Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
  expand section
   
   
   
   
   
   
   
   
   
   
འབྱུང་རྩིས་ཀྱི་རེའུ་མིག་ཉེར་མཁོ་བལྟ་བདེར་སྤེལ་བ་ཀུ་མུ་ད{དཱ}འི་རྫིང་བུ།
   
   
   
   
   
   
   
   
   
   
   
   
   
   


 
previous འབྱུང་རྩིས་ཀྱི་རེའུ་མིག་ཉེར་མཁོ་བལྟ་བདེར་སྤེལ་བ་ཀུ་མུ་ད{དཱ}འི་རྫིང་བུ། next

འབྱུང་རྩིས་ཀྱི་རེའུ་མིག་ཉེར་མཁོ་བལྟ་བདེར་སྤེལ་བ་ཀུ་མུ་ད{དཱ}འི་རྫིང་བུ།

༄༅། །འབྱུང་རྩིས་ཀྱི་རེའུ་མིག་ཉེར་མཁོ་བལྟ་བདེར་སྤེལ་བ་ཀུ་མུ་ད{དཱ}འི་རྫིང་བུ་ཞེས་བྱ་བ་བཞུགས་སོ། །ༀ་སྭསྟི། མང་མང་སྲས་བཅས་རྒྱལ་བ་གཞན་ལས་ཁྱད་འཕགས་དམ་བཅའ་མཁའ་ལྟར་ཡངས། །གསལ་གསལ་ཉ་རྒྱས་ཟླ་བ་དང་འདྲ་ཡང་དག་མཚན་བཟང་དཔལ་རབ་འབར། །སྙན་སྙན་རྣམ་མང་ཡན་ལག་དང་ལྡན་ཟབ་རྒྱས་གདམས་པར་རྟག་འཆར་བས། །ཡང་ཡང་སྤང་བླང་ལམ་བཟང་སྣང་མཛད་འཇམ་དཔལ་དབྱངས་ལ་བདག་ཕྱག་འཚལ། །རྟག་ཆད་མཚན་མ་རྣམ་པར་སྤངས་ཀྱང་སྐལ་བ་བཟང་ལྡན་དད་མཁའ་ལ། །རྟག་པར་གནས་བཅས་གཞན་ཕན་སྣང་བ་འབྱམས་ཀླས་ཚངས་སྲས་ཟླ་བ་རྒྱས། །རྟག་པར་རབ་བསྔགས་དན་དཔང་པད་དཀར་འདབ་རྒྱ་རྣམ་པར་བཞད་པ་དང་། །རྟག་བརྟན་དཔལ་དང་སྒྲ་ཚད་སྙན་ངག་དལ་འབབ་ཡང་ཡང་སྩལ་ལགས་སམ། །པདྨ་ལས་བལྟམས་ཡ་མཚན་རྣམ་ཐར་བསམ་འདས་དཔལ། །དཔལ་རྒྱས་ཁ་བ་ཅན་པར་རྒྱལ་ལས་ཁྱད་འཕགས་དཔལ། །དཔལ་ལྡན་ཡང་དག་ལམ་བཟང་སྣང་བ་རྒྱས་མཛད་དཔལ། །དཔལ་འབར་རྒྱལ་སྲས་ཟླ་བྲལ་པདྨཱ་ཀ་རར་དད། །མ་རྨས་མཁས་དང་གྲགས་བཟང་པདྨ་དཀར། །ངག་དབང་ལྷས་བཞད་རྒྱལ་ཚབ་མ་ཕམ་ལྟར། །རྒྱལ་བསྟན་གསལ་ལ་འགྲན་བྲལ་སརྦ་ཛྙཱར། །རབ་བསྔགས་གཞན་ཕན་སྣང་བ་མཁའ་མཐར་དྲངས། །འཁོར་འདས་ཆོས་ཀུན་རྟེན་ཅིང་འབྲེལ་འབྱུང་ཙམ། །རྣམ་ཀུན་མི་བསླུ་རྒྱལ་བ་དགྱེས་པའི་ལམ། །དེ་ཕྱིར་རྒྱུ་རྐྱེན་རྟེན་འབྲེལ་ལེགས་ཕྱོགས་སུ། །བསྒྲིག་སླད་ཉམས་མཚར་རྩིས་ཀྱི་རེའུ་མིག་འགོད། །རང་བཞིན་གཞི་ལ་མཚན་རྟོག་མ་དམིགས་ཀྱང་། །མ་རིག་འཁྲུལ་སྣང་བདེ་སྡུག་སྣ་ཚོགས་ཤར། །ཀུན་ཀྱང་ཕན་གནོད་ཕྱི་ནང་འབྱུང་ལྔས་བྱེད། །དེ་ཕྱིར་འབྱུང་བ་མཐུན་བསྡེབས་རྩིས་འདི་གཅེས། །རྡེལ་བཞག་འདི་ཀེག་རྩིས་སོགས་སྤྱི་འགྲེ་ལྟར་ཡིན་ལ་བྱེ་བྲག་རྡེའུ་མང་ཉུང་གི་གྲངས་སོགས་རང་རང་གཞུང་ནས་བཤད་པའི་སྐབས་ཐོབ་གཙོ་བོར་གཟུང་བར་བྱའོ་མཆན། རྩིས་ཀུན་