Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
བྱ་བྲལ་དམ་པའི་བཀའ་ལན་མི་ལྡོག་ཙམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱ་བྲལ་དམ་པའི་བཀའ་ལན་མི་ལྡོག་ཙམ། next

བྱ་བྲལ་དམ་པའི་བཀའ་ལན་མི་ལྡོག་ཙམ།

༄༅། །བྱ་བྲལ་དམ་པའི་བཀའ་ལན་མི་ལྡོག་ཙམ། ན་མོ་གུ་རུ། བྱང་ཆུབ་སེམས་ཀྱི་རང་བཞིན་བདེ་གཤེགས་སྙིང་། །ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ཆེ། །ཡེ་ནས་སྐུ་གསུམ་ངོ་བོར་རྟག་གནས་ཀྱང་། །ཐུགས་རྗེའི་རྩལ་ལས་རོལ་པ་འཁོར་འདས་སྤྲིན། །ཇི་ལྟར་ཤར་ཡང་དབྱིངས་ཀྱི་རྒྱན་ཙམ་ལས། །དོན་ལ་མེད་དེ་ཆུ་ཟླ་སྤྲུལ་པ་བཞིན། །བདེན་གཉིས་ཟུང་འཇུག་རྣམ་ཀུན་མཆོག་ལྡན་ཉིད། །དེ་ལྟར་མ་རྟོགས་མ་རིག་གཟུང་འཛིན་མཐུས། །འགྲོ་ཀུན་སྲིད་པའི་དྲྭ་བ་འདིར་བཅིངས་ནས། །མེད་སྣང་སྡུག་བསྔལ་བརྒྱ་ཡི་ཆད་པས་གཟིར། །ཡང་སྐྱེ་ཡང་འཁོར་ཀྱེ་མ་ཉམ་རེ་ཐག །མེད་ལ་ཡོད་པར་བཟུང་བའི་བྱིས་པ་རྣམས། །མི་བདེན་བདེན་པར་ཞེན་པས་བསླུས་པར་ཟད། །མ་བཅོས་གཉུག་མ་གཤིས་ཀྱི་གནས་ལུགས་ལ། །བསལ་དང་བཞག་པར་བྱ་བ་ཅུང་མེད་པས། །ཡང་དག་ཉིད་ལ་ཡང་དག་བལྟ་མཁས་ན། །ཡང་དག་མཐོང་བས་གྲོལ་ཞེས་མ་ཕམ་གསུངས། །མཐའ་གྲོལ་ཆོས་དབྱིངས་སྨྲ་བསམ་བརྗོད་འདས་པ། །མཐར་འཛིན་གྲུབ་མཐའི་ཞེ་འདོད་མ་ཞིག་ན། །གང་ལྟར་བཟུང་ཡང་འཛིན་པའི་གཟེབ་ཡིན་པས། །བརྟག་དཔྱད་ཚོལ་འཕྲོ་ཞེན་འཛིན་སྤྲོས་པ་སྐྱུངས། །ཐལ་འགྱུར་རིགས་པའི་ཉག་ཕྲན་ཆེས་རྣོ་ཡང་། །མཐའ་བྲལ་ནམ་མཁའི་གཏིང་ཕུག་ཚོལ་བ་བཞིན། །དོན་དམ་བདེན་པ་བློ་ཡིས་ཅུང་མ་རེག །ད་ནི་ལྟ་བའི་ཆོས་ཀུན་བོར་ལ་ཐོངས། །མྱོང་ཞེན་སྒོམ་གྱི་ཞགས་པ་མཉེན་ལགས་ཀྱང་། །བར་སྣང་སྐྱི་སེར་རླུང་ལ་བཏབ་པ་བཞིན། །ཟང་ཐལ་ཆོས་ཟད་གཤིས་ལུགས་ཅུང་མ་ཟིན། །ད་ནི་སྒོམ་པའི་ཆོས་ཀུན་ཞོག་ལ་ཐོངས། །བཅོས་མའི་སྤྱོད་པའི་འཁྲིགས་ཀ་མཛེས་ལགས་ཀྱང་། །བྱིས་པས་འཇའ་ཚོན་རི་མོར་སྙེགས་པ་བཞིན། །བྱར་མེད་དོན་ལ་བྱས་པས་ཅུང་མ་ཉེ། །ད་ནི་སྤྱོད་པའི་ཆོས་ཀུན་ཞོག་ལ་ཐོངས། །ཐོབ་འདོད་འབྲས་བུའི་ས་ལམ་བརྩི་མཁས་ཀྱང་། །རྒྱ་ཆེའི་ནམ་མཁའ་སྤར་གྱིས་བཏབ་པ་བཞིན། །ཡེ་གྲོལ་དགོངས་པའི་གསང་མཛོད་ཅུང་མ་ལོན། །ད་ནི་འབྲས་བུའི་ཆོས་ཀུན་བོར་ལ་ཐོངས། །མི་སྒོམ་སྐྱུར་བའི་ཉམས་ལེན་འདི་མེད་ན། །ལྟ་འདོད་སྒོམ་འདོད་མང་པོའི་འཚུབ་མ་ཡིས། །ཟང་ཐལ་གཉུག་མའི་རང་ཞལ་བསྒྲིབས་ནས་སླར། །བཅོས་ཤིང་བཅོས་ཤིང་གོལ་སའི་གཡང་ལ་འཕེན། །དེ་ཕྱིར་རེ་དོགས་འཛིན་བྲལ་གེགས་སེལ་གནད། །རང་སེམས་བླ་མར་ཤེས་པ་བོགས་འདོན་མཆོག །རང་གྲོལ་གཉེན་པོ་མེད་ན་རྣལ་མའི་དོན། །བློ་བྲལ་གཤིས་ལ་ཕེབས་ན་ངེས་དོན་ལགས། །རྗེས་ཐོབ་དམིགས་མེད་སྙིང་རྗེའི་ཀུན་སློང་གིས། །སྤྱོད་ཡུལ་རྣམ་དག་དགེ་ཚོགས་རླབས་པོ་ཆེར། །བརྩོན་གང་རྒྱལ་བ་དགྱེས་པའི་ལམ་ཡིན་པས། །དགེ་བའི་གྲོགས་ཁྱེད་དེ་ལྟར་མཛད་པར་རིགས། །དེ་སྐད་རང་ལ་མེད་པའི་ཟོབ་གཏམ་འདིས། །གཞན་ལ་ཕན་པའི་རེ་བ་མ་མཆིས་མོད། །བྱ་བྲལ་དམ་པའི་བཀའ་ལན་མི་ལྡོག་ཙམ། །བན་ཆུང་འགྱུར་མེད་པདྨ་རྣམ་རྒྱལ་གྱིས། །བྲིས་འདིས་རང་གཞན་ཤེས་རྒྱུད་གྲོལ་གྱུར་ཅིག །


previousབྱ་བྲལ་དམ་པའི་བཀའ་ལན་མི་ལྡོག་ཙམ། next