སྲིད་པའི་ཕུན་ཚོགས་དུག་གི་འབྲས་བུ།༄༅། །སྲིད་པའི་ཕུན་ཚོགས་དུག་གི་འབྲས་བུ། དཔག་མེད་ཡོན་ཏན་ཕན་བདེའི་གྲུ་ཆར་གྱིས། །སྐལ་བཟང་གདུལ་བྱའི་ཞིང་ས་བརླན་མཛད་པའི། །འཁོར་ལོའི་མགོན་པོ་བདེ་ཆེན་རྒྱལ་པོ་ལ། །བཏུད་ནས་ཁྱོད་གསུང་མི་ལྡོག་མཆིད་འདི་གསོལ། །ཀྱེ་མ་དེང་སང་ལྔ་བརྒྱའི་ཡང་ཐ་འདིར། །སྐྱེ་བོ་ཕལ་ཆེར་ཆོས་མིན་ཁོ་ནར་འཕྱན། །ཆོས་བྱེད་རློམ་ཡང་ཆོས་མཐར་ཕྱིན་པ་དཀོན། །འདི་ལ་སྨན་པ་ཞེན་པ་བཞི་བྲལ་གཅེས། །དེ་ཡང་ཚེ་འདིར་ཞེན་ན་ཆོས་པ་མིན། །ཁམས་གསུམ་དཔལ་ལ་ཞེན་ན་ངེས་འབྱུང་མིན། །བདག་གི་དོན་ལ་ཞེན་ན་བྱང་སེམས་མིན། །འཛིན་པ་བྱུང་ན་ལྟ་བ་མིན་ཞེས་གསུངས། །ཆོས་བརྒྱད་སྦྲུལ་གདུག་མགོ་འཕང་བསྟོད་བྱེད་པའི། །ཚུལ་ཁྲིམས་བཟླས་བརྗོད་ཐོས་བསམ་སྒོམ་ལ་སོགས། །ལྟར་སྣང་ཚེ་འདིར་ཞེན་པའི་བྱས་ལོ་ཀུན། །ཡང་དག་ཆོས་སུ་འགྲོ་བར་ཤིན་ཏུ་དཀའ། །དེ་སླད་ཐོག་མར་དལ་འབྱོར་རྙེད་དཀའ་དང་། །ནམ་འཆི་ངེས་མེད་དམིགས་རྐང་སྤྱི་བྱེ་བྲག །གཡེང་བ་སྤངས་ཏེ་ཐུན་དུ་ཆོད་ལ་གོམས། །འདིར་སྣང་ཞེན་པ་ལོག་པ་ཆོས་པའི་རྩེ། །སྲིད་པའི་ཕུན་ཚོགས་དུག་གི་འབྲས་བུ་འདྲ། །འཕྲལ་དུ་ཞིམ་ཡང་ནམ་ཕུག་ཕུང་བར་ངེས། །ཚོར་བ་ཅིར་སྣང་སྡུག་བསྔལ་གསུམ་དང་འབྲེལ། །འདི་ལ་ཞེན་ན་ཆོས་ལམ་འགྲོ་མི་སྲིད། །དེ་ཡི་གཉེན་པོར་འཁོར་བའི་སྡུག་བསྔལ་དང་། །ལས་འབྲས་དབྱེ་བསལ་འཇུག་ལྡོག་ལག་ལེན་སྒོ། །ལེགས་པར་ཤེས་ནས་བརྩོན་པའི་དཔུང་བསྐྱེད་དེ། །བཅོས་མིན་ངེས་འབྱུང་རྒྱུད་ལ་མཛའ་བ་གལ། །གཞན་དོན་བརྩོན་ལས་ཐུབ་རྣམས་མངོན་སངས་རྒྱས། །རང་དོན་སྒྲུབ་ལས་བྱིས་རྣམས་སྲིད་པར་འཁོར། །བདག་བདེར་ཞེན་ལ་ཐེག་ཆེན་སྐལ་བ་ཆད། །བློ་ངན་འདིས་བསླུ་རྟག་ཏུ་བག་ཡོད་མཛོད། །དེས་ན་བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ལམ་གྱི་འཁྲུལ་བ་སེལ་ལ་མེད་ཐབས་ཅི། །བྱམས་པའི་ངོ་བོ་ཕན་པར་འདོད་པ་སྟེ། །སྙིང་རྗེ་འགྲོ་བའི་སྡུག་བསྔལ་མི་བཟོད་བློ། །བྱང་ཆུབ་སེམས་ནི་འགྲོ་སྒྲོལ་དམ་བཅའི་གོ། ཀུན་ཀྱང་བདག་བས་གཞན་གཅེས་སྒོམ་ལ་འདུ། །རླུང་ལ་བརྟེན་ནས་བཏང་མེད་སྤེལ་མར་སྦྱང་། །དཀར་ནག་ཆོས་བཞིར་འཇུག་ལྡོག་ལྷོད་མེད་གཅེས། །སྣང་བཏགས་ཆོས་ཀུན་རྨི་ལམ་སྒྱུ་མ་འདྲ། །མ་བརྟགས་ཉམས་དགའ་བརྟགས་ན་ངོ་བོས་སྟོང་། །ནན་གྱིས་བརྟགས་ན་སྐྱེ་སོགས་སྤྲོས་མཚན་བྲལ། །སྣང་སྟོང་ཟུང་འཇུག་རྟེན་འབྱུང་ཟབ་མོའི་གཤིས། །གང་དུ་བཟུང་ཡང་མཚན་མའི་གཟེབ་ཡིན་ཕྱིར། །གཉིས་མེད་མཉམ་ཡངས་བྱར་མེད་ཆོས་སྐུའི་རྩལ། །བརྗོད་བྲལ་ནམ་མཁའ་བསྒོམ་པའི་ཚུལ་ཤེས་ནས། །མི་དམིགས་མི་སྦྱོར་ཤེར་ཕྱིན་དགོངས་པའི་དོན། །གོམས་ན་འཁྲུལ་སྣང་ཡེ་ཤེས་ཆེན་པོར་འཆར། །ཀུན་གྱི་རྩ་བ་བླ་མའི་མོས་གུས་ཏེ། །བསྐྱེད་རྫོགས་ལམ་གནད་མཐར་ཐུག་འདི་ཁོ་ན། །དེ་ཕྱིར་བླ་མ་སངས་རྒྱས་ཆོས་ཀྱི་སྐུར། །ལེགས་རྟོགས་ཐུགས་ཡིད་བསྲེ་བ་མཆོག་ཏུ་གཅེས། །དེ་སྐད་དགེ་བླ་འཇམ་དབྱངས་མཚན་ཅན་གྱིས། །བསྐུལ་ངོར་འདུ་གསུམ་སྤྱོད་པ་བི་ཛ་ཡས། །ཡིད་ལ་གང་དྲན་འཕྲལ་མར་བྲིས་ཏེ་ཕུལ། །དགེ་བས་དོན་གཉིས་མཐའ་རུ་ཕྱིན་པར་ཤོག ། |