Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
   
  expand section
  expand section
   
སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་བསྐྱུད་བྱང་དྲན་པའི་མེ་ལོང་།
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   


 
previous སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་བསྐྱུད་བྱང་དྲན་པའི་མེ་ལོང་། next

སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་བསྐྱུད་བྱང་དྲན་པའི་མེ་ལོང་།

༄༅། །ཆོས་སྤྱོད་ཀྱི་བྱ་བ་ཡི་གེ་འབྲི་བ་ལ་ཉེར་མཁོ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་བསྐྱུད་བྱང་དྲན་པའི་མེ་ལོང་། ན་མ་སྭ་ར་སྭསྟི་ཡཻ། ཡང་དག་མཐའ་ལ་རྣམ་གནས་རྒྱལ་བ་དང་། །འཇམ་དཔལ་དབྱངས་དང་ཕྱག་ན་པད་དཀར་འཆང་། །གསང་བདག་དཔལ་དང་གངས་ཅན་ཡང་དག་མཁས། །བླ་མ་ལ་ཡང་དང་བས་ཕྱག་བྱས་ནས། །མི་འགྱུར་བ་དང་གསལ་བར་བྱེད། །རྗོད་པར་བྱེད་པའི་ནུས་ལྡན་ཕྱིར། །ཡི་གེ་ཞེས་བརྗོད་རྩ་བའི་མདོའི། །ཤས་ཙམ་རང་དྲན་གསོ་སླད་བརྗོད། །ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །བོད་འདིར་ཕྲི་བསྣན་དབང་གིས་ནི། །ཨཱ་ལི་མཚོན་བྱེད་ཨི་ཨུ་དང་། །ཨེ་ཨོ་བཞི་སྟེ་རིམ་པར་དཔེར། །སྒྲིབ་མིན་ཇི་བཞིན་ཉིད་གཟིགས་ཕྱིར། །ཕུལ་བྱུང་སྒྱུ་འཕྲུལ་དུས་ཀུན་འཇུག །བདེ་ཆེན་ཡེ་ཤེས་སྟེར་བྱེད་རྗེས། །འདོད་དོན་མཆོག་དངོས་ཡོངས་སྩོལ་མཛོད། །ཀཱ་ལི་གསལ་བྱེད་བཅུ་ཕྲག་གསུམ། །བཞི་ཚན་ཕྱེད་དང་བརྒྱད་སྡེ་ལས། །ག་ང་ད་ན་བ་མ་འ། །ར་ལ་ས་བཅས་རྗེས་འཇུག་བཅུ། །ཡི་གེ་ཀུན་ལ་མཉམ་པར་འཇུག །དེ་ལས་ག་ང་བ་མ་བཞིར། །ས་དང་ན་ར་ལ་གསུམ་ལ། །ད་ཉིད་མཐའ་རྟེན་གཉིས་པར་ཡང་། །སྔོན་འཇུག་ག་ད་བ་མ་འ། །ག་ནི་རྐྱང་པའི་ཡི་གེ་ཉིད། །གཞན་དག་རྐྱང་འདོགས་གཉིས་ཀ་དང་། །བ་ཡིག་ཁོ་ན་བརྩེགས་མར་རོ། །ཀ་ཁ་ཅ་ཆ་ཇ་ཉ་ཏ། །ཐ་པ་ཕ་ཙ་ཚ་ཛ་ཝ། །ཞ་ཟ་ཡ་ཤ་ཧ་ཨ་བཅས། །སྔོན་རྗེས་མི་འཇུག་ཉི་ཤུའོ། །ཞར་བྱུང་བརྩེགས་དང་འདོགས་ཀྱི་གྲངས། །ར་མགོ་བཅུ་གསུམ་ལ་མགོ་བཅུ། །ས་མགོ་བཅུ་གཉིས་ཡ་འདོགས་བདུན། །ར་འདོགས་བཅུ་དང་ལ་འདོགས་དྲུག །རྣམ་དབྱེ་ངོ་བོ་ཙམ་སྟོན་དང་། །ལས་སུ་བྱ་དང་བྱེད་པ་པོ། །ཆེད་དོན་འབྱུང་ཁུངས་འབྲེལ་བའི་ས། །གནས་གཞི་དང་བཅས་བདུན་ཏེ་དཔེར། །མཁས་པ་མཁས་པ་དག་ལ་བསྟེན། །མཁས་པས་ལེགས་བཀྲལ་མཁས་ཕྱིར་བསླབ། །མཁས་ལས་རིགས་པ་མཁས་པའི་བློ། །མཁས་ལ་ཡོན་ཏན་མཆོག་མངའ་འོ། །ཚིག་ཕྲད་ལྟོས་དང་མི་ལྟོས་གཉིས། །དང་པོར་སླར་བསྡུ་ལ་དོན་དང་། །ཨི་ལྡན་རྒྱན་སྡུད་ལྷག་བཅས་དང་། །འབྱེད་སྡུད་འབྱུང་ཁུངས་བོད་སྒྲ་བརྒྱད། །རྫོགས་བསྡུའི་སྐབས་སུ་རྗེས་འཇུག་བཅུར། །རང་འདྲར་ན་རོ་སྦྱར་བ་དང་། །ད་དྲག་ཅན་མཐར་ཏར་སྦྱར་དཔེར། །རྟག་གོ་བཟང་ངོ་དཔལ་ཡོད་དོ། །ཡིན་ནོ་སྒྲུབ་བོོ་དོན་བསམ་མོ། །བྱའོ་འགྱུར་རོ་རྐྱེན་སེལ་ལོ། །བྱ་བ་བྱས་སོ་ཆོས་བསྟནད་ཏོ། །གྱུརད་ཏོ་སྩལད་ཏོ་འཕྲུལ་ཤེས་བྱ། །ས་སུ་ག་བ་ད་དྲག་ཏུ། །ང་ད་ན་མ་ར་ལར་དུ། །འ་དང་མཐའ་མེད་རུ་དང་ར། །ན་ལ་དང་བཅས་ལ་དོན་བདུན། །སྐྱབས་སུ་རྟག་ཏུ་རབ་ཏུ་བསྟེན། །ཀུནད་ཏུ་གོང་དུ་ཆེད་དུ་བཀུར། །གཏན་དུ་གམ་དུ་མྱུར་དུ་འགྲོ། །ཡུལ་དུ་ལྷ་རུ་བསྟེན་པར་བྱ། །ལས་དང་ཆེད་དང་རྟེན་གནས་དང་། །དེ་ཉིད་ཚེ་སྐབས་ལྔར་འཇུག་ཀྱང་། །ན་ལ་དེ་ཉིད་ལ་འཇུག་མིན། །དེ་ལས་གཞན་དུའང་འཇུག་པར་བཤད། །ད་བ་ས་ཀྱི་ག་ང་གི། །ན་མ་ར་ལའི་རྗེས་སུ་གྱི། །འ་དང་མཐའ་རྟེན་མེད་པར་འི། །རྐང་པ་སྐོང་ཚེ་ཡི་ཞེས་བྱ། །ཁྱོད་ཀྱི་རྒྱབ་ཀྱི་གཡས་ཀྱི་ཆར། །བདག་གི་ཞིང་གི་སྔོན་གྱི་ཤུལ། །ལམ་གྱི་ཟུར་གྱི་དཔལ་གྱི་སྟེང་། །ལྷ་ཡི་ཁང་དེའི་ཟུར་དུའོ། །དེ་ནི་ཕན་ཚུན་འབྲེལ་བའི་སྒྲ། །དེ་ལ་ས་སྦྱར་བྱེད་པོར་འགྱུར། །ཁྱོད་ཀྱིས་རབ་ཀྱིས་ཕྱོགས་ཀྱིས་མཚོན། བདག་གིས་ལུང་གིས་ནན་གྱིས་བཤད། །རིམ་གྱིས་པིར་གྱིས་དལ་གྱིས་བྲིས། །ལྷ་ཡིས་བཀའ་སྩལ་མིས་སྒྲུབ་བོ། །ག་ད་བ་ས་ད་དྲག་མཐར། །ཀྱང་འཐོབ་ང་ན་མ་ར་ལར། །ཡང་དང་འ་མཐའ་ཡོད་མེད་འང་། །རྐང་ཁ་མ་ལོངས་ཡང་སྦྱར་དཔེར། །བཀག་ཀྱང་བརྩད་ཀྱང་ལན་གདབ་ཀྱང་། །སྨྲས་ཀྱང་བསྟནད་ཀྱང་དོན་མཐོང་ཡང་། །གཞན་ཡང་ནམ་ཡང་ཡང་བསྐྱར་ཡང་། །རྒྱལ་ཡང་དེ་དེའང་དགའ་ཡང་དགའ། །འདི་དག་མཐུན་དང་མི་མཐུན་པའི། །ཚིག་རྒྱན་གཉིས་དང་དངོས་པོ་གཞན། །སྡུད་པར་བྱ་བའི་སྒྲ་ཡིན་ལ། །ཡང་ནི་བརྣན་ཚིག་ལའང་འཇུག །ག་ང་བ་མ་འ་རྣམས་དང་། །རྐྱང་པ་མཐའ་རྟེན་{བརྟེན}མེད་པར་སྟེ། །ད་མཐར་དེ་དང་ད་དྲག་དང་། །ས་ན་ར་ལའི་མཐར་ཏེ་སྦྱར། །རྟག་སྟེ་གཙང་སྟེ་ལྷུན་གྲུབ་སྟེ། །འཛོམ་སྟེ་དགའ་སྟེ་སེམས་བདེ་སྟེ། །ཡོད་དེ་རྩལད་ཏེ་ཚོགས་བསགས་ཏེ། །ཕྱིན་ཏེ་བསྐོར་ཏེ་རྟེན་མཇལ་ཏེ། །དེ་དག་ལྷག་མར་བཅས་པའི་ཚིག །མཚམས་སྦྱོར་དམ་བཅའ་གཞན་འདྲེན་གསུམ། །སྔ་མར་གསུམ་དང་བར་མ་ལ། །བཞིར་དབྱེ་བྱེ་བྲག་བརྒྱད་ལའོ། །ཚིག་དོན་སོ་སོར་འབྱེད་པ་དང་། །སྡུད་དང་འདྲི་ལ་རྗེས་འཇུག་བཅུར། །རང་འདྲར་མ་ཡིག་སྦྱར་བ་དང་། །ད་དྲག་ཐོབ་མཐར་ཏ་དང་སྦྱར། །རྟག་གམ་མཐོང་ངམ་གདེང་ཡོད་དམ། །བརྟན་ནམ་གྲུབ་བམ་ལམ་སྒོམ་མམ། །བདེའམ་དར་རམ་ཆོས་འཕེལ་ལམ། །བྱས་སམ་འཛིནད་ཏམ་གྱུརད་ཏམ་མཚོན། །འབྱུང་ཁུངས་དགར་དང་སྡུད་པ་དང་། །ལྷག་མ་འདྲེན་པའི་སྐབས་དག་ཏུ། །ནས་དང་ལས་གཉིས་ཅི་བདེར་སྦྱར། །མཚོ་ལས་མཚོ་ནས་ལྟ་བུས་མཚོན། །གང་མིང་བརྗོད་པའི་ཐོག་ཐ་རུ། །མཆོག་ལ་ཀྱེ་དང་དམན་པ་ལ། །ཀ་ཡེ་ཀྭ་སྦྱར་བོད་པའི་སྒྲ། །ཀྱེ་ཀྱེ་ཁ་ལོ་བསྒྱུར་བས་དཔོག །ཞར་བྱུང་ག་ད་བ་གསུམ་དང་། །ད་དྲག་ཅན་མཐར་ཅིང་སོགས་དང་། །ང་ན་མ་འ་ར་ལའི་མཐར། །ཞིང་དང་ས་མཐར་ཤིང་དང་སྦྱར། །ཅིང་ཅིག་ཅེ་ན་ཅེས་སོགས་བསྒྲེ། །ག་ད་ན་བ་མ་ས་དང་། །ད་དྲག་ཅན་མཐར་པ་དང་ནི། །ང་ར་ལ་གསུམ་འ་ཡི་མཐའ། །ཡོད་དང་མེད་ལ་བ་ཉིད་དོ། །ལྷུག་པའི་སྡེ་ཚན་རྫོགས་མཚམས་དང་། །ཚིག་བཅད་རྐང་མཐར་ག་ལ་གཅིག །ང་ལ་གསུམ་དང་གཞན་དག་གཉིས། །ལེ་འུའི་མཐའ་ལ་བཞི་ཤད་དོ། །གཉིས་པ་རང་དབང་ཅན་ལ་དྲུག༡། ནི་ནི་མཆོག་དམན་ཐ་དད་དུ། །དགར་དང་ནན་ཏན་བརྣན་པའི་ཚིག༢། དང་ནི་གཅིག་ཏུ་སྡུད་པ་དང་། །དུ་མར་འབྱེད་དང་རྒྱུ་མཚན་སྟོན། །ཚེ་སྐབས་དུས་དང་གདམས་ངག་ལྔའོ། ༣། དེ་ནི་རྣམ་གྲངས་གཞན་སྦྱོར་དང་། །ལྷག་བཅས་འདས་པ་ཐ་སྙད་གསུམ། །བདེན་གསང་བདག་གིས་ཕ་རོལ་དངོས། །དུས་ནི་འདས་དང་མ་འོངས་པའོ། ༤། གང་ནི་སྤྱི་ལ་ཁྱབ་པའི་སྒྲ། །ཇི་ཅི་སུ་ཡང་ཕལ་ཆེར་མཐུན། །འདྲི་བའི་དོན་ལའང་འཇུག་པ་ཡིན། ༥། པ་དང་པོ་ནི་ཕོ་ཡི་རྟགས། །བདག་པོའི་སྒྲ་སྟེ་བེམ་པོར་མིན། ༦། མ་མི་མེད་མིན་མོ་ཡི་རྟགས། །དགག་པའི་སྒྲ་རུ་སྦྱོར་ཤེས་བྱ། །དེ་དག་ཀུན་ཀྱང་སྐྱེ་༡གནས་དང་། །བྱེད་༢པ་དང་ནི་༣རྩོལ་བ་ཅན། ༡། ཀ་སོགས་བདུན་ནི་མགྲིན་ལས་སྐྱེས། །ཅ་སོགས་བཅུ་གཉིས་རྐན་ལས་དང་། །སོོ་ལས་ཏ་སོགས་རྣམ་པ་བདུན། །པ་སོགས་བདུན་པོ་མཆུ་དང་ར། །ལྕེ་རྩེ་ཉེ་བའི་སྤྱི་བོའི་ཆ། །ང་སོགས་བཞི་ནི་སྣ་ལྡན་ནོ། ༢། མགྲིན་མཆུ་ལས་སྐྱེས་རང་གནས་དང་། །རྐན་སྐྱེས་ལྕེ་དབུས་སོ་བྱུང་རྣམས། །ལྕེ་རྩེ་ར་ནི་ལྕེ་རྩེ་དང་། །ཉེ་བའི་བྱེད་པ་ཅན་དུའོ། ༣། རྩོལ་བ་ཕྱི་ནི་སྒྲ་༡ལྡན་དང་། ༢། སྒྲ་མེད་༣སྲོག་ཆེན་སྲོག་༤ཆུང་བ། ༥། དྲོ་བར་བཅས་པའི་སྡེ་ཚན་ལྔ། །སྒྲ་རྩོལ་དབུགས་ཀྱི་ཁྱད་ཀྱིས་དབྱེ། །ནང་ནི་མགྲིན