ཁྲོ་འགབ་མཆེད་གསར་རྣམས་ཀྱི་བཞེད་སྐོང་དུ།༄༅། །ཁྲོ་འགབ་མཆེད་གསར་རྣམས་ཀྱི་བཞེད་སྐོང་དུ། ན་མོ་གུ་རུ། མཆེད་གསར་པ་རྣམས་ཀྱི་ཐུགས་ལ་བཅང་རྒྱུར། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ། ཐོག་མར་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཚུལ་ཁྲིམས་ཡིན་པས། དུས་རྒྱུན་དུ་དྲན་ཤེས་བཞིན་གྱི་བྱ་རས་རང་གི་རྒྱུད་རྟོགས་ལ་སོ་བྱང་སྔགས་གསུམ་གྱི་བཅས་ཁྲིམས་དང་མ་འགལ་བར་སྡོམ་གསུམ་ཡར་ལྡན་གྱི་ཚུལ་དུ་ཉམས་སུ་ལོངས། དེའི་སྟེང་དུ་རབ་བཅུ་ཕྲག་རིགས་ལམ་ཡན་ལག་དང་བཅས་པ། དེ་ལྟ་མིན་ཀྱང་སྡོམ་པ་གསུམ་གྱི་གནང་བཀགམདོ་སྔགས་ཀྱི་ལྟ་གྲུབ་སྤྱི་དང་ཁྱད་པར་ཉམས་སུ་གང་ལེན་པར་བྱ་རྒྱུའི་ཆོས་དེ་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པར་བྱས་ནས་དེའི་དོན་སྒོམ་པས་ཉམས་སུ་ལེན་པ་ཡིན། ཉམས་སུ་ལེན་བྱའི་ཆོས་མང་ཡང་། བསྡུ་ན་ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བ་གཏན་ལ་འབེབ་པ་གསུམ་དུ་འདུས། ངེས་འབྱུང་མེད་ན་འཁོར་བ་ལས་མི་འཕགས། གཞན་ཕན་བྱང་སེམས་མེད་ན་ཐེག་ཆེན་གྱི་གྲར་མི་ཚུད། གནས་ལུགས་རྟོགས་པའི་ཤེས་རབ་མེད་ན་སྲིད་རྩ་གཅོད་མི་ནུས་པས་གཙོ་བོ་འདི་གསུམ་ཡིན། དེས་ན་ཐོག་མར་བློ་ལྡོག་རྣམ་བཞིར་སྤྱི་དང་ཁྱད་པར་འཆི་བ་མི་རྟག་པ་དུས་རྒྱུན་དུ་བསྒོམས་ན་འཁོར་བ་ལས་བློ་ལྡོག་ཡོང་། དེ་ལྡོག་ན་སྡིག་པ་སྤོང་བ་དང་དགེ་བ་སྒྲུབ་པ་ལ་དཀའ་རྒྱུ་མེད་པ་ཞིག་ཤུགས་ཀྱིས་འབྱུང་བར་གདའ། དེ་བྱུང་ན་ཆོས་ཀྱི་ཕྱེད་ཚར་བ་ཡིན། ཐར་པའི་ལམ་སྣ་ཟིན་པ་ཡིན། དེའི་སྟེང་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བློ་སྦྱོང་ཅི་ཐུབ་མཛོད། དེ་འབྱོར་ན་ཅི་བྱེད་གཞན་དོན་དུ་འགྱུར་བ་ཞིག་ཤུགས་ཀྱིས་འབྱུང་ཚོད་གདའ། དེ་བྱུང་ན་ཐེག་ཆེན་བྱང་ཆུབ་སེམས་དཔའི་གྲར་ཆུད། རྣམ་མཁྱེན་གྱི་ས་བོན་ཐེབས་པ་ཡིན། དེའི་སྟེང་དུ་གནས་ལུགས་གཏན་ལ་དབབ་པའི་ཕྱིར། གང་ཟག་དང་ཆོས་ཀྱི་བདག་མེད་པ་གཉིས་པོ་ལ་ཐོས་བསམ་གྱིས་དོན་སྤྱིའི་སྒྲོ་འདོགས་ཆོད་ངེས་གལ་ཆེ་བས། དམ་པའི་བཤེས་གཉེན་བསྟེན། མཁས་པ་ལ་དྲི། དཔེ་ལ་ལྟོས། རང་གིས་རྗེས་སུ་དཔྱོད་ལ་མདོ་རྒྱུད་དང་ཞུ་ཏིག་ཕེར་བར་གྱིས། དེ་ཙམ་གྱིས་ཀྱང་གནས་ལུགས་ཟབ་མོ་གཏན་ལ་འབེབས་མི་ནུས་པས། བརྒྱུད་ལྡན་གྱི་བླ་མ་བསྟེན་ནས་ཞལ་གྱི་གདམས་པ་ཟབ་མོ་ཉོན། དེ་ཚིག་སྐམ་གྱི་གོ་བ་ཙམ་དུ་མ་བཞག་ལ་བྱིན་རླབས་མོས་གུས་ཀྱི་ཕ་ཕོག་ལ་རག་ལས་པས། དུས་རྒྱུན་དུ་བླ་མའི་རྣལ་འབྱོར་སྒོམས། ཐུགས་ཡིད་བསྲེས་ལ་རིག་པ་མ་བཅོས་པའི་ངང་དུ་དགག་སྒྲུབ་ཀྱི་སྤྲོས་པ་དོར་ལ་རང་བབས་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་སྙིང་པོ་མཛོད། ཐུན་མཚམས་ཀུན་ཏུ་ཚོགས་བསགས་སྒྲིབ་སྦྱང་སྒོ་དུ་མ་ལ་འབོད། དེ་ལྟར་མཛད་ན་ཇི་ཞིག་ན་སྒྲིབ་པ་དག་སྟོབས་དང་ཚོགས་རྫོགས་སྟོབས་དང་མོས་གུས་བླ་མའི་རྣལ་འབྱོར་གྱིས་བརྒྱུད་པའི་བྱིན་རླབས་སྙིང་ལ་འཕོས་པས་ཚིག་དང་ཡི་གེས་མི་མཚོན་པའི་གནས་ལུགས་ཀྱི་དོན་ལ་ཐེ་ཚོམ་གྱི་དཔྱང་ཐག་ཆད་པའི་ཉམས་མྱོང་ཁོང་ནས་འཆར་ཡོང་། དེ་ལྟ་མ་བྱུང་གི་བར། ཚིག་སྐམ་བློ་གཤར་གྱི་སྒོམ་བཤད་དང་། རེ་དོགས་བཅོས་མའི་སྒོམ་པ། གྲོལ་ལོ་ཞིག་ལོའི་སྨྱོ་སྤྱོད་རྣམས་ཀྱིས་གར་ཡང་མི་ཕྱིན། དགོས་པའི་དུས་སུ་བསླུར་ཡོང་བས་རང་གིས་རང་མ་བསླུ། རང་མགོ་རང་གིས་མ་བསྐོར་བར་ཉམས་ལེན་གྱི་གནད་ལ་ཕུར་ཚུགས་ཀྱིས་སྒྲུབ་པ་ལྷུར་ལེན་མཛོད། དེ་ལྟར་མཛད་ན་རང་གཞན་གྱི་དོན་གྲུབ། དལ་འབྱོར་སྙིང་པོ་ལོན་པ་ཡིན་པས་ཀུན་གྱིས་ཐུགས་ལ་ཞོགབསླབ་བྱ་ཚིགས་བཅད་དུ་བྲིས་ཀྱང་དོན་གྱི་སྙིང་པོ་དེ་ཡིན་པ་ཀུན་གྱིས་ཐུགས་འཇོག་འཚལ། ཁྲོ་འགབ་མཆེད་གསར་རྣམས་ཀྱི་བཞེད་སྐོང་དུ་དགེ་སྦྱོང་རྒན་བུ་བི་ཛ་ཡིས་གོ་བདེར་བརྗོད་པ་དགེ། |