Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
ཀུན་མཁྱེན་འཇམ་དཔལ་དགྱེས་པའི་སྤྱན་སྔར་རང་གི་གོ་ཚུལ་མདོ་ཙམ་ཕུལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀུན་མཁྱེན་འཇམ་དཔལ་དགྱེས་པའི་སྤྱན་སྔར་རང་གི་གོ་ཚུལ་མདོ་ཙམ་ཕུལ་བ། next

ཀུན་མཁྱེན་འཇམ་དཔལ་དགྱེས་པའི་སྤྱན་སྔར་རང་གི་གོ་ཚུལ་མདོ་ཙམ་ཕུལ་བ།

༄༅། །ཀུན་མཁྱེན་འཇམ་དཔལ་དགྱེས་པའི་སྤྱན་སྔར་རང་གི་གོ་ཚུལ་མདོ་ཙམ་ཕུལ་བ། བླ་མ་ལ་ཕྱག་འཚལ་ལོ། །གདོད་ནས་བྲི་གང་བྲལ་བའི་བྱང་ཆུབ་སེམས། །འགྲོ་བ་རྣམས་ལ་ཡེ་ནས་རྟག་གནས་ཀྱང་། །མ་རིག་འཛིན་པས་སྲིད་པ་འདིར་འཁྱམས་ཏེ། །མེད་སྣང་འཁྲུལ་བའི་ཐང་ལ་འོ་བརྒྱལ་བྱས། །རྨི་ལམ་ལྟ་བུས་འགྲོ་ཀུན་ཉམ་རེ་ཐག །དེ་ཕྱིར་ལམ་སྟོན་དགེ་བའི་བཤེས་གཉེན་གྱི། །ཞལ་ལུང་མན་ངག་གདམས་པའི་བདུད་རྩིའི་བཅུད། །དད་གསུམ་སྙིང་ལ་འཐུང་བའི་སྐལ་བཟང་འདི། །ཐར་འདོད་ཡོངས་ལ་མེད་ཐབས་མེད་པར་གོ། ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་སེམས། །འདི་ཡོད་ཅི་བྱེད་ཡང་དག་ལམ་དུ་འགྲོ། །འདི་མེད་ཇི་ལྟར་བྱས་ཀྱང་འཁོར་བ་པ། །བསླབ་སྡོམ་ཀུན་གྱི་ཡང་སྙིང་འདི་ཁོ་ན། །ལམ་གྱི་སྲོག་ཏུ་མེད་ཐབས་མེད་པར་གོ། རྒྱལ་བའི་ཆོས་ཚུལ་འཁོར་ལོ་བར་ཐ་ཡི། །དགོངས་བཞེད་མཐར་ཐུག་རྫོགས་པ་ཆེན་པོའི་སྲོལ། །རིག་སྟོང་རིག་པའི་དབྱིངས་སུ་ཆོས་རྣམས་ཀུན། །ལྷུན་རྫོགས་འཕོ་འགྱུར་བྲལ་བའི་མཚན་ཉིད་གོ། བློ་བྲལ་གཉུག་མ་དོན་གྱི་རྒྱལ་ཁམས་ན། །ལྟ་སྒོམ་མཚན་མའི་གྲུབ་མཐའ་རང་སར་ཞིག །རང་བབས་རྣལ་མར་འཇོག་པའི་ཉམས་ལེན་ལ། །རྟོག་དཔྱོད་འཚོལ་འཕྲོ་མང་པོས་སྒྲིབ་པར་གོ། ཡོད་དང་མེད་པར་འཛིན་པ་ལྟ་བའི་མུ། །སྒོམ་དང་མི་སྒོམ་སེམས་འཛིན་དམིགས་པའི་འཕྲང་། །ཇི་ལྟར་ཞེན་ཡང་འཆིང་བའི་གཟེབ་ཡིན་ཕྱིར། །མ་བཅོས་གཉུག་མར་ཀློད་ན་བདེ་བར་གོ། མྱོང་ཞེན་ཅན་གྱི་བདེ་གསལ་མི་རྟོག་སོགས། །ཇི་ལྟར་ཤར་ཡང་ཉམས་ཀྱི་བསླུ་བྲིད་དེ། །དེ་ངོར་ཞེན་ན་ཁམས་གསུམ་འདུ་བྱེད་ཉིད། །འཕྲལ་བློར་མཚར་ཡང་ནམ་ཕུག་བསླུ་བར་གོ། གང་ཞིག་བལྟ་བྱ་རྟོག་བྱེད་རྟོགས་པ་གསུམ། །དབྱེར་མེད་ཉམས་མྱོང་ཞེན་པའི་རྩིས་བཏང་བས། །འདི་ཞེས་ཚིག་དང་བློ་ཡིས་མི་མཚོན་པའི། །ཆོས་ཉིད་གཤིས་སོན་ཉམས་ལེན་མཆོག་ཏུ་གོ། འདི་ནི་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི། །གདམས་པའི་ཡང་སྙིང་དགོངས་པའི་སྐྱེལ་སོ་སྟེ། །མཐར་ཐུག་ཐེག་གཅིག་འབྲས་བུའི་ཐུས་ཀ་ཆེ། །ཉམས་ལེན་གནད་གསང་འདི་ལས་མེད་པར་གོ། འོན་ཀྱང་ཇི་སྲིད་གཟུང་འཛིན་འཆིང་བའི་རྒྱ། །མ་ཞིག་བར་དུ་ཀུན་རྫོབ་ལས་ཡོད་པས། །ཡིད་ཆེས་བསྐྱེད་ལ་བླང་དོར་མ་འཆོལ་ངང་། །དབེན་པར་གཅིག་ཏུ་བསྒོམ་འདི་ཟབ་པར་གོ། བོགས་འདོན་རྒྱལ་པོ་བླ་མར་མོས་གུས་དང་། །ཉམས་ལེན་སྙིང་པོ་སྟོང་ཉིད་སྙིང་རྗེར་འབྲེལ། །སྤྱོད་ཡུལ་མཆོག་ཏུ་བདག་འཛིན་འདུལ་བ་འདིར། །ལམ་ཁྱེར་གནད་རྣམས་མ་འདུས་མེད་པར་གོ། དེ་ལྟར་མཚུངས་མེད་བླ་མའི་བཀའ་དྲིན་དང་། །ཅུང་ཟད་རང་གི་ནང་དུ་བརྟགས་པ་ཡིས། །ལེགས་པར་གོ་ཚུལ་ངག་གི་མཎྜལ་འདི། །འཁོར་ལོའི་མགོན་པོ་དགྱེས་པ་བསྐྱེད་ཕྱིར་འབུལ། །འདི་ནས་བཟུང་སྟེ་ཚེ་རབས་ཕྲེང་བ་རུ། །འབྲལ་མེད་རྗེས་བཟུང་ཐེག་མཆོག་བདུད་རྩི་ཡིས། །བློ་ཡི་བུམ་བཟང་ཡོངས་སུ་འགེང་མཛད་པའི། །བཀའ་དྲིན་མཆོག་གིས་སྐྱོང་བར་གསོལ་བ་འདེབས། །དེ་ལྟར་གསོལ་ལས་བྱུང་བའི་རྣམ་དཀར་མཐུས། །ངེས་གསང་སྙིང་པོའི་བསྟན་པའི་ཉི་མ་མཆོག །འགྲོ་བསོད་མཁའ་ལ་རྟག་པར་འཆར་བ་ཡིས། །འཁོར་བ་དོང་སྤྲུགས་བཀྲ་ཤིས་འབར་གྱུར་ཅིག །ཀུན་མཁྱེན་འཇམ་དཔལ་དགྱེས་པའི་སྤྱན་སྔར་རང་གི་གོ་ཚུལ་མདོ་ཙམ་ཕུལ་བའོ། །


previousཀུན་མཁྱེན་འཇམ་དཔལ་དགྱེས་པའི་སྤྱན་སྔར་རང་གི་གོ་ཚུལ་མདོ་ཙམ་ཕུལ་བ། next