རུས་སྦལ་རྣམ་པ་གསུམ་གྱིས་མཚོན། །གནས་པའི་རུས་སྦལ་ཆོས་དབྱིངས་དེ་བཞིན་ཉིད། །ཟབ་ཞི་སྤྲོས་བྲལ་སོ་སོ་རང་རིག་ཡུལ། །ཆགས་པའི་རུས་སྦལ་མཁའ་ལས་འབྱུང་བཞི་སོགས། །སེམས་ཅན་ལས་སྣང་བཀོད་པ་བསམ་མི་ཁྱབ། །སྲིད་པའི་རུས་སྦལ་མ་ཧཱ་གསེར་སྦལ་ལས། །སྣོད་བཅུད་ཕྱོགས་དུས་བླང་དོར་ཆོས་ཀུན་བྱུང་། །དེ་ཉིད་སྤྲུལ་པའི་རུས་སྦལ་གྱིས་མཚོན་ནས། །གཙུག་ལག་སྒོ་འཕར་འཇམ་དཔལ་དཔའ་བོས་ཕྱེས། །སླར་ཡང་ཨ་ཌི་ཡཱ་ནའི་སློབ་དཔོན་གྱིས། །ཚངས་པ་གདོང་བཞིར་སྤྲུལ་ནས་ཞུས་ཤིང་སྤེལ། །དེས་ན་རྩིས་ཀུན་རུས་སྦལ་ལུས་ལ་བརྩི། །དེ་ཡང་མགོ་བོ་ལྷོར་བསྟན་འཇུག་མ་བྱང་། །ཡན་ལག་མཚམས་བསྟན་གན་རྐྱལ་ཚུལ་དུ་གནས། །རྩ་རྒྱུས་སྐྱེ་བ་ཤིང་ལྗང་ནར་མོ་ཤར། །དྲོད་ལས་སྲེག་པ་མེ་དམར་ཟུར་གསུམ་ལྷོ། །ཤ་ལས་སྲ་བརྟན་ས་སེར་གྲུ་བཞི་མཚམས། །རུས་ལས་གཅོད་པ་ལྕགས་དཀར་ཟླ་གམ་ནུབ། །ཁྲག་ལས་བརླན་གཤེར་ཆུ་ཟླུམ་ནག་མཐིང་བྱང་། །ཤིང་མེ་ས་ལྕགས་ཆུ་ལྔ་མ་བུ་དང་། །མེ་ཆུ་ས་ཤིང་ལྕགས་ལྔ་དགྲ་གྲོགས་བསྐོར། །བྱི་གླང་སྟག་{བྱི་སྟག་སྤྲེལ་}ཡོས་ལ་སོགས་བཅུ་གཉིས་པོ། །ལོ་ཟླ་སྦྲགས་དང་ཞག་དུས་རྐྱང་པར་འཁོར། །ཀུན་ཀྱང་སྲོག་མགོ་ལུས་ཞྭ་དབང་ཟས་གོས། །ཀླུང་རྟ་སྐ་རགས་སྨེ་གདན་འབྱུང་ལྔ་ཚང་། །བླ་ནི་སྲོག་གི་མ་རུ་བཞེད་པ་ཡིན། །སྤར་ཁ་སྐྱེས་པ་ལི་ནས་ཁོན་ཕྱོགས་དང་། །བུད་མེད་ཁམ་ནས་ཁེན་གྱི་ཕྱོགས་སུ་བསྐོར། །མགྱོགས་འདོད་རང་ལོར་མདུན་རྒྱབ་རེས་མོས་འབབ། །ཡང་ན་བཅུ་མཚམས་སྤྲད་ལ་ལྷག་རྐྱང་འདེད། །རང་ཀླུང་སྐྱེས་སྨེ་མ་ཀླུང་སྐྱེས་སྤར་ཏེ། །དེ་ཡང་མ་ལོའི་སྟེང་ནས་བུ་ལོས་ཕྲི། །དེ་སྟེང་གཅིག་བསྣན་གྲངས་དེ་མ་སྦར་གྱིས། །བསྐོར་བས་གར་བབས་བུ་ཡི་སྐྱེས་སྤར་ཡིན། །སྨེ་བ་དབུས་ནས་གནམ་ལྕགས་རི་མེ་ཆུ། །ས་ཤིང་རླུང་ནས་དབུས་འཇུག་ཡར་བཞི་སྲོག །མར་བཞི་དབང་དང་གར་སྐྱེས་ལུས་སྨེ་ཡིན། །མཐུན་གསུམ་ཀླུང་གི་སྐྱེས་སྨེ་ཀླུང་སྨེར་སྦྱར། །དེ་ཡང་སྟག་རྟ་ཁྱི་གསུམ་ལྕགས་སྤྲེལ་དང་། །ཕག་ལུག་ཡོས་གསུམ་མེ་སྦྲུལ་བྱི་འབྲུག་སྤྲེལ། །ཤིང་སྟག་བྱ་གླང་སྦྲུལ་གསུམ་ཆུ་ཕག་སྦྱོར། །དེ་ཡང་རང་རང་སྨེ་ཕྲེང་དང་སྦྱར་གཙོ། །བསྐོར་ལུགས་ཕོ་ལོ་དབུས་ནས་ཤར་ཐོན་གཡོན། །མོ་ལོ་དབུས་ནས་ཤར་ཐོན་གཡས་སུ་བསྐོར། །མགྱོགས་འདོད་བཅུ་མཚམས་བསྒྲེ་ལ་ལྷག་རྐྱང་འདེད། །ཚེས་ལ་སྤར་ཁ་ཉིན་བརྒྱད་མཚན་