ཀ་ཡེ་གསོན་དང་སྙིང་གི་གྲོགས་པོ།

༄༅། །ཀ་ཡེ་གསོན་དང་སྙིང་གི་གྲོགས་པོ་བ། །ཁ་འཇམ་རྒྱུད་རྩུབ་དེང་སང་སྐྱེ་བོ་རྣམས། །ག་ནས་བསམས་ཀྱང་གཡོན་ཅན་བྱི་ལ་འདྲ། །ང་ཅག་བསླུ་རུ་ཡོང་བས་རྟག་ཏུ་གཟོབ། །ཅ་ཅོ་སྨྲ་བ་རྫུན་གྱི་བསླུ་བྲིད་དངོས། །ཆ་ཤས་ཙམ་ཡང་བདེན་པའི་དོན་གྱིས་སྟོངས། །ཇ་སུན་ཙམ་ངོར་ཁྲེལ་དང་ངོ་ཚ་དོར། །ཉ་མའི་མགོ་སྡུད་རྣམས་ལ་ཡིད་རྟོན་ཅི། །ཏ་ཐཱ་ག་ཏའི་བཅས་ཁྲིམས་མི་སྲུང་བར། །ཐ་མལ་སྐྱེ་བོ་དམན་པའི་བསམ་སྤྱོད་ཅན། །ད་ལྟའི་དུས་ན་ས་སྟེང་ཆོམ་པོས་གང་། །ན་སོ་རྒན་གཞོན་མེད་པ་དེ་ལ་མགུ། །པ་སངས་ལྟར་དཀར་ལྷག་བསམ་འཆང་བ་དང་། །ཕ་རོལ་ཕྱིན་ལམ་གཞུང་བཞིན་སྤྱོད་རྣམས་ལ། །བ་གླང་ལྟ་བུའི་རྨོངས་པས་འཕྱ་ཞིང་སྨོད། །མ་རབས་ཁ་འཆམས་བཟང་པོ་ཁྱད་དུ་གསོད། །ཙ་ར་གསོད་ལ་སྐུ་བསོད་རྒྱས་སོ་སྐད། །ཚྭ་ཚོང་འགྲུལ་སྡོད་ཐུབ་ན་མདོ་ཅན་རློམ། །ཛ་ལང་གདུག་རྩུབ་སུ་ཆེ་ཁ་དྲག་རྩི། །ཝ་སྐྱེས་ལྤགས་སྔོན་རྣམས་ཀྱི་སྤྱོད་ཚུལ་སོམས། །ཞྭ་གོས་རྒྱན་ཆས་མཐའ་མི་ཆོམ་པོར་བསྟུན། །ཟ་མ་ཤ་ཆང་དུག་དང་ལོག་འཚོར་རེ། །འ་ཅག་ཁྲེལ་མེད་ཡིན་ཞེས་མགོ་འཕང་བསྟོད། །ཡ་ངའི་ངན་སྤྱོད་ཁྲོམ་ལ་དར་བཞིན་འཕྱར། །ར་གན་གསེར་རློམ་ཧམ་པ་སུ་བས་མཐོ། །ལ་ལ་ཙམ་ལས་ཕལ་ཆེར་འདྲིས་ལ་སྡང་། །ཤ་ཚའི་གྲོས་འདེབས་མཁན་ལ་ཐབས་ཀྱིས་བྱོལ། །ས་ཕག་རྣམས་སུ་དེ་ལ་ངན་སྨྲས་སྒྲོགས། །ཧ་ཅང་བསྐུལ་ན་དངོས་སུ་རྒོལ་ཞིང་བསྡིག །ཨ་ར་ཟེང་ཟེང་འཁོན་གྱེས་བྱེད་པའི་རྒྱུ། །དེས་ན་གཞན་གྱི་ངན་སྤྱོད་མི་ཁེགས་ཀྱང་། །རང་ཉིད་ངན་སྤྱོད་དྲི་མས་མ་ནོངས་གལ། །དེ་ཕྱིར་གཞན་སྐྱོན་རྟོག་པའི་མེ་ལོང་མིན། །རང་སྐྱོན་ལྟོས་ལ་བྱི་དོར་མཛོད་ཅིག་ཅེས། །བརྩེ་བས་སྨྲས་འདི་ཁྱེད་ཀྱི་སེམས་ལ་ཞོག །དགེ་བས་བཟང་པོའི་དཔལ་གྱིས་འཁྱུད་གྱུར་ཅིག །ཅེས་ཀྱང་སྨྲས་སོ། །