Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ་བདག་འཛིན་འཇོམས་པའི་སྨན་ཆེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ་བདག་འཛིན་འཇོམས་པའི་སྨན་ཆེན། next

བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ་བདག་འཛིན་འཇོམས་པའི་སྨན་ཆེན།

༄༅། །བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ་བདག་འཛིན་འཇོམས་པའི་སྨན་ཆེན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བུདྡྷཱ་བོ་དྷི་ས་ཏྭ་ཡ། ཡེ་ནས་རྣམ་གྲོལ་མཆོག་བརྙེས་ཀྱང་། །སྙིང་རྗེས་སྲིད་པ་ཉེར་བཟུང་ནས། །འཁོར་བ་དོང་སྤྲུགས་མཛད་པ་ཡི། །བླ་མ་རྣམས་ལ་ཕྱག་འཚལ་ནས། །སྲས་བཅས་རྒྱལ་རྣམས་བགྲོད་གཅིག་གཞི། །ཐེག་པ་ཆེན་པོའི་ལམ་གྱི་བཅུད། །བྱང་ཆུབ་སེམས་ཀྱི་སྨན་ཆེན་གྱིས། །བདག་འཛིན་གཞིལ་ཚུལ་མདོ་ཙམ་བརྗོད། །འདིར་སྣང་ཞེན་པའི་ཐང་ཆེན་དུ། །ཉོན་མོངས་དགྲ་ཡིས་མཐའ་བསྐོར་ནས། །དགེ་བའི་ནོར་མཆོག་འཕྲོག་ཉེ་བའི། །དགོས་པའི་དུས་དེར་དྲན་པར་བྱ། །ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །འདི་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པ་ཡིན། །ཇི་ལྟར་ས་ཡི་ནང་ན་ཆུ། །དྲི་མ་མེད་པར་གནས་པ་ལྟར། །དེ་བཞིན་ཉོན་མོངས་ནང་ན་ཡང་། །ཡེ་ཤེས་ཆེན་པོ་རྣམ་པར་གནས། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང་། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཟབ་ཞི་སྤྲོས་བྲལ་དེ་བཞིན་ཉིད། །འོད་གསལ་འདུས་མ་བྱས་པའི་དབྱིངས། །མ་སྐྱེས་མི་འགག་གཟོད་ནས་ཞི། །རང་བཞིན་མྱ་ངན་འདས་པ་ནི། །དེ་བཞིན་གཤེགས་པའི་སྙིང་པོ་སྟེ། །ཏིལ་ལ་མར་གྱིས་ཁྱབ་པ་བཞིན། །འགྲོ་ལ་སེམས་ཀྱི་ཆོས་ཉིད་དུ། །འབྲལ་མེད་ཡེ་ནས་གནས་མོད་ཀྱི། །དབུལ་པོའི་ཁྱིམ་གྱི་གཏེར་བཞིན་དུ། །མ་རྟོགས་གཟུང་འཛིན་འཁྲུལ་བས་བསྒྲིབས། །བག་ཆགས་གསུམ་གྱི་སྦུབས་སུ་འཐུམ། །ལས་ཉོན་སྡུག་བསྔལ་ཆར་བཞིན་འབབས། །མེད་སྣང་སྲིད་པའི་ཐང་ཆེན་དུ། །དུས་རིང་ཐོག་མ་མེད་ནས་འཕྱན། །ཀྱེ་མའོ་མ་རིག་ལས་ཀྱི་མཐུ། །དེ་ཕྱིར་མཚན་ལྡན་བླ་མ་ཡི། །ཞབས་ཀྱི་པདྨོར་ལེགས་བཏུད་ནས། །གདམས་ཟབ་བདུད་རྩིའི་ཆུ་བོ་ཡིས། །བདག་འཛིན་དྲི་མ་འཁྲུད་པར་འོས། །ཤིན་ཏུ་རྙེད་དཀའ་དོན་ཆེ་བའི། །དལ་འབྱོར་ལན་གཅིག་ཐོབ་དུས་འདིར། །མནོག་ཆུང་ཚེ་འདིར་མ་ཞེན་པར། །དབེན་པར་རང་རྒྱུད་འདུལ་ན་ལེགས། །མི་རྟག་སྒྱུ་མའི་སྤྲིན་རུམ་ན། །ཚེ་སྲོག་གློག་གི་གར་མཁན་གཡོ། །སང་ཙམ་མི་འཆིའི་གདེང་མེད་པས། །ངེས་པར་འཆི་ཆོས་སྒྲུབ་པར་རིགས། །སྲིད་པའི་བརྩོན་རར་ཐོག་མེད་ནས། །རྣམ་གསུམ་སྡུག་བསྔལ་ཆད་པས་མནར། །ད་དུང་མི་སྐྱོ་སྙིང་རུལ་བོ། །བདེ་ཆེན་བཙན་ས་{པ}འཛིན་རེ་རན། །བདེ་སྡུག་ལས་ཀྱིས་སྤྲུལ་པ་སྟེ། །ལས་འབྲས་མི་བསླུ་རྒྱལ་གསུང་མཛོད། །ཤེས་ནས་དཀར་ནག་འཇུག་ལྡོག་གི། །ལག་ལེན་ཞིབ་མོར་སྤྱོད་པ་གཅེས། །མཚན་ཐོས་ཙམ་གྱིས་སྲིད་པ་ཡི། །གྲོང་ཁྱེར་ཧྲུལ་པོར་བྱེད་ནུས་པའི། །བླ་ན་མེད་པའི་དཀོན་མཆོག་གསུམ། །བསླུ་མེད་སྐྱབས་ཀྱི་སྙིང་པོར་ཟུངས། །ཐོག་མེད་དྲིན་གྱིས་བསྐྱངས་པའི་མ། །སྡུག་བསྔལ་སྲིད་མཚོར་ཡལ་བོར་ནས། །གཅིག་པུར་ཞི་བདེ་དོན་གཉེར་བའི། །བློ་ལས་ཁྲེལ་བོར་སྲིད་ན་སུ། །བློ་མཆོག་མངའ་བ་སྲས་བཅས་ཀྱིས། །གྲངས་མེད་བསྐལ་པར་ཤེས་རབ་མཐུས། །ལེགས་བརྟགས་རིན་ཆེན་བྱང་ཆུབ་སེམས། འདི་ཉིད་འབའ་ཞིག་ཕན་པར་གཟིགས། །དེ་སླད་ལམ་མཐར་ཕྱིན་ཀུན་ཀྱང་། །ལམ་འདི་ཉིད་ལ་བརྟེན་ནས་ནི། །དོན་གཉིས་ནོར་བུའི་གཏེར་ཁ་འབྱེད། །དེ་ལས་དཔང་པོ་གཞན་ཅི་དགོས། །དེ་སླད་སྲོལ་གཉིས་གང་རུང་ལས། །སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་ནས། །བསླབ་བྱ་རྒྱས་བསྡུས་སྤྱི་བྱེ་བྲག །ཤེས་ནས་ལག་ཏུ་ལོན་པ་གཅེས། །ཐུབ་པས་གཞན་དོན་མཛད་པ་དང་། །འོ་སྐོལ་རང་དོན་སེམས་པ་ཡི། །ཁྱད་པར་ལྟོས་ལ་སྲོག་ཕྱིར་ཡང་། །བྱང་ཆུབ་སེམས་མཆོག་བཏང་མི་བྱ། །རྒྱལ་སྲས་སྤྱོད་པ་རྒྱ་མཚོ་ཡི། །རྩ་བ་འདི་ལ་ཐུག་པའི་ཕྱིར། །བསླབ་པ་ཀུན་གྱི་མདོ་འགག་སྟེ། །ཐེག་ཆེན་ལམ་རྩར་ཤེས་པར་བྱོས། །འདི་ཡོད་ཡང་དག་ལམ་དུ་འགྲོ། །ཅི་བྱེད་དགེ་བ་འབའ་ཞིག་འབྱུང་། །ལུང་མ་བསྟན་ཡང་དགེ་བར་འགྱུར། །རྣམ་གྲོལ་ལམ་ལས་ཕྱིར་ལྡོག་མིན། །འདི་མེད་ཅི་བྱེད་དམན་པའི་ལམ། །དགེ་བཅུ་སྤྱད་ཀྱང་སྲིད་པའི་རྒྱུ། །ལུང་མ་བསྟན་སོགས་སྨོས་ཅི་དགོས། །ཇི་ལྟར་བྱས་ཀྱང་སྡུག་བསྔལ་ཉིད། །དེ་ཕྱིར་དྲན་ཤེས་