Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
   
  expand section
  expand section
   
   
  expand section
   
   
   
   
   
   
   
བྱང་ཆུབ་སེམས་དཔའི་བསླབ་བྱ་མདོ་ཙམ་བརྗོད་པའི་གཏམ་གཞོན་ནུ་ཀུན་ཏུ་དགའ་བའི་ཟློས་གར།
   
   
   
   
   
   
   
   
   


 
previous བྱང་ཆུབ་སེམས་དཔའི་བསླབ་བྱ་མདོ་ཙམ་བརྗོད་པའི་གཏམ་གཞོན་ནུ་ཀུན་ཏུ་དགའ་བའི་ཟློས་གར། next

བྱང་ཆུབ་སེམས་དཔའི་བསླབ་བྱ་མདོ་ཙམ་བརྗོད་པའི་གཏམ་གཞོན་ནུ་ཀུན་ཏུ་དགའ་བའི་ཟློས་གར།

༄༅། །བྱང་ཆུབ་སེམས་དཔའི་བསླབ་བྱ་མདོ་ཙམ་བརྗོད་པའི་གཏམ་གཞོན་ནུ་ཀུན་ཏུ་དགའ་བའི་ཟློས་གར་ཞེས་བྱ་བར་བཞུགས་སོ། །ན་མོ་གུ་རུ། ཕུལ་བྱུང་མཁྱེན་རབ་མཐའ་བྲལ་ལྷ་ལམ་དུ། །བྱམས་བརྩེའི་སྤྲིན་ལས་དམ་ཆོས་སྨན་ཆར་གྱིས། །གདུལ་འགྲོའི་རྣམ་གྲོལ་མྱུ་གུ་བསྐྱེད་ནུས་པའི། །ཀུན་མཁྱེན་བླ་མ་སྙིང་དབུས་རྟག་བཞུགས་གསོལ། །རྨད་བྱུང་ཐུགས་རྗེའི་གྲིབ་མ་བསིལ་པོ་ཡིས། །འགྲོ་རྒྱུད་ལས་ཉོན་ཚད་གདུང་གཞིལ་མཛད་པའི། །དཀོན་མཆོག་རིན་ཆེན་གསུམ་གྱི་གདུགས་དཀར་གྱིས། །ཡིད་ཅན་ཀུན་ལ་དགེ་ལེགས་གཡོ་མེད་མཛོད། །དེ་ཡང་རང་བྱུང་སྤྲུལ་པའི་ཞིང་གི་མཆོག །པད་དཀར་འཆང་བ་དགྱེས་པས་བཟུང་བའི་གནས། །ཡི་དམ་སྒྲུབ་སྡེ་བརྒྱད་ཀྱི་ཕོ་བྲང་དབུས། །འོག་མིན་བླ་ན་མེད་པའི་གཞལ་མེད་ཁང་། །བཀོད་པ་རབ་རྫོགས་དབུས་སུ་སེང་གེའི་ཁྲིར། །སྟོན་པ་གསང་བདག་དཔའ་བོ་རྡོ་རྗེ་ཆོས། །སྟོབས་བཅུ་མི་འཇིགས་མ་འདྲེས་ཆོས་ཀྱིས་སྤྲས། །དུས་གསུམ་རྒྱལ་བའི་གསང་བའི་མཛོད་འཛིན་ཅིང་། །ཐེག་ཀུན་རྩེ་རྒྱལ་ཡོ་ག་རྣམ་གསུམ་གྱི། །བཀའ་རྣམས་བསྡུ་ཞིང་འཁོར་ལ་འདོམས་པར་མཛད། །དེ་ཚེ་གནས་དེར་བྱང་སེམས་རིག་པ་འཛིན། །ལྷ་དང་གནོད་སྦྱིན་དྲི་ཟ་མིའམ་ཅི། །དྲང་སྲོང་གྲུབ་པར་སྐལ་བར་ལྡན་རྣམས་འདུ། །རང་སྐལ་འཚམ་པའི་ཆོས་ལ་ལོངས་སྤྱོད་དོ། །སྐབས་ཤིག་བྱང་ཕྱོགས་བསིལ་ལྡན་ནས་ལྷགས་པའི། །བྲམ་ཟེའི་ཁྱེའུ་པདྨའི་ངང་ཚུལ་ཞེས། །སྤྱོད་པ་ཁྲུས་དང་གཙང་སྦྲ་བག་ཡངས་སྤྱད། །གཡོ་རྒྱུ་མེད་པས་གང་དྲན་ཁར་སྨྲ་བའི། །ཤཱཀྱའི་སྲས་ཀྱི་རྗེས་སུ་སློབ་སྙམ་ཞིག །འཁོར་གྱི་འདུས་པའི་ནང་དེར་འདུག་པར་གྱུར། །དེ་ཚེ་ཟླ་བོ་གདོལ་པའི་ཕྲུ་གུ་ཡིས། །བྲམ་ཟེའི་ཁྱེའུ་དེ་ལ་འདི་སྐད་ཟེར། །ཀྱེ་ཀྱེ་བྲམ་ཟེའི་ཁྱེའུ་ཁྱོད། །ཚུལ་འཆོས་མེད་པས་ལུས་རེ་མཛེས། །རྫུན་ཚིག་སྤངས་པས་ངག་རེ་འཇམ། །ཁྲུས་དང་གཙང་སྦྲ་བག་རེ་གཙང་། །པདྨའི་ངང་ཚུལ་ཡིད་དུ་འོང་། །རྣ་བར་སྙན་པའི་ཚིག་ཤིག་ཤོད། །སེམས་ལ་ཕན་པའི་གཏམ་ཞིག་སྨྲོས། །ཞེས་ཟེར་རོ། །དེ་ལ་སྨྲས་པ། དཔལ་ལྡན་ཚོགས་གཉིས་ཆུ་གཏེར་ལས་འཐོན་མཁྱེན་བརྩེའི་ཆ་རྫོགས་རྒྱལ་བའི་ཟླ། །འཕགས་ཚོགས་སྒྱུ་སྐར་ཕྲེང་བས་ཡོངས་མཛེས་སྲིད་པའི་རིམས་ནད་མཐར་བྱེད་པའི། །དམ་ཆོས་བདུད་རྩིའི་འོད་དཀར་སྤྲོ་ལ་དངོས་པོ་ཀུན་གྱིས་ཕྱག་བྱས་ནས། །སྙིང་ལ་འབབ་པའི་གཏམ་གྱི་སྦྱོར་བ་ཅུང་ཟད་སྤྲོ་ཡིས་ལེགས་པར་ཉོན། །ངན་སོང་གསུམ་དང་འདུ་ཤེས་མེད་པའི་ལྷ། །ཀླ་ཀློ་དག་དང་ལོག་པར་ལྟ་བ་ཅན། །སངས་རྒྱས་ཀྱིས་སྟོང་ལྐུགས་པར་མ་སྐྱེས་པས། །ཁྱོད་ཀྱི་དལ་བ་ཕུན་ཚོགས་རྙེད་པ་ལགས། །ཆོས་ཚིགས་ཡུལ་དབུས་མི་ལུས་གཙང་མར་སྐྱེས། །དབང་པོ་ཀུན་ཚང་ལས་ཀྱི་མཐའ་མ་ལོག །ཡོན་གྱི་གནས་ལ་དད་པའི་སྟོབས་འཕེལ་བ། །འདི་འདྲ་བསྐལ་མང་རྙེད་དཀའ་དོན་ལྡན་མཛོད། །ཉི་མའི་གཉེན་བྱོན་རིམ་གསུམ་ཆོས་འཁོར་བསྐོར། །བསྟན་པ་གནས་ཤིང་དང་བས་དེར་ཞུགས་པའི། །ཕུན་ཚོགས་གྲོགས་ལྡན་དགེ་བའི་བཤེས་ཀྱིས་ཟིན། །འདི་འདྲའི་འབྱོར་པ་རྙེད་ལ་སྤྲོ་བར་མཛོད། །སྔོན་བསགས་རྣམ་དཀར་ཚུལ་ཁྲིམས་ས་བོན་ཆེ། །ལེགས་སྨོན་བཟང་པོའི་རྐྱེན་གྱིས་ལེགས་བསྐྱེད་པས། །ད་རེས་དལ་འབྱོར་འབྲས་བུར་སྨིན་པའི་ཚེ། །གཏན་གྱི་བདེ་བ་ཚགས་སུ་ཚུད་པར་མཛོད། །རླུང་གིས་རབ་དཀྲུགས་གཡོ་ལྡན་ཆུ་གཏེར་དབུས། །རྣམ་པར་གཡེངས་པའི་གཉའ་ཤིང་བུ་ག་དང་། །རུས་སྦལ་ལོང་བའི་མགྲིན་པ་འཕྲད་པ་བས། །མི་ལུས་འཐོབ་དཀའ་དལ་འབྱོར་སྨོས་ཅི་འཚལ། །ངན་སོར་གསུམ་ལས་ཉུང་ཤོས་དུད་འགྲོ་སྟེ། །དེ་ཡི་ཆ་ཤས་ཙམ་ལ་ལེགས་གཞལ་ན། །མི་ལུས་རྙེད་པ་འཁོར་ལོས་སྒྱུར་རྒྱལ་དང་། །ཆོས་ལྡན་རྟེན་མཆོག་སངས་རྒྱས་ཐོབ་དང་མཚུངས། །ད་རེས་རྟེན་མཆོག་གྲུ་གཟིངས་ལེགས་རྙེད་ཅིང་། །ཟབ་རྒྱས་གདམས་པའི་གྲུ་འཛིན་ཡོད་དུས་འདིར། །སྡུག་བསྔལ་ཏི་མའི་མཛིངས་ལས་མ་བརྒལ་ན། །སེམས་ཀྱི་མཉན་པ་ཁྱོད་ལས་བྱུར་ཆེན་ཅི། །དེ་ཕྱིར་ཆོས་བརྒྱད་རོ་ལ་མི་ཞེན་པར། །རྣམ་དག་གཏད་ས་བཞི་ཡི་མན་ངག་གིས། །གྲུབ་བརྙེས་གོང་མའི་རྣམ་ཐར་ལེགས་བསྐྱངས་ནས། །སྲིད་པ་འདི་ལ་ཕྱི་ཕྱག་བཙལ་བར་མཛོད། །ཀ་ཡེ་གྲོགས་དག་ལེགས་པར་སོམས་མཛོད་དང་། །མ་ཞི་མ་དུལ་ཡུལ་སྲེད་རྟོག་འདོད་ཅན། །ཅོལ་ཆུང་སེམས་ཀྱི་སྤྲེའུ་ཁྲེལ་མེད་འདིས། །ལུས་ཀྱི་ལྗོན་ཤིང་ནམ་འདོར་ཆ་ཡོད་དམ། །སྤྱི་མཐུན་འགྲོ་བའི་དཔལ་ལས་ལེགས་གྲུབ་པའི། །སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱ་ཡང་། །ཐ་མ་མེ་ཆུ་རླུང་གི་གཡོ་འཕྲུལ་གྱིས། །འདུས་བྱས་མཚན་མའི་རང་མཚང་ངོམ་ཚུལ་སོམས། །གྲོང་ཁྱེར་གསུམ་ན་རྒྱུ་བའི་འགྲོ་བ་རྣམས། །ཐོག་མར་སྐྱེས་ནས་ཐ་མ་མ་ཤི་བའི། །ལུས་ཅན་གང་ཞིག་ཁྱོད་ཀྱིས་མཐོང་བ་འམ། །ཐོས་པ་ལྟ་ཅི་སོམ་ཉིའི་གནས་ཙམ་ཅི། །བསོད་ནམས་བྱེ་བ་འབུམ་གྱིས་ལེགས་བསྐྲུན་པའི། །དོན་ཀུན་གྲུབ་པའི་མཚན་དཔེའི་དཀྱིལ་འཁོར་ཡང་། །རྟག་པར་ལྟ་ལ་གཟིགས་པ་ཡོལ་བའི་ཚེ། །རྩྭ་མཆོག་དྲུང་དུ་ཐ་མའི་མཛད་པ་བསྟན། །རབ་དཀར་ཤེ་མང་ཡོངས་གང་ང་ལས་ནུས། །གླིང་བཞི་ལྷ་གནས་བཅས་ཀུན་དབང་བྱས་ནས། །བརྒྱ་བྱིན་དུ་མའི་རིང་ལ་ལོངས་སྤྱོད་ཀྱང་། །འདོད་པས་མ་ངོམས་འཆི་བདག་གཡུལ་ངོར་ཕམ། །གང་ཞིག་ལྷ་ཀླུ་མི་འམ་ཅིའི་ཚོགས་ཀྱི། །གཙུག་ནོར་འོད་ཀྱིས་རྐང་རྟེན་དམར་བྱས་པའི། །སྲིད་ན་ཆེས་མཐོ་བདེ་སོགས་བདག་པོས་ཀྱང་། །ཡ་མ་རཱ་ཛའི་བཀའ་ལས་འགོང་ནུས་མིན། །ཏིང་འཛིན་མཐུ་ཡིས་བསྐལ་པར་གནས་བཅས་པའི། །འོད་དང་གཟི་བརྗིད་དཔལ་འབར་ཚངས་རིས་དང་། །མངོན་ཤེས་རྫུ་འཕྲུལ་མཐུ་ལྡན་དྲང་སྲོང་སོགས། །འཆི་བ་མེད་པའི་ས་དེར་འགྲོ་མ་ནུས། །ནད་མཚོན་དུག་སྦྱོར་འཆི་རྐྱེན་ཆེས་མང་ཞིང་། །སྙིགས་འགྲོའི་ཚེ་ལ་ངེས་པ་འགའ་མེད་ཕྱིར། །སྨྲེ་སྔགས་སྒྲར་བཅས་ཁྱོགས་ལ་བཏེགས་པའི་དུས། །སང་ཙམ་འབྱུང་ངམ་ངེས་པ་སུ་ཡིས་ཤེས། །བདག་བཞིན་ཁྱོད་ཀྱང་མྱུར་དུ་འཆི་འགྱུར་ཞེས། །མི་རྟག་མངོན་སྟོན་གདམས་ངག་འདི་འདྲ་ལ། །ཐེ་ཚོམ་ཙམ་ཡང་ཟ་བར་མི་འགྱུར་བའི། །མི་གང་ཕྱུགས་ལས་ངེས་པར་བླུན་པ་སྙམ། །ཡེངས་པའི་བར་ལ་འཆི་བདག་བརྩེ་མེད་དེས། །ཞགས་པས་དྲངས་ཤིང་དབྱུག་ཏོས་བདས་གྱུར་ཚེ། །བསོད་ནམས་འདོད་ཀྱང་དེ་དུས་འཕྱིས་པར་ཟད། །དུག་སྦྲུལ་ཁར་ཆུད་སྦལ་བའི་ང་རོ་བཞིན། །དེ་ཕྱིར་མནོག་ཆུང་ཚེ་འདིའི་བྱ་གཞག་ཀུན། །རྒྱངས་ཀྱིས་བསྐྱུར་ལ་དབེན་པའི་ནགས་ཁྲོད་དུ། །དགེ་སྦྱོང་ཆོས་བཞི་སྲོག་ཏུ་བཟུང་བྱས་ནས། །བྱང་ཆུབ་ཞི་བའི་བདུད་རྩི་འཚོལ་བར་མཛོད། །འདི་ལྟར་བརྟན་གཡོ་སྲིད་པ་མཐོ་དམན་དང་། །བདེ་སྡུག་ལེགས་ཉེས་འབྱོར་རྒུད་འདུ་འབྲལ་སོགས། །བྱེད་པོས་མ་ཡིན་ངོ་བོ་ཉིད་ཀྱིས་མིན། །ལས་ལས་བྱུང་ཞིང་ལས་ཀྱིས་སྤྲུལ་པ་སྟེ། །ཀུན་གཞིའི་ངོ་བོ་ཞིང་ས་དུལ་བ་ལ། །དཀར་ནག་ལས་ཀྱི་ས་བོོན་གང་བཏབ་པ། །ནམ་ཡང་འབྲས་བུ་འཆོལ་བར་མི་སྲིད་པ། །རྒྱལ་བ་བདེན་པར་གསུངས་པའི་གསང་མཛོད་ལགས། །དེ་ལ་རྒྱུ་འབྲས་དབྱེ་བ་ཆེས་མང་ཡང་། །བསྡུ་ན་དགེ་སྡིག་རྣམ་པ་བཅུ་ཡིན་ཏེ། །དང་པོ་བསོད་ནམས་མ་ཡིན་སྤང་བྱ་བཅུ། །གསོད་རྐུ་གཡེམ་དང་རྫུན་ཕྲ་རྩུབ་མོ་བཀྱལ། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བའོ། །དེ་ལ་འབྲས་བུ་རྣམ་པ་བཞི་བཞི་སྟེ། །རྣམ་སྨིན་འབྲས་བུ་ངན་འགྲོའི་བཙོན་རར་འཆིངས། །བྱེད་པ་རྒྱུ་མཐུན་སྔར་བྱས་ལས་ལ་འཇུག །མྱོང་བ་རྒྱུ་མཐུན་རིམ་བཞིན་འཚོ་བ་ཐུང་། །ནོར་གྱིས་དབུལ་ཞིང་ཁྱིམ་ཐབ་དགྲ་ཟླར་བཅས། །བསླུ་བ་མང་ཞིང་གཉེན་དང་ཡིད་མི་མཐུན། །མི་སྙན་མང་ཐོས་ཚིག་བཟུང་འོས་པ་མིན། །ཆོག་མི་ཤེས་དང་གནོད་པ་དུ་མ་འདུ། །ལྟ་བ་ངན་པ་རྒྱུད་ལ་སྐྱེ་བའོ། །དབང་གི་འབྲས་བུ་ཕྱི་རོལ་ཡུལ་ལ་སྨིན། །སྲོག་ལ་ཡ་ང་མུ་གེས་འཇིགས་པའི་གནས། །མི་གཙང་ཁྲོད་དང་མི་བརྟན་གཡོ་བའི་ལྗོངས། །གཅོང་རོང་བགྲོད་དཀའ་རྩུབ་འགྱུར་ཚེར་མ་ཅན། །དུས་ཚིགས་འགྱུར་ཞིང་སྦུན་འབྲས་གོ་ལྡོག་པ། །སྡིག་སྤྱོད་རྒྱལ་པོ་དང་འབྲེལ་ཆད་པས་ཉམས། །འབྱོར་པས་སྤོང་ཞིང་མགོན་སྐྱབས་མེད་པར་སྐྱེ། །སྐྱེས་བུ་བྱེད་པས་མང་དུ་སྟོབས་བསྐྱེད་དོ། །མི་དགེའི་ལས་ལས་ལྡོག་པའི་སེམས། །དེ་ནི་དགེ་བ་བཅུ་ཡིན་ཏེ། །མཐུན་ཕྱོགས་སྒྲུབ་པ་གཞན་སྲོག་བསྐྱབ། །སྦྱིན་བཏང་ཚུལ་ཁྲིམས་རྣམ་དག་བསྲུང་། །བདེན་སྨྲ་འཁོན་ཟླུམ་སྙན་པར་སྨྲ། །ཆོས་མཐུན་གཏམ་བརྗོད་གཏོང་སེམས་འཆང་། །ཕན་སེམས་དད་དང་ལྟ་བཟང་བྱ། །དེ་ཡི་འབྲས་བུ་སྔ་མ་ཡི། །ལྡོག་ཕྱོགས་ཕུན་ཚོགས་དབང་བྱེད་པ། །བསོད་ནམས་ཆ་མཐུན་དགེ་བ་སྟེ། །བསམ་གཟུགས་ཏིང་འཛིན་དང་འབྲེལ་ན། །གོང་མའི་ལྷར་འཆིང་མི་གཡོའི་ལས། །སྟོང་ཉིད་སྙིང་རྗེའི་རྩིས་ཟིན་ཅིང་། །བྱང་ཆུབ་ཡོངས་བསྔོས་རྒྱས་ཐེབ་པའི། །དགེ་གང་ཐར་པ་ཆ་མཐུན་ཞེས། །བྱང་ཆུབ་ས་བོན་གྲུང་པོ་ཡིན། །གཞན་ཡང་བསམ་སྦྱོར་ཁྱད་པར་གྱིས། །ཐེག་གསུམ་སོ་སོའི་ཐར་ཆ་དང་། །སྦྱོར་ལམ་རྒྱུད་ཀྱི་དེ་བཅུ་ལ། །ངེས་འབྱེད་ཆ་མཐུན་བཤད་པའང་ཡོད། །སྡིག་པ་མི་བྱ་དགེ་བ་སྒྲུབ། །རང་གི་སེམས་ནི་ཡོངས་ཐུལ་ཞེས། །བཅོམ་ལྡན་བརྩེ་བ་ཆེན་པོ་ཡིས། །ལེགས་པར་འདོམས་བཞིན་དང་དུ་ལོངས། །ཀུན་ལ་ཀུན་སློང་གཙོ་བོ་སྟེ། །འདོད་ཆགས་མེད་ན་རྣམ་པར་དཀར། །ཁྲོ་བས་མ་བསླད་རྣམ་པར་དཀར། །གཏི་མུག་མེད་པ་རྣམ་པར་དཀར། །དཀར་གསུམ་ཀུན་ཏུ་དགེ་བ་ཡིན། །ཆགས་སྡང་རྨོངས་པས་བསླད་པའི་ལས། །རྣམ་པ་ཀུན་ཏུ་ནག་པ་སྟེ། །ནག་གསུམ་འཁོར་བའི་རྩ་བ་ཡིན། །དེས་ན་ཀུན་སློང་བཅོས་པ་གནད། །རྟག་ཏུ་སྤྱོད་དང་མངོན་པར་ཞེན། །གཉེན་པོ་མེད་དང་ཡོན་གྱི་གནས། །ཕན་འདོགས་གཙོ་ལྡན་གཞིར་བྱུང་བའི། །ལས་ཀྱི་འབྲས་བུ་སྟོབས་ཆེན་བྱེད། །བག་མེད་དབང་གྱུར་སྔར་བསགས་སྡིག །ཕྱིས་ནས་འགྱོད་པས་རྗེས་སླེབ་ཅིང་། །བཤགས་ན་ཉེས་ལས་གྲོལ་འགྱུར་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བཞིན། །འཇིག་རྟེན་བྱ་གཞག{བཞག་འདིའི་རིགས་འདི་ལྟར་ཞུས། }ཆུ་གཉེར་འདྲ། །ངལ་བརྒྱས་བསྒྲུབས་ཀྱང་འགྲུབ་དུས་ཅི། །འདོད་སྲེད་བྱིན་ཟར་ཤིང་བསྣན་བཞིན། །ཇི་ཙམ་འབྱོར་ཡང་ངོམས་དུས་མེད། །བསྟོད་དང་སྨད་པའི་སྒྲ་རྣམས་ཀུན། །བྲག་ཆ་ལྟ་བུར་ཡ་མ་བརླ། །སྙན་དང་མི་སྙན་ཟིན་པའི་སྒྲ། །ངོ་བོ་ཉིད་མེད་དེ་ཡིས་ཅི། །བདེ་སྡུག་ལས་ཀྱི་འབྲས་སྨིན་པ། །དེ་ལ་དགའ་སྡུག་བྱས་ཅི་ཕན། །རྨི་ལམ་དང་མཚུངས་ནོར་རྫས་འདི། །རྙེད་དང་མ་རྙེད་ཅི་ཞིག་ཡོད། །འཁོར་བའི་བྱ་བ་ཇི་སྙེད་པ། །ཙམ་གྱིས་བཞག་ན་ཟིན་པ་ཡིན། །དེས་ན་ཆོས་མཐུན་གྲོགས་པོ་ཁྱེད། །རྙེད་བཀུར་རོ་ལ་མ་ཞེན་པར། །བུད་སྙེགས་ཐོབ་གསུམ་མན་ངག་གིས། །གོང་མའི་རྣམ་ཐར་སྐྱོང་བར་འཚལ། །གྲོགས་དག་ཐོག་མེད་དུས་ནས་མ་རིག་སོགས། །རྟེན་འབྲེལ་བཅུ་གཉིས་སྲིད་པའི་འཁོར་ལོར་འཁྱམས། །འགྱུར་དང་འདུ་བྱེད་སྡུག་བསྔལ་གྱིས་མནར་ཡང་། །ད་དུང་ཐར་པའི་དུས་མེད་སྐྱོ་བ་བསྐྱེད། །ཇི་ལྟར་མི་རྒོད་གཅན་ཟན་གཏུམ་པོའི་ཁྲོད། །རྒྱལ་པོའི་ཁྲི་མུན་སྦྲུལ་གདུག་སྲིན་གླིང་བཞིན། །སྐྱེ་བཞི་བརྒྱུད་ལྔས་བསྡུས་པའི་འཁོར་བ་པ། །ཀུན་ཀྱང་བདེ་མེད་སྡུག་བསྔལ་རང་བཞིན་ནོ། །ཁྱད་པར་ཚ་དམྱལ་རབ་འབར་ལྕགས་བསྲེགས་གཞིར། །ཞེ་སྡང་ལས་ཀྱིས་མཚམས་སྦྱོར་འགྲོ་བ་ནི། །ཡང་སོས་ཐིག་ནག་བསྡུས་འཇོམས་ངུ་འབོད་དང་། །ངུ་འབོད་ཆེན་པོ་ཚ་བ་རབ་ཏུ་ཚ། །མནར་མེད་སྡུག་བསྔལ་ཤིན་ཏུ་བཟོད་པར་དཀའ། །ཉེ་འཁོར་མེ་མར་འོབས་དང་རོ་མྱགས་འདམ། །མཚོན་ཆའི་ཐང་དང་འདབ་མ་རལ་གྲིའི་ཚལ། །ལྕགས་ཀྱི་ཤལ་མ་ལ་རུ་ཉམ་ཐག་ཅིང་། །ཉི་ཚེ་གནས་དང་སྡུག་བསྔལ་ངེས་པ་མེད། །གྲང་དམྱལ་གངས་དང་ཆབ་རོམ་བུ་ཡུག་དབུས། །གྲང་བས་ཉམ་ཐག་ཆུ་བུར་ཅན་དང་རྡོལ། །ཨ་ཆུ་ཀྱི་ཧུད་སྒྲོགས་དང་སོ་ཐམ་པ། །ཨུཏྤལ་པདྨ་པད་ཆེན་ལྟར་གས་སོ། །འདི་ན་རྩལ་ལྡན་སྐྱེས་བུ་སུམ་བརྒྱ་ཡིས། །ཤུགས་དྲག་རྣོ་ལྡན་མཚོན་གྱིས་གཟས་བྱེད་པ། །དེས་ནི་སེམས་དམྱལ་ཆུང་ངུའི་སྡུག་བསྔལ་གྱི། །ཆར་ཡང་མི་ཉེ་རྒྱུར་ཡང་མི་བཟོད་དོ། །ཇི་སྲིད་ལས་ཀྱི་འཆིང་བ་མ་བཏང་བར། །དེ་སྲིད་གཞན་དུ་གཡོ་བར་མི་འགྱུར་བས། །སེམས་ཤིག་ཡོད་ན་འདི་ལ་ཅིས་མི་འཇིགས། །དེ་ཕྱིར་ཞེ་སྡང་དགྲ་བོ་གཞོམ་པར་མཛོད། །བལྟས་པ་ཙམ་གྱི་སེར་སྣ་ཡི། །དུག་གིས་ཡུལ་གྱི་ཕུན་ཚོགས་ཀུན། །ཟད་བྱེད་ཡི་དྭགས་འགྲོ་བ་པ། །ཕོངས་འགྱུར་སྡུག་བསྔལ་བཟོད་པར་དཀའ། །ལོ་གྲངས་དུ་མའི་བར་དུ་ཡང་། །ཟས་དང་སྐོམ་གྱི་སྒྲ་ཙམ་ཡང་། །ཐོས་པའི་སྐལ་བ་ཕྲ་གྱུར་ན། །མྱོང་བར་མི་འགྱུར་སྨོས་ཅི་དགོས། །འགའ་ཞིག་ཁ་ནས་མེ་འབར་ཞིང་། །ཟས་སུ་འབར་བའི་ཕྱེ་མ་འཚལ། །གཞན་དག་ངན་སྐྱུགས་ཟ་བ་སྟེ། །མགྲིན་པ་ཁབ་མིག་ལྟོ་རི་ཙམ། །དུས་ཚིགས་ལོག་པར་གྱུར་ལ་སོགས། །སྣ་ཚོགས་སྡུག་བསྔལ་མི་བཟད་པ། །ལྔ་སྟོང་ཁྲིར་ཡང་མྱོང་བར་གསུངས། །མཁའ་ལ་རྒྱུ་བའི་འབྱུང་པོ་རྣམས། །བདུན