Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
ཤུ་བྷའི་མཚན་ཅན་གྱི་བཞེད་ངོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཤུ་བྷའི་མཚན་ཅན་གྱི་བཞེད་ངོར། next

ཤུ་བྷའི་མཚན་ཅན་གྱི་བཞེད་ངོར།

༄༅། །ཁྱེད་གསུང་མི་ལྡོག་གང་དྲན་གླུ་ཆུང་ཞིག་ལེན། ཨ་ཧོ། དོན་བརྒྱུད་མན་ངག་རིན་ཆེན་སྣ་བདུན་གྱི་འབྱོར་པས། །སྒོམ་མེད་རྒྱལ་པོ་ཆོས་སྐུའི་གཏན་སྲིད་ལ་རོལ་བའི། །མཚུངས་བྲལ་དྲིན་ཆེན་བླ་མ་སྙིང་དབུས་སུ་བཀོད་ནས། །ཁྱེད་གསུང་མི་ལྡོག་གང་དྲན་གླུ་ཆུང་ཞིག་ལེན་ནོ། །ཁྱད་གཞི་དལ་བ་རྣམ་བརྒྱད་བཅོས་ལེགས་ཀྱི་གྲུ་བོ། །ཁྱད་ཆོས་འབྱོར་པ་བཅུ་ཡི་བ་དན་གྱིས་མཛེས་ཤིང་། །མཐུན་རྐྱེན་འཁོར་ལོ་བཞི་ཡི་དྲི་བཞོན་གྱིས་བསྐུལ་ཚེ། །གཏིང་ཟབ་སྲིད་མཚོ་བརྒལ་ལ་བརྩོན་འགྲུས་རེ་བརྩམ་འཚལ། །སྣོད་བཅུད་མི་བརྟན་འགྱུར་བའི་སྒྱུ་མ་ཡི་སྤྲིན་རུམ། །འདུས་བྱས་སྐད་ཅིག་གཡོ་བའི་གློག་ཕྲེང་གི་རྩེ་མོར། །ཉེར་འཚེའི་རླུང་དམར་འཁྲུགས་པའི་དྲག་ཤུལ་གྱི་ལག་པས། ཉམ་ཆུང་འཚོ་བའི་མར་མེ་ནམ་གསོད་རང་སུས་ཤེས། །རྣམ་གསུམ་སྡུག་བསྔལ་མི་བཟད་འཛིན་ཁྲི་ཡི་ཁ་སྒོར། །ཟློག་དཀའ་ཀུན་འབྱུང་ལས་ཉོན་དུས་མིན་གྱི་རླུང་གིས། །རབ་དཀྲུགས་རྦ་ལ་གཡེངས་པའི་བརྒྱུད་ལྔ་ཡི་འགྲོ་བ། །བདེ་བའི་ངལ་སྟེགས་ཞིག་པའི་སྣང་ཚུལ་འདིས་སྐྱོ་བ། །འདི་ན་སྲིད་པ་ལས་ཀྱི་མེ་ལོང་ནི་གཙང་མར། །མངོན་གྱུར་རྒྱུ་འབྲས་གཟུགས་བརྙན་འབུམ་ཕྲག་ནི་མཐོང་ཡང་། །ད་དུང་ཡིད་ཆེས་མི་སྐྱེད་དཀར་མིན་གྱི་ལས་ལ། །འཇུག་རྣམས་ཐར་པའི་ས་བོན་ནམ་ཞིག་ན་ཐེབས་ཨང་། །ཆོས་བརྒྱད་ལྕགས་ཀྱུ་རྣོན་པོས་གཞན་དབང་དུ་གྱུར་མིན། །དབེན་གསུམ་པད་རྩའི་འཚོ་བར་རང་དབང་གིས་སྤྱོད་པའི