Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
  expand section
   
ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན། next

ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན།

༄༅། །ངྷཱིརུཛཱགྲཻབེཡཾནཱམལེཁསྱསཾབིདཱིབྷཱནུཤཱསྟྲོཿཤཱསྟྲཾབིཧརཏིསྨ། །
༄༅། །ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ། །
༄༅། །ཨེ་ཝཾ་ཟུང་འཇུག་ཐབས་ཤེས་ཡི་གེའི་ལྷ། །ཡིད་བཞིན་རིན་ཆེན་སྤྲིན་ལ་ཕྱག་བྱས་ནས། །བསླབ་དང་རིག་བྱེད་མིང་ཚིག་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་མདོ་ཙམ་འདིར་བརྗོད་བྱ། །ཡི་གེའི་ངོ་བོ་ངེས་ཚིག་སྐྱེ་གནས་དང་། །བྱེད་རྩོལ་དབྱེ་བསྡུ་འཇུག་ཚུལ་རྣམ་དབྱེ་ཕྲད། །སྡུད་ཚུལ་དང་བཅས་རྣམ་གྲངས་བཅུ་རུ་འདོད། །ངོ་བོ་ཨེ་ཝཾ་ཐབས་ཤེས་ཟུང་དུ་འཇུག །ངེས་ཚིག་ཨཀྵ་ར་སྟེ་མི་འགྱུར་གསལ། །སྐྱེ་གནས་མགྲིན་པ་རྐན་སོ་མཆུ་ལྕེ་སྣ། །བྱེད་པ་རྩོལ་བ་ཕྱི་དང་ནང་གཉིས་སོ། །དབྱེ་ན་དབྱངས་གསལ་སྔོན་རྗེས་མིང་གཞི་དང་། །བརྩེགས་འདོགས་འཕུལ་དང་རྣམ་གྲངས་རྣམ་པ་དགུ། །དབྱངས་བཞི་གསལ་བྱེད་སུམ་ཅུ་སྔོན་འཇུག་ལྔ། །རྗེས་འཇུག་བཅུ་དང་མིང་གཞི་བཅུ་ཕྲག་གཉིས། །བརྩེགས་ལ་ར་ལ་ས་སྟེ་མགོ་ཅན་གསུམ། །ཞབས་འདོགས་ཡ་ར་ལ་ཝ་རྣམ་པ་བཞི། །འཕུལ་ལ་འཕུལ་བྱེད་ཡི་གེ་རྣམ་པ་ལྔས། །ཕུལ་བྱ་ཝ་འ་ཧ་ཨ་བཞི་ལ་མིན། །ར་ལ་ཕྱེད་འཕུལ་རྐྱང་མིན་བརྩེགས་ལ་ཡོད། །རྣམ་གྲངས་རྐྱང་བརྩེགས་འཕུལ་ཏེ་རྣམ་པ་གསུམ། །རྐྱང་པ་བོད་ཡིག་སུམ་ཅུ་རྩ་བདུན་ཏེ། །སྲོག་རྐྱེན་རྣམ་བདུན་གསལ་བྱེད་སུམ་ཅུའོ། །བརྩེགས་ལ་ར་མགོ་བཅུ་གཉིས་ལ་མགོ་བཅུ། །ས་མགོ་བཅུ་གཅིག་ཡ་འདོགས་རྣམ་པ་བདུན། །ར་འདོགས་བཅུ་གཉིས་ལ་འདོགས་རྣམ་པ་དྲུག །ཝ་ནི་འར་བསྡུས་ཡན་ལག་ཙམ་དུ་བཞེད། །སུམ་བརྩེགས་བཅུ་བཞི་ཡོངས་དྲིལ་བདུན་ཅུ་གཉིས། །འཕུལ་ལ་གས་འཕུལ་བཅུ་གཅིག་དས་འཕུལ་དྲུག །བས་འཕུལ་བཅུ་དང་མས་འཕུལ་བཅུ་གཅིག་དང་། །འས་འཕུལ་བཅུ་བཅས་རྐྱང་འཕུལ་བཞི་བཅུ་བརྒྱད། །བརྩེགས་འཕུལ་དས་འཕུལ་དགུ་དང་བས་འཕུལ་བ། །སུམ་ཅུ་རྩ་དྲུག་མས་འཕུལ་རྣམ་པ་བཞི། །འས་ཕུལ་དགུ་བཅས་བརྩེགས་འཕུལ་ང་བརྒྱད་དེ། །འཕུལ་བའི་ཡི་གེ་བརྒྱ་རྩ་དྲུག་ཏུ་བཞེད། །མདོར་ན་ལུས་ཀྱི་ཡི་གེ་ཉིས་བརྒྱ་བརྒྱད། །དབྱེ་ན་བརྗོད་རུང་ཚད་ཀྱི་ཡི་གེའི་གྲངས། །ཆིག་ཁྲི་བརྒྱད་སྟོང་བདུན་བརྒྱ་ཞེ་ལྔ་ལས། །བོད་སྐད་སྟོང་ཕྲག་བརྒྱད་དུ་འདུ་བར་གསུངས། །བསྡུ་ན་སྒྲ་ཡིག་ཕ་མ་གཉིས་སུ་འདུ། །སྲོག་རྐྱེན་རྣམ་བདུན་ཨ་ཡི་ཁོངས་སུ་བསྡུ། །ཨ་ཉིད་མ་ལ་གཞན་རྣམས་ཕར་བཤད་དོ། །འཇུག་ཚུལ་ཕོ་མོ་མ་ནིང་རྟགས་ཀྱིས་དབྱེ། །གང་གིས་གང་ལ་འཇུག་དང་ཇི་ལྟར་འཇུག །ཅི་ཕྱིར་འཇུག་དང་རྗེས་འཇུག་སྦྱོར་ཚུལ་ལྔ། །དབྱེ་བ་མིང་གཞི་རྗེས་འཇུག་སྔོན་འཇུག་གསུམ། །མིང་གཞི་ཐབས་མཆོག་ཕོ་ཡིག་སུམ་ཅུ་པོ། །དགོས་པའི་དབང་གིས་རྣམ་པ་ལྔ་རུ་དབྱེ། །དེ་ཡང་ཀ་ཅ་ཏ་པ་ཙ་རྣམས་ཕོ། །དེ་བཞིན་ཁ་ཆ་ཐ་ཕ་ཚ་མ་ནིང་། །ག་ཇ་ད་བ་ཛ་ཝ་ཞ་ཟ་འ། །ཡ་ཤ་ས་མོ་ང་ཉ་ན་མ་བཞི། །ཤིན་ཏུ་མོ་དང་ར་ལ་ཧ་གསུམ་པོ། །མོ་གཤམ་ཨ་ནི་མཚན་མ་མེད་ཅེས་བྱ། །རྗེས་འཇུག་ག་ད་བ་ས་ཕོ་དང་ནི། །ང་མ་འ་གསུམ་མོ་དང་ན་ར་ལ། །མ་ནིང་ཞེས་བརྗོད་དེ་ལས་སྔོན་འཇུག་ལྔ། །ཕོ་བ་མ་ནིང་ག་ད་མོ་འ་དང་། །མ་ནི་ཤིན་ཏུ་མོ་རུ་ཤེས་པར་བྱ། །སྔོན་འཇུག་གང་གིས་གང་ལ་འཇུག་པའི་ཡུལ། །ཕོ་བ་ཕོ་ཡིག་ཀ་ཅ་ཏ་ཙ་བཞི། །མོ་ཡིག་ག་ང་ཇ་ཉ་ད་ན་ཛ། །ཞ་ཟ་ར་ཤ་ས་སྟེ་བཅུ་གཉིས་ལ། །དེ་ཡང་ཀ་ཅ་ཏ་ཙ་ག་ད་ཞ། །ཟ་ཤ་ས་བཅུར་རྐྱང་དང་ཀ་ག་ཟ། །ར་ས་ལྔ་ལ་འདོགས་དང་ཀ་ཏ་ཙ། །ག་ང་ཇ་ཉ་ད་ན་ཛ་བཅུ་ལ། །བརྩེགས་འཕུལ་དུ་འཇུག་དཔེར་བརྗོད་རིགས་པས་དཔྱད། །མོ་འ་མོ་ཡིག་ག་ཇ་ད་བ་ཛ། །མ་ནིང་ཁ་ཆ་ཐ་ཕ་ཚ་བཅུར་རྐྱང་། །ག་ད་བ་ཁ་ཕ་ལྔར་འདོགས་འཕུལ་འཇུག །མ་ནིང་ག་ནི་ཕོ་ཡིག་ཅ་ཏ་ཙ། །མོ་ཡིག་ཉ་ད་ན་ཞ་ཟ་ཡ་ཤ །ས་དང་བཅས་ལ་རྐྱང་འཕུལ་ཁོ་ནས་འཇུག །ད་ནི་ཕོ་ཡིག་ཀ་པ་གཉིས་དང་ནི། །མོ་ཡིག་ག་ང་བ་མར་རྐྱང་འཕུལ་དང་། །ཀ་པ་ག་བ་མ་ལྔར་འདོགས་འཕུལ་ཉིད། །ཤིན་ཏུ་མོའི་མ་མ་ནིང་ཁ་ཆ་ཐ། །ཚ་བཞི་མོ་ཡིག་ག་ཇ་ད་ཛ་བཞི། །ང་ཉ་ན་གསུམ་བཅས་ལ་རྐྱང་འཕུལ་དང་། །ཁ་ག་གཉིས་ལ་འདོགས་འཕུལ་དུ་ཡང་འཇུག །ཇི་ལྟར་འཇུག་པ་ཕོ་ཡིག་སྒྲ་རྩོལ་དྲག །མ་ནིང་གཉིས་པོ་རན་དང་མོ་ཉིད་ཞན། །ཤིན་ཏུ་མོ་ནི་མཉམ་ཞིང་ལྷོད་པས་སོ། །ཅི་ཕྱིར་ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་བདག་གཞན་ད་ལྟའི་དུས་ཏེ་གསུམ། །མོ་ནི་བདག་དང་ད་ལྟ་མ་འོངས་དུས། །ཤིན་ཏུ་མོ་ནི་བདག་གཞན་དུས་ཀུན་འཇུག །རྗེས་འཇུག་གང་གིས་གང་ལ་དབྱེ་བསལ་མེད། །ཇི་ལྟར་འཇུག་པ་སྒྲ་དང་དོན་གྱི་ཚུལ། །སྒྲ་ལ་ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། །དེ་བཞིན་མོ་ལ་མོ་དང་ཤིན་ཏུ་མོ། །མ་ནིང་འགྱུར་དང་མཚན་གཉིས་མཚན་མེད་གསུམ། །ཕོ་ཡིག་ག་ལ་ཡང་འཇུག་ཡོད་ན་རབ། །བ་ལ་འབྲིང་དང་ཡང་འཇུག་མེད་པ་ཡི། །ག་བ་ད་སའི་མཐའ་ཅན་ཐ་སྟེ་གསུམ། །མོ་ཡིག་ང་མར་ཡོད་ན་མོ་ཙམ་དང་། །མེད་པའི་ང་མ་འ་མཐའ་ཤིན་ཏུ་མོ། །མིང་གཞི་ན་ར་ལ་གསུམ་མིང་གཞི་ཡི། །ཕོར་འཕྲད་ཡང་འཇུག་ཡོད་དམ་མེད་ཀྱང་རུང་། །མོར་འཕྲད་ཡང་འཇུག་མེད་ན་འགྱུར་བ་དང་། །མོར་འཕྲད་ད་དྲག་ཅན་ལ་མཚན་གཉིས་པ། །མ་ནིང་དང་འཕྲད་ནམ་ཡང་མཚན་མེད་ཉིད། །དོན་ལ་སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །ཕྱི་མ་རང་རང་མིང་མཐའ་བརྗོད་བདེ་འདྲེན། །བཀླག་ཐབས་རང་གནས་བྱེད་རྩོལ་ཟུར་ཐོན་གཅེས། །རྣམ་དབྱེ་ངོ་བོ་ཙམ་སྟོན་ལས་སུ་བྱ། །བྱེད་པོ་དགོས་ཆེད་འབྱུང་ཁུངས་འབྲེལ་བའི་སྒྲ། །རྟེན་གནས་དང་བཅས་བདུན་ཡིན་དེ་ལ་ཡང་། །གཅིག་ཚིག་གཉིས་ཚིག་མང་ཚིག་རྣམ་པར་དབྱེ། །ཚིག་ཕྲད་ལྟོས་དང་མི་ལྟོས་རྣམ་པ་གཉིས། །དང་པོར་བརྒྱད་ཡོད་སླར་བསྡུ་ལ་དོན་དང་། །ཨི་ལྡན་རྒྱན་སྡུད་ལྷག་བཅས་འབྱེད་དང་སྡུད། །འབྱུང་ཁུངས་བོད་པའི་སྒྲ་རུ་ཤེས་པར་བྱ། །དང་པོ་རྗེས་འཇུག་བཅུ་པོ་རང་རང་དང་། །ད་དྲག་ཅན་མཐར་ཏ་ལ་རྣ་རུ་སྦྱར། །གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ། །སོ་དང་ཏོ་བཅས་བཅུ་གཅིག་དོན་གྱིས་འཐོབ། །སླར་བསྡུ་ཞེས་གྲགས་རྫོགས་ཚིག་ཟླ་སྡུད་དོ། །གཉིས་པ་སུ་ར་རུ་དུ་ན་ལ་ཏུ། །སྦྱོར་ཚུལ་ས་སུ་ག་བ་ད་དྲག་ཏུ། །ང་ད་ན་མ་ར་ལའི་རྗེས་སུ་དུ། །འ་མཐར་ར་རུ་གང་འོས་ན་ལ་གཉིས། །ཅི་བདེར་སྦྱར་ལ་ལ་དོན་བདུན་ཞེས་བཤད། །ལས་དང་ཆེད་དང་རྟེན་གནས་དེ་ཉིད་དང་། །ཚེ་སྐབས་དང་བཅས་རྣམ་པ་ལྔ་ལ་འཇུག །ན་ལ་གཉིས་ལ་འཇུག་སྒོ་གཞན་ཡང་ཡོད། །གསུམ་པ་ཀྱི་གྱི་གི་འི་ཡི་དང་ལྔ། །སྦྱོར་ཚུལ་ད་བ་ས་ཀྱི་ག་ང་གི། །ན་མ་ར་ལ་གྱི་དང་འ་མཐར་འི། །རྐང་ཁ་སྐོང་ཚེ་ཡི་སྦྱར་འབྲེལ་བའི་སྒྲ། །དེ་ལ་ས་སྦྱར་བྱེད་པ་པོ་རུ་འགྱུར། །བཞི་པ་ཀྱང་འང་ཡང་གསུམ་འཇུག་ཚུལ་ནི། །ག་ད་བ་ས་ད་དྲག་ཅན་མཐར་ཀྱང་། །ང་ན་མ་ར་ལར་ཡང་འ་མཐར་འང་། །རྐང་ཁ་སྐོང་ཚེ་ཡང་སྦྱར་མཐུན་པ་དང་། །མི་མཐུན་ཚིག་རྒྱན་གཉིས་དང་སྡུད་སྒྲར་འགྱུར། །ལྔ་པ་སྟེ་ཏེ་དེ་གསུམ་སྦྱོར་ཚུལ་ནི། །ག་ད་བ་མ་འ་མཐར་ས་སྟེ་དང་། །ད་དེ་ན་ར་ལ་ས་ད་དྲག་མཐར། །ཏེ་སྦྱར་ལྷག་བཅས་སྒྲར་བརྗོད་མཚམས་སྦྱོར་དང་། །དམ་བཅའ་གཞན་འདྲེན་གསུམ་ལ་དབྱེ་བ་བརྒྱད། །དྲུག་པ་གམ་ངམ་དམ་ནམ་བམ་མམ་འམ། །རམ་ལམ་སམ་དང་ད་དྲག་ཅན་མཐར་ཏམ། །སྦྱར་བ་འབྱེད་དང་སྡུད་པའི་དོན་ལ་འཇུག །བདུན་པ་ནས་ལས་གཉིས་ནི་ཅི་བདེར་སྦྱར། །འབྱུང་ཁུངས་ས་ཡིན་དངོས་དང་ཆ་འདྲ་དང་། །རྒྱུ་མཚན་དགར་དང་སྡུད་པའི་དོན་ལ་འཇུག །བརྒྱད་པ་གོང་མིང་ཐོག་མཐར་མཆོག་ལ་ཀྱེ། །ཕལ་ལ་ཀ་ཡེ་ཀྭ་སྦྱར་བོད་སྒྲའོ། །གཞན་ཡང་ག་ད་བ་གསུམ་ད་དྲག་མཐར། །ཅིང་ཅེས་ཅེའོ་ཅེ་ན་ཅིག་དེ་བཞིན། །ང་འ་ན་མ་ར་ལ་དྲུག་པོའི་རྗེས། །ཞིང་ཞེས་ཞེའོ་ཞེ་ན་ཞིག་དང་ནི། །ས་མཐར་ཤིང་ཤེས་ཤེའོ་ཤེ་ན་ཤིག །ག་ད་ན་བ་མ་ས་ད་དྲག་མཐར། །པ་དང་ང་འ་ར་ལར་བ་ཉིད་སྦྱར། །ལྷུག་པའི་སྡེ་ཚན་མཚམས་དང་ཚིགས་བཅད་ཀྱི། །རྐང་མཐར་ག་ལ་ཆིག་ཤད་ང་མཐར་གསུམ། །གཞན་དག་ཉིས་ཤད་ལེའུ་ཆེན་པོའི་མཐར། །བཞི་ཤད་འཐོབ་སོགས་རིགས་པས་འཕྲུལ་ཤེས་བྱ། །གཉིས་པ་རང་དབང་ཅན་ལ་རྣམ་པ་དྲུག །དང་པོ་ནི་ནི་མཆོག་དམན་ཐ་དད་ཙམ། །དགར་དང་ནན་ཏན་བརྣན་པའི་ཚིག་ཏུ་འགྱུར། །གཉིས་པ་དང་ནི་སྡུད་འབྱེད་རྒྱུ་མཚན་དང་། །ཚེ་སྐབས་དུས་དང་གདམས་ངག་ལྔ་ལ་འཇུག །གསུམ་པ་དེ་ནི་རྣམ་གྲངས་གཞན་སྦྱོར་དང་། །ལྷག་བཅས་འདས་པའི་དུས་ཏེ་ཐ་སྙད་གསུམ། །དངོས་པོའི་དབང་དུ་བདེན་གསང་བདག་གི་བ། །ཕ་རོལ་པོ་ཡི་དངོས་ཏེ་རྣམ་པ་བཞི། །དུས་ཀྱི་དབང་དུ་འདས་འོངས་གཉིས་ལ་འཇུག །བཞི་པ་གང་ནི་སྤྱི་སྒྲ་བྱེ་བྲག་འདྲི། །ལྔ་པ་པ་པོ་བདག་སྒྲ་བེམ་པོར་མིན། །དྲུག་པ་མ་མི་མེད་མིན་དགག་སྒྲའོ། །གཞན་ཡང་སྒྲུབ་བྱེད་ཡིན་ཡོད་གཅོད་ཁོ་ན། །འདྲི་ལ་ཅི་ཇི་སྤྱི་ལ་འཇུག་པའི་སུ། །ངེས་བཟུང་ཉིད་དང་བཞིན་སོགས་མཚུངས་སྒྲས་མཚོན། །ཚིག་ཕྲད་སྣ་ཚོགས་སྐབས་ཐོབ་སྦྱོར་ཤེས་གཅེས། །སྡུད་ཚུལ་རྣམ་དབྱེ་ཕྲད་སོགས་བསྡུ་བ་དྲུག །རིམ་བར་ལས་འཛིན་དང་ནི་བ་གཉིས་པ། །གྲངས་མེད་པ་དང་འབྲུ་མང་དེའི་སྐྱེས་བུ། །ཟླས་དབྱེ་ཞེས་བྱ་ཟོར་ཡང་མཛེས་ཕྱིར་རོ། །འཆད་ཚེ་གང་ལ་ཅུང་ཟད་བསྡུས་ཡོད་པ། །བཀྲལ་སོགས་སྔོན་བྱོན་མཁས་པའི་རྗེས་འབྲངས་ན། །འཆད་རྩོད་རྩོམ་པའི་བྱ་བ་གང་ལ་ཡང་། །ཐོགས་པ་མེད་པར་སྨྲ་བའི་སེང་གེར་འགྱུར། །ཡི་གེའི་བརྡའ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན་ལས་རྩ་བ་སྤྱི་སྡོམ་དུ་བརྗོད་པའི་སྐབས་ཏེ་དང་པོའོ། །


previous ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན། next