྡན་རྣམས་ཀྱིས། །ཚུལ་འདིར་འབད་པར་མཛོད་ཅིག་ཀྱཻ། །འདི་ནི་རང་གི་དྲན་གསོས་ཙམ། །འགྲེལ་ཆེན་སོོགས་དང་བསྟུན་ནས་བྲིས། །ནོངས་ན་མཁས་རྣམས་བཟོད་པར་མཛོད། །སྐལ་མཉམ་གཞན་ལའང་ཕན་གྱུར་ཅིག །ཅེས་པའང་འཇམ་དབྱངས་བློ་གྲོས་རྒྱ་མཚོོས་བྲིས་པ་དགེ།