དིལ་མཁྱེན་རབ་གསལ་ཟླ་བའི་གསུང་བསྐུལ་ངོར།༄༅། །དིལ་མཁྱེན་རབ་གསལ་ཟླ་བའི་གསུང་བསྐུལ་ངོར། ༀ་སྭསྟི། རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་འཇམ་པའི་དབྱངས། །སྙིགས་དུས་དགེ་བའི་བཤེས་སུ་མངོན་སྤྲུལ་པ། །དྲན་པས་གདུང་སེལ་འཇམ་མགོན་ཨ་ཛི་ཏ། །འུ་ཅག་བྱང་ཆུབ་བར་དུ་སྐྱབས་སུ་བསྙེན། །ཀྱེ་ལགས་ཐབས་མཁས་ཐུགས་རྗེའི་བདག་ཉིད་ཅན། །རྒྱལ་བའི་ཆོས་སྒོ་བསམ་གྱིས་མི་ཁྱབ་པ། །ཀུན་ཀྱང་རྣམ་གྲོལ་ཐེག་པར་གཅིག་ཏུ་མཐུན། །དེ་ཕྱིར་ཀུན་ལ་དག་སྣང་སྦྱང་བ་གནད། །ཐུབ་བསྟན་ཡོངས་སུ་རྫོགས་པའི་ལུས་གཅིག་པུ། །ཀུན་དང་མཐུན་ཞིང་ཀུན་ལས་ཁྱད་འཕགས་པ། །སྔ་འགྱུར་གཞུང་བཟང་པདྨའི་དགའ་ཚལ་ལ། །རང་དབང་སྤྱོད་འདི་སྔོན་གོམས་དགེ་བའི་མཐུ། །དེས་ན་སྔོན་བྱོན་རིག་འཛིན་བརྒྱུད་བཅས་ཀྱི། །གདམས་པའི་ཡང་སྙིང་མདོ་སྒྱུ་སྒྲུབ་སྡེ་བརྒྱད། །སེམས་ཀློང་མན་ངག་སྙིང་པོའི་ལམ་བཟང་ལ། །གཅིག་ཏུ་བརྩོན་པ་འདུན་མ་ལེགས་པའི་རྩེ། །རྒྱལ་གསུང་འཁོར་ལོ་བར་ཐའི་དགོངས་པའི་བཅུད། །སྦྲང་རྩིའི་རོ་བཞིན་འགལ་མེད་ཟུང་འཇུག་པའི། །སྣང་སྟོང་མཉམ་ཉིད་འོད་གསལ་འདུས་མ་བྱས། །ཡེ་ཤེས་མངོན་བྱེད་སྔ་འགྱུར་བརྒྱུད་པའི་སྲོལ། །བྱམས་འཇམ་བརྒྱུད་པའི་ཆུ་བོ་གཅིག་འདྲེས་པའི། །ཤིང་རྟའི་རིང་ལུགས་མ་རྨས་དག་བྱེད་གཏེར། །ཀུན་མཁྱེན་ཆོས་རྗེའི་དགོངས་ཉམས་ཕུལ་བྱུང་བ། །འདི་འདྲ་རྒྱ་བོད་གཉིས་ན་རྙེད་པར་དཀའ། །དེ་ཡི་དགོངས་པ་མ་ནོར་ཇི་བཞིན་དུ། རྣམ་དག་རིགས་པས་གཏན་ལ་ལེགས་དབབ་པ། །འཇམ་དཔལ་དགྱེས་པའི་ལེགས་བཤད་ནོར་བུའི་གཏེར། །འདི་མཚུངས་དུས་གསུམ་བཙལ་ཀྱང་རྙེད་མི་འགྱུར། །མགོན་པོ་གང་དེའི་གཟུགས་སྐུ་དབྱིངས་བསྡུས་ཀྱང་། །གསུང་གི་རྡོ་རྗེ་སྤྲུལ་པའི་སྐུར་བཞེངས་པ། །ལེགས་བཤད་མཆོག་ཡིན་བཤེས་གཉེན་ཕལ་ལས་ལྷག །དེ་ཕྱིར་དེར་ལྟོས་དེ་འཛིན་དེ་སྤེལ་རིགས། །བསགས་པ་རྒྱ་ཆེན་ཕ་ཡི་ནོར་སྐལ་མཆོག །རྗེས་འཇུག་བུ་ལ་བརྩེ་བས་བྱིན་པ་འདི། །རང་གར་བོར་ན་དེ་ལས་ཁྲེལ་འོས་སུ། །དེ་ཚུལ་ཤེས་པས་རྟག་ཏུ་བརྩོན་པ་གནད། །སྒྲ་ཚད་བཟོ་གསོ་ནང་རིག་ཡན་ལག་བཅས། །ཀུན་མཁྱེན་འདོད་ལ་མི་བསླབ་གང་ཡང་མེད། །དེ་སླད་དམ་པའི་བཤེས་གཉེན་ལེགས་བརྟེན་ནས། །ཐོས་པ་དམ་པས་རང་རྒྱུད་གྲོལ་བར་མཛོད། །བསམ་བྱུང་མེད་པའི་ཐོས་མང་ངལ་བའི་རྒྱུ། །དེ་སླད་ཡང་དག་རྟོན་པ་རྣམ་བཞི་དང་། །མི་འགལ་རྣམ་དག་རིགས་པའི་ལམ་བཟང་ནས། །ངེས་དོན་སྙིང་པོའི་ལམ་མཆོག་འཚོལ་བར་མཛོད། །ཐོས་དོན་རྩེ་གཅིག་ཉམས་སུ་མ་བླངས་ན། །སྲིད་རྩའི་བདག་འཛིན་གང་གིས་གཞོམ་པར་ནུས། །དགོས་པའི་དུས་སུ་བསླུས་པ་ཤིན་ཏུ་མང་། །དེ་ཕྱིར་རྩེ་གཅིག་བསྒོམ་པ་ལྷུར་ལེན་མཛོད། །རིགས་གཟུགས་དཔལ་དང་མང་དུ་ཐོས་ལ་སོགས། །ཡོན་ཏན་དུ་མའི་འབྱོར་པ་ལྡན་གྱུར་ཀྱང་། །ཚུལ་ཁྲིམས་རིན་ཆེན་རྒྱན་མཆོག་འདི་མེད་ན། །ལྷར་བཅས་སྐྱེ་རྒུའི་མདུན་སར་མཛེས་པ་མིན། །གང་ལ་རྣམ་དག་ཚུལ་ཁྲིམས་འདི་ལྡན་ན། །ཐོས་སོགས་ཡོན་ཏན་གཞན་དང་བྲལ་གྱུར་ཀྱང་། །འཇིག་རྟེན་འདི་ན་ཉི་མ་བཞིན་དུ་མཛེས། །དེ་སླད་ཚངས་སྤྱོད་བརྟུལ་ཞུགས་མ་ཉམས་མཛོད། །ཕྱོགས་ཙམ་གོ་ཚེ་གཞན་སྐྱོན་རྟོག་འདོད་དང་། །ཅུང་ཟད་འབྱོར་ཚེ་གཞན་དག་ཁྱད་གསོད་སོགས། །དེང་སོང་སྐྱེ་བོའི་ལད་མོ་མི་མཛད་པར། །རྟག་ཏུ་དུལ་བའི་དཔལ་ལ་གནས་པར་མཛོད། །གཞན་སྐྱོན་མ་རྟོག་རང་གི་རྒྱུད་ལ་རྟོག །རང་གི་སྒོ་གསུམ་ཆོས་དང་ཨེ་མཐུན་གཟིགས། །རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་པས། རང་སེམས་བསྲུང་བར་ཆོས་ཀུན་སྙིང་པོ་འདུ། །ངེས་འབྱུང་མེད་ན་འཁོར་བ་ལས་མི་འཕགས། །སྙིང་རྗེ་མེད་ན་ཐེག་ཆེན་རྩ་བ་སྟོང་། །དག་སྣང་མེད་ན་ཆོས་སྣང་སྒོ་མོ་འགགས། །དེ་ཕྱིར་འདི་གསུམ་ནམ་ཡང་མེད་ཐབས་མེད། །སྤྲོས་བྲལ་ལྟ་བ་བློས་བྱས་ཤུན་པ་ཕྲོལ། །མཉམ་ཉིད་བསྒོམ་པར་སེམས་འཛིན་ཐག་པ་ཆོད། །རོ་སྙོམ་སྤྱོད་པ་ཚུལ་འཆོས་སྒྲོག་དང་ཕྲོལ། །ཡེ་གྲོལ་འབྲས་བུར་རེ་དོགས་གཉིས་འཛིན་ཤིགས། །བླ་མར་གསོལ་བ་བཏབ་ན་བྱིན་རླབས་འཇུག །ཡི་དམ་བསྙེན་སྒྲུབ་འབད་ན་དངོས་གྲུབ་འབྱུང་། །མཁའ་འགྲོ་ཆོས་སྐྱོང་མཆོད་ན་བར་ཆད་སེལ། །རང་རྒྱུད་ཉོན་མོངས་ཐུལ་ན་ཀུན་ཀྱང་གྲོགས། །སྐབས་སུ་བབས་ན་བསྟན་འགྲོར་གང་ཕན་བྱ། །སྐབས་སུ་མ་བབས་གཅིག་པུར་ཉམས་ལེན་གཅེས། །ཀུན་རྩ་གཞན་ཕན་ལྷག་བསམ་མ་དོར་ན། །ཇི་ལྟར་བྱས་ཀྱང་དོན་དང་ལྡན་པར་མཆི། །དེ་སྐད་འཕྲལ་དུ་གང་དྲན་ཚིག་ཕྲེང་འདི། །མཆོག་སྤྲུལ་དམ་པའི་བཀའ་ནན་མ་ལྡོག་ནས། །སྦ་བསྲི་མེད་པར་དྲང་པོར་ཞུས་པ་ལགས། །ཐུགས་ལ་འཐད་ན་དེ་བཞིན་མཛད་པར་ཞུ། །དགེ་བས་འུ་ཅག་བྱང་ཆུབ་སྙིང་བོའི་བར། །རིགས་བདག་བླ་མ་མཆོག་དང་མི་འབྲལ་ཞིང་། །དེ་ཡི་བཞེད་གཞུང་ཚུལ་བཞིན་འཛིན་པ་ལ། །སྤོབས་པ་འཇམ་པའི་དབྱངས་དང་མཚུངས་གྱུར་ཅིག །ཅེས་པའང་མཆོག་གི་སྤྲུལ་པའི་སྐུ་རབ་གསལ་ཟླ་བའི་གསུང་བསྐུལ་ངོར་རྒན་པོ་བི་ཛས་ཕུལ་བ་དགེ། |