བག་ཡོད་པས། །ཡང་ཡང་རང་གི་རྒྱུད་རྟོག་ལ། །ཡན་ལག་གཞན་ཀུན་ཉམས་ཀྱང་སླའི། །སེམས་ནི་དེ་ལྟ་མ་ཡིན་ནོ། །སྲས་བཅས་རྒྱལ་རྣམ་མཁྱེན་གསོལ་ནས། །འགྲོ་སྒྲོལ་དམ་བཅའི་གོ་བགོས་ཏེ། །ལྷར་བཅས་སྐྱེ་དགུ་དགའ་བསྐྱེད་ན། །དེ་བསླུས་འགྲོ་བ་ཅིར་འགྱུར་སོམས། །སྦྲང་བུ་ཤ་སྦྲང་ལ་སོགས་ཀྱང་། །བརྩོན་པས་བྱང་ཆུབ་ཐོབ་གསུངས་ན། །བདག་ལྟ་རིགས་ཀྱི་མིར་སྐྱེས་པ། །ཅི་ཕྱིར་ཞུམ་པ་དང་དུ་བླང་། །གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་འགའ་ཡང་ཡོད་མིན་ཕྱིར། །ཡང་ཡང་བརྩོན་པ་བརྒྱ་ཕྲག་གིས། །རང་གི་སེམས་ནི་འདུལ་བར་བྱ། །ཅུང་ཟད་ཉེས་པར་བྱས་མིན་པར། །ཐོག་མེད་དུས་ནས་བདག་འཛིན་པའི། །དགྲ་འདི་བདག་སྙིང་ལ་གནས་ཏེ། །འཇིགས་རུང་སྲིད་པའི་བཙོན་རར་བཅུག །ཉེས་བརྒྱའི་གནོད་པ་ཀུན་སྤངས་ཀྱང་། །ད་དུང་འཁོན་འགྲས་མི་འཚོལ་བར། །དེར་བློ་གཏོད་ཅིང་དེ་དབང་གཏོང་། །འདི་ལས་ཕུང་དང་འཁྲུལ་ཚབས་ཅི། །གནས་མིན་བཟོད་པ་སྨད་པའི་གནས། །ད་ནི་རྒྱབ་རྟེན་དཀོན་མཆོག་ཁྱེར། ངེས་འབྱུང་གཙང་མའི་རྟ་ཞོན་ལ། །ཚད་མེད་བཞི་ཡི་གོ་བགོས་ཏེ། །ཕར་ཕྱིན་དྲུག་གི་དམག་བསྐུལ་ནས། །སྟོང་ཉིད་སྙིང་རྗེའི་མཚོན་རྣོན་གྱིས། །དགྲ་འདི་དེ་རིང་གཞོམ་པར་བྱ། །གལ་ཏེ་དགྲ་འདི་མ་ཆོམ་ན། །ད་དུང་མནར་མེད་ལ་སོགས་པའི། །མི་བཟད་འཇིགས་པ་སྐྱེད་བྱེད་པས། །སེམས་ཤེས་སུ་ཞིག་བག་སྐྱེད་འདུག །འདི་ཡི་རང་བཞིན་ཅི་ལྟ་བུ། །གང་དུ་གནས་ཤིང་གང་དུ་འགྲོ། །བརྟགས་ན་ཅུང་ཟད་མེད་དེའི་ཕྱིར། །དགྲ་དེ་ད་ལྟ་ཐུལ་གྱུར་ན། །ཕྱིས་ནས་འགའ་ཡང་ལྡང་མི་འགྱུར། །སྔོན་གྱི་མི་མཆོག་དཔའ་རྣམས་ཀྱང་། །འདི་ལས་རྒྱལ་ནས་བདེ་བར་གཤེགས། །དེ་ཚུལ་ཁེ་ཉེན་ཤེས་བྱས་ནས། དགྲ་མགོ་ཡན་པར་མི་བཏང་བ། །མཁས་པའི་ནང་ནས་མཁས་པ་སྟེ། །མཛངས་པའི་ནང་ནས་མཛངས་པ་མཆོག །དཔའ་བོའི་ནང་ནས་དཔའ་ཆེན་ཡིན། །དེ་མཉམ་མདོ་ཅན་སུ་ཞིག་ཡོད། །རྒྱལ་བ་ཐབས་ལ་མཁས་པ་ཡིས། །གང་འདུལ་གདུལ་བྱའི་བློར་འཚམ་པའི། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་བསྟན། །ཀུན་ཀྱང་བདག་འཛིན་འདུལ་བར་གཅིག །དེ་ཡང་བློ་སྟོབས་ཆེ་ཆུང་གིས། །ཉོན་མོངས་སྤངས་བསྒྱུར་ཁྱེར་གསུམ་པོ། །གནད་ཀྱི་སྙིང་པོ་མདོར་བསྡུ་ན། །བྱང་ཆུབ་སེམས་མཆོག་བསྒོམ་ལ་འདུ། །ཅི་ཕྱིར་ཞེ་ན་སྲིད་པ་ཡི། །འདུ་བྱེད་རྣམ་རྟོག་རང་ཁ་མ། །ཁ་ཡན་མི་བཏང་དྲན་པས་བཟུང་། །སྔོན་གྱི་འཁོན་རྣམས་དྲན་བྱས་ནས། །གཉེན་པོའི་དཔུང་གིས་འཇོམས་བྱེད་པ། །འདི་ནི་ཉོན་མོངས་སྤོང་བ་ཡིན། །དེ་ནས་ཀུན་རྫོབ་སེམས་བསྐྱེད་ཀྱིས། །ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །སྤྱོད་ཡུལ་ཡོངས་སུ་དག་པ་ཡིས། །ལྕགས་ཁམས་གསེར་འགྱུར་རྩིས་བཞིན་བསྒྱུར། །དེ་རྗེས་དོན་དམ་སེམས་བསྐྱེད་ཀྱིས། །གང་ཤར་ཆོས་སྐུའི་རོལ་པར་སྦྱངས། །ཤར་གྲོལ་འཛིན་མེད་གཉུག་མའི་གཤིས། །སྤང་བླང་རོ་མཉམ་ཆེན་པོར་ཁྱེར། །དེ་ཡང་ཐབས་དང་ཤེས་རབ་ཚུལ། །ཡེ་ནས་འདུ་འབྲལ་མེད་པའི་དོན། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ལམ་དུ་ཁྱེར་མོད་དང་པོ་པས། །རིམ་གྱིས་གོམས་པ་བརྟན་པའི་ཕྱིར། །ཐོག་མར་ཀུན་རྫོབ་བྱང་སེམས་བསྒོམ། །དེ་ཡང་མར་ཤེས་དྲིན་དྲན་དང་། །དྲིན་གཟོའི་སེམས་ལས་བྱམས་སོགས་ཀྱི། །ཚད་མེད་སྤྱི་དང་ཁྱད་པར་དུ། །རྨད་བྱུང་སྙིང་རྗེ་ཆེན་པོའི་ཚུལ། །སྐྱེ་བར་སླ་དང་དཀའ་བ་དང་། །བར་མ་ལ་སོགས་རིམ་བཞིན་དུ། །ཐབས་ཚུལ་དུ་མས་གོམས་བྱས་པས། །ངེས་པར་ཕྱོགས་རེར་མ་སོང་བའི། །བདག་དང་འགྲོ་ཀུན་བདེ་ཐོབ་དང་། །སྡུག་བསྔལ་སྤང་འདོད་བློ་མཉམ་ཚེ། །བདག་བས་གཞན་གཅེས་གོམས་པའི་ཕྱིར། །བདག་གཞན་བརྗེ་བའི་དམིགས་པ་རྣམས། །གནད་དུ་དྲིལ་ནས་རྒྱུད་ལ་སྦྱར། །སྐབས་སུ་རླུང་གི་རྟ་ལའང་བསྐྱོན། །ལོ་ཟླ་ཞག་དུས་ཚོད་ཀྱིས་མིན། །མྱོང་བ་ནང་ནས་སྐྱེས་མིན་བརྟག །ཁྱབ་དང་གཏིང་འབྱོར་ཀུན་ལ་གཅེས། །དེ་ཡི་མི་མཐུན་ཕྱོགས་ཞི་ཞིང་། །མཐུན་རྐྱེན་ཡིད་བཞིན་འབྱོར་སླད་དུ། །སྒྲིབ་སྦྱོང་ཚོགས་བསགས་ཅི་ནུས་དང་། །སྐབས་སུ་བླ་མ་དཀོན་མཆོག་ལ། །རེ་དོགས་འགོག་པའི་གསོལ་འདེབས་བྱ། །རང་ཉིད་བདེ་སྐྱིད་ཆོས་འཕེལ་ལམ། །བདེ་འདོད་རྟོག་པ་ནམ་བྱུང་ཚེ། །དེ་རྒྱུ་དགེ་ལས་འབྱུང་རིགས་ནས། །རྟག་ཏུ་བརྩོན་པའི་དཔུང་བསྐྱེད་ཅིང་། །དེ་ཡང་ཕངས་མེད་འགྲོ་ལ་བསྔོ། །འགྲོ་ཀུན་བདེ་དགེས་འཚོ་བར་སྨོན། །གཞན་དག་དེ་ཚུལ་སྤྱོད་མཐོང་ན། །དེ་ལ་སྡང་དང་ཕྲག་དོག་སྤོངས། །སྙིང་ནས་དགའ་བས་ཡི་རང་ཞིང་། །ཀུན་ཀྱང་དེ་