Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱོགས་རེར་ཞེན་ནས་རང་སྟོང་གཞན་སྟོང་གི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱོགས་རེར་ཞེན་ནས་རང་སྟོང་གཞན་སྟོང་གི། next

ཕྱོགས་རེར་ཞེན་ནས་རང་སྟོང་གཞན་སྟོང་གི།

༄༅། །ཕྱོགས་རེར་ཞེན་ནས་རང་སྟོང་གཞན་སྟོང་གི། བླ་མ་ལ་ཕྱག་འཚལ་ལོ། །རྒྱལ་བས་འཁོར་ལོ་བར་པའི་དངོས་བསྟན་དུ། །གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་མཐའ་དག །སྟོང་ཞིང་བདག་མེད་སྤྲོས་མཐའ་བྲལ་བའི་དབྱིངས། །གནས་ལུགས་རྣམ་ཐར་གསུམ་ལྡན་ངོ་བོར་བསྟན། །འདི་ནི་ངེད་ཅག་རྫོགས་པ་ཆེན་པོ་ཡི། །ངོ་བོ་ཀ་དག་ཡེ་ཤེས་དབྱིངས་སུ་རྫོགས། །ཡེ་གྲོལ་སོར་བཞག་དགོངས་པའི་ཉམས་ལེན་གྱིས། །བློས་བྱས་ཡིད་དཔྱོད་ཙམ་ལ་མི་རེ་བའི། །མངོན་སུམ་ལམ་བྱེད་ཐེག་པ་ཀུན་གྱི་རྩེ། །འཁོར་ལོ་ཐ་མར་བདེ་གཤེགས་སྙིང་པོའི་ཁམས། །རྣམ་བྱང་ཆོས་ཀུན་ཡེ་ནས་ཉི་མཁའ་བཞིན། །འགྲོ་ལ་གནས་ཀྱང་ཁམས་ཀྱི་སྒྲིབ་པ་ཡིས། །ཡོན་ཏན་མི་མངོན་འཁྲུལ་བའི་སྦུབས་སུ་ཆུད། །དེ་ལྟར་ན་ཡང་རང་གི་ངོ་བོ་ལ། །འཕེལ་འགྲིབ་མི་མངའ་བུམ་ནང་མར་མེའི་ཚུལ། །ལེགས་པར་བཀའ་སྩལ་བྱམས་འཇམ་ཀླུ་དབང་སོགས། །ཤིང་རྟ་ཆེ་རྣམས་ལེགས་པར་བཀྲལ་པའི་བཅུད། །རང་བཞིན་ལྷུན་གྲུབ་ཡེ་ཤེས་དབྱིངས་སུ་རྫོགས། །གྲངས་མེད་དུ་མར་ཚོགས་གཉིས་གོམས་པའི་མཐུས། །ཁམས་ཀྱི་སྒྲིབ་པ་བྲལ་ལས་རིགས་ཁམས་ཀྱི། །ཡོན་ཏན་ཕྱི་དུས་མངོན་རེར་ལྟོས་མིན་པར། །གནད་གསུམ་ཆོས་ཉིད་འཁོར་ལོའི་མན་ངག་གིས། །ད་ལྟ་ཉིད་ནས་སྣང་བཞིའི་ཡེ་ཤེས་མཆོག །མངོན་བྱེད་རྡོ་རྗེ་རྩེ་མོའི་ཉེ་ལམ་རྨད། །ཁ་ཅིག་འཁོར་ལོ་བར་ཐའི་དགོངས་པ་དང་། །གསང་ཆེན་རྒྱུད་སྡེའི་དགོངས་པ་འགྲེལ་ཚུལ་ལ། །ཕྱོགས་རེར་ཞེན་ནས་རང་སྟོང་གཞན་སྟོང་གི། །གྲུབ་མཐའི་རྩོད་པས་མགོ་ཡུ་འཁོར་ནའང་། །བློ་བྲལ་ཆོས་ཉིད་གཉུག་མའི་རྒྱལ་ཁམས་ན། །ཐ་སྙད་གྲུབ་མཐའི་རི་མོ་དབྱིངས་སུ་ཡལ། །ཡེ་ཤེས་ཡངས་པའི་སྤྱོད་ཡུལ་བསམ་མི་ཁྱབ། །འདི་ནི་འབྲས་བུའི་ཐེག་གཅིག་ཐེག་ཀུན་རྩེ། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །དེ་ཕྱིར་ཕྱོགས་ལྷུང་དྲི་མས་མ་སྦགས་པར། །ཐེག་མཆོག་རྒྱལ་པོའི་ལམ་འདིར་ཞུགས་ཤིག་དང་། །རང་གནད་མངོན་སུམ་སྟོན་པའི་ཁྱད་ཆོས་ཀྱིས། །ཚེ་གཅིག་གདོད་མའི་རྒྱལ་སར་སྙེགས་པར་ངེས། །
༈ ཟབ་ཞི་སྦྲོས་པ་བྲལ་བའི་དབྱིངས། །འོད་གསལ་འདུས་མ་བྱས་པ་ཡི། །དོན་དམ་རྫོགས་པ་ཆེན་པོ་ལ། །བཏུད་ནས་བྱུང་རྒྱལ་གཏམ་འདི་སྒྲོགས། །རྒྱལ་བས་འཁོར་ལོ་བར་པ་རུ། །གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས། །སྟོང་ཞིང་བདག་མེད་སྤྲོས་བྲལ་བ། །རྣམ་ཐར་སྒོ་གསུམ་ཚུལ་གྱིས་བསྟན། །ཐ་མར་བདེ་གཤེགས་སྙིང་པོའི་ཁམས། །སྟོབས་སོགས་རྣམ་བྱང་ཆོས་རྣམས་ཀུན། །འགྲོ་ལ་ཡེ་ནས་གནས་པའི་ཚུལ། །ཕྱིར་མི་ལྡོག་པའི་འཁོར་ལོར་བསྐོར། །སྔ་མས་ངོ་བོ་ཀ་དག་གི། །སྤྲོས་བྲལ་ཡེ་ཤེས་གཏན་ལ་ཕབ། །ཕྱི་མས་རང་བཞིན་ལྷུན་གྲུབ་ཀྱི། །ཡེ་ཤེས་ཆེན་པོ་གསལ་བར་བྱས། །དེ་གཉིས་དབྱེར་མེད་ངོ་བོ་གཅིག །རྫོགས་པ་ཆེན་པོའི་གྲུབ་མཐའ་སྟེ། །མཐའ་བརྒྱད་སྤྲོས་པའི་དྲྭ་བ་འབུམ། །ཐལ་འགྱུར་རིགས་པའི་མཚོན་རྣོན་གྱིས། །བཀྲལ་ལས་ཁས་ལེན་མ་གྲུབ་པའི། །སྟོང་འཛིན་ཙམ་ལས་རིང་འདས་ཏེ། །སེམས་དང་སེམས་བྱུང་རྙོག་མ་ཡིས། །མ་བསླད་ཡེ་གྲོལ་ཀ་དག་གཤིས། །ཡེ་ནས་མ་བཅིངས་མ་བཀྲོལ་བའི། །རིག་པ་ཆོས་ཟད་ཟད་ཀ་མ། །ཅོག་བཞག་བཞི་ཡི་མན་ངག་གིས། །མངོན་སུམ་ལམ་བྱེད་ཁྱད་པར་འཕགས། །ཀུན་བརྟགས་གཞན་དབང་འཁྲུལ་པ་ཡི། །དྲི་མ་རིམ་བཞིན་སྦྱོང་སྟོབས་ཀྱིས། །ཁམས་ཀྱི་ཡོན་ཏན་ཇི་ཞིག་ན། །མངོན་ལ་ཕྱི་དུས་རེ་མིན་པར། །སྒོ་ཡུལ་རླུང