Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
   
  expand section
  expand section
   
   
  expand section
   
   
   
   
   
ཞལ་གདམས་གཏམ་ཚོགས་དང་བཅའ་ཡིག་གི་སྐོར་བླང་དོར་རབ་གསལ་ནོར་བུའི་སྤྲིན་ཆེན།
   
   
   
   
   
   
   
   
   
   
   


 
previous ཞལ་གདམས་གཏམ་ཚོགས་དང་བཅའ་ཡིག་གི་སྐོར་བླང་དོར་རབ་གསལ་ནོར་བུའི་སྤྲིན་ཆེན། next

ཞལ་གདམས་གཏམ་ཚོགས་དང་བཅའ་ཡིག་གི་སྐོར་བླང་དོར་རབ་གསལ་ནོར་བུའི་སྤྲིན་ཆེན།

༄༅། །པྲརུཙཱམཎིབཡོདྷཱརམཧཱནཱམབཀྟྲགཝརྞྞཱབརིཀརཙབིདལེཁབརྒྒཧེཡོཔཱདེཡམཱསྟི།
༄༅། །ཞལ་གདམས་གཏམ་ཚོགས་དང་བཅའ་ཡིག་གི་སྐོར་བླང་དོར་རབ་གསལ་ནོར་བུའི་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ། །
༄༅། །དབེན་པ་ལ་བསྐུལ་བའི་གཏམ་ངེས་པར་འབྱུང་བའི་རྒྱན་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཔག་མེད་ཡོན་ཏན་ཕན་བདེའི་གྲུ་གཟིངས་ཀྱིས། །སྡུག་བསྔལ་སྲིད་མཚོར་བྱིང་བའི་ལུས་ཅན་འགྲོ། །རྣམ་གྲོལ་ཞི་བའི་གླིང་དུ་འདྲེན་མཛད་པའི། །དེད་དཔོན་མཚུངས་མེད་མཆོག་ལ་ཕྱག་བྱས་ནས། །འཁྲུལ་མེད་རྒྱལ་བའི་བསྟན་དང་མཇལ་གྱུར་ཀྱང་། །དོན་མེད་ཚེ་འདིའི་བྱ་བས་ཡིད་བསླུས་ནས། །ཟོལ་མེད་དམ་ཆོས་ཚུལ་བཞིན་མ་གྲུབ་པའི། །མདོ་མེད་རྨོངས་པ་རང་ལ་གྲོས་ཤིག་འདེབས། །སྔོན་བསགས་དགེ་བའི་ལེགས་སྨོན་ས་བོན་ཆེ། །དེང་འདིར་དལ་འབྱོར་སྙེ་མར་འཁྲུངས་གྱུར་ཀྱང་། །ཡུན་དུ་མི་བརྟན་རྨི་ལམ་གཏེར་རྙེད་འདྲ། །སྙིང་ནས་འཆི་ཆོས་སྒྲུབ་ན་མི་འཐད་དམ། །ཕྱི་སྣོད་འཇིག་རྟེན་མེ་ཆུ་རླུང་གིས་འཇིག །དབྱར་རྒུན་སྟོན་དཔྱིད་ནམ་ཟླ་དུས་བཞི་འགྱུར། །སྐད་ཅིག་གཡོ་བ་གློག་དང་འབབ་ཆུ་བཞིན། །སྙིང་ནས་འཆི་ཆོས༴ ནང་བཅུད་འགྲོ་བ་སྐྱེ་རྒ་ན་འཆིའི་གཙེས། །དགྲ་ཉེན་བར་མའི་སྣང་ཚུལ་མི་རྟག་འགྱུར། །ཡིད་བརྟན་མི་རུང་གར་མཁན་འདུ་བྱེད་འདྲ། །སྙིང་ནས༴ གྲོང་ཁྱེར་དྲུག་ཏུ་རྒྱུ་བའི་འགྲོ་བ་རྣམས། །སྔོན་ཆད་མ་ཤི་ལུས་པ་གཅིག་ཀྱང་མེད། །ད་ལྟ་མ་འོངས་རྣམས་ཀྱང་དེ་དང་འདྲ། །སྙིང་ནས༴ ཚངས་དབང་བདེ་འབྱུང་འཁོར་ལོས་སྒྱུར་རྒྱལ་དང་། །མངོན་ཤེས་ལྔ་ལྡན་དྲང་སྲོང་ཆེ་རྣམས་ཀྱང་། །གང་དུ་འཆི་མེད་ས་དེར་ཕྱིན་མ་ནུས། །སྙིང་ནས༴ བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་དཔེའི་དཔལ། །རྟག་པར་ལྟ་ལ་གཟིགས་པ་ཡོལ་ཚུལ་བསྟན། །དམ་ཆོས་མཛོད་ཀྱི་སྣང་བའང་ནུབ་ལ་ཉེ། །སྙིང་ནས༴ ཉན་རང་འཕགས་པ་སློབ་དང་མི་སློབ་དང་། །དེ་བཞིན་འཕགས་བོད་མཁས་གྲུབ་སྐྱེ་བོའི་ཚོགས། །དེང་སང་སྔོན་བྱུང་གཏམ་གྱི་ལྷག་མ་ཙམ། །སྙིང་ནས༴ འདུས་བྱས་རང་བཞིན་མི་རྟག་སྒྱུ་མའི་ལུས། །སྐད་ཅིག་མི་རྟག་གཡོ་ཞིང་འཇིག་པའི་ཆོས། །ཆུ་ཡི་ཆུ་བུར་འདྲ་སྟེ་སྙིང་པོ་མེད། །སྙིང་ནས༴ སྐྱེས་ཙམ་ཉིད་ནས་འཆི་བའི་ལམ་དུ་ཞུགས། །སྐད་ཅིག་མི་སྡོད་རི་གཟར་འབབ་ཆུ་འདྲ། །གསོད་སར་ཁྲིད་པའི་བཙོན་བཞིན་འཆི་ལ་ཉེ། །སྙིང་ནས༴ ལྟག་ཆུ་བཅད་པའི་ཞབས་རྡོལ་རྫིང་བུ་བཞིན། །ཚེ་ལ་བསྣོན་མེད་རྟག་ཏུ་འབྲི་བའི་ཆོས། །དོ་ནུབ་ཙམ་ཡང་མི་འཆིའི་གདེང་ཡོད་མིན། །སྙིང་ནས༴ ནམ་འཆི་ངེས་མེད་རླུང་གསེབ་མར་མེ་འདྲ། །རྒན་གཞོན་བར་མིའི་གོ་རིམ་ངེས་པ་མེད། །སྔོན་ཆད་དགྲ་གཉེན་བར་མའི་འཆི་ཚུལ་སོམས། །སྙིང་ནས༴ རྣག་ཅན་ནད་ཀྱི་གྲོང་ཁྱེར་རྒ་བས་ནོན། །ཉམ་ཆུང་རྩྭ་རྩེའི་ཟིལ་འདྲའི་ལུས་འདི་ལ། །སྙིང་པོ་ཅི་འདུག་ལེགས་པར་སོམས་དང་ཀྱཻ། །སྙིང་ནས༴ འཆི་བའི་རྐྱེན་མང་འཚོ་བའི་རྐྱེན་ཉུང་ཞིང་། །དེ་ཡང་འཆི་བའི་རྐྱེན་འགྱུར་མང་བས་ན། །གློ་བུར་ཚེ་ལ་ཡིད་རྟོན་སུ་ཡིས་འཆའ། །སྙིང་ནས༴ ཟང་ཟིང་ལོངས་སྦྱོང་ཇི་ཙམ་ཆེ་ན་ཡང་། །འཆི་བའི་ཚེ་ན་སྒྲེན་མོ་ལག་སྟོང་འགྲོ། །གྲོ་ཟན་གཅིག་ཙམ་ཁྱེར་བའི་སྐབས་མི་རྙེད། །སྙིང་ནས༴ གཉེན་གྲོགས་སྲིད་སྡེ་ཅི་ཙམ་འབྱོར་ན་ཡང་། །འཆི་བའི་ནངས་པར་གྲོགས་མེད་གཅིག་པུར་འགྲོ། །བྲན་གྱི་ཐ་མ་གཅིག་ཀྱང་ཁྲིད་དབང་མེད། །སྙིང་ནས༴ ཁ་དྲག་སྟོབས་ཤེད་ཆེ་ཡང་བཟློག་མི་ནུས། །བཟོ་གནས་ལག་ཤེས་མཁས་ཀྱང་བསླུ་མི་ཐུབ། །རིགས་གཟུགས་ལང་ཚོས་རྒྱགས་ཀྱང་སྡོད་དབང་མེད། །སྙིང་ནས༴ སྨན་པའི་རྒྱལ་པོ་དངོས་སུ་བྱོན་ན་ཡང་། །ཚེ་ཟད་ནད་ལ་སྨན་གྱིས་བཅོས་མི་ནུས། །མཐུ་སྟོབས་གསང་བདག་བྱོན་ཡང་བཟློག་ནུས་མིན། །སྙིང་ནས༴ མཛའ་བཤེས་གཉེན་གྲོགས་འབུམ་གྱིས་མཐའ་སྐོར་ཡང་། །སྲོག་ཆད་ཚོར་བ་རང་ཉིད་གཅིག་པུས་མྱོང་། །རྗེས་སུ་འབྲང་བ་དགེ་སྡིག་གཉིས་ལས་མེད། །སྙིང་ནས༴ ཐ་ན་གཅེས་པར་བསྐྱངས་པའི་ལུས་འདི་ཡང་། །ཤུལ་དུ་བོར་ནས་དུར་ཁྲོད་བྱ་ཁྱིས་ཟ། །རྣམ་ཤེས་བར་དོར་རྟེན་མེད་འཁྱམས་དགོས་པས། །སྙིང་ནས༴ དེ་དུས་ཕན་པ་དམ་ཆོས་འབའ་ཞིག་ཀྱང་། །རང་གིས་མ་བསྒྲུབས་གཞན་གྱིས་བསྐུར་རྒྱུ་མེད། །མྱོང་འགྱུར་ཐམས་ཅད་རང་གི་ཐོག་ཏུ་འབབས། །དེ་ཕྱིར་འཆི་ཆོས་སྙིང་ནས་སྒྲུབ་ན་འཐད། །དལ་བའི་དུས་སུ་འབད་པས་མ་བསྒྲུབས་ན། །བྲེལ་བའི་དུས་སུ་འགྱོད་ཀྱང་འཕྱིས་ནས་མེད། །དུག་སྦྲུལ་ཁར་ཆུད་སྦལ་པའི་ང་རོ་བཞིན། །དེ་བས་ད་ལྟ་ཉིད་ནས་བརྩོན་རེ་རན། །མི་རྟག་འཆི་བ་སྙིང་ནས་མ་དྲན་རྒྱུས། །ཚེ་གང་ཚེ་འདིའི་བྱ་བར་གཡེང་གཡེང་ནས། །སོ་དཀར་གཞོན་པའི་ལང་ཚོ་ཡོལ་བས་སྐྱོ། །ད་ནི་ཚེ་མཇུག་སྒྲུབ་ལ་གཞོལ་ན་ལེགས། །གྲོས་འདི་སྙིང་ནས་ཡིན་གྱི་ཁ་ཙམ་མིན། །དོན་འདི་ཡིད་ལ་ཟུང་དང་སེམས་ཁྱོད་དགེ། །ཆོས་གྲོགས་མཆེད་ཀྱང་འདི་བཞིན་དགོངས་མཛོད་ལ། །དབེན་པའི་གནས་སུ་སྒྲུབ་ལ་བརྩོན་པར་རིགས། །དབེན་པ་ལ་བསྐུལ་བའི་གཏམ་ངེས་པར་འབྱུ་བའི་རྒྱན་ལས་ཚེ་མི་རྟག་པར་བསྟན་པའི་སྐབས་ཏེ་དང་པོའོ། ། ༈ གྲགས་ལྡན་ལྷར་བཅས་སྐྱེ་དགུས་བཏུད་གྱུར་ཅིང་། །དོན་ལྡན་སྙན་པའི་རོལ་མོས་ས་གསུམ་ཁྱབ། །དད་ལྡན་ཁ་ལོ་དགེ་ལ་སྒྱུར་བའི་གཉེན། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་བྱས་ནས། །དོན་ཆུང་ཚེ་འདིའི་ཁོལ་པོར་རྒྱུག་རྒྱུག་ནས། །དོན་ཆེན་དམ་པའི་ཆོས་ལས་རིང་གྱུར་པའི། །དོན་དང་མི་མཐུན་བ་ལང་གསེར་རྒྱན་ཅན། །དོན་འདི་ལེགས་པར་སོམས་དང་མདོ་མེད་པོ། །འཇིག་རྟེན་འཁྲུལ་བའི་བྱ་གཞག་ཟིན་དུས་མེད། །ཟིན་ཀྱང་དོན་ཆུང་མདོང་གི་རྨི་ལམ་བཞིན། །བྱས་པ་དོན་མེད་སྔ་མ་དེ་ཙམ་ལགས། །ད་ནི་ཚེ་འདིའི་བྱ་གཞག་བོར་ན་ལེགས། །སྔོན་ཆད་འཁྲུལ་པས་བསླུས་པའི་སྐྱེ་བོ་རྣམས། །རྟག་ཏུ་རེ་ནས་བུ་ནོར་རྫས་བསགས་ཀྱང་། །ཐམས་ཅད་ཤུལ་ལུས་རང་ཉིད་གཅིག་པུར་འཁྱམས། །ད་ལྟ་མ་འོངས་རྣམས་ཀྱང་དེའི་རང་བཞིན། །དེ་ཚུལ་སོམས་ལ་དོན་མེད་བྱ་བ་ཐོངས། །ཚེ་གང་ལས་སུ་དགྲ་བཏུལ་གཉེན་བསྐྱངས་ཀྱང་། །དགྲ་ལ་ཐུལ་དང་གཉེན་ལ་འཁྱོང་དུས་མེད། །ཆགས་སྡང་མེ་ཡིས་དགེ་བའི་ལྗོན་ཤིང་བསྲེག །ཚེ་འདིར་མི་ཕན་ཕྱི་མ་དམྱལ་བའི་རྒྱུ། །དེ་ཚུལ་སོམས་ལ་དོན་མེད༴ ཟང་ཟིང་འདོད་ཡོན་ལན་ཚྭའི་བཏུང་བ་འདྲ། །ཇི་ཙམ་འབྱོར་བཞིན་སྲེད་པ་ཕྱི་ཕྱིར་འཕེལ། །སྟོང་གསུམ་བདོག་པ་ཐོབ་ཀྱང་ངོམས་མི་ཤེས། །བསགས་བསྲུངས་བརླགས་པའི་སྡུག་བསྔལ་དེ་ལ་མང་། །དེ་ཚུལ༴ བཟའ་ཚང་གཉེན་འབྲེལ་ལམ་ཐུག་མགྲོན་པོ་འདྲ། །ཡུད་ཙམ་འགྲོགས་ཀྱང་ཐ་མ་སོ་སོར་གྱེས། །དེ་ལ་ཞེན་པས་ཐར་ལམ་སྒོ་མོ་འགགས། །རྩོད་དང་མྱ་ངན་སྡུག་བསྔལ་རྒྱུན་མི་འཆད། །དེ་ཚུལ༴ ཇི་ཙམ་བསྟུན་ཀྱང་གྲོགས་ལ་མགུ་དུས་མེད། །དེ་རིང་མགུ་མགུ་འདྲ་ཡང་སང་ཉིན་འགྱུར། །དགའ་ཡང་དགོས་དུས་མི་ཕན་ཡིད་ཆད་རྒྱུ། །དེ་ལ་བརྟེན་ནས་སྡིག་སྡུག་གཏམ་ངན་འཕེལ། །དེ་ཚུལ༴ འབྱོར་པའི་ཚེ་ན་བསྐྲད་ཀྱང་ཚུར་ཚུར་འདུ། །རྒུད་པར་གྱུར་ན་བོས་ཀྱང་ཨང་མི་སྟེར། །དགོས་པའི་དུས་སུ་གྲོགས་བྱེད་གཅིག་ཀྱང་མེད། །བསྐྱངས་པའི་ཐ་མར་རྩོད་བཅས་འཁོན་གྱེས་རྒྱུ། །དེ་ཚུལ༴ བྱས་པའི་ལས་ལ་ནམ་ཡང་ཟིན་པ་མེད། །གཅིག་རྟིང་གཅིག་སླེབ་ཆུ་ཡི་གཉེར་མ་འདྲ། །དེ་ལ་བརྟེན་ནས་ཆགས་སྡང་དུག་རོ་ལྡང་། །དལ་འབྱོར་ཆུད་འཛའ་ཕྱི་མ་ངན་སོང་རྒྱུ། །དེ་ཚུལ༴ ཚེ་འདིའི་བདེ་སྡུག་སྔོན་བསགས་ལས་ཀྱི་མཐུ། །ལས་དབང་ཆུ་ཀླུང་འཕྲལ་དུ་བཟློག་པར་དཀའ། །སྐྱབས་གནས་དཀོན་མཆོག་མ་གཏོགས་བློ་གཏད་སུ། །ཁ་དྲག་དཔོན་ལ་རེ་རྣམས་ཀྱེ་མ་འཁྲུལ། །དེ་ཚུལ༴ སོ་ནམ་མ་བྱས་ཞིབ་ཏིག་མ་བྱུང་ཡང་། །ཆོས་པ་ལྟོགས་གྲིར་འཆི་བའི་དཔེ་མེད་གསུངས། །ཅུང་ཟད་ཙམ་ལ་འགྱུར་ལྡོག་རྣམ་འགྱུར་བརྒྱ། །ཡོན་བདག་ངོ་སྲུང་མཐུན་འཇུག་འཆིང་བའི་རྒྱུ། །དེ་ཚུལ༴ ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན་འདུ་འཛིའི་གྲོང་། །བྱིས་དང་སྡིག་གྲོགས་མང་པོས་མཐའ་བསྐོར་བས། །ཇི་ལྟར་བྱས་ཀྱང་བདེ་བའི་གོ་སྐབས་མེད། །ཟུགས་ཀྱིས་རབ་བཏབ་འཆི་ཁའི་ནད་པ་བཞིན། །དེ་ཚུལ༴ ཇི་ཙམ་བཀུར་ཡང་གོང་མ་མཉེས་དུས་ཅི། །གང་ལྟར་བསྐྱངས་ཀྱང་འོག་མ་མགུ་དུས་སུ། །གཅིག་སེམས་ཟིན་ཀྱང་ཀུན་སེམས་ཟིན་དུས་མེད། །རང་གིས་རང་འཆིང་སྲིན་བུའི་ཁ་ཆུ་འདྲ། །དེ་ཚུལ༴ རང་གིས་མི་བསྒྲུབ་གཞན་ལ་བསྐུལ་བས་ཅི། །རང་རྒྱུད་མ་འདུལ་གཞན་རྒྱུད་ག་ལ་ཐུལ། །རང་མགོ་མི་ཐོན་གཞན་མགོ་འདོན་དུ་རེ། །རང་བསླུ་གཞན་བསླུ་སྨྱོན་པའི་ཟློས་གར་དངོས། །དེ་ཚུལ༴ སྐྱེས་པ་འཆི་དང་འདུས་པ་འབྲལ་བ་དང་། །བསགས་པ་འཛད་དང་འབྱོར་མཐའ་རྒུད་པའི་རྒྱུ། །གང་ལ་བལྟས་ཀྱང་ཡིད་བརྟན་ཕེར་བ་སུ། །འདི་ལ་ཞེན་རྣམས་ཀྱི་ཧུད་ཕྱུགས་ལས་བླུན། །དེ་ཚུལ་སོམས་ལ༴ ལྷུན་པོའི་སྤོ་ན་མཛེས་པ་ཉམས་དགའི་གྲོང་། །རྣམ་རྒྱལ་ཕོ་བྲང་ལྟ་བུར་གནས་བཅས་ཀྱང་། །འཆི་བའི་ཚེ་ན་གནས་མེད་འབྲོག་སྟོང་འཁྱམས། །ཀྱི་ཧུད་བརྩིགས་པའི་མཁར་གྱིས་སུ་ལ་ཅི། །ཟས་སུ་རོ་བརྒྱ་ལྡན་པའི་ལྷ་བཤོས་དང་། །སྐོམ་དུ་འཆི་མེད་བདུད་རྩིར་ལོངས་སྤྱོད་ཀྱང་། །འཆི་བའི་ཚེ་ན་གསུར་གྱི་དྲི་ལ་རེ། །ཀྱི་ཧུད་ཞིམ་མངར་ཟས་ཀྱིས༴ དཔག་བསམ་ཤིང་ལས་བྱུང་བའི་ལྷ་གོས་དང་། །རིན་ཐང་ཆེ་བའི་ཟ་འོག་གིས་གཡོགས་ཀྱང་། །འཆི་བའི་ཚེ་ན་གོས་མེད་གཅེར་བུར་འགྲོ། །ཀྱི་ཧུད་དྲོ་འཇམ་གོས་ཀྱིས༴ བསམ་པ་ཙམ་གྱིས་འདོད་དགུའི་ཆར་འབེབས་པའི། །ཡིད་བཞིན་ནོར་བུའི་མཛོད་ཁང་སྟོང་ཡོད་ཀྱང་། །འཆི་བའི་ཚེ་ན་ལག་པ་སྟོང་པར་འགྲོ། །ཀྱི་ཧུད་སྒྱུ་མའི་ནོར་གྱིས༴ མཐོང་ན་རབ་དགའ་འགྲོགས་ན་བདེ་བ་ཡི། །གཉེན་གྲོགས་གྲྭ་སློབ་ཁྲི་དང་འབུམ་ཡོད་ཀྱང་། །འཆི་བའི་ཚེ་ན་གྲོགས་མེད་གཅིག་པུར་འགྲོ། །ཀྱི་ཧུད་མཛའ་བཤེས་འཁོར་གྱིས༴ ཀུན་ལ་དབང་སྒྱུར་ས་བདག་རྒྱལ་པོ་ནས། །གྲོང་མཐའ་ཉུལ་བའི་དབུལ་མོ་ལམ་སྒུག་ཡན། །འཆི་བའི་ཚེ་ན་རང་དབང་མེད་པར་མཉམ། །ཀྱི་ཧུད་འཁྲུལ་སྣང་ཚེ་འདིའི་བྱ་བས་ཅི། །སྔོན་ཆད་མ་མྱོང་འཁོར་བའི་དཔལ་འབྱོར་ཅི། །སྔོན་འགྲངས་ད་ལྟ་བཀྲེས་ལ་ཅི་ཞིག་ཕན། །སྔོན་དུས་མ་མྱོང་སྲིད་པའི་སྡུག་བསྔལ་གང་། །ཀྱི་ཧུད་འཁོར་བ་པ་ལ་ཆགས་བྲལ་མེད། །གང་དུ་མ་ཕྱིན་ས་ཕྱོགས་ཡོད་མིན་ཞིང་། །གང་གི་ལྟོར་མ་ཉལ་བའི་སེམས་ཅན་གང་། །གང་ལ་ཉེ་རིང་ལྟ་བ་རང་གི་མཚང་། །ཀྱི་ཧུད་མ་རིག་འདི་ཀོ་འཁྲུལ་ཚབས་ཆེ། །ད་ལྟའི་དུས་བཞིན་གཏན་དུ་མི་སྡོད་དེ། །གནམ་ས་འགྲེ་ལྡོག་བླ་འོག་བསྒྱུར་བ་བཞིན། །སྟོང་གསུམ་དགྲ་རུ་ལྡང་འདྲའི་དུས་ཤིག་འོང་། །ཀྱི་ཧུད་དེ་དུས་བདག་གིས་ཇི་ལྟར་བྱ། །ཤི་བ་ལས་ཀྱང་བར་དོ་ཡ་ང་སྟེ། །འཇིགས་རུང་གཤིན་རྗེའི་སྐྱེས་བུ་མི་བཟད་པས། །དཀར་ནག་རྡེའུ་འདྲེན་ཚེ་ཅི་ཙུག་བྱ། །ཀྱི་ཧུད་དེ་དུས་སྐྱོབ་པ་སུ་ཞིག་ཡོད། །བར་དོ་ལས་ཀྱང་སྐྱེ་བ་ཉམ་ཐག་སྟེ། །གང་དུ་སྐྱེས་ཀྱང་བདེ་བའི་གོ་སྐབས་མེད། །ལོག་པར་ལྷུང་ཚེ་བཅོས་སུ་ག་ལ་ཡོད། །ཀྱི་ཧུད་དཀོན་མཆོག་མཚན་ཙམ་ཐོས་པར་དཀའ། །ད་ལྟའི་དུས་སུ་ཚ་གྲང་བཀྲེས་སྐོམ་དང་། །ངལ་དུབ་ཅུང་ཟད་ཙམ་ཡང་མི་བཟོད་ན། །ངན་སོང་གསུམ་གྱི་སྡུག་བསྔལ་ག་ལ་བཟོད། །ཀྱི་ཧུད་མི་སྐྱེའི་གདེང་ཚད་ཡོད་དམ་ཅི། །དེ་བས་ད་ལྟར་རང་དབང་ཡོད་དུས་འདིར། །གཏན་དུ་ཕན་པའི་ཆོས་ཤིག་མ་འགྲུབ་ན། །འདི་ལས་བསླུས་དང་རྨོངས་པ་དེ་སུ་ཞིག །དེ་ཕྱིར་དོན་མེད་ཚེ་འདིའི་བྱ་བ་ཐོངས། །གྲོས་འདི་སྙིང་ནས་ཡིན་གྱི་སེམས་ལ་ཆོངས། །ཚིག་འདི་དཔེ་ལ་མ་བཞག་ཉམས་དང་སྦྱོར། །དོན་འདི་ལག་ཏུ་ལོངས་དང་སེམས་ཁྱོད་དགེ། །ཚུལ་འདི་སྐལ་བཟང་མཆེད་ཀྱང་དགོངས་འཚལ་ལོ། །དབེན་པ་ལ་བསྐུལ་བའི་གཏམ་ངེས་པར་འབྱུང་བའི་རྒྱན་ལས་ཅིས་ཀྱང་དགོས་མེད་བསྟན་པའི་སྐབས་ཏེ་གཉིས་པའོ། ། ༈ མང་མང་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །མཚར་མཚར་སྲིད་པར་རྗེས་སུ་ཆགས་པའི་གར། །ཟབ་ཟབ་གདམས་པའི་བཅུད་སྩོལ་དྲིན་ཆེན་རྗེར། །ཡང་ཡང་བཀའ་དྲིན་དྲན་པའི་ཕྱག་གིས་འདུད། །སྙན་སྙན་མི་ལ་བཤད་ཀྱང་རང་ལ་མེད། །བྱས་བྱས་རྣམ་གྲངས་མང་ཡང་གྲུབ་འབྲས་སྟོང་། །ཡིན་ཡིན་སྣང་བ་མཐོ་ཡང་ཐ་མལ་པ། །ཆོས་མེད་དྲེད་པོ་ཁྱོད་ལ་གྲོས་ཤིག་འདེབས། །དེང་སང་ལྔ་བདོའི་རྒུད་པའི་མུན་པས་ཁེབ། །སྣོད་བཅུད་དཔལ་ཉམས་དགེ་བཅུའི་སྣང་བ་ནུབ། །མཐའ་མི་ཀླ་ཀློ་འབྱུང་བྱའི་ཐན་སྐད་སྒྲོགས། །འདི་འདྲའི་དུས་སུ་སྐྱོ་བ་མི་འཕེལ་ལམ། །དམ་པའི་སྐྱེ་བུ་ཕལ་ཆེར་ཞིང་གཞན་གཤེགས། །རྒྱལ་བསྟན་ཉི་མ་ནུབ་རིའི་རྩེ་ལ་གཞོལ། །བཤད་སྒྲུབ་བསྟན་པའི་མངའ་ཐང་ཕལ་ཆེར་ཉམས། །འདི་འདྲའི་དུས་སུ༴ གནའ་དུས་བཟང་པོའི་ལུགས་སྲོལ་ཕལ་ཆེར་ནུབ། །ད་དུས་སྐྱེ་བོ་ངན་པའི་བསམ་སྤྱོད་བདོ། །ལེགས་སྣ་མི་འདྲེན་ཉེས་སྣ་འབའ་ཞིག་འདྲེན། །འདི་འདྲའི༴ ཆོས་བཞིན་སྤྱོད་རྣམས་ཀུན་གྱིས་བརྙས་ཤིང་སྨོད། །ཆོས་མིན་སྤྱོད་རྣམས་མངའ་ཐང་འབྱོར་པ་རྒྱས། །ངན་པ་ཁ་འཆམ་བཟང་པོ་ཁྱད་དུ་གསོད། །འདི་འདྲའི༴ དྲང་པོར་གནས་ན་ཀུན་གྱིས་སྐྱོན་དུ་བརྩི། །ངན་གཡོ་ཅན་རྣམས་ཀུན་གྱིས་ལྷ་བཞིན་བཀུར། །བཟང་དྲིན་མི་གཟོ་ངན་ལེན་ཐབས་ཀྱིས་འཇལ། །འདི་འདྲའི༴ བདེན་པར་སྨྲས་ན་ཉན་མཁན་གཅིག་ཀྱང་མེད། །བསླུ་བྱེད་བརྫུན་ཚིག་རྣ་བའི་བདུད་རྩིར་འཛིན། །ཕན་པར་སྨྲས་ཀུན་སྙིང་ལ་ཁོང་སྐྲན་རྒྱུ། །འདི་འདྲའི༴ སྤྱི་ཚིས་ཅན་རྣམས་ཀུན་གྱིས་དགྲ་རུ་འཛིན། །རང་འདོད་མཁན་རྣམས་ཡུལ་གྱི་གཙོ་བོར་བསྐོར། །བཟང་པོ་ཡིད་ཆད་ངན་པ་ཁོང་སྤྲོ་འཕེལ། །འདི་འདྲའི༴ ཉམ་ཆུང་ཆོས་ལྟར་སྤྱོད་རྣམས་ཁྱི་བས་ལོད། །སྡིག་སྤྱོད་ཁ་དྲག་འཛོམས་ལ་ཀུན་གྱིས་སྨོན། །དཀར་ཕྱོགས་ཉམས་དམའ་ནག་ཕྱོགས་དབུ་རྨོག་མཐོ། །འདི་འདྲའི༴ འབྱོར་པས་དམན་ན་ཀུན་གྱིས་དགྲ་ལྟར་སྡང་། །ཆོས་དང་བསྟུན་ན་ཀུན་གྱིས་འཕྱར་ཀ་སྒྲོགས། །ཕན་སེམས་སྙོམས་ཀྱང་ཀུན་གྱིས་སྙད་རེ་འདོགས། །འདི་འདྲའི༴ ལྷག་བསམ་བསྐྱེད་ཀྱང་ཀུན་གྱིས་འཁྱོག་པོར་མཐོང་། །དམན་ཆ་བཟུང་ཡང་གོང་མའི་ཐུགས་དང་འགལ། །ཕམ་ཁ་བླངས་ཀྱང་བཀའ་བཀྱོན་ཆར་བཞིན་འབབ། །འདྲི་འདྲའི༴ ཆེན་པོ་ཕལ་ཆེར་གཡོན་ཅན་འཁོར་ལ་བྱམས། །ཉམ་ཆུང་དྲང་པོར་གནས་ཀུན་ཐབས་ཀྱིས་འདོར། །ཆོས་ལྡན་མི་གཟིགས་ནོར་ལྡན་འབའ་ཞིག་གཟིགས། །འདི་འདྲའི༴ གཙོ་བོ་ཕལ་ཆེར་སྤྱི་ཚིས་འདུན་གྲོས་ཆུང་། །བདེན་བརྫུན་མི་གཞིག་ཕག་ནོར་ཆེ་ཆུང་གཟིགས། །ཉེས་མེད་རྣམས་ལ་ཆད་ལས་ཆར་ལྟར་འབབ། །འདི་འདྲའི༴ དགོན་སྡེ་ཕལ་ཆེར་འདོད་ཡོན་འདུ་འཛི་གཉེར། །ཐོས་བསམ་མི་གཉེར་ཚོང་དང་སོ་ནམ་གཉེར། །སྲོག་གཅོད་འཕྲོག་བཅོམ་གྲོང་ཡུལ་ཕལ་ལས་ཐུ། །འདི་འདྲའི༴ མཆེད་གྲོགས་ཕལ་ཆེར་དད་དང་དག་སྣང་འགྲིབ། །ཕན་ཚུན་མི་མཐུན་ཕོ་རོག་འུག་པའི་མཆེད། །ནང་འཐབ་ནུབ་འཐབ་དམ་ཚིག་ཆུ་ལ་འཕོ། །འདི་འདྲིའི༴ སྐྱེ་བོ་ཕལ་ཆེར་བསམ་སྤྱོད་ཕྱིན་ཅི་ལོག །བྱས་ན་དགའ་བ་གཅིག་ཀྱང་མི་བྱེད་ལ། །མི་རུང་བྱ་བ་བརྒྱ་ཕྲག་ཁུར་དུ་ལེན། །འདི་འདྲའི༴ ཀུན་ཀྱང་མི་བདེན་དབྱེན་བཅུག་ཕྲ་མ་མཁན། །ངོས་ནས་བསྟོད་ལ་ལྐོག་ཏུ་ཡ་ག་སྒྲོགས། །ཟས་ལ་དགའ་ཞིང་འབབ་པའི་ལས་ལ་བྱོལ། །འདི་འདྲའི༴ ལེགས་པ་གང་བྱུང་རང་གི་ངོ་སོར་ཁྱེར། །ཉེས་པ་བྱུང་ཚེ་རང་སྐྱོན་གཞན་ལ་བཀལ། །བསླབས་ན་མི་ཉན་བཟང་ལན་ངན་གྱིས་འཇལ། །འདི་འདྲའི༴ ཇི་ཙམ་བསྟུན་ཡང་མགུ་བའི་དུས་མེད་པར། །ཅུང་ཟད་རེ་ལ་དགའ་སྡུག་རྣམ་འགྱུར་བརྒྱ། །རང་གཞན་གཉིས་བསྲེགས་ནག་ལ་མེ་མཆེད་འདྲ། །འདི་འདྲའི༴ དེ་སོགས་སྙིགས་མར་གྱུར་པའི་སྤྱོད་ཚུལ་རྣམས། །མང་དུ་བརྗོད་ན་གཞན་རྒྱུད་འཁྲུགས་པའི་རྒྱུ། །མདོ་ཙམ་བསྙད་འདིས་ཉེ་བར་མཚོན་བྱོས་ལ། །བས་མཐར་རང་ཉིད་གཅིག་པུར་གནས་པར་འོས། །བྱིས་པ་རྣམས་ལས་བདག་དོན་འབྱུང་མིན་ཞིང་། །བདག་ཀྱང་དེའི་དོན་འགྱུར་བ་མེད་དེའི་ཕྱིར། །བྱིས་པའི་གྲོགས་ལས་རྒྱང་རིང་བྱོལ་བྱོས་དང་། །དེ་ཡི་ཡོན་ཏན་ཕྱིས་ནས་མཐོང་བར་འགྱུར། །དེ་སྐད་ཕན་པར་འདོམས་པའི་སྙན་དབྱངས་འདི། །ལེགས་པར་ཉན་ན་སེམས་ཁྱོད་ཀུན་ཏུ་དགེ། །གལ་ཏེ་འདས་ན་ཉེས་པ་ཀུན་འདུ་བས། །གཡོ་བའི་སེམས་ཁྱོད་ངེས་པར་ཚར་གཅོད་འོས། །དང་པོ་དགེ་བ་ངེས་འབྱུང་སྐྱོ་ཤས་བསྐྱེད། །བར་དུ་དགེ་བ་དབེན་པར་འདུ་འཛི་སྐྱུངས། །ཐ་མར་དགེ་བ་འོད་གསལ་ཆོས་སྐུ་སྦྱོར། །སྐལ་བཟང་མཆེད་ཀྱང་དེ་ལྟར་མཛད་འཚལ་ལོ། །དབེན་པ་ལ་བསྐུལ་བའི་གཏམ་ངེས་པར་འབྱུང་བའི་རྒྱན་ལས་སྙིང་ནས་སྐྱོ་ཤས་བསྐྱེད་པའི་སྐབས་ཏེ་གསུམ་པའོ། ། ༈ དཔག་ཡས་ཡོན་ཏན་རྡུལ་མང་བརྩེགས་པའི་སྤོར། །གཞན་ཕན་བསྡུ་བཞིའི་ནགས་ཚལ་ལྷུན་འཐུག་ཅིང་། །དོན་གཉིས་མཐར་ཕྱིན་གངས་ཀྱི་སྟོད་གཡོགས་མཛེས། །སྔོན་མེད་དབེན་པའི་རྒྱལ་ལ་ཕྱག་བྱས་ནས། །ཡོན་ཏན་གཞིར་གྱུར་དལ་བའི་རྟེན་རྙེད་ཀྱང་། །ཡེངས་མ་ལམ་ལ་མི་ཚེ་སྟོང་ཟད་མཁན། །གཡེང་བའི་རང་བཞིན་སེམས་ཀྱི་སྤྲེའུ་ཁྱོད། །ཡང་དག་དབེན་པའི་བསྔགས་པ་བཤད་ཀྱིས་ཉོན། །ནགས་ནི་རྒྱལ་བ་ཀུན་གྱིས་ལེགས་བསྔགས་ཤིང་། །རྩོད་དང་རྣམ་གཡེང་འདུ་འཛི་ངང་གིས་ཞི། །དད་དང་ངེས་འབྱུང་སྐྱོ་ཤས་ངང་གིས་འཕེལ། །ཟག་མེད་ཞི་བའི་དཔལ་ཀུན་ངང་གིས་འདུ། །བསྐལ་མང་གོམས་པའི་ཐུགས་བསྐྱེད་ཁ་ལོ་ཡིས། །ཉེར་བསྒྱུར་ལྷ་མིའི་བླ་མ་མཆོག་དེས་ཀྱང་། །རིན་ཆེན་བདུན་གྱི་འབྱོར་པ་ཡོངས་བཏང་ནས། །དབེན་པའི་གནས་སུ་དཀའ་ཐུབ་བདུད་རྩི་བཞེས། །སྐྱོབ་པ་མཆོག་དེས་བརྩེ་བས་རྗེས་འཇུག་ལ། །སྦྱངས་ཡོན་བཅུ་གཉིས་འཕགས་ནོར་སྐལ་བར་སྩལ། །ནོར་མཆོག་འདི་ལ་བརྟེན་ནས་མང་པོ་ཞིག །བདེ་བའི་ལམ་ནས་བདེ་བར་གཤེགས་ཞེས་གྲགས། །དེང་སང་སྙིགས་སྤྱོད་གདུག་པས་ཉེར་གཙེས་པའི། །མི་བསྲུན་སྦྲུལ་ཚང་ལྟ་བུའི་ཉམ་ང་ལས། །བདེ་བར་དབུགས་འབྱིན་སྦྱིན་པོ་འདི་ཁོ་ན། །རང་དབང་བདེར་སྤྱོད་ལྷ་དབང་དཔལ་གྱིས་མིན། །ངེས་འབྱུང་རླུང་གི་བ་དན་གྱིས་བསྐྱོད་པའི། །ལུས་ཀྱི་གྲུ་གཟིངས་ཡུད་ཙམ་འདི་ཕྱོགས་སུ། །གཡོ་བའི་བསོད་ནམས་ཕུང་པོའང་གཞལ་དཀའ་ན། །ཚུལ་བཞིན་བརྟེན་པའི་ཡོན་ཏན་སྨོས་ཅི་འཚལ། །གངས་རིའི་ལ་ཐོད་ཆར་སྤྲིན་སྟོད་གཡོགས་འཛིན། །དགའ་བའི་ནགས་ཚལ་ཡིད་འོད་སྨད་ཤམ་སྤུད། །