་པ་ཕྱེ་བ་དང་། །བཙུམ་པ་དང་ནི་ཕྲད་པ་དང་། །ཅུང་ཟད་འཕྲད་པའི་རྩོལ་བ་རྣམས། །ཁ་ལྕེ་ཡིད་ལ་འདྲིས་པར་བྱ། །ཀློག་ཚུལ་རང་རང་གནས་ནས་དབྱུང་། །དེ་ལ་ར་མགོ་ལྕེ་རྩེ་འདར། །ལ་མགོ་ལྕེ་ཀློད་རྒྱ་ཡང་བསྐྱེད། །ས་མགོ་སོ་ཡི་བར་ནས་དབྱུང་། །གས་འཕུལ་ཐོག་མར་རྐན་ནས་དབྱུང་། །དས་འབུལ་ལྕེ་རྩེ་ཀློད་པ་ལས། །བ་མས་འཕུལ་བ་ཐོག་མར་ནི། །མཆུ་བཙུམས་པ་ལས་ཁྱད་པར་སྣ། །འས་འཕུལ་གྲེ་བའི་ཕུག་ནས་དབྱུང་། །འཕུལ་ཞིང་བརྩེགས་པའི་ཡི་གེ་རྣམས། །གོ་རིམ་བཞིན་དབྱུང་མ་ཕྱིན་ན། །རིམ་པར་ཕྲལ་ཞིང་བཀླག་པ་གཅེས། །འདི་ཚུལ་མ་སྦྱངས་བཞིན་དུ་མུ་ཅོར་སྨྲ་བའི་ངག །བློ་ལྡན་གཞན་དག་དགའ་བ་སྐྱེད་པར་མི་འགྱུར་གྲང་། །རང་ཉིད་བརྗེད་པའི་འཇིགས་པ་སེལ་སླད་འགལ་མེད་སྙམ། །འདིས་ཀྱང་དབྱངས་ཅན་མགྲིན་པའི་འོ་མཚོར་རྩེན་གྱུར་ཅིག །སྐབས་དང་པོ་རྩ་བ་སུམ་ཅུ་པའི་བསྐྱུད་བྱང་རེ་ཞིག་བཀོད་ཟིན་ཏོ། །། ཀ་ཁ་ག་ང་འ་ཧ་ཨ་རྣམས་མགྲིན་པའོ། །ཅ་ཆ་ཇ་ཉ་ཙ་ཚ་ཛ་ཞ་ཡ་ཤ་ཨི་ཨེ་རྣམས་རྐན་ནོ། །ཏ་ཐ་ད་ན་ཟ་ལ་ས་རྣམས་སོའོ། །པ་ཕ་བ་མ་ཝ་ཨུ་ཨོ་རྣམས་མཆུའོ། །ར་ནི་ཉེ་བའི་སྤྱི་བོའོ། །ང་ཉ་ན་མ་བཞི་ནི་སྣ་ལྡན་ནོ། །ག་ང་ཇ་ཉ་ད་ན་བ་མ་ཛ་ཝ་འ་ཡ་ར་ལ་ཧ་ཨ་ཨི་ཨུ་ཨེ་ཨོ་རྣམས་སྒྲ་ལྡན་ནོ། །ཀ་ཁ་ཅ་ཆ་ཏ་ཐ་པ་ཕ་ཙ་ཚ་ཞ་ཟ་ཤ་ས་རྣམས་སྒྲ་མེད་དོ། །ཁ་ཆ་ཐ་ཕ་ཚ་ཞ་ཟ་ཤ་ས་ཧ་ཨ་ཨི་ཨུ་ཨེ་ཨོ་རྣམས་སྲོག་ཆེན། ཀ་ག་ང་ཅ་ཇ་ཉ་ཏ་ད་ན་པ་{ས}བ་མ་ཙ་ཛ་ཝ་འ་ཡ་ར་ལ་རྣམས་སྲོག་ཆུང་། ཞ་ཟ་ཤ་ཧ་ས་རྣམས་དྲོ་བའི་ཡི་གེའོ། །སྙན་ངག་གི་ལེའུ་ཐོག་ཐའི་སྐབས་སུ་སྲོག་ཆེ་ཆུང་དང་སྐྱེ་གནས་སོ་སོར་འབྱེད་ནས་གནས་ངེས་པ་སོགས་རྩོམ་དགོས་པས་མཁོ་ཆེ་བར་སྣང་ངོ་། །


previous སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་བསྐྱུད་བྱང་དྲན་པའི་མེ་ལོང་། next