་གི་གནད་བཅུན་པས། །ཡིན་ལུགས་སྒྲོན་བཞིའི་གསེང་ལམ་ནས། །སྣང་བཞིའི་ཡེ་ཤེས་ད་ལྟ་རུ། །མངོན་བྱེད་མན་ངག་ཁྱད་པར་འཕགས། །དེ་སླད་རྫོགས་པ་ཆེན་པོ་ནི། །ཐེག་མཆོག་ལམ་སྲོལ་ཟླ་མེད་ཕུལ། །སྐལ་བ་མཆོག་གི་སྤྱོད་ཡུལ་ཏེ། །ལམ་འདིར་ཞུགས་རྣམས་སྐལ་བ་བཟང་། །དེ་ཕྱིར་བློས་བྱས་གྲུབ་མཐའ་ཡི། །ཡིད་དཔྱོད་ལམ་ལ་མ་སྨོན་པར། །བློ་བྲལ་གཉུག་མའི་གསེང་ལམ་ནས། །ཡེ་ཤེས་རྒྱལ་ཁམས་སྙེགས་པར་མཛོད། །
༈ ཡོད་པར་འཛིན་དང་མེད་པར་འཛིན། །རྟག་པར་འཛིན་དང་ཆད་པར་འཛིན། །དེ་ཀུན་བློ་ཡི་དཔྱོད་ཡུལ་ཏེ། །དོན་དམ་བློ་ཡི་ཡུལ་མི་གནས། །བློ་བྲལ་ངང་དུ་ཅི་བདེར་ཉོལ། །དབུ་མ་ཕྱག་རྒྱ་རྫོགས་པ་ཆེ། །ལམ་འབྲས་ཞི་བྱེད་གཅོད་ཡུལ་སོགས། །གྲུབ་མཐའི་ཆོས་སྐད་ཆེས་མང་ཡང་། །རང་སེམས་གཏན་ལ་འབེབས་པར་གཅིག །སེམས་ཀྱི་སེམས་ཉིད་བརྗོད་དུ་མེད། །ལྐུགས་པས་བུ་རམ་མྱོང་བ་བཞིན། །བརྗོད་མེད་ངང་དུ་མཉམ་པར་ཞོག །ཞོག་ཅེས་བྱ་བ་ཚིག་ཡིན་ཏེ། །ཚིག་གི་སྤྲོས་པ་བོར་ལ་ཐོངས། །ད་ལྟའི་ཐ་མལ་ཤེས་པ་འདི། །བློ་འདས་ཆོས་སྐུར་ལྷུན་གྱིས་གྲུབ། །བརྟག་དཔྱད་བྱེད་པ་གོ་ཡུལ་ཡིན། །གོ་ཡུལ་ཚིག་གི་ཕན་པ་མེད། ཆོས་ཉིད་ངང་དུ་ཅི་བདེར་ཉོལ། །དེ་སྐད་རྣལ་འབྱོར་སྨྱོན་པའི་ཚིག །མ་བཅོས་ཐོལ་བྱུང་གླུ་རུ་གདམས། །དགེ་བས་འགྲོ་ཀུན་ཡོངས་གྲོལ་ཤོག །
༈ གདོད་ནས་རྣམ་དག་ཡེ་གྲོལ་གཉུག་མའི་གཤིས། །ལྟ་སྒོམ་སྤྱོད་པའི་ཞེན་པས་མ་བསླད་པའི། །རབ་དྭངས་མི་གཡོ་འོད་གསལ་ཆེན་པོའི་གདངས། །རང་བབས་སྐྱོང་བའི་ཉམས་ལེན་ཡེངས་མེད་འབུངས། །རྒྱལ་དགོངས་མཐར་ཐུག་ངེས་དོན་སྙིང་པོའི་བཅུད། །མཁས་གྲུབ་བྱེ་བའི་གཤེགས་ཤུལ་ཟླ་མེད་པ། །སྒྲུབ་བརྒྱུད་ཆེ་བརྒྱད་རིང་ལུགས་ཉིན་མོར་བྱེད། །སྲིད་མཐའི་བར་དུ་མི་ཉམས་དར་གྱུར་ཅིག །


previousཕྱོགས་རེར་ཞེན་ནས་རང་སྟོང་གཞན་སྟོང་གི། next