བརྒྱད་དང་། །སྨེ་བ་ཉིན་དགུ་མཚན་དགུ་འཆར་ཤེས་བྱ། །ཞིབ་པར་འོག་གི་རེའུ་མིག་བལྟས་པས་གསལ། །རྒྱ་བོད་སྐད་སྦྱར་ཁམས་དང་འབྱུང་བའི་མིང་། །རང་རང་གནས་ཕྱོགས་དང་བསྟུན་སྲོག་གི་ཁམས། །དེ་ཡི་མར་གྱུར་བླ་རུ་བཞེད་པ་ཡིན། །ལོ་ཟླ་ཞག་དུས་རང་རང་དབང་ཁམས་དང་། །བསྟུན་པའི་ལུས་ཀྱི་ལྡེའུ་མིག་གཅེས་པར་ཟུང་། །མཐུན་གསུམ་ལོ་ཡི་གླུང་རྟ་སྨེ་བར་བཅས། །སྤར་ཁ་བརྒྱད་ཀྱི་རང་རང་འབྱུང་ཁམས་གསལ། །སྨེ་བ་དགུ་ཡི་རང་ཁམས་བྱེ་བྲག་ཤེས། །རང་རང་ཁམས་ཀྱི་མི་རིགས་བྱེ་བྲག་བརྟག །ཡང་ན་བླ་རྟགས་དང་བསྟུན་རུས་ཁམས་དབྱེ། །གཞན་ཡང་ནག་འཐུམ་ལྕགས་བཞི་མེ་བརྒྱད་དང་། །སྐར་ཆུང་དྲུག་དང་གདུག་པ་ཅན་ལོ་བདུན། །ལྟས་ངན་ལོ་བདུན་ཐན་པ་ལོ་བདུན་དང་། །གནམ་སའི་བྱ་ར་ཐན་ལོ་བཅུ་གཉིས་དང་། །དུར་མི་ནག་བཞི་ལྡིང་ནག་བུ་གསུམ་དང་། །མཆེ་བ་ཅན་བཞི་སྲིན་ཁྱེར་བཅུ་གཉིས་དང་། །ཐེར་འདྲེ་མེ་ཤི་ཡུག་ས་དྭ་ཕྲུག་སོགས། །རྣམ་གྲངས་སྣ་ཚོགས་གཞུང་ལས་ཤེས་པར་བྱ། །ཐ་ཆུང་ལོ་བཞིར་ར་རུ་ར་བ་བཞིར། །བསེ་རུ་འབྲིང་པོ་བཞི་ལ་འཆོལ་བུར་གྲགས། །ཤིང་ཕོ་བྱི་ནས་ཆུ་མོ་ཕག་གི་བར། །ཁ་སྲོག་སུམ་ཅུ་དྲུག་ཅུའི་ལོ་དབང་དང་། ༡༤། རབ་ཡིད་མཐའ་ཡི་ཤིང་བྱི་ནས་བཟུང་ནས། །དྲུག་ཅུ་སྐོར་གསུམ་གནམ་ལོའི་སྨེ་བ་དང་། །མཐུན་གསུམ་ལོ་ཡིན་ཀླུང་རྟའི་སྨེ་བའང་ཟིན། །ལོ་བུ་དཔྱིད་ར་སྟག་ནས་ཟླ་དབང་སྦྲགས། །ཟླ་བུ་ཞག་དང་ཞག་བུ་དུས་ཚོད་རྐྱང་། །མགྱོགས་འདོད་ཞིབ་པར་འོག་གི་རེའུ་མིག་བལྟ། །གཞན་ཡང་བརྩི་བྱའི་དབང་གི་བུ་སྟག་ནས། །ཕོ་སྦུབ་མ་ཡི་སྦྲེལ་ནས་བུད་མེད་བཀན། །རང་ལོ་གར་བབས་རང་རང་ལོག་མེན་ཟིན། །དེ་ཡི་ཡར་ལྔ་གནམ་འཇུ་མར་ལྔ་ནི། །ས་རྟེན་ཡར་བརྒྱད་མར་བརྒྱད་གནམ་སའི་རྒྱང་། །བརྩི་བྱའི་སྲོག་ལུས་དབང་ཀླུང་རིམ་པར་སྤྲད། །ཕོ་མོ་ཁྱི་འབྲུག་གནམ་སྒོ་ཕག་སྦྲུལ་ས། །གླང་ལུག་ཕུང་འགྱོད་བྱ་ཡོས་བྱེ་བྲལ་ལྔ། །བྱི་རྟ་རུས་གཅོད་སྟག་ཡོས་འབྱོར་པ་ལྔ། །ལོག་མེན་སྲོག་དབང་གཉིས་ཀ་རང་ལོ་ཡི། །དགྲར་གྱུར་ཕོ་ལོ་མོ་ལོའི་དབྱེ་བ་ཡིས། །རང་བདུད་{བདན}ཆད་ཅིག་ཅིག་ཤོས་བླ་འཁྱམས་སོ། །ཤིང་གིས་ཕ་ཁུ་མེས་གསུམ་མེས་བུ་ཚ། །མ་སྨད་ས་ཡིས་ས་ཞིང་ཡུལ་མཁར་བརྩི། །ལྕགས་ཀྱིས་ཞང་ཉེ་ནོར་གྲོགས་ལྷ་སྲུང་དང་། །ཆུ་ཡིས་གཉེན་ལམ་མཐའ་བཞི་བརྩི་ཞེས་བཤད། །གཞན་ཡང་གཅིག་པ་རང་སྐེག་གཉིས་ནང་དགྲ། །གསུམ་བྱེ་བཞི་གཤེད་ལྔ་མཐུན་དྲུག་འགྲམས་དང་། །བདུན་ཟུར་ལ་སོགས་རིགས་པས་འཕྲུལ་ཤེས་བྱ། །རྒྱ་བོད་སྐོར་མགོ་ལ་སོགས་གཞན་དུ་ཤེས། །ཕྱྭ་ཕྱོགས་ཟས་ནོར་གཡང་བླན་རིམ་གྲོ་འགུགས། །སྨན་ཕྱོགས་སྔས་བསྟན་སྨན་བཀུག་ཟས་ནོར་ལེན། །དཔལ་ཕྱོགས་རྟེན་འཛུགས་དཔལ་བསྐྱེད་གཡང་བླན་གསོལ། །སྲོག་ཕྱོགས་ཟས་ལེན་གྲོས་བྱ་དབང་སྐྱབས་ཞུ། །ལུས་ཆད་ན་དང་དགྲ་ཇག་འབྱུང་བས་འཛེམ། །བདུད་ཕྱོགས་དོན་གཉེར་སྤང་ཞིང་ཟོར་ཡས་བཏང་། །གདོན་ཕྱོགས་ཚོང་དོན་མི་གཉེར་ཡས་གླུད་བཏང་། །འདྲེར་སྦྲ་མི་ཉོ་དོན་སྤངས་སྔས་མི་བསྟན། །གཞན་ཡང་ཕྱག་རྒྱ་བརྒྱད་དང་དབང་བརྒྱད་སོགས། །གཙུག་ལག་གཞུང་ལས་བཤད་བཞིན་གོང་དུ་བཀོད། །ཕྱོགས་སྤུངས་མདེལ་བར་མཚམས་སྤུངས་མདེལ་རྩེ་དང་། །ཤར་ནུབ་གདགས་སྲིབ་གཡོ་མགུལ་ལི་ཁམ་སྟེང་། །སྤུངས་ན་བདུད་མདའ་འཕེན་དང་ཁེན་ཁོན་གཉིས། །གནམ་སའི་བྱེ་བྲལ་ལིར་སྤུངས་གནམ་ལྡིབ་དང་། །ཁམ་སྤུངས་ས་བསྐོ་ལི་ཁོན་ཐོ་ཡོར་འགྲེང་། །དྭ་ཟིན་ཕུར་འདེབས་ལི་ཁེན་ཕྱིང་ཐུམ་དྲིལ། །ཁོན་ཁམ་མྱ་ངན་གིན་ཟོན་མདུང་ནག་བསྣོལ། །ཁོན་ཟོན་མཆེ་བསྡར་ཁོན་ཟིན་ལག་བྲང་བརྡུང་། །གིན་ཁེན་རྐང་བྲུ་ཁེན་ཁམ་རྒྱབ་བསྣོལ་དང་། །སྟོད་སྤུངས་པགས་པ་མགོར་རྫོགས་སྨད་གསུམ་སྤུངས། །གྱད་ལག་སར་ལྷུང་གཡས་སྤུངས་བདུད་ཁལ་ཡོ། །གཡོན་སྤུངས་དོ་ཡ་མ་སྙོམས་ལི་ཁམ་སྟོང་། །གནམ་ས་གཞུང་རལ་དྭ་ཟིན་གཉིས་སྟོང་ནི། །སྐྱིད་ལ་སྐེད་ཆད་ཕྱོགས་སྟོང་བདུད་སྒོ་བྱེ། །མཚམས་སྟོང་རྩ་བཞི་འཁུམས་དང་སྒོ་གཅིག་བྱེ། །བདུད་ཀྱི་སྒོ་བྱེ་སོགས་སྤར་ཁ་རང་རང་གི་ལོ་བ་མང་དུ་འཚོགས་པའི་སྟེང་དུ་གྲོགས་བྱུང་ན་སྙི་བཟུང་། དགྲ་བྱུང་ན་འཛོམས་རྡིབ། མཆན། དང་ཁྱད་པར་དུ། །སྤར་ཁ་རང་ཐོག་དགྲ་ཐོག་ཟམ་ཐུག་དང་། །གསང་ཀེག་དང་བཅས་སྤར་ཀེག་རྣམ་པ་བཞི། །ཞིབ་པར་བརྩིས་ཏེ་བཟློག་པའི་ཆོ་གར་འབད། །འབྱུང་རྩིས་རང་ལུགས་བཅུ་གཅིག་དཔྱིད་ར་སྟག །བཅུ་གཉིས་ཡོས་སོགས་རིམ་པར་འདེད་ཤེས་བྱ། །རང་ཟླར་གང་ཤར་ཚེས་གཅིག་བཅུ་དྲུག་ལ། །སྦྱར་བྱས་འཕེལ་ཕྱོགས་ལུགས་འབྱུང་ནག་ཕྱོགས་སུ། །ལུགས་ལྡོག་གསུམ་བཞི་ལྔ་ལ་གང་ཤར་དེ། །བཅུ་གསུམ་བཅུ་བཞི་བཅོ་ལྔ་སྦྱར་ཤེས་བྱ། །ཕོ་དྲུག་སྟག་ཚེས་འབྲུག་ཉ་སྟོང་ལ་ལུག །མོ་དྲུག་སྤྲེལ་ཚེས་ཁྱི་ཉ་སྟོང་ལ་གླང་། །ནག་རྩིས་རང་ལུགས་ཚེས་གཟའ་འདེད་ཤེས་བྱ། །གང་ཚེས་དར་སོགས་ཞིབ་པར་འོག་ཏུ་གསལ། །རང་རང་ཉ་སྟོང་དར་བས་ལས་ཀུན་བྱེད། སྟོང་སྐར་གྱོད་ཅིང་གཞན་རྣམས་གུད་ཅེས་བཤད། །ཚེས་སྨེ་རིམ་དེད་གང་བབ་ཞག་སྨེ་དེ། །ཉིན་མཚན་ཐོག་སྦྱར་ཉིན་དགུ་མཚན་དགུ་འཆར། །ཟླ་ཞག་དུང་ཉི་རགས་པ་ལོ་གཅིག་ལ། །སོ་དྲུག་ཞིབ་པར་སུམ་ཅུ་བྱེ་བྲག་ཏུ། །རང་རང་དུར་ལོ་ཞག་ཏུ་ནམ་འཆར་ཡིན། །ཞག་བུ་ཡོས་ནས་འདེད་པ་ཡོངས་གྲགས་སྤྱི། །ལྕགས་ཡོས་ནས་འདེད་སྤུག་ལུག་བྱེ་བྲག་ཡིན། །༈གྲོགས་ཕྱོགས་དོན་འགྲུབ་ནོར་ཕྲད་མ་ཕྱོགས་ནས། །གཏམ་སྙན་རང་ཕྱོགས་ཁ་མཆུ་མྱ་ངན་འོང་། །བྱེ་བྲལ་གཏོར་བརླག་བུས་བྱེད་འཐབ་རྩོད་དགྲ། རྩལ་སྤྲོད་དྲག་ལས་མ་རྒྱབ་གྲོགས་མདུན་གཏད། །བླ་སྐར་ལས་འགྲུབ་གཤེད་སྐར་བགེགས་འདུལ་བཟང་། །བླ་གཟར་ཕྲིན་འགྲུབ་སྲོག་དགེ་མ་གྲོགས་བཟང་། །བུ་འབྲིང་གཤེད་བྱོལ་བླ་སྲོག་དབང་སྐར་བཟང་། །ཀེག་བདུད་གཤེད་ངན་བུ་འབྲིང་མ་གྲོགས་དགེ། །བླ་སྐར་སྟེང་བཙས་ཚེ་རིང་དབང་སྐར་ཕྱུག །གཤེད་སྐྱེས་ཚེ་ཐུང་དགྲ་བོའི་བླ་གུད་ཅིང་། །གཤེད་དར་དུས་སུ་མཐུ་ནུས་སྤྲད་ན་མྱུར། །༈སྤར་ཁའི་དར་གུད་འདི་དཔེ་རིས་ལྟར་རང་རང་ནས་དབུགས་བླང་སྟེ་རང་སྤར་སྟེང་དུ་ཁྱེར་བ་སྟེ། དེ་ཡང་དར་གུད་བཅུ་གཉིས་སྤར་ཁ་བརྒྱད་ཀྱིས་མི་རྫོགས་ཀྱང་། དུར་ཞུགས་བར་བརྩིས་ཏེ། སྐབས་འགར་རང་སྤར་ལན་གཉིས་རེ་བབས་ན། དེ་གཉིས་ཀ་བརྩི་ཞིང་ཕྱི་མ་དེ་དབང་བཙན་པར་བཟུང་དགོས་ཞེས་བཻ་དཀར་བུ་ཡིག་ཏུ་བཤད། མཆན། ༈ཕ་མ་སྤུན་སྲིང་སློབ་དཔོན་ལ་སོགས་པ། །དགུང་དུ་གཤེགས་པའི་ལོ་ཟླ་ཞག་དུས་དང་། །ལོག་མེན་སྤར་སྨེའི་སྟེང་སླེབ་སྲི་ངན་རྩུབ། ༥། གཟའ་མི་སྤར་ཁ་གཅིག་འཚོགས་གཟའ་ཤུགས་རྩུབ། །རབ་བྱུང་སོགས་ལ་ཁྱིམ་གཅིག་ཉེས་པ་ཙམ། །རང་སྐྱེ་མ་སྤར་སྟེང་སླེབ་གསང་ཀེག་རྩུབ། ༦། ཕོ་ལི་མོ་ཁམ་སྟེང་དུ་སོན་དུས་ཀྱང་། །དེ་ལྟར་རྩུབ་བདུན་འདི་སྟེང་ལོ་སྐར་གཉིས། ༧། བསྣན་པས་རྩུབ་དགུ་ཞེས་ཀྱང་བཞེད་པ་ཡིན། །ཁྱད་པར་རྩུབ་རིགས་འདི་ལ་བརྩི་བྱ་ཡི། །སྲོག་སོགས་འཐབ་དང་དར་གུད་རྩུབ་ལོ་ཡི། །སྟེང་ཁྱེར་རྩུབ་མིན་བརྟག་པ་གལ་ཆེ་གསུངས། །རྩུབ་ན་རང་རང་བཟློག་པའི་རིམ་གྲོར་འབད། །༈མཁས་པ་ཁྱུང་ནག་པས་མཛད་པའི་བཙོ་མ་གསེར་མདོག་ཏུ་བྱི་བ་དང་ཡོས་གླང་དང་སྟགའབྲུག་དང་སྦྲུལ་རྟ་དང་བྱ་ལུག་དང་སྤྲེའུ་ཕག་དང་ཁྱི་འདི་རྣམས་ཕན་ཚུན་གང་ལ་གང་གནམ་ལོར་ཤར་བའི་ཚེ་ཕྱི་ཡི་རོ་འདོན་ཆེ་བ་དང་དེའི་བདུན་ཟུར་ལ་ཆུང་བ་བཞེད་ཅིང་འདི་ལ་རྒྱ་ཡི་ལོ་སྐར་ངན་པ་ཡང་ཟེར་གསུངས། རེའུ་མིག་གཞུང་དུ་བཀོད་པ་ནི་བཻ་དཀར་བུ་ཡིག་སོགས་ཀྱི་དགོངས་པ་ལྟར་ཡིན། མཆན། ༈གནམ་ལོ་ལོག་མེན་སྤར་སྨེ་དར་གུད་དུས། །མི་འགྱུར་རྩ་རྡེལ་དྲུག་ལ་བརྩི་བྱ་ཡི། །སྲོག་ལུས་དབང་ཀླུང་བཞི་པོས་གནམ་ལོ་དང་། །ལོག་མེན་དུས་ཚོད་གསུམ་གྱི་སྲོག་དང་ལུས། །དབང་ཀླུང་བཞི་དང་སྤར་སྨེའི་ཁམས་རྐྱང་དང་། །འཐབ་སྟེ་དར་གུད་གནམ་ལོར་བསྐོར་བ་ཡི། །གཅོད་འདྲལ་ཉེར་བཞི་ཁ་དམར་བཏང་གཅོད་དྲིལ། །བླ་རྡེལ་དྲུག་ནི་བརྩི་བྱའི་སྐྱེས་སྨེ་དེ། །བརྩི་བྱའི་སྨེ་ཕྲེང་དང་མཐུན་གནམ་ལོ་སོགས། །གསུམ་གྱི་སྨེ་བ་བབ་སྤར་བབ་སྨེར་འཐབ། །དར་གུད་ལོར་བསྐོར་ཞིབ་པར་རེའུ་མིག་བལྟ། །ཁ་དམར་སྐབས་སུ་དཀར་གསུམ་ནག་གཉིས་སོགས། །སོ་སོར་མི་བགྲང་གནས་སམ་བསྐོར་མགོ་བརྩི། །དཀར་མང་དཀར་གཅིག་ནག་མང་ནག་གཅིག་དང་། །མཉམ་ན་ཁྲ་བོར་གདགས་ལ་འབྲས་བཤད་བྱ། །དེ་ཡང་སྲོག་ནི་ཚེ་དང་ལུས་ནད་སོགས། །དབང་ཐང་ནོར་དང་བུ་སྐལ་ཀླུང་རྟ་ནི། །བྱ་བ་ལམ་འགྲོ་ལ་སོགས་བརྟག་གཞིར་བཟུང་། །ཀེག་རྩིས་ཞེ་བདུན་རྩ་གཅོད་ཁ་དམར་སྟེང་། །རྩུབ་བདུན་སྨེ་ཀེག་བཞི་དང་དགུ་དུར་བརྩི། །རྩུབ་ན་རྡེལ་ནག་མི་རྩུབ་རྡེལ་དཀར་བྱ། །བཟང་ངན་འགྲེལ་བཤད་མདོར་བསྡུས་ཟུར་དུ་ཡོད། །༈རྒྱ་ནག་རྡེལ་བསྐོར་གཟའ་མི་བྱིངས་ལ་བརྟག །མི་གྲངས་བཞི་ལས་ཉུང་ན་བྱར་མི་གཏུབ། །དེ་ཡན་དུ་ཡོད་སོ་སོའི་སྲོག་ལུས་སོགས། །གཅོད་འདྲལ་ཉེར་བཞི་ཁ་དམར་བཞིར་བསྡུས་སྟེང་། །རང་རང་བབ་སྨེའི་ཁམས་ཀྱི་མདོག་མཚུངས་པའི། །རྡེལ་གཅིག་དང་བཅས་ལྔ་ཚར་ཐུར་རིམ་སྒྲིག །དེ་ཡང་ཕོ་གྲལ་མོ་གྲལ་རྒན་གཞོན་རིམ། །གོང་འོག་མ་འཆོལ་རེའུ་མིག་བཞིན་དུ་བཀོད། །འདི་ལ་ལུས་རྡེལ་དང་ནི་སྲོག་རྡེལ་གཉིས། །འདུག་ས་བརྗེ་བ་མན་ངག་ལུགས་སུ་གསུངས། །དེ་རྗེས་ཨང་ཡིག་བཞིན་དུ་གོང་འོག་ནས། །རིམ་བླང་ཐད་ཀར་བརྐྱང་པ་རྐྱང་པ་ཡི། །རྡེལ་སྐོར་ཞེས་བྱ་དེ་ཉིད་ཉིས་ཁུགས་སུ། །བཀུག་ལ་ཁུག་པ་དང་ནི་དེ་ཉིད་སླར། །བཞི་རྐྱང་བཀུག་ལ་ཡང་ཁུག་ཤེས་བྱས་ངོས། །གཅིག་ལྷག་ཁུག་དང་གཉིས་ལྷག་ཡང་ཁུག་དང་། །དེ་བཞིན་གསུམ་ལྷག་གཅིག་ནི་ཁུག་པ་དང་། །གཉིས་ནི་ཡང་ཁུག་རྡེལ་རོར་ཟུར་དུ་བཀོད། །འདི་ལ་ཁུག་པའི་རྡེལ་སྐོར་ཞེས་བྱའོ། །དེ་ལས་རྡེལ་ཕྲེང་དང་པོ་ལྷ་ས་དང་། །གཉིས་པ་མི་ས་གསུམ་པ་ཁྱིམ་གྱི་ས། །བཞི་པ་དགྲ་སར་ཤེས་བྱས་དེ་ཉིད་ལས། །དང་པོ་གསུམ་དང་ཐ་མའི་ཕྲེང་ལ་བརྟག །བར་ན་དུ་ཡོད་འདོར་སོགས་རེའུ་མིག་བཞིན། །འདི་ལ་གཅོད་འདྲལ་མི་བྱེད་གནམ་ལོ་དང་། །འཐབ་པ་གཅིག་པུའི་ལུགས་ཀྱང་གཞན་ལས་བཤད། །དེ་སོགས་རྣམ་བཞག་མཐའ་ཡས་འདིར་མ་བརྗོད། །ཞིབ་པར་གཞུང་དང་བླ་མའི་མན་ངག་དང་། །རང་གི་རིག་པས་ལེགས་པར་དཔྱོད་ཅིག་གུ། །ཨེ་མ་དོན་ལ་མེད་བཞིན་སྣ་ཚོགས་སྣང་། །བྱེད་པོས་དབེན་ཀྱང་བདེ་སྡུག་ལས་ཀྱི་མཐུ། །རྟག་དངོས་ཁེགས་ཀྱང་རྒྱུན་གྱི་ཆད་མཐའ་སངས། །ཐ་སྙད་ཚུལ་འདི་དོན་དམ་འཇུག་སྒོ་རྨད། །ཕྱི་ནང་ཆོས་ཀུན་རྟེན་ཅིང་འབྲེལ་འབྱུང་ཚུལ། །རྣམ་ཀུན་མི་བསླུ་ཕན་གནོད་ཚད་མའི་འབྲས། །མཐོང་ཆོས་ཞིང་སར་སྨིན་འདི་མ་བཟོད་ནས། །མགྲིན་སྔོན་དཀའ་ཐུབ་ཟོལ་གྱིས་ངལ་བ་བརྟེན། །རབ་དྭངས་གཙུག་ལག་རྩིས་གཞུང་ཨ་ད་ཤར། །ལྐོག་གྱུར་གཟུགས་བརྙན་འབུམ་ཕྲག་འཆར་བའི་དཔལ། །མཐོང་བས་མ་ངེས་ལེགས་བྲིས་གཙོ་བོ་དེས། །རྣམ་བཀྲའི་འདྲེན་བྱེད་སྟོང་དུ་འཕྲུལ་བར་ངེས། །དེ་སླད་ཉེར་མཁོ་རྩིས་ཀྱི་རེའུ་མིག་ཕྲེང་། །གཞུང་བཟང་ཟླ་བའི་ཟེར་གྱིས་ལེགས་ཕྱེ་བའི། །ཉམས་མཚར་ཀུ་མུ་ད་{དཱ}ཡི་རྫིང་བུ་འདི། །དོན་མཐུན་སྐལ་བཟང་གྲོགས་ལ་བརྩེ་བས་འབུལ། །ལེགས་བྱས་ར་མ་ཎ་ཡི་ཉག་ཕྲན་འདིས། །ལོག་སྤྱོད་ཉེས་བརྒྱའི་ལངྐའི་གྲོང་ཁྱེར་འབུམ། །རབ་བཅོམ་རྫོགས་ལྡན་གྲགས་དཀར་དབྱར་གྱི་རྔས། །ས་གསུམ་མདོངས་མཐའ་དགའ་བའི་གར་བྱེད་ཤོག །མཆོག་གསུམ་བདེན་མཐུ་འགྲོ་བའི་རྒྱུད་ལ་ཞུགས། །ནག་ཕྱོགས་སྟོབས་ཞི་དཀར་ཕྱོགས་དབུ་རྨོག་བཙན། །རྒྱུ་རྐྱེན་རྟེན་འབྲེལ་དཔྱིད་བཏབ་ས་བོན་བཞིན། །དོན་གཉིས་གསེར་གྱི་སྙེ་མ་གཡུར་སྨིན་ཤོག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་དཔལ་གྱུར་བ། །གྲགས་པའི་བཀྲ་ཤིས་སྙན་གྲགས་ཆེན་པོ་མཆོག །འཇམ་དཔལ་ཡེ་ཤེས་སེམས་དཔའི་བཀྲ་ཤིས་དེས། །ཕྱོགས་དུས་ཀུན་ན་བདེ་ལེགས་འཕེལ་གྱུར་ཅིག །ཅེས་པའང་ཉེར་མཁོའི་ཡན་ལག་དང་ཉམས་མཚར་ཙམ་དུ། ཟེ་ཆེན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་འཕྲལ་མར་བྲིས་པ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཕྱོགས་ཀུན་ཏུ་ཁྱབ་པའི་རྒྱུར་གྱུར་ཅིགསརྦདཱ་མདྒལཾ་བྷ་ཝནྟུ། ༈ༀ་བཀྲ་ཤིས་ཉི་མ་སྟོང་ཁམས་བརྡལ་བ་ཆེས། །ས་གསུམ་རྒུད་པའི་མུན་ཀུན་མཐར་བསྐྲད་ནས། །བདེ་