Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉུང་གསལ་གཏམ་འདི་ཐུགས་དབུས་སུ་བཅང་འོས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཉུང་གསལ་གཏམ་འདི་ཐུགས་དབུས་སུ་བཅང་འོས། next

ཉུང་གསལ་གཏམ་འདི་ཐུགས་དབུས་སུ་བཅང་འོས།

༄༅། །ཉུང་གསལ་གཏམ་འདི་ཐུགས་དབུས་སུ་བཅང་འོས། ན་མོ་གུ་རུ་རཏྣ་ཏྲ་ཡ་ཡ། བྲལ་ཐོབ་སྨིན་པའི་ཡོན་ཏན་རྒྱལ་རྣམས་དང་མཉམ་ཡང་། །བཀའ་དྲིན་སངས་རྒྱས་ལས་ལྷག་འཇམ་མགོན་གྱི་ཞལ་སྐྱིན། །འབྲལ་མེད་སྙིང་དབུས་དད་པའི་པདྨོ་རུ་བཀོད་ནས། །ཕན་སེམས་གཏིང་ནས་དཀར་བའི་མཆིད་གྲོས་འདི་འབུལ་ལོ། །སྙན་ཚིག་བྱིས་པ་འདྲིད་པའི་དབང་གཞུ་ཡི་རི་མོ། །ཟོལ་བསྟོད་ཚོན་མདོག་ལེགས་པའི་གྱ་གྱུར་ཡི་བཀོད་པ། །དགྱེས་པའི་སྤྱན་རས་བཙའ་བའི་འབབས་སྟེགས་སུ་ཆེ་མོད། །ཁེ་ཉེན་འདམ་ཀ་ཤེས་ན་ཆུ་ཤིང་གི་སྙིང་པོ། །སོས་དལ་ཉེ་རིང་འཕུལ་བའི་སོར་མོ་ཡི་ཟློས་གར། །འབྲེལ་མེད་བྲག་ཅའི་རོལ་མོ་བརྒྱ་ཕྲག་དུ་བསྒྲགས་ཀྱང་། །ཉམས་ཕན་སྨིག་རྒྱུའི་བཏུང་བའི་སྤུན་ཟླ་དེས་ཅི་བྱེད། །དེ་བས་ཉུང་གསལ་གཏམ་འདི་ཐུགས་དབུས་སུ་བཅང་འོས། །བླ་མ་མཆེད་གྲོགས་འདུས་པའི་ཆོས་གྲྭ་ལས་ལྷག་པའི། །ཟ་འདུས་གསར་འགྲོགས་ཆེ་བའི་བཙུན་གྲོགས་ཀྱི་ཞལ་རས། །ཡུད་ཙམ་བལྟ་ལ་གེགས་བྱེད་མིག་ལྕིབ་ལ་རྒོལ་ཡང་། །ནམ་ཕུག་མི་འབྲལ་འགྲོགས་པའི་ཁྱད་ཆོས་ཤིག་ཡོད་དམ། །གཏན་དུ་མི་བསླུ་དམ་ཆོས་བདུད་རྩི་ཡི་སྨན་གྱིས། །མཚོན་མིན་ངོ་བསྟོད་ཆེ་བའི་གསང་ཚིག་གི་མཆིད་གྲོས། །འགྱུར་མེད་རྡོ་ཡི་རི་མོར་ཧ་ཅང་ནི་བརླིང་དྲགས། །རི་སྐྱེས་གླིང་བུས་དྲང་པའི་དཔེར་སོན་ཞིག་འོང་ཐང་། །བསླབ་གསུམ་ཡོན་ཏན་བཟང་པོའི་མཛོད་ཁང་ཞིག་མེད་ཕྱིན། །མིང་སྙན་ཆེན་པོར་བཏགས་པའི་ཨོ་ཟོབ་ཀྱི་ཡོས་སྙི། །ཆོས་བརྒྱད་མགོ་འཕང་མཐོ་བའི་རྩེ་གར་ལ་ཡེང་ཡེང་། །ནམ་ཕུག་སྟོན་རྒྱགས་དབུལ་བའི་ངང་ཚུལ་དེ་ཨེ་གཟིགས། །མང་མང་འཁོར་གྱིས་འགུར་བའི་གཟི་བྱིན་གྱིས་མྱོས་ནས། །ཡིན་ཡིན་སྣང་བ་མཐོན་པོའི་གོམ་འགྲོས་ནི་འཁྱོལ་ལེ། །རྒས་རྒས་འདོད་ལྔའི་ཁོལ་པོར་བར་མེད་དུ་བརྒྱུགས་ན། །ཡང་ཡང་ཕྱིས་ནས་འགྱོད་པའི་དུས་སྐབས་ཞིག་འོང་མཆི། །ད་ལྟ་རྣམ་རིག་བཀྲ་ཚེ་ཐོས་བསམ་གྱི་བདུད་རྩི། །དོན་གཉེར་སྙིམ་པས་འཐུང་བའི་ཡི་ག་ཞིག་མེད་ཕྱིན། །རྒས་ནས་དབང་ཤེས་རྒུད་པའི་མགྲིན་པ་ནས་མི་འཆུན། །ལུང་རྟོགས་ལུས་སྟོབས་རྒྱས་དུས་ནམ་ཞིག་ན་འབྱུང་ཨང་། །མཐོང་ཚད་གྲོགས་སུ་བསྡེབས་ན་ངོ་སྲུང་དེ་སུས་ནུས། །ཟེར་ཚད་ཁ་ལ་ཉན་ན་གྲོས་ཐག་དེ་སུས་ཆོད། །དྲན་ཚད་ལག་ཏུ་བཏབ་ན་འགྲུབ་དུས་དེ་ནམ་ཡོད། །དེ་བས་རང་སེམས་མཛུབ་མོ་ནང་དུ་རང་བཀུག་འཚལ། །དོན་བརྒྱུད་གཡུ་རལ་ངོམ་པའི་ཆེ་ཚུགས་ཀྱིས་བརླིང་བཞིན། །སྒྲུབ་བརྒྱུད་གངས་རིའི་སྤོ་ན་འཇིགས་མེད་དུ་རྒྱུ་བའི། །མཁས་གྲུབ་སེང་ཆེན་ཁྱུ་ཡི་རིགས་བརྒྱུད་ཞིག་ལགས་ན། །གོང་མའི་རྣམ་ཐར་ཚུལ་ལ་གྱེན་མིག་རེ་གཏོད་རན། །གཏེར་གཟུགས་བགྲང་བྱར་སོན་པའི་སྔོན་རབས་ཀྱི་ཡང་མེས། །མཁྱེན་རྟོགས་རྩལ་གསུམ་རྫོགས་པའི་ངང་ཚུལ་གྱི་གད་མོས། །དྲེགས་ལྡན་ཝ་སྐྱེས་སྟོང་གི་སྙེམས་པ་དེ་ཕྲོགས་ནས། །བསྡུ་བཞིའི་ཕྲིན་ལས་ཟབ་མོས་བསིལ་ལྗོངས་ཀུན་ཁྱབ་སོང་། །མེས་པོ་དྲང་སྲོང་གཞོན་ནུའི་རྣམ་དཔྱོད་ཀྱི་ལྟོ་བར། །ཕྱོགས་གྲངས་ཤེས་བྱའི་ཆུ་བོ་ལྷག་མེད་དུ་བསྐྱིལ་ཟིན། ལེགས་བཤད་ཟེགས་མ་སྐྱུག་པས་ཐུབ་བསྟན་གྱི་མཚོ་ཆེན། །ཆེས་ཆེར་སྤེལ་བའི་མཁྱེན་དཔྱོད་འཛུམ་དཀར་ལ་རོལ་འདུག །བུ་ཀྱེ་ན་ཚོད་མཉམ་པའི་ལང་ཚོ་ཡིས་འབྱོར་ཡང་། །ཡོན་ཏན་བང་ཤེད་མཉམ་པའི་སྐལ་བ་འདྲ་བདོག་གམ། །དེ་བས་ཚུལ་གནས་ཐོས་བསམ་སྒོམ་པ་ཡི་བཅུད་ལེན། །རིང་འཚོའི་གསོས་སུ་སྨིན་པའི་དགའ་སྟོན་ལ་རོལ་མཛོད། །ཀྱེ་མ་སྙིགས་སྤྱོད་འགྱུར་བ་ལོ་རེ་དང་ཟླ་རེ། །གཞན་དབང་གྲོགས་ཀྱི་ངོ་འཛུམ་སྔ་དྲོ་དང་ཕྱི་དྲོ། །ཚེ་སྲོག་གློག་གི་གར་མཁན་སྐད་ཅིག་དང་ཡུད་ཙམ། །ཕྱི་ཚེའི་དྲན་རྒྱ་མང་པོ་བསྐྱེད་ཁོམ་ཞིག་འདུག་གམ། །འདོད་ཡོན་ཚྭ་ཆུ་བཏུང་བཏུང་སྔ་མ་ནི་དེ་ཙམ། །བསྟན་འགྲོར་ཕན་པའི་སྲོག་གི་ཟུངས་བཅུད་དུ་ལྟ་ཅི། །འཕྲལ་སྣང་ལྟོ་གོས་ཙམ་གྱིས་བྲེལ་ལུགས་འདི་ཨེ་གཟིགས། །ད་ནི་འདོད་ཆུང་ཆོག་ཤེས་འཕགས་ནོར་ལ་དྲིལ་རན། །གནས་བཟང་མི་མེད་ལུང་སྟོང་གོང་མ་ཡི་གདན་ས། །རྩོད་དང་འདུ་འཛི་ཉུང་བ་བསམ་གཏན་གྱི་ཁ་ཟས། །མི་རྟག་དུས་བཞིའི་འགྱུར་བ་ངེས་འབྱུང་གི་སྐྱོ་གྲོགས། །ཚེ་གང་སྒྲུབ་ལ་གཞོལ་བ་གྲུབ་ཐོབ་ཀྱི་ཆེ་ཚུགས། །ནང་དུ་བདག་འཛིན་འགོང་པོའི་སྒོ་ལྕགས་དེ་ཆོམས་དང་། །ཕྱི་རུ་གཞན་ཕན་ཕྲིན་ལས་སྒོ་བརྒྱ་རང་འབྱེད་འོང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་རྒྱལ་ཐབས་ལ་རོལ་ན། །མིང་དོན་ཀུན་ནས་མཚུངས་པའི་བསྟན་འཛིན་ནི་དེའོ། །ཕྱི་ཚུལ་སོ་ཐར་ཁྲིམས་ཀྱི་འདབ་ཕྲེང་ནི་བཀོད་ལེགས། །ནང་དུ་བྱང་ཆུབ་སེམས་ཀྱི་གེ་སར་ནི་ཆེས་མཐོ། །གསང་བ་རིམ་གཉིས་འབྲས་བུའི་ཟིལ་དངར་གྱིས་གཏམས་པས། །སྐལ་བཟང་བུང་བ་འགུགས་པའི་རྩེ་བྲོ་ལ་ཕེབས་ཤོག །མང་ཐོས་འཛིན་མའི་གཞི་ལ་བསམ་བྱུང་གི་ལྷུན་པོ། །ཡང་དག་རྟོན་པ་བཞི་ཡི་བང་རིམ་གྱིས་བརྗིད་ཅིང་། །སྒོམ་བྱུང་ཉི་ཟླའི་བགྲོད་པས་མཁོར་ཡུག་ཀུན་གསལ་ནུས། །ཐུབ་བསྟན་གླིང་བཞིའི་རྒྱན་དུ་ལ་འུར་དུ་ཕེབས་ཤོག །ལེགས་བཤད་འཆད་པའི་སྤྲིན་སྒྲ་ཕྱོགས་ཀུན་ན་སྙན་ཞིང་། །རྩོད་ངག་རིགས་ལམ་རྣོན་པོའི་གློག་ཕྲེང་དང་རྟག་འགྲོགས། །འཆོས་སྐྱོབ་ཡོན་ཏན་ཞི་བསིལ་ཆར་བཟང་རྒྱུན་ཕབ་པས། །ངེས་གྲོལ་ཆུ་གཏེར་འཕེལ་བའི་དུས་སྟོན་ལ་ཕེབས་ཤོག །མཁས་པའི་རྣམ་དཔྱོད་རྒྱ་ཆེ་ནོར་འཛིན་གྱི་ཕང་པར། །བཙུན་པའི་ཡོན་ཏན་རྣམ་དག་གསེར་རི་ཡི་ཕྲེང་མཛེས། །བཟང་པོའི་ཕྲིན་ལས་ལྕགས་རི་མུ་ཁྱུད་ཀྱིས་བརླིང་པས། །རིས་བྲལ་བསྟན་འགྲོའི་ངལ་འཚོའི་གསོས་མཆོག་ཏུ་ཕེབས་ཤོག །ལྟ་བ་ཡེ་གྲོལ་ཀ་དག་ཀུན་བཟང་གི་མཁའ་ཀློང་། །སྒོམ་པ་འོད་གསལ་ལྷུན་གྲུབ་གཟའ་སྐར་གྱི་ཚོམ་བུ། །སྤྱོད་པ་ཤར་གྲོལ་འཛིན་མེད་སྐྱི་སེར་གྱི་ངང་ཚུལ། །ཁྱད་ཆོས་དྲུག་ལྡན་འབྲས་བུའི་རྒྱལ་ས་ལ་ཕེབས་ཤོག །གདན་གསུམ་དཀྱིལ་འཁོར་ཡོངས་རྫོགས་ལྷ་སྐུ་ཡི་རང་བཞིན། །རླུང་སྔགས་གྲགས་སྟོང་སྐྱེ་མེད་སྙིང་པོ་ཡི་ཡང་བཅུད། །རིག་སྟོང་ཟང་མ་ཐལ་