Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
   
  expand section
  expand section
   
   
  expand section
   
   
   
ཀེག་རྩིས་ཞེ་བདུན་མའི་རྡེལ་བཤད་རབ་གསལ་མེ་ལོང་།
   
   
   
   
   
   
   
   
   
   
   
   
   


 
previous ཀེག་རྩིས་ཞེ་བདུན་མའི་རྡེལ་བཤད་རབ་གསལ་མེ་ལོང་། next

ཀེག་རྩིས་ཞེ་བདུན་མའི་རྡེལ་བཤད་རབ་གསལ་མེ་ལོང་།

༄༅། །ཀེག་རྩིས་ཞེ་བདུན་མའི་རྡེལ་བཤད་རབ་གསལ་མེ་ལོང་བཞུགས། ༀ་སྭསྟི། འཛམ་བུ་ན་དའི་རི་བོར་གུར་གུམ་ཆུས། །བྱེད་པོས་ལན་སྟོང་བྱུགས་པས་མཚོན་མིན་སྐུ། །ནང་གི་མུན་སེལ་འཇམ་མགོན་ཉིན་མོར་བྱེད། །ཡིད་མཁའི་ལམ་ལས་འབྲལ་བ་མེད་པར་མཛོད། །ངོ་མཚར་རྩིས་གཞུང་རྒྱལ་པོའི་གན་མཛོད་ནས། །ཉེར་མཁོ་ལོ་གཅིག་ཁྱུད་འཁོར་ཀེག་རྩིས་ཀྱི། །རྡེལ་བཤད་ཉུང་ངུ་རབ་གསལ་མེ་ལོང་འདི། །སྐལ་མཉམ་བློ་གསལ་དགའ་བའི་གསོས་སུ་ལེན། །དེ་ཡང་རྩ་རྡེལ་དྲུག་དང་གཅོད་འདྲལ་གྱི། །རྡེའུ་ཉེར་བཞི་བཏང་གཅོད་ཁ་དམར་བཞི། །རྩུབ་རྡེལ་བདུན་དང་སྨེ་བའི་སྐེག་ཕྲན་བཞི། །དགུ་དུར་གཉིས་བཅས་སྤྱི་བསྡོམས་ཞེ་བདུན་ནོ། །དེ་ལ་ཕྱི་ནི་གནམ་ལོ་ལོག་མེན་གཉིས། །ནང་སྤར་བབ་སྨེ་གསང་བ་དར་གུད་ལོ། །ཡང་གསང་དབང་ཐང་གར་བབ་དུས་ཚོད་བཅས། །རྩ་རྡེལ་དྲུག་པོ་སྐྱེས་པར་དཀར་པོ་དང་། །བུད་མེད་ཡིན་ན་ནག་པོར་བསྒྲིག་པར་བྱ། །དེ་རྗེས་བརྩི་བྱའི་སྲོག་ལུས་དབང་ཀླུང་བཞིས། །གནམ་ལོ་ལོག་མེན་དུས་ཚོད་རྣམ་གསུམ་གྱི། །སྲོག་ལུས་དབང་ཀླུང་སོ་སོར་འཐབ་པ་དང་། །བབ་སྤར་བབ་སྨེའི་ཁམས་རྐྱང་དང་འཐབ་ཅིང་། །དར་གུད་གནམ་ལོ་རྒྱལ་པོའི་སྟེང་བསྐོར་བའི། །གཅོད་འདྲལ་ཉེར་བཞི་དཔེ་རིས་བཞིན་དུ་བཀོད། །དེ་ཡང་མར་འཕྲད་དཀར་གསུམ་གྲོགས་ལ་གཉིས། །ས་ཆུ་ནང་ཕྲད་དཀར་གཅིག་བུར་འཕྲད་ཁྲ། །ཤིང་ལྕགས་མེ་ནང་ནག་གཅིག་དགྲར་འཕྲད་གཉིས། །དར་གུད་བཟང་དྲུག་རབ་འབྲིང་ཐ་རིམ་བཞིན། །དཀར་པོ་གསུམ་གཉིས་གཅིག་དང་ངན་དྲུག་གི། །རབ་འབྲིང་ཐ་མར་ཕྱེད་མ་ནག་གཅིག་གཉིས། །རིམ་བཀོད་ཁ་དམར་རྡེའུ་རྣམ་བཞི་ཡང་། །དཀར་གསུམ་ལ་སོགས་རང་གྲངས་མི་འགྲེམ་པར། །གནས་སམ་བསྐོར་མགོའི་གྲངས་ཀྱི་མང་ཉུང་ལྟར། །དཀར་མང་དཀར་དང་ནག་མང་ནག་པོར་བཀོད། །དེ་སྟེང་སྤྲོ་ན་ཀུན་འབྱུང་ཨ་ལོའི་ལུགས། །བླ་རྡེལ་དྲུག་ཅེས་བརྩི་བྱའི་སྐྱེས་སྨེ་དེས། །རང་མཐུན་གནམ་ལོ་ལོག་མེན་དུས་ཚོད་སྨེ། །བབ་སྤར་བབ་སྨེར་འཐབ་དང་སྨེ་ཁམས་དེའི། །དར་གུད་གནམ་ལོ་ལ་བསྐོར་ཁ་དམར་གདགས། །དེ་རྗེས་རང་ཀེག་བདུན་ཟུར་ཁྱིམ་མཚེས་དང་། །མཐུན་གསུམ་སྲི་ངན་སྐྱ་མདའ་གསང་ཀེག་བཅས། །རྩུབ་ན་ནག་རེ་མི་རྩུབ་དཀར་རེ་བོར། །དེ་འོག་ཁོང་ཀེག་མལ་ཀེག་ཡུལ་ཀེག་དང་། །རྒྱ་སྒོ་འགགས་བཅས་སྨེ་བའི་ཀེག་ཕྲན་བཞི། །རྩུབ་ན་ནག་རེ་མི་རྩུབ་དཀར་རེ་བོར། །དེ་རྗེས་ལོ་གྲངས་སྤར་སྨེའི་དགུ་མིག་དང་། །སྤར་ཁའི་དུར་དུ་ཚུད་ན་རྡེལ་ནག་རེ། །མ་ཚུད་རྡེའུ་དཀར་པོ་རེ་རེ་བོར། །དེ་སོགས་ངོས་འཛིན་རེའུ་མིག་བལྟས་པས་གསལ། ། ༈ དེ་ཡང་སྲོག་རྡེལ་དཀར་པོ་གསུམ་བབས་ན། །མི་ཤིགས་ཚེ་ཡི་གཡུང་དྲུང་གསལ་ཞིང་བརྟན། །འགྱུར་མེད་སྲོག་གི་ཀ་བ་བརླིང་ལ་བརྗིད། །རྩ་གསུམ་ཚེ་ལྷའི་བྱིན་རླབས་སྤྲིན་བཞིན་འདུ། །འདྲེ་སྲིན་འབྱུང་པོའི་འཚེ་བ་མེད་པས་བཟང་། །གཉིས་བབས་ཕལ་ཆེར་གོང་དང་ཕྱོགས་མཚུངས་དགེ། །གཅིག་བབས་སྲོག་ལ་བར་ཆད་མི་ཡོང་ཙམ། །ནག་གཉིས་སྟེང་ན་བདུད་ཀྱི་ཁྲོམ་ཁ་གཡོ། །འོག་གནས་གདུག་པ་ཀླུ་ཡི་སྟང་རི་ལང་། །བར་ནས་འདྲེ་བདུད་སྲོག་ལ་གཟན་པས་ངན། །རིམ་འགྲོ་འཆི་བསླུ་སྲོག་འདོན་ཚེ་སྒྲུབ་དང་། །ཚེ་དབང་ཚེ་གཟུངས་བཀའ་སྒྲོགས་དུར་སྲི་གནོན། །མནའ་བཀལ་སྲོག་གཅོད་སྤང་ཞིང་ལམ་འཕྲང་བསལ། །ནག་གཅིག་ཕ་མེས་དུར་ཀེག་སྲི་ངན་ལངས། །ཕུང་སྲིས་གནོད་པས་ཚེ་དབང་ཚེ་འགུགས་དང་། །བླ་འཆི་བསླུ་དང་མཚུན་གསོལ་མལ་ས་སྤོ། །མཆོད་རྟེན་སྐུ་དཀར་གསོལ་དང་སཱཙྪ་གདབ། །དཀར་ནག་ཟུང་བབས་ལྷ་འདྲེ་ཆོ་ལོ་འགྱེད། །བྲེད་སྔངས་གློ་བུར་ཡེ་འདྲོག་འབྱུང་བའི་ངོ་། །མལ་སྤོ་བླ་བསླུ་ཚེ་གཟུངས་ཕུང་སྲི་མནན། །མཆོད་སྦྱིན་ལོ་དུས་རིམ་གྲོ་མྱུར་དུ་གྱིས། ༈ ། ལུས་ཀྱི་རྡེའུ་དཀར་པོ་གསུམ་བབས་ན། །ནད་མེད་བདེ་བའི་ལང་ཚོའི་ལྗོན་པ་བརྟན། །འགྲིབ་མེད་དབང་སྟོབས་གསལ་བའི་མེ་ཏོག་བཀྲ། །རྒུད་མེད་རྣམ་དཔྱོད་མཐུ་ཡི་འབྲས་ཁུར་ལྕི། །འབྲལ་མེད་ལུས་ལྷ་བཟང་པོས་སྐྱོབ་པས་བཟང་། །དཀར་པོ་གཉིས་བབས་ཕལ་ཆེར་གོང་མཚུངས་བཟང་། །དཀར་གཅིག་བབས་ན་སྐྱོན་མེད་འབྲིང་སྟོད་ཙམ། །གྲིབ་དང་འཁོན་ལ་འཛེམ་ཞིང་ཁྲུས་བསྐང་བྱ། །ནག་གཉིས་བབས་ན་ལུས་ལ་ན་ཟུག་དང་། །སེམས་ལ་མྱ་ངན་ཟུག་རྔུ་རྒྱུན་མི་འཆད། །སྨན་དང་སྨན་པ་བརྒྱུན་རིང་བསྟེན་དགོས་ངོ་། །ལུས་བསྒྱུར་མིང་སྤོ་གཏར་ཁ་མེ་བཙའ་སྤང་། །ཡི་དམ་བསྙེན་བསྐྱར་སྐྱབས་འགྲོ་དབང་བསྐུར་ཞུས། །ལམ་འཕྲང་བཅོས་ཤིང་སཱཙྪ་བཞི་སྡེ་བྱ། །ནག་གཅིག་ལུས་གུད་གཅོང་དང་ནད་རོ་ལྡང་། །ལུས་བསྒྱུར་སཱཙྪ་ལོ་གྲངས་ཟམ་པ་འཛུགས། །ལུས་བསྐྱེད་འཁོར་ལོ་འདོག་ཅིང་བདུད་མདོས་བྱ། །ཁྲ་བོ་ལུས་ལ་ལྷ་སྲིན་ཆོ་ལོ་འགྱེད། །གྲིབ་ཆོག་དབང་ཁྲུས་ཞུ་ཞིང་མཆོད་སྦྱིན་བྱ། ༈ ། དབང་ཐང་རྡེའུ་དཀར་པོ་གསུམ་བབས་ན། །བསོད་ནམས་ཞིང་སར་འདོད་གུའི་སྙེ་མ་འཁྲུངས། །ལོ་ལེགས་ཕྱུགས་འཕེལ་ཚོང་རྒྱལ་བསམ་པ་འགྲུབ། །གྱོང་གོད་གཏོར་བརླག་མེད་པ་མཆོག་ཏུ་བཟང་། །གཉིས་བབས་ཟ་ཐང་འབྲིང་སྟོད་ཙམ་འབྱུང་བཟང་། །གཅིག་བབས་བྱེས་སོང་དོན་འགྲུབ་གྲོགས་ཡོད་ཙམ། །ནག་གཉིས་གཡང་གི་ཟོ་བ་ཞབས་ནས་རྡོལ། གོད་ཁ་ཚོང་ཕམ་གཏོར་བརླག་ལོ་ཉེས་ངོ་། །རིམ་གྲོ་དཀོན་མཆོག་མཆོད་དང་སྦྱིན་པ་གཏོང་། །བརྒྱ་བཞི་ཆབ་གཏོར་བྱིས་སྟོན་གསེར་འོད་སྒྲོགས། །གཡང་སྐྱབས་ཚོགས་བརྒྱ་ལོ་ལེགས་ཆོ་ག་བྱ། །ནག་གཅིག་དབང་ཐང་རྒྱང་ཆད་གོད་ཁ་འོང་། །གཡང་ཉམས་གསོ་ཞིང་དབང་སྐྱེད་སྲུང་འཁོར་གདགས། །ནོར་གཟུངས་ཕྱྭ་འབོད་དགེ་སློང་བཞི་སྡེ་མཆོད། །དཀར་ནག་གཉིས་བབས་ལོངས་སྤྱོད་མི་བརྟན་གཡོ། །བརྒྱ་མཆོད་གསེར་འོད་གཡང་སྐྱབས་སྦྱིན་གཏོང་འབད། ༈ ། ཀླུང་རྟའི་རྡེའུ་དཀར་པོ་གསུམ་བབས་ན། །དཔལ་གྱི་ཉི་ཤར་ལྷ་སྲུང་བཟང་པོས་སྐྱོབས། །སྙན་པའི་དར་ཕྱར་གྲགས་པའི་དུང་འབུད་ཅིང་། །དགྲ་འདྲེའི་འཚེ་བྲལ་ཁ་སྨྲ་གླེང་བརྗོད་མེད། །ཕྱོགས་ལས་རྣམ་རྒྱལ་ཅི་བསམ་འགྲུབ་པས་བཟང་། །གཉིས་བབས་འགྲན་ན་རང་རྒྱལ་སྙན་པ་ཐོབ། །དཀར་གཅིག་མིས་བྱམས་དགྲ་ངོ་མེད་པ་ཙམ། །ནག་གཉིས་དགྲ་གྱོད་ཁ་སྨྲ་ཡ་ག་འབབས། །གཉེན་ཚན་དགྲར་ལངས་རྐུན་དང་དུག་སྦྱོར་ངོ་། །རིམ་གྲོར་གཙུག་ཏོར་བསམ་ལྷུན་བདུད་བཟློག་དང་། །དགྲ་སྲི་མནན་དང་དགྲ་བཟློག་དགྲ་མདོས་བཏང་། །ལམ་བཅོས་ཁ་མཆུ་ཞི་མདོ་མགོ་གསུམ་བྱ། །ནག་གཅིག་ཀུན་གྱིས་བརྙས་གླེང་མི་ཁའི་ངོ་། །ཀླུང་བསྐྱེད་འཁོར་ལོ་ལུས་གདགས་ཀླུང་རྟ་འཛུགས། །ལྷ་ཁང་མཆོད་རྟེན་རྙིང་གསོ་གྲུ་ཟམ་འཆོས། །སཱཙྪ་ཆུ་གཏོར་གླུད་རྫོང་དགྲ་ཕྱོགས་གཏོར། །ཁྲ་བབས་གོང་མས་བྱམས་ཀྱང་འོག་མས་