། །གྲོགས་མཆོག་གཉིས་འཐུང་དབང་པོའི་བརྟུལ་ཞུགས་དེ་མཐོང་ནས། །མི་བརྟན་གཡོ་བའི་སེམས་ཀྱང་ཡུད་ཙམ་དུ་ཆགས་སོང་། །ཆགས་སྡང་རྒྱ་ཐག་བྲེས་པའི་འདུ་འཛི་ཡི་གྲོང་ལས། །བྱོལ་ནས་ཕྱོགས་མེད་དབེན་ཁྲོད་དཔག་བསམ་གྱི་སྡུམ་རར། །རི་དྭགས་སྨས་མའི་ཟོལ་གྱིས་སྒྲུབ་པ་ལ་ཆས་འདིས། །བྱ་བྲལ་འདུན་མ་ལེགས་པའི་རྩེ་མོ་རུ་ཕེབས་སོང་། །དོན་བརྒྱུད་གཡུ་རལ་ངོམ་བཞིན་ཐེག་མཆོག་གི་ང་རོས། །ལྟ་དམན་ཝ་ཚོགས་སྐྲག་མཛད་ཀུན་མཁྱེན་ནི་ཡབ་སྲས། །བརྟུལ་ཞུགས་གྱེན་མིག་བསྐྱོད་པའི་དཔའ་ཚུགས་དེ་ཟུངས་དང་། །ཉམས་རྟོགས་རྩལ་གསུམ་རྫོགས་པ་ཆོས་ཉིད་ཀྱི་རང་གཤིས། །དཔག་མེད་དུས་ནས་གྲོང་ཁྱེར་རྣམ་དྲུག་གི་འགྲོ་ཚོགས། །ཉེ་འཁོན་མེད་པར་སྐྱོང་བའི་མ་མ་ནི་སྡུག་གུས། །ཐེག་གསུམ་ནུ་མ་སྣུན་པའི་ཡང་བཅུད་ཀྱི་ཉིང་ཁུ། །རྨད་བྱུང་བྱང་ཆུབ་སེམས་ཀྱི་མར་ཞུན་ལ་རོལ་ཅིག །ཨ་ཧོ་མ་བརྟགས་ཉམས་དགའ་འཁོར་འདས་ཀྱི་སྣང་ཚུལ། །བརྟགས་ན་རང་བཞིན་མ་གྲུབ་ཆུ་ཟླ་ཡི་རོལ་རྩེད། །བདེན་གཉིས་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆེན། །ཆོས་ཉིད་དངོས་པོའི་གཤིས་ལུགས་ངོ་མཚར་གྱི་ལྟད་མོ། །མེད་ལ་ཡོད་པར་བཟུང་བའི་བྱིས་པ་ཡི་རི་དྭགས། །མི་བདེན་བདེན་པར་ཞེན་པའི་སྨིག་རྒྱུ་ཡིས་བསླུས་ནས། །མེད་སྣང་སྲིད་པའི་འབྲོག་དགོན་མྱ་ངན་གྱི་ཐང་ལ། །མི་བཟད་གདུང་བས་འཁྱོལ་བའི་གོམ་སྟབས་འདི་ཨེ་གཟིགས། །དེ་ཕྱིར་དམ་པའི་ཞལ་ལུང་ཟབ་དགུ་ཡི་བདུད་རྩིས། །ཐུགས་ཀྱི་བུམ་བཟང་ཡོངས་སུ་འགེངས་བྱས་ཀྱི་དོན་པོ། །ཅིར་སྣང་བླ་མར་ཤར་བའི་མོས་གུས་ཀྱི་ཕ་ཕོག །རིག་སྟོང་བློ་བྲལ་གཉུག་མའི་གཏན་སྲིད་དེ་ཟུངས་མཛོད། །མཐའ་གྲོལ་ཆོས་ཉིད་གཉུག་མ་བློ་བྲལ་གྱི་མཁའ་ལ། །མཐར་འཛིན་གྲུབ་མཐའི་ཞེ་འདོད་སྤྲིན་ཚོགས་ཀུན་དེངས་པའི། །ཆོས་ཟད་ཟང་ཐལ་རྗེན་པའི་གཤིས་ལུགས་ལ་གཟིགས་དང་། །དོན་མེད་ཚིག་སྐམ་གསོག་པའི་ཁུར་པོ་དེས་ཅི་བྱེད། །ཅེར་གྲོལ་གཏད་ཡལ་ཆེན་པོའི་རྒྱལ་སྲིད་ལ་རོལ་དང་། །སེམས་འཛིན་སྡུག་བསྒུར་ཞེན་པའི་ཨ་འཐས་དེ་མ་དགོས། །མ་བཅོས་རང་བབས་འཇོག་འདི་དོན་བརྒྱུད་ཀྱི་ཁྱད་ནོར། །དྲན་པ་དབྱིངས་སུ་དག་པའི་སྒོམ་ཆེན་རྣམས་སྐྱིད་དོ། །རང་གྲོལ་གཉེན་པོ་མེད་པའི་གདེང་ཚད་ལ་སྐྱོལ་དང་། །གང་ཤར་དགག་སྒྲུབ་མི་དགོས་སྦྲུལ་མདུད་ཀྱི་རང་བཞིན། །ལས་དང་བག་ཆགས་མེད་དེ་ཡེ་ཤེས་ཀྱི་རོལ་རྩེད། །ཅིར་སྣང་རྒྱན་དུ་ཤར་བའི་དཔའ་བོ་དེ་ཨ་ཧོ། །ཡེ་གྲོལ་སྐུ་གསུམ་ཀློང་དུ་གཏན་སྲིད་དེ་ཟུངས་དང་། །གྲུབ་འབྲས་ཕྱི་དུས་རེ་བའི་ཡིད་སྨོན་དེ་མ་དགོས། །མ་བརྩལ་ལྷུན་གྱིས་རྫོགས་པའི་རྒྱ་གྲོལ་གྱི་རྣལ་འབྱོར། །བྱས་ཆོས་གྲུབ་མཐའ་ཞིག་པའི་རྒྱལ་ཐབས་ལ་ཕེབས་ཤོག །རེ་དོགས་ཞེན་འཛིན་སྤོང་བ་གེགས་སེལ་གྱི་སྙིང་པོ། །རང་སེམས་བླ་མར་རྟོགས་པ་བོགས་འདོན་གྱི་རྒྱལ་པོ། །ཅིར་སྣང་སྒྱུ་མར་སྦྱོང་བ་ལམ་ཁྱེར་གྱི་སྲོག་ཏིག །ཆོས་བརྒྱད་ཆོམ་ལ་ཕེབས་པ་བརྟུལ་ཞུགས་ཀྱི་ཡང་རྩེ། །འགྲོ་ཁམས་སྙིང་རྗེས་མི་གཏོང་ལས་སྦྱོར་གྱི་ཉིང་{སྙིང}ཁུ། །སྤྱོད་ཡུལ་དག་པའི་ཡོངས་བསྔོ་ཐབས་ལམ་གྱི་མདོ་འགག །གང་བྱུང་ལམ་དུ་ཁྱེར་བ་བྱ་བཏང་གི་འདུན་མ། །རྨད་བྱུང་རྒྱལ་བ་དགྱེས་པའི་བཤུལ་ལམ་ལ་ཕེབས་མཛོད། །དེ་སྐད་ཚིག་ཙམ་མ་ཡིན་དོན་དམ་གྱི་ཀུན་སྤངས། །ཐེག་པ་མཆོག་ལ་གཞོལ་བ་ཤུ་བྷ་ཡི་མཚན་ཅན། །གང་གི་བཞེད་ངོར་རྨོངས་བཙུན་པདྨ་ནི་བི་ཛས། །ཕུལ་འདིས་དོན་བརྒྱུད་རྒྱལ་ས་ཟིན་པ་རུ་སྨོན་ནོ། །


previousཤུ་བྷའི་མཚན་ཅན་གྱི་བཞེད་ངོར། next