དུས་རླུང་འཁྲེན་{འཁྲེམས}པས་བསིལ་བའི་རེག་བྱ་ཅན། །མཛེས་པ་འདི་མཚུངས་ལྷ་ཡུལ་ས་ལའང་མེད། །མ་བརྩེགས་བྲག་རིའི་བ་གམ་ལྷུན་ཆགས་ཤིང་། །མ་འབད་རྩ་བ་ལོ་མའི་ཁ་ཟས་ལྡན། །མ་བསྐུལ་དུས་བཞིའི་རྒྱལ་མོའི་སྐྱོ་གྲོགས་ངོམས། །མ་བསྐྲད་རྩོད་དང་འདུ་འཛི་རིང་དུ་བྱས། །ཉི་མས་གནམ་སྔོན་བཞུས་པའི་ཁུ་བ་ནི། །གཅིག་ཏུ་བསྐྱིལ་འདྲ་དྭངས་པའི་མཚོ་རྫིང་རྣམས། །བྱ་ཚོགས་མང་པོ་སྐད་སྙན་སྒྲོགས་པས་ཁེངས། །འཇིག་རྟེན་བྱེད་པོས་ཆེད་དུ་བཀོད་པ་བཞིན། །སྲིད་པ་བརྟན་གཡོའི་མཛེས་ཆོས་དྭངས་མ་ཀུན། །གཅིག་ཏུ་སྤུངས་འདྲའི་སྣ་ཚོགས་ཆུ་སྐྱེས་ཕྲེང་། །ཉིན་བྱེད་འོད་ཀྱིས་གསར་དུ་ཁ་ཕྱེ་བ། །དཀའ་ཐུབ་པ་ལ་དགའ་བས་དགོད་པ་འདྲ། །བདུད་རྩིའི་བཏུང་བས་མྱོས་བའི་བྷྲཿམ་ར། །དར་དིར་མགྲིན་པའི་རྫ་རྔ་འཁྲོལ་བཞིན་དུ། །ཆགས་མེད་ཀུན་ཏུ་རྒྱུ་བའི་ངང་ཚུལ་འདིས། །ཞེན་ལོག་དཀའ་ཐུབ་སྒྲུབ་ལ་བསྐུལ་བར་ངེས། །ལོ་འདབ་གསར་འཁྲུངས་ལྷ་རྫས་གོས་ཀྱིས་བཀླུབས། །འཛུམ་བཞད་མེ་ཏོག་ནོར་བུའི་ཅོད་པཎ་ཅན། །ཕན་ཚུན་ཡལ་གའི་ལག་པ་སྦྲེལ་བཞིན་དུ། །དཀའ་ཐུབ་པ་དེའི་མདུན་ནས་བསུ་བ་བཞིན། །འགྲོགས་ན་བདེ་བའི་རི་སྐྱེས་བུ་མོ་རྣམས། །བག་ཕེབས་རྩ་ཆུའི་འཚོ་བར་ཉེར་བརྟེན་ནས། །བཻཌཱུཪྱ་ལྟར་མཛེས་པའི་འདྲེན་བྱེད་ཀྱིས། །དཀའ་ཐུབ་པ་ལ་ཡང་ཡང་ལྟ་བར་བྱེད། །དྲི་བཞོན་དལ་བུར་རྒྱུ་བའི་རེག་བྱ་ཡིས། །སྐབས་སུ་དུབ་པ་སེལ་བའི་བསྙེན་བཀུར་ཡང་། །ནོར་བུའི་ཡུ་བས་བརླིང་བའི་རྔ་ཡབ་ཅན། །བུད་མེད་མཆོག་རྣམས་རྩོལ་བས་དེ་ལྟར་མིན། །ཕུ་ཆུ་ལྷུང་ལྷུང་སྙན་པའི་སྒྲ་འབྱིན་ཅིང་། །ཡིད་འོང་སྦུ་ཕྲེང་གསར་པའི་མཛུམ་དཀར་ཅན། །བསིལ་བའི་རེག་བྱ་སྟོབས་པའི་དགའ་སྟོན་ཕུལ། །མཐོ་རིས་བུ་མོར་འབྲང་བས་དཔེར་འོས་ཅི། །དཀའ་ཐུབ་པ་དག་བག་མེད་མ་བྱེད་ཅེས། །རབ་མཛེས་སྤྲིན་སྔོན་གསར་པའི་ཕང་པ་ནས། །མྱུར་དྲག་གློག་གི་ཐག་པ་གཡོ་བ་དང་། །ཆབས་ཅིག་དབྱར་རྔའི་སྒྲ་ཡིས་བསྐུལ་བའང་ཡོད། །སྲིད་པ་གཡོ་བའི་རང་བཞིན་སྙིང་པོ་མེད། །ཡིད་བརྟན་མི་རུང་བརྩོན་པས་སྒྲུབས་ཤིག་ཅེས། །དཀའ་ཐུབ་པ་ལ་ཉེ་བར་སྒྲོན་སླད་དུ། །དུས་བཞིར་འགྱུར་བའི་སྣང་ཚུལ་ཅིར་ཡང་ངོམ། །སྙིང་རྗེའི་བརླན་དང་བྲལ་བའི་ཐ་བ་ལ། །ཐེག་ཆེན་ལམ་གྱི་ཡོན་ཏན་མི་སྲིད་ཅེས། །བསིལ་བཅུད་རྐང་པས་འཐུང་བའི་ཆུ་སྐྱེས་རྣམས། །ཕང་ཕུང་མགོ་ལྕོག་ལྡེམ་པ་དག་ཀྱང་ཡོད། །བརྒྱུད་ལྡན་བླ་མའི་བྱིན་རླབས་མ་ཞུགས་ན། །འོད་གསལ་ཆོས་སྐུའི་རང་ཞལ་མི་ངོམ་ཞེས། །དྲོད་བཅུད་སྤྱི་བོས་ལེན་པའི་འདབ་སྟོང་ཚོགས། །ཡང་ཡང་ཉིན་བྱེད་དབང་པོའི་ཞལ་ལ་བལྟ། །ཐབས་དང་ཤེས་རབ་གཤོག་ཡངས་མ་བརྐྱངས་ན། །རྣམ་མཁྱེན་མཁའ་ལ་བསྐྱོད་པར་མི་ནུས་ཞེས། །རླུང་གཤོག་རྩལ་ལྡན་འདབ་བཟང་དབང་པོ་རྣམས། །རྟེན་མེད་ལྷ་ལམ་གྱ་གྱུར་གཤེགས་ལ་ཕྱོགས། །སྨིན་བྱེད་དབང་བཞིའི་ཆབ་ཀྱིས་མ་བྲན་ན། །གྲོལ་བྱེད་རིམ་གཉིས་མྱུ་གུ་མི་སྨིན་ཞེས། །ཟིལ་བུ་དལ་གྱིས་བབ་པའི་སྦྲང་ཆར་བྱིས། །རྩྭ་ལྗང་མྱུ་གུ་གསར་པའི་དགའ་སྟོན་སྤེེལ། །ཉེས་ལྟུང་རྙོག་མས་སྦགས་པའི་རྫིང་བུ་རུ། །དངོས་གྲུབ་ཡིད་བཞིན་གཟུགས་བརྙན་མི་འཆར་ཞེས། །རབ་མཛེས་སྟོན་ཟླ་གསར་པའི་འཛུམ་ཟེར་གྱིས། །ཡང་ཡང་རྙོག་མ་བགྲུང་བའི་ཆོ་གས་བྲེལ། །ང་དྲུང་བསྙེགས་པས་སྔོན་གྱི་དམ་པ་རྣམས། །དོན་གཉིས་འབྲས་བུ་ཅི་དགར་སྨོན་ནོ་ཞེས། །འབྲས་བུའི་ལྕིད་ཀྱིས་གནོན་པའི་ལྕུག་ཕྲན་རྣམས། །དུད་པའི་ཡིད་ཀྱིས་ཡང་ཡང་འདུད་པར་བྱེད། །རྟག་ཆད་མཐའ་དང་བྲལ་བའི་ལྟ་བ་མཆོག །མཚན་འཛིན་སྤྲོས་པའི་གཟེབ་ཏུ་མ་གཞུག་ཅེས། །སྔོ་བསངས་སྤྲིན་ཐག་ཆད་པའི་ལང་ཚོ་ཡིས། །ཡང་ཡང་གདམས་ཟབ་ནུ་མ་བསྣུན་ལ་བརྩོན། །བསལ་བཞག་སྤང་ལེན་བྲལ་བའི་སྒོམ་པ་མཆོག །བློས་བྱས་བཅོས་མའི་རླུང་གིས་མ་བསྐྱོད་ཅེས། །བརྟན་བརྗིད་ལྷུན་ཆགས་གངས་ཀྱི་ལྷུན་པོ་མཆོག །གཡོ་མེད་སྐྱིལ་ཀྲུང་གཅིག་གི་བརྟུལ་ཞུགས་འཛིན། །སྣ་ཚོགས་ཉམས་མྱོང་བྱིས་པ་འདྲིད་པའི་ཆོས། །བདེ་གསལ་མི་རྟོག་ཉམས་ལ་མ་ཞེན་ཞེས། །རབ་མཛེས་དབང་གཞུ་གསར་པའི་རི་མོ་དག །ཡང་ཡང་འདྲེན་བྱེད་དགའ་བའི་གསོས་སུའང་རྒྱུ། །ཆགས་མེད་ཞེན་མེད་སྤྱོད་པའི་བརྟུལ་ཞུགས་མཆོག །ཆོས་བརྒྱད་ཞེན་པའི་སྒྲོག་ཏུ་མ་བཅུག་པར། །ཚོགས་དྲུག་རོ་སྙོམས་ཕྱོགས་མེད་གྱིས་ཤིག་ཅེས། །སྐྱི་སེར་རླུང་པོ་ཡང་ཡང་རྒྱུ་ལ་ཕྱོགས། །མ་བཙལ་ལྷུན་རྫོགས་འབྲས་བུའི་རྒྱལ་པོ་མཆོག །རང་ལ་ཡོད་ཀྱི་གཞན་ནས་ཚོལ་མི་དགོས། །རེ་དོགས་རྩོལ་བས་རང་ཞལ་མ་སྒྲིབ་ཅེས། །སྤྲིན་བྲལ་ཉི་ཟླའི་དཀྱིལ་འཁོར་གསལ་པར་ངོམ། །རང་རྒྱུད་དུལ་ན་གཞན་ཕན་ཕྲིན་ལས་རྒྱུན། །རྩོལ་བ་མེད་པར་ཤུགས་ཀྱིས་འབྱུང་ངོ་ཞེས། །ནོར་འཛིན་གཞི་ལ་འབྲས་དྲུག་རྩི་སྨན་རིགས། །འབད་པ་མེད་པར་ངང་གིས་སྨིན་པར་བྱེད། །དེ་སོགས་སྣང་གྲགས་བརྡ་ཡི་བླ་མ་ཡིས། །ཟབ་རྒྱས་གདམས་པའི་མེ་ལོང་ངོམ་པའི་མཐུས། །འོད་གསལ་ཆོས་སྐུའི་བླ་མ་ནང་ནས་མཇལ། །ཚེ་འདིར་དོན་གཉིས་རྒྱལ་སར་དབང་འབྱོར་འགྱུར། །དེ་སླད་སྐལ་བ་བཟང་ལྡན་དགེ་བའི་མཆེད། །དོན་མེད་ཚེ་འདིའི་བྱ་བར་མ་ཞེན་པར། །དབེན་གསུམ་བདུད་རྩིའི་དགའ་སྟོན་ལེགས་བཞེས་ནས། །ཚེ་འདིར་སྲིད་པའི་རྒྱ་མཚོ་ཕྱིར་བསྙིལ་མཛོད། །དེ་སྐད་ཕན་འདོམས་ཨུཏྤལ་གསར་པའི་ཕྲེང་། །བདག་བློ་ངེས་འབྱུང་བསིལ་བུས་བསྐྱོད་པའི་ཚེ། །རྡོ་རྗེའི་མཆེད་ཟུང་དགྱེས་པའི་མཆོད་རྫས་སུ། །སྙན་ཚིག་མེ་ཏོག་རྒྱས་པའི་ཚལ་ནས་ཕྱུང་། །དགེ་བ་འདི་ཡིས་བདག་དང་འགྲོ་བ་རྣམས། །བྱང་ཆུབ་ཤིང་དབང་དྲུང་དུ་མྱུར་འདུག་སྟེ། །མི་སྙན་སྨྲ་བའི་བདུད་ཚོགས་ཕམ་བྱས་ནས། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །དབེན་པ་ལ་བསྐུལ་བའི་གཏམ་ངེས་པར་འབྱུང་བའི་རྒྱན་ལས། །དབེན་པའི་ཡོན་ཏན་ལ་བསྔགས་པའི་སྐབས་ཏེ་བཞི་པའོ། །དབེན་པ་ལ་བསྐུལ་བའི་གཏམ་ངེས་པར་འབྱུང་བའི་རྒྱན་ཞེས་བྱ་བ་མདོ་ཁམས་ལྷོ་རྒྱུད་དུ་བྱུང་བའི་བཙུན་པ་དབྱངས་ཅན་དགྱེས་པའི་སྡེས་ངེས་པར་འབྱུང་བའི་བློས་བརྗོད་པ་དོན་དང་ལྡན་པར་གྱུར་ཅིག །།།


previous ཞལ་གདམས་གཏམ་ཚོགས་དང་བཅའ་ཡིག་གི་སྐོར་བླང་དོར་རབ་གསལ་ནོར་བུའི་སྤྲིན་ཆེན། next