སྐྱིད་ཕན་བདེའི་པད་ཚལ་བཞད་མཛད་པའི། །འཇམ་དཔལ་ཡེ་ཤེས་སེམས་དཔས་དགེ་ལེགས་སྩོལ། །ཕྱི་རུ་ལོ་ཟླ་ཞག་དུས་སྤར་སྨེ་དང་། །ནང་དུ་རྩ་རླུང་ཐིག་ལེ་འཕོ་བའི་རླུང་། །གསང་བ་འབྱུང་ལྡོག་རྟེན་འབྲེལ་ཟབ་མོའི་ཚུལ། །གནས་དག་བརྟན་གཡོ་སྲིད་པའི་ལྷ་རྣམས་བསྔགས། །ཆོས་ཉིད་གཤིས་ལ་ཅིར་ཡང་གྲུབ་པ་མེད། །ཆོས་ཅན་སྣང་ངོར་མ་སྦས་སོ་སོར་གསལ། །གསལ་དང་སྟོང་པ་གཉིས་མེད་མཉམ་པ་ཉིད། །རྟེན་འབྱུང་ཟབ་མོའི་ཚུལ་ལ་སུ་མི་དད། །འཇིག་རྟེན་མཁྱེན་པ་ཐུབ་པ་མཆོག་གིས་ཀྱང་། །ཟབ་དང་རྒྱ་ཆེའི་ཚུལ་དེ་ཐུགས་ཆུད་ནས། །འཁོར་གྱི་དབུས་སུ་མི་བསྙེང་སེང་གེའི་སྒྲས། །བདེན་གཉིས་ཟབ་མོའི་ཚུལ་དེ་བསྟན་པ་ལགས། །ཁྱད་པར་དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཆེ། །ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོའི་ཚུལ། །ལེགས་བསྟན་ས་བཅུའི་དབང་ཕྱུག་རིགས་ལྡན་ཆེ། །བརྒྱུད་པར་བཅས་པས་ཕྱོགས་ཀུན་གསལ་བར་བྱས། །གཞན་ཡང་མཁྱེན་རབ་དབང་ཕྱུག་འཇམ་དཔལ་རྗེས། །ཙི་ནའི་ལྗོངས་སུ་རང་བྱུང་སྤྲུལ་སྐུར་བསྟན། །ཆགས་གནས་སྲིད་པའི་རུསསྦལ་གསུམ་ཚུལ་དུ། །ཤེས་བྱའི་ཆོས་ཀུན་གཏན་ལ་དབབ་ནས་བཤད། །རྒྱ་བོད་མཁས་དང་གྲུབ་པའི་ཚོགས་རྣམས་ཀྱིས། །དུ་མ་རོ་གཅིག་རྟོགས་པའི་ཁྱད་པར་གྱིས། །རོ་གཅིག་དུ་མར་ཤར་བའི་རྟེན་འབྱུང་མཐུས། །སྣང་སེམས་རོ་མཉམ་གྲུབ་གཉིས་གཏེར་ཁ་འབྱེད། །དེ་ཕྱིར་བདེན་གཉིས་ཤེས་པའི་མཁས་རྣམས་ཀྱིས། །བླང་དོར་ཕྱོགས་རེར་ཞེན་མིན་ཟུང་འཇུག་ལམ། །ལེགས་པར་རྟོགས་ནས་བསྟན་པའི་ཐབས་ཚུལ་ལ། །འཇུག་གང་འཕྲལ་ཡུན་དགེ་ལེགས་དངོས་པོའི་གཤིས། །དེ་བས་དག་པ་རབ་འབྱམས་འཁོར་ལོའི་སྤྲིན། །ཅིར་སྣང་ཟབ་གསལ་དབྱེར་མེད་ཟུང་འཇུག་ཚུལ། །ཕྱིན་ཅི་མ་ལོག་གོ་བའི་བསྟོད་སྤྲིན་གྱིས། །འབྱུང་ལྔ་སྲིད་པའི་ལྷ་ཀུན་དགྱེས་གྱུར་ཅིག །ས་གསུམ་མི་ཤིས་མཚན་མ་མིང་མི་གྲགས། །སྣོད་བཅུད་ཕན་བདེའི་རྟེན་འབྱུང་གཅིག་ཏུ་འཚོགས། །དགེ་ལེགས་རྫོགས་ལྡན་གསར་པའི་དུས་སྟོན་གྱིས། །ཕྱོགས་ཀུན་བཀྲ་ཤིས་དཔལ་དུ་འབར་གྱུར་ཅིག །ཅེས་པའང་ལྷ་རིགས་ལྡོང་གི་མི་རྒྱུད་དུ་སྐྱེས་པའི་རྣལ་འབྱོར་པ་ཚེ་རིང་འབྲུག་རྒྱལ་གྱིས་གང་ཤར་བཟོ་བཅོས་མེད་པར་བྲིས་པ་དགེ། །།


previous འབྱུང་རྩིས་ཀྱི་རེའུ་མིག་ཉེར་མཁོ་བལྟ་བདེར་སྤེལ་བ་ཀུ་མུ་ད{དཱ}འི་རྫིང་བུ། next