Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱུད་གསུམ་དངོས་པོ་བཅུའི་དོན་གྱི་གནད་འགག་མདོ་ཙམ་གླུར་བླང་བ་གསང་བདག་དགྱེས་པའི་རོལ་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱུད་གསུམ་དངོས་པོ་བཅུའི་དོན་གྱི་གནད་འགག་མདོ་ཙམ་གླུར་བླང་བ་གསང་བདག་དགྱེས་པའི་རོལ་མོ། next

རྒྱུད་གསུམ་དངོས་པོ་བཅུའི་དོན་གྱི་གནད་འགག་མདོ་ཙམ་གླུར་བླང་བ་གསང་བདག་དགྱེས་པའི་རོལ་མོ།

༄༅། །རྒྱུད་གསུམ་དངོས་པོ་བཅུའི་དོན་གྱི་གནད་འགག་མདོ་ཙམ་གླུར་བླང་བ་གསང་བདག་དགྱེས་པའི་རོལ་མོ། ཨེ་ཡིག་སྐྱེ་མེད་སྟོང་ཆེན་རྡོ་རྗེ་ཡི་རང་མདངས། །ཝཾ་ཡིག་ཐབས་མཆོག་འགག་མེད་བསམ་འདས་ཀྱི་དཀྱིལ་འཁོར། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་ཕྱག་རྒྱ་རུ་བསྡོམས་མཛད། །རིགས་ཀུན་ཁྱབ་བདག་སྙིང་གི་པདྨོ་རུ་བཞུགས་ཤིག །སྙིང་དབུས་དྭངས་མ་ལྔ་འདུས་ཡུམ་ལྔ་ཡི་མཁའ་རུ། །རིག་སྟོང་མི་ཤིགས་ཐིག་ལེ་བྱེད་པོ་ནི་རྡོ་རྗེས། །ཚོགས་བརྒྱད་དག་པའི་འཁོར་ལ་རང་གྲོལ་གྱི་བརྡའ་ཆོས། །དུས་བཞི་མཉམ་ཉིད་ཀློང་དུ་བསྐོར་ཚུལ་འདི་ཨ་ཧོ། །གཞི་རྒྱུད་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་དཀྱིལ་འཁོར། །ལམ་རྒྱུད་ཐབས་གྲོལ་ཤེས་འཇུག་འབྱོར་པ་ཡི་གཟུང་གིས། །འབྲས་རྒྱུད་སྐུ་བཞིའི་རྒྱལ་ཐབས་རང་ཆས་སུ་ངོམ་པས། །འབྲེལ་ལ་མ་ཚང་མེད་པའི་རྒྱུད་དོན་འདི་ཟབ་བོ། །ཆོས་དབྱིངས་སྐྱེ་མེད་ཀློང་ནས་འགགས་མེད་ཀྱི་ཆོ་འཕྲུལ། །གང་ཤར་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར། །དག་པ་རབ་འབྱམས་ཆེན་པོའི་གནས་ཚུལ་ལ་ལྟོས་དང་། །མཚན་རྟོག་དབྱིངས་སུ་བསྡོམས་པའི་ལྟ་བ་འདི་མཐོའོ། །ཆོས་ཉིད་དོན་དམ་ཡངས་པའི་གཤིས་ལུགས་ཀྱི་མཁའ་ལ། །དགག་སྒྲུབ་སྨྲིག་རྒྱུའི་ཐག་པ་རང་ཡལ་དུ་དེངས་པའི། །རྗེས་ཐོབ་སྒྱུ་མའི་རོལ་རྩེད་བོགས་འབྱིན་གྱི་ཉེ་རྒྱུ། །གང་སྤྱོད་ཚོགས་སུ་འགྱུར་བའི་ཉེ་ལམ་འདི་བདེའོ། །དབྱིངས་ཡེ་ཟུང་འཇུག་བདེ་ཆེན་བྱང་སེམས་ཀྱི་རང་རྩལ། །སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་རྟོག་ཚོགས་ཀྱི་ཆོས་ཀུན། །ཡེ་ནས་གདན་གསུམ་ཚང་བའི་དཀྱིལ་འཁོར་ནི་ཆེན་པོར། །མ་བྲིས་ལྷུན་གྱིས་བཀྲ་བའི་གཟིགས་མོ་འདི་ཆེའོ། །གཞི་དབང་རྡོ་རྗེ་ལུས་ཀྱི་རྩ་རླུང་དང་ཐིག་སེམས། །ལམ་དབང་བུམ་གསང་ཤེར་ཡེ་དེ་མ་ནི་ཐག་པས། །འབྲས་དབང་སྐུ་བཞིར་སྨིན་བྱེད་གཏོར་བླུགས་ཀྱི་ཆུ་བོས། །གྲུབ་མཐའ་བཞི་ལ་སྦྱོར་བའི་ཟབ་ཁྱད་འདིས་འཚེང་ངོ། །སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པ། །ཡེ་ནས་རྡོ་རྗེ་གསུམ་དང་འབྲལ་མེད་དུ་འགྲོགས་པའི། །རང་བཞིན་ཡོངས་ཤེས་ལྟ་བའི་དམ་ཚིག་ལ་གནས་ན། །འདའ་ཉམས་ཤོར་བ་མེད་པའི་བསྲུང་མཚམས་འདི་ཡངས་སོ། །ཟབ་གསལ་རྣམ་པར་མི་རྟོག་ཡེ་ཤེས་ཀྱི་མཁའ་ལ། །ཚད་མེད་སྙིང་རྗེས་དྲངས་པའི་ཀུན་ཕན་གྱི་ཕྲིན་ལས། །རྫས་སྔགས་དམིགས་པའི་འཕྲུལ་གྱིས་ལས་བཞི་དང་གྲུབ་བརྒྱད། །གང་འདོད་འདོད་དགུར་བསྒྱུར་བའི་མྱུར་ཁྱད་འདི་མཚར་རོ། །སྟོང་ཆེན་སྒྱུ་མའི་རང་མདངས་ཕྱག་རྒྱ་ནི་གཅིག་པ། །ཕྲ་རགས་སྤྲོས་པའི་ཚོགས་སྤྱོད་སྒྲུབ་པ་ནི་ཆེན་པོས། །སློབ་པའི་རིག་འཛིན་བཞི་དང་མི་སློབ་ཀྱི་ཟུང་འཇུག །གྲུབ་གཉིས་ཡིད་བཞིན་འཇོ་བའི་ཉེ་ཁྱད་འདི་འཕགས་སོ། །སྐྱེ་བཞིའི་བག་ཆགས་ཚང་ཚིང་སྟུག་པོ་ཡི་ཕྲེང་བ། །ཟ་བྱེད་ཀུན་བརྟགས་བསྐྱེད་པའི་མེ་ཆེན་དང་འགྲོགས་ནས། །ཡོངས་གྲུབ་རྫོགས་རིམ་མཐུ་ཡིས་འཕོ་བཅས་ཀྱི་དྲྭ་བ། །འཕོ་མེད་དབྱིངས་སུ་བསྡོམས་པའི་ཏིང་འཛིན་ཞིག་གོམས་འཚལ། །ཚོགས་དྲུག་རང་གྲོལ་ཡུལ་གྱི་བདུད་རྩི་ལ་སྤྱོད་བཞིན། །ཨ་ཧཾ་འབར་འཛག་ཞུ་བདེས་དགའ་བཞི་ཡི་འགྲོས་ཐིམ། །དུས་སྦྱོར་གནས་སུ་དག་པའི་མཆོད་པ་ནི་ཆེན་པོས། །རང་རིག་གདོད་མའི་མགོན་པོ་དགྱེས་བསྐྱེད་ལ་རྩོན་ཅིག །རྟོག་ཚོགས་དག་མཉམ་ཆེན་པོའི་ཡེ་རྒྱ་ཡིས་ཐེབས་པས། །འགྲོ་འོང་སྲོག་དང་རྩོལ་བ་གསང་སྔགས་ཀྱི་རོལ་མོ། །བསྒུལ་བསིགས་བསྐྱོད་པའི་འདུ་འཕྲོ་ཕྱག་རྒྱ་ཡི་རོལ་རྩེད། །ཡིད་སྐྱོབ་ཐབས་ཀྱི་ཆེ་བའི་དགའ་སྟོན་ལ་རོལ་མཛོད། །དེ་སྐད་སྔགས་སྤྱོད་གསར་བུ་རྡོ་རྗེ་ནི་དབང་མཆོག །རླུང་སེམས་དྭངས་པའི་འཆར་སྒོ་གང་ཤར་གྱི་གླུ་ཕྲེང་། །བདེ་ཆེན་འོད་གསལ་སྦུག་གི་བྲག་སྐྱིབས་ནས་བླངས་སོ། །གདོད་མའི་གྲུབ་མཐའ་སྙོགས་པའི་སྨོན་ལམ་འདྲ་ཞུའོ། །


previousརྒྱུད་གསུམ་དངོས་པོ་བཅུའི་དོན་གྱི་གནད་འགག་མདོ་ཙམ་གླུར་བླང་བ་གསང་བདག་དགྱེས་པའི་རོལ་མོ། next