་ཕྲག་རེ་ལ་འཆི་འཕོ་ཞིང་། །རྟག་པར་འགྲོ་ལ་གནོད་འཆང་བས། །རྣམ་སྨིན་འབྲས་བུས་འོག་མར་འཆིང་། །ནུས་ལྡན་སྔགས་པའི་རིག་སྔགས་ཀྱིས། །བསད་བསྐྲད་དབྱེ་གཟིར་མནན་སོགས་ཀྱི། །མི་བཟད་སྡུག་བསྔལ་ཕ་མཐའ་ཡས། །དེར་སྐྱེས་རྒྱུ་ནི་སེར་སྣ་དང་། །མ་བྱིན་ལེན་ལས་བྱུང་བས་ན། །བརྐམ་ཆགས་འཆིང་བ་བཏང་ནས་ཀྱང་། །མཆོད་སྦྱིན་གནས་ལ་འབད་པར་རིགས། །རྣམ་གསུམ་ཤེས་རབ་སྣང་བས་ཡོངས་བཏང་བའི། །གླེན་ལྐུགས་རྨོངས་པའི་མུན་པའི་གོ་ར་རུ། །ཤིན་ཏུ་མི་བཟད་སྡུག་བསྔལ་དུ་མ་ཡིས། །ཀུན་ཏུ་བྱོལ་སོང་འགྲོ་རྣམས་མནར་བར་གྱུར། །བྱིངས་ན་གནས་པ་ཆུ་གཏེར་ཆེན་པོ་བཞི་ཡི་ཁོངས། །ཕན་ཚུན་གཅིག་གིས་གཅིག་ཟ་སྡུག་བསྔལ་དཔག་ཏུ་མེད། །ཉི་ཟླའི་སྣང་བས་ཡོངས་བཏང་གླིང་བར་མུན་ཁྲོད་དུ། །ཚ་གྲང་བཀྲེས་སྐོམ་འཚེ་སོགས་སྡུག་བསྔལ་རྒྱུན་མི་འཆད། །ཁ་འཐོར་འགྲོ་བ་བདག་པོས་ཡོངས་དབེན་བྱ་དང་རི་དྭགས་གཅན་སྤྱང་སོགས། །མི་བསྲུན་རྔོན་པས་སྦྱོར་བ་རྩུབ་མོས་གློ་བུར་སྲོག་ལ་ཆེས་རྒོལ་ཞིང་། །གཅིག་གིས་གཅིག་འཚེ་བདག་ཏུ་བཟུང་རྣམས་བཀོལ་སྤྱོད་རྡེག་འཚོག་སྡུག་བསྔལ་ཞིང་། །ཤ་པགས་རྭ་དང་རུས་ཕྱིར་འཆི་མང་རང་བཞིན་སྡུག་བསྔལ་ཕ་མཐའ་ཡས། །ཀླུ་རྣམས་ཉིན་མཚན་ཕྱེད་མའི་བདེ་སྡུག་འགྱུར་བ་དང་། །འགའ་ཞིག་གནས་སུ་བྱེ་ཚན་ཆར་བབ་རབ་བསྲེགས་ཤིང་། །ཁ་ཅིག་གྲོགས་བྲལ་ཕོངས་དང་ཕལ་ཆེར་བློ་རྨོངས་དང་། །ནམ་མཁའ་ལྡིང་གི་གཙེས་སོགས་སྡུག་བསྔལ་སྣ་ཚོགས་ལྡན། །དེ་ཕྱིར་ཡིད་མཐུན་གྲོགས་པོ་ཁྱེད། །བརྩོན་འགྲུས་གསུམ་གྱི་རྟ་ཞོན་ལ། །ཤེས་རབ་གསུམ་གྱི་མཚོན་རྣོན་གྱིས། །མ་རིག་དགྲ་བོ་གཞོམ་པར་མཛོད། །ལས་ཀྱི་ཞགས་པས་དམ་བཅིངས་ཏེ། །སྡུག་བསྔལ་གསུམ་གྱི་བཙོན་ར་རུ། །སྐྱེ་རྒ་ན་འཆིའི་ཆད་པ་ཡིས། །མི་ཡི་འགྲོ་རྣམས་ཉམ་རེ་ཐག །ཤིན་ཏུ་མི་བཟད་མུན་ནག་དོག་ཅིང་མི་གཙང་དྲི་ང་བའི། །མངལ་གནས་དམྱལ་བ་ལྟ་བུར་སྡུག་བསྔལ་མི་བཟད་རབ་མྱོང་ནས། །བཙའ་བའི་སྡུག་བསྔལ་བསྡུས་འཇོམ་དང་འདྲ་རེག་པས་པགས་བཤུས་བཞིན། །ཁྲུས་བྱས་ཤ་འུར་སྤུ་གྲིའི་རེག་མཚུངས་གཞན་ཡང་བརྣག་པར་དཀའ། །རྒ་བས་དབང་ཤེས་སྟོབས་ཉམས་འདུ་ཤེས་འཁྲུགས། །ཀུན་གྱིས་བརྙས་ཤིང་འཕྱ་སྨོད་ཅོ་འདྲིའི་གནས། །ཡི་མུག་སྨྲེ་སྔགས་ཤུགས་རིང་འདོན་བཞིན་དུ། །ངན་འགྲོར་འཇིགས་པའི་སྡུག་བསྔལ་བསམ་མི་ཁྱབ། །ན་བས་ལུས་སེམས་རབ་མནར་ཞིང་། །འདོད་པའི་ཡུལ་ལ་བྲོད་པ་བོར། །འཆི་བའི་གནས་ལ་ཆེར་འཇིགས་པའི། །སྡུག་བསྔལ་བདེ་མེད་གནས་ལ་འགྲན། །གཉེན་བཤེས་འཁོར་འབངས་ཡོ་བྱད་ཀུན་བོར་ནས། །གནད་གཅོད་སྡུག་བསྔལ་དྲག་པོ་དང་བཅས་ཏེ། །སྐྱབས་བྲལ་གཅིག་པུར་ཕྱི་མའི་ལམ་པོ་ཆེར། །ས་ཚུགས་མེད་པར་བགྲོད་པས་ཉམ་རེ་ཐག །གཞན་ཡང་མི་འདོད་གནོད་པའི་དགྲ་དང་འཕྲད། །ཡིད་འོང་མཐུན་པའི་གྲོགས་དང་འདུ་འབྲལ་ངོམས། །འདོད་པ་མི་འགྲུབ་སེམས་ཀྱི་ཟུག་རྔུ་ལྡང། །དབུལ་ཕོངས་འཁྲུགས་སོགས་སྡུག་བསྔལ་བཟོད་པར་དཀའ། །ཉེ་བར་ལེན་པའི་ཕུང་པོ་ལྔ། །ཟག་བཅས་ཉིད་ཕྱིར་སྡུག་བསྔལ་གྱི། །གནས་དང་རྟེན་དང་སྣོད་དང་ནི། །འབྱུང་ཁུངས་ཉིད་དུ་ཐུབ་པས་གསུངས། །དེ་ཕྱིར་སྐལ་བཟང་གྲོགས་པོ་ཁྱེད། །དལ་འབྱོར་གྲུ་གཟིངས་ལེགས་རྙེད་ཅིང་། །གདམས་ངག་གྲུ་འཛིན་ཡོད་དུས་འདིར། །སྲིད་པའི་མཚོ་ལས་བརྒལ་བར་མཛོད། །ཕྲག་དོག་དགྲ་སྟྭ་རྣོན་པོ་ཡིས། །དྲན་དབང་རྩ་ལ་འཐས་པའི་རྒྱུས། །གཡུལ་གྱི་ལས་ལ་ཆེས་སྤྲོ་བས། །ལྷ་མིན་འགྲོ་ཀུན་རབ་ཏུ་མནར། །རབ་དཀར་སྤྲིན་གྱི་དུམ་བུ་ཆས་འདྲ་གླང་ཆེན་ཁྲོས་པའི་སྤྱི་བོ་རུ། །མིག་སྟོང་ལྡན་པ་ཉེ་དབང་འཁོར་བཅས་གཟི་བྱིན་ཉི་མ་ལྟར་འབར་ཞིང་། །ཁྲོས་པའི་གཞིན་རས་ཆར་སྤྲིན་ལྟར་གཡོ་རྒྱོབ་སོ་ང་རོ་འབྲུག་བཞིན་སྒྲོགས། །རྡོ་རྗེ་འཁོར་ལོ་མདུང་ཐུང་མདའ་བོ་ཆེ་སོགས་གདུག་པའི་མཚོན་ཐོགས་པ། །ལྷ་ཕྲན་བྱེ་བ་འབུམ་གྱི་དཔུང་བཅས་རུ་མཚོན་གསར་པས་ཆུ་མཐོང་འགོག །ཀུ་བསོའི་སྒྲ་ཡིས་སྲིད་གསུམ་འགེངས་བྱེད་དཔུང་པ་གཏུམ་པོའི་གཡུལ་ངོ་རུ། །བསད་བཅད་བརྡེགས་འཆིང་འཇིགས་སྐྲག་སྡུག་བསྔལ་ཤིན་ཏུ་མི་བཟད་དང་ལྡན་པས། །སྐལ་བཟང་གྲོགས་དག་སྲིད་པར་དགའ་བའི་བློ་གྲོས་ངན་པ་རྒྱང་སྲིངས་ཤིག །བག་མེད་དབང་གྱུར་ལྷ་རྣམས་ནི། །ཡུན་རིང་བདེ་བ་ལོངས་སྤྱོད་ཀྱང་། །ངོམས་པ་མེད་པར་འཕོ་ལྟུང་གི། །སྡུག་བསྔལ་ཤིན་ཏུ་མི་བཟད་ལྡན། །བག་མེད་འདོད་པའི་ཆང་གིས་ཀུན་ནས་མྱོས་པའི་ལྷ་རྣམས་ནི། །ལུས་ཀྱི་མདང་ཉམས་སྟན་ལ་མི་དགའ་མེ་ཏོག་ཕྲེང་རྒྱན་རྙིང་། །གོས་ལ་དྲི་ཆགས་ལུས་རྡུལ་འཆི་བའི་ལྟས་ལྔ་མངོན་གྱུར་ཚེ། །གྲོགས་ཀྱིས་སྤངས་ཤིང་ཕྱི་མའི་གནས་མཐོང་ལྷག་པར་འཇིགས་པ་ཡི། །ཚོར་བ་མི་བཟད་ཞག་བདུན་མྱོང་གྱུར་སེམས་ཀྱི་སྡུག་བསྔལ་གང་། །རབ་འབར་ལྕགས་ཁྱིམ་ནང་ཚུད་དམྱལ་བ་པས་ཀྱང་མཚོན་མ་ཡིན། །ཚངས་རིས་ལ་སོགས་བསམ་གཏན་ལྷུན་གྲུབ་འོད་དང་གཟི་འབར་ཡང་། །བདག་རྟོག་བག་ལ་ཉལ་བས་འཆི་འཕོས་སྲིད་པ་འོག་མར་ལྟུང་། །གཟུགས་མེད་ཞི་གནས་ལས་ཟད་ཡང་སྲིད་ཕྱི་མ་འདུ་བྱེད་པས། །མངོན་པར་མཐོ་བའི་རྟེན་ཐོབ་ཀྱང་། །ཡིད་བརྟན་མི་རུང་སྡུག་བསྔལ་སྣོད། །དེ་ཕྱིར་སྲེད་པའི་སེམས་བོར་ལ། །སྐྱེ་བ་བཟློག་སླད་འབད་འཚལ་ལོ། །ཐུབ་དབང་ཉིན་མོར་བྱེད་པ་ཡིས། །ཐར་ལམ་པད་ཚལ་བཞད་ཟིན་པས། །ཐར་པ་རང་ལ་རག་ལས་ཕྱིར། །བྱང་ཆུབ་བདུད་རྩི་འཚོལ་བར་མཛོད། །གཏིང་མཐའ་མི་དཔོག་སྲིད་པའི་ཆུ་གཏེར་འཇིགས་དང་སྡུག་བསྔལ་རླབས་ཕྲེང་གཡོ་བ་ལས། །ད་རེས་དལ་འབྱོར་གྲུ་ཆེན་རྙེད་དུས་བརྩོན་འགྲུས་དྲག་པོས་ཕ་མཐར་བརྒལ་ནས་ཀྱང་། །བྱང་ཆུབ་རྡུལ་བྲལ་རཏྣའི་གླིང་ཕྱིན་མཐའ་ཀླས་ཐེག་པའི་སྒོ་འཕར་བརྒྱ་ཕྱེས་ཏེ། །མ་ལུས་འགྲོ་ཀུན་སྲིད་པའི་དབུལ་བསལ་བྱང་གྲོལ་འབྱོར་པ་རྒྱ་མཚོས་ཡོངས་གཏམས་མཛོད། །ཡང་གདོལ་པ་ན་རེ། ཀྱེ་མ་ཀྱེ་མ་སྲིད་པའི་གྲོང་ཁྱེར། །འཇིགས་པ་འཇིགས་པ་སྡུག་བསྔལ་རང་བཞིན། །འཇིགས་ཚོགས་འདི་ལས་རང་གཞན་གྲོལ་ཐབས། །འཇིགས་མེད་དཔའ་བོ་ཁྱོད་ཀྱིས་སྟོན་ཅིག །སྨྲས་པ། འཇིགས་ཚོགས་ཆུ་སྲིན་འཛིན་ཁྲིའི་རབ་དཀྲུགས་སྡུག་བསྔལ་རྦ་རླབས་ཅ་ཅོ་ཅན། །མཐའ་མེད་སྲིད་མཚོ་ལས་བསྒྲལ་དཔག་ཡས་འབྱོར་པ་རྒྱ་མཚོས་ཡོངས་ཕྱུག་པའི། །དཔལ་ལྡན་དྲང་སྲོང་ཀླུ་མཆོག་གིས་རོལ་རྣམ་གྲོལ་རིན་ཆེན་གཞལ་མེད་ཆེར། །བགྲོད་ཐབས་ཀུན་གྱི་སྙིང་པོ་བྱང་ཆུབ་སེམས་ཏེ་དེ་ཚུལ་བཤད་ཀྱིས་ཉོན། །དེས་ནི་ངན་འགྲོ་ལོག་པར་ལྟུང་ལས་ཡོངས་སྐྱོབ་སྐྱེལ་མ་དཔའ་བོ་སྟེ། །ལས་དང་ཉོན་མོངས་ཚང་ཚིང་ཀུན་བསྲེགས་ཡེ་ཤེས་མེ་ཆེན་ཆེས་འབར་བ། །སྲིད་པ་མྱ་ངན་ཐང་ལས་ཞི་བདེའི་གྲོང་ཁྲིད་ས་མཁན་བཟང་པོའང་ཡིན། །དེ་ཡི་ཕྱིར་ན་བརྩོན་པས་བྱང་ཆུབ་སེམས་མཆོག་བསྐྱེད་ལ་འབད་པར་རིགས། །གཉིད་དང་བརྒྱལ་དང་སྙོམས་འཇུག་རྣམ་གཉིས་འདུ་ཤེས་མེད་པར་གྱུར་བ་ཡི། །སེམས་མེད་སྐབས་ཀྱང་སྙིང་རྗེའི་དགེ་རྒྱུན་གོང་དུ་ཆེས་ཆེར་འཕེལ་འགྱུར་ཞིང་། །རྩོམ་པ་དོན་ལྡན་ལྷར་བཅས་འགྲོ་བའི་ངོ་མཚར་མཆོད་སྡོང་ཆེར་འགྱུར་བས། །དེ་ཡི་ཕྱིར་ཡང་བྱང་ཆུབ་སེམས་ནི་མྱུར་དུ་བསྐྱེད་པར་ཅིས་མི་འོས། །ཇི་ལྟར་ཆེ་ནང་འབབ་བའི་ཆུ་གང་བསྐལ་པར་འཛད་མེད་པ། །དེ་བཞིན་བྱང་ཆུབ་སེམས་ཀྱིས་ཡོངས་ཟིན་དགེ་གང་མི་འཛད་ཆེས་འཕེལ་ཏེ། །འབྱུང་ཁུངས་བཟང་པོར་ཐེབ་པའི་ས་བོན་འབྲས་གང་རྒྱ་ཆེར་འཕེལ་བ་བཞིན། །དེ་ཡི་ཕྱིར་ན་རྨད་བྱུང་བྱང་ཆུབ་སེམས་གང་རྟག་ཏུ་བསྐྱེད་པར་འོས། །གང་ཞིག་མངོན་མཐོ་བདེ་དགའ་རྒྱ་མཚོའི་དཔལ་མང་ལོགས་སུ་སྤྱད་བྱས་ཀྱང་། །དེ་ཡི་དགེ་ཚོགས་ཆ་ཙམ་བྲི་དང་གང་མེད་མཐར་ཐུག་འབྲས་བུ་མཆོག །ནམ་ཡང་གཞན་གྱི་རྒྱུ་རུ་འགྱུར་མིན་རྒྱལ་བའི་འབྱོར་ཚོགས་དཔག་ཡས་འཛིན། །དེ་ཡི་ཕྱིར་ཡང་གྲོགས་དག་བྱང་ཆུབ་སེམས་མཆོག་བསྐྱེད་པར་ཅིས་མི་སྤྲོ། །བསམ་ཀུན་འགྲུབ་བྱེད་ཡིད་བཞིན་གཏེར་བུམ་འགྲོ་བའི་ནད་གསོ་བདེ་འབྱུང་སྨན། །མ་རིག་མུན་སེལ་ཡེ་ཤེས་ཉི་གཞོན་ཉོན་མོངས་གདུང་སེལ་བསིལ་ཟེར་ཅན། །ངན་འགྲོ་ལས་སྒྲོལ་ཐར་པའི་སྤྱི་སྟེགས་སྲིད་ལམ་དུབ་ལྡན་ངལ་གསོའི་སྨན། །དཔག་ཡས་བསོད་ནམས་རྒྱ་མཚོའི་སྤྲིན་ལྡན་རྒྱལ་བའི་ཡེ་ཤེས་ཆུ་རྒྱུན་ཅན། །ཆོས་ཀྱི་དབྱིངས་མཉམ་ཡོན་ཏན་རྒྱ་ཆེ་བྱང་ཆུབ་སེམས་མཆོག་བསྐྱེད་པར་མཛོད། །སྡུག་བསྔལ་མགོན་མེད་འགྲོ་ལ་རབ་བརྩེས་རྫོགས་བྱང་དོན་གཉེར་བྱང་ཆུབ་སེམས། །བསམ་དང་སྦྱོར་བས་སྨོན་འཇུག་གཉིས་དང་གཞན་ཡང་དབྱེ་གཞི་ཕ་མཐའ་ཡས། །དེ་རྟེན་སོ་ཐར་འདོད་དང་མི་འདོད་སེམས་ཙམ་དབུ་མའི་གཞུང་སྲོལ་ཆེ། །གཉིས་ཀ་འགལ་མིན་བརྡ་ཤེས་ངོ་འཕྲོད་སྡོམ་སེམས་རྒྱུན་ཆགས་ལྡན་དགོས་མཐུན། །སྨོན་པའི་ངོ་བོ་ཚད་མེད་བཞི་དང་འཇུག་པ་ཕ་རོལ་ཕྱིན་དྲུག་སྟེ། །གང་གིས་བསྐལ་པ་བྱེ་བ་སྲས་བཅས་རྒྱལ་རྣམས་མཆོད་པས་གཉེས་བྱས་པའི། །བསོད་ནམས་གང་དེས་སྨོན་སེམས་ལན་གཅིག་བསྐྱེད་པའི་རྒྱུར་ཡང་མི་བཟོད་དེ། །འགྲོ་བའི་སྡུག་བསྔལ་ཉུང་ཟད་སེལ་བློས་ངན་འགྲོའི་འཇིགས་ལས་གྲོལ་ཚུལ་སོགས། །དེ་བས་འཇུག་པའི་ཕན་ཡོན་མཐའ་ཡས་དངོས་སུ་སྦྱོར་བས་ཁྱབ་པའི་ཕྱིར། །དཔེར་ན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐོགས་སྡིག་རྒྱུན་བཅད་པ་ཡིས། །བསྐལ་པ་བརྒྱད་ཁྲིའི་ཚོགས་གཉིས་ཟླུམ་པར་ལྷ་མིའི་བླ་མས་ལེགས་གསུངས་ཤིང་། །དཔག་ཡས་བསོད་ནམས་རྒྱུན་ཆགས་འབྱུང་དེས་སྨོན་པའི་སེམས་ལས་ཁྱད་པར་འཕགས། །སྟོང་ཉིད་སྙིང་རྗེའི་ལྗོན་བཟང་མཐའ་ཡས་འགྲོ་བའི་ཁུར་ཁྱེར་བྱུང་ཆུབ་སེམས། །འདི་འདྲ་ལྷ་དང་ཀླུ་དབང་འཇིག་རྟེན་སྐྱོང་བ་སུ་ལའང་ཡོད་མིན་ཞིང་། །རང་གི་དོན་དུ་རྨི་ལམ་མ་རྨིས་གཞན་གྱི་དོན་དུ་ལྟ་ཅི་སྨོས། །དེ་བས་སྔ་ན་མེད་པའི་རྨད་ཅིག་འཁྲུངས་ལ་དགའ་བའི་འཁྲི་ཤིང་སློང་། །ཇི་ལྟར་ཡིད་བཞིན་རིན་ཆེན་མཆོད་ལས་འདོད་དགུའི་ཆར་པ་ལེགས་དབབ་བཞིན། །དགེ་བའི་བཤེས་ལས་ལེགས་པ་ཀུན་འབྱུང་སེམས་མཆོག་སྐྱེ་བའི་རྟེན་འགྱུར་ཕྱིར། །ཕུལ་བྱུང་མཁྱེན་བརྩེ་ནུས་པའི་གཏེར་མངའ་མཚན་ཉིད་ཀུན་ལྡན་བླ་མ་མཆོག །མཉེས་པས་ལེགས་མཆོད་ལུང་ལས་འབྱུང་བཞིན་སྡོམ་པ་ཡང་དག་ལེན་པར་བྱ། །ཡང་ན་དག་སེམས་མཁའ་ལ་དད་བརྒྱའི་དབང་གཞུ་གསར་པའི་ལྡིང་ཁང་ནང་། །སྤྲིན་བྲལ་ཉི་ཟླ་སྟོང་གིས་མཚོན་མིན་ལྷན་མེ་ལྷམ་ནེ་ལྷང་ངེ་བ། །བདེ་གཤེགས་སྲས་ཀྱིས་བསྐོར་བའི་མགོན་རྣམས་མངོན་སུམ་བཞིན་དུ་དམིགས་བྱས་ཏེ། །སྤྱན་དྲངས་ཁྲུས་དང་སྐུ་མཉེ་རྒྱན་འབུལ་སྲི་ཞུ་ཆེན་པོས་བཞུགས་གསོལ་ནས། །ཕྱག་འཚལ་མཆོད་འབུལ་སྡིག་བཤགས་དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །རྣམ་དཀར་དགེ་ཚོགས་ཆུ་ཀླུང་མཐའ་ཡས་བྱང་ཆེན་རྒྱ་མཚོར་བསྔོ་བྱེད་པའི། །དཔག་ཡས་བསོད་ནམས་ཆོས་དབྱིངས་མཐར་ཁྱབ་བདུན་གྱིས་ཡོངས་དུལ་ཞིང་ས་ཆེར། །རྨད་བྱུང་བྱང་ཆུབ་སེམས་ཀྱི་མྱུ་གུ་རྒྱ་ཆེར་འཁྲུངས་པ་འཐད་པ་བཅས། །བྱང་ཆུབ་བར་དུ་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་སྐྱབས་བསྟེན་ནས། །བདེ་གཤེགས་སྲས་བཅས་དགོངས་གསོལ་སྔོན་འགྲོས་སྔོན་ཚེ་མགོན་པོ་མཆོག་རྣམས་ཀྱིས། །བྱང་ཆུབ་ཐུགས་བསྐྱེད་སློབ་ལ་གནས་ལྟར་བདག་གིས་སེམས་མཆོག་ལེགས་བསྐྱེད་ནས། །བསླབ་པའི་ཚོགས་ལ་རིམ་བཞིན་སློབ་བགྱིའི་དམ་དུ་བཅའ་བ་ལན་གསུམ་གྱིས། །སྨོན་དང་འཇུག་པ་ཟུང་འབྲེལ་བརྟན་ཞིང་དག་པ་ཐོབ་ལ་སྤྲོ་བ་བསྐྱེད། །ཇི་ལྟར་ནོར་བུ་གཟི་ལྡན་བྱི་དོར་གྱིས་སྤྲས་བསྡབ་འགྱུར་མཛེས་པ་བཞིན། །སེམས་མཆོག་བསྐྱེད་དེས་འོད་གསལ་སྙིང་པོ་ཆེས་ཆེར་དག་པ་ཉིད་གྱུར་ཏེ། །བདུད་དང་ཕྱིར་རྒོལ་ལོག་པའི་ཚོགས་ཀྱིས་ནམ་ཡང་བརྫི་བར་མི་ནུས་པས། །དེ་བཟུང་དག་པ་སྤེལ་སླད་སེམས་སྲུང་བརྟུལ་ཞུགས་སྲོག་ཏུ་བཟུང་བར་འོས། །སེངྒེ་སྟག་ཁྱི་གཅན་སྤྱང་བྱ་རྒོད་ཁྲུང་ཁྲུང་བྱ་རོག་འུག་པ་དང་། །སྲིན་བུ་སྦྲང་བུ་ཤ་སྦྲང་དག་ཀྱང་བརྩོན་པས་བྱང་ཆུབ་ཐོབ་གྱུར་ན། །བདག་ལྟ་རིགས་ཀྱི་མི་རུ་སྐྱེས་ཤིང་ཕན་དང་གནོད་པ་ངོ་ཤེས་པས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་གཞོལ་ན་བྱང་ཆུབ་དམ་པ་ཅིས་མི་ཐོབ། །ནམ་མཁའི་མཐར་ཁྱབ་མཐའ་ཡས་ཞིང་ཀུན་ཡོངས་གང་ཡིད་ཅན་རྒྱ་མཚོ་རྣམས། །ཐོག་མེད་དུས་ནས་དྲིན་གྱིས་ལེགས་བསྐྱངས་བྱམས་པའི་ཕ་མ་ཤ་སྟག་སྟེ། །དེ་ཀུན་བདག་ཕྱིར་སྡིག་མང་འདུ་བྱས་དེ་རྒྱུས་སྲིད་པར་ཉམ་ཐག་པས། །བྱས་པ་ཤེས་ནས་དྲིན་དུ་གཟོ་ཕྱིར་སྲིད་ལས་དབྱུང་སླད་བརྩོན་འཚལ་ལོ། །དུས་རིང་ཐོག་མ་མེད་ནས་སྲི་པའི་འདྲོག་དགོན་འཐུག་པོར་རབ་འཁྱམས་ཚེ། །ཕ་མ་མཛའ་བཤེས་དགྲ་གཉེན་མ་གྱུར་འགྲོ་བ་གང་དེ་འགའ་མེད་ཕྱིར། །ཉེ་རིང་ཆགས་སྡང་འཁྲུལ་པའི་བློ་བཏང་ཀུན་ལ་ཕན་འདོགས་སྙོམས་པར་བསྒོམ། །འབྱོང་ཚད་བདག་གཞན་དགྲ་གཉེན་མཉམ་ཡིན་རྗེས་ལ་སྤྲོས་པ་བྲལ་བར་བཞག །ཕྱོགས་མཐས་གཏུགས་པའི་འགྲོ་བ་མཐའ་དག་ཚེ་འདིའི་ཕ་མར་བློ་བཞག་ནས། །གནས་སྐབས་ལྷ་མིའི་འབྱོར་པ་རྒྱ་མཚོས་བདེ་དགའི་དཔལ་ལ་རབ་སྤྱོད་ཅིང་། །མཐར་ཐུག་སྡུག་བསྔལ་རྒྱུར་བཅས་ཡོངས་སྤངས་བྱང་ཆུབ་བདུད་རྩིས་འཚོ་བར་སྨོན། །ཀུན་ཁྱབ་བྱམས་བརྩེས་ཕན་འདོགས་ཚད་ཡིན་རྗེས་ལ་དམིགས་པ་མེད་པར་བཞག །ཐར་མེད་སྲིད་པའི་བརྩོན་རར་སྡུག་བསྔལ་གསུམ་གྱི་ཆད་པས་རྟག་གཙེས་ཤིང་། །དགེ་བའི་བཤེས་བྲལ་བླང་དོར་མིག་ལྡོངས་ལམ་གོལ་མ་རྣམས་སྙིང་རེ་རྗེ། །བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་བས་འགྲོ་བའི་དུཿཁ་སེལ་བར་སྨོན། །འགྲོ་བའི་སྡུག་བསྔལ་མི་བཟོད་ཚད་ཡིན་རྗེས་ལ་སྟོང་ཉིིད་ངང་དུ་བཞག །འགྲོ་བ་གང་དག་བདེ་ལྡན་བདེ་བའི་རྒྱུ་ལ་མངོན་པར་བརྩོན་མཐོང་ཚེ། །ཨེ་མ་བདག་གིས་འབད་མ་དགོས་པར་འདི་ཀུན་ལེགས་པ་རྙེད་པས་འཚེང་། །ད་དུང་བྱང་ཆུབ་མ་ཐོབ་བར་དུ་བདེ་དང་མི་འབྲལ་སྙིང་ནས་སྨོན། །འབྱོར་ཚད་ཕྲག་དོག་རབ་ཞི་རྗེས་ལ་དམིགས་མེད་བསམ་གཏན་དགའ་བ་སྒོམས། །བདག་གཞན་མཉམ་དང་བདག་བས་གཞན་གཅེས་སེམས་པ་ཡོངས་སུ་གོམས་བྱས་ནས། །བདག་གི་བདེ་དགེས་འགྲོ་ཀུན་གནས་སྐབས་མཐར་ཐུག་འདོད་པ་ཡོངས་འགྲུབ་ཅིང་། །དེ་དག་སྡིག་སྡུག་བདག་ལ་ཆེས་སྨིན་དེ་ཀུན་བདེ་དགས་འཚོ་བ་ཡི། །དམིགས་པ་གཉིས་པོ་རླུང་གི་རྟར་བསྐྱོན་ཁ་ཙམ་མིན་པར་སྒོམས་ཤིག་ཀྭ། །ལོག་པར་ལྟ་སོགས་རྒྱལ་པོར་འབྱུང་ལྔ་གྲོང་སོགས་བློན་པོར་ཉེ་བ་ལྔ། །བློ་མ་སྦྱངས་པར་སྟོང་ཉིད་སྟོན་སོགས་ཕལ་པའི་བརྒྱད་སྟེང་སྨོན་འཇུག་སེམས། །བཏང་བ་དབུ་མའི་རྩ་ལྟུང་ཉི་ཤུ་རྙེད་ཕྱིར་བདག་བསྟོད་གཞན་ལ་སྨོད། །སེར་སྣས་ཆོས་ནོར་མི་སྟེར་བཤགས་ཀྱང་མི་ཉན་ཁྲོ་བས་སླར་ལ་འཚོག །ཐེག་ཆེན་སྤོང་ཞིང་དམ་ཆོས་འདྲ་སྣང་སྟོན་ཏེ་སེམས་ཙམ་རྩ་ལྟུང་བཞི། །ཀུན་ཀྱང་ཕྱོགས་མཐུན་ཉེས་བྱས་དང་བཅས་སྲོག་དང་བསྡོས་ནས་བསྲུང་འཚལ་ལོ། །སྤང་བླང་མི་ཤེས་བསླབ་ལ་མ་གུས་བག་མེད་ཉོན་མོངས་ལྟུང་བའི་སྒོ། །འདི་བཞི་འཛོམས་ན་ཉེས་ལྟུང་ཆར་འབབས་དེ་ཕྱིར་དྲན་ཤེས་བག་ཡོད་པས། །བསླབ་བྱའི་གནས་རྣམས་རྨ་ཡི་བག་བཞིན་རབ་ཏུ་བསྒྲིམས་ཏེ་བསྲུང་བྱ་ཞིང་། །སྤྱོད་ཡུལ་མ་ལུས་ཡོངས་དག་དགེ་བའི་ལམ་བསྒྱུར་བརྩོན་པ་བསྐྱེད་འཚལ་ལོ། །མཆོད་འོས་བསླུ་དང་འགྱོད་མེད་འགྱོད་བསྐྱེད་དམ་པ་རྣམས་ལ་མི་སྙན་སྒྲོགས། །འགྲོ་བར་གཡོ་དང་སྒྱུས་སྤྱོད་ནག་པོའི་ཆོས་བཞི་དུག་བཞིན་སྤངས་བྱས་ནས། །ཤེས་བཞིན་རྫུན་སྤོང་རྒྱལ་སྲས་སྟོན་པའི་འདུ་ཤེས་བསྐྱེད་བསྔགས་འགྲོ་བ་རྣམས། །ལྷག་པའི་བསམ་པས་ཐེག་ཆེན་ལ་འགོད་དཀར་པོའི་ཆོས་བཞི་ལྡན་པར་མཛོད། །དགེ་བའི་བཤེས་ལ་སྟོན་པ་ཆོས་ལ་ལམ་དང་དེ་སྒྲུབ་རྣམས་ལ་གྲོགས། །འགྲོ་ལ་བུ་གཅིག་ལྟ་བུའི་འདུ་ཤེས་བཞི་ཡིས་སེམས་མཆོག་བརྟན་འགྱུར་གསུངས། །གཞན་དོན་གཙོར་སྤྱོད་གྲགས་མཆོག་རྣམས་ལ་གཞན་དོན་འགྱུར་དང་འགྱུར་ཤེས་ཤིང་། །རང་གི་དགེ་ཚོགས་མི་བསྒྲིབ་འཕེལ་ན་ལུས་དང་ངག་གི་མི་དགེ་བདུན། །གནང་བའི་སྐབས་ཡོད་དོན་ལ་དགེ་ཡིན་ཡིད་གསུམ་གནང་བའི་སྐབས་མེད་དོ། །རང་དོན་ཞི་བདེ་གཉེར་བའི་དགེ་བའང་སེམས་དཔའ་རྣམས་ཀྱི་ལྟུང་བ་སྟེ། །གཞན་ཕྱིར་ཕན་ན་མི་དགེ་གང་ལགས་བསླབ་པ་ཡིན་པར་ཐུབ་པས་གསུངས། །སྨོན་སེམས་ཉམས་རྐྱེན་ཞུམ་དང་སྒྱིད་ལུག་དམན་པའི་ལམ་དུ་ཞུགས་པ་སྟེ། །དེ་ཡི་གཉེན་པོར་གཟེངས་བསྟོད་སྤྲོ་བསྐྱེད་རྒྱ་ཆེན་ཕན་ཡོན་དྲན་པར་བྱ། །འཇུག་སེམས་རྟེན་གཞི་སྨོན་སེམས་ཤོར་རམ་འགལ་ཟླ་རྩ་བའི་ལྟུང་བ་བྱུང་། །སྤོང་རྐྱེན་བསླབ་པ་ཕུལ་བས་ཉམས་གང་དམ་པས་སྨོད་ཅིང་ལྷ་ཡིས་ཁྲེལ། །ངན་འགྲོ་ལོག་པར་ལྟུང་གི་སྡུག་བསྔལ་མཐའ་མེད་དེ་ཕྱིར་སྲོག་ལྟར་སྲུངས། །ཉམས་ན་བཤགས་ཚུལ་རབ་ཀྱིས་ཆོས་ཉིད་དམིགས་བསམ་བརྗོད་པ་ལས་འདས་པའི། །དོན་དམ་སྤྲོས་མཚན་ཀུན་བྲལ་ནམ་མཁའ་ལྟ་བུའི་ངང་དུ་མཉམ་པར་བཞག །འབྲིང་གིས་རིགས་སྔགས་ལྷ་མཆོག་ནམ་སྙིང་མདུན་དང་དམན་རྣམས་དགེ་བཤེས་སམ། རྟེན་གྱི་དྲུང་དུ་ནོངས་པ་བཤགས་རྗེས་སྡོམ་པ་སླར་ཡང་ལེན་པར་བྱ། །དེ་ཡང་སྙིང་སྟོབས་གསུམ་གྱིས་རྒྱལ་པོ་མཉན་པ་རྫི་བོ་ལྟ་བུ་སྟེ། །རིམ་བཞིན་གྲངས་མེད་སུམ་ཅུ་རྩ་གསུམ་བདུན་དང་གསུམ་གྱིས་གྲོལ་གསུངས་པས། །ཤཱཀྱའི་སྲས་བཞིན་མཐའ་ཡས་འགྲོ་ཀུན་སྲིད་པའི་མཚོ་ལས་བསྒྲལ་ཟིན་ནས། །རང་ཉིད་གྲོལ་བ་བརྙེས་འདོད་དཔེ་མེད་སེམས་མཆོག་བསྐྱེད་ལ་བརྩོན་པར་མཛོད། །རྒྱལ་སྲས་རྣམས་ཀྱི་བསླབ་བྱའི་གཙོ་མཆོག་སྦྱིན་ཚུལ་བཟོད་བརྩོན་ཏིང་འཛིན་དང་། །ཤེས་རབ་ཕར་ཕྱིན་དྲུག་ཡིན་ངོ་བོ་ཁྱད་ཆོས་བཞི་ལྡན་དགེ་བ་ཆེ། །ངེས་ཚིག་དབུལ་སེལ་བསིལ་ཐོབ་ཁྲོ་བཟོད་མཆོག་སྦྱོར་ཡིད་འཛིན་ཤེས་ཕྱིར་ཏེ། །རྒྱ་ཆེ་བ་སོགས་ཡོན་ཏན་བཞི་ལྡན་སྒྲུབ་ཚུལ་ཆགས་བདུན་སྤོང་བས་སོ། །དེ་ཡང་གཏོང་དང་གཏོང་བ་ཆེ་དང་ཤིན་ཏུ་གཏོང་བ་ཟང་ཟིང་སྟེ། །ཤིན་ཏུ་མི་བཟད་འཇིགས་པའི་གནས་ལས་བདེ་བར་དབུགས་འབྱིན་སྐྱབས་ཀྱི་སྦྱིན། །གང་འདུལ་གདུལ་བྱའི་བློ་དང་འཚམ་པར་ཆོས་ཀྱི་བདུད་རྩིས་རེ་སྐོང་བའི། །སྦྱིིན་པ་གསུམ་གྱི་ས་བོན་མཆོག་གང་རྒྱ་ཆེར་འདེབས་ལ་བརྩོན་པར་འཚལ། །སོ་ཐར་རིགས་བདུན་གང་རུང་ཁྲིམས་སྟེང་སྨོན་འཇུག་གཉིས་སྲུང་ཉེས་སྤྱོད་སྡོམ། །ཕ་རོལ་ཕྱིན་པ་དྲུག་ལྡན་དགེ་ཚོགས་རྒྱུན་ཆགས་རྒྱུད་སྦྱོར་དགེ་ཆོས་སྡུད། །བསྡུ་བའི་དངོས་པོ་བཞི་ཡིས་རླབས་ཆེན་གཞན་དོན་བརྩོན་གང་དོན་བྱེད་དེ། །ཚུལ་ཁྲིམས་གསུམ་གྱིས་རྣམ་དཀར་མྱུ་གུ་ཆེས་ཆེར་བསྐྱེད་ལ་བརྩོན་འཚལ་ལོ། །ཐེག་ཆེན་ཆོས་ཕྱིར་ལུས་སྲོག་འདོར་བའི་དཀའ་བ་ཆེན་པོ་དང་ལེན་ཞིང་། །སྣ་ཚོགས་ཐབས་ཀྱིས་ཁྲོ་བའི་མེ་གཞིལ་གནོད་བྱེད་ཡུལ་ལ་འཚེ་བ་སྤོང་། །ངེས་དོན་བྱར་མེད་སྙིང་པོའི་དོན་ལ་སྐྲག་པ་སྤོང་བ་ངེས་སེམས་ཏེ། །བཟོད་པ་གསུམ་གྱི་དཀའ་ཐུབ་མཆོག་གང་དམ་བཅའི་སྲོག་ཏུ་བཟུང་བར་འོས། །ལེ་ལོ་གསུམ་དང་བདུད་བཞི་ལས་རྒྱལ་སྙིང་སྟོབས་གོ་ཆ་ཆེན་པོ་སྟེ། །ས་བཅུ་ལམ་ལྔའི་ཡོན་ཏན་གོང་མ་གོང་མར་ཆེས་རབ་སྦྱོར་བྱེད་ཅིང་། །བྱ་དཀའི་གནས་ལ་མི་འགོང་རྐྱེན་གྱིས་མི་ལྡོག་ཆོག་ཤེས་མེད་པ་ཡི། །བརྩོན་འགྲུས་གསུམ་གྱིས་རྨད་བྱུང་བྱང་ཆུབ་མཆོག་གི་དཔལ་ལ་སྦྱོར་བར་འཚལ། །དགྲ་མེད་མི་གཡོ་ཞི་བའི་ནགས་སུ་བསམ་གཟུགས་བྱིས་པ་ཉེར་སྤྱོད་དང་། །ཡང་དག་ལམ་ཞུགས་གང་ཟག་རྒྱུད་ཏིང་ཞི་ལྷག་ཟུང་འབྲེལ་དོན་རབ་འབྱེད། །ས་ཐོབ་འཕགས་པའི་ཏིང་འཛིན་ཟག་པ་མེད་གང་དེ་བཞིན་གཤེགས་དགེ་སྟེ། །བསམ་གཏན་གསུམ་གྱིས་རིག་དང་མངོན་ཤེས་ཏིང་འཛིན་མངོན་པར་བསྒྲུབ་འཚལ་ལོ། །རྒྱལ་བས་ལེགས་གསུངས་དྲང་ངེས་ལྡེམ་དགོངས་ཆོས་ཚུལ་དཔག་ཡས་ཐོས་བྱས་ནས། །ཡང་དག་རྟོན་པ་བཞི་ཡིས་ལེགས་བརྟགས་ཐེ་ཚོམ་མདུད་གྲོལ་བསམ་བྱུང་སྟེ། །དེ་དོན་བསྒོམས་པས་ཆོས་དབྱིངས་སྤྲོས་བྲལ་འོད་གསལ་གཤེགས་སྙིང་ལེགས་རྟོགས་པའི། །ཤེས་རབ་གསུམ་གྱིས་སྲིད་རྩེའི་ས་བོན་དྲུང་ནས་ཕྱུང་ལ་བརྩོན་པར་འཚལ། །དེ་ལྟར་ཐབས་མཆོག་སྙིང་རྗེས་ཀུན་སློང་དཔག་ཡས་བསོད་ནམས་མི་ཟད་གཏེར། །དམིགས་མེད་ཤེས་རབ་ཟབ་མོས་ལེགས་ཟིན་ཚོགས་གཉིས་དགེ་བའི་རྒྱ་མཚོ་ཆེར། །ལེགས་པར་ཞུགས་དང་ཁམས་ཀྱི་སྒྲིབ་ཚོགས་རིམ་བྱང་ས་བཅུའི་ཡོན་ཏན་དང་། །རིང་མིན་དོན་གཉིས་ལྷུན་གྲུབ་རྒྱལ་བའི་འབྱོར་ཚོགས་དཔག་ཡས་མངོན་སྣང་འགྱུར། །ཀྱེ་ཧོ། ད་རེས་དལ་རྟེན་པད་དཀར་རྒ་དང་རྒུད་པའི་བ་མོས་མ་རྙིང་ཞིང་། །དགེ་བཤེས་ཆུ་ཤེལ་དབང་པོས་ལེགས་ཟིན་ཐེག་མཆོག་འོད་དཀར་འགྱེད་དུས་འདིར། །མནོག་ཆུང་ཚེ་འདིའི་བྱ་བ་ཀུན་བཏང་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན། །རྨད་བྱུང་བྱང་ཆུབ་སེམས་ཀྱི་བདུད་རྩིས་རང་གཞན་སྲིད་ཞིའི་གདུང་བསལ་མཛོད། །བཀྲ་ཤིས་གང་ཞིག་འགྲོ་བའི་རྒྱུད་གནས་འོད་གསལ་སྙིང་པོ་འདུས་མ་བྱས། །བཀྲ་ཤིས་ཚོགས་གཉིས་རྒྱ་མཚོའི་དཔལ་གྱི་གློ་བུར་ཁམས་ཀྱི་དྲི་བསལ་བས། །བཀྲ་ཤིས་ཡོན་ཏན་མ་བཙལ་ལྷུན་རྫོགས་ཆོས་གཟུགས་ཉི་ཟླ་མངོན་སྣང་སྟེ། །བཀྲ་ཤིས་དཔལ་འབར་འཁོར་བ་དོང་སྤྲུག་ཆོས་དབྱིངས་རྒྱན་དུ་མཛེས་འབར་ཤོག །བདག་ཀྱང་སྐྱེ་ཀུན་ཐེག་མཆོག་ཆོས་ཀྱི་སྣང་བ་མཆོག་དང་མི་འབྲལ་ཞིང་། །སྣང་དང་མི་སྣང་ཕྱེད་སྣང་གྲོང་ཁྱེར་གསུམ་ན་མངོན་པར་རྒྱུ་བའི་འགྲོ། །མ་ལུས་མི་ལུས་ལུས་པ་མེད་གང་རྣམ་གྲོལ་དཔལ་ལ་སྦྱོར་ནས་སླར། །གཞི་རྫོགས་འཕོ་འགྱུར་བྲལ་བ་གདོད་མའི་ས་ལ་མངོན་པར་བྱང་ཆུབ་ཤོག །དགེ་མཚན་ངོ་མཚར་རྩིབས་སྟོང་རྣམ་བཀྲ་ཐུབ་བསྟན་གསེར་གྱི་འཁོར་ལོ་ནི། །དགེ་ལེགས་བཤད་སྒྲུབ་འོད་སྣང་འབུམ་བདལ་བསྐལ་པ་རྒྱ་མཚོར་རྟག་བརྟན་པའི། །དགེ་མཚན་སྲིད་ན་རབ་གསལ་བསྐལ་ངན་དུས་ཀྱི་རྒུད་པའི་མུན་སེལ་ཏེ། །དགེ་ལེགས་ཕན་བདེའི་འབྱོར་ཚོགས་རབ་རྒྱས་རྫོགས་ལྡན་དཔལ་ལ་རོལ་གྱུར་ཅིག །དེ་སྐད་སྨྲས་པས་གདོལ་པའི་ཁྱེའུ་ཡང་། །རབ་ཏུ་དགའ་བས་རྗེས་སུ་ཡི་རང་སྟེ། །དྲན་ཤེས་བག་ཡོད་གཙང་མའི་གོས་གྱོན་ནས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་གཞོལ་བར་གྱུར། །ཅེས་འདི་ཡིད་མཐུན་གྲོགས་གསུམ་གྱིས། །སྔ་ཕྱིར་བསྐུལ་མ་གནང་བ་བཞིན། །ལང་ཚོ་དར་ལ་བབས་གྱུར་ཀྱང་། །བློ་གྲོས་བུལ་པའི་ངང་ཚུལ་ཅན། །ཅོལ་ཆུང་པདྨ་བི་ཛས་བྲིས། །ལེགས་པར་བཤད་འགའ་ཡོད་མིན་ཀྱང་། །མཁས་རྣམས་བཞད་གད་སློང་བའི་ཕྱིར། །སྐབས་རེར་མཁོ་བའང་མི་སྲིད་མིན། །ནང་གི་མུན་སེལ་མཁྱེན་པའི་གཏེར། །དཔའ་བོ་ཤེས་རབ་རལ་གྲི་ཅན། །གང་གི་ཐུགས་རྗེའི་འོད་ཟེར་གྱིས། །བློ་མཆོག་པདྨོ་བཞད་པ་མཛོད།། །།


previous བྱང་ཆུབ་སེམས་དཔའི་བསླབ་བྱ་མདོ་ཙམ་བརྗོད་པའི་གཏམ་གཞོན་ནུ་ཀུན་ཏུ་དགའ་བའི་ཟློས་གར། next