འདྲར་འགྱུར་བར་སྨོན། །རང་ལ་མི་འདོད་བྱུང་བའམ། །སྡུག་བསྔལ་སྤང་འདོད་བློ་བྱུང་ཚེ། །དེ་རྒྱུ་སྡིག་པ་སྤོང་དགོས་བརྡར། །ཤེས་ནས་སྟོབས་བཞིར་དྲིལ་བ་དང་། །ལེ་ལན་བདག་འཛིན་ཐོག་ཏུ་བདའ། །མཐའ་ཀླས་འགྲོ་ཀུན་སྡུག་བསྔལ་གྱི། །རྒྱུ་རྐྱེན་འབྲས་བུས་ཉམས་ཉེས་པ། །དེ་ཀུན་རང་གི་ཐོག་ཏུ་སྨིན། །ཀུན་ཀྱང་སྡིག་སྡུག་བྲལ་བར་སྨོན། །ཁྱད་པར་ཉོན་མོངས་དུག་ལྔ་དང་། །ཆོས་བརྒྱད་རྟོག་པ་གང་སྐྱེས་ཀྱང་། །དེ་ཚེ་དྲན་པས་ཙིར་གྱིས་བཟུང་། །སྔོན་གྱི་འཁོན་རྣམས་དྲན་བྱས་ནས། །བདག་འཛིན་འདུལ་བའི་དམིགས་པའི་སྒོ། །འགྲོ་བ་སྤྱི་དང་ཁྱད་པར་དུ། །ཆོས་མཛད་ཡོངས་ཀྱི་ཐུགས་དམ་ལ། །བར་གཅོད་བདག་འཛིན་ཉོན་མོངས་དང་། །དེས་བསྐྱེད་མི་མཐུན་འགལ་རྐྱེན་རིགས། །འུབ་ཀྱིས་བསྡུས་ནས་རང་རྒྱུད་ཀྱི། །བདག་འཛིན་ལ་བསྟིམ་ཕུང་བྱེད་འདི། །དེ་རིང་ཉིད་དུ་བརླག་གོ་སྙམ། །སྤོང་སེམས་ཞེ་དམ་བརྟན་པོ་དང་། །གཉེན་པོའི་བཟློག་སྒོམ་གནད་དུ་དྲིལ། །དེ་ཡང་སྦྱོར་རྗེས་འཕེན་པ་གཙོ། །ཀུན་ཀྱང་མངོན་ཚན་ཆུང་ངུ་ལ། །ས་ཆོད་ཆེ་བར་བྱ་བ་གནད། །དེ་ནི་ཀུན་རྫོབ་བློ་སྦྱོང་སྟེ། །སེམས་ཅན་ཀླད་ནད་བསལ་འདོད་ཙམ། །ཕན་ཡོན་དཔག་མེད་ལེགས་གསུངས་ན། །ཡིད་ཅན་ཀུན་གྱི་སྡུག་བསྔལ་རིགས། །འཐའ་དག་བསལ་འདོད་སྨོས་ཅི་དགོས། །དེ་གོམས་དོན་དམ་སེམས་བསྐྱེད་ནི། །འདི་ལྟར་སྣང་བརྟག་ཕྱི་ནང་ཆོས། །ཀུན་ཀྱང་རྨི་ལམ་སྒྱུ་མ་བཞིན། །སྔོན་མེད་ཕྱིས་མེད་བར་འདི་རུ། །རྟེན་ཅིང་འབྲེལ་འབྱུང་ཚུལ་དུ་སྣང་། །སྣང་ཡང་བདེན་པས་གདོད་ནས་སྟོང་། །ངོ་བོ་ཉིད་མེད་གནས་མེད་པ། །རང་བཞིན་སྐུ་དང་ཡེ་ཤེས་ཉིད། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པ་ཆོས་ཉིད་དོ། །དེ་ལྟར་མ་ཤེས་བྱིས་པ་རྣམས། །ཨ་འཐས་བདེན་འཛིན་དངོས་པོར་ཞེན། །དེར་བརྟེན་ཆགས་སྡང་ལུ་གུ་རྒྱུད། །མེད་སྣང་སྲིད་པར་འོ་རེ་བརྒྱལ། །རྩ་བ་མ་རིག་བདག་འཛིན་མཐུ། །དེ་གོམས་སྲིད་པར་འདུ་བྱེད་ཉིད། །དེས་ན་ཐར་པ་དོན་གཉེར་བའི། །སྐལ་བཟང་རྣམས་ཀྱིས་ཐོག་མ་རུ། །ལུང་དང་བླ་མའི་མན་ངག་བཞིན། །བདག་མེད་གཉིས་ལ་གོམས་འདྲིས་བྱ། །དེ་ལ་གང་ཟག་བདག་འཛིན་ནི། །འཇིག་ཚོགས་ཕུང་པོ་ལྔ་འདི་ལ། །ཕྱིན་ཅི་ལོག་ཏུ་ཞེན་པ་ཡིས། །ངའོ་སྙམ་དུ་འཛིན་པ་སྟེ། །འདི་ལ་ཕུང་པོ་ལྔའི་ཚོགས་པ། །དུ་མ་ཉིད་དང་མི་རྟག་པ། །གློག་དང་འབབ་ཆུ་མར་མེ་བཞིན། །ལེགས་པར་བརྟགས་ཏེ་བཙལ་བྱས་ན། །ཐག་པ་ཉིད་ལ་སྦྲུལ་མཐོང་བཞིན། །ཕྱིན་ཅི་ལོག་ཏུ་འཁྲུལ་བ་ལས། །རང་བཞིན་ངོ་བོས་གྲུབ་པ་མེད། །ཆོས་བདག་གཟུང་འཛིན་མཚན་རྟོག་སྟེ། །ཞེན་ཡུལ་ཕྱི་ནང་ཆོས་ཀུན་ཀྱང་། །བག་ཆགས་འཁྲུལ་བའི་སྣང་བ་སྟེ། །སྐྲ་ཤད་ཆུ་ཟླ་མིག་ཡོལ་ཚུལ། །མ་བརྟགས་ཉམས་དགའ་བརྟགས་ན་དབེན། །རྡུལ་དང་སྐད་ཅིག་ལ་སོགས་པ། །འདི་ཞེས་མཚན་མར་གྲུབ་པ་མེད། །དེས་ན་གཟུང་འཛིན་གང་དུ་ཡང་། །གྲུབ་པ་མེད་པར་ངེས་བྱ་སྟེ། །དཔྱད་པའི་འཁོར་ལོ་བར་མེད་བསྐོར། །བདག་མེད་གཉིས་ལ་ངེས་ཤེས་བསྐྱེད། །ནམ་ཞིག་རྟེན་འབྱུང་སྒྱུ་མ་དང་། །ཁས་ལེན་བྲལ་བའི་སྟོང་པ་ཡི། །བདེན་གཉིས་རེས་འཇོག་ཅན་མིན་པར། །ཟུང་དུ་འཇུག་པར་ངེས་རྙེད་ནས། །སྣང་སྟོང་ཕྱོགས་རེར་ཁས་ལེན་པའི། །ཡུལ་གྱི་འཛིན་སྟངས་ཀུན་ཞིག་ན། །དེ་ཚེ་དཔྱད་པ་རྫོགས་ཟིན་པས། །རྗེས་དཔག་སྤྲོས་པས་ཅི་ཞིག་བྱ། །སྟོང་ཉིད་ལྟ་ཀུན་གཉེན་པོ་སྟེ། །གལ་ཏེ་དེ་ལ་ཞེན་གྱུར་ན། །བཤལ་སྨན་དུག་ཏུ་སོང་བ་བཞིན། །གསོར་མི་རུང་བ་ཉིད་དུ་གསུངས། །དེ་ཕྱིར་རྩུབ་ཤིང་མེ་བཞིན་དུ། །གཉེན་པོ་ཉིད་ཀྱང་རང་སར་གཞིག །ཡེ་ནས་གནས་པའི་ཆོས་ཉིད་བབས། །སྟོང་མཚན་སྨོན་པ་མེད་པའི་སྒོ། །གནས་ལུགས་རྣམ་ཐར་གསུམ་ལྡན་དབྱིངས། །མ་བཅོས་གཉུག་མའི་ངང་དུ་ཀློད། །དེ་ཚེ་སེམས་དང་སེམས་བྱུང་གི། །སྤྲོས་པ་དབྱིངས་སུ་ཞི་བ་ཡི། །འོད་གསལ་བདེ་གཤེགས་སྙིང་པོའི་ཁམས། །ངོ་བོ་སྟོང་པས་རྟག་མཐའ་གྲོལ། །རང་བཞིན་གསལ་བས་ཆད་མུ་སངས། །གཉིས་སུ་བརྟགས་ཀྱང་གཉིས་འཛིན་གྱི། །མཚན་མ་རང་སར་གྲོལ་བའི་གཤིས། །བསམ་བརྗོད་ལས་འདས་ཡེ་ཤེས་ཡུལ། །རང་བཞིན་འདུས་མ་བྱས་པ་ནི། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུར། །མཐོང་མེད་ཚུལ་གྱིས་མཐོང་བ་ལ། །ཆོས་དབྱིངས་མཐོང་ཞེས་མིང་དུ་བཏགས། །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་དུ་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །གནད་འདི་མ་རྟོགས་སྡུག་བཙིར་གྱིས། །སེམས་འཛིན་སྐོ་ཙེ་{སྐོར་རྩེ}ཞི་གནས་དང་། །ཡིད་དཔྱོད་རྒྱས་གདབ་ལྷག་མཐོང་མིན། །ཆོས་ཉིད་བསམ་མི་ཁྱབ་པ་ལ། །བློ་ཡང་སྤྲོས་པ་བྲལ་ཚུལ་དུ། །ལེགས་མཐོང་དཔེ་ཡི་ཡེ་ཤེས་ཏེ། །དེ་ལས་དོན་གྱི་ཡེ་ཤེས་མཆོག །ཟུང་འཇུག་འཕགས་པའི་སྤྱོད་ཡུལ་ཆེ། །འདྲེན་པར་བྱེད་གང་ལྷག་མཐོང་དང་། །དེའི་ངང་གནས་པ་ཞི་གནས་ཏེ། །ཡེ་ནས་འབྲལ་མེད་ཟུང་འཇུག་དོན། །བླ་མའི་མན་ངག་མཐུ་ཡིས་རྟོགས། །མྱོང་ཞེན་ཅན་གྱི་བདེ་གསལ་དང་། །མི་རྟོག་ལ་སོགས་ཅི་ཤར་ཡང་། །ཐམས་ཅད་ཉམས་ཀྱི་བསླུ་བྲིད་དེ། །ཞེན་ན་སྲིད་པར་འདུ་བྱེད་ཉིད། །ཁམས་གསུམ་ས་ལས་འདའ་མི་ནུས། །དེ་སླད་ཞེན་འཛིན་བྲལ་བའི་ངང་། །མ་བཅོས་རང་བབས་འཇོག་མཁས་པས། །བལྟ་བྱ་རྟོགས་བྱེད་རྟོགས་པ་གསུམ། །དབྱེར་མེད་ཆུ་ལ་ཆུ་བཞག་བཞིན། །སྨ་བསམ་བརྗོད་པ་ལས་འདས་གཤིས། །ངེས་དོན་ཤེས་རབ་ཕ་རོལ་ཕྱིན། །སོ་སོ་རང་གིས་རིག་བྱ་བ། །དེ་དོན་ཁོང་དུ་ཆུབ་པ་གཅེས། །མདོར་ན་མགོན་པོ་ཨ་ཏི་ཤས། །དོན་དམ་ཐ་དད་མེད་ཚུལ་གྱིས། །ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །སྟོང་པ་ཉིད་ལ་ཐ་དད་ནི། །ཅུང་ཟད་ཡོད་པ་མ་ཡིན་ཏེ། །རྟོགས་མེད་ཚུལ་གྱིས་རྟོགས་པས་ན། །སྟོང་ཉིད་མཐོང་གིས་ཐ་སྙད་གདགས། །མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །དེ་ལ་མཐོང་བྱ་མཐོང་བྱེད་མེད། །ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་རྣམ་པར་སྤོངས། །རྣམ་པར་རྟོག་མེད་དམིགས་པ་བྲལ། །འགག་པ་མེད་པ་གནས་མེད་པ། །འགྲོ་འོང་མེད་ཅིང་དཔེ་དང་བྲལ། །བརྗོད་དུ་མེད་པ་བལྟར་མེད་པ། །འགྱུར་བ་མེད་པ་འདུས་མ་བྱས། །རྣལ་འབྱོར་པ་ཡིས་དེ་རྟོགས་ན། །ཉོན་མོངས་ཤེས་བྱའི་སྒྲིབ་པ་སྤོང་། །དེ་སྐད་བདེན་གཉིས་འཇུག་ལས་གསུངས། །མཐར་ཐུག་ཟབ་མོ་བརྒྱད་ལྡན་གྱི། །རྟོགས་རིགས་མདོ་ལས་གང་བཤད་པ། །དེ་ཀུན་རྫོགས་པ་ཆེན་པོ་ཡི། །ངོ་སྤྲོད་ཉིད་ལ་གཞོལ་ཞིང་འབབས། །འདི་ནི་བླ་མའི་བྱིན་རླབས་ཀྱིས། །དོན་བརྒྱུད་ཐོབ་པ་མ་གཏོགས་པ། །ཕལ་དང་ཕལ་གྱི་སྤྱོད་ཡུལ་མིན། །རྟོག་དཔྱོད་མཁན་གྱིས་མྱོང་མི་འགྱུར། །རང་བྱུང་རྣམས་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱར་གསུངས། །དེ་ཕྱིར་བླ་མ་ཆོས་སྐུ་རུ། །བལྟ་བའི་མོས་གུས་སྲོག་བཟུང་ནས། །མ་བཅོས་གཉུག་མར་ཀློད་མཛོད་དང་། །འདི་དོན་རྟོགས་པར་འགྱུར་བ་ཡིན། །གནད་འདི་རྟོགས་པར་མ་གྱུར་ན། །ཕྱི་རོལ་རྒོལ་བ་མི་འཇུག་པའི། །བློ་གཏད་ཙམ་ལ་ཡིད་འཆའ་ནས། །ཁས་ལེན་མེད་པར་སྨྲ་བ་དང་། །མེད་དགག་ཙམ་གྱི་སྟོང་འཛིན་གྱིས། །དབུ་མའི་མཚན་ཉིད་རིགས་མ་ཡིན། །གལ་ཏེ་རྟག་པ་ཐེར་ཟུག་ན། །གྲུབ་མཐའི་འཛིན་སྟངས་མ་ཞིག་ན། །དེ་ཡང་དབུ་མའི་ཚུལ་ལས་རིང་། །བློ་བྲལ་འཛིན་མེད་གཅེས་སོ་ཨང་། །དོན་འདི་མ་རྟོགས་སྒོམ་ཆེན་ལ། །སྒོམ་གྱི་མུ་གེ་བྱུང་གིས་དོགས། །སྡུག་བཙིར་བྱས་པས་ཅི་ལ་ཕན། །སྐྱེ་འགག་གྲངས་སུ་བཅད་པས་ཅི། །རྣམ་ཤེས་ལས་འདས་ཡེ་ཤེས་དང་། །ཀུན་གཞི་ལས་འདས་ཆོས་སྐུ་དང་། །བློ་བྲལ་ཡིད་ལ་མི་བྱེད་སོགས། །ཕལ་གྱི་རྣ་བར་མི་འཚམ་པ། །འདི་དོན་རེག་པ་མེད་དེས་ནོངས། །འོན་ཀྱང་མང་དུ་སྨྲ་མི་བྱ། །འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན། །ཐམས་ཅད་སངས་རྒྱས་རྒྱུ་ཡིན་པས། །ཀུན་ལ་དག་སྣང་སྦྱང་བ་དང་། །ཀུན་ཀྱང་བཀའ་དྲིན་ཆེ་བར་སྒོམས། །རྗེས་ཐོབ་འཁོར་གསུམ་རྟོག་བྲལ་བའི། །སྦྱིན་སོགས་ཕྱིན་དྲུག་སྤྱོད་པར་བསླབ། །ཀུན་ཀྱང་བྱང་ཆུབ་ཆེན་པོ་བསྔོ། །ཚོགས་གཉིས་ཟུང་འབྲེལ་ལམ་བཟང་ལགས། །དེ་ལྟར་ཀུན་རྫོབ་དོན་དམ་གཉིས། །ཡེ་ནས་འབྲལ་མེད་བྱང་ཆུབ་སེམས། །སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན། །རྒྱལ་བ་དགྱེས་པའི་ལམ་ཡིན་པས། །འདི་དོན་རྒྱུན་དུ་གོམས་མཛོད་དང་། །རིང་མིན་ཁམས་ཀྱི་སྒྲིབ་བྱང་ནས། །བྱང་ཆུབ་ཅེས་བྱའི་མིང་ཐོབ་སྟེ། །ཟག་མེད་ཡོན་ཏན་མངོན་གྱུར་ནས། །རྟག་ཁྱབ་ལྷུབ་གྲུབ་ཕྲིན་ལས་ཀྱིས། །མཁའ་ཁྱབ་འགྲོ་བའི་མགོན་བྱེད་འགྱུར། །དེ་སྐད་པདྨ་བི་ཛ་ཡིས། །བརྒྱུད་ལྡན་དམ་པའི་ཞལ་གྱི་ལུང་། །བཏུང་ཞིང་ཅུང་ཟད་ནང་དུ་ཡང་། །བརྟགས་པས་ཕྱོགས་ཙམ་མྱོང་བའི་གཏམ། །མཆེད་གྲོགས་དམ་པའི་གསུང་བསྐུལ་ངོར། །ཉུང་ངུའི་ངག་གིས་མདོ་ཙམ་བཤད། །དགེ་བས་སེམས་ཅན་ཐམས་ཅད་ཀྱི། །རྒྱུད་ལ་བྱང་ཆུབ་སེམས་སྐྱེས་ནས། །དོན་དམ་བདེ་གཤེགས་སྙིང་པོ་ཡི། །རང་ཞལ་སྒྲིབ་མེད་མཐོང་གྱུར་ཅིག། །།


previousབྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ་བདག་འཛིན་འཇོམས་པའི་སྨན་ཆེན། next