སྤྱིར་ན་སངས་རྒྱས་བསྟན་པའི་ཉམས་ལེན་གནད།༄༅། །སྤྱིར་ན་སངས་རྒྱས་བསྟན་པའི་ཉམས་ལེན་གནད། མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སྤྱིར་ན་སངས་རྒྱས་བསྟན་པའི་ཉམས་ལེན་གནད། །ངེས་འབྱུང་བྱང་ཆུབ་སེམས་ཀྱིས་གཞི་བཟུང་ནས། །མདོ་སྔགས་ལམ་ལ་རང་བློས་གང་ནུས་བསླབ། །ཁྱད་པར་འོད་གསལ་སྙིང་པོའི་ལམ་གྱི་སྲོག །བླ་མ་སངས་རྒྱས་མངོན་སུམ་མཐོང་བའི་བློས། །གསོལ་བཏབ་དབང་བླང་ཐུགས་ཡིད་དབྱེར་མེད་བསྲེས། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པ། །མཐའ་བྲལ་ནམ་མཁའ་ལྟ་བུའི་ངང་ལ་བཞག །གཞི་གནས་རིག་པ་རང་བྱུང་རྫོགས་པ་ཆེ། །ལྟ་བས་མ་བསླད་སྒོམ་གྱིས་མ་བཅིངས་ཤིང་། །བློ་དང་ཡིད་དཔྱོད་ཉམས་གྱིས་མ་བསླད་པར། །མངོན་སུམ་རྗེན་པར་ངོ་སྤྲོད་གནད་དུ་ཆེ། །རང་རིག་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །རང་བཞིན་གསལ་ལ་འཛིན་བྲལ་ལོངས་སྤྱོད་རྫོགས། །ཐུགས་རྗེའི་རིག་རྩལ་མ་འགགས་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་རང་གི་རིག་པར་རྫོགས། །དེ་ཕྱིར་གནས་ལུགས་བཞི་ཆ་གསུམ་བྲལ་བའི། །ད་ལྟའི་རིག་པ་དྭངས་སང་རྗེན་ནེ་བ། །འདི་ཉིད་རྒྱལ་བའི་དགོངས་པར་ཐག་ཆོད་ལ། །སྒོམ་མེད་ངང་དུ་ཡེངས་མེད་བཙན་ས་ཟུང་། །རྩལ་གྱི་རྟོག་ཚོགས་བཟང་ངན་ཅི་ཤར་ཡང་། །ཤར་རྗེས་མ་གཅོད་ཤར་མཁན་རང་ངོར་ལྟོས། །སྦྲུལ་གྱི་མདུད་པ་ཆུ་ཡི་རི་མོ་བཞིན། །རང་ཡལ་རྗེས་མེད་ངང་དུ་བོར་ལ་ཐོངས། །དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོ་སྟེ། །ཅིར་སྣང་ཀུན་བཟང་སྤྱོད་པའི་རྒྱན་དུ་ཤར། །དེ་ལྟར་མ་རྟོགས་སྒོམ་ཆེན་འོ་རེ་བརྒྱལ། །ཡིད་དཔྱོད་འཛིན་པས་གཉུག་མའི་དོན་ལ་སྒྲིབ། །སྤྲོས་བྲལ་ཆོས་ཉིད་སྤྲོས་པའི་གཞི་མར་སོང་། །ཁོ་ཐག་མ་ཆོད་ཐ་མ་ཡི་མུག་རྒྱུ། །དེས་ན་སྤྲ་སྤྲོའི་བློ་མང་མ་བསྐྱེད་པར། །བླ་མ་སངས་རྒྱས་དངོས་མཐོང་མོས་གུས་དང་། །རང་རིག་ཟང་ཐལ་གཉུག་མའི་རང་མདངས་སྐྱོངས། །བཟང་རྟོག་ཉམས་ལ་མ་ཞེན་ཕཊ་ཀྱིས་ཆོད། །ངན་རྟོག་ཐམས་ཅད་རང་གྲོལ་ལམ་དུ་ཁྱེར། །ཇི་ལྟར་བྱུང་ཡང་གཉུག་མའི་རང་ཚོད་ཟུངས། །རེ་དོགས་གཉིས་འཛིན་སྤྲོས་པ་རྒྱངས་ཀྱིས་སྐྱུངས། །དེ་ལྟར་མཛད་ན་བླ་མའི་བྱིན་རླབས་དང་། །རང་གི་སྒོམ་སྟོབས་ལྷན་ཅིག་ཚོགས་པའི་རྒྱུས། །རེ་ཞིག་དུས་ན་བྱིས་པ་ནར་སོན་བཞིན། །ཁོ་ཐག་ནང་ནས་ཆོད་པའི་དུས་ཤིག་མཆིས། །དེ་སླད་མི་བསྐྱུར་བརྩོན་འགྲུས་རྒྱུན་སྲིང་འཚལ། །ཚུལ་འདི་འབྲས་སྒྲུབ་ཚེ་དབང་དཔལ་འབྱོར་ངོར། །སྔགས་བཙུན་རྨོངས་པ་པདྨ་རྣམ་རྒྱལ་གྱིས། །མོན་ཡུལ་མཚོ་སྣའི་གྲོང་དུ་འཕྲལ་མར་བྲིས། །དགེ་བས་འགྲོ་ཀུན་གཏད་མེད་ཡོངས་གྲོལ་ཤོག ། ༄༅། །དཔག་མེད་མཁྱེན་བརྩེའི་སྤྲིན་ཆེན་ལས། །གང་འདུལ་ཐེག་གསུམ་ཆོས་ཆར་གྱིས། །རྣམ་གྲོལ་མྱུ་གུ་སྐྱེད་མཛད་པའི། །སྐྱོབ་པ་མཆོག་ལ་ཕྱག་བྱས་ནས། །སྙིང་ནས་བརྩེ་བའི་གྲོགས་པོ་མཆོག །བློ་གསལ་དཔལ་ལྡན་ནོར་བུ་ཡི། །ཤོག་བུ་གཏད་ནས་བསྐུལ་བའི་ངོར། །ཕན་པའི་བསླབ་བྱ་མདོ་ཙམ་བརྗོད། །མི་ལུས་ཐོབ་པ་ཤིན་ཏུ་དཀའ། །བསྟན་དང་མཇལ་བ་ད་རེས་ཙམ། །ད་ལྟ་རང་དབང་སྤྱོད་དུས་འདིར། །སྙིང་ནས་བརྩོན་པ་སྐྱེད་རེ་རན། །མི་རྟག་འཆི་བ་མྱུར་དུ་འོང་། །ལས་འབྲས་མི་བསླུ་སོ་སོར་སྨིན། །འཁོར་བའི་སྡུག་བསྔལ་བཟོད་པར་དཀའ། །འཆི་ཚེ་ཕན་པ་དམ་པའི་ཆོས། །དེ་ཕྱིར་སྙིང་ལ་རུས་པ་སྐྱེད། །མྱུ་གུ་གསར་པ་ལྟ་བུ་ཡི། །ལང་ཚོའི་དུས་འདིར་དམན་མཆོག་ཀུན། །གྲོགས་ཀྱི་བྱེད་པས་བསྒྱུར་ངེས་པས། །སྡིག་གྲོགས་སྤོངས་ལ་དགེ་བཤེས་བསྟེན། །ཆོས་ལ་འཇུག་རྒྱུ་ངེས་འབྱུང་སྟེ། །ཆོས་དཀར་སྣང་སྒོ་དག་སྣང་ཡིན། །ཡོན་ཏན་གཞི་རྟེན་ཚུལ་ཁྲིམས་མཆོག །ཡོན་ཏན་དངོས་གཞི་ཐོས་བསམ་སྒོམ། །ཀུན་གྱི་གྲོགས་སུ་བརྩོན་འགྲུས་གཅེས། །ཐོག་མར་ངེས་འབྱུང་བློ་མེད་ན། །བབ་ཅོལ་རྩོམ་པ་ལྷུར་བླངས་ཀྱང་། །རྫ་སོ་མ་བཏང་ཆུ་བླུགས་བཞིན། །ངེས་པར་སྐྱོན་གྱིས་མ་རུངས་འགྱུར། །ངེས་འབྱུང་གཤའ་མ་སྐྱེས་གྱུར་ན། །བཅོས་ལེགས་བྱས་པའི་གྲུ་བོ་བཞིན། །ཉེས་པའི་སྐྱོན་གྱིས་གོས་མིན་པར། །ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ། །དག་སྣང་བློ་མིག་མི་ལྡན་ན། །རྒྱལ་ཆོས་ཉིན་བྱེད་འབུམ་བརྡལ་ཡང་། །ལོག་ལྟའི་བྱང་བལྟས་ཕུག་པ་རུ། །ཇི་ལྟ་བུར་ནི་འཆར་བར་འགྱུར། །གང་ལ་དད་པའི་བློ་མཚོ་ཡོད། །དེ་ལ་སྲས་བཅས་རྒྱལ་རྣམས་ཀྱི། །ཐུགས་རྗེའི་གདེངས་ཀ་རྣམ་གཡོ་ཞིང་། །ལེགས་ཚོགས་ཆུ་ཕྲན་ངང་གིས་འདུ། །ཚུལ་ཁྲིམས་ནོར་དང་བྲལ་གྱུར་ན། །ཐོས་སོགས་མང་པོས་ཅི་བྱར་ཡོད། །སྐྱེ་བ་འབུམ་ཕྲག་བརྒྱར་ཡང་ནི། །བདེ་བའི་ངལ་སྟེགས་ཐོབ་མི་འགྱུར། །གང་ལ་ཚུལ་ཁྲིམས་ས་གཞི་ཡོད། །དེ་ལ་ཡོན་ཏན་ལོ་ཐོག་སྨིན། །ལྷར་བཅས་སྐྱེ་དགུས་བསྔགས་འོས་ཕྱིར། །སེམས་ལྡན་སུ་ཞིག་ཅིས་མི་བརྩོན། །ཐོས་སོགས་ཡོན་ཏན་མི་ལྡན་ན། །རིགས་གཟུགས་དཔལ་འབྱོར་ཕུན་ཚོགས་ཀྱང་། །ངེས་པར་བ་གླང་གསེར་རྒྱན་ཅན། །དཔྱོད་ལྡན་སུ་ཡིད་འགུགས་པར་འགྱུར། །གང་ལ་ཤེས་རབ་མཆོག་ལྡན་པ། །དེ་ཡིས་འགྲོ་ཀུན་དགའ་སྐྱེད་ནུས། །ཉིན་མོར་བྱེད་པ་གཅིག་པུ་ཡིས། །ས་སྟེང་མུན་པ་སེལ་ལ་ལྟོས། །གང་ལ་བརྩོན་འགྲུས་མི་ལྡན་ན། །བདག་པོ་ངན་པའི་རྫས་བཞིན་དུ། །ལེ་ལོའི་རྐུན་བུ་མི་བཟད་པས། །ལེགས་ཚོགས་མ་ལུས་འཇོམས་པར་བྱེད། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་ན། །བདུད་ཚོགས་བྱེ་བས་འཕྲོག་མི་ནུས། །རིགས་སྔགས་གྲུབ་པའི་མཆིལ་ལྷམ་བཞིན། །འདོད་སར་བདེ་མྱུར་ཕྱིན་པར་འགྱུར། །རྒྱལ་བ་ཐུབ་པའི་བསྟན་པ་ནི། །ལུང་དང་རྟོགས་པའི་བདག་ཉིད་ཅན། །དེར་འཛིན་བྱེད་པ་སྨྲ་བ་དང་། །སྒྲུབ་པར་བྱ་བ་ཁོ་ནར་གསུངས། །རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ། །དེ་ནི་འགའ་ཡང་ཡོད་མིན་ཕྱིར། །འབྲི་ཀློག་སྒྲ་ཚད་བཟོ་གསོ་དང་། །སྙན་ངག་སྡེབ་སྦྱོར་དཀར་ནག་རྩིས། །མངོན་བརྗོད་ཟློས་གར་ལ་སོགས་པ། །ཆེ་ཕྲའི་རིག་པའི་གནས་མཐའ་དག །འབད་པས་ཉན་ཞིང་བརྩོན་པས་སྦྱངས། །ཁྱད་པར་མདོ་རྒྱུད་མན་ངག་གི། །བསྟན་བཅོས་མ་ལུས་ཐོས་བྱས་ཤིང་། །ལེགས་པར་བསམ་པས་སྒྲོ་འདོགས་བཅད། །གང་ཤེས་རང་གི་རྒྱུད་ལ་དྲིལ། །རྟོགས་པ་ཀློང་དུ་གྱུར་པ་ན། །ཟང་ཟིང་མེད་པའི་བརྩེ་སེམས་ཀྱིས། །བསྟན་དང་འགྲོ་ལ་གང་ཕན་བྱ། །དེ་ཡིས་དོན་གཉིས་འགྲུབ་འགྱུར་མོད། །དེ་ལྟའི་བློ་སྟོབས་མི་ལྡན་ན། །རྟག་པར་རང་གི་རྒྱུད་ལ་རྟོག །དགེ་བར་འདུག་ན་གཟེངས་བསྟོད་ལ། །ཉེས་པར་འདུག་ན་སྨ་དབབ་བྱོས། །ཐོག་མ་མེད་ནས་ད་ལྟའི་བར། །རང་ཉིད་གཅེས་པར་འཛིན་པ་ཡི། །བློ་ངན་འདི་ཡིས་སྲིད་པར་བཅིངས། །དེ་ཕྱིར་འཁོན་གྱིས་མཛད་པར་རིགས། །ཐུབ་རྣམས་རང་དོན་ཡལ་བོར་ནས། །གཞན་ཕན་མཛད་པ་གཅིག་པུ་ཡིས། །རྣམ་གྲོལ་ཡོན་ཏན་གཏེར་ཁ་བརྙེས། །འགྲོ་ཁམས་སྨིན་པར་མཛད་ལ་ལྟོས། །སེམས་ཅན་མགུ་བྱ་མ་གཏོགས་པ། །རྒྱལ་བ་མཉེས་པའི་ཐབས་མེད་ཕྱིར། །རང་ཉིད་ཇི་ལྟར་འདོད་པ་བཞིན། །འགྲོ་བ་ཀུན་ལ་སྦྱོར་བར་མཛོད། །ཐབས་དང་བྲལ་བའི་ཤེས་རབ་དང་། །ཤེས་རབ་བྲལ་བའི་ཐབས་དག་ཀྱང་། །འཆིང་བྱེད་ཉིད་ཕྱིར་བསོད་ནམས་དང་། །ཡེ་ཤེས་ཚོགས་གཉིས་འབྲལ་མེད་མཛོད། །ཡེ་ནས་བཅིང་གྲོལ་ལས་འདས་པའི། །དྲི་མེད་དག་པའི་སངས་རྒྱས་དངོས། །འོད་གསལ་བདེ་གཤེགས་སྙིང་པོའི་ངང་། །བློ་ཡི་སྤྲོས་པ་བྲལ་བར་ཞོག །འདི་ལ་མཐོང་དང་མཐོང་བྱེད་མེད། །རྟོག་བྲལ་ནམ་མཁའི་རང་བཞིན་དུ། །མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །རྗེས་ཐོབ་སྒྱུ་མའི་རྣལ་འབྱོར་གྱིས། །མ་རྟོགས་འགྲོ་ལ་སྙིང་རྗེ་སྐྱེད། །རྟག་པར་དྲན་ཤེས་བག་ཡོད་ཀྱིས། །སྤྱོད་ཡུལ་ཡོངས་སུ་དག་པར་མཛོད། །དེ་སྐད་པདྨ་བི་ཛ་ཡིས། །ལྷག་པའི་བསམ་པས་མདོ་ཙམ་བརྗོད། །དགེ་འབྲས་ཁྱེད་ཐུགས་ལ་གནས་ནས། །བྱང་ཆུབ་ལམ་ལ་གཞོལ་གྱུར་ཅིག ། |