Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རང་རྩལ་སྒོམ་བྱུང་དོ་ཧའི་འགྱུར་དབྱངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརང་རྩལ་སྒོམ་བྱུང་དོ་ཧའི་འགྱུར་དབྱངས། next

རང་རྩལ་སྒོམ་བྱུང་དོ་ཧའི་འགྱུར་དབྱངས།

༄༅། །རང་རྩལ་སྒོམ་བྱུང་དོ་ཧའི་འགྱུར་དབྱངས། ན་མོ་གུ་རུ། འདི་ལྟར་སྣང་བཏགས་སྲིད་ཞིའི་ཆོས་སོ་ཅོག །རིག་པ་བྱང་ཆུབ་སེམས་ཀྱི་རང་རྩལ་ཏེ། །མ་བརྟགས་ཉམས་དགའ་བརྟགས་ན་ངོ་བོས་སྟོང་། །སྒྱུ་མས་སྤྲུལ་པའི་གྲོང་ཁྱེར་བཀོད་རེ་ལེགས། །འཛིན་མཁན་རང་གི་སེམས་ལ་ཚུར་བལྟས་པས། །སྐྱེས་ཙམ་ཉིད་ནས་སྐྱེ་འགག་མཚན་མ་བྲལ། །མཐའ་བརྒྱད་སྤྲོས་པའི་མུན་ཚོགས་དབྱིངས་སུ་སངས། །ཡེ་ཤེས་རང་གསལ་དགོངས་པ་རྒྱ་རེ་ཆེ། །ཐམས་ཅད་ལྷུན་མཉམ་རྫོགས་པ་ཆེན་པོའི་ཀློང་། །གཉིས་ཆོས་གྲུབ་མཐའི་ཞེན་པ་རང་སར་ཞིག །ཀ་དག་ཕྱམས་བརྡལ་ཆེན་པོའི་གཤིས་ལུགས་ལ། །སྡིག་སོགས་སྤང་བྱའི་མཚན་མ་ཡེ་ནས་དབེན། །ཇི་ལྟར་མཁའ་ལ་ཚོན་གྱི་རི་མོ་བཞིན། །སྒྲིབ་པའི་དྲི་མ་འགའ་ཡང་མ་ཆགས་སོ། །རང་བཞིན་ལྷུན་གྲུབ་འོད་གསལ་སྙིང་པོའི་ཀློང་། །སྐུ་དང་ཡེ་ཤེས་རྣམ་གྲོལ་ཆོས་ཀུན་རྫོགས། །གདོད་ནས་རྣམ་དག་རྡོ་རྗེ་སྙིང་པོའི་གདུང་། །ཚོགས་ཆེན་ཡེ་རྫོགས་མ་བྱས་ཆོས་ཉིད་མཚར། །རྩོལ་མེད་རང་བབས་འོད་གསལ་སྙིང་པོའི་མཁར། །དམིགས་མེད་སྙིང་རྗེའི་ཉི་འོད་འབུམ་བརྡལ་བས། །དོན་གཉིས་ཕན་བདེའི་ཨུཏྤལ་བཞད་པའི་གཉེན། །ཟག་མེད་དགེ་ཚོགས་རྒྱུན་མི་འཆད་ལ་སྤྱོད། །གཞི་གནས་རིག་པ་སྐུ་གསུམ་འབྲལ་མེད་ཀློང་། །གཞོན་ནུ་བུམ་པའི་རང་མདངས་འགགས་མེད་ཟེར། །གནད་གསུམ་ཆོས་ཉིད་འཁོར་ལོའི་གསེང་ལམ་ནས། །སྒྲོན་དྲུག་སྣང་བཞིའི་ཡེ་ཤེས་ལམ་བསླངས་པས། །ལས་རླུང་རང་དག་ཡེ་རླུང་སྟོབས་གྱུར་ཚེ། །རིག་རྩལ་རླུང་གི་རྟས་བསྐྱོད་འཁྲུལ་བའི་སེམས། །མ་རིག་གཟུང་འཛིན་ཀུན་རྟོག་བརྒྱད་ཁྲིའི་དཔུང་། །རང་དག་སེམས་འགགས་སྐུ་ཡིས་མངོན་མཛད་པའི། །སེམས་འདུལ་འདི་མཚུངས་ཐེག་དམན་སུ་ཡིས་ཤེས། །དེ་སླད་ཐུབ་པ་མཆོག་གི་ཞལ་ནས་ཀྱང་། །སྡིག་པ་མི་བྱ་དགེ་བ་ཕུན་ཚོགས་སྒྲུབ། །རང་སེམས་འདུལ་བ་སངས་རྒྱས་བསྟན་པར་གསུང་། །དེ་ཕྱིར་འཁྲུལ་མེད་རྒྱལ་བའི་བསྟན་པ་ལ། །མི་འཕྲོག་གུས་ལྡན་དོན་ལ་རྟོན་འདུན་རྣམས། །ཨ་ཏི་གསང་བའི་མན་ངག་འདིར་ཞུགས་ནས། །རང་གནད་མངོན་སུམ་ལམ་ལ་གོམས་མཛོད་ཀྱེ། །དེ་སྐད་བདེ་ཆེན་འོད་གསལ་ཕུག་པ་ནས། །བླུན་འཁྱལ་པདྨ་རྣམ་རྒྱལ་ཡིད་ཀྱི་མཁར་། །རྣམ་རྟོག་འཚུབ་མ་ལང་ཚེ་བྲིས་པ་འདི། །ནོངས་ན་མཁས་པ་རྣམས་ལ་བཟོད་པར་གསོལ། །འདུ་འཛིའི་གཡེང་རྐྱེན་བྲལ་བའི་ནགས་ཁྲོད་མཆོག །ཐབས་ཤེས་རི་དྭགས་ཁྱོ་ཤུག་རྩེ་བའི་གནས། །ཏིང་འཛིན་མི་གཡོ་བྲག་རིའི་བ་གམ་ཆེར། །རྩེ་གཅིག་ཟབ་མོའི་རྣལ་འབྱོར་སྒོམ་པར་ཤོག །བུང་བ་པདྨའི་ཚལ་ན་གཡོ་བ་ལྟར། །ཟབ་གསང་རྟོགས་པའི་བདུད་རྩིས་ཆེས་མྱོས་པའི། །རང་རྩལ་སྒོམ་བྱུང་དོ་ཧའི་འགྱུར་དབྱངས་ཀྱིས། །མཆོག་བསྟན་དབྱར་མཚོ་མཛེས་པའི་བཀྲ་ཤིས་ཤོག །
༈ གདོད་ནས་རྣམ་དག་བྱང་ཆུབ་སེམས་ཀྱི་ཁམས། །སྐྱེ་འགག་སྤྲོས་པའི་མཚན་མ་རིང་འདས་ཀྱང་། །གང་འདུལ་འགྲོ་ངོར་མཚན་དཔེ་འབར་བའི་སྐུར། །ཡོངས་ཤར་འཆི་མེད་ཚེ་ཡི་ལྷ་ལ་འདུད། །གཟུགས་འཛིན་མཚན་མའི་སྤྲོས་པ་ཉེར་ཞི་ཡང་། །ལྷུན་གྲུབ་རང་གསལ་ཐིམ་ལ་མ་རྨུགས་སྐུ། །གཞོན་ནུ་བུམ་པ་ཆོས་དབྱིངས་འདུས་མ་བྱས། །དོན་དམ་དངོས་པོ་གཤིས་ཀྱི་གནས་ལུགས་རྨད། །རྟོགས་འཁྲུལ་སྔགས་ཀྱིས་བསླད་པའི་གཉིས་སྣང་གཟུགས། །དག་དང་མ་དག་སྣ་ཚོགས་བཀོད་པའི་སྤྲིན། །རང་བྱུང་རང་ཐིམ་གཤིས་ལ་ཕན་གནོད་བྲལ། །བདེ་མཆོག་བདེ་བའི་གར་མཁན་ཨེ་མ་རྨད། །ཡོད་པར་རློམ་པ་རྟག་པའི་རང་བཞིན་ཏེ། །མེད་པར་འཛིན་པ་ཆད་པའི་མཐར་ཐུག་ཉིད། །གཉིས་དང་གཉིས་མིན་ཕྱོགས་ཆ་མཐའ་དབུས་བྲལ། །དོན་དམ་དངོས་པོའི་གནས་ལུགས་འདི་རྨད་བྱུང་། །ཆོས་ཉིད་དོན་ལ་དམིགས་བསམ་མི་འདུག་ན། །གང་ལྟར་འཛིན་ཡང་ལྟ་བའི་གོལ་ས་ཉིད། །འཛིན་མེད་རང་གྲོལ་བཞི་པའི་ཡེ་ཤེས་མཆོག །རང་བཞག་ངང་སྒོམ་ཤེས་པའི་རྣལ་འབྱོར་བདེ། །གང་གིས་གང་བཅིངས་སུ་ཞིག་གང་དུ་འཁོར། །ནམ་མཁའི་ཞགས་པས་སྐྱེ་དགུ་འཆིང་གྱུར་རམ། །སྨྲིག་རྒྱུའི་ཆུ་དེད་ཐག་པ་སྦྲུལ་འཁྲུལ་བཞིན། །བཅོས་ཤིང་བཅོས་ཤིང་རྣལ་མའི་དོན་ལ་སྒྲིབ། །སྒོམ་དང་མི་བསྒོམ་གཉིས་ཀྱང་མཐའ་ཡིན་ཏེ། །ཡང་དག་དོན་ལ་བསྒོམ་བྱ་སྒོམ་བྱེད་ཅི། །བྱར་མེད་རང་བབས་རྫོགས་པ་ཆེན་པོའི་ཚུལ། །རྒྱུ་མཚན་ཤེས་པས་གནད་ཀུན་གྲོལ་གྱུར་མཚར། །བདེ་སྡུག་སེམས་ཀྱི་འཆར་སྒོ་ཇི་སྙེད་པ། །རང་ཤར་རང་གྲོལ་གཤིས་ལ་ཕན་གནོད་བྲལ། །སྦྲུལ་གྱི་མདུད་པ་ཆུ་ཡི་རི་མོ་བཞིན། །རང་ཡལ་རྗེས་མེད་མཁར་བཞིན་ཆགས་པ་མེད། །ཐོག་མར་སྐྱེ་མེད་བར་གྱི་གནས་པ་བྲལ། །ཐ་མ་འགག་མེད་དོན་གྱི་ཚེ་མཐའ་ཡས་། །མངོན་གྱུར་གདོད་མའི་ས་ལ་ལུས་ཅན་འགྲོ། །འུབ་ཆུབ་རྟག་པ་དམ་པའི་བཀྲ་ཤིས་ཤོག །


previousརང་རྩལ་སྒོམ་བྱུང་དོ་ཧའི་འགྱུར་དབྱངས། next