མཉམ་པ་ཆེན་པོའི་དོན་གནད་མདོ་ཙམ་བཤད།

༄༅། །མཉམ་པ་ཆེན་པོའི་དོན་གནད་མདོ་ཙམ་བཤད། མཉམ་ཉིད་བྱང་ཆུབ་སེམས་ལ་ཕྱག་བྱས་ནས། །མཉམ་པ་ཆེན་པོའི་དོན་གནད་མདོ་ཙམ་བཤད། །འདི་ལྟར་འཁོར་དང་མྱ་ངན་འདས་པའི་ཆོས། །དག་དང་མ་དག་བདེན་བརྫུན་ཡོད་མེད་སོགས། །ཀུན་ཀྱང་གློ་བུར་བློ་ཡིས་བཏགས་པ་སྟེ། །ཡང་དག་དོན་ལ་གཉིས་ཆོས་གདོད་ནས་དབེན། །ཇི་ལྟར་བག་ཆགས་དབང་གིས་རྨི་ལམ་ན། །རྟ་དང་གླང་པོ་ཡུལ་ཁམས་ལ་སོགས་པ། །སྔོན་མེད་ཕྱིས་མེད་བར་དེར་མེད་བཞིན་དུ། །སྣང་ཡང་སེམས་མིན་སེམས་ལས་གཞན་དུའང་མིན། །བཙལ་བས་མི་རྙེད་མ་བཙལ་དུས་ནའང་མེད། །དེ་བཞིན་སྣང་སྲིད་འཁོར་འདས་ཆོས་མཐའ་དག །ཇི་ལྟར་སྣང་ཡང་དེ་བཞིན་གྲུབ་པ་མེད། །སྣང་མཉམ་སྟོང་མཉམ་བདེན་མཉམ་བརྫུན་པར་མཉམ། །ཡོད་མཉམ་མེད་མཉམ་མཚན་མའི་ཆོས་ལས་འདས། །དེ་ལྟར་མ་ཤེས་ཨ་འཐས་འཁྲུལ་པའི་ངོར། །འཛིན་པའི་དབང་གིས་མེད་ཀྱང་ཡོད་ལྟ་བུར། །ཇི་ལྟར་རྨི་ལམ་ཡུལ་གྱི་བདེ་སྡུག་བཞིན། །སྲིད་པའི་ཕྱག་རྒྱས་འགྲོ་བ་འདི་དག་བསླུས། །མི་བདེན་བདེན་པར་བཟུང་བས་བཅིངས་པར་ཟད། །ནམ་ཞིག་བླ་མའི་མན་ངག་སྒྲོན་མེ་ཡིས། །གཉིས་མཛིན་འཁྲུལ་པའི་མུན་པ་དྲུང་བཅིལ་ཚེ། །ཇི་ལྟར་གཉིད་སངས་རྨི་ལམ་མི་དམིགས་བཞིན། །གང་བྱུང་གར་ཐིམ་འགྲོ་ས་འགྲོ་མཁན་སུ། །སུས་བཅིངས་གང་བཀྲོལ་འགྲོལ་བྱེད་མཁན་པོ་གང་། །ནམ་མཁའི་ཨུཏྤལ་སྨིག་རྒྱུས་འཆིང་སྲིད་དམ། །དེས་ན་འཁོར་འདས་ལམ་གྱི་ཆོས་ཐམས་ཅད། །དོན་ལ་མེད་དེ་གཉིས་མེད་མཉམ་པ་ཉིད། །དེ་ཕྱིར་བསལ་བཞག་བྲི་གང་གདོད་ནས་དག །དེ་ལྟར་ཤེས་ན་མཁའ་བཞིན་དྲི་མེད་འགྱུར། །དེ་ཕྱིར་གཞི་ལམ་འབྲས་བུའི་ཆོས་ཀུན་ལ། །ཆགས་མེད་རྣམ་གྲོལ་བློ་ལྡན་སྐལ་བཟང་རྣམས། །གང་ལྟར་སྤྱོད་ཀྱང་ཆུ་ལ་པདྨ་བཞིན། །ནམ་ཡང་ཉེས་པའི་རྡུལ་གྱིས་གོས་པ་མེད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་སྤྱོད་དེ། །མཉམ་ཉིད་ཡེ་ཤེས་རྡོ་རྗེ་མཁའ་འདྲ་བ། །དུས་གསུམ་རྒྱལ་བའི་ཐུགས་ཀྱི་གསང་བ་མཆོག །རྡོ་རྗེ་རྩེ་མོའི་དགོངས་པའི་མཐིལ་ཡང་ཡིན། །དེ་སྐད་མཉམ་པའི་ཚུལ་ལ་མོས་སྤྱོད་པ། །པདྨ་བི་ཛས་བརྒྱུད་པའི་མན་ངག་བཞིན། །བདེ་མཆོག་བཀྲ་ཤིས་དགེ་འཕེལ་དབེན་སྤྱིལ་དུ། །བྲིས་སོ་ཐེག་མཆོག་མཉམ་པའི་དོན་རྟོགས་ཤོག །