Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
   
  expand section
  expand section
   
   
  expand section
   
   
   
   
བལ་མོ་ལྡིང་སྐོར་གྱི་རྡེལ་བཤད་ཨུཏྤལ་དཀར་པོའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   


 
previous བལ་མོ་ལྡིང་སྐོར་གྱི་རྡེལ་བཤད་ཨུཏྤལ་དཀར་པོའི་ཕྲེང་བ། next

བལ་མོ་ལྡིང་སྐོར་གྱི་རྡེལ་བཤད་ཨུཏྤལ་དཀར་པོའི་ཕྲེང་བ།

༄༅། །བལ་མོ་ལྡིང་སྐོར་གྱི་རྡེལ་བཤད་ཨུཏྤལ་དཀར་པོའི་ཕྲེང་བ་བཞུགས། ༀ་སྭསྟི། དམར་སེར་ཉི་མ་འཆར་ཀའི་ལང་ཚོ་ཅན། །དྲན་པས་སྙིང་གི་མུན་པ་ཀུན་སེལ་བའི། །ཡེ་ཤེས་སྐུ་ཅན་ཁྱབ་བདག་འཇམ་པའི་དཔལ། །བདག་གི་ཡིད་ལ་འབྲལ་བ་མེད་པར་མཛོད། །རྣམ་དག་རྩིས་གཞུང་པདྨའི་དགའ་ཚལ་དུ། །རིག་པའི་ཁྱེའུ་ཆུང་རྩེད་འཕྱོར་གཡེང་བའི་ཚེ། །ཉམས་མཚར་དཔྱད་ལྡིང་བཅུ་གསུམ་ཨུཏྤལ་ཕྲེང་། །སྐལ་མཉམ་དོན་མཐུན་མགུལ་པའི་རྒྱན་དུ་འབུལ། །འདི་ལ་རྩིས་གཞི་བརྩི་ཐབས་བརྩིས་འབྲས་གསུམ། །རྩིས་གཞི་ལ་ཡང་རྣམ་གྲངས་བཅུ་གསུམ་ལས། །དང་པོ་ཤེལ་གྱི་བྱ་ཁྱུང་དཀར་པོ་ནི། །ཁམས་དགྲའི་བྱ་ནས་ས་བདག་རྒྱལ་པོ་བརྩི། །གཉིས་པ་གངས་ཀྱི་དུང་སེང་དཀར་པོ་སྟེ། ཁམས་དགྲའི་ཡོས་ནས་བླ་མ་དགེ་བཤེས་བརྩི། །གསུམ་པ་སྲིད་པའི་གསེར་སྦྲུལ་སེར་པོ་ནི། །གྲོགས་ཀྱི་སྦྲུལ་ནས་རིག་འཛིན་སྔགས་འཆང་བརྩི། །བཞི་པ་བར་སྣང་གཡུ་འབྲུག་སྔོན་མོ་ཞེས། །མ་ཡི་འབྲུག་ནས་གཤེན་རྒྱལ་བོན་པོ་བརྩི། །ལྔ་པ་ས་ཡི་གླང་ཆེན་རབ་བརྟན་ཏེ། །གྲོགས་ཀྱི་གླང་ནས་ཞང་བློན་དྲ་མ་བརྩི། །དྲུག་པ་ནགས་ཀྱི་རྒྱ་སྟག་ཁྲ་བོ་སྟེ། །དགྲ་ཡི་སྟག་ནས་སྐྱེས་པ་དར་མ་བརྩི། །བདུན་པ་སྲིབ་བྱ་དམར་ཞེས་ཁམས་ཀྱི་མའི། །བྱི་བ་ནས་ནི་མོ་བཙུན་དྲ་མ་བརྩི། །བརྒྱད་པ་ཡིད་བཞིན་ནོར་བུ་འོད་འབར་ནི། །དགྲ་ཡི་སྟག་ནས་བྱིས་པ་གཞོན་ནུ་བརྩི། །དགུ་པ་མཐིང་གི་རྨ་བྱ་གཞོན་ནུ་སྟེ། །མ་ཡི་ཁྱི་ནས་ན་ཆུང་གཞོན་ནུ་བརྩི། །བཅུ་པ་ལས་བྱེད་བྲན་གཡོག་བརྩིས་ལ་གཉིས། །རགས་པར་གསེར་བྱ་མ་ཡི་བྱ་ནས་བརྩི། །ཞིབ་པར་སྟག་རྟ་ཁྱི་གསུམ་གྲོགས་ཀྱི་སྟག །བྱི་འབྲུག་སྤྲེལ་གསུམ་མ་ཡི་འབྲུག་དང་ནི། །ཕག་ལུག་ཡོས་གསུམ་དབང་ཁམས་མཐུན་པའི་ཕག །བྱ་གླང་སྦྲུལ་གསུམ་བུ་ཡི་བྱ་ནས་ཏེ། །དེ་ཡང་བདག་པོའི་ལོ་དང་སྦྱར་བར་བཤད། །བཅུ་གཅིག་ལྷ་ལུག་སེར་པོ་རུ་རིང་ཞེས། །དགྲ་ཡི་ཕག་ནས་ས་ཡུལ་བང་མཛོད་བརྩི། །བཅུ་གཉིས་གསེར་གྱི་བུམ་པ་གྲོགས་ཕག་ནས། །གསེར་དངུལ་ཟངས་ལྕགས་གཡུ་སོགས་སྐམ་ཆས་བརྩི། །བཅུ་གསུམ་འབྲོང་ཆེན་དར་མ་མ་གླང་ནས། །རྟ་ལུག་གནག་ཕྱུགས་ཁྲག་ཆགས་བརྩི་ཤེས་བྱ། ༈ ། གཉིས་པ་བརྩི་ཐབས་དཔེར་ན་ས་བདག་རྗེ། །ཤིང་སྤྲེལ་ཡིན་ན་ཁམས་དགྲའི་ལྕགས་བྱ་ནས། །བཀན་སོགས་རང་རང་རྩིས་གཞི་གང་ཡིན་ནས། །བརྩི་བྱའི་ལོ་གྲངས་དུ་ལོན་གྱེན་དུ་བཀན། །འདི་ལ་ཕོ་མོ་སོགས་ཀྱི་ཁྱད་པར་མེད། །གར་བབས་ལོ་དེའི་སྲོག་ལུས་དབང་ཀླུང་སྨེར། །བརྩི་བྱའི་སྲོག་ལུས་དབང་ཀླུང་ལུས་སྨེས་འཐབ། །དཔེར་ན་ཤིང་སྤྲེལ་ལྕགས་བྱ་སྲོག་ནང་འཕྲད། །ལུས་བུ་དབང་ཐང་དགྲ་རུ་འགྱུར་བས་མཚོན། །མ་གྲོགས་ས་ཆུ་ནང་འཕྲད་དཀར་རེ་དང་། །བུ་དགྲ་ཤིང་ལྕགས་མེ་ནང་ནག་རེ་བོར། ། ༈ གསུམ་པ་བརྩིས་འབྲས་ལ་ཡང་བཅུ་གསུམ་ལས། །དང་པོ་མི་རྗེ་ས་བདག་སྐུ་སྲོག་རྡེལ། །དཀར་ན་རྒྱལ་རབས་གདན་ས་མ་སྟོང་བཟང་། །ནག་ན་རམ་གྱིས་འབར་བ་ཐུམ་གྱིས་ཤི། །ཕ་མེས་དུར་སྲི་དང་ནི་དར་སྲི་ལངས། །དེ་ལ་རུས་ཁམས་མི་གཅིག་སྔགས་བོན་ནི། །ལྔའམ་གསུམ་གྱིས་དར་སྲི་དུར་སྲི་མནན། །རྒྱལ་པོ་གདན་བཞུགས་གཏོ་དང་སྲོག་བསླུ་བྱ། །ལུས་རྡེལ་དཀར་ན་སྟག་གཟིག་གྲ་རྒྱས་ལེགས། །ནག་ན་བསྙུན་དང་ནང་ཞིག་ཆབ་སྲིད་དམའ། །ལུས་བསྒྱུར་སྡོམ་བསྲུང་ཕྱོགས་མེད་སྦྱིན་གཏོང་འབད། །དབང་དཀར་ཆབ་སྲིད་དར་མདུད་མ་གྲོལ་དགེ། །ནག་ན་བུ་རྟ་གུད་ཅིང་བང་མཛོད་སྟོང་། །གཡང་ལེན་ཚོགས་གསོལ་བཀའ་ཀློག་སྦྱིན་སོགས་བརྩོན། །ཀླུང་དཀར་ཕོ་བྲང་མི་ལ་མ་ཤོར་བཟང་། །ནག་ན་དུས་འཁྲུགས་མི་ཁས་བསྟན་དུས་གཟན། །དགྲ་བཟློག་དགྲ་མནན་ཟས་སྦྱིན་ཀླུང་གསོ་འཛུགས། །དགུ་མིག་དང་འཛོམས་ཆེས་གཉན་རིམ་གྲོ་བསྐྱེད། །སྨེ་དཀར་ཞྭ་ཕྱིང་རྡུལ་འོག་མ་སོང་བཟང་། །ནག་ན་ཆབ་སྲིད་ནད་མཚོན་མུ་གེས་འཚེ། །མ་མོ་སྤྱི་མདོས་དྲག་སྔགས་བཟླས་བརྗོད་རེམ། ༈ ། གཉིས་པ་དགེ་བའི་བཤེས་ཀྱི་སྐུ་སྲོག་རྡེལ། །དཀར་ན་གསེར་རྡོར་གནམ་དུ་མ་ཡལ་བཟང་། །ནག་ན་སྐུ་ཚེའི་བར་ཆད་འབྱུང་ཉེ་བས། །སྤོང་དག་འབུམ་བཀླགས་བསྙེན་སྒྲུབ་ལས་མཐར་དབྱུང་། །ལུས་དཀར་དབང་བུམ་ཕྱག་ནས་མ་ཤོར་བཟང་། །ནག་ན་སྣོད་མིན་འཁོར་འདུ་ཆོས་བཅུད་ཉུང་། །སྙུན་གྱིས་ཟིན་ངོ་གཟུངས་སྒྲུབ་བདུད་བཟློག་དང་། །སྡོམ་པ་བསླར་བསྐྱར་ཏོག་གཟུངས་བརྒྱ་རྩ་འདོན། །དབང་དཀར་ཤེལ་ཕྲེང་ཐག་པ་མ་ཆད་བཟང་། །ནག་ན་གཞན་དོན་བར་ཆད་མཛད་ཕྲིན་གུད། །གང་སྟོང་འབྱུང་ངོ་སྦྱིན་གཏོང་བཟླས་བརྗོད་བརྩོན། །དབང་བསྐུར་བསྐྱར་ཞིང་སྤང་དག་ལན་གསུམ་བྱ། །ཀླུང་དཀར་གཡུ་ཡི་མཎྜལ་མ་གྲུབ་བཟང་། །ནག་ན་མི་ཁ་གཤེ་བསྐུར་ལྕེ་ཡིས་འཇིགས། །རྟེན་གསུམ་ན་བཟའ་མཆོད་འབུལ་གསོལ་བ་གདབ། །ལམ་བཅོས་ཆོས་སྟོན་དཀར་ཕྱོགས་དགེ་ལས་འབད། །སྨེ་དཀར་སེང་ཁྲི་མ་སྟོང་བརྟན་ཅིང་དགེ། །ནག་ན་བཞུགས་ཡུལ་འཕོ་སྐྱས་སྐུ་ཚེར་གཟན། །བརྟན་བཞུགས་ཚེ་སྒྲུབ་བཀའ་བརྒྱད་མདོས་བཟློག་བྱ། ། ༈ གསུམ་པ་རིག་འཛིན་སྔགས་འཆང་སྐུ་སྲོག་རྡེལ། །དཀར་ན་གསེར་རྡོར་མཁའ་ལ་མ་ཡར་བཟང་། །ནག་ན་བརྒྱུད་འཛིན་ཆད་དོགས་དམ་སེལ་རྐྱེན། །སྐུ་སྲོག་ནོངས་ཉེན་བསྙེན་སྒྲུབ་ཕུར་སྒྲུབ་དང་། །བསྟན་སྲུང་བསྐང་བཤགས་ཁྲུས་དང་དམ་ཚིག་གསོ། །ལུས་དཀར་གསུང་སྙན་དྲིལ་བུ་མ་ཤོར་བཟང་། །ནག་ན་སྔགས་པའི་རྒྱུད་འཆོལ་ནུས་པ་བུལ། །སྙུན་ངོ་ཡི་དམ་སྐུ་བཞེངས་ཚོགས་གཏོར་གཏོང་། །བདག་འཇུག་དབང་བསྐུར་ཉམས་ཆག་བསྐང་ཆོག་དང་། །སཱཙྪ་ལམ་བཅོས་འབུམ་དང་ཏོག་གཟུངས་བཀླག །དབང་དཀར་དཀྱིལ་འཁོར་བཀྲག་མདངས་མ་ཡལ་བཟང་། །ནག་ན་ཕ་རྗེས་བུ་ཡིས་མ་ཟིན་སྐྱོན། །ནོར་དབུལ་བར་ཆད་སྒྲུབ་ཁང་སྟོང་ཉེན་པས། །སྒྲུབ་གནས་སྤོ་ཞིང་དྲག་སྔགས་བསྙེན་སྒྲུབ་རེམ། །དབང་ཐང་གསོ་གཏོ་རིན་ཆེན་གཡང་བརྩེགས་འདོན། །ཀླུང་དཀར་ཕུར་པའི་དབལ་རྩེ་མ་རྡུགས་བཟང་། །ནག་ན་མི་ཁ་གླེང་བརྗོད་བྱད་ཕུར་ངོ་། །ཉམས་ཆག་བསྐང་བཤགས་ཁྲུས་དང་བྱད་གཏད་བཟློག །ཁྲོམ་བསྒྱུར་མི་ཁའི་གཏོ་བཅོས་མར་མེ་འབུལ། །སྨེ་དཀར་མཁའ་འགྲོའི་བཀའ་ཆད་མི་འོང་བཟང་། །ནག་ན་མཁའ་འགྲོའི་བཀའ་ཆད་བྱད་ཕུར་ངོ་། །མཆོག་གསུམ་ཡི་དམ་ཆོས་སྲུང་ར་མདར་སྦྲན། །གཏད་ཧྲུལ་ཟོར་བཟློག་བྱད་མ་རང་གཤེད་དབབ། །བསྙེན་སྒྲུབ་ཆོས་བཤད་བསྐང་བཤགས་དྲག་ཏུ་བྱ། །འདི་ཡང་དགུ་མིག་འདོམས་ན་ལྷག་པ་གཟབ། ། ༈ བཞི་པ་གཤེན་རྒྱལ་བོན་གྱི་སྐུ་སྲོག་རྡེལ། །དཀར་ན་བྱ་རུ་བཙའ་ཡིས་མ་ཁྱེར་བཟང་། །ནག་ན་གནའ་བརྒྱུད་བཟང་ཡང་ད་ལྟ་གུད། །བོན་བརྒྱུད་ཕྱྭ་བྲལ་བུར་གཟན་བརྒྱུད་ཆད་ཉེན། །གཡང་གསོ་བསྐང་བཤགས་ལྷ་སྲུང་མཆོད་ལ་བརྩོན། །ལུས་དཀར་ལྷ་མདའ་སྐེད་ནས་མ་ཆག་བཟང་། །ནག་ན་ཕྱྭ་དང་སྲིད་མེད་བོན་བརྒྱུད་ཐུང་། །བུ་ཚ་རིགས་རུས་ཀུན་འཛེར་བསེ་མཁར་གསོ། །ལུས་བསྐྱེད་མི་རབས་རྩ་འཛིན་འཁོར་ལོ་འདོགས། །དབང་དཀར་རྔ་ཤང་ལག་ནས་མ་ཤོར་བཟང་། །ནག་ན་གཏམ་ངན་དང་ནི་བློ་ཉེས་ངོ་། །དམ་ཚིག་སེལ་ཞུགས་བུ་རྟ་ནོར་ཕྱུགས་འཆི། །དམ་སྐོང་དོང་དཀྲུགས་ཚེ་ཆོག་འཆི་བསླུ་དང་། །ཚེ་མདོ་ཚོགས་འཁོར་བཤགས་པ་དྲག་ཏུ་གྱིས། །ཀླུང་དཀར་ཕྱྭ་བོན་གདན་ནས་མ་འདྲེད་བཟང་། །ནག་ན་ཡོན་བདག་ཕྱྭ་བསྐྱེད་རང་གཡང་ཉམས། །སྐྱོབ་ལྷ་རྦད་འདྲེས་འཁུ་ལྡོག་གནོད་པ་ཆེ། །མ་ཉེས་ཁ་ཡོག་མི་ཁ་འབྱུང་བའི་ངོ་། །ནག་པོ་མགོ་གསུམ་སྲུང་བཟློག་དུར་སྲི་གནོན། །ཀླུང་དཀར་རྒྱང་བུའི་འབྲེལ་ཐག་མ་ཆད་བཟང་། །ནག་ན་མཐུ་གཏད་སེལ་རྐྱེན་དར་གུད་ཆེ། །ཕྱོགས་བཞིར་བཟློག་ཆེན་ཤ་བའི་རུ་མདོས་བཏང་། ། ༈ ལྔ་པ་ཞང་བློན་དྲ་མའི་སྲོག་གི་རྡེལ། །དཀར་ན་རྗེ་ཡི་ཐུགས་གཙིགས་མ་བྲལ་བཟང་། །ནག་ན་དར་སྲི་བློན་བརྒྱུད་ཆད་དོགས་པས། །སྲི་མནན་དགྲ་བཟློག་དགྲ་མནན་འབུམ་བཀླག་བྱ། །ལུས་དཀར་ལྷ་ཡི་བཀའ་ཆད་མི་འབྱུང་བཟང་། །ནག་ན་གཅོང་ངམ་མི་ཐེག་ཁུར་ཚད་དང་། །ནད་མཚོན་རྨ་འབྱུང་སྲིད་ན་རུས་བརྒྱུད་ཆད། །ལྷ་གསོལ་སྲི་སྲུང་སྲི་མནན་མི་ཁ་བཅོས། །དབང་དཀར་ཡིད་ཚང་གསེ་གཡུ་མ་ཤོར་བཟང་། །ནག་ན་མི་རྗེས་བཀྱོན་ནམ་ཟས་ནོར་འཛད། །དར་ཡུན་ཐུང་ཞིང་འབངས་ལ་སྒང་གཤང་ངོ་། །སྲི་མནན་ནོར་རྒྱུན་གསེར་འོད་རྣམ་རྒྱལ་འདོན། །ཀླུང་དཀར་འཕྲུལ་གྱི་མདའ་མདུང་མ་ཆག་བཟང་། །ནག་ན་བླ་མཁྱར་ཚེ་ལ་བར་ཆད་ངོ་། །བླ་བསླུ་སྲོག་བསླུ་གཡང་འགུགས་དཔང་བསྟོད་བྱ། །སྨེ་དཀར་བློན་པོའི་འདུན་ས་མ་སྟོང་བཟང་། །ནག་ན་རྗེས་བཀྱོན་འབངས་ཀྱི་མི་ཁ་སྡང་། །བུ་སྲིང་ཚ་བོ་འཆི་ཉན་མི་ཁ་མནན། །དོང་སྤྲུགས་གཟུངས་ཆེན་གྲྭ་ལྔ་མང་དུ་སྒྲོགས། ། ༈ དྲུག་པ་ཕོ་སྐྱེས་དར་མའི་སྲོག་གི་རྡེལ། །དཀར་ན་སྲོག་མདའ་རྐེད་ནས་མ་ཆག་བཟང་། །ནག་ན་སྲི་ལངས་རང་ངམ་ཕ་བུའམ། །སྤུན་ཟླར་མཚོན་འཁོར་སྲོག་ལ་བར་ཆད་ངོ་། །སྲོག་བསླུ་ཉེའུ་འདོན་ཚེ་ཆོག་ཚེ་དབང་དང་། །སྲི་མནན་མཚོན་བསྒྱུར་ཤ་བ་རུ་རྒྱས་བྱ། །ལུས་དཀར་སྟག་རལ་འཁོར་གསུམ་མ་ཤོར་བཟང་། །ནག་ན་ད་ལྟ་དར་ཡང་ཕྱི་ནས་གུད། །ནད་རིམས་དང་ནི་མཚོན་ངོ་བྱེས་འགྲོ་སྤང་། །རིམས་སྲུང་མི་རབས་རྩ་འཛིན་འཁོར་ལོ་གདགས། །བཟློག་པ་བྱ་ཞིང་སཱཙྪ་ལོ་གྲངས་འདེབས། །དབང་དཀར་དར་མདུང་གཞུ་མོ་མ་ཆག་བཟང་། །ནག་ན་དར་གུད་གང་སྟོངས་གསེར་གཡུ་དང་། །ཟས་ནོར་རྟ་ཕྱུགས་ཁང་གཞིས་འཆོར་ངོ་ཡིན། །དབང་བསྐྱེད་འཁོར་འདོགས་ཕོ་ལྷ་དགྲ་ལྷ་ཡི། །གཏོ་སྐུ་འཛུགས་དང་གཡང་བསླན་གོད་སྲི་མནན། །ཀླུང་དཀར་གྱི་ལིང་རྟ་དང་མ་བྲལ་བཟང་། །ནག་ན་ཁ་སྨྲས་མི་ཁ་བུ་སྲིང་སར། །རྩོད་དང་མི་རིགས་བྱེས་སུ་འཁྱམས་ནས་འཆི། །ཀླུང་གསོ་མི་ཁའི་གཟུངས་འཛུགས་དགྲ་སྲི་མནན། །སྨེ་དཀར་དཔའ་བོའི་འཐབ་ར་མ་སྟོང་བཟང་། །ནག་ན་ཁ་ཕོ་ཆེ་ཡང་ཕུག་སླེབས་ཆུང་། །དཔའ་རྩལ་འཆོར་བས་བླ་བསླུ་དྲག་དབང་ཞུ། ། ༈ བདུན་པ་མོ་བཙུན་དྲ་མའི་སྲོག་གི་རྡེལ། །དཀར་ན་དར་དཀར་ལ་འུ་མ་གྲོལ་བཟང་། །ནག་ན་སྲི་ལངས་ཚེར་གཟན་སྲིད་ལ་ངན། །སྲིད་ཀླུང་གསོ་དང་ཚེ་འཛིན་འཁོར་ལོ་བཏགས། །ཚེ་ཕུར་གདབ་ཅིང་སྲོག་བསྐྱེད་གཏོ་རིམ་བྱ། །ལུས་དཀར་བླ་གཡུ་ལུང་ཐག་མ་ཆད་བཟང་། །ནག་ན་བུ་ཁྱོ་མ་སྲུ་སྤུན་ལ་ངན། །ལུས་ལ་ནད་འབྱུང་གང་བརྩམས་ལས་མི་འགྲུབ། །གཙུག་ཏོར་དཀར་མོ་མང་འདོན་ལུས་བསྐྱེད་གདགས། །དབང་དཀར་དཔལ་གྱི་ཉི་མ་མ་ནུབ་བཟང་། །ནག་ན་ཕ་མིང་ཁྱོ་ཞང་དར་གུད་ཆེ། །གཉེན་གྱིས་མི་སྐྱོབ་མ་སྲུའི་སར་གོད་འབྱུང་། །གོད་སྲི་མནན་ཅིང་བཟློག་པ་མང་དུ་བྱ། །སྦྱིན་གཏོང་དཔལ་བསྐྱེད་ཆོ་ག་དབང་བསྐྱེད་འདོགས། །ཀླུང་དཀར་སྲིད་ཀྱི་ཆུ་མིག་མ་སྐམ་བཟང་། །ནག་ན་ཚང་ཟླ་མག་སྐུད་བུ་ཚར་ངན། །ཡམས་དང་ཁྱིམ་འཕོ་ཁ་ཡོག་མི་ཁའི་ངོ་། །ཀླུང་བསྐྱེད་གཡང་ར་བརྩེགས་ཤིང་གཏོར་བཟློག་བྱ། །སྨེ་དཀར་པང་ནས་བུ་ཚ་མ་ཤོར་བཟང་། །ནག་ན་སྲིད་དཀོན་བྱུང་ཡང་གསོ་བ་དཀའ། །གཟའ་མི་དྲུང་གསུམ་མྱ་ངན་བུ་འདྲེས་ཁྱེར། །སྲིད་གཟུངས་འཛུགས་ཤིང་ནུས་ལྡན་བླ་བསླུ་བྱ། ༈ ། བརྒྱད་པ་བྱིས་པ་གཞོན་ནུའི་སྲོག་གི་རྡེལ། །དཀར་ན་གཡུང་དྲུང་ར་བ་མ་ཆག་བཟང་། །ནག་ན་བུད་མེད་དཔལ་ཆུང་ནད་སྡུག་འོང་། །ཚེ་དབང་ཚེ་མདོ་སྲིད་ཕུར་བཏབ་པའི་གཏོ། །བྱིས་སྟོན་དང་ནི་ན་ཟླའི་སྟོན་མོ་བྱ། །ལུས་དཀར་གསེར་ཉ་སྐམ་ལ་མ་ཐོན་བཟང་། །ནག་ན་གཉའ་གནོན་མ་སྲུའི་འདྲེ་ཡིས་གནོད། །སྲི་མནན་ལུས་བསྐྱེད་འཁོར་གདགས་མཆོད་རྟེན་བརྩིག །ཀླུ་མཆོད་དང་ནི་བ་ར་བོང་ར་བྱ། །དབང་དཀར་གོས་ཆུང་ཆུ་ཡིས་མ་ཁྱེར་བཟང་། །ནག་ན་ཤིད་ཀྱི་ངོ་ཡིན་ཆུང་སྲི་མནན། །གོན་འཕྲོའི་གོས་ཆུང་མི་ལ་སྦྱིན་པར་བྱ། །ཀླུང་དཀར་བྱིས་པའི་རྩེ་ར་མ་སྟོང་བཟང་། །ནག་ན་ལྷ་ལ་གྲིབ་ཕོག་ལྷ་གྲལ་ཤིག །ན་ཤི་སློབ་དཔོན་ལེའུར་མྱ་ངན་འོང་། །ལྷ་གསོལ་ཀླུང་གསོ་ཁྲུས་དང་ཟམ་འཕྲང་བཅོས། །སྨེ་དཀར་སེ་མདའ་སེ་གཞུ་མ་ཆག་བཟང་། །ནག་ན་བླ་ཉམས་ཚེ་ཉམས་བྱུང་དོགས་པས། །ཚེ་དབང་ཚེ་མདོ་བླ་བསླུ་བླ་གཡུ་འདོགས། །དགུ་མིག་དང་འདོམས་ཆེས་ངན་དགེ་སྒྲུབ་འབད། ༈ ། དགུ་པ་ན་ཆུང་གཞོན་ནུའི་སྲོག་གི་རྡེལ། །དཀར་ན་མཐིང་གི་ལུ་མ་མ་བསྐམས་བཟང་། །ནག་ན་ཚེར་གཟན་ཚེ་མདོ་ཚེ་དབང་ཞུ། །སྲིད་པའི་ཆུ་མིག་དགུ་སྐོར་བོན་རིགས་ནི། །ཐ་དད་གསུམ་གྱིས་སྲོག་བསླུ་ཚེ་རྟ་བྱ། །ལུས་དཀར་ཧ་ལོ་སད་ཀྱིས་མ་ཁྱེར་བཟང་། །ནག་ན་བུ་སྲིང་མ་ལ་དར་གུད་དང་། །ནད་འབྱུང་སྲིད་དཀོན་བྱུང་ན་ལྷག་ཆད་འབྱུང་། །ལུས་བསྒྱུར་ལུས་བསྐྱེད་བྱུར་འབུད་གཏོ་བཅོས་བྱ། །དབང་དཀར་གཡུང་དྲུང་ར་བ་མ་རལ་བཟང་། །ནག་ན་ཡུལ་མི་ཁྱིམ་མཚེས་བུ་མོར་ངན། །རིན་པོ་ཆེ་འཕེལ་གཟུངས་སྒྲོགས་གོད་སྲི་མནན། །ཕྱྭ་གཡང་འགུགས་དང་བཟློག་པ་མང་དུ་བྱ། །ཀླུང་དཀར་དངུལ་གྱི་མེ་ལོང་མ་རྡོལ་བཟང་། །ནག་ན་མ་དང་ཕྱི་མོ་སྲིང་རིགས་ངན། །ཁྱིམ་སོ་མི་ཟིན་མི་ཁ་གཏམ་ངན་ངོ་། །ཀླུང་བསྐྱེད་བཏགས་ཤིང་མར་མེ་བརྒྱ་རྩ་འབུལ། །སྨེ་དཀར་གསེར་འཕང་གཡུ་ལོ་མ་ཤོར་བཟང་། །ནག་ན་བླ་ཚེའི་བུམ་པ་སྟོང་པའི་ངོ་། །ཡུན་རིང་ནད་ཐེབས་འཁོར་གཡོག་མྱ་ངན་ངོ་། །བླ་བསླུ་ཚེ་དབང་ཆོས་བོན་སྒྲོལ་སྦྱར་འདོན། །འདི་ཡང་དགུ་མིག་དང་འདོམས་ཤིན་ཏུ་ངན། ༈ ། བཅུ་པ་བྲན་གཡོག་ལས་བྱེད་སྲོག་གི་རྡེལ། །དཀར་ན་མདའ་ལྔ་གཞུ་གཅིག་མ་ཤོར་བཟང་། །ནག་ན་ཕན་དུ་རེ་ཡང་ཕན་མི་ཐོགས། །གཡང་ཉམས་རྗེ་ཡི་བཀའ་ཆད་སྲོག་ལ་ནོངས། །གོད་སྲི་མནན་ཞིང་ཚེ་འཛིན་འཁོར་ལོ་གདགས། །ལུས་དཀར་རྗེ་བློན་བཀའ་ཆད་མ་འཕོག་བདེ། །ནག་ན་བྲན་ཤུལ་ཁ་སྨྲས་ནད་སྡུག་མང་། །ལུས་བསྐྱེད་སྲུང་འཁོར་འདོགས་ཤིང་ལྷ་སྲུང་མཆོད། །དབང་དཀར་ཕོ་ཁྱིམ་ཐིབས་ཀྱིས་མ་བཀག་བཟང་། །ནག་ན་བྲན་དང་ནོར་ལ་གང་སྟོངས་ཆེ། །ནོར་ཟས་གཡང་ཉམས་རྟ་ཕྱུགས་ནོར་གོད་ངོ་། །ཁྲུས་དང་གཡང་འགུགས་ནོར་རྒྱུན་གཟུངས་མང་འདོན། །ཀླུང་དཀར་བྱུར་གྱི་གཉའ་ཤིང་མ་ཁུར་བཟང་། །ནག་ན་མི་ཐེག་ཁུར་པོ་འོང་ཉེན་ནམ། །རྗེ་བོ་བདུད་བབས་ཉེས་མེད་མི་ཁའི་ངོ་། །མི་ཁ་དགྲ་བྲུབས་བྱ་ཞིང་ལམ་འཕྲང་བཅོས། །སྨེ་དཀར་འབངས་ཀྱི་ཡུལ་དོན་མི་འགལ་བཟང་། །ནག་ན་བྲན་གྱི་བླ་ཉམས་ནོར་གོད་ཆེ། །ཟ་ཐང་འགགས་པས་ལོངས་སྤྱོད་དབུལ་བའི་ངོ་། །བླ་བསླུ་ལྷ་གསོལ་གཡང་ལེན་གཏོར་མ་གཏོང་། །འདི་ཡང་དགུ་མིག་དང་འདོམས་ཤིན་ཏུ་ངན། ༈ ། བཅུ་གཅིག་ས་ཡུལ་མཛོད་བདག་སྲོག་གི་རྡེལ། །དཀར་ན་ཡུལ་ལ་འཕོ་འཕྱུགས་མི་འོང་བཟང་། །ནག་ན་ཡུལ་ཁ་ཤར་བལྟའི་ས་བདག་དང་། །ཀླུ་གཉན་གྱིས་གནོད་ཡུལ་འཕོ་ཀླུ་གཏེར་བཅུག །ས་བདག་མདོས་དང་དོང་ཙེ་ཆེ་ཆུང་བྱ། །ལུས་དཀར་མཁར་གྱི་རྩེ་ལྷ་མ་ཉམས་བཟང་། །ནག་ན་མཁར་སའམ་ནི་མི་རབས་ཆད། །ཡང་ན་གྲིབ་དང་གོད་ངོ་མཁར་ལ་ངན། རིམ་གྲོར་ལྷ་གསོལ་དགྲ་ལྷ་དཔང་བསྟོད་བྱ། །དབང་དཀར་སྒྱེད་པུ་གློ་འདོགས་མ་བྱས་བཟང་། །ནག་ན་ཟས་བཅུད་ཆུང་བས་སྲིས་སྨེའི་འཁོར། །ཐབ་འོག་སྦ་ཞིང་བྱན་མོར་དབང་བསྐྱེད་འདོགས། །ཀླུང་དཀར་གསེར་ཀ་གཡུ་གདུང་མ་ཆག་བཟང་། །ནག་ན་མི་ཁ་ཁྱིམ་ལ་རྡིབ་ཞོམ་དོགས། །ཀླུང་གསོ་ས་བདག་སྙིང་བསྡུམ་མི་ཁ་བྲུབས། །སྨེ་དཀར་ཕ་ཞིང་མིས་ཐོ་མ་བཙུགས་བཟང་། །ནག་ན་བསེ་རག་ཐོ་བཙུགས་ཞིང་ངན་ནི། །སྡིག་པ་རྐེད་ཆད་འདྲའམ་གྲོད་པ་འདྲ། །དེའི་རྐྱེན་གཡང་ཉམས་ཞིང་དཀྱིལ་ཡུལ་ལྷ་མཆོད། །ས་གཡང་འགུགས་བརྩོན་དགུ་མིག་འདོམས་ན་རྩུབ། ། ༈ བཅུ་གཉིས་སྐམ་ཆས་དཀོར་ནོར་སྲོག་གི་རྡེལ། །དཀར་ན་མེ་ལོང་གཡའ་ཡིས་མ་གོས་བཟང་། །ནག་ན་སྐམ་ནོར་ཉམས་ཆག་ཡང་ན་ནི། །འོད་ཅན་རྫས་ཕྱིར་ཆགས་འདྲེ་འགོང་པོ་འབྲངས། །ཆག་གོད་སྲི་མནན་ནོར་རྒྱུན་གཟུངས་མང་སྒྲོགས། །ལུས་དཀར་གཡུ་མཚོ་འོད་ཆེན་མ་རྡོལ་བཟང་། །ནག་ན་གཡང་ཉམས་འོད་ཅན་ཕྱིར་ཤོར་ངན། །དཔལ་གསོ་བྱུར་འབུད་གཡང་བསླན་ནོར་ལྷ་བསྒྲུབ། །དབང་དཀར་ཕྲ་མེན་ཡོལ་གོ་མ་གས་བཟང་། །ནག་ན་ཕ་མེས་འབྱོར་ཡང་བུ་ཡིས་ཉམས། །བསགས་ཀྱང་མི་ཕན་དབུལ་ངོ་སྐམ་ནོར་གྱི། །གཡང་ཉམས་དབང་བསྐྱེད་འཁོར་ལོ་ཕུགས་སུ་བཅུག །གསེར་འོད་གཡང་སྐྱབས་གཡང་འབུམ་ཐབ་འདོན་བྱ། །ཀླུང་དཀར་ཕྱྭ་གཡུ་ལུང་ཐག་མ་ཆད་བཟང་། །ནག་ན་འོད་ཅན་ནོར་ཞིག་གཞན་ཕྱོགས་ལ། །འཆོར་དོགས་ཀླུང་རྟ་གསོ་ཞིང་ཆུང་སྲི་མནན། །སྟོབས་པོ་ཆེ་འདོན་ཐབ་སེལ་བྱ་བ་གཅེས། །སྨེ་དཀར་ཐབ་ཟངས་རྦབ་ཏུ་མ་འགྲིལ་བཟང་། །ནག་ན་གཡང་ཅན་ནོར་རམ་བཅུད་ཆེན་ཟས། །ཕྱིར་ཤོར་གཡང་ཉམས་སྙིང་ནོར་མིར་ཤོར་དོགས། །ཡང་ན་ནོར་ལ་གང་སྟོངས་ངོ་ཆེ་བས། །ཕྱྭ་འགུགས་ཁ་འབར་དཀར་ནག་བཟློག་པ་བྱ། ། ༈ བཅུ་གསུམ་རྟ་ཕྱུགས་ཁྲག་ཆགས་སྲོག་གི་རྡེལ། །དཀར་ན་གྱི་ལིང་སྒ་སྲབ་མ་སྟོང་བཟང་། །ནག་ན་རྟ་གོད་ཆེ་ཞིང་སྲབ་ཁ་གུད། །རྟ་གཡང་ཉམས་པས་གཡང་བསླན་རྟ་གཟུངས་འདོན། །གནོད་སྦྱིན་བརྒྱད་ཀྱི་ཆོ་ག་བཏང་བ་གཅེས། །ལུས་དཀར་ཡོ་མ་ལག་ཐག་མ་ཆད་བཟང་། །ནག་ན་རྟེའུ་མི་ཆགས་ཆགས་ཀྱང་འདོར། །རྟ་སྒབ་མི་འཕེལ་རྟ་སྲི་མནན་པ་དང་། །ཕྱུགས་གླུད་གཏོང་ཞིང་སྨུག་མོ་མཆོད་ལ་བརྩོན། །དབང་དཀར་ཞོལ་ཆེན་རྩིད་པ་མ་ཟགས་བཟང་། །ནག་ན་ཆེ་ཕྱུགས་སར་ངན་སྤུ་རྟགས་ཅན། །ཕྱིར་བཏང་གཡང་ཁ་ཉམས་པས་ཕན་ཐོགས་དཀའ། །གཡང་སླན་ནོར་གཟུངས་འདོན་ཞིང་གོད་སྲི་མནན། །ཀླུང་དཀར་ལྷ་འབྲི་གད་ལ་མ་འགྲིལ་བཟང་། །ནག་ན་མོ་ཕྱུགས་སར་ངན་སྒབ་མི་འབྱུང་། །བྱུང་ཡང་ཕན་ཐོགས་མི་འབྱུང་མི་ཁ་ཟུག །ཕྱུགས་གླུད་གཏོང་ཞིང་མི་ཁའི་གཏོ་བཅོས་བྱ། །སྨེ་དཀར་གཡང་མོའི་སྟར་ཐག་མ་ཆད་བཟང་། །ཆུང་གསུམ་སྤུ་རྟགས་ཅན་ལ་ཕྱྭ་གཡང་འཁོར། །ནག་ན་ཆུང་ཕྱུགས་སྤྱི་དང་ལུག་ལ་ངན། །གཡང་ར་བརྩིགས་ཤིང་གཡང་བསྡོམས་གོད་སྲི་མནན། །ཁྲག་ཆགས་ཆུང་གླུད་བཏང་ན་བཟང་བ་ཡིན། །ཨེ་མ་ས་སྐྱོང་མཁས་པའི་ཞལ་ལུང་བཅུད། །འདུས་གསལ་ཚིག་གི་ཕྲེང་བར་བརྒྱུས་པ་འདི། །བློ་གསལ་རྩིས་གཞོན་རྣམས་ཀྱི་མགྲིན་རྒྱན་དུ། །ཉེར་གནས་དེས་ཀྱང་འགྲོ་ལ་ཕན་གྱུར་ཅིག །འབྱུང་རྩིས་ཀྱི་རེའུ་མིག་ཉེར་མཁོ་ཉམས་མཚར་ཀུ་མུ་ད{དཱ}འི་རྫིང་བུའི་ཡན་ལག་ཏུ། ཟེ་ཆེན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་མངྒལཾ།། །།
༄༅། །ཐེག་པ་སྣ་ཚོགས་སྟོན་པ་པོ། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ནས། །ལྷ་རྒྱལ་ཚངས་པར་གསུངས་པ་ཡི། །བྱེས་སོང་ཟླ་རྩིས་འདི་ལྟར་བརྟག །དང་པོ་བྱེས་ལ་འགྲོ་དུས་སམ། །རྗེས་ན་ལེགས་ཉེས་འདྲི་དུས་ཀྱི། །ཟླ་བ་གང་ཡིན་དེའི་སྲོག་སོགས། །བཞི་ལ་བྱེས་སོང་མི་དེ་ཡི། །སྲོག་སོགས་བཞི་པོས་གཅོད་འདྲལ་བྱ། ༈ ། དེ་ཡང་མི་སྲོག་དགྲར་འཕྲད་ན། །འཆི་འམ་དགྲ་དང་བསད་བཅད་ངོ་། །གྲོགས་འཕྲད་སྲོག་བརྟན་མགྱོགས་པར་འོང་། །མར་འཕྲད་བསམ་དགུ་འགྲུབ་པས་བཟང་། །བུར་འཕྲད་བླ་འཁྱམས་ཤི་ཆད་ངོ་། །མེ་ནང་སྲོག་འཚོ་ཚུར་སེམས་ཙམ། །ས་ནང་དོན་མེད་འགོར་ཡུན་རིང་། །ཆུ་ཤིང་ལྕགས་གསུམ་ནང་འཕྲད་ནི། །འབྲས་བུ་མཐུན་ཕྱིར་འོག་ཏུ་སྟོན། ༈ ། དེ་བཞིན་ལུས་ཁམས་དགྲར་འཕྲད་ན། །བཙོན་ནམ་ནད་ཀྱིས་ཟིན་པའི་ངོ་། །གྲོགས་ཕྲད་ནད་མེད་ཚོང་གྲོགས་ཆེ། །མར་འཕྲད་ནད་མེད་ཟོ་མདོག་བཟང་། །བུར་འཕྲད་གྲོགས་ཆུང་ཚོང་ཕམ་ངོ་། །མེ་ནང་གྲོགས་ཆེ་འཚེ་བ་མེད། །ཚུར་ལ་ཟླ་སྐེད་ཙམ་ན་འོང་། །ས་ནད་འགོ་ནད་འབྱུང་ཉེན་ཆེ། ༈ ། དབང་ཐང་དགྲར་འཕྲད་དགྲ་ཇག་འབྱུང་། །གྲོགས་དང་འཕྲད་ན་བཟའ་བཏུང་མོད། །མ་དང་འཕྲད་ན་ཚོང་གྲོགས་བཟང་། །བུ་དང་འཕྲད་ན་ཟ་ཐང་ཆུང་། །མེ་ནང་ཕར་ལ་ཟོང་ཆེ་བདེ། །བསྡད་སར་སྐྱིད་ཅིང་ཚུར་ལམ་ཞུགས། །ས་ནང་གྲོགས་ཆུང་དོན་འགྲུབ་དཀའ། ༈ ། ཀླུང་དགྲ་སྙིང་གཏད་གྲོགས་ཀྱིས་བསླུ། །གྲོགས་འཕྲད་མཐུན་ཞིང་མི་ཁ་བྱམས། །མ་དང་འཕྲད་ན་བོར་སྟོར་མེད། །བུར་འཕྲད་སྟོར་བརླག་མི་ཁ་སྡང་། །མེ་ནང་འགྲུལ་ཟླ་བཟང་གྲོགས་བདེ། །ཚུར་ལ་དེ་རིང་སང་འོང་ཡིན། །ས་ནང་དོན་མེད་ཕྱི་དལ་ཆེ། ༈ ། སྲོག་སོགས་བཞི་ཀར་ཆུ་ནང་འཕྲད། །གྲོགས་དོན་ཆུང་ཡང་མགྱོགས་པར་འཁོར། །ཤིང་ནང་འཕྲད་ན་འགོར་ཡུན་ཐུང་། །ལྕགས་ནང་འཕྲད་ན་གྲོགས་ཆེ་ཡང་། །ཕྱི་དལ་དགྲ་ཡིས་འཚེ་དོགས་ཡོད། །གཞན་ཡང་ཟླ་བ་ས་ཁམས་ཡིན། །གང་ཡང་ཕྱི་དལ་ཆེ་བ་ཡིན། །ཆུ་ཁམས་མྱུར་འོང་དོན་འགྲུབ་དཀའ། །མེ་ཁམས་མྱུར་འོང་དོན་ཀྱང་འགྲུབ། །ལྕགས་ཁམས་དོན་ཆུང་ཕྱི་དལ་ངོ་། །ཤིང་ཁམས་གྲོགས་ཆུང་དོན་འགྲུབ་དཀའ། །ལམ་དུ་འཇིགས་པ་ཆེ་བར་བཤད། །འདི་ཡང་ཁུངས་ལྡན་གཞུང་ལས་བཏུས། །དགེ་བར་གྱུར་ཅིག་མདྒལཾ། །ཟེ་ཆེན་པས་སོ། །
༄༅། །དུས་འཁོར་ལུགས་ཀྱི་རྩིས་མོ་ནི། །བུད་མེད་ཁྱི་བྲལ་དབེན་ས་རུ། །རང་དང་འདྲི་བོའི་སྣ་རླུང་བརྟག །ཞི་ལ་གཡོན་དང་དྲག་ལ་གཡས། །འདུན་མ་སོགས་ལ་མཉམ་རྒྱུ་གང་། །མི་མཉམ་ཞི་དྲག་གོ་ལྡོག་ན། །གང་ཡང་འགྲུབ་དཀའ་རླུང་རྩིས་ཡིན། །དེ་ནས་དྲི་བ་པོ་དེ་ཡི། །གང་སྨྲས་དབྱངས་ཀྱི་ཡི་གེའི་གྲངས། །གནས་གཉིས་བྱས་ལ་སྟེང་མ་དེ། །མཁའ་༢༠མིག་གིས་བསྒྱུར་འོག་མས་འབྲིད། །བཅུས་བསྒྱུར་མ་༡༤ནུས་བགོས་རྙེད་ནོར། །ལྷག་དེ་གཟའ་ཡིན་གནས་གསུམ་བཞག །དབུས་དང་འོག་མ་ཐུབ་པས་༧དོར། །སླར་ཡང་འོག་མ་མེ་༣ཡིས་དོར། །ལྷག་མ་རྣམས་ཀྱིས་བཟང་ངན་སྟོན། །སྔོན་དུས་མ་༡༤ནུས་བགོས་པའི་ལྷག །ཐིག་ལེའམ་ནི་གཉིས་བྱུང་ན། །འབྲི་མི་འདོད་ཕྱིར་གནས་ཀུན་ཏུ། །གང་ལྷག་དེ་ཉིད་སུམ་བརྩེགས་བྱ། །གནས་གསུམ་སྟོང་ན་ས་འཛིན་བཟང་། །དོན་ཕྱྭ་ཕྱེད་འགྲུབ་ནད་པར་ངན། །འདི་ཤར་བྱ་བ་ཀུན་ལ་བཟང་། །བྱ་བ་ཀུན་དང་ནད་མོར་བཟང་། །ཤིན་ཏུ་བཟང་པས་ཅིའང་འགྲུབ། །དམག་ཇག་ངོ་ཡིན་ཅི་ལའང་ངན། །སྤྱི་དང་ནད་པར་ཤིན་ཏུ་ངན། ཟ། དོན་ཕྱྭ་བཟང་ཞིང་དམག་ཇག་རྒྱལ། །ནད་པ་གཞི་ཆེ་ཕུག་མི་སྐྱོན། །དེའང་གཟའ་དང་རླུང་རྩིས་འབྲས། །ཐམས་ཅད་མཐུན་ན་ཐེ་ཚོམ་མེད། །གཞན་མ་སྟོབས་བསྟུན་དཔྱད་ཤེས་བྱ། །འདི་ཡང་ཉམས་མཚར་ཙམ་དུ་བྲིས། །མངྒལཾ། །


previous བལ་མོ་ལྡིང་སྐོར་གྱི་རྡེལ་བཤད་ཨུཏྤལ་དཀར་པོའི་ཕྲེང་བ། next