Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
   
  expand section
  expand section
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   


 
previous ལེའུ་གསུམ་པ་ལས་བྱུང་བའི་གཉིས་པ་སྒྲ་ཡི་རྒྱན། next

ལེའུ་གསུམ་པ་ལས་བྱུང་བའི་གཉིས་པ་སྒྲ་ཡི་རྒྱན།

ལེའུ་གསུམ་པ་ལས་བྱུང་བའི་གཉིས་པ་སྒྲ་ཡི་རྒྱན་ལ་གསུམ་སྟེ། ཟུང་ལྡན་གྱི་རྣམ་པར་བཞག་པ། བྱ་དཀའ་བའི་ཁྱད་པར་གཞན་བཤད་པ། དབྱངས་སོགས་ངེས་པའི་བྱ་དཀའ་བྱེ་བྲག་ཏུ་ཕྱེ་བའོ། །དང་པོ་ནི་གང་བརྗོད་པ་སྔ་ཕྱི་གཉིས་ཀྱི་བར་དུ་ཡི་གེ་གཞན་གྱིས་མ་ཆོད་པ་དང་ཆོད་པ་དག་གི་ཡི་གེའི་ཚོགས་པ་སྟེ། ཡི་གེ་གཉིས་ལ་སོགས་པ་དུ་མ་ཚོགས་པ་སླར་བཟླས་ཏེ་བསྐོར་བ་ནི་ཟུང་ལྡན་གྱི་མཚན་ཉིད་དེ། དེ་ཡང་ཁམས་འགྲེལ་ལས། ད་ལྟ་བོད་ཡུལ་གྱི་སྙན་ངག་མཁན་ཡོངས་གྲགས་ཀུན་གྱིས་ལེགས་ལེགས་མཛེས་མཛེས་ཟེར་བ་ལྟ་བུ་ལ་ཟུང་ལྡན་གྱི་དཔེར་བརྗོད་མཛད་པ་ཉིད་ལེགས་ཤིང་། འོན་ཀྱང་དེང་སང་གི་སྙན་ངག་མཁན་ཕལ་མོ་ཆེས་ཟུང་ལྡན་གྱི་སྦྱོར་བ་ཤིན་ཏུ་མང་པོ་ཁོ་ན་སྦྱོར་ཞིང་དེ་ཉིད་ཁོ་ན་སྙན་པར་རློམ་པ་ནི་ལེགས་པ་མ་ཡིན་ཏེ། གཞུང་ཉིད་ལས་ཀྱང་། དེ་ཡང་གཅིག་ཏུ་སྙན་པ་མིན། །ཞེས་གསུངས་ཤིང་། རྒྱ་སྐད་ལ་ནི། བརྗོད་བྱའི་དོན་ཁྱད་འཕགས་དང་རྗོད་བྱེད་ཀྱི་ཚིག་ཉམས་ཕུན་སུམ་ཚོགས་པ་སྟེེ་གཉིས་ཀ་མཉམ་པའི་སྟེང་ནས་ཡི་གེའི་ཚོགས་པ་བསྐོར་བའི་ཟུང་ལྡན་གྱི་སྦྱོར་བས་ཀློག་པའི་ཚེ་ནའང་། ཉན་པ་པོའི་རྣ་བར་སྙན་པའི་སྒྲ་གདངས་འབྱིན་པས་སྒྲ་རྒྱན་ཞེས་བྱ་བ་ཡིན། བོད་སྐད་ལ་དེ་འདྲ་གཤིས་ཀྱིས་འབྱུང་དཀའ་ཞིང་། དེ་ལས་ཀྱང་བྱ་དཀའ་བའི་སྦྱོར་བ་མང་ཞིག་ནི་གཏན་ནས་མི་འཇུག་པ་མང་བས། བརྗོད་དོན་གྱིས་དབེན་པའི་དཔེར་བརྗོད་ལྟར་སྣང་བ་མང་པོ་ནན་གྱིས་རྩོམ་པ་ལ་དགོས་པ་ཅི་ཡང་མེད་པས། སྔར་དོན་རྒྱན་གྱི་སྐབས་སུ་རྒྱས་པར་བཤད་ཟིན་པའི་ཚིག་དོན་གྱི་ཉམས་ཕུན་སུམ་ཚོགས་པ་དེ་ལྟ་བུ་གང་ཡང་རུང་བ་ལེགས་པར་གནས་ཤིང་མ་ཞིག་པའི་སྟེང་ནས། སྒྲ་རྒྱན་འདི་དག་བོད་སྐད་ལ་ཇི་ཙམ་དཔེར་བརྗོད་རུང་བ་དེ་ཙམ་སྦྱོར་ཞིང་། ལྭ་བའི་ཐག་ལ་ཟ་འོག་གི་རི་མོ་མི་འབྱུང་བའི་རིགས་ལ། དོ་གལ་མི་བྱེད་པར་བཞག་པ་ཉིད་ལེགས་སོ། །ཞེས་གསུངས། གཉིས་པ་དབྱེ་བ་རྒྱས་པར་བཤད་པ་ལ་དྲུགརྐང་པ་དང་པོ་ན་ཡོད་པའི་ཟུང་ལྡན། གནས་གཞན་ན་ཡོད་པའི་ཟུང་ལྡན། མཐའ་ཐོག་སྦྱར་བའི་ཟུང་ལྡན། ཀུན་ཏུ་ཟུང་ལྡན། བསྲེས་པའི་ཟུང་ལྡན། བཟློག་པའི་ཟུང་ལྡན་རྣམས་སོ། །དེ་རྣམས་ཀྱང་མདོར་བསྡུ་ན་བྱ་སླ་བ་བདེ་བླག་ཏུ་བྱ་བ་དང་། བྱ་དཀའ་བ་ཚེགས་ཀྱི་བྱ་བ་སྟེ་གཉིས་སུ་འདུས་ཤིང་དེ་ལས་མང་དུ་དབྱེ་བའོ། །དང་པོ་ཐོག་མའི་ཟུང་ལྡན་ལ་གསུམ། བར་མ་ཆོད་ཀྱི་ཟུང་ལྡན། བར་དུ་ཆོད་པའི་ཟུང་ལྡན། ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ནོ། །དང་པོ་ལ་ལྔ་ལས། དང་པོ་རྐང་པ་གཅིག་གི་ཐོག་མར་ཡོད་པ་ནི། མཁས་མཁས་འཇམ་དཔལ་གཞོན་ནུའི་རང་མདངས་ལས། །ལེགས་འཁྲུངས་ཕུལ་བྱུང་བློ་གྲོས་སྐྱ་རེངས་ཀྱིས། །ཐུབ་བསྟན་ཉིན་བྱེད་གངས་ལྗོངས་མུན་གླིང་དུ། །ཐོག་མར་འདྲེན་མཛད་ཐོན་མི་སམ་བྷོ་ཊ། །རྐང་པ་གཉིས་པའི་ཐོག་མར་ཡོད་པ་ནི། ཚངས་སོགས་སྐྱེ་དགུའི་གཙུག་ནོར་མཐོན་ཀའི་རྩེར། །ཡང་ཡང་ཁྱོད་ཞབས་པདྨོ་འཐོབ་དཀའ་བའི། །སྤྱན་རས་གཟིགས་དབང་སྲོང་བཙན་སྒམ་པོ་ཞེས། །གྲགས་པའི་མུ་ཁྱུད་གླིང་བཞིའི་མཐའ་ལས་བརྒལ། །རྐང་པ་གསུམ་པའི་ཐོག་མར་ཡོད་པ་ནི། གང་གི་རྣམ་དཔྱོད་འཕྲུལ་གྱི་ཞགས་པ་ཡིས། །སྐྱེ་དགུའི་ཡིད་ཀྱི་ཆོམ་རྐུན་འགུགས་མཛད་པའི། །མཚར་མཚར་གཏམ་གྱི་གླིང་བུ་འབུམ་ཕྲག་སྙེད། །སྲིད་ན་རྣམ་པར་སྙན་པ་མགར་བློན་རྗེ། །རྐང་པ་བཞི་པའི་ཐོག་མར་ཡོད་པ་ནི། རིགས་གསུམ་སེམས་དཔའ་སྐལ་བཟང་གདུལ་བྱའི་ངོར། །རྗེ་བློན་ཚུལ་བཟུང་ཐབས་མཁས་མཛད་པ་ཡིས། །འགྲོ་ལ་ཕན་བདེའི་ལམ་བཟང་སྣང་མཛད་པར། །ཡང་ཡང་བཀའ་དྲིན་དྲན་པའི་ཕྱག་གིས་འདུད། །གཉིས་པ་ལ་གཉིས་ཡོད་པ་ལ། རྐང་པ་དང་པོ་གཉིས་ཀྱི་ཐོག་མར་ཡོད་པ་ནི། ཟབ་ཟབ་བིར་ཝ་པ་ཡི་ལམ་འབྲས་བཅུད། །མང་མང་སྐལ་བཟང་མགྲོན་ལ་འགྱེད་པ་ཡི། །བརྩེ་བ་ཆེན་པོ་དཔལ་ལྡན་ས་སྐྱ་པའི། །གྲགས་དཀར་མི་ནུབ་སྲིད་ཞིའི་ཁོངས་སུ་རྒྱུ། །དང་པོ་དང་གསུམ་པའི་ཐོག་མར་ཡོད་པ་ནི། མཛེས་མཛེས་མཁའ་སྤྱོད་དགའ་མ་ཡིད་འོང་མས། །འཛུམ་བཞད་མེ་ཏོག་གསར་པའི་ཆར་རྒྱུན་བཅས། །ཁྱུག་ཁྱུག་མིག་འཕྲུལ་བཞིན་དུ་འོག་མིན་ན། །མངོན་སུམ་དྲངས་དེར་བསོད་ནམས་རྩེ་མོར་གྲགས། །དང་པོ་དང་བཞི་པའི་ཐོག་མར་ཡོད་པ་ནི། ཟབ་ཟབ་མཁྱེན་རྟོགས་ནོར་བུའི་བང་མཛོད་ལས། །ངེས་གསང་སྙིང་པོའི་སྨིན་གྲོལ་འདོད་དགུའི་དཔལ། །འཛད་མེད་སྟེར་བས་མཆོག་བསྟན་རྒྱས་མཛད་པ། །མང་མང་འགྲོ་བའི་དེད་དཔོན་གྲགས་རྒྱལ་མཚན། །གཉིས་པ་དང་གསུམ་པའི་ཐོག་མར་ཡོད་པ་ནི། འཕྲོག་བྱེད་རལ་པ་འཛིན་པའི་རིག་ལམ་དཔུང་། །ཡང་ཡང་རྨེག་མེད་བཅོམ་པའི་ངོ་མཚར་གྱི། །སྙན་སྙན་གྲགས་དཀར་ཕུང་པོ་ཆེས་མཐོ་བ། །ཀུན་དགའ་རྒྱལ་མཚན་ཐུབ་བསྟན་མཛེས་པའི་རྒྱན། །གཉིས་པ་དང་བཞི་པའི་ཐོག་མར་ཡོད་པ་ནི། སེ་ཆེན་རྒྱལ་པོའི་ཐུགས་བསྐྱེད་གོས་བཟང་རྩེར། །མཛེས་མཛེས་ཁྱོད་ཞབས་ནོར་བུའི་ཏོག་འབར་ཚེ། །རིས་བྲལ་ཐུབ་བསྟན་སྲོག་ཤིང་ཆེས་བརླིང་བའི། །ཡང་ཡང་བཀའ་དྲིན་དྲན་ནོ་འཕགས་པ་རྗེ། །གསུམ་པ་དང་བཞི་པའི་ཐོག་མར་ཡོད་པ་ནི། གྲགས་ལྡན་ལྷར་བཅས་སྐྱེ་དགུས་ལེགས་མཆོད་པའི། །མཇམ་པའི་དབྱངས་དངོས་གོང་མ་རྣམ་ལྔ་རྗེ། །ཡང་ཡང་རྣམ་ཐར་དྲན་པས་གསོལ་འདེབས་ན། །མྱུར་མྱུར་ཐུགས་རྗེའི་ཞགས་པས་དྲང་དུ་གསོལ། །གསུམ་པ་ལ་གསུམ་ཡོད་པ་ལ། རྐང་པ་སྔ་མ་གསུམ་གྱི་ཐོག་མར་ཡོད་པ་ནི། མང་མང་སྲས་བཅས་རྒྱལ་པའི་ཐུགས་བཅུད་ཀུན། །ཡང་ཡང་གཅིག་ཏུ་བསྡུས་པའི་ཉིང་ཁུ་ཆེ། །ཟབ་ཟབ་ལྷ་ཆོས་བདུན་ལྡན་རིང་ལུགས་མཆོག །གསལ་མཛད་དཱི་པཾ་ཀ་ར་སྙིགས་འགྲོའི་སྐྱབས། །རྐང་པ་དང་པོ་གཉིས་དང་བཞི་པའི་ཐོག་མར་ཡོད་པ་ནི། ཟབ་ཟབ་ཐེག་མཆོག་གདམས་པའི་ཆུ་ཀླུང་འབུམ། །མང་མང་གདུལ་བྱའི་ཞིང་དུ་འདྲེན་མཁས་པ། །རིགས་གསུམ་རྣམ་འཕྲུལ་ཁུ་རྔོག་འབྲོམ་གསུམ་གྱི། །སྙན་སྙན་གྲགས་པའི་རྔ་ཆེན་སྲིད་ན་ལྡིར། །རྐང་པ་དང་པོ་དང་ཕྱི་མ་གཉིས་ཀྱི་ཐོག་མར་ཡོད་པ་ནི། འཇིགས་འཇིགས་སྲིད་པར་དགའ་བའི་བློ་སྤངས་ཀྱང་། །གཅིག་པུར་ཞི་ལ་གཞོལ་བར་མ་བཟོད་ནས། །མང་མང་འགྲོ་སྒྲོལ་ཁུར་ཁྱེར་སྐུ་མཆེད་གསུམ། །ལེགས་ལེགས་ཐར་འདོད་ཡོངས་ཀྱི་གཙུག་གི་རྒྱན། །རྐང་པ་ཕྱི་མ་གསུམ་གྱི་ཐོག་མར་ཡོད་པ་ནི། ཆོས་བརྒྱད་ཆོམ་ལ་ཕབ་པའི་དཔའ་ཆེན་མཆོག །ཟབ་ཟབ་གདམས་པའི་གཏེར་འཆང་གླང་ཤར་གཉིས། །ངེས་ངེས་ཐར་གླིང་དེད་དཔོན་འཆད་ཁ་བ། །མཛེས་མཛེས་རྣམ་ཐར་གཙང་མ་ཐུབ་བསྟན་རྒྱན། །རྐང་པ་བཞི་ཀའི་ཐོག་མ་ན་ཡོད་པ་ནི། མང་མང་རྒྱལ་བཀའ་མདོ་སྔགས་གཞུང་མཐའ་དག །ཡང་ཡང་གདམས་པར་ཤར་བའི་བཤེས་གཉེན་ཚོགས། །ལྷང་ལྷང་མགྲིན་པའི་རྒྱུད་ནས་འབོད་ལགས་ན། །འཇིགས་འཇིགས་ཆོས་བརྒྱད་འཕྲང་ལས་དེང་སྒྲོལ་ཅིག །དེ་ལྟར་རྐང་པའི་ཐོག་མ་ན་ཡོད་པའི་ཟུང་ལྡན་བར་མ་ཆོད་པའི་རྣམ་རྟོག་སྟེ་རྣམ་པར་དབྱེ་བ་བཤད་ཟིན་ཏོ། །གཉིས་པ་ཆོད་པའི་ཟུང་ལྡན་ནི། ཡི་གེའི་ཚོགས་པ་བསྐོར་བའི་ཟུང་ལྡན་སྔ་མ་དང་ཕྱི་མ་གཉིས་ཀྱི་བར་དུ་མིང་ཚིག་ཡི་གེ་གཞན་གྱིས་ཆོད་པའི་ཟུང་ལྡན་ཏེ། དབྱེ་ན། རྐང་པ་གཉིས་ལ་ཡོད་པ། གསུམ་ལ་ཡོད་པ། བཞི་ལ་ཡོད་པ། བཞི་ལ་ཆ་གཉིས་སུ་ཡོད་པའོ། །དང་པོ་རྐང་པ་གཉིས་ལ་ཡོད་པ་ལ། རྐང་པ་དང་པོ་གཉིས་ལ་ཡོད་པ་ནི། རྣམ་མཆོག་སྟོང་ཉིད་མི་འགྱུར་བདེ་བའི་གར། །རྣམ་དག་སྟུག་པོ་བཀོད་པའི་ཞིང་ཁམས་སུ། །བདེ་ཆེན་ཁ་སྦྱོར་བདུན་གྱི་དཔལ་མངའ་བའི། །དྲུག་པ་རྡོ་རྗེ་འཆང་དབང་གཏན་གྱི་སྐྱབས། །རྐང་པ་དང་པོ་དང་གསུམ་པའི་ཐོག་མར་ཆོད་པ་ནི། ཟབ་གསང་མཁའ་འགྲོའི་ཞལ་ལུང་འབྲུ་ཡི་བཅུད། །བཏུང་བས་ཆེར་མྱོས་སྐལ་བཟང་གདུལ་བྱའི་ངོར། །ཟབ་གསང་དོ་ཧའི་དབྱངས་ཀྱིས་འདོམ་མཁས་པ། །གྲུབ་པའི་དབང་ཕྱུག་ཏེ་ལོ་སངས་རྒྱས་དངོས། །དང་པོ་དང་བཞི་པའི་ཐོག་མར་ཆོད་པ་ནི། རབ་འབྱམས་ཤེས་བྱའི་རྩལ་གསུམ་ལེགས་རྫོགས་ཤིང་། །ལུང་རིགས་སྡེར་མོས་ལྟ་དམན་གཉིས་འཐུང་ཚོགས། །འཇོམས་མཛད་གྲུབ་པའི་དབང་ཕྱུག་གདོང་ལྔ་པ། །རབ་བརྟན་སྒྲུབ་བརྒྱུད་གཙུག་ནོར་ནཱ་རོ་རྗེ། །གཉིས་པ་དང་གསུམ་པའི་ཐོག་མར་ཆོད་པ་ནི། དགྱེས་མཛད་རྡོ་རྗེའི་ཡེ་ཤེས་སྒྱུ་མའི་འཕྲུལ། །དཔལ་རྒྱས་ལྷར་བཅས་སྐྱེ་བོས་ཕྱག་བྱས་པའི། །དཔལ་ལྡན་སྐད་གཉིས་སྨྲ་བའི་དབང་ཕྱུག་མཆོག །མར་སྟོན་ཆོས་ཀྱི་བློ་གྲོས་ཁྱོད་མཚུངས་སུ། །གཉིས་པ་དང་བཞི་པའི་ཐོག་མར་ཆོད་པ་ནི། སྲོག་རྩོལ་མཐུ་ཡིས་ཉི་ཟླའི་བགྲོད་པ་ཀུན། །སྒྲ་གཅན་དབྱིངས་སུ་ཐིམ་པའི་རང་རྩལ་ལས། །གཞོམ་བྲལ་ཟབ་གསང་མི་ཤིགས་ནཱ་ད་ཡི། །སྒྲ་དབྱངས་སྲིད་ན་སྙན་པའི་མི་ལ་རྗེ། །རྐང་པ་ཕྱི་མ་གཉིས་ཀྱི་ཐོག་མར་ཆོད་པ་ནི། ཤཱཀྱ་སེང་གེའི་བདེན་གསུང་རྡོ་རྗེའི་སྒྲས། །ཆེས་ཆེར་བསྔགས་པའི་ས་བཅུའི་དབང་ཕྱུག་མཆོག །ཟླ་འོད་གཞོན་ནུར་རབ་གྲགས་འཚོ་མཛད་དབང། །ཟླ་བྲལ་སྐྱེས་མཆོག་གངས་ཁྲོད་མཛེས་པའི་རྒྱན། །གཉིས་པ་རྐང་པ་གསུམ་ལ་ཡོད་པ་ལས། དང་པོ་གསུམ་གྱི་ཐོག་མར་ཆོད་པ་ནི། རབ་མཛེས་མཁའ་ལ་ངང་མོ་ལྡིང་བ་བཞིན། །རབ་དཀར་བླ་གོས་གསར་པའི་གཤོག་ཡངས་ཀྱིས། །རབ་དགའི་ཞིང་མཆོག་བགྲོད་མཛད་རས་ཆུང་པ། །བཛྲ་ཀིརྟའི་གྲགས་སྙན་སྲིད་ན་བརླིང་། །དང་པོ་དང་ཕྱི་མ་གཉིས་ཀྱི་ཐོག་མར་ཆོད་པ་ནི། རྣམ་གྲོལ་ཟག་མེད་ཡོན་ཏན་དཔལ་གྱིས་བརྗིད། །ཡ་བཞི་ཟུང་བརྒྱད་བརྒྱུད་པའི་ཆུ་མགོ་མཆོག །རྣམ་མང་འགྲོ་བའི་ཉེར་འཚོའི་གཞི་གཅིག་པུ། །རྣམ་མཁྱེད་དེད་དཔོན་མཚུངས་མེད་མཐའ་རྩ་བ། །ཕྱི་མ་གསུམ་གྱི་ཐོག་མར་ཆོད་པ་ནི། ཡོངས་རྫོགས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན། །ཐུགས་ལ་བརྣག་པ་གཞན་ཕན་འབའ་ཞིག་ཕྱིར། །ཐུགས་རྗེ་ཆེ་དངོས་རྒྱལ་དབང་ཀརྨ་པ། །ཐུགས་བསྐྱེད་དམ་བཅའ་གཞན་ལས་ཁྱད་འཕགས་ཉིད། །གསུམ་པ་བཞི་ཀའི་ཐོག་མར་ཆོད་པ་ནི། དཔལ་ལྡན་ཡོན་ཏན་བྱེ་བས་མངོན་མཐོ་སྒྲུབ་བརྒྱུད་ཀེ་ལ་ཤ་རིའི་རྩེར། །དཔལ་ལྡན་མཁྱེན་རྟོགས་ནུས་མཐུའི་རྩལ་རྫོགས་ཐེག་མཆོག་ང་རོ་གསོང་མཐོར་སྒྲོགས། །དཔལ་ལྡན་སྐལ་བཟང་གདུལ་བྱའི་རི་དྭགས་བདེ་བར་སྐྱོང་མཛད་གདོང་ལྔ་པ། །དཔལ་ལྡན་སྐུ་བཞིའི་དབང་ཕྱུག་གྲུབ་པ་མཆོག་རྣམས་བདག་ལ་དགྱེས་མཛོད་ཀྱཻ། །བཞི་པ་རྐང་པ་བཞི་ལ་ཆ་གཉིས་སུ་ཡོད་པ་ནི། ཆོས་བརྒྱད་སྨྲིག་རྒྱུའི་ཐག་པས་འཆིང་མིན་པར། །ཆོས་ཀུན་དེ་ཉིད་གཟིགས་པའི་རྣམ་ཐར་ཕུལ། །ཁ་བ་རི་པའི་སྒྲ་འཛིན་མཛེས་པའི་རྒྱན། །ཁ་རག་སྒོམ་ཆུང་ཁྱོད་མཚུངས་སྲིད་ན་སུ། །དང་པོ་དང་གསུམ་པ་འདྲ་ཞིང་། གཉིས་པ་དང་བཞི་པ་འདྲ་བའི་ཐོག་མའི་ཆོད་པ་ནི། རྣམ་དག་བསླབ་གསུམ་གཤོག་ཡངས་ཆེས་དཀར་ཞིང་། །ཐུབ་བསྟན་འོ་མའི་མཚོ་ལ་དགྱེས་རོལ་བས། །རྣམ་མང་ལེགས་བཤད་མགྲིན་རྔ་འཁྲོལ་བའི་དཔལ། །ཐུབ་སྲས་ངང་པའི་རྒྱལ་པོ་ཤཱཀྱ་ཤྲཱི། །ཐོག་ཐ་གཉིས་འདྲ། བར་མ་གཉིས་འདྲ་བ་ནི། དམ་ཆོས་སྡུག་བསྔལ་ཞི་བྱེད་བཅུད་ལེན་རྩིས། །འགྲོ་ཁམས་རྣམ་གྲོལ་བུམ་བརྒྱ་སྐྱེས་བསྐྲུན་པའི། །འགྲོ་བའི་མགོན་པོ་གྲུབ་པ་ཡོངས་ཀྱི་མེས། །དམ་པ་རྒྱ་གར་རྣམ་ཐར་སྲིད་ན་གསལ། །དེ་ལྟར་བར་དུ་ཆོད་པའི་ཟུང་ལྡན་རྐང་པའི་དང་པོ་ན་ཡོད་པའི་རབ་དབྱེ་བསྟན་ཟིན་ཏོ། །གསུམ་པ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ནི། སྔོན་དུ་བཤད་པའི་ཟུང་ལྡན་མ་ཆོད་པ་འབའ་ཞིག་པ་དེ་དག་ཏུ་མ་ཟད་ཀྱི། བར་དུ་ཆོད་པའང་ཡིན་ལ་མ་ཆོད་པའང་ཡིན་པ་སྔར་གྱི་གཉིས་པོ་དེ་བསྲེས་པའི་བདག་ཉིད་ཟུང་ལྡན་གྱི་རྣམ་རྟོག་སྟེ། ནང་གསེས་ཀྱི་དབྱེ་བ་དཔེར་བརྗོད་པ་ལས། རྐང་པ་སྔ་མ་གཉིས་འདྲ། ཕྱི་མ་གཉིས་འདྲ་བ་ཆོད་ཅིང་མ་ཆོད་པ་ནི། མང་མང་ཤེས་བྱའི་ཆོས་ཀུན་ཐུགས་མཚོར་བསྐྱིལ། །མང་མང་འགྲོ་ལ་རྗེས་བརྩེས་ལེགས་བཤད་ཆབ། །ཡང་ཡང་སྐྱུག་མཛད་སྔོན་མེད་དྲང་སྲོང་ཆེ། །ཡང་ཡང་དྲན་ནོ་ཀུན་མཁྱེན་བོ་དོང་པ། །སྔ་ཕྱི་གཉིས་འདྲ་ཞིང་། བར་མ་གཉིས་ཀྱང་འདྲ་བ་ཆོད་ཅིང་མ་ཆོད་པ་ནི། ཡང་ཡང་ཡེ་ཤེས་ཌཱ་ཀིའི་ཞལ་གྱི་ལུང་། །ཟབ་ཟབ་རྒྱུད་སྡེ་ཀུན་གྱི་སྙིང་པོའི་བཅུད། །ཟབ་ཟབ་གཅིག་ཏུ་བསྡུས་པའི་གསེར་ཆོས་ཕུལ། །ཡང་ཡང་སྩོལ་མཛད་ཁྱུང་པོ་རྣལ་འབྱོར་རྗེ། །བཞི་ཀ་འདྲ་བ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ནི། སྙན་སྙན་དབྱངས་ཅན་མགྲིན་པར་ཆགས་པའི་གཏམ། །སྙན་སྙན་ཚིག་གི་ཉམས་འགྱུར་འབུམ་ཕྲག་རྒྱན། །སྙན་སྙན་གངས་རིའི་ཁྲོད་འདིར་གསལ་མཛད་པ། །སྙན་སྙན་ཤོང་དཔང་མཁས་པའི་གྲགས་པ་གསལ། །དེ་ལྟར་རྐང་པའི་དང་པོ་ན་ཡོད་པའི་ཟུང་ལྡན་གྱི་དབྱེ་བ་སུམ་ཅུ་རྩ་གསུམ་བསྟན་པའི་རིགས་པས་ཟུང་ལྡན་བྱ་སླ་བ་གཞན་བར་ལ་ཡོད་པ་སོགས་ནས་མཐའ་ལ་ཡོད་པའི་བར་གྱི་དྲུག་པོའི་དབྱེ་བ་རྣམས་ཀྱང་རྟོགས་སླ་བར་དགོངས་ནས་གཞུང་དུ་དཔེར་མ་བརྗོད་པ་བློ་ལྡན་རྣམས་ཀྱིས་ཤེས་པར་བྱ་ཞིང་སྦྱོར་རོ། །གཉིས་པ་གནས་གཞན་ན་ཡོད་པའི་ཟུང་ལྡན་ནི། བྱ་དཀའ་ཡིན་པར་སྙན་ངག་མཁན་རྣམས་ཀྱིས་འདོད་པ་ལས་ཟུང་ལྡན་འགའ་ཞིག་གི་རྣམ་པ་བསྟན་པ་སྟེ། དེ་ཡང་རྐང་པ་བཞི་ཀ་ལ་ཡོད་པ་རྣམས་བྱ་དཀའ་ཞིང་། གསུམ་ལ་ཡོད་པ་རྣམས་ཀྱང་ཅུང་ཟད་བྱ་དཀའ་འོ། །བྱ་དཀའ་དེ་དཔེར་བརྗོད་པ་ལ་དྲུགརྐང་བཞིའི་དབུས་ན་ཡོད་པ་དང་། མཐའ་ན་ཡོད་པ། བར་མཐའ་གཉིས་ན་ཡོད་པ། ཐོག་བར་ན་ཡོད་པ། ཐོག་མཐའ་གཉིས་ན་ཡོད་པ། གནས་གསུམ་ཀ་ལ་ཡོད་པའོ། །དང་པོ་རྐང་བཞིའི་དབུས་ན་ཡོད་པ་ལའང་གཉིས་ཀྱི་དང་པོ་ཆོད་ཅིང་མ་ཆོད་པ་ནི། མཁྱེན་བཟང་ཆེས་དཀར་དཀར་བའི་བརྩེ་སྤྲིན་མཛེས། །ཕུལ་བྱུང་གྲགས་དཀར་དཀར་པོའི་ཕྲིན་ལས་ཅན། །རྒྱན་ཆས་རབ་དཀར་དཀར་མོ་ཡིད་འོང་མས། །བློ་གྲོས་སྣང་དཀར་དཀར་བའི་དངོས་ཀུན་སྩོལ། །གཉིས་པ་དབུས་ཀྱིས་ཆོད་པ་ནི། མཚན་དཔེས་རབ་བརྒྱན་རབ་འབྱམས་ཞིང་ཀུན་ཁྱབ། །ཚངས་དབྱངས་རབ་སྙན་རབ་མང་ཆོས་སྒོ་འབྱེད། །ཆོས་ཀུན་རབ་གཟིགས་རབ་ཡངས་བརྩེ་སྤྲིན་ཅན། །བདག་ལ་རབ་དགོངས་རབ་གསལ་སྤོབས་པ་བྱིན། །གཉིས་པ་མཐའ་ན་ཡོད་པ་ལའང་གཉིས་ཀྱི་མཐའ་ན་ཡོད་པའི་ཆོད་པ་ནི། ཐོས་ཚེ་རིགས་ཁམས་ས་བོན་གསོས་གྱུར་དགེ། །བསམས་ན་ཐེ་ཚོམ་མདུད་པ་འགྲོལ་བྱེད་དགེ། །བསྒོམས་པས་རྣམ་གྲོལ་རྒྱལ་ཐབས་སྦྱིན་ལ་དགེ། །ངེས་དོན་གསུང་རབ་ཐོག་མཐའ་བར་གསུམ་དགེ། །མཐའི་ཆོད་ཅིང་མ་ཆོད་པ་ནི། མདོ་རྒྱུད་ངེས་དོན་སྙིང་པོ་འཆད་མཁས་མཁས། །འཁྱོགས་སྨྲའི་སྨྲ་བྱེད་གཅོད་པའི་རྩོད་མཁས་མཁས། །འཆོས་སྐྱོབ་ཡོན་ཏན་ཀུན་རྫོགས་རྩོམ་མཁས་མཁས། །གངས་ལྗོངས་འདི་ན་སོག་བཟློག་ཁྱོད་མཁས་མཁས། །གསུམ་པ་བར་མཐའ་གཉིས་ལ་ཡོད་པ་ལས་ཆོད་པ་ནི། སྒྲ་ཚད་ལ་མཁས་བཟོ་དང་གསོ་བར་མཁས། །ཚིག་རྒྱན་སྨྲ་མཁས་མངོན་བརྗོད་སྡེབ་སྦྱོར་མཁས། །ནང་དོན་རིགས་མཁས་གཞུང་མང་འགྲེལ་ལ་མཁས། །འཆད་རྩོད་རྩོམ་མཁས་ས་བཟང་མ་ཏི་མཁས། །ཆོད་ཅིང་མ་ཆོད་པ་ནི། གསུང་རབ་འཆད་མཁས་མཁས་མང་སྡུད་མཁས་མཁས། །ལུང་རིགས་རྩོད་མཁས་མཁས་དྲེགས་གཞོམ་མཁས་མཁས། །ལེགས་བཤད་རྩོམ་མཁས་མཁས་གཞུང་འགྲེལ་མཁས་མཁས། །མཆིམས་སྟོན་མཆོག་མཁས་མཁས་བརྒྱུད་ཚོགས་མཁས་མཁས། །བཞི་པ་རྐང་བཞིའི་ཐོག་བར་ན་ཡོད་པ་ལས་ཆོད་པ་ནི། ངེས་གསང་རྒྱུད་རྒྱལ་ངེས་པ་དུས་འཁོར་ལོའི། །ངེས་དོན་མཐར་ཐུག་ངེས་རྟོགས་མཁས་གྲུབ་རྣམས། །ངེས་དོན་སེང་སྒྲ་ངེས་སྒྲོགས་ཇོ་ནང་པར། །ངེས་པ་རྙེད་རྣམས་ངེས་གྲོལ་སྐལ་བཟང་ཉིད། །དང་པོ་དང་གསུམ་པའི་ཐོག་མཐའ། གཉིས་པ་དང་བཞི་པའི་ཐོག་བར་གྱིས་ཆོད་ཅིང་མ་ཆོད་པ་ནི། མཛེས་མཛེས་བསླབ་གསུམ་རྒྱན་གྱིས་རྣམ་མཛེས་མཛེས། །མཛེས་མཛེས་ཀུན་སྤྱོད་མཛེས་མཛེས་དང་{དྭང}བ་འདྲེན། །མཛེས་མཛེས་མཁས་མང་རིགས་པར་སྨྲ་མཛེས་མཛེས། །མཛེས་མཛེས་ཕྱོགས་མཐར་མཛེས་མཛེས་དགེ་ལྡན་པ། །ལྔ་པ་རྐང་བཞིའི་ཐོག་མཐའ་གཉིས་སུ་ཡོད་པ་ལས་ཆོད་ཅིང་མ་ཆོད་པ་ནི། ལེགས་ཚོགས་ཕྱྭ་གཡང་དངོས་ཀུན་སྡུད་པས་ལེགས། །ལེགས་དོན་ལྐོག་གྱུར་གསལ་བར་སྨྲ་མཁས་ལེགས། །ལེགས་སྤྱོད་འགལ་བྱེད་ཡས་ཀྱིས་བརྔན་ཕྱིར་ལེགས། །ལེགས་པའི་ཡན་ལག་གཡུང་དྲུང་བོན་པོའང་ལེགས། །བཞི་ཀའི་ཐོག་མཐར་མ་ཆོད་ཅིང་ཆོད་པ་ནི། འཁྱོག་འཁྱོག་ཕག་ནོར་གཟིགས་པའི་སྤྱན་འཁྱོག་འཁྱོག །འཁྱོག་འཁྱོག་ཡོན་པོར་གནང་བའི་ལུང་འཁྱོག་འཁྱོག །འཁྱོགས་འཁྱོག་ངན་གཡོས་བསླུ་བའི་རྒྱུད་འཁྱོག་འཁྱོག །འཁྱོག་འཁྱོགདེང་དུས་ས་བདག་ཕལ་འཁྱོག་འཁྱོག །དྲུག་པ་གནས་གསུམ་ལ་ཡོད་པ་ལས། རྐང་པ་བཞི་ཀའི་གནས་གསུམ་དུ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ནི། དགེ་བའི་ཡུལ་གྲུ་དགེ་བཅུའི་ཁྲིམས་ཀྱིས་དགེ། །དགེ་འདུན་སྡེ་རྣམས་དགེ་མང་འབྱོར་པས་དགེ། །དགེ་ལ་སྤྱོད་ཀུན་དགེ་ཚོགས་རྣམ་འཕེལ་དགེ། །དགེ་བའི་གྲོགས་ཁྱོད་དགེ་ལེགས་དཔལ་གྱིས་དགེ། །རྐང་པ་བཞི་ཀའི་གནས་གསུམ་དུ་མ་ཆོད་ཅིང་ཆོད་པའི་ཟུང་ལྡན་ནི། གསལ་གསལ་རྒྱུ་སྐར་ཁྲོད་ན་གསལ་གསལ་རི་བོང་འཛིན་པའི་མདངས་གསལ་གསལ། །གསལ་གསལ་རྣམ་སད་དབུས་ན་གསལ་གསལ་མཆོད་སྦྱིན་བརྒྱ་པའི་སྟོབས་གསལ་གསལ། །གསལ་གསལ་རྐང་འཐུང་ཚལ་ན་གསལ་གསལ་ཡོངས་འདུས་ལྗོན་པའི་དཔལ་གསལ་གསལ། །གསལ་གསལ་བསིལ་ལྡན་ལྗོངས་འདིར་གསལ་གསལ་མཁན་སློབ་ཆོས་གསུམ་དྲིན་གསལ་གསལ། །གསུམ་པ་མཐར་ཐོག་སྦྱར་བ་ནི། ཟུང་ལྡན་གཞན་ལ་མ་ལྟོས་པར་རང་རྐང་ཚུགས་པ་ཞིག་ཡིན་ཕྱིར་ཞར་བྱུང་དུ་ཐོན་པའི་ཟུང་ལྡན་དེ་རྣམས་ཀྱི་ནང་དུ་མ་བསྡུས་པར་རང་དབང་ཅན་དུ་འཆད་པ་སྟེ། དཔེར་བརྗོད་ནི། འཇིགས་བརྒྱད་ཀྱིས་གཟིར་སྐྱེ་དགུ་མ་ལུས་པ། །ལུས་པ་མེད་པར་དབུགས་འབྱིན་དགེ་མ་ཡིས། །མ་ཡིས་བུ་ལྟར་བརྩེ་འདི་རྨི་ལམ་མིན། །ལམ་མིན་གཡང་ལས་སྲུངས་ཤིག་འཕགས་མ་ཀྱཻ། །ཡང་ན། ཕུལ་བྱུང་བསྔགས་འོས་ཡོན་ཏན་བྱེ་བའི་གཏེར། །གཏེར་བདག་གླིང་པ་ལྷར་བཅས་སྐྱེ་དགུའི་མགོན། །མགོན་ཁྱོད་སྐྱབས་སུ་བརྟེན་པའི་དམན་བདག་ལ། །ལ་འུར་ཡེ་ཤེས་གཟིགས་པས་བྱིན་རློབས་ཤིག །འདི་ནས་བཟུང་བྱ་དཀའི་སྐོར་རྣམས་སྔར་བཤད་ལྟར་བོད་སྐད་ལ་ཟློས་སྐྱོན་མི་ཡོང་བ་ཇི་བཞིན་སྦྱོར་དུ་མི་བཏུབ་ཅིང་། ཆེད་དུ་སྦྱོར་གལ་མི་ཆེ་ཡང་། གཞུང་གི་ས་བཅད་མ་ཆད་ཙམ་དུ་བོད་སྔ་མ་རྣམས་ཀྱིས་དཔེར་བརྗོད་རེ་མཛད་སྲོལ་འདུག་པའི་རྗེས་སུ་འབྲང་ན། བཞི་པ་ཀུན་ཏུ་ཟུང་ལྡན་ལ་གསུམ། རྐང་པ་བཟླས་པ། ཚིག་བཅད་བཟླས་པ། ཟུང་ལྡན་ཆེན་པོའོ། །སྤྱིར་ཚིགས་སུ་བཅད་པའི་ཕྱེད་དེ་རྐང་པ་གཉིས་ཀྱང་བརྗོད་ཅིང་བཟླས་པ་ནི། ཡང་དག་སྦྱར་བ་ཞེས་བྱ་བའི་ཟུང་ལྡན་ཡིན་ཞིང་། དེ་ལའང་ནང་བྱེ་བྲག་གི་དབྱེ་བ་དུ་མ་ཡོད་པ་རྣམས་རིམ་པར་དཔེར་བརྗོད་ན། རྐང་པ་དང་པོ་གསུམ་པ་དང་། གཉིས་པ་བཞི་པར་བཟླས་པ་ནི། རྒྱལ་བའི་རིང་ལུགས་རིགས་པས་ཚད་མར་གྲུབ། །བདེན་པའི་ཚུལ་ལས་འདས་ཏེ་མ་སྨྲ་ཞིག །རྒྱལ་བའི་རིང་ལུགས་རིགས་པས་ཚད་མར་གྲུབ། །བདེན་པའི་ཚུལ་ལས་འདས་ཏེ་མ་སྨྲ་ཞིག །འདིར་ཐ་དཔྱོད་དང་དོན་དཔྱོད་ཀྱི་ངོར་གྲུབ་པའི་བདེན་གཉིས་ཀྱི་ཚུལ་ལ་བསམ་པའོ། །དང་པོ་གཉིས་པ་དང་གསུམ་པ་བཞི་པར་བཟླས་པ། རབ་འབྱམས་སྲས་བཅས་རྒྱལ་རྣམས་འབྱུང་བའི་གཞི། །རབ་འབྱམས་སྲས་བཅས་རྒྱལ་རྣམས་འབྱུང་བའི་གཞི། །བྱང་ཆུབ་སེམས་འདི་ལམ་གྱི་སྲོག་ཏུ་ཟུངས། །བྱང་ཆུབ་སེམས་འདི་ལམ་གྱི་སྲོག་ཏུ་ཟུང་། །སྔ་མ་སྨོན་པ་དང་། ཕྱི་མ་འཇུག་པ་ལ་བསམ་པའོ། །དང་པོ་བཞི་པ་དང་། གཉིས་པ་གསུམ་པར་བཟླས་པ། མཐར་ཐུག་རྫོགས་སངས་སྐུ་མཆོག་འཐོབ་པའི་རྒྱུ། །ཚོགས་གསོག་འདི་ལ་གྲོགས་དག་འབད་པར་འཚལ། །མཐར་ཐུག་རྫོགས་སངས་སྐུ་མཆོག་འཐོབ་པའི་རྒྱུ། །ཚོགས་གསོག་འདི་ལ་གྲོགས་དག་འབད་པར་འཚལ། །སྐུ་གཉིས་འཐོབ་པའི་ཉེ་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་པ་བསམ་པའོ། །དེ་བཞིན་དུ། རྐང་པ་དང་པོ་གཉིས་པར་བཟླས་ཤིང་ཚིག་ཕྱི་མ་གཉིས་ཅི་བདེར་སྦྱར་བ་ནི། བླ་མེད་ཐེག་པ་ཆེན་པོའི་རིགས་ཀྱི་ཁམས། །བླ་མེད་ཐེག་པ་ཆེན་པོའི་རིགས་ཀྱི་ཁམས། །རང་བཞིན་འདུས་མ་བྱས་ཆེན་ཆོས་སྐུ་དང་། །རྒྱས་འགྱུར་ལམ་གྱིས་གསོས་པ་གཟུགས་སྐུའི་རྟེན། །དེས་བསྒྲེས་རྐང་པ་དང་པོ་ཉིད་གསུམ་པར་བཟླས་པ། རྒྱལ་བའི་དགོངས་ཟབ་འགྲེལ་ཚུལ་ཐ་དད་པ། །རང་བཞིན་གསུམ་སྟོན་རྣལ་འབྱོར་སྤྱོད་པའི་གཞུང། །རྒྱལ་བའི་དགོངས་ཟབ་འགྲེལ་ཚུལ་ཐ་དད་པ། །ངོ་བོ་ཉིད་མེད་མཐའ་བྲལ་དབུ་མའི་ཚུལ། །རྐང་པ་དང་པོ་ཉིད་བཞི་པར་བཟླས་པ། ཐེག་མཆོག་ལམ་དུ་སློབ་ལ་མེད་ཐབས་ཅི། །ཟབ་མོ་ལྟ་བའི་གནད་སྟོན་དབུ་མ་སྟེ། །རྒྱ་ཆེན་སྤྱོད་པའི་གཞུང་ཤིང་སེམས་ཙམ་ཡང་། །ཐེག་མཆོག་ལམ་དུ་སློབ་ལ་མེད་ཐབས་ཅི། །རྐང་པ་གཉིས་པ་ཉིད་གསུམ་པར་བཟླས་པ། བདག་ལྟའི་གཉེན་པོར་བཀའ་འཁོར་བར་བ་རུ། །ངེས་དོན་སེང་གེའི་སྒྲ་ཆེན་ཐུབ་པས་བསྒྲགས། །ངེས་དོན་སེང་གེའི་སྒྲ་ཆེན་ཐུབ་པས་བསྒྲགས། །ལྟ་ཀུན་གཉེན་པོར་འཁོར་ལོ་ཐ་མར་ཡང་། །རྐང་པ་གཉིས་པ་ཉིད་བཞི་པར་བཟླས་པ། ཟབ་མོ་ལྟ་བའི་སྲོལ་འབྱེད་དཔལ་མགོན་ཀླུ། །རྒྱལ་བས་ལུང་བསྟན་རྩོད་མེད་ཤིང་རྟ་ཡིན། །རྒྱ་ཆེན་སྤྱོད་པའི་མངའ་བདག་ཐོགས་མེད་ཀྱང་། །རྒྱལ་བས་ལུང་བསྟན་རྩོད་མེད་ཤིང་རྟ་ཡིན། །རྐང་པ་གསུམ་པ་ཉིད་བཞི་པར་བཟླས་པ། རྨོངས་པ་རྣམས་ནི་སྣང་སྟོང་འགལ་འདུར་སྨྲ། །མཁས་པས་བརྟགས་ན་འགལ་མེད་དོན་གཅིག་འཆར། །ཤིང་རྟའི་ཟབ་དགོངས་ཀྱོག་པོར་མ་འདྲེན་ཅིག །ཤིང་རྟའི་ཟབ་དགོངས་ཀྱོག་པོར་མ་འདྲེན་ཅིག །ལན་གཉིས་བཟླས་པ་ལས། རྐང་པ་དང་པོ་ཉིད་གཉིས་པ་དང་གསུམ་པར་བཟླས་ཤིང་བཞི་པ་ཅི་བདེར་སྦྱར་བ་ནི། རྒྱལ་སྲས་མཆོག་རྣམས་ལྷག་པའི་བསླབ་ལ་གནས། །རྒྱལ་སྲས་མཆོག་རྣམས་ལྷག་པའི་བསླབ་ལ་གནས། །རྒྱལ་སྲས་མཆོག་རྣམས་ལྷག་པའི་བསླབ་ལ་གནས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བསླབ་གསུམ་མོ། །དང་པོ་ཉིད་གསུམ་པ་དང་བཞི་པར་བཟླས་པ། དམ་པས་བསྔགས་འོས་མཁས་ཚུལ་བྱ་བ་མཆོག །འཆད་དང་རྩོད་དང་རྩོམ་པའི་རྣམ་དཔྱོད་དེ། །དམ་པས་བསྔགས་འོས་མཁས་ཚུལ་བྱ་བ་མཆོག །དམ་པ་བསྔགས་འོས་མཁས་ཚུལ་བྱ་བ་མཆོག །གཉིས་པ་ཉིད་གསུམ་པ་དང་བཞི་པར་བཟླས་པ། ལྗོངས་འདིར་ཡོངས་ལ་གྲགས་པའི་དབུ་ཕྱག་རྫོགས། །འཐད་ལྡན་ལུང་དང་རིགས་པས་ཚད་མར་གྲུབ། །འཐད་ལྡན་ལུང་དང་རིགས་པས་ཚད་མར་གྲུབ། །འཐད་ལྡན་ལུང་དང་རིགས་པས་ཚད་མར་གྲུབ། །དང་པོ་ཉིད་ཀྱི་ཕྱི་མ་གསུམ་ཀ་ལ་བཟླས་པ། འཕགས་རྣམས་སོ་སོ་རིག་པས་ཆོས་སྒོ་འབྱེད། །འཕགས་རྣམས་སོ་སོ་རིག་པས་ཆོས་སྒོ་འབྱེད། །འཕགས་རྣམས་སོ་སོ་རིག་པས་ཆོས་སྒོ་འབྱེད། །འཕགས་རྣམས་སོ་སོ་རིག་པས་ཆོས་སྒོ་འབྱེད། །ཚིག་དོན་ཆོས་སྤོབས་ཏེ་སོ་སོ་ཡང་དག་རིག་པ་བཞི་ལ་བསམས་ནས་རྐང་པ་གཅིག་ལན་བཞིར་བཟླས་པས་ཚིགས་སུ་བཅད་པ་གྲུབ་པའོ། །གཉིས་པ་ཚིགས་བཅད་བཟླས་པ་ནི། ཚིགས་སུ་བཅད་པ་གཅིག་གིས་བརྗོད་བྱའི་དོན་ཐ་དད་པ་གཉིས་སྟོན་པ་ཐ་དད་ཚིག་འདྲའི་སྦྱོར་བ་ལྟ་བུ་སྟེ། དཔེར་ན། སྲིད་ན་ཆེ་དགུའི་གཙུག་ཏོར་མཛེས་པའི་རྒྱན། །འབྱུང་དཀོན་དྲི་བྲལ་འཕྲོག་མིན་གཟི་ཡིས་འཁྱུད། །རྣམ་རྟོག་མེད་བཞིན་གཞན་ཕན་འདོད་དགུའི་དཔལ། །ཉེ་འཁོར་མེད་པར་སྦྱིན་པའི་རཏྣ་མཆོག །སྲིད་ན་ཆེ་དགུའི་གཙུག་ཏོར་མཛེས་པའི་རྒྱན། །འབྱུང་དཀོན་དྲི་བྲལ་འཕྲོག་མིན་གཟི་ཡིས་འཁྱུད། །རྣམ་རྟོག་མེད་བཞིན་གཞན་ཕན་འདོད་དགུའི་དཔལ། །ཉེ་འཁོར་མེད་པར་སྦྱིན་པའི་རཏྣ་མཆོག །དེ་ལྟར་ཚིགས་བཅད་བཟླས་པས་ནོར་བུ་དང་སངས་རྒྱས་གཉིས་སོ་སོར་འགྲེལ་རྒྱུ་ཡོད་པ་ལ་བསམ་ནས་རྣམ་རྟོག་གི་འདུ་བྱེད་བརྩམ་པའོ། །གསུམ་པ་ཟུང་ལྡན་ཆེན་པོ་ནི། རྐང་པ་དང་པོ་ཉིད་ཕྱི་མ་གསུམ་ལ་བཟླས་ཤིང་དེ་ཡང་རྐང་པ་རེ་ལ་མ་ཆོད་པའི་ཟུང་ལྡན་རེ་ཡོད་པས་སྔ་མ་ལས་ཁྱད་པར་དུ་བྱས་པའི་ཟུང་ལྡན་ཞིག་སྟེ། འཕགས་ལམ་མཆོག་གྱུར་འཕགས་ལམ་མཆོག་གྱུར་པ། །འཕགས་ལམ་མཆོག་གྱུར་འཕགས་ལམ་མཆོག་གྱུར་པ། །འཕགས་ལམ་མཆོག་གྱུར་འཕགས་ལམ་མཆོག་གྱུར་པ། །འཕགས་ལམ་མཆོག་གྱུར་འཕགས་ལམ་མཆོག་གྱུར་པ། །ཡང་དག་པའི་ལྟ་བ། རྟོག་པ། ངགལས་མཐའ། འཚོ་བ། རྩོལ་བ། དྲན་པ། ཏིང་ངེ་འཛིན་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་ལ་བསམ་ནས་བཟླས་པ་ལྟ་བུ་རྣམ་རྟོག་གི་འདུ་འགོད་ཙམ་མོ། །ལྔ་པ་བསྲེས་པའི་ཟུང་ལྡན་ནི། གོང་དུ་རྣམ་པར་ཕྱེས་པའི་ཟུང་ལྡན་དེ་རྣམས་བསྲེས་ནས་སྦྱོར་བའི་ཚུལ་ཕྱོགས་ཙམ་ཞིག་སྟོན་པ་སྟེ། སྙན་སྙན་འདྲེན་པ་སྟོང་ལས་སྙན་སྙན་ཐུགས་བསྐྱེད་པད་དཀར་ལྟར་སྙན་སྙན། །སྙན་སྙན་གང་མཚན་གང་ཞིག་གང་གིས་ཐོས་དེས་སངས་རྒྱས་མཛད་པ་མཛད། །མཛད་མཆོག་བཅུ་གཉིས་ལྔ་བདོར་རྗེས་སྟོན་སྟོན་མཆོག་མཉམ་མེད་ཤཱཀྱའི་སྲས། །སྲས་དེའི་བསྟན་དང་བསྟན་འཛིན་བསྟན་སྲུང་བཅས་ཀུན་ཡང་ཡང་དྭངས་བས་བསྔགས། །དྲུག་པ་ལྡོག་པའི་ཟུང་ལྡན་གྱི་མཚན་ཉིད་ནི། རྐང་པ་གཅིག་བཟློག་སྟེ་བཟླས་པ་དང་། ཚིགས་བཅད་ཕྱེད་བཟློག་སྟེ་བཟླས་པ་དང་། ཚིགས་བཅད་རིངས་པོ་ལུགས་ལས་བཟློག་པས་བསྐོར་བ་བཟླས་པ་ནི། ཟུང་ལྡན་ལུགས་ལས་བཟློག་པ་ཞེས་པར་བཤད་དེ་ལུགས་ལས་བཟློག་པའི་ཕྱིར་རོ། །དེ་ལ་གསུམ་ལས་དང་པོ་རྐང་པ་བཟློག་པ། གཏོང་རྫས་ནོར་ཡོད་གང་ལ་སློང་བ་མཁོ། །མཁོ་བ་སློང་ལ་གང་ཡོད་ནོར་རྫས་གཏོང་། །སྙན་གྲགས་དཔལ་འབྱོར་དགེ་ཆོས་འཕེལ་བྱེད་འདི། །འདི་བྱེད་འཕེལ་ཆོས་དགེ་འབྱོར་དཔལ་གྲགས་སྙན། །གཉིས་པ་ཚིགས་བཅད་ཕྱེད་བཟློག་པ། གནས་རིག་གཟིགས་ཀུན་ལེགས་བཤད་སྨྲ་མཁས་ཆེ། །བཟང་བློའི་དཔལ་མང་ཐོས་བསམ་སྒོམ་པར་རིངས། །རིངས་པར་སྒོམ་བསམ་ཐོས་མང་དཔལ་བློའི་བཟང་། །ཆེ་མཁས་སྨྲ་བཤད་ལེགས་ཀུན་གཟིགས་རིག་གནས། །ཡང་ན། སྣང་བཞིན་མེད་ཕྱིར་འཁྲུལ་པ་རྫུན་ཉིད་དེ། །མིན་པ་མཐོང་བ་འཁྲུལ་ཕྱིར་ལོག་འཛིན་དངོས། །དངོས་འཛིན་ལོག་ཕྱིར་འཁྲུལ་པ་མཐོང་བ་མིན། །དེ་ཉིད་རྫུན་པ་འཁྲུལ་ཕྱིར་མེད་བཞིན་སྣང་། །གསུམ་པ་ཚིགས་བཅད་བཟློག་པ། དགེ་བ་བྱེད་རྣམས་ཆོས་བཟང་བཤད་ན་ཉན། །མཐུན་ཆོས་སྦྱིན་འབྲས་བདེན་ཚིག་བསླབ་ལ་གུས། །ཟབ་དོན་མཁས་འགྲེལ་གཞུང་རྩོམ་བྱེད་པ་བཟང་། །ལེགས་བཤད་འཆད་ལ་རབ་དགའ་རྩོད་མཁས་མཆོག །མཆོག་མཁས་རྩོད་དགའ་རབ་ལ་འཆད་བཤད་ལེགས། །བཟང་བ་བྱེད་རྩོམ་གཞུང་འགྲེལ་མཁས་དོན་ཟབ། །གུས་ལ་བསླབ་ཚིག་བདེན་འབྲས་སྦྱིན་ཆོས་མཐུན། །ཉན་ན་བཤད་བཟང་ཆོས་རྣམས་བྱེད་པ་དགེ། །གཉིས་པ་བྱ་དཀའི་ཁྱད་པར་གཞན་བསྟན་པ་ལ་གཉིས། བ་ལང་གཅིན་གྱི་བྱ་དཀའ་དང་། འཁོར་ལོའི་བྱ་དཀའ་འོ། །དང་པོ་བ་གླང་གཅིན་གྱི་བྱ་དཀའ་ནི། བ་ལང་འགྲོ་བཞིན་པར་གཅིན་བཏང་བའི་ཆུ་རིས་དཔེར་བྱས་ཏེ་རེའུ་མིག་ཏུ་བཀོད་པ། ཀློག་པའི་ཚེ་རེའུ་མིག་གོང་འོག་ཏུ་མཆོངས་ཤིང་སྟེང་འོག་འཁྱོགས་འགྲོས་སུ་བཀླགས་པས་དཀྱུས་སུ་བཀླགས་དང་གཟུགས་གཅིག་པར་འགྱུར་བ་སྟེ། དཔེར་བརྗོད་པ་ནི། དཔལ་ལྡན་ཐུབ་པས་ལུང་བསྟན་རྒྱལ་བའི་སྲས། །དོན་ལྡན་མཛད་པས་རྒྱལ་བསྟན་སྣང་བའི་ཕུལ། །སྲིད་ན་མཚུངས་མེད་གྲགས་པའི་གཏེར་ཆེན་མཆོག །གཙུག་ན་འབྲལ་མེད་བཏུགས་པའི་དགའ་ཆེན་སྩོལ། །གཉིས་པ་འཁོར་ལོའི་བྱ་དཀའ་ནི། རེའུ་མིག་གི་ཡི་གེ་རྣམས་གང་ནས་གང་དུ་ཀློག་ཀྱང་ཐོགས་པ་མེད་པར་ཕྱོགས་ཐམས་ཅད་ནས་རྣམ་པ་ཀུན་ཏུ་འཁོར་བ་ལ་ཀུན་བཟང་འཁོར་ལོ་ཞེས་བྱ་སྟེ་དེ་ལ་ནང་ཚན་གཉིས་ཀྱི་ཀུན་བཟང་འཁོར་ལོ་ཆ་ཚང་ནི། རྒྱལ་བས་ལུང་བསྟན་བློ་གྲོས་མཐའ་ཡས་བས་རྒྱལ་བསྟན་ལུང་གྲོས་བློ་ཡས་མཐའ་ལུང་བསྟན་རྒྱལ་བས་མཐའ་ཡས་བློ་གྲོས་བསྟན་ལུང་བས་རྒྱལ་ཡས་མཐའ་གྲོསབློ་བློ་གྲོས་མཐའ་ཡས་རྒྱལ་བས་ལུང་བསྟན་གྲོས་བློ་ཡས་མཐའ་བས་རྒྱལ་བསྟན་ལུང་འཐའ་ཡས་བློ་གྲོས་ལུང་བསྟན་རྒྱལ་བས་ཡས་མཐའ་གྲོས་བློ་བསྟན་ལུང་བས་རྒྱལ་ཕྱེད་འཁོར་ནི། འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་དབྱངས་འཇམ་མ་བླ་བརྩེའི་མཁྱེན་པོ་དབང་བླ་མ་འཇམ་དབྱངས་དབང་པོ་མཁྱེན་བརྩེའི་མ་བླ་དབྱངས་འཇམ་པོ་དབང་བརྩེའི་མཁྱེན་ཡང་བཀོད་ལུགས་ཅུང་འདྲ་མིན་ནི། མཚོ་རྒྱ་རྒྱལ་རྣམ་དབྱངས་འཇམ་ཕམ་མི་རྒྱ་མཚོ་རྣམ་རྒྱལ་འཇམ་དབྱངས་མི་ཕམ་རྒྱལ་རྣམ་མཚོ་རྒྱ་ཕམ་མི་དབྱངས་འཇམ་རྣམ་རྒྱལ་རྒྱ་མཚོ་མི་ཕམ་འཇམ་དབྱངས་དབྱངས་འཇམ་ཕམ་མི་མཚོ་རྒྱ་རྒྱལ་རྣམ་འཇམ་དབྱངས་མི་ཕམ་རྒྱ་མཚོ་རྣམ་རྒྱལ་ཕམ་མི་དབྱངས་འཇམ་རྒྱལ་རྣམ་མཚོ་རྒྱ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་གསུམ་པ་དབྱངས་སོགས་བྱ་དཀའ་བའི་མཚན་ཉིད་ནི། དབྱངས་དང་། གནས་དང་། ཡི་གེ་གསུམ་ལས། དབྱངས་ནི། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨ་རྣམས་སོ། །གནས་ནི། ཨ་ཨཱ། ཀ་ཁ་ག་གྷ་ང་། ཧ་ཋྐ། རྣམ་པར་བཅད་པ་རྣམས་ཀྱི་སྐྱེ་གནས་མགྲིན་པའོ། །ཨི་ཨཱི། ཨེ་ཨཻ། ཙ་ཚ་ཛ་ཛྷ་ཉ། ཡ་ཤ་རྣམས་ཀྱི་རྐན་ནོ། །རྀ་རཱྀ། ཊ་ཋ་ཌ་ཌྷ་ཎ། ར་ཥ་རྣམས་ཀྱི་སྤྱི་བོའོ། །ཨུ་ཨཱུ་ཨོ་ཨ། །པ་ཕ་བ་བྷ་མ། ཝ་ྉྤ་རྣམས་ཀྱི་མཆུའོ། །ལྀ་ལཱྀ། ཏ་ཐ་ད་ངྷ་ན། ལ་ས་རྣམས་ཀྱི་སྐྱེ་གནས་སོའོ། །ཡི་གེ་ནི། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་རྣམས་སོ། །དེ་ཡང་བོད་ཀྱི་ཡི་གེ་ལ་སྦྱོར་བའི་ཚེ། སོ་སོའི་གནས་ནི། ཀ་ཁ་ག་ང་འ་ཧ་ཨ་རྣམས་ཀྱི་སྐྱེ་གནས་མགྲིན་པ། ཅ་ཆ་ཇ་ཉ་ཙ་ཚ་ཛ་ཞ་ཡ་ཤ་ཨི་ཨེ་རྣམས་ཀྱི་སྐྱེ་གནས་རྐན། ཏ་ཐ་ད་ན་ཟ་ལ་ས་རྣམས་ཀྱི་སྐྱེ་གནས་སོ། པ་ཕ་བ་མ་ཝ་ཨུ་ཨོ་རྣམས་ཀྱི་སྐྱེ་གནས་མཆུ། ར་ཡིག་གི་སྐྱེ་གནས་ལྕེ་རྩེ་དང་ཉེ་བའི་སྤྱི་བོ་སྟེ་ལྕེ་རྩེའི་སྟེང་ཕྱོགས། ང་ཉ་ན་མ་རྣམས་རང་རང་གི་གནས་སུ་མ་ཟད་སྣ་དང་བཅས་པའོ། །དེ་ལྟ་བུའི་དབྱངས་དང་གནས་དང་ཡི་གེའམ་གསལ་བྱེད་ངེས་པ་ཅན་འདི་ཡང་བྱ་དཀའ་བ་ཡིན་ཅིང་། དེ་ལའང་དབྱངས་སོགས་གསུམ་པོ་དེ་ཉིད་བཞིར་ངེས་པ་དང་། གསུམ་དང་། གཉིས་དང་། གཅིག་ཏུ་ངེས་པར་བསྟན་པ་རྣམས་བྱ་དཀའ་བ་སྟེ། ལྔ་ཕན་ཆད་དུ་ངེས་པ་གཞན་ནི་བྱ་སླ་བ་དག་ཏུ་འདོད་དོ། །དེ་དག་དཔེར་བརྗོད་པ་ལ་གསུམ། དབྱངས་ངེས་པ། གནས་ངེས་པ། གསལ་བྱེད་ངེས་པའོ། །དེའི་དང་པོ་ལ་ཡང་བཞི་ལས། དང་པོ་དབྱངས་བཞིར་ངེས་པ་ནི། རབ་དཀར་ཟླ་རྒྱས་དཔལ་མངའ་ཚངས་སྲས་མ། །སྲིད་འདིར་འཆིང་མིན་ཞི་བའི་ཏིང་འཛིན་གྱིས། །འགྲོ་ཚོགས་ཉོན་མོངས་ཡོངས་བཅོམ་བློ་གྲོས་མཆོག །ལེགས་སྟེར་ཡེ་ཤེས་བརྙེས་དེས་དགེ་ལེགས་སྤེལ། །འདིའི་རྐང་པ་བཞི་པོ་རིམ་པར་ཨ་ཨི་ཨོ་ཨེ་བཞིར་ངེས་པར་བྱས་པའོ། །གཉིས་པ་དབྱངས་གསུམ་དུ་ངེས་པ་ནི། ཡིད་འདི་ཞི་བའི་ཏིང་འཛིན་གྱིས་བཅིངས་ཤིང་། །ཡང་དག་མཐའ་ལ་རྣམ་པར་གནས་མཁས་ན། །ཕུལ་བྱུང་རྫུ་འཕྲུལ་མཐུ་གྲུབ་བདུད་ཀུན་ཐུལ། །སྤང་བྱ་ལས་རྒྱལ་ས་ལམ་འབྲས་སྦྱར་མཚར། །འདིར་དབྱངས་ཨ་ཨི་ཨུ་གསུམ་དུ་ངེས་པའོ། །གསུམ་པ་དབྱངས་གཉིས་སུ་ངེས་པ་ནི། ཕྱིར་ཞིང་སྲིད་འདིར་འཆིང་བའི་གཉིས་འཛིན་གྱི། །སྒྲིབ་པའི་སྤྲིན་གྱིས་བསྒྲིབས་མིན་ཇི་བཞིན་ཉིད། །བདེ་ཆེན་ཡེ་ཤེས་ཆེས་འཕེལ་མེ་ཤེལ་དེས། །བདེན་ཞེན་ཉེས་བསྲེག་དགེ་ལེགས་བྱེ་སྙེད་སྟེར། །འདིར་དབྱངས་ཨི་ཨེ་གཉིས་སུ་ངེས་པའོ། །བཞི་པ་དབྱངས་ཨ་གཅིག་པུར་ངེས་པ་ནི། གང་དག་དམན་ལམ་གཡང་ས་རབ་བརྒལ་ནས། །རྟག་ཆད་ལས་འདས་ཡང་དག་ལམ་བཟང་ལ། །གནས་རྣམས་ཁམས་དབང་ཟག་པར་བཅས་སྤངས་ནས། །མཐར་འབྲས་གསང་བ་བསམ་འདས་རྣམ་ཐར་འཆང་། །ལྟ་བུའོ། །གཉིས་པ་གནས་ངེས་པ་ལའང་བཞི་ལས། དང་པོ་བཞིར་ངེས་པ་ནི། སྤོབས་པ་ཕུལ་བྱུང་དཔལ་མོ་དཔེ་མེད་མས། །འགྲོ་ཀུན་དགའ་བསྐྱེད་མཁའ་ཁྱབ་དངོས་ཀུན་བསྐྲུན། །ཡ་མཚན་མཆོག་ཆོས་ཇི་སྙེད་སྩོལ་མཛད་ཅེས། །རྟག་ཏུ་སེམས་ལ་ཟླ་ལྟར་ས་{སལ}ལེར་གསལ། །འདིའི་རྐང་པ་དང་པོའི་ཡིག་འབྲུ་རྣམས་མཆུ། གཉིས་པ་རྣམས་མགྲིན་པ། གསུམ་པ་རྣམས་རྐན། བཞི་པ་རྣམས་སོ་ལས་ཏེ་གནས་བཞི་པོའི་སྐྱེ་གནས་ཅན་དུ་ངེས་པའོ། །གཉིས་པ་གནས་གསུམ་དུ་ངེས་པ་ནི། མཁའ་ཁྱབ་འགྲོ་ཀུན་དགའ་བསྐྱེད་གངྒཱའི་ལྷ། །ཞི་ཚུལ་མཛེས་འཛུམ་རྗེས་ཆགས་བརྩེ་ཞལ་ཅན། །དཔག་མེད་སྤོབས་པ་ཕུལ་བྱུང་དཔལ་མོ་མས། །མི་དམན་བློ་དཔལ་འཕེལ་བའི་འབྲས་ཕུལ་བྱིན། །རྐང་པ་དང་པོའི་ཡིག་འབྲུ་རྣམས་མགྲིན་པ། གཉིས་པ་རྣམས་རྐན། ཕྱི་མ་གཉིས་ཀ་མཆུ་སྟེ་གསུམ་དུ་ངེས་པའོ། །གསུམ་པ་གཉིས་སུ་ངེས་པ་ནི། སྨད་པ་མེད་པའི་ཕུལ་བྱུང་དཔལ་མང་པོས། །འཕྲལ་ཕུག་ཕན་པ་སྦྱིན་པའི་པདྨ་འབྱུང་། །རྟག་ཏུ་ལམ་བདེན་བསླབ་གསུམ་ལ་གནས་ནས། །བདེན་དོན་རྟོགས་འདོད་བདག་ལ་དོན་སྟོན་གསོལ། །རྐང་པ་སྔ་མ་གཉིས་མཆུ་དང་། ཕྱི་མ་གཉིས་སོ་སྟེ་སྐྱེ་གནས་གཉིས་ཁོ་ནར་ངེས་པའོ། །བཞི་པ་གནས་གཅིག་ཏུ་ངེས་པ་ནི། ཀུན་དཀྲིས་ཀྱིས་དཀྲུག་ཁྲོས་འཁྲུག་རྔམས་གྱུར་ཁྱུ། །གངས་ཁྲོད་བགེགས་ཀྱི་མགོ་འགེམས་ཀླད་འགས་སྒྲས། །ཁོང་ཁྲག་ཁ་སྒོར་ཁྱུར་ཁྱུར་སྐྱུག་འཁྲུས་བསྒྲལ། །ཀླ་ཀློའི་རྒྱུ་འགྲུལ་སྒོ་བཀག་ལྷག་ལྷ་རྔམས། །ཞེས་ཡི་གེ་རྣམས་མགྲིན་པའི་སྐྱེ་གནས་ཅན་ཁོ་ན་ཡིན་པས་གནས་གཅིག་ཏུ་ངེས་པའོ། །གསུམ་པ་གསལ་བྱེད་ཀྱི་ཡི་གེ་ངེས་པ་ལའང་རྣམ་པ་བཞི་ལས། དང་པོ་བཞིར་ངེས་པ་ནི། པད་དཔལ་བུང་བས་སྤྱོད་པའི་དཔྱིད་དཔལ་མོ། །འབད་པས་བྱས་མིན་ཕུལ་བྱུང་སྤོས་སྤྲིན་སྤྲོ། །རྨ་བྱའི་བུ་མོ་མྱོས་པས་བྱིས་པའི་མིག །དབང་བྱེད་དཔལ་མང་སྤུངས་པས་དབུགས་དབྱུང་བྱས། །ཞེས་པའི་རྐང་བཞིའི་ཡི་གེ་པ་ཕ་བ་མ་བཞི་མིང་གཞིར་བྱས་པ་ནི་རྒྱན་འདིའི་དངོས་བསྟན་ལ་གནས་གཅིག་ཏུ་ངེས་པར་སོང་བ་ནི་ཞར་ལས་ཐོན་པའོ། །གཉིས་པ་གསུམ་དུ་ངེས་པ་ནི། བདག་བདེ་འདོད་དང་དེ་ལྡོག་འདོར་འདོད་དག །བདག་དང་འདྲ་དེར་བརྡེག་བརྡུང་འདྲལ་རྡུམ་དོར། །ཞི་ཞིང་དུལ་དེས་བདག་བཞིན་གཞན་དོན་སྒོ། །སྒྲུབ་གྱུར་གོ་བགོས་གང་དེ་རྒྱལ་འགྱུར་གྲགས། །མིང་གཞི་ག་དང་ད་དང་ཞ་གསུམ་དུ་ངེས་པའོ། །གསུམ་པ་གཉིས་སུ་ངེས་པ་ནི། ལ་ལ་ལེགས་ལམ་ལས་ལོག་ལོག་ལམ་ལེན། །ལ་ལ་ལོག་ལམ་ལས་ལོག་ལེགས་ལམ་ལེན། །སོ་སོའི་སེམས་ལ་སེམས་ལུགས་སོ་སོར་གསལ། །སོ་སོའི་ལས་ལས་ལམ་སྲོལ་སོ་སོར་སོང་། །མིང་གཞིའི་ཡི་གེ་ལ་དང་ས་གཉིས་སུ་ངེས་པའོ། །བཞི་པ་གཅིག་ཏུ་ངེས་པ་ནི། བདུད་སྡེས་དྲངས་དག་དད་དམ་སྡོམ་དང་འདྲལ། །སྡང་འདོད་དྲེགས་དང་སྡིག་འདུན་དུང་དུང་ལྡང་། །དད་དང་ལྡན་དེ་བདེན་དུལ་དམ་དང་ལྡན། །བདུད་སྡེ་འདུལ་འདོད་སྡོོམ་ལྡན་འདས་དོན་འདམ། །མིང་གཞིའི་ད་ཡིག་གཅིག་པུ་ལ་རྐྱང་བརྩེགས་འདོགས་འཕུལ་ཅི་རིགས་པས་བརྒྱན་པའོ། །ཡང་ན། ས་ས་སོ་སོ་ས་ས་སོ་སོའི་ས། །ས་ས་སོ་སོ་ས་ས་སོ་སོའི་ས། །ས་ས་སོ་སོ་ས་ས་སོ་སོའི་ས། །ས་ས་སོ་སོ་ས་ས་སོ་སོའི་ས། །ཞེས་རྟེན་གཞི་བསམ་གཏན་གྱི་ས་དྲུག་དང་། དངོས་གཞི་ཟག་མེད་ཀྱི་ས་གཉིས་བཅས་སོ་སོར་འབྱེད་པའི་དོན་དུ་བཤད་རུང་ཙམ་མོ། །དེ་ལྟར་བྱ་དཀའི་རྒྱན་རྣམས་གཞུང་བཤད་ལྟར་བསྟན་ཟིན་ཏོ། །གསུམ་པ་གབ་ཚིག་གི་རྒྱན་ནི། གཞུང་ལས། རྩེད་མོའི་མདུན་སར་བཞད་གད་དང་། །དེ་ཤེས་ཚོགས་སུ་གསང་སྨྲ་དང་། །ཕ་རོལ་ཀུན་ཏུ་རྨོངས་བྱེད་ལ། །གབ་ཚིག་དག་ནི་ཉེར་མཁོ་ལྡན། །ཞེས་པས་བསྟན་པའི་དགོས་པ་དེ་ལྡན་གྱི་རྒྱན། བརྗོད་བྱའི་དོན་དེ་ཉིད་དངོས་སུ་མ་སྨྲས་པར་རྗོད་བྱེད་ཀྱི་ཚིག་གིས་བསྒྲིབས་{བསྒྲིབ}པར་བྱས་པ་ཞིག་སྟེ། ནང་གསེས་སུ་དབྱེ་ན་རྣམ་གྲངས་བཅུ་དྲུག་ཡོད་པ་ལས། དང་པོ་ཀུན་ཏུ་འཚོགས་པའི་གབ་ཚིག་གི་རྒྱན་ནི། གང་དུ་བརྗོད་པར་འདོད་པའི་དོན་དངོས་གང་ཡིན་པ་དེ་ནི་འདིར་གབ་བྱ་ཡིན་པས། དེ་ཉིད་གཅོད་མཚམས་ལེགས་པར་སྦྱར་བའི་མཚམས་སྦྱོར་གྱི་དབང་གིས་གབ་བྱེད་བྱས་ནས་སྒྲའི་གཟུགས་གཞན་དུ་འགྱུར་ཏེ་དོན་གཞན་དུ་གོ་བས་རྨོངས་པར་བྱས་ནས་བརྗོད་བྱ་སྦས་པའི་སྦྱོར་བ་ཅན་ཏེ། དཔེར་བརྗོད་པ། དཔུང་པའི་ཁྲི་ཤིང་དམར་པོའི་ཡལ་འདབ་རྩེར། །རབ་རྣོན་མཚོན་ཆ་གདེངས་པའི་དཔལ་བོ་འདི། །གཞན་སྡེའི་མགོ་བོ་གཅོད་མི་བྱེད་ན་ཡང་། །ཀུན་རྨོངས་ཉེས་བརྒྱའི་དུག་སྡོང་གཅོད་མི་བྱེད། །གཉིས་པ་བསླུ་བྱེད་ཀྱི་གབ་ཚིག་ནི། གབ་བྱེད་ལ་འཇུག་པ་དེ་ཉིད་ཡོངས་གྲགས་དང་། གབ་བྱ་ལ་སྒྲ་དེ་འཇུག་ཀྱང་གྲགས་ཆུང་བས་བརྗོད་དོན་ལས་གཞན་པ་གབ་བྱེད་ལྟར་གོ་ཞིང་འཁྲུལ་པའི་བློ་སྐྱེད་པས་བསླུ་བར་བྱེད་པ་ཞིག་སྟེ། བསྙེང་{བསྙིང}བྲལ་དགའ་བ་བརྒྱ་ལྡན་ཆོས་ཀྱི་སྲིད། །ལེགས་སྐྱོང་བྱམས་ཆེན་དབང་པོའི་ཏོག་མཛེས་ཚེ། །སྔོན་ཆད་འཕགས་པས་བསྐྲུན་མིན་ཐུགས་བསྐྱེད་སྒོ། །ཕྱོགས་གཅིག་སྙིང་པོའི་རིང་ལུགས་གསལ་བར་མཛད། །གསུམ་པ་རིམ་པ་དང་བྲལ་བའི་གབ་ཚིག་ནི། ངག་གི་སྦྱོར་བ་གོ་རིམ་ཤིན་ཏུ་འཁྲུགས་པས་དོན་རྟོགས་པ་ལ་རྨོངས་པར་བྱེད་པ་སྟེ། གནས་ལྔ་མཁྱེན་པའི་དབང་ཕྱུག་མཛེས་ཐོབ་ཀྱང་། །ཆེན་པོས་བཀུར་བའི་དཔལ་གྱིས་སྨོན་འགྲོ་བ། །བསྔགས་པའི་པུཥྤེ་འཐོར་བྱར་འདས་དེའི་ཕྱིར། །འདའ་དཀའ་དམ་ཚིག་རྒྱ་ལས་ཅུང་མ་འོས། །བཞི་པ་རབ་བཅོམ་གྱི་གབ་ཚིག་ནི། སྦྱོར་བ་གང་ལ་དོན་རྟོགས་པར་དཀའ་བས་སྒྲ་གྲགས་ཆུང་བ་འབའ་ཞིག་ཏུ་སྦྱར་བའི་ཚིག་གི་ཕྲེང་བས་དོན་བཅོམ་པ་ལྟ་བུར་གྱུར་པ་སྟེ། ཉི་ཟླའི་སྣང་ཟེར་སྤྲོ་ཚེ་མིག་སྨན་གྱིས། །ཆེར་ཁེབས་བཞད་ནག་འཁྲུགས་པའི་རྡོ་རྗེའི་དམ། །རྡོ་རྗེའི་བྲག་ཀྱང་ཕུང་བའི་ངན་ལྟས་གང་། །དབང་ཕྱུག་དགྲ་བོའི་སྟོབས་ལས་གཞན་གྱིས་མིན། །ལྔ་པ་མཐུན་གཟུགས་ཀྱི་གབ་ཚིག་ནི། གབ་བྱ་བརྗོད་དོན་དངོས་དེ་ཉིད་མ་སྨོས་པར་དེ་དང་གཟུགས་ཀྱི་རྣམ་པ་མཐུན་བའི་དཔེ་བཏགས་པ་བ་སྟེ། དངོས་དོན་གཙོ་བོ་མ་ཡིན་པའི་ཕྱིར་ན་ཕལ་པར་གྱུར་པའི་དོན་བཀོད་ནས། དེ་དང་རྗེས་སུ་འབྲེལ་བའི་ཚིག་རྣམས་ཀྱིས་བསྡེབས་ཤིང་བསྒྲིབས་པས་བརྗོད་དོན་གབ་པ་སྟེ། བཅུ་གཉིས་གོ་ལའི་ཁྱིམ་ལ་དབང་བསྒྱུར་བའི། །སྔོན་མེད་ཉི་མ་གསར་པའི་ལང་ཚོ་ཡིས། །རང་ཕྱོགས་པད་ཚལ་བཞད་ལ་ཆེས་མཛེས་ཀྱང་། །ཟླ་བས་བཞད་རྣམས་ཟུམ་པའི་ཚུལ་ཡང་མཐོང་། །འདི་སྤྱིའི་བསྡུས་བརྗོད་དང་འདྲ་ཡང་གབ་པའི་ལྡོག་ཆ་ནས་གབ་ཚིག་ཏུ་རུང་ངོ་། །དྲུག་པ་རྩུབ་མོའི་གབ་ཚིག་ནི། གབ་བྱ་གབ་བྱེད་ཀྱི་དབྱེ་བ་ཆེར་མེད། ཡོངས་གྲགས་མ་ཡིན་པའི་བརྗོད་ཚུལ་ཞིག་བྱས་ནས་བརྗོད་དོན་དེར་འཇུག་པའི་མཚན་ཉིད་གོ་ཙམ་བྱས་ནས་གོ་དཀའ་ཞིང་ཚིག་རྩུབ་མོས་བརྗོད་པའི་རྣམ་པ་བརྗོད་པ་ཞིག་སྟེ། ཧ་སྱའི་འཕྲུལ་གྲགས་དབུས་ཀྱི་ཀ་ཆེན་མཆོག །འཛམ་གླིང་མཛེས་པའི་རྒྱན་ལ་དབང་ཐོབ་ཚེ། །རང་དབང་ཅི་དགར་བསྒྱུར་བའི་རྣམ་ཐར་དེས། །ད་ཀོ་བསོད་ནམས་ཟོང་ལ་གཟན་པར་མཐོང་། །བདུན་པ་གྲངས་ཀྱི་གབ་ཚིག་ནི། བརྗོད་དོན་གབ་བྱར་སྦས་ཏེ། རྗོད་བྱེད་ཀྱི་ཡི་གེའི་གྲངས་ཀྱི་སྒོ་ནས་སྟོན་ཀྱང་དེ་ཀས་རྨོངས་པར་བྱས་ཏེ་དོན་སྦས་པ་ནི། སྡེ་པའི་ཐོག་མས་སྣ་དྲངས་གསལ་བྱེད་གྲངས། །གསུམ་གྱིས་བརྒྱན་གྱུར་ཡིག་བཅུའི་མཚན་ཅན་དེས། །ཡབ་མེས་མནོག་ཆོས་གསལ་བྱེད་བརྒྱད་མིང་ཅན། །སྨོད་དེས་ལེགས་པའི་དབུ་རྨོག་ཉམས་ཞེས་གླེང་། །ཡང་ན། སྒྲུབ་བརྒྱུད་གདེངས་ཀ་ཅན་ལ་དབང་བསྒྱུར་ཞིང་། །བཀའ་བབས་གསེར་རིའི་ལེགས་འབྱོར་མཁས་པའི་ཚུལ། །རྨད་བྱུང་གཏེར་གྱིས་རིས་བྲལ་ཐུབ་བསྟན་སྒོ། །གསལ་མཛད་ཁོ་བོའི་བླ་མ་ཙམ་ལས་སུ། །བརྒྱད་པ་རབ་བརྟགས་ཀྱི་གབ་ཚིག་ནི། གང་དུ་གབ་བྱ་བརྗོད་དོན་དངོས་ཀྱི་རྣམ་པ་དེ་ཉིད་དེ་དང་རྣམ་པ་མཚུངས་པའི་དོན་གཞན་གྱི་རྣམ་པར་རྟོག་ཅིང་སྣང་བར་བྱེད་པའི་ངག་ཚིག་ཚོགས་པ་བརྗོད་དོན་སྦས་པ་ཞིག་སྟེ། བུས་པ་གཞོན་ནུ་བློ་གྲོས་མ་སྨིན་རྒྱུས། །དཔལ་ལྡན་རྒྱུ་སྐར་ཡོངས་གང་ནམ་མཁའི་ཁྱོན། །སྒྲིབ་ལ་བརྩོན་པའི་ངལ་བའི་ཁུར་ཆེན་ལ། །དཔྱོད་ལྡན་རྒན་པོ་ཡོད་ན་སྙིང་རྗེར་རིགས། །དགུ་པ་མིང་དུ་ཚོགས་པའི་གབ་ཚིག་ནི། གང་དུ་བརྗོད་དོན་དངོས་དེ་དང་རྗེས་སུ་འབྲེལ་བའི་མིང་འགའ་ཞིག་ལ་དོན་རྣམ་པ་སྣ་ཚོགས་པར་གོ་ཞིང་འབབ་ཀྱང་། མིང་དོན་མང་པོ་དེས་བར་ཆོད་ནས་མི་གསལ་བར་བྱས་ཏེ་བརྗོད་དོན་སྦས་པ་ཞིག་སྟེ། ས་འོག་སྤྱོད་པ་ལྷ་ཡི་མཆེད་གྱུར་སྤྲིན། །དང་པོ་རྒྱ་མཚོ་ཞེས་སྒྲོགས་འབྲུག་སྒྲ་བཟང་། །མེད་པ་མ་ཡིན་འོན་ཀྱང་ཆུ་འཛིན་དང་། །རོལ་ཅན་ལྟ་ཅི་དབྱར་རྔའི་སྒྲ་ཡང་མིན། །བཅུ་པ་བསྒྲིབས་པའི་གབ་ཚིག་ནི། ཚིག་གང་ཞིག་གབ་བྱ་གབ་བྱེད་གཉིས་ཀ་ལ་འཇུག་ཅིང་། དེ་གཉིས་རང་ཡང་ནང་ཕན་ཚུན་དུ་མཚུངས་པའི་མཚུངས་ཆོས་མང་བ་ལ་བརྗོད་ཚུལ་གབ་བྱེད་དམ་སྒྲིབ་བྱེད་ཀྱི་རྣམ་པ་ཆེས་གསལ་བར་བྱས་པས་དོན་སྦས་པ་ཞིག་སྟེ། གང་དང་འཕྲད་ན་མིག་ལྡན་ཕལ་དག་ཀྱང་། །རྨུས་ལོང་བཞིན་དུ་ཕྱོགས་ཀུན་འཁྲུགས་གྱུར་ཅིང་། །འཁྱོལ་བའི་གོམ་པ་བརྒལ་དཀའི་གཡང་ས་ཆེར། །འཕེན་བྱེད་མིག་སྨན་ཆར་འདིས་སྐལ་ངན་བྱེད། །བཅུ་གཅིག་པ་མཐུན་པའི་སྒྲའི་གབ་ཚིག་ནི། གབ་བྱའི་དངོས་པོ་བརྗོད་པར་འདོད་པའི་དོན་དེ་ཉིད་ཀྱི་དངོས་མིང་གསལ་བ་ཐད་ཀར་མ་སྨོས་པར་དེ་དང་མིང་མཐུན་པའི་སྒྲའི་རྣམ་གྲངས་གཞན་མང་པོ་བཀོད་ནས། དེ་རྣམས་ཀྱིས་རིམ་པས་བརྗོད་དོན་གྱི་དངོས་མིང་དེ་སྒྲུབ་ཅིང་དོན་ལ་འབབ་པར་བྱེད་ཀྱང་བརྗོད་ཚུལ་སྒྲའི་རྣམ་གྲངས་མང་པོ་དེས་དོན་བསྒྲིབས་ཅིང་སྦས་པ་ཞིག་སྟེ། ཁྱོད་ཀྱིས་ཁྱུ་མཆོག་མ་ཡིན་མིང་མཐུན་རྒྱལ། །སྦྲང་རྩིའི་རྒྱལ་མཚན་ཅན་མིང་ལྷག་པའི་ལྷར། །བསྔགས་པའི་མགྲིན་དབྱངས་སྔོན་མེད་འཁྲོལ་བ་འདིས། །རང་ཉིད་དམ་པར་མཚོན་ནོ་རྣམ་དཔྱོད་ཅན། །བཅུ་གཉིས་པ་རྨོངས་པའི་གབ་ཚིག་ནི། རྗོད་བྱེད་ཚིག་གི་བྱེེད་པས་གབ་བྱའི་བརྗོད་དོན་དེ་མངོན་སུམ་དུ་གསལ་བར་བསྟན་ཡང་། དེ་ཉིད་སླར་མི་རྟོགས་པའི་ཆེད་དུ་འགྱུར་བར་བྱས་ནས་སྦྱར་བས་དོན་སྒྲིབ་པ་སྟེ། བསྲེགས་{བསྲེག}བཅད་བརྡར་བའི་གསེར་བཞིན་ཡང་དག་ཆོས། །ཐུབ་བསྟན་རྒྱན་དུ་གྲུབ་འདི་བློ་གྲོས་མཐུ། །ཆོས་དང་ཆོས་མིན་རྣམ་འབྱེད་ཤི་ཟིན་རོ། །སློང་བར་འདོད་རྣམས་བྱིས་པའི་ངང་ཚུལ་ཉིད། །བཅུ་གསུམ་པ་ཡོངས་འཕྲོག་གི་གབ་ཚིག་ནི། གབ་བྱའི་བརྗོད་དོན་དེ་དང་རྗེས་སུ་འབྲེལ་བའི་དོན་མང་པོ་ཞིག་ཡོངས་སུ་གྲགས་པ་མ་ཡིན་པའི་མིང་གི་སྦྱོར་བ་མང་པོ་སྔ་མ་སྔ་མ་ལ་ཕྱི་མ་ཕྱི་མ་ལྟོས་པའི་འབྲེལ་བ་ཅན་ཕྲེང་བ་ལྟར་བསྒྲིགས་པས་སྨོས་ནས་མཐར་བརྗོད་དོན་སྟོན་པ་ནི། རབ་ཏུ་མ་གྲགས་པའི་མིང་གི་ཕྲེང་བ་དེས་བརྗོད་དོན་དང་། རབ་ཏུ་གྲགས་པའི་མིང་འཕྲོག་པའི་ཕྱིར་ཏེ། མཐའ་མིན་གྱིས་དྲངས་སྣ་ཞགས་ཅན་གྱི་དགྲས། །འདེགས་དེས་སྨད་པ་མིན་ལ་བསྒྲགས་པའི་གཏམ། །བརླ་མེད་ནུ་བོས་བཏེགས་པའི་བུ་ཡི་དགྲའི། །ཐོད་དགོངས་གནད་སོང་མིན་ཞེས་གཞན་ཕྱོགས་གླེང་། །བཅུ་བཞི་པ་གཅིག་བསྒྲིབས་པའི་གབ་ཚིག་ནི། གང་དུ་རྟེན་ལུས་ལྟ་བུ་རབ་ཏུ་སྦས་ཤིང་བརྟེན་པ་ཡན་ལག་ལྟ་བུ་རབ་ཏུ་གསལ་བར་བྱས་པ་སྟེ། ཐོག་མར་རང་གིས་མྱོང་བར་འདོད་པའི་དོན། །མཐོ་བ་ཁོང་སྐྲན་རྒྱས་པའི་ཆེན་པོ་འགས། །བྱུང་རྒྱལ་འཛེམ་མེད་ཚོགས་སུ་བསྒྲགས་པའི་གཏམ། །ཕྱིས་ནས་བདེན་བྲལ་རང་མཚང་མངོན་དུ་གྱུར། །བཅོ་ལྔ་པ་གཉིས་བསྒྲིབས་པའི་གབ་ཚིག་ནི། གབ་ཚིག་གི་སྦྱོར་བ་གང་ལ་རྟེན་བརྟེན་པ་གཉིས་ཀ་སྦས་ཤིང་དངོས་སུ་མ་བརྗོད་པ་སྟེ། གང་ཞིག་གང་ལ་བརྟེན་པའི་ཆེན་པོ་འགས། །གསང་བ་དྲིས་ལ་བོད་ཕུང་མཐའ་དམག་དཔུང་། །རང་ཕྱོགས་བསྟན་པའི་གྲོགས་ལས་གཞན་མིན་པས། །བག་ཕེབས་མཛོད་ཅེས་དབུགས་དབྱུང་བསྩལ་འདི་ཅི། །བཅུ་དྲུག་པ་ཡོངས་སུ་འདྲེས་པའི་གབ་ཚིག་ནི། སྔར་བཤད་ཟིན་པ་དེ་རྣམས་ཀྱི་མཚན་ཉིད་སྣ་ཚོགས་ཅི་རིགས་པར་བསྲེས་པས་ངེས་བཟུང་བྱར་མེད་པ་ཞིག་སྟེ། ཤེལ་ལྕུག་ཡལ་འདབ་རྩེར་འཁྱུད་ཁུ་བྱུག་དབྱངས། །ཐོས་ལྡན་དབྱིག་འཛིན་བདག་མིན་མིང་མཐུན་གཞུང་། །རྩེ་མོའི་རྒྱན་ལ་སྤྱོད་འདྲའི་སྐུ་སྐའི་ཕྲེང་། །ཉམས་མཚར་ཙམ་སྤེལ་སྡང་བས་མ་ལགས་བཟོད། །ཅེས་རྐང་པ་དང་པོ་མཐུན་གཟུགས། གཉིས་པ་ཡོངས་འཕྲོགགསུམ་པ་གྲངས་ཀྱི་གབ་ཚིག་བཅས་གསུམ་བསྲེས་པ་ལྟ་བུའོ། །དེ་ལྟར་གཞུང་དུ་བསྟན་པའི་གབ་ཚིག་གི་རྒྱན་རྣམས་དཔེར་བརྗོད་ཟིན་ཏོ། །གསུམ་པ་སྐྱོན་སེལ་བཤད་པ་ནི། གཞུང་ལས། དོན་ཉམས་དོན་འགལ་དོན་གཅིག་པ། །ཐེ་ཚོམ་དང་ནི་རིམ་པ་ཉམས། །སྒྲ་དམན་ངལ་གསོ་ཉམས་པ་དང་། །སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ། །ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང་། །ལུང་རིགས་དག་དང་འགལ་བ་སྟེ། །སྐྱོན་བཅུ་དེ་དག་སྙན་ངག་ལ། །སྙན་ངག་མཁན་གྱིས་སྤང་བར་བྱ། །ཞེས་པ་ལྟར་བཅུ་ལས། དང་པོ་དོན་ཉམས་ནི། རྗོད་བྱེད་ཀྱི་ཚིག་ཕན་ཚུན་ཚོགས་པའམ་འབྲེལ་བའི་དོན་གྱིས་སྟོང་པ་གང་ཡིན་པའི་ངག་འབྲེལ་མེད་དེ། དེ་འདྲ་མྱོས་པ་དང་སྨྱོན་པ་དང་བྱིས་པས་བརྗོད་ན་དེར་ཟད་ཀྱི། དེ་ལས་གཞན་དག་བརྗོད་པ་པོ་འབྲེལ་མེད་སྨྲ་བའི་སྐྱོན་འབྱུང་སྟེ། ནགས་སུ་གླང་ཆེན་མྱོས་པ་རྒྱུ། །ཆུ་བོ་འདི་ནི་ཐུར་དུ་འབབ། །ཉི་མ་འདི་ནི་གདུང་བྱེད་དེ། །བདག་ནི་ཟ་ཞིང་འཐུང་ལ་དགའ། །འདི་ནི་སེམས་རྣལ་དུ་མི་གནས་པའི་སྨྱོན་པ་སོགས་ཀྱི་ངག་གི་དཔེར་བརྗོད་དམ། དེའི་ལད་མོའམ། སོ་སོའི་ཉམས་འདོན་སོགས་ཀྱི་སྐབས་སྨད་པའི་སྐྱོན་དུ་མི་འགྱུར་བའང་སྲིད་མོད། དེ་ལས་གཞན་དུ་ནམ་ཡང་སྦྱོར་བར་མི་བྱའོ། །གཉིས་པ་དོན་འགལ་ནི། ངག་ཚིགས་བཅད་གཅིག་གམ་དུ་མ་དང་ལྡན་པའི་རྒྱུན་ལ། སྔ་མའི་དོན་ཕྱི་མས་འཇོམས་པ་ནི། རང་ཚིག་སྔ་ཕྱི་འགལ་བའི་སྐྱོན་ཏེ། བརྩོན་ལྡན་ཐོས་པ་འཆོལ་ཁྱོད་ཀྱིས། །གཞུང་ཀུན་བདེ་བླག་རྟོགས་གྱུར་ཅིག །ཁྱོད་ཀྱི་མཁྱེན་པར་མ་ཆུབ་པའི། །ཤེས་བྱའི་ཆོས་ནི་སྲིད་པ་མིན། །དེའི་དམིགས་བསལ་གནས་སྐབས་བརྗོད་དོན་གྱི་དབང་གིས་དོན་སྔ་ཕྱིར་འགལ་བ་ལྟར་སྣང་ཡང་སྐྱོན་དུ་མི་འགྱུར་བ། འཕགས་པ་རྣམས་ཀྱིས་སྨད་པའི་གནས། །ཐར་པའི་སྲོག་རྩ་གཅོད་པའི་མཚོན། །བུད་མེད་ལགས་མོད་འདོད་ལྡན་བདག །འགྲོགས་པའི་སྐལ་བཟང་ནམ་ཞིག་ཐོབ། །ཅེས་འདོད་པའི་གཞན་དབང་དུ་གྱུར་བའི་ངག་དཔེར་བྱས་པའོ། །གསུམ་པ་དོན་གཅིག་པ་ནི། བརྗོད་བྱའི་དོན་ནམ་རྗོད་བྱེད་ཀྱི་སྒྲ་ལ་དགོས་པ་ལྷག་པོ་ཅི་ཡང་མེད་པར་དེ་ཉིད་ཡང་ཡང་བརྗོད་པ་སྟེ། ཉིན་བྱེད་རྟ་བདུན་ཁྱིམ་གྱི་མེས། །འདབ་སྟོང་པདྨ་བཞད་པའི་དཔལ། །རྐང་དྲུག་བུང་བས་ཉེར་སྤྱད་པ། །བདག་མིག་མཐོང་བྱེད་ལམ་དུ་གྱུར། །དེ་ཉིད་སྐྱོན་མེད་ནི། བརྒྱད་སྟོང་འགྲེལ་ཆེན་ལས། ངོ་མཚར་བ་དང་རྩོད་པ་དང་། །ཁྲོ་དང་ཞུམ་དང་ངེས་བཟུང་དང་། །དད་དང་དགའ་བ་རྣམས་ལ་ནི། །ཚིག་གཅིག་ལན་གཉིས་བརྗོད་པར་བྱ། །ཞེས་གསུངས་པ་བཞིན་ལས། ངོ་མཚར་བ་ལ་མཚོན་ན། ཨེ་མ་ཨེ་མ་སྔོན་དགེའི་མཐུས། །མི་ལུས་ཐོབ་པ་སྐལ་བ་བཟང་། །བསྟན་དང་མཇལ་བ་སྐལ་བ་བཟང་། །རྩེ་གཅིག་སྒྲུབ་འདི་སྐལ་བ་བཟང་། །ཡང་འཇིགས་པའམ་ཞུམ་པ་ལ་མཚོན་ན། འཇིགས་སོ་འཇིགས་སོ་མཐའ་དམག་དུས་འཁྲུགས་འཇིགས། །བཅོམ་མོ་བཅོམ་མོ་བསྟན་འགྲོའི་བདེ་སྐྱིད་བཅོམ། །མཁྱེན་ནོ་མཁྱེན་ནོ་བླ་མ་དཀོན་མཆོག་གསུམ། །འདི་ལས་སྐྱོབས་ཤིག་སྐྱོབས་ཤིག་དེང་སྐྱོབས་ཤིག །བཞི་པ་ཐེ་ཚོམ་གྱི་སྐྱོན་ནི། བརྗོད་དོན་ངེས་ཤིང་རྟོགས་པའི་དོན་དུ་རབ་ཏུ་སྦྱར་བའི་ཚིག་ཉིད་ཀྱིས་གལ་ཏེ་ངེས་པའི་བཟློག་ཟླ་དོན་གཉིས་སུ་གོ་ཞིང་དེ་གང་རུང་དུ་ཐག་མི་ཆོད་པར་ཐེ་ཚོམ་གྱི་བློ་སྐྱེད་པ་སྟེ། གཉིས་སྐྱེས་ཚོགས་པ་སོ་སོར་བྱེར། །སྣང་བའི་དབང་པོ་གསལ་བ་འགྲིབ། །ཀྱེ་མ་གནས་སྐབས་འདི་འདྲ་བས། །བདག་ནི་ཡོངས་སུ་བཅོམ་པར་གྱུར། །འདིར་བརྗོད་བྱ་རྒ་བས་ནོན་པ་ཡིན་ཡང་། སོ་བུད་པ་དང་འདབ་ཆགས་བྱེར་བ་མིག་འགྲིབ་པ་དང་མུན་རུབ་པ། ལང་ཚོ་བཅོམ་པ་དང་དགྲས་བཅོམ་པ་སོ་སོར་གང་ཡིན་ཆ་མི་ཕྱེད་པའོ། །དམིགས་བསལ་ཐེ་ཚོམ་གྱི་ཆེད་དུ་སྦྱར་བ་ཡིན་ན་སྐྱོན་དུ་མི་འགྱུར་བ། འདི་ན་ཞི་དང་མ་ཞིའི་འགྲོ། །ཀུན་གྱིས་ཉེ་བར་བརྟེན་པའི་གནས། །ཕན་དང་གནོད་པའི་གཞིར་གྱུར་པའི། །འབྲས་བུ་མང་བསྐྱེད་དེ་ནོར་ལྡན། །འདིའི་བརྗོད་བྱ་དངོས་བཙན་ཕྱུག་ལས་སྣ་ཚོགས་ལ་སྤྱོད་པ། དོན་གཞན་ས་གཞི་དང་སྦྱར་ཏེ་གཉིས་ཀ་ལ་འཇུག་པའི་ཚུལ་གྱིས་བསྟན་པའོ། །ལྔ་པ་རིམ་པ་ཉམས་པའི་སྐྱོན་ནི། དང་པོར་མིང་གིས་མདོར་བསྟན་པའི་རྗེས་སུ་དེ་དང་མཐུན་པར་བཤད་དགོས་པ་ལ་དེ་ལྟར་མ་བྱས་ན་གོ་རིམ་ཉམས་པའི་སྐྱོན་ཏེ། རྒྱལ་བ་ཐབས་ལ་མཁས་པ་ཡིས། །དམན་འབྲིང་མཆོག་གི་གདུལ་བྱ་ལ། །རྗེས་དགོངས་བྱང་སེམས་ཉན་རང་གི། །ཐེག་པ་རྣམ་གསུམ་སྟོན་པར་མཛད། །དེའི་དམིགས་བསལ་སྔོན་རྗེས་སུ་བསྟན་པའི་རིམ་པ་མ་དཀྲུགས་ན་དེ་དག་གི་ཁྱད་པར་མི་རྟོགས་ཤིང་ཚིག་བརྗོད་མི་བདེ་ལ། དཀྲུགས་ན་འགྲེལ་སླ་བ་དང་བརྗོད་བདེ་བའི་ཡོན་ཏན་མཆིས་ན་དེ་ལྟར་བྱས་ཀྱང་སྐྱོན་དུ་མི་འགྱུར་ཏེ། ཟག་པར་བཅས་ཀུན་གཏན་སྤངས་པའི། །ཉན་རང་བྱང་སེམས་འཕགས་པ་གསུམ། །ཐོག་ཐས་ངག་གི་རྣམ་རིག་དང་། །རྐྱེན་རྒྱལ་གཅིག་པུར་ལུས་ཀྱིས་སོ། །དྲུག་པ་སྒྲ་ཉམས་ཀྱི་སྐྱོན་ནི། སྤྱིར་སྒྲ་དང་། ངལ་གསོ་དང་། སྡེབ་སྦྱོར་དང་། མཚམས་སྦྱོར་ཉམས་པ་སྟེ་སྐྱོན་བཞི་པོ་འདི་ཕལ་ཆེར་སཾ་སྐྲྀ་ཏའི་སྐད་ཀྱིས་སྦྱོར་བ་ལ་འབྱུང་བ་ཡིན་ཞིང་། སྐད་གཞན་པའང་ཕྱོགས་མཐུན་རེ་འབྱུང་ཏེ། དེའང་བརྗོད་བྱའི་དོན་སྟོན་པའི་རྣམ་དབྱེ་དང་བརྡ་དག་གི་འཇུག་པ་འཁྲུལ་ཞིང་བརྗོད་དོན་འབྲེལ་མེད་དུ་སོང་བ་སྒྲ་དམན་པའམ་ཉམས་པའི་སྐྱོན་ཏེ། ཆོས་ཀྱི་དབྱིངས་ལ་སྤྲོས་བྲལ་དུ། །མཚན་དཔེར་གཟུགས་ཀྱིས་སྐུ་ལ་འཁྱུད། །ཚངས་པས་གསུང་གིས་དབྱངས་ལྡན་པ། །ཐུབ་པ་རྣམས་ནི་དང་བས་འདུད། །དེའི་དམིགས་བསལ་སྐྱོན་མེད། གོ་དོན་ཀློང་དུ་མ་གྱུར་པས་བལྟས་ན་སྐྱོན་གྱི་རྣམ་པར་སྣང་ཡང་། དོན་གནད་ལངས་ན་སྐྱོན་དུ་མི་འགྱུར་བ་སྟེ། སྤྲོས་བྲལ་ཆོས་ཀྱི་དབྱིངས་ལ་སྣང་། །མཚན་དཔེ་གཟི་བྱིན་འབར་བར་ལྡན། །ཆོས་སྙན་སྒྲོགས་ལས་འགྲོ་བ་རྣམས། །ཀུན་ནས་དགའ་བའི་དཔལ་སྟེར་བྱེད། །བདུན་པ་ངལ་གསོའམ་གཅོད་མཚམས་ཉམས་པའི་སྐྱོན་ནི། ཚིག་སྔ་ཕྱིའི་བར་གྱི་གཅོད་མཚམས་རྣམས་དེར་མ་ཕོག་པས་ཉན་པ་པོའི་རྣ་བར་མི་སྙན་པ་སྟེ། འཕགས་པ་བཞི་བསྐྱེད་ཡུམ་ཤེས་རབ། །ཕ་རོལ་དུ་ཕྱིན་རྡོ་རྗེ་དབྱངས། །ལྷ་མོའི་ཕྱག་ན་བསྣམས་རྒྱུད་མང་། །སྦྲེང་སྒྲ་ཐོས་པ་འཛིན་བདུད་རྩི། །དེའི་དམིགས་བསལ་སྐྱོན་མེད་ནི། འཕགས་བཞི་བསྐྱེད་ཡུམ་ཤེས་རབ་ཀྱི། །ཕར་ཕྱིན་རྡོ་རྗེ་དབྱངས་ལྷ་མོའི། །ཕྱག་སོར་ལ་གནས་བཻཌཱུཪྱའི། །རྒྱུད་མང་སྒྲ་ཡིས་མངོན་དགར་བྱས། །བརྒྱད་པ་སྡེབ་སྦྱོར་ཉམས་པ་ནི། ཆད་ལྷག་གི་སྐྱོན་ཏེ། བོད་སྐད་ལ་ཕྱོགས་མཚོན། སྟོན་དུས་སྤྲིན་དཀར་ལྟར་གཡོ་བའི། འདུས་བྱས་རྣམས་མི་རྟགདེ་ཕྱིར་ཡིད་བརྟན་མི་རུང་གྲོགས་དགསྙིང་ནས་བརྩོན་པར་མཛོད་ཅིགལྟ་བུ་སྟེ། འདི་ནི་སྙན་ངག་གི་ལུས་ཉམས་པ་ཡིན་པས་དམིགས་བསལ་སྐྱོན་མེད་དུ་འགྲོ་བའི་སྐབས་ནམ་ཡང་མེད་དོ། །དགུ་པ་མཚམས་སྦྱོོར་ཉམས་པ་ནི། ཚིག་སྔ་ཕྱི་ལ་དབྱངས་དང་གསལ་བྱེད་རྣམ་བཅད་ཀྱི་མཚམས་སྦྱོར་ཐོབ་ཀྱང་མ་སྦྱར་བར་མཚམས་སྦྱོར་མེད་པ་སྟེ། གྲུབ་པ་མཆོག་གི་མཐར་སོན་པ། །ལྕེ་བཙུན་སེངྷ་ཨི་ཤྭ་ར། །ཁྱོད་ཀྱི་རྣམ་ཐར་དང་མཚུངས་པ། །པདྨ་ཨ་ཀ་ར་ལས་སུ། །འདིར་སེང་གེ་དབང་ཕྱུག་ལ་སེངྷེ་ཤྭ་ར་དང་། པདྨ་འབྱུང་གནས་ལ་པདྨ་ཀ་ར་ཞེས་སྒྲའི་མཚམས་སྦྱོར་དགོས་རྒྱུ་ལ་དེ་ལྟར་མ་སྦྱར་བས་ཉམས་པའོ། །དམིགས་བསལ་ནི། མིང་དེ་གཉིས་ཀྱི་བར་དུ་ཤད་ཀྱིས་ཆོད་ན་དེའི་སྐྱོན་དུ་མི་འགྱུར་བ་སྟེ། སྣང་བཞི་མཐར་སོན་དཔལ་སེངྷ། །ཨི་ཤྭ་ར་ཞེས་གྲུབ་པ་མཆོག །ལོ་ཀེ་ཤྭ་རའི་འཕྲུལ་པདྨ། །ཨ་ཀ་ར་དང་མཚུངས་པ་ཉིད། །ལྟ་བུའོ། །བཅུ་པ་འགལ་བའི་སྐྱོན་ནི། ཡུལ་དང་། དུས་དང་། སྒྱུ་རྩལ་དང་། འཇིག་རྟེན་དང་། རིགས་པ་དང་། ལུང་སྟེ་རྣམ་པ་དྲུག་པོ་དེ། སོ་སོ་རང་གི་གནས་ལུགས་ལ་ཇི་ལྟར་གྲགས་ཤིང་གྲུབ་པ་བཞིན་དུ་མ་ཡིན་པར། དེ་ལས་འགལ་བར་ཞུགས་ཤིང་སྨྲ་ན་འགལ་བའི་སྐྱོན་ཏེ། དབྱེ་ན་དྲུག་ལས། དང་པོ་ཡུལ་དང་འགལ་བའི་སྐྱོན་ནི། ཁ་བ་རིར་སྐྱེས་མ་ལ་ཡ་ཀླུང་དྲིས། །ནགས་ཀྱི་སྦྲང་{འབྲང}བུ་འགུགས་པའི་ངོ་མཚར་ལ། །བལྟ་བར་ཆས་པའི་གངས་ཀྱི་ལག་ལྡན་རྣམས། །མི་ཡུལ་འཆི་མེད་ལྗོན་པའི་གྲིབ་བསིལ་བརྟེན། །གཉིས་པ་དུས་དང་འགལ་བའི་སྐྱོན་ནི། དབྱར་གསུམ་དལ་འགྲོ་འཁྱགས་པའི་སྦུབས་སུ་ཡིབ། སྟོན་དུས་རྨ་བྱ་མྱོས་པས་ཟློས་གར་བསྒྱུར། །དགུན་གྱི་པད་དཔལ་བུང་བའི་ལོངས་སྤྱོད་མཆོག །འབྲས་ལྡན་ལྕིད་ཀྱིས་ནོན་གང་དཔྱིད་དུ་ཤེས། །གསུམ་པ་སྒྱུ་རྩལ་དང་འགལ་བའི་སྐྱོན་ནི། དཔའ་བོ་གཡུལ་དུ་ཞུགས་པའི་རྩེ་དགའི་གར། །དགྲ་སྡེར་སིམ་པ་སྟེར་བའི་བདུད་རྩིའི་སྐྱེས། །ཆེས་ཆེར་ཁྲོས་པའི་བཞིན་གྱི་འཛུམ་དཀར་ཡང་། །སྟོན་ཟླ་གསར་པའི་དཔལ་གྱིས་མཚོན་མ་ཡིན། །བཞི་པ་འཇིག་རྟེན་དང་འགལ་བའི་སྐྱོན་ནི། རུས་སྦལ་སྤུ་ཡིས་བསྐྲུན་པའི་ཟ་འོག་གོས། །ལེགས་བགོས་མོ་གཤམ་ཕྲུ་གུ་གཉེན་སྡེར་བཅས། །རི་བོང་རྭ་ཅན་ཞོན་ནས་བསིལ་བའི་མེར། །ཁྲུས་ལ་ཞུགས་གང་དམུས་ལོང་འདྲེན་བྱེད་དཔྱིད། །ལྔ་པ་རིགས་པ་དང་འགལ་བའི་སྐྱོན་ལས། ནང་པའི་རིགས་པ་དང་འགལ་བ། བདེ་བར་གཤེགས་པས་འདུས་བྱས་ཆོས་རྣམས་ཀུན། །གློག་དང་སྤྲིན་བཞིན་སྐད་ཅིག་གཡོ་བའི་ཚུལ། །གསུངས་མོད་བསྐལ་པ་དང་པོར་ཆགས་པའི་རི། །ད་དུང་མངོན་སུམ་མཐོང་ལ་བསྙོན་དུ་ཅི། །ཡང་ཕྱི་རོལ་པའི་རིགས་པ་དང་འགལ་བ། ཆོས་རྣམས་རྒྱུ་མེད་ངོ་བོ་ཉིད་ཀྱིས་འབྱུང་། །གལ་ཏེ་རྒྱུ་ཡོད་དབང་ཕྱུག་རྒྱུར་འདོད་མོད། །སྟོན་དུས་ས་ལུ་ཞིམ་པོའི་སྙེ་མ་འདི། །ཞིང་པའི་སོ་ནམ་རྗེས་སུ་འགྲོ་ལྡོག་མཐོང་། །དྲུག་པ་ལུང་དང་འགལ་བའི་སྐྱོན་ནི། གསོལ་བཞིའི་ཆོ་གར་མ་བརྟེན་དགེ་སློང་མཆོག །གཅིག་པུར་ཞི་ལ་ཞེན་པའི་སེམས་བསྐྱེད་དང་། །སྟོང་དང་རྟེན་འབྱུང་ཐ་དད་དབུ་མའི་ལམ། །བརྟེན་ན་བྱང་ཆེན་འབྲས་བུ་ཚེ་འདིར་བྱེད། །ལྟ་བུ་སྟེ་ཤེས་སླ་བས་མ་སྤྲོས་སོ། །དེ་དག་གི་དམིགས་བསལ་ནི། སྐབས་སུ་བབས་པའི་དུས་རེས་འགར་སྐྱོན་དུ་མི་འགྱུར་བའང་ཡོད་དེ། དེ་ལ་ཡུལ་འགལ་དམིགས་བསལ་སྐྱོན་མེད་ནི། གཞན་དག་ཞིང་འདིའི་བཀོད་པར་རྩོད་གྱུར་ཚེ། །རྩོད་ལྡན་ཞིང་འདི་འཕྲུལ་དགའ་ལས་ལྷག་པའི། །འབྱོར་པའི་ཁྱད་པར་སྟོན་པ་མཆོག་ཉིད་ཀྱིས། །བསྟན་དེས་འཁོར་གྱི་ཐེ་ཚོམ་བསལ་བར་མཛད། །ཡང་ན། བསོད་ནམས་བརྒྱ་མཚན་སྟོན་པའི་ཞབས་མཐིལ་ཟུང་། །རབ་འབར་མདག་མེ་སྤུངས་འོབས་བཞག་པའི་མོད། །ཁྲུས་རྫིང་པད་དཀར་བཞད་པའི་ཀེ་སར་མདངས། །ལོག་ལྟའི་བཤེས་ལ་འཕྱ་བས་རྒོད་པ་བཞིན། །དུས་དང་འགལ་ཡང་དམིགས་བསལ་སྐྱོན་མེད་ནི། ཀུན་བཟང་གཉིས་པ་དྲི་མེད་འོད་ཟེར་ཞབས། །གདོད་གཞིར་གཤེགས་ཚེ་རྒྱལ་ཟླའི་དམར་ཕྱོགས་སུ། །མེ་ཏོག་ཆར་བབས་དབང་གཞུའི་དྲྭ་བས་མཛེས། །འཁྱགས་སྦུབས་ཆུར་ཞུ་ས་ལ་དྲོད་སྨིན་གྱུར། །ཡང་ན། ཀྱེ་མ་དེང་སང་སྙིགས་སྤྱོད་སྡིག་པའི་འབྲས། །དབྱར་དུས་ཁ་བའི་རྡུལ་དང་བད་ཐན་གྱིས། །རྫིང་དང་མེ་ཏོག་རྩི་འབྲས་ཡུད་ཀྱིས་སྐམ། །ས་གཞི་རྡོ་བ་ལྟ་བུར་གྱུར་འདིར་གཟིགས། །སྒྱུ་རྩལ་དང་འགལ་ཡང་དམིགས་བསལ་སྐྱོན་མེད་ནི། མི་བསྲུན་བདུད་དམག་ཁྲོས་པས་བསྣུན་པའི་མཚོན། །བྱམས་ཆེན་ཐུབ་པའི་སྐུ་ལ་མེ་ཏོག་ཆར། །མི་སྙན་བརྗོད་གང་བསྟོད་དབྱངས་སྙན་པའི་སྤྲིན། །ཡིད་སྲུབ་སྡེར་བཅས་རེ་བ་འབྲས་མེད་བྱས། །ཡང་ན། མི་གཙང་རྐྱལ་པ་དྲི་ང་སྒོ་དགུ་ཅན། །འདོད་པས་མྱོས་གྱུར་རིམ་པ་ཉམས་པའི་ཚིག །རྡབ་རྡིབ་གཏམ་དང་འཁྱོལ་བའི་གོམ་ཚུགས་ཅན། །འཕྱོན་མ་འདིས་ཀྱང་སྲེད་ལྡན་བསླུ་བར་བྱེད། །འཇིག་རྟེན་དང་འགལ་ཡང་དམིགས་བསལ་སྐྱོན་མེད་ནི། ཐུབ་དབང་ཞབས་མཐིལ་བཀྲ་ཤིས་རེ་ཁ་ཆེ། །གསར་དུ་བཀོད་མཐུས་མྱོས་རྣམས་དྲན་པ་རྙེད། །ལོང་བས་གཟུགས་མཐོང་འཕྱེ་བོ་འགྲོ་བར་ནུས། །ལྐུག་པས་སྨྲ་ཤེས་མྱ་ངན་ཡིད་སོས་བྱེད། །ཡང་ན། བགྲང་བྱ་དགུ་བཅུས་དུབ་པའི་རྒན་གཞུག་གིས། །རིག་པ་ཞག་བདུན་སྒྲུབ་པའི་དེ་མ་ཐག །ལོ་བརྒྱད་བྱིས་པའི་གཟུགས་དང་རྣམ་དཔྱོད་བློས། །ས་བདག་དྲེགས་པ་གཞོམ་པའི་གཏམ་འདི་སྙན། །རིགས་པ་དང་འགལ་ཡང་དམིགས་བསལ་སྐྱོན་མེད་ནི། བདེན་བཞི་རྒྱུ་འབྲས་སྤང་གཉེན་ཚུལ་ལུགས་ལས། །རིང་བརྒལ་སྡུག་བསྔལ་བྱང་ཆུབ་ཀུན་འབྱུང་ལམ། །སྣང་སྲིད་དག་མཉམ་ཡེ་ནས་སངས་རྒྱས་པའི། །འབྲས་བུ་ལམ་བྱེད་འཕགས་པའི་གཟིགས་ངོར་འཐད། །ཡང་ན། བསམ་མི་ཁྱབ་ཀྱང་བསམ་བྱ་ཀུན་གྱི་གཞི། །སྤྲོས་ལས་འདས་ཀྱང་སྤྲོས་ཀུན་འབྱུང་བའི་དབྱིངས། །བརྗོད་ལས་འདས་གང་བརྗོད་པའི་འབབས་སྟེགས་མཆོག །ཟུང་འཇུག་སེམས་ཀྱི་རྡོ་རྗེ་རྟོགས་གྱུར་ཅིག །ལུང་དང་འགལ་ཡང་དམིགས་བསལ་སྐྱོན་མེད་ནི། སྤང་འགེགས་རྩོལ་བཅས་ལམ་ལ་མི་རེ་ཞིང་། །གྲངས་མེད་གསུམ་གྱི་དུས་ལ་ལྟོས་མིན་པར། །དབང་རྣོན་རྩེ་གཅིག་གྲོལ་བྱེད་རྡོ་རྗེ་ཐེག །གསང་མཆོག་རྒྱལ་པོ་འདི་དང་མི་འབྲལ་སྨོན། །ཡང་ན། ཐེག་བརྒྱད་བློ་ཡིས་ནམ་ཡང་རེག་མིན་པའི། །འཆིང་གྲོལ་ལས་འདས་ཀུན་བཟང་དགོངས་པའི་ཞལ། །ཡེ་ཤེས་མངོན་བྱེད་གདོད་མའི་གསེང་ལམ་ནས། །གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་ཤོག །ཅེས་པ་ལྟ་བུ་སྟེ། རྒྱན་གྱི་བསྟན་བཅོས་སྙན་ངག་གི་མེ་ལོང་ལས་ལེའུ་གསུམ་པ་སྟེ་གཞུང་ཡོངས་རྫོགས་ཀྱི་དཔེར་བརྗོད་པ་རེ་ཞིག་བསྟན་ཟིན་ཏོ། །སླར་སྨྲས་པ། བརྟན་གཡོ་སྲིད་ཞིའི་སྒྲ་དབྱངས་དྭངས་མའི་བཅུད། །གཅིག་ཏུ་བསྐྱིལ་བ་ངག་དབང་ལྷ་མོ་མཆོག །མགྲིན་པར་རྗེས་ཆགས་ཉམས་འགྱུར་སྟོང་ལྡན་པའི། །སྙན་ངག་བྱེ་བའི་འབྱུང་གནས་དཎྜིའི་ཞབས། །གང་གི་ཕུལ་བྱུང་གྲགས་པའི་གཏེར་ཆེན་པོ། །དུས་ཀྱི་མཐར་ཡང་མི་ཉམས་རྣམ་འཕེལ་བ། །ལེགས་བཤད་ནོར་བུའི་མེ་ལོང་འདིས་མཐུ་སྟེ། །འདི་དང་མཉམ་པའི་རྒྱན་བཟང་སྲིད་ན་སུ། །སྔོན་བྱོན་འཕགས་བོད་བློ་གསལ་ངང་མོའི་ཁྱུ། །གང་ལ་རྩེན་པ་ལྷོ་ཕྱོགས་ཡིད་ཀྱི་མཚོ། །རྒྱན་གསུམ་རླབས་ཕྲེང་འཛུམ་དཀར་རྒོད་ཉིད་དེ། །མཁས་མཆོག་ཚངས་པའི་ཡིད་དབང་འཆིང་བྱེད་ཀྱང་། །ཚུལ་འདིར་ཅུང་ཟད་སྦྱང་བར་བྱས་རྣམས་ཀྱང་། །མཁས་པའི་མདུན་ས་དག་ཏུ་རྒྱུ་འོས་ན། མཐའ་དག་རྣམ་དཔྱོད་ལྟོ་བར་བསྐྱིལ་ནུས་པའི། །དྲང་སྲོང་མཆོག་རྣམས་སུ་ཡིས་བཀུར་མི་བྱེད། །སྙན་ངག་ནོར་བུའི་གཏེར་མཛོད་མཚུངས་མེད་པ། །རྒྱལ་བ་མཆོག་དང་རྒྱལ་སྲས་འཕགས་པའི་ཚོགས། །ངག་གི་རང་བཞིན་གྲུབ་པ་མཆོག་རྣམས་ཏེ། །གཞན་དག་འཕགས་བོད་མཁས་པའི་ཚོགས་རྣམས་སོ། །དེ་སླད་གདུལ་བྱའི་བློ་དང་ཉེར་འཚམ་པའི། །བརྒྱད་ཁྲི་བཞི་སྟོང་གསུང་རབ་དགོངས་འགྲེལ་བཅས། །རྗོད་བྱེད་སྙན་པའི་ཚིག་གིས་ཉེར་དྲངས་ནས། །དོན་ཟབ་བདུད་རྩི་སྙིང་གི་བུམ་པར་བསྐྱིལ། །དེས་ན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཡུན་དུ་གནས་བྱེད་མཁས་པའི་བྱ་བ་མཆོག །འཆད་རྩོད་རྩོམ་སྟེ་དེ་རྒྱུ་བཅུ་ཕྲག་རིག །ཡིན་ཕྱིར་བསྟན་འཛིན་རྣམས་ཀྱིས་འདོར་བྱ་མིན། །མཐར་འབྲས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་། །རིག་པའི་གནས་ལྔར་གོམས་པའི་འབྲས་རྟགས་སུ། །གསུངས་མོད་དེ་རྒྱུ་བཀག་ནས་དེའི་འབྲས་བུ། །སྒྲུབ་འདོད་སྐྱེ་བོ་མང་ཞིག་དེང་དུས་མཐོང་། །རང་བློ་ཤེས་བྱར་གོམས་པར་མ་ནུས་སྐྱོན། །རྣམ་དག་མཁས་པའི་གཞུང་ལ་བཀོན་{བརྐོན}དུ་ཅི། །འདི་ན་དམུས་ལོང་ཉི་མ་མི་མཐོང་བ། །རང་སྐྱོན་ཉིད་ལས་གཞན་དུ་སུ་ཡིས་བསྐལ། །ཀྱེ་མ་དེ་འདྲའི་རིགས་ལ་ལེགས་བཤད་ཀྱི། སྒོ་འཕར་བརྒྱ་ཕྲག་ཕྱེས་ཀྱང་མགུ་དུས་ཅི། །ཡིད་བཞིན་ནོར་བུ་རིན་ཐང་བྲལ་བ་ཡང་། །བླུན་པོས་མཐོང་ན་རྡོ་ཡི་གོང་བུར་འཛིན། །སྔོན་བྱོན་འཇིག་རྟེན་མིག་གྱུར་མཁས་མང་གི། །ལེགས་བཤད་རོ་བརྒྱ་ལྡན་པའི་ཁ་ཟས་ཀྱང་། །དེང་དུས་རྩྭ་བཞིན་འདོར་ན་བདག་ལྟ་བུས། །བརྗོད་པས་ཅི་བྱ་རང་ཉིད་ངལ་བ་ཙམ། །འོན་ཀྱང་ལྷག་བསམ་བཟང་པོའི་གཞན་དབང་གིས། །རང་འདྲའི་བློ་གསལ་དག་ལ་སྨན་པའི་བློས། །སྔོན་བྱོན་སྨྲ་བའི་ཟླ་བ་མཆོག་རྣམས་ཀྱི། །གསུང་གི་རྗེས་སུ་འབྲངས་ནས་ངས་འདི་བྱས། །དེ་ལྟ་ན་ཡང་བདག་བློ་རྨོངས་པའི་དྲིས། །ནོངས་པར་བྱས་གང་གཟུར་གནས་མཁས་ལ་བཤགས། །ལྷག་བསམ་མཐུ་དང་ཅུང་ཟད་བརྩོན་པའི་འབྲས། །རིགས་ལམ་བསྟན་པ་རྒྱས་པའི་ཆེད་དུ་བསྔོ། །འདི་ན་ལེགས་པར་བཤད་པའི་སྣང་བའི་སྒོ། །ཅུང་ཟད་མཆིས་ཀུན་དགེ་བའི་བཤེས་ཀྱི་དྲིན། །དེ་སླད་དེ་ཡི་དགོངས་པ་ཡོངས་རྫོགས་ཤིང་། །རྣམ་གྲོལ་ཟག་མེད་ཡོན་གྱིས་འབྱོར་གྱུར་ཅིག །བདག་ཀྱང་སྐྱེ་ཀུན་འཇམ་དཔལ་ཡབ་ཡུམ་གྱི། །ཞབས་ཀྱི་ཆུ་སྐྱེས་བསྙེན་པའི་དཔལ་ཐོབ་ནས། །ལེགས་བཤད་འཛད་མེད་སྨྲ་བའི་སྤོབས་པ་ཡིས། །རྒྱལ་བའི་ཆོས་མཛོད་རྒྱ་མཚོ་འཛིན་གྱུར་ཅིག །བཀྲ་ཤིས་གང་ཞིག་ཐོག་མཐའ་བར་དགེ་བ། །བདེན་གསུང་དྲི་མེད་ཆོས་མཆོག་ནོར་བུའི་སྤྲིན། །ས་གསུམ་འཇིག་རྟེན་ཀུན་ཏུ་རྟག་ཁྱབ་པའི། །དགེ་མཚན་འདོད་དགུའི་ཆར་གྱིས་མཛེས་གྱུར་ཅིག །ཅེས་པའང་ཐམས་ཅད་མཁྱེན་པ་ཟེ་ཆེན་མ་ཧཱ་པཎྜི་ཏའི་ནང་ཐུགས་ཀྱི་སྲས་གཅིགཡུལ་ལྷོ་ཕྱོགས་ཀྱི་མཁས་པ་ཆེན་པོ་སྒྲ་དབྱངས་ཟླ་བ་འཆི་མེད་ལང་ཚོའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་ལྔ་རིག་སྨྲ་བའི་དབང་པོ་ངག་དབང་འཇམ་དཔལ་ལེགས་བཤད་རྒྱ་མཚོའི་བཀའ་དྲིན་ལས་རང་ལོ་བཅོ་ལྔ་པའི་ཐོག་འགྲེལ་ཆེན་ལེགས་བཤད་རོལ་མཚོ་དང་། རང་མེས་མ་ཧཱ་པཎྜི་ཏས་མཛད་པའི་དོན་འགྲེལ་དཔེར་བརྗོད་འཛམ་གླིང་ཐ་གྲུར་ཁྱབ་པའི་མཛེས་རྒྱན་གྱི་སྟེང་ནས་གོ་ཁྲིད་དང་རྩོམ་རྒྱུགས་བཅས་ལམ་འདིར་བག་ཆགས་ཙམ་ཐེབ་པ་ཤཱཀྱའི་དགེ་སློང་དབྱངས་ཅན་དགྱེས་པའི་སྡེས་བློ་གསལ་དོན་གཉེར་ཅན་རྣམས་ལ་སྨན་པའི་བསམ་པས་སྔར་བྲིས་པ་ལས་ཅུང་ཟད་ཚིག་སྣ་བསྡུས་ཏེ་རང་གནས་ཟེ་ཆེན་བསྟན་གཉིས་དར་རྒྱས་གླིང་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་བྲིས་པ་དགེ་ལེགས་ཀྱི་སྣང་བས་ཕྱོགས་ཀུན་ཏུ་ཁྱབ་པའི་རྒྱུར་གྱུར་ཅིགབཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྲུབ་ཤོགདགེའོ། །དགེའོ། །དགེའོ། །།


previous ལེའུ་གསུམ་པ་ལས་བྱུང་བའི་གཉིས་པ་སྒྲ་ཡི་རྒྱན། next