སྡང་། །དགྲ་བྲུབས་དགྲ་སྲི་མནན་དང་མི་ཁ་བསྐྱལ། །གཙུག་ཏོར་རྣམ་རྒྱལ་སྤང་སྐོང་{ཀོང}མཚན་འབུམ་སྒྲོགས། །ཀླུང་རྟ་འཛུགས་ཤིང་གདུགས་དཀར་བཟློག་བསྒྱུར་བྱ། །ཞར་བྱུང་བླ་རྡེལ་འབྲས་བུ་བརྗོད་འདོད་ན། །དཀར་གསུམ་གཉིས་བབས་སྲོག་ལ་ཉེས་མེད་བཟང་། །གཅིག་བབས་བླ་སྲོག་མི་འབྲལ་མི་འཆི་ངེས། །ནག་གཉིས་མི་བུ་རིན་ཆེན་བླ་སྲོག་བྲལ། །ཉེས་འགྱོད་སྲོག་ཉེན་བླ་བསླུ་ཚེ་ཆོག་བྱ། །ནག་གཅིག་ཁ་ཡར་གསོན་འཁྱམས་ཚེ་བདུད་རྐུ། །བདུད་ཆོག་བླ་བསླུ་དྲག་པོ་འཕྲལ་དུ་གྱིས། །དཀར་ནག་གཉིས་བབས་ཐེམ་ཁའི་མི་དང་འདྲ། །གར་འགྲོ་མི་ཤེས་ཁྲམ་དང་གོད་ཁ་འབྱུང་། །དེ་ཕྱིར་སྐུ་རིམ་དྲག་པོ་མྱུར་དུ་གྱིས། །ཁྱད་པར་སྲོག་ལུས་དབང་ཀླུང་ཁ་དམར་རྡེལ། །བཞི་ཀ་དཀར་ན་གྲིབ་དང་མི་གཙང་འཛེམ། །ཟངས་དཀར་འོ་མས་གང་ཆེ་བོ་འདོད་ཡིན། །ལྷ་སྲུང་ཁྲོས་པའི་བཀའ་ཆད་འབྱུང་དོགས་ཡོད། །སྐོང་བཤགས་ཚོགས་མཆོད་བྱབས་ཁྲུས་རྟེན་ཁྲུས་བྱ། །བཞི་ཀ་ནག་ན་གནམ་སའི་གཞུང་རལ་ཞིང་། །རྒྱ་མཚོ་གཏིང་སྐམ་རི་རབ་རྩེ་ནས་ཉིལ། །བདུད་ཀྱི་ཁྲམ་བཏབ་ཕ་མེས་ཟ་སྲི་ལངས། །ན་ཚ་ཤི་ཆད་འབྱུང་ཉེན་ཤིན་ཏུ་ངན། །རིམ་གྲོ་རྒྱལ་བཀའ་སྤྱི་དང་འབུམ་ཆེན་ཀློག །ཚེ་སྒྲུབ་འཆི་བསླུ་ཁྲོ་རོལ་གཏོར་བཟློག་དང་། །བརྒྱ་བཞི་བདུད་མདོས་གཤིན་རྗེའི་ཁྲོམ་མདོས་དང་། །དགྲ་བཟློག་ཚེ་དབང་གཡང་སྐྱབས་སྲོག་བསླུ་དང་། །སྤང་དག་ཆུ་གཏོར་ཀླུང་རྟ་སཱཙྪ་གདབ། །བརྒྱ་མཆོད་བྱབས་ཁྲུས་གདོན་ཁྲོལ་བཟློག་བསྒྱུར་བྱ། །སྲོག་ལུས་དབང་ཀླུང་བསྐྱེད་ཆོག་འཁོར་ལོ་འདོགས། །སྤར་སྨེའི་གཞུང་ནས་འབྱུང་བཞིན་གཏོ་བཅོས་དང་། །ཡུལ་སྤངས་དགོན་པར་བསྙེན་སྒྲུབ་བྱས་ན་ལེགས། །མདོར་ན་སྲོག་དགྲ་ཡོད་མེད་སྲོག་རྡེལ་གཙོ། །ལུས་ནད་སྡུག་བསྔལ་འབྱུང་མིན་ལུས་རྡེལ་ལ། །ལོ་ཕྱུགས་དབང་ཐང་བུ་སྐལ་དབང་རྡེལ་དག །དགྲ་དང་མི་ཁ་ཆོག་མིན་ཀླུང་གིས་ཤེས། །ཡང་ན་ཡོན་ཏན་ཅན་ལ་ཀླུང་རྡེལ་དང་། །བུད་མེད་དབང་ཐང་བྱིས་པར་ལུས་ཀྱི་རྡེལ། །སྐྱེས་པར་སྲོག་ཉིད་གཙོ་བོར་བྱ་ཞེས་བཤད། །དེ་ཚུལ་དཔག་པའི་རིམ་གྲོ་དཔོག་ཤེས་བྱ། །དེ་ཡང་ཉེས་རྩུབ་གཞན་དང་མ་འདོམས་ན། །ཡང་ཞིང་འདོམས་ན་རིམ་གྲོ་མང་དུ་བསྐྱེད། ། ༈ རྩུབ་བདུན་དང་པོ་རང་ལོ་གནམ་ལོར་ཤར། །རང་སྐེག་རྩུབ་དུས་གློ་བུར་རྐྱེན་ངན་དང་། །ཁ་སྨྲས་ནོར་གོད་མྱ་ངན་གང་རུང་འབྱུང་། །ཁྱད་པར་ཉེར་ལྔ་ཞེ་དགུ་རེ་གཅིག་གཉན། །གཞོན་ལ་སྔུན་བསུ་རྒན་ལ་ཕྱི་སྐྱེལ་དང་། །དར་མ་རང་སྐེག་མཁར་ལས་མྱ་ངན་སྤངས། །ནད་པའི་སྔས་སུ་མི་འགྲོ་དགེ་སྦྱོར་རེམས། །འབུམ་དང་ཉི་ཁྲི་བརྒྱ་བཞི་ཚེ་ཆོག་དང་། །སྐོང་བཤགས་བཟློག་པ་ས་བདག་འཁྲུགས་གཏོ་བྱ། །གཉིས་པ་བདུན་ཟུར་གནམ་ཤར་དགྲ་གཤེད་རྩུབ། །ལམ་བཅོས་སཱཙྪ་ལོ་གྲངས་བདུད་གཅོད་ཕྱོགས། །མར་མེ་ལོ་གྲངས་འདྲེ་ལྔའི་སར་བསྐྱལ་ཞིང་། །སྲུང་འཁོར་གདགས་དང་འཆི་བསླུ་བཟང་སྤྱོད་འདོན། །གསུམ་པ་དབང་ཐང་གཅིག་པའི་ཚང་ཟླ་དེ། །གནམ་ཤར་ཁྱིམ་མཚེས་རྩུབ་དུས་བྱེས་འགྲོ་སྤོངས། །གློ་བུར་ནད་དང་ཡེ་འདྲོག་འབྱུང་བའི་ངོ་། །བརྒྱ་མཆོད་ཆབ་གཏོར་གཡང་སྐྱབས་བྱིས་སྟོན་དང་། །ཡི་དམ་གཏོར་བཟློག་གསུང་རབ་འུར་འདོན་གྱིས། །བཞི་པ་ཀླུང་རྟ་གཅིག་ཤར་མཐུན་གསུམ་རྩུབ། །ཁང་ནག་མི་བཤུ་བྱེས་དང་དམག་སྣ་དང་། །རོ་ལམ་མི་འདྲེན་སྤོམ་གཏའ་སྣང་བརྒྱད་མདོས། །འཁྲུགས་བཅོས་གཡང་ལེན་དགྲ་བྲུབས་དགྲ་སྲི་མནན། །མཆོད་འབུལ་བཀྲ་ཤིས་ཟས་ཟ་སྨོན་ལམ་གདབ། །ལྔ་པ་དུར་སྲིའི་སྟེང་སླེབས་སྲི་ངན་རྩུབ། །ཕ་མེས་དུར་འབོད་གསོན་ལ་མི་དགེ་འབྱུང་། །ཕྲུ་སློག་ས་ལས་མི་བྱ་དུར་སྲི་གནོན། །དུར་མཚུན་གསོལ་ཞིང་དུར་ཁ་རྒྱས་འདེབས་དང་། །ཕལ་ཆེན་དཀོན་བརྩེགས་འཁོར་འབར་སྐག་བཟློག་འདོན། །དྲུག་པ་གཟའ་མི་སྤརྑ་གཅིག་སྟེང་འཚོགས། །གཟའ་ཤུགས་རྩུབ་ལ་སྤར་སྨེའི་བཅོས་རིམ་དང་། །གཟའ་མི་ནོར་བགོ་སྐྱ་མདའ་འབྱེད་གཏོ་བྱ། །རང་འཐག་ཁ་ཕྱེ་ཞག་གསུམ་སོ་སོར་བཞག །རྟེན་གསུམ་ཕྱག་མཆོད་གནས་བསྐོར་སོ་སོར་འགྲོ། །ཉི་ཁྲི་སྲོག་བསླུ་གླུད་རྫོང་རོ་ལ་འཇུ། །ཁྱི་རོ་རྟ་རོ་ལ་སོགས་དྲུད་ན་ཕན། །བདུན་པ་རང་སྤར་སྟེང་སོན་གསང་ཀེག་རྩུབ། །རྐུན་བུ་དང་འདྲ་མ་ཚོར་ཤིན་ཏུ་གནོད། །མྱ་ངན་པ་དང་མནའ་སྐྱེལ་སར་འགྲོ་སྤང་། །རུ་ཤན་ཁ་སྤྲོད་བདུད་མདོས་མ་ཀླུང་བཅོས། །བརྒྱ་བཞི་བདུད་བཟློག་མི་ནག་མགོ་གསུམ་བཅའ། །ཤེར་ཕྱིན་རྒྱས་འབྲིང་བསྡུས་འདོན་ཁྲོམ་སྦིར་བྱ། །གཞན་ཡང་ངན་སྤར་གང་འཕྲད་ན་གོད་དང་། །ཁ་སྨྲས་ཤི་ཆད་ཕུང་འགྱོད་རོ་ཁྲལ་འབབ། །རང་ཐོག་སླེབ་ཚེ་རང་བསྲུང་གཏོ་བཅོས་རེམས། །དགྲར་ཕྱིན་ཚེ་ཆོག་བླ་བསླུ་སྲོག་བསླུ་གླུད། །དགྲ་མནན་བྱིས་སྟོན་དགེ་སློང་བཞི་སྡེ་མཆོད། །གནམ་སའི་སྒོ་བཅད་བརྒྱད་སྟོང་ཚེ་གཟུངས་འདོན། །སྙིང་བཟུང་འཛོལ་ནི་བླ་བསླུ་ཚེ་ཆོག་དང་། །གླུད་ཆོག་ཉེ་འདོན་དགྲ་མནན་རྩ་གཏོ་སྤྲོད། །གནམ་སྒོ་ས་སྒོར་བབས་ན་གང་བྱེ་བསྡོམ། །ནམ་སྙིང་ས་སྙིང་མདོ་འདོན་གཟའ་འཇོག་དང་། །ས་བདག་མདོས་དང་དུར་ལོས་གྲིབ་སྲུང་བཏགས། །སྤུངས་ལ་སྤྱི་བཅོས་སྣང་བརྒྱད་ལོ་གྲངས་བཀླག །སོ་སོར་ཕྱེས་དང་སྤརྑའི་གདན་བགོས་བྱ། །བྱེ་བྲག་ལིར་སྤུངས་གཙུག་ཏོར་གཟུངས་འདུས་འདོན། །དབང་ཕྱུག་ཟོར་མདོས་བཙན་མདོས་གནམ་ཐེལ་བཅོས། །ཁོན་ལ་མ་མོ་སྤྱི་མདོས་ས་སྒོ་བཅད། །དྭ་ལ་དགྲ་བཟློག་དགྲ་ཆོས་དགྲ་སྲི་མནན། །ཁེན་ལ་རྒྱལ་མདོས་གཟའ་མདོས་གནམ་སྒོ་གཅོད། །ཁམ་ལ་མཚོ་སྨན་དགུ་མདོས་ཆུང་སྲི་མནན། །གིན་ལ་གླིང་བཞི་སྤྱི་མདོས་གཏོར་བཟློག་བྱ། །ཟིན་ལ་སྡོང་རྒྱན་རྨ་བྱ་ཆེན་མོ་འདོན། །ཟོན་ལ་ཟོར་མདོས་རྒྱལ་བསེན་སྐྱས་འདེད་བྱ། །སྟོད་སྤུངས་དགྲ་ངོ་ལྡང་བས་དགྲ་བྲུབས་བྱ། །སྨད་སྤུངས་ཞལ་ཆེ་འོང་ངོ་བཟློག་པར་འབད། །གཡས་སྤུངས་གང་སྟོངས་འོང་ངོ་གཡང་སྒྲུབ་གཅེས། །གཡོན་སྤུངས་མི་ཁ་འོང་ངོ་གཏོ་བཅོས་རེམས། །ཞིབ་པར་སྤར་བཅོས་རེའུ་མིག་གཞུང་དུ་གསལ། །རབ་ཀྱིས་རྒྱ་ཆེན་ཚོགས་བསགས་བླ་མ་དྲོངས། །འབྲིང་གིས་དགེ་སློང་བཞི་སྡེར་བསྙེན་བཀུར་ཕུལ། །ཐ་མས་བྱིས་པའི་ཡོས་སྟོན་གྲོག་དགེར་འབད། །རྩུབ་བདུན་སྤྱི་ལ་ཤེར་ཕྱིན་རྒྱས་འབྲིང་བསྡུས། །མདོ་སྡེ་གཙོར་གྱུར་རྒྱལ་བཀའ་གཟུངས་འདུས་བཀླག །མ་མོ་སྤྱི་མདོས་ཁྲོམ་མདོས་བདུད་ཞལ་སྒྱུར། །སཱཙྪ་ཆུ་གཏོར་མཆོད་རྟེན་སྐུ་དཀར་གསོལ། །རྟེན་ལ་ཕྱག་མཆོད་བསྐོར་བ་ཅི་འགྲུབ་བྱ། ། ༈ སྨེ་ཀེག་བཞི་ལས་བབ་སྨེ་གནམ་སྨེར་སོང་། །ཁོང་ཀེག་གནམ་ལོ་རྒྱལ་པོའི་བཀའ་ཆད་འབྱུང་། །སྣང་བརྒྱད་མདོས་བྱ་གནམ་སྨན་གནས་སར་བསྐྱལ། །བབ་སྨེ་གང་ཡིན་དེ་ཡི་གཏོ་བཅོས་བྱ། །རང་རང་སྐྱེས་སྨེའི་སྟེང་བབས་མལ་ཀེག་སྟེ། །སྤྱི་བཅོས་སྣང་བརྒྱད་མདོས་དང་ཁྱད་པར་དུ། །དཀར་སྐྱེས་དཀར་ཕྱིན་ཕོ་ལྷ་འབྲོས་སྙགས་བྱ། །ནག་སྐྱེས་ནག་ཕྱིན་བདུད་ཁྲོམ་བཟློག་ཞལ་བསྒྱུར། །མཐིང་སྐྱེས་མཐིང་ཕྱིན་ཀླུ་གཏོར་དགུ་མདོས་བྱ། །ལྗང་སྐྱེས་ལྗང་ཕྱིན་ཀླུ་འབུམ་ཆབ་གཏོར་གཏོང་། །སེར་སྐྱེས་སེར་ཕྱིན་བཤུ་འབུབ་ས་སློག་སྤང་། །དམར་སྐྱེས་དམར་ཕྱིན་མོར་རྩུབ་བཙན་ཆོག་བྱ། །ཡུལ་ཀེག་གཉིས་ནག་སྤྱི་དང་བྱེ་བྲག་ཏུ། །གཅིག་དཀར་བུ་ཆུང་གཉིས་ནག་སྐྱེས་དར་དང་། །གསུམ་མཐིང་བྱིས་ཤར་བཞི་ཡུག་ལྔ་སེར་བན། །དྲུག་དཀར་བོན་པོ་བདུན་དམར་བུད་མེད་དང་། །བརྒྱད་དཀར་ཞང་བློན་དགུ་དམར་བཙད་པོ་རྒན། །རང་རང་གཉིས་ནག་སྟེང་ཕྱིན་ལྷག་པར་རྩུབ། །མ་མོ་ཁྲག་མདོས་བདུད་མདོས་ཁྲོམ་བཟློག་བྱ། །ཁྱི་རོ་བདུད་གཅོད་ས་རུ་གོམ་བདུན་དྲུད། །ཤེར་ཕྱིན་གཙུག་ཏོར་དཀར་ནག་སྡུད་པ་འདོན། །ཤེར་སྙིང་བདུད་བཟློག་བརྒྱ་བཞི་བདུད་བཟློག་བྱ། །བབ་སྨེ་སྐྱེས་སྨེའི་དགྲར་སོང་རྒྱ་སྒོ་འགེག །ཁྲོ་རོལ་བཟློག་པ་དབང་ཕྱུག་ཟོར་མདོས་དང་། །དགྲ་མདོས་སྲི་མནན་རྡོ་རྗེ་སྡེར་མོ་འདོན། །གཞན་ཡང་བབས་སྨེ་སོ་སོའི་བཅོས་རིམ་ནི། །གཅིག་དཀར་ཐེལ་འགོང་རྒྱལ་གནོད་སྙིང་ནད་ངོ་། །མི་གཙང་རོ་བག་འགོ་ནད་ཐབ་གཞོབ་འཛེམ། །གསེར་འོད་ལང་གཤེགས་ཀླུ་མཆོད་བསང་ཁྲུས་དང་། །བསྐང་གསོ་ཐེའུ་རང་སྟོང་མདོས་རྒྱལ་མདོས་དང་། །བཙན་མདོས་རྒྱལ་པོ་སྲུང་བའི་འཁོར་ལོ་ཐོགས། །གཉིས་ནག་ཤིན་ཏུ་ངན་ཞིང་འཁོར་ཡང་རྩུབ། །བདུད་ཀྱི་ཁྲོམ་ཁ་གཤིན་གྱིས་དུར་ནས་འབོད། །མི་རོ་གཙང་ཁུར་ཁྱི་རོ་བདུད་ཕྱོགས་དྲུད། །རོ་མཆན་བཟུང་ཞིང་མྱ་ངན་དགུ་མདོས་བྱ། །མ་མདོས་བདུད་མདོས་ཁྲོམ་བཟློག་བདུད་ཞལ་སྒྱུར། །བརྒྱ་བཞི་འབུམ་དང་གཙུག་ཏོར་དཀར་ནག་བཀླག །ཤེར་སྙིང་བཟློག་པ་བྱ་ཞིང་ཁང་ལས་འཛེམ། །གསུམ་མཐིང་ཀླུ་སྲིན་མ་མོའི་གདོན་གནོད་དང་། །ནོར་གོད་ཆུང་སྲི་ཉེ་བ་དགྲར་ལང་ངོ་། །ཁང་ལས་ཆུ་ལས་མི་བྱ་རོ་ལ་འཇུ། །བརྒྱ་བཞི་ཤེས་རབ་སྣ་ཚོགས་གཙུག་ཏོར་འདོན། །ཀླུ་མདོས་མཚོ་སྨན་གུར་མདོས་བརྟན་མའི་མདོས། །ཆུང་སྲི་མནན་ཞིང་ཆུ་གཏོར་སཱཙྪ་གདབ། །བཞི་ལྗང་ཀླུ་གཉན་བྱད་དང་ཀླུ་ནད་ངོ་། །མི་གཙང་ས་རྐོ་རྡོ་གཤོག་ཤིང་གཉན་གཅོད། །མནའ་བཀར་སྤང་ཞིང་ཀླུ་འབུམ་ཀླུའི་སྤང་སྐོང་། །སྤྲིན་ཆེན་མདོ་འདོན་ཀླུ་མཆོད་ཀླུ་བསང་དང་། །ཀླུ་མདོས་ཀླུ་ཡི་གདོན་ཁྲོལ་བྱད་དཀྲོལ་བྱ། །ལྔ་སེར་པེ་ཧར་ཐེལ་འགོང་བསེ་རག་གདོན། །བནྡེའི་ཕུར་ཁ་རིམས་ནད་མཁྲིས་ཡམས་ངོ་། །གདོན་ནད་དཀོར་རྫས་འོད་ཅན་བཙུན་ཧྲུལ་འཛེམ། །ཁྱིམ་དུ་མདོས་གཞི་མི་བཟུང་རྒྱལ་མདོས་དང་། །རྒྱལ་པོ་སྐྱས་འདེབས་བརྒྱ་བཞི་ཚོགས་གཏོར་བཟློག །གཙུག་ཏོར་མཚན་བརྗོད་གྲྭ་ལྔ་ཕལ་ཆེན་བཀླག །དྲུག་དཀར་ལྷག་གདོན་རྒྱལ་པོས་གནོད་པའི་ངོ་། །མི་གཙར་རོ་བག་འཁོན་འཛེམ་ལྷ་ཆོག་དང་། །ལྷ་སེལ་གྲིབ་སེལ་བྱབས་ཁྲུས་བསྐང་བཤགས་བྱ། །བརྒྱ་བཞི་དགྲ་ལྷའི་མདོས་དང་དམ་ཅན་བསྟོད། །ཕལ་ཆེན་ཉི་ཁྲི་རྡོ་རྗེ་རྣམ་འཇོམས་འདོན། །བདུན་དམར་བཙན་དང་གྲི་བོའི་གདོན་གྱིས་གནོད། །རྨ་ཁྲག་གཟེར་ནད་གློ་བུར་བྲེད་སྔངས་ཡོང་། །གཏར་བསྲེག་དམར་ལས་མནའ་འཛེམ་བཙན་མདོས་དང་། །དགྲ་ལྷའི་གྲལ་མདོས་གླུད་བརྫང་ཉ་སྲོག་བསླུ། །བླ་བསླུ་ཉི་ཁྲི་བརྒྱད་སྟོང་སྡུད་པ་འདོན། །བརྒྱད་དཀར་ཡུལ་ལྷ་སྲུང་མ་ཁེངས་པས་གནོད། །ལྷ་ནད་ལྕི་འཐིབ་གྲིབ་ནད་འོང་བའི་ངོ་། །མི་གཙང་རོ་བག་འཁོན་གྱི་གྲིབ་ལ་འཛེམ། །ལྷ་ཆོག་སྐོང་བཤགས་མཚུན་བཅོས་བྱབས་ཁྲུས་ཞུ། །བརྒྱད་སྟོང་པ་དང་ལྷ་ཡིས་ཞུས་མདོ་འདོན། །དགུ་དམར་ལྷ་འཁྲུགས་ཀླུ་བཙན་མ་མོས་གནོད། །ནོར་གཡང་འཆོར་དང་གློ་སྙིང་མགོ་ནད་ངོ་། །དམར་དང་ཐབ་ལ་གཟབ་ཅིང་ནད་ལ་འཛེམ། །རྒྱལ་བཙན་མ་མོའི་མདོས་བྱ་ཕུང་སྲི་མནན། །ལྷ་གསོལ་གཡང་སྐྱབས་ཚེ་འགུགས་ཚེ་དབང་དང་། །མཚུན་བཅོས་གཡང་ལེན་གསེར་འོད་ནོར་བུ་བཟང་། །ནོར་རྒྱུན་མ་དང་ཚོགས་བདག་གཟུངས་རྣམས་འདོན། །གཞན་ཡང་ཁྱིམ་གཅིག་དཀར་གསུམ་མང་གྱུར་ན། །ལྷ་ནད་ཡམས་འབྱུང་ལྷ་ཆོག་དུག་ཁྲུས་དང་། །ལྷ་ལྔ་གསོལ་ཞིང་བསྐང་བཤགས་ཚོགས་འཁོར་བྱ། །ནག་མཐིང་གཉིས་མང་རོ་འདོད་བདུད་མདོས་དང་། །འཆི་བསླུ་བརྒྱ་བཞི་བདུད་བཟློག་མྱ་ངན་མདོས། །ཚེ་གཟུངས་ཚེ་ཐར་ཚེ་སྙིང་གསེར་ཟམ་འཛུགས། །བཞི་ལྗང་མང་ན་ས་བདག་གཉན་དང་འགྲས། །མཚོ་སྨན་མ་མོ་བཅོས་ཤིང་ཀླུ་མཆོད་དང་། །ས་བདག་དབང་ཆེན་འཁྲུགས་པ་ཡོ་བཅོས་བྱ། །སེར་མང་རྒྱལ་འགོང་ཕུག་ཞུགས་གོད་ཁ་དང་། །མཁྲིས་ཡམས་རྦད་འདྲེས་གནོད་ངོ་རྒྱལ་མདོས་དང་། །མ་མོ་ཁྲག་མདོས་དང་ནི་བསེ་བརྒྱ་གཏོང་། །དམར་གཉིས་མང་ན་དམར་དང་ཁྲག་གི་ངོ་། །བཙན་མཆོད་བཙན་མདོས་སྲོག་བསླུ་མཚོན་བསྒྱུར་བྱ། །རྩུབ་པ་སྤྱི་ལ་སྲིད་པ་སྤྱིི་མདོས་དང་། །ཤེར་ཕྱིན་རྒྱས་འབྲིང་བསྡུས་དང་སྡོང་པོ་བརྒྱན། །རྒྱལ་པོ་མདོ་ལྔ་སྒྲོལ་ཤེར་གདུགས་དཀར་འདོན། །བརྒྱ་བཞི་གླུད་མདོས་འབར་མ་བདུད་བཟློག་དང་། །སཱཙྪ་ཆུ་གཏོར་བྱིས་སྟོན་སྤྲང་སྟོན་འབད། །ལམ་འཕྲང་བཅོས་དང་བསྐང་བཤགས་ཚོགས་འཁོར་བྱ། ༈ ། འབྱོར་མཁོས་དབེན་ན་ལམ་བཅོས་སཱཙྪ་གདབ། །རྟེན་ལ་ཕྱག་སྐོར་མེ་ཏོག་ཆུ་མཆོད་འབུལ། །མཆོད་རྟེན་གད་བདར་ཐིགས་ཚགས་སྐུ་དཀར་གསོལ། །གྲོག་སྟོན་ཉ་སྟོན་བཏང་ཞིང་ཤི་སྐད་སྒྲོགས། །ཁྱིམ་ནས་དུད་དྲེག་བསྡུས་ལ་ཕྱི་རུ་འདོར། །རང་འཐག་ཁ་ཕྱེ་ཞག་གསུམ་སོ་སོར་འཕེན། །མི་རོ་རྟ་རོ་ཁྱི་རོ་ལ་སོགས་འདུད། །ཞག་བདུན་སྤྲུ་བ་རྟེན་འབྲེལ་བཅོས་ཟབ་ཡིན། །ཚེགས་ཆུང་འགྱུར་ཆེ་ཉམ་ཆུང་རྣམས་ལ་ཕན། ༈ ། དཀྱུས་ཁུག་སྤར་སྨེ་རུས་ཁམས་དགུ་མིག་ཏུ། །ཚུད་ན་མི་ཆེན་བསོད་ནམས་དབང་ཐང་བྲི། །གཙོ་བོ་གྲོས་ཉེས་སྟག་ཤར་དགྲར་ཡུལ་འཁྱར། །བྱིས་པ་བྱེ་བྲལ་བུད་མེད་མྱ་ངན་འབྱུང་། །བཅོས་ཐབས་མར་མེ་ལྷ་བཅོས་སཱཙྪ་དགུ། བཤམས་ཤིང་གདུགས་དཀར་ཆབ་གཏོར་ཚར་དགུ་བྱ། །ཕོ་ལ་མདའ་བཀྲ་མོ་ལ་འཕང་བཀྲ་དགུ། །ལོ་གྲངས་ཁྲམ་བཏབ་བཙུགས་ནས་གླུད་དགུ་བརྫང་། །ཐོ་དགུ་བརྩེགས་ལ་ཕྱག་དགུ་འཚལ་བྱས་ནས། །ན་ཤིའི་དགུ་མིག་ལས་ནི་ཐར་རོ་བརྗོད། །ཡང་ན་སྐས་ཐེམ་དགུར་འཛེགས་ཐར་ཞེས་བརྗོད། ༈ ། ཕྱི་དུར་ལོ་དང་ནང་དུར་སྤར་ཁ་ཡི། །དུར་མིག་ཚུད་ན་དུར་མིག་ནས་འདོན་དང་། །དུར་མཚུན་གསོལ་ཞིང་དུར་ཁ་རྒྱས་འདེབས་བྱ། །རུས་གསུམ་གཏོ་བཅོས་དུར་ཁ་ཚེ་ཟློག་ཅེས། །འཆི་བསླུ་བླ་བསླུ་ཚེ་སྒྲུབ་ཚེ་ཐར་གཏོང་། །གཤེད་དམར་དབང་ཞུ་མཆོད་སྦྱིན་རྒྱ་ཆེར་འབད། །དེ་ཡང་ཤིང་ས་ཆུ་དུར་ཕོ་ལ་འཇམ། །མོར་རྩུབ་མེ་ལྕགས་མོར་བཏུབ་ཕོ་ལ་ངན། །ཁྱད་པར་དགུ་དུར་གསུམ་འཛོམས་ཤིན་ཏུ་གཉན། །གོང་བཤད་བཅོས་སོགས་རིམ་གྲོ་དཔུང་བསྐྱེད་གཅེས། །རོ་འདོད་ཕྱི་ནང་གསང་འཛོམས་མི་རྟ་ཁྱིའི། །རོ་དྲུད་བདུད་མདོས་རོ་ཆུང་གཏོ་བཅོས་བྱ། ༈ ། གཞན་ཡང་ལོག་མེན་གར་བབས་དེ་ཉིད་ཀྱི། །ཡར་ལྔ་གནམ་གྱི་འཇུ་ཐག་དེའི་སྲོག་དང་། །བརྩི་བྱའི་སྲོག་འཐབ་མར་ལྔ་སའི་རྟེན་ཕུར། །དེ་ཡི་ལུས་དང་ལུས་སྤྲད་ཡར་བརྒྱད་ནི། །གནམ་རྒྱངས་དབང་དང་དབང་སྤྲད་མར་བརྒྱད་ནི། །ས་རྒྱངས་ཀླུང་དང་ཀླུང་འཐབ་མ་བུ་གྲོོགས། །དགེ་ཞིང་དགྲ་གཤེད་གྱུར་ན་ངན་པའོ། །ལོག་མེན་སྐྱེས་པར་ཁྱི་དང་བུད་མེད་འབྲུག །གནམ་སྒོར་གནམ་དལ་ཉེན་ཆེ་ཐོག་མི་བཤུ། །བག་མ་མི་བཏེག་ནོར་སྐྱོང་ཉོ་མི་བྱ། །མནའ་སར་མི་འགྲོ་བརྒྱ་བཞི་གཏོར་བཟློག་དང་། །ནམ་སྙིང་གཟུངས་འདོན་གནམ་སྒོ་བསྡོམ་པར་བྱ། །ཕོ་ཕག་མོ་སྦྲུལ་ས་སྒོར་བབས་པའི་ཚེ། །ཁང་རྨང་མི་འདིང་ས་རྐོ་ཕྲུ་སློག་དང་། །ཡུར་བ་ཆུ་རྫིང་མི་འབྲུ་ཕུང་སྲི་མནན། །ས་སྙིང་མདོ་འདོན་ས་སྒོ་སྡོམ་པ་དང་། །རུས་ཁམས་མི་གཅིག་པ་ཡི་མི་གསུམ་གྱིས། །རྨ་བྱ་ཆེན་པོའི་གཟུངས་ནི་ཚར་གསུམ་འདོན། །བྱེ་བྲལ་བབས་ན་གཟའ་མི་བྱེ་གཏོ་བཅོས། །རང་འཐག་ཁ་ཕྱེ་ཆག་ཆེན་ཤི་སྒྲ་གཏོང་། །ཕུང་འགྱོད་གོད་ཁ་འོང་བས་སཱཙྪ་གདབ། །མྱ་ངན་དགུ་མདོས་དབང་ཕྱུག་ཟོར་མདོས་བྱ། །རུས་ཆོད་ཁ་སྨྲས་དགྲ་མནན་དགྲ་བྲུབས་དང་། །མི་ཁ་སྐྱས་འདེད་སྤྱི་མདོས་ཆེན་མོ་བྱ། །སྟག་ཡོས་འབྱོར་པར་བབས་ན་ཤིན་ཏུ་བཟང་། །དེ་ཡང་ཤིང་ལ་ཕ་ཁུ་མེས་གསུམ་བརྩི། །མེ་ཡི་བུ་ཚ་མ་སྨད་ས་ལ་ནི། །ས་གཞི་ཡུལ་མཁར་ལྕགས་ལ་ཞང་ཉེའི་ནོར། །གྲོགས་དང་ལྷ་སྲུང་ཆུའི་གཉེན་ལམ་མཐའ་བཞི། །བརྩི་བྱ་དཔེར་ན་ཤིང་འབྲུག་ལ་བབས་ན། །ཕ་མེས་ས་རུ་གནམ་སྒོ་བྱེ་སོགས་མཚོན། །འཇུ་ཐག་ཆད་ན་ནམ་མཁའ་དགུ་འཕར་བོན། །ནམ་མཁའི་ཐན་མདོས་བླ་བསླུ་ཚེ་འགུགས་བྱ། །རྟེན་ཕུར་ཕྱུང་ན་སཱཙྪ་ལོ་གྲངས་གདབ། ཀླུ་བཙན་རུ་མདོས་ཤ་རུ་གཡས་པ་བཀྱག །རྒྱངས་གཉིས་བབས་ན་ཕོ་ལྷ་འབྲོས་སྙེགས་བྱ། །ཞིབ་པར་རྩུབ་ལོ་གང་ཤར་དེ་ཉིད་ཀྱི། །སྲོག་སོགས་བཞི་ལ་བརྩི་བྱའི་དེ་བཞིས་འཐབ། །མ་བུ་གྲོགས་འཇམ་རང་གཤེད་གྱུར་ན་རྩུབ། །དེ་བཞིན་བཞི་པོ་སྤྱི་ལྟར་དབུགས་བླངས་ནས། །རྩིབ་ལོའི་སྟེང་དུ་ཁྱེར་ནས་དར་གུད་བརྟགས། །ན་གུད་ཤི་དུར་བཞི་ངན་གཞན་རྣམས་ཡང་། །དེ་ལྟར་བསྐོར་མགོ་ཞིབ་ཏུ་བརྩི་བ་དང་། །ཁ་དམར་བཏང་གཅོད་ཉུང་ངུར་དྲིལ་ཤེས་བྱོས། ༈ ། ཞར་བྱུང་རྒྱ་ནག་ལུགས་ཀྱི་རྡེལ་སྐོར་ནི། །འགྲེམས་ལུགས་ལ་སོགས་རེའུ་མིག་གཞུང་ན་གསལ། །རྡེལ་ཕྲེང་དང་པོ་ལྷ་ས་གཉིས་མི་ས། །གསུམ་པ་ཁྱིམ་ས་བཞི་པ་དགྲ་ས་ལས། །དང་པོ་གསུམ་དང་ཐ་མ་དཔྱད་གཞིར་བཟུང་། །ལྷ་སར་རྡེལ་དཀར་བྱུང་ན་བཀྲ་ཤིས་བཟང་། །རྡེལ་ནག་མི་གཙང་མཁོན་འཛེམ་བསང་ཁྲུས་དང་། །ལྷ་གསོལ་རྡེལ་དམར་ཐབ་གཞོབ་མི་གཙང་འཛེམ། །སྔོ་དམར་ཀླུ་བཙན་རུ་བསྡུམ་རྡེལ་ལྗང་བབས། །ཀླུ་བཙན་མ་མོ་བཅོས་ཤིང་འཁོན་ལ་འཛེམ། །རྡེལ་སེར་ཡམས་ངོ་གཙུག་ཏོར་སྟོང་བཟློག་དང་། །རྒྱལ་མདོས་འཕེན་ཞིང་རིམས་བསྲུང་ཟབ་མོ་བཙལ། །མི་སར་རྡེལ་དཀར་བཟང་ཞིང་རྡེལ་ནག་བབས། །ཚེ་ཆོག་སྲོག་བསླུ་བྱ་ཞིང་རྡེལ་སྔོན་ནི། །གཉན་ནད་འབྱུང་ངོ་ས་བདག་ཀླུ་ཆོག་བྱ། །རྡེལ་ལྗང་ཀླུ་བརྒྱད་ཀླུ་བསེན་དགུ་མདོས་བྱ། །རྡེལ་དམར་དམར་ངོ་གྲི་ཁ་མཚོན་བསྒྱུར་དང་། །མགོ་གསུམ་དགྲ་བྲུབས་རྡེལ་སེར་རིམས་ནད་ངོ་། །བདུད་མདོས་དང་ནི་མ་ཏྲམ་ཁྲག་མདོས་ཐོངས། །ཁྱིམ་སར་དཀར་བཟང་ནག་ན་ན་ཆག་ཆེ། །བདུད་ཀྱི་བླ་ཁྲམ་འཕྲུལ་གསུམ་བྱ་བ་དང་། །ཁྱིམ་ནང་ས་དཀར་གཏོར་དང་སྦྲའི་ཕྱོགས་བཞིར། །གཡུང་དྲུང་བྲི་དང་སྒྱེད་བུར་སྐུ་དཀར་གསོལ། །གཞན་ནི་མི་ས་དག་དང་མཚུངས་པར་བཤད་། །དགྲ་སར་རྡེལ་དཀར་དགྲ་ངོ་དགྲ་བཟློག་དང་། །དགྲ་བྲུབས་བྱ་ཞིང་མདོག་གཞན་གང་ཡང་བཟང་། །རྡེལ་ལྷག་སྤྱིར་བཏང་ངན་ཡང་དཀར་ན་བཟང་། །ཁུག་པའི་རྡེལ་ནག་ན་ཚ་ཤི་ཆད་ང་ོ། །ཀེག་རྩིས་རིམ་གྲོ་དཔོག་བྱ་རྡེལ་ལྗང་ནི། །མི་ཁའི་ངོ་དང་གཞན་རྣམས་ཅུང་ངན་བཤད། །ཡང་ཁུག་དཀར་པོ་གཏམ་སྙན་ནག་སེར་ནད། །དམར་གྲི་སྔོན་པོ་ཀླུ་གཉན་ནད་འབྱུང་ངོ་། །ལྷ་ས་དང་པོ་ཁུག་དང་ཡང་ཁུག་བཅས། །གསུམ་ཀར་དཀར་ན་ལྷ་ནད་ཡམས་ངོ་དང་། །ནག་ན་ལྷ་གསོལ་དགྲ་ལྷའི་དཔང་བསྟོད་བྱ། །ཡང་ན་མི་སར་མི་དང་ཁྱིམ་ས་རུ། །ཕྱུགས་ཉིད་བརྟག་གཞིར་བཟུང་ལ་རིམ་གྲོ་དཔོག༈ ། ཡང་གཅིག་སྤང་རྒྱན་ལོ་མའི་འགྲེམས་ལུགས་ལས། །གསེར་ལོ་ཅན་ནི་གནམ་ལོ་གང་ཤར་དེའི། །སྲོག་ལུས་དབང་ཀླུང་སྨེ་བ་རྣམ་པ་ལྔར། །བརྩི་བྱའི་ལྔས་འཐབ་གཅོད་འདྲལ་ཉེར་ལྔ་ལ། །ཁ་དམར་ལྔ་བཅས་སུམ་ཅུ་དེ་བཞིན་དུ། །གནམ་ལོའི་མར་གྱི་བདུན་ཟུར་དྲུག་འགྲམས་དང་། །བཞི་གཤེད་ལྔས་འཐབ་སུམ་ཅུ་སུམ་ཅུ་སྟེ། །ཡོངས་དྲིལ་རྩ་གཅོད་བརྒྱ་དང་ཉེར་ཐམ་འབྱུང་། །དེ་བཞིན་གཡུ་ལོ་ཅན་གྱི་འགྲེམས་ལུགས་ནི། །བརྩི་བྱ་རང་རང་ལོག་མེན་གར་བབས་དང་། །དེ་ཡི་བདུན་ཟུར་དྲུག་འགྲམས་བཞི་གཤེད་ལ། །གོང་བཞིན་འཐབ་པས་བརྒྱ་དང་ཉི་ཤུའོ། །དུང་ལོ་ཅན་ནི་གང་ཤར་ཟླ་བ་དང་། །དེ་ཡི་བདུན་ཟུར་དྲུག་འགྲམས་བཞི་གཤེད་བཞིར། །སྔར་བཞིན་འཐབ་པས་བརྒྱ་དང་ཉེར་ཐམ་བཅས། །ཐམས་ཅད་དྲིལ་བས་སུམ་བརྒྱ་དྲུག་ཅུའོ། །སྤྲོ་ན་ཞག་དུས་ལའང་སྦྱར་བར་གསུངས། །དེ་ཡང་ལོ་ཟླ་དེ་ཡི་བདུན་ཟུར་སོགས། །གནམ་ལོ་རང་གི་སྨེ་ཕྲེང་དང་བསྟུན་ཞིང་། །ལོག་མེན་དང་ནི་དེ་ཡི་བདུན་ཟུར་སོགས། །བརྩི་བྱའི་ལོག་མེན་གར་བབས་སྨེ་ཕྲེང་སྦྱར། །གལ་ཏེ་དེ་ཟད་ཕྱི་མའི་མགོས་བཟུང་འདོད། །དེ་ཡང་སྲོག་ཚེ་ལུས་ནད་དབང་ཟ་ཐང་། །ཀླུང་རྟ་བསོད་ནམས་སྨེ་བ་གདོན་བྱེད་ལ། །བརྟགས་ནས་ཁ་དམར་སྤྱི་བསྡོམས་ལྔ་རུ་དྲིལ། །གང་ཡང་དཀར་བཟང་ནག་ངན་བྱེ་བྲག་ཏུ། །སྲོག་རྡེལ་ནག་ན་སྲོག་བསྐྱེད་ཚེ་བསྲིང་ཐབས། །ལུས་ནག་ལུས་ཀྱི་ནད་གདོན་བཟློག་པའི་རིམ། །དབང་ནག་ཕྱྭ་གཡང་འབྱོར་པ་འཕེལ་བའི་བཅོས། །ཀླུང་ནག་བསོད་ནམས་སྟོབས་བསྐྱེད་མི་ཁ་བཟློག །སྨེ་བར་གཅིག་དཀར་ཐེའུ་བྲང་གཉིས་ནག་བདུད། །གསུམ་མཐིང་དམུ་བསེན་བཞི་ལྗང་ཀླུ་ལྔ་སེར། །ས་བདག་དྲུག་དཀར་ལྷ་དང་བདུན་དམར་བཙན། །བརྒྱད་དཀར་དཀོར་བདག་རྒྱལ་པོ་དགུ་མ་མོའི། །བཅོས་རིམ་ཆོས་སྔགས་བོན་གཏོ་ལ་སོགས་པ། །གོང་བཤད་ཀྱིས་མཚོན་རིག་པས་འཕྲུལ་ཤེས་བྱ། །ཕུག་ལུགས་ཀེག་རྩིས་ལ་སོགས་གཞན་དུ་བལྟ། །འདི་ན་འཆི་བ་རྣམ་པ་བཅུ་གཉིས་ལས། །ཚེ་ཟད་འཆི་བ་གཅིག་ཡིན་བཅུ་གཅིག་རྐྱེན། །དེ་ཕྱིར་ཀེག་ལམ་བརྩིས་པས་རྐྱེན་ལས་ཐར། །བཅོས་ཐབས་གཏོ་ཡིས་འཆི་བ་ཟློག་པར་བྱེད། །རང་གཞན་ཀུན་ལ་སྲོག་ནི་སྡུག་ཅིང་ཕངས། །ནད་མེད་དཔལ་དང་ལོངས་སྤྱོད་སྙན་གྲགས་སྟོབས། །དོན་དུ་མི་གཉེར་འགའ་ཡང་མ་མཐོང་ན། །གྲོགས་དག་ཅི་ཕྱིར་ཚུལ་འདིར་འབད་མི་བྱེད། །སྲས་བཅས་རྒྱལ་བའི་བཀའ་ལ་རྫུན་མི་མངའ། །ཀུན་རྫོབ་རྒྱུ་འབྲས་མི་བསླུ་ཚད་མར་གྲུབ། །རྟེན་འབྲེལ་ཐབས་ཀྱིས་མི་བསྒྱུར་མི་འགྲུབ་སུ། །དེས་ན་བླང་དོར་ཚུལ་བཞིན་མཇོད་ཅིག་ཀྱེ། །འདིས་ཀྱང་བླང་དོར་རྨོངས་པའི་མུན་ཁྲོད་དུ། །རྣམ་པར་འཕྱན་ལ་སྣང་བའི་མཛོད་གྱུར་ཏེ། །ཕུན་ཚོགས་སྡེ་བཞིའི་འདབ་སྟོང་བཞད་པའི་རྩེར། །ངེས་ལེགས་སྦྲང་རྩིའི་དགའ་སྟོན་དར་གྱུར་ཅིག །ཅེས་པའང་འབྱུང་རྩིས་ཀྱི་རེའུ་མིག་ཉམས་མཚར་ཀུ་མུད་དའི་རྫིང་བུའི་ཡན་ལག་ཉེ་མཁོར་ཟེ་ཆེན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་མདྒལཾ།། །།སྭསྟི། བླ་དཔོན་སོགས་ཀྱི་ལས་སྣེའི་མཐུན་སྡེབ་ནི། །འབྱུང་དགྲ་དུར་དང་བཞི་གཤེད་ལོ་སྐར་དང་། །ངན་ཀླུང་རྩུབ་མེད་ཀུན་དང་མཐུན་པ་མཆོག །དེ་མིན་གཟིམ་དཔོན་ལུས་གཙོ་གསོལ་དཔོན་དང་། །གཉེར་ཕྱག་དབང་གཙོ་སྐུ་སྲུང་སྲོག་དར་ཀླུང་། །ཕྱི་ནང་བརྡ་སྦྱོར་མགྲོན་གཉེར་ཀླུང་ཉིད་གཙོ། །ཀུན་ཀྱང་མ་གྲོགས་དགེ་ཞིང་དགྲ་གཤེད་འཛེམ། །འདི་ཡང་ཉེ་མཁོར་གཞུང་ལས་བཏུས་སོ་ཀྱེ། །ཞེས་པའང་ཟེ་ཆེན་པས་སོ། །


previous ཀེག་རྩིས་ཞེ་བདུན་མའི་རྡེལ་བཤད་རབ་གསལ་མེ་ལོང་། next