Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
   
  expand section
  expand section
   
   
  expand section
   
   
   
   
   
   
   
   
   
   
   
སྐབས་དང་འབྲེལ་བའི་གཏམ་ལུགས་ཟུང་རབ་གསལ།
   
   
   
   
   


 
previous སྐབས་དང་འབྲེལ་བའི་གཏམ་ལུགས་ཟུང་རབ་གསལ། next

སྐབས་དང་འབྲེལ་བའི་གཏམ་ལུགས་ཟུང་རབ་གསལ།

༄༅། །སྐབས་དང་འབྲེལ་བའི་གཏམ་ལུགས་ཟུང་རབ་གསལ་བཞུགས། །ༀ་སྭསྟི། སྡེབ་སྦྱོར་ལེགས་ཤིང་དོན་ཟབ་པའི། །ལུགས་ཀྱི་བསྟན་བཅོས་མང་བཞུགས་ཀྱང་། །ཇི་བཞིན་ཤེས་དང་ལག་ལེན་དཀོན། །དེ་བས་འདི་ཙམ་ཡིད་ལ་ཞོག །འདི་ན་ལུགས་སྲོལ་རྣམ་པ་གཉིས། །མི་སྐྱ་ཕལ་དང་བླ་སེར་རོ། །སྔ་མ་བསྟན་སྒོར་མ་ཞུགས་པའི། །སྡོམ་མིན་རྒྱུན་ལྡན་སྐྱེ་བོ་དམན། །ཕྱི་མ་སྟོན་པའི་རྗེས་འཇུག་ཕྱིར། །འཕགས་པའི་དགེ་འདུན་མཆོད་གནས་མཆོག །འདི་གཉིས་ཁྱད་པར་འདི་ལྟར་དཔྱོད། །བདག་རྒྱལ་གཞན་ཕམ་ངན་གཡོ་གསུམ། །ཁྱིམ་པ་ཕལ་གྱི་ཀུན་སློང་ཡིན། །ཚོང་དང་སོ་ནམ་སྡིག་ལས་གསུམ། །ཁྱིམ་པ་ཕལ་གྱི་ངན་སྤྱོད་ཡིན། །རྟ་དང་མདའ་གཞུ་ཁེར་བོག་གསུམ། །ཁྱིམ་པ་དམན་པའི་འཕྱོར་ཆས་ཡིན། །སྐྲ་རིང་གྲི་རིང་སྐྱ་གོས་གསུམ། །ཁྱིམ་པ་ཕལ་པའི་དམན་ཆས་ཡིན། །ཆང་དང་བསད་ཤ་ཁ་དུད་གསུམ། །ཁྱིམ་པ་དམན་པའི་ཁ་ཟས་ཡིན། །ཤྭ་དང་རྒྱན་དང་རྟ་རྒྱུག་གསུམ། །ཁྱིམ་པ་རྣམས་ཀྱི་རྩེད་མཚར་ཡིན། །འཚེ་དང་ཆོམ་རྐུན་འཁྲིག་པ་གསུམ། །ཁྱིམ་པ་དམན་པའི་འདོད་བྱ་ཡིན། །དམྱལ་བ་ཡི་དྭགས་དུད་འགྲོ་གསུམ། །ཁྱིམ་པ་དམན་པའི་གཏན་ཡུལ་ཡིན། །འཇིགས་དང་མྱ་ངན་སྡུག་བསྔལ་གསུམ། །ཁྱིམ་པ་དམན་པའི་ལོངས་སྤྱོད་ཡིན། །འདི་དག་རབ་ཏུ་བྱུང་རྣམས་ཀྱི། །དོར་བྱ་ཡིན་གྱི་བླང་བྱ་མིན། །སྨད་འོས་ཡིན་གྱི་བསྔགས་འོས་མིན། །ཕུང་བྱེད་ཡིན་གྱི་འཚེང་བྱེད་མིན། །དེ་ཕྱིར་སྤྱོད་ངན་འདི་བརྟུལ་ནས། །དམ་པའི་རྗེས་སུ་ཞུགས་པ་ལ། །བརྟུལ་ཞུགས་ལྡན་ཞེས་སྨོན་པའི་གནས། །ལྷར་བཅས་སྐྱེ་བོའི་མཆོད་གནས་ཡིན། །ངེས་འབྱུང་གཞན་ཕན་ལྷག་བསམ་གསུམ། །རབ་བྱུང་བཙུན་པའི་ཀུན་སློང་ཡིན། །ཐོས་དང་བསམ་དང་སྒོམ་པ་གསུམ། །རབ་བྱུང་རྣམས་ཀྱི་སྤྱོད་པ་ཡིན། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་གསུམ། །རབ་བྱུང་རྣམས་ཀྱི་རྒྱན་ཆས་ཡིན། །དབུ་ཟླུམ་ཞབས་རྗེན་ངུར་སྨྲིག་གསུམ། །རབ་བྱུང་རྣམས་ཀྱི་རྟགས་ཆས་ཡིན། །དཀའ་ཐུབ་གདན་གཅིག་བཅུད་ལེན་གསུམ། །རབ་བྱུང་ཆོས་པའི་བཞེས་སྤྲོ་ཡིན། །འཆད་དང་རྩོད་དང་རྩོམ་པ་གསུམ། །རབ་བྱུང་མཁས་པའི་དགའ་སྟོན་ཡིན། །མཁས་དང་བཙུན་དང་བཟང་སྤྱོད་གསུམ། །རབ་བྱུང་རྣམས་ཀྱི་འདོད་བྱ་ཡིན། །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །རབ་བྱུང་རྣམས་ཀྱི་གཅེས་ནོར་ཡིན། །དྲན་དང་ཤེས་བཞིན་བག་ཡོད་གསུམ། །རབ་བྱུང་རྣམས་ཀྱི་རྟེན་གྲོགས་ཡིན། །མཐོ་རིས་ཐར་དང་རྣམ་མཁྱེན་གསུམ། །རབ་བྱུང་བཙུན་པའི་གཏན་ཡུལ་ཡིན། །བསྟོད་དང་རྒྱལ་དང་བདེ་དང་གསུམ། །རབ་བྱུང་བཙུན་པའི་ལོངས་སྤྱོད་ཡིན། །འདི་རྣམས་བློ་དང་ལྡན་རྣམས་ཀྱི། །བླང་བྱ་ཡིན་གྱི་དོར་བྱ་མིན། །བསྔགས་འོས་ཡིན་གྱི་སྨད་བྱ་མིན། །འཚེང་བྱེད་ཡིན་གྱི་ཕུང་བྱེད་མིན། །དཀར་ཕྱོགས་ལྷ་ཡང་འདི་ལ་འགོ །།དམ་པ་རྣམས་ཀྱང་འདི་ལ་དགྱེས། །རང་གཞན་དོན་ཡང་འདི་ཡིས་འགྲུབ། །སྨོན་པའི་གནས་ཀྱང་འདི་རང་ཡིན། །ཡང་གཅིག་སེམས་ལ་འདི་ལྟར་ཞོག །སྲོག་གཅོད་སྟོན་མོ་ཆེ་དང་གཅིག །མྱོས་བྱེད་མགྲོན་ཁ་མོད་དང་གཉིས། །ན་ཆུང་འདུ་ཚོགས་མང་དང་གསུམ། །འདི་གསུམ་བསྟན་པ་གུད་པའི་རྟགས། །ཆོས་སྤྱོད་ཉམ་ཆུང་བརྙས་དང་གཅིག །སྡིག་སྤྱོད་ཁ་དྲག་ཆེ་དང་གཉིས། །བཤད་སྒྲུབ་བསྟན་ལ་འཁུ་དང་གསུམ། །འདི་གསུམ་བསྟན་པ་ཉམས་པའི་རྐྱེན། །ཁ་ལྟའི་རྦད་ཁམ་{ཁམས}ཆེ་དང་གཅིག །ལག་ལེན་སྤྱོད་པ་རྩིང་དང་གཉིས། །གཞན་ཕན་སྙིང་རྗེ་ཆུང་དང་གསུམ། །འདི་གསུམ་ཆོས་དྲེད་ཁྱེར་བའི་རྟགས། །དྲན་ཚད་ཁ་རུ་སྨྲ་དང་གཅིག །མ་བརྟགས་སྤྱོད་པ་མང་དང་གཉིས། །མཐོང་ཚད་གྲོགས་སུ་སྡེབ་དང་གསུམ། །འདི་གསུམ་ཀླད་པ་ཡང་བའི་སྐྱོན། །གྲོང་ཡུལ་འགྲིམ་འགྲུལ་མང་དང་གཅིག །དོན་མེད་ལྟད་མོར་གཡེང་དང་གཉིས། །ཨ་གསར་ངོ་འཛུམ་དཀར་དང་གསུམ། །འདི་གསུམ་གྲགས་པ་ཉམས་པའི་རྒྱུ། །མ་བཅོལ་ལས་ཀྱི་ཁུར་ལེན་གཅིག །དོན་མེད་སྟོང་འདིང་མང་དང་གཉིས། །མི་ལ་རེ་བ་ཆེ་དང་གསུམ། །འདི་གསུམ་རང་སྡུག་ཉོ་བའི་ཟོང་། །མི་སྲིད་པ་ཡི་གཏམ་བཤད་གཅིག །མི་འགྲུབ་པ་ཡི་ཁས་ལེན་གཉིས། །མི་ནུས་བྱ་བའི་མགོ་བརྩམ་གསུམ། །འདི་གསུམ་གཞན་གྱིས་ཁྲེལ་བའི་རྒྱུ། །མི་ངན་གྲོགས་སུ་བརྟེན་དང་གཅིག །གསང་གཏམ་གཞན་ལ་བཤད་དང་གཉིས། །གཡོན་ཅན་ཚིག་གི་ངོ་བསྟོད་གསུམ། །འདི་གསུམ་ནམ་ཕུག་གནོད་པའི་གཞི། །རང་མཐོང་ང་རྒྱལ་ཆེ་དང་གཅིག །ཉམ་ཆུང་ཁྱད་དུ་གསོད་དང་གཉིས། །འགྲན་སེམས་ཆགས་སྡང་ཆེ་དང་གསུམ། །འདི་གསུམ་རང་གཤིས་ངན་པའི་མཚང་། །བརྟག་དཔྱད་སྔོན་དུ་བཏང་དང་གཅིག །བྱ་བ་གང་ཡང་ཚོད་ཟིན་གཉིས། །མིག་ལྟོས་གོང་མར་བསྟུན་དང་གསུམ། །འདི་གསུམ་ཡ་རབས་ཚུལ་ལུགས་ཡིན། །མཁས་པ་གོང་དུ་བཀུར་དང་གཅིག །རྒན་ལ་སྲི་ཞུ་མི་ཆུང་གཉིས། །བྱས་ལ་དྲིན་གཟོ་གཟོབ་པ་གསུམ། །འདི་གསུམ་ཡ་རབས་སྤྱོད་པ་ཡིན། །རྟག་ཏུ་དཀོན་མཆོག་མཆོད་དང་གཅིག །ལས་འབྲས་འདོར་ལེན་ཕྲ་ཞིབ་གཉིས། །དྲངས་ཤིང་གཡོ་སྒྱུ་མེད་པ་གསུམ། །འདི་གསུམ་གཏན་དུ་ཕན་པའི་གཞི། །ཁྲོ་གཉེར་ངོ་འཛུམ་སྤངས་དང་གཅིག །ངག་ཚིག་གསོང་པོར་སྨྲ་དང་གཉིས། །ཕན་འདོགས་བསམ་པ་བཟང་དང་གསུམ། །འདི་གསུམ་ཀུན་གྱིས་བཀུར་བའི་གནས། །རྟག་ཏུ་དམན་ས་འཛིན་དང་གཅིག །དོན་མེད་སྨྲ་བ་ཉུང་དང་གཉིས། །དགོས་མེད་བྱ་བ་མི་མང་གསུམ། །འདི་གསུམ་གྲོགས་དང་མཐུན་པའི་སྒོ། །རང་ཚོད་རང་གིས་ཟིན་དང་གཅིག །གཞན་ཟེར་ཁ་ལ་མི་རྒྱུག་གཉིས། །རྟག་པར་ཆོས་སྤྱོད་བརྩོན་པ་གསུམ། །འདི་གསུམ་འཕྲལ་ཡུན་དགེ་བའི་རྒྱུ། །དུས་རྒྱུན་རང་གི་རྒྱུད་ལ་རྟོག །གཅིག་པུར་ལྷ་ཡིས་མ་ཁྲེལ་ཞིང་། །ཚོགས་སུ་གྲོགས་ཀྱིས་མ་ཁྲེལ་བའི། །བློ་བདེ་ཚགས་སུ་ཚུད་པར་མཛོད། །ད་དུང་སྨྲ་བ་ཚིག་གསུམ་བདོག །དད་དང་མོས་གུས་ཞབས་ཏོག་གསུམ། །བྱིན་རླབས་འགུགས་པའི་ལྕགས་ཀྱུ་ཡིན། །ངོས་འཕྲད་སྡུག་ཡུས་ཆེ་མི་དགོས། །ནམ་ཡང་བླ་མར་འདུ་འབྲལ་མེད། །བསྙེན་དང་སྒྲུབ་པ་ལས་སྦྱོར་གསུམ། །དངོས་གྲུབ་འབྱུང་བའི་གཏེར་བུམ་ཡིན། །གཞན་ལ་རེ་བ་འཆའ་མི་དགོས། །དོན་གཉིས་བསམ་ཀུན་འགྲུབ་སྟེ་མཆི། །སྡོམ་དང་དམ་ཚིག་བསྐྱེད་རྫོགས་གསུམ། །རྩ་གསུམ་ཆགས་པའི་བླ་རྡོ་ཡིན། །རྫིག་རྫིག་མང་པོ་བཤམས་མི་དགོས། །པད་དཔལ་བུང་བ་འདུ་བཞིན་འཁོར། །མཆོད་དང་བརྟེན་དང་རྦད་དང་གསུམ། །དྲེགས་པ་ལས་ལ་འཁོར་བའི་མཚོན། ཁེར་བོག་ཡང་ཆུང་ཡོད་མི་དགོས། །བསྟན་སྲུང་ལྕགས་རི་འདི་ཡིས་ཆོག །དད་དང་སྙིང་བརྩེ་བརྩོན་འགྲུས་གསུམ། །ལམ་མཆོག་བགྲོད་པའི་ཤིང་རྟ་ཡིན། །ཟི་ལིང་རྟ་ཕོ་ཡོད་མི་དགོས། །འདོད་པའི་ས་རུ་འདི་ཡིས་སླེབ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །འཇིགས་པ་ཀུན་ལས་སྐྱོབ་པའི་རྫོང་། །མགོ་དཔོན་དམག་སྡེ་ཡོད་མི་དགོས། །སྐྱབས་འདིས་ནམ་ཡང་བསླུ་མི་སྲིད། །གཏོང་དང་ཚུལ་ཁྲིམས་སྒོམ་པ་གསུམ། །ལོངས་སྤྱོད་འཛད་མེད་རིན་ཆེན་གཏེར། །ཡོ་བྱད་མང་པོ་གསོག་མི་དགོས། །སྐྱེ་བ་འཕོས་ཀྱང་རྗེས་སུ་འབྲང་། །ཉོན་མོངས་དགྲ་བོ་མ་ཐུལ་ན། །ཕྱི་རོལ་དགྲ་ལ་ཟད་པ་མེད། །རེ་རེ་ཐུལ་ཡང་རེ་རེ་ལྡང་། །ནམ་ཕུག་དམྱལ་བ་ཆེན་པོའི་རྒྱུ། །ཆོག་ཤེས་ནོར་དང་མི་ལྡན་ན། །ཇི་ཙམ་འབྱོར་ཡང་ངོམས་མི་ཤེས། །བསྲུང་བསྲེལ་སྡུག་བསྔལ་དེ་བས་ཆེ། །ནམ་ཕུག་དགྲ་འདྲེའི་གཡབ་མོ་ལགས། །ཁོ་ཐག་ནང་ནས་མ་ཆོད་ན། །གཞན་ཟེར་ཁ་ལ་ཉན་ཚོད་མེད། །ཉན་ཀྱང་མགུ་འཁང་སྔར་བས་སྐྱེན། །ཐ་མ་རང་གཞན་གཉིས་ཕུང་རྒྱུ། །རྒྱལ་བསྟན་སྙིང་པོ་ལུང་རྟོགས་གཉིས། །དེར་འཛིན་བཤད་དང་སྒྲུབ་པ་ལས། །དགྲ་འདུལ་གཉེན་སྐྱོང་འདིར་མ་གསུངས། །རང་སེམས་འདུལ་ན་མི་ལེགས་སམ། །གལ་ཏེ་སྔོན་ལས་མཚོ་རྡོལ་ན། །སངས་རྒྱས་ཀྱིས་ཀྱང་སྐྱོབ་དཀའ་གསུངས། །གོ་མཚོན་ཕལ་གྱིས་ལྟ་ཅི་སྨོས། །དགྲ་བཅོམ་རྣམས་ཀྱང་བཀྲོངས་ཚུལ་སོམས། །སེམས་ཅན་མོས་པ་སྣ་ཚོགས་ཕྱིར། །རྒྱལ་བས་མགུ་བར་དཀའ་གསུངས་ན། །རང་ཅག་དམན་པས་ལྟ་ཅི་སྨོས། །གཏམ་རྣམས་བྲག་ཆའི་རོལ་མོར་སྦྱོངས། །སྔོན་དུས་བཅོམ་ལྡན་འདས་ཀྱི་གཉེན། །ཤཱཀྱ་བརྒྱད་ཁྲི་ཁ་བཏགས་དང་། །མཆོག་ཟུང་གཅིག་ཀྱང་བཀྲོངས་མོད་ཀྱི། །ཉན་ཐོས་དམག་ལ་ཆས་སྐད་མེད། །རང་ཅག་དེ་ཡི་རྗེས་འཇུག་ཕྱིར། །དམག་དང་གོ་ཤོམ་དགོས་པ་མེད། །མཚོན་ཆ་མང་པོས་སུ་ལ་ཅི། །རང་གིས་རང་ཉིད་བསྲུང་ན་ལེགས། །ངན་སོང་དམྱལ་བ་ལ་ལྟོས་ན། །ད་ལྟའི་དགྲ་འདི་གནོད་བྱེད་མིན། །ཁེ་ཉེན་ཤེས་པ་ཕ་ཡི་བུ། །སེམས་ཀྱི་རྨ་འདི་རྟག་སྲུང་མཛོད། །རྒྱལ་བའི་བཀའ་བཞིན་དང་བླངས་ན། །སངས་རྒྱས་བསྟན་པ་ཅི་སྟེ་ཉམས། །དཀོན་མཆོག་དབུ་འཕང་ཅི་ལ་དམའ། །དགེ་འདུན་འདུ་སྒོ་ཅི་ཕྱིར་འགག །དཀར་ཕྱོགས་ལྷ་ཀླུ་ཅི་ཡིས་འཁྲུགས། །དཔྱོད་ལྡན་ཡོད་ན་ཅི་ཞིག་ཁྲེལ། །གལ་ཏེ་ཁྲེལ་ཡང་འགྱོད་པ་མེད། །མི་རྗེས་མ་སླེབ་འགྱོད་པ་མེད། །ཕ་གཞིས་འཆོར་ཡང་འགྱོད་པ་མེད། །རྐྱེན་ཁར་ཤིི་ཡང་འགྱོད་པ་མེད། །དམྱལ་བར་སོང་ཡང་འགྱོད་པ་མེད། །སུ་མ་མགུ་ཡང་འགྱོད་པ་མེད། །གང་ལྟར་གྱུར་ཀྱང་འགྱོད་པ་མེད། །འགྱོད་མེད་ཚགས་སུ་ཚུད་པར་མཛོད། །དལ་འབྱོར་རྨི་ལམ་རྒྱལ་སྲིད་འདྲ། །ཡུན་རིང་མི་སྡོད་མྱུར་དུ་འཇིག །གཏན་དུ་ཕན་པ་དམ་པའི་ཆོས། །འདི་ལ་བརྩོན་པ་སྐྱེད་ཅིག་ཀོ། དེ་སྐད་མི་རྗེས་མ་ཟིན་པའི། །མདོ་མེད་སྤྲང་པོ་སྨྱོན་པའི་ངག །བརྩེ་བས་མདོ་ཙམ་ཁྱེད་ལ་བཤད། །གཞན་དག་ཐུགས་ཁྲེལ་མི་གནང་ཞུ། །ཞེས་པ་རྒན་པོ་བི་ཛ་ཡས་སྙིང་གཏམ་ཉུང་ངུར་སྨྲས་པ་དགེ།


previous སྐབས་དང་འབྲེལ་བའི་གཏམ་ལུགས་ཟུང་རབ་གསལ། next