Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀུན་མཁྱེན་བླ་མའི་མཚན་གྱི་དོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀུན་མཁྱེན་བླ་མའི་མཚན་གྱི་དོན། next

ཀུན་མཁྱེན་བླ་མའི་མཚན་གྱི་དོན།

༄༅། །ཀུན་མཁྱེན་བླ་མའི་མཚན་གྱི་དོན། བླ་མ་ལ་ཕྱག་འཚལ་ལོ། །གདོད་མའི་ཤེས་པ་འཁོར་འདས་ཀུན་གྱི་གཞི། །མཐའ་དབུས་ཕྱོགས་འཛིན་བློ་བྲལ་གཉུག་མའི་བབས། །རང་གསལ་མི་གཡོ་ཡེ་ཤེས་ཆེན་པོའི་ངང་། །ཀློང་ཆེན་རབ་འབྱམས་ལྟ་བའི་རྒྱལ་པོ་ཡིན། །ཚིག་གིས་མི་མཚོན་རང་རིག་བྱང་ཆུབ་སེམས། །ངང་དྭངས་མི་གཡོ་འོད་གསལ་ཆེན་པོའི་གདངས། །བྱིང་རྒོད་རྟོག་བྲལ་རྒྱ་ཡན་ཅོག་བཞག་ངང་། །ཀློང་གསལ་དྲི་མེད་སྒོམ་པའི་རྒྱལ་པོ་ཡིན། །སྣང་སེམས་ཆོས་ཉིད་རོལ་པ་ཅི་ཤར་ཡང་། །དགག་སྒྲུབ་ཞེན་པས་མ་བཅིངས་ཅེར་བཞག་ཀློང་། །གང་ཤར་རང་གྲོལ་ཆུ་རླབས་ཕན་གནོད་བྲལ། །སྣ་ཚོགས་རང་གྲོལ་སྤྱོད་པའི་རྒྱལ་པོ་ཡིན། །སེམས་ཀྱི་གོས་བྲལ་རིག་སྟོང་རྫོགས་པ་ཆེ། །རེ་དོགས་ཞེན་འཛིན་བློ་ཡིས་མ་བསླད་པའི། །ཀློང་ཡངས་ཕྱམ་བདལ་ཀ་དག་གཉུག་མའི་གཤིས། །དྲི་མེད་འོད་ཟེར་འབྲས་བུའི་རྒྱལ་པོ་ཡིན། །དེ་ལྟར་ཀུན་མཁྱེན་བླ་མའི་མཚན་གྱི་དོན། །ལྟ་སྒོམ་སྤྱོད་འབྲས་སྙིང་པོ་གསལ་བའི་ཚུལ། །འདུ་གསུམ་སྤྱོད་པ་པདྨ་བི་ཛ་ཡས། །བདེ་ཆེན་འོད་གསལ་ཕུག་ཏུ་བྲིས་པ་དགེ། །


previousཀུན་མཁྱེན་བླ་མའི་མཚན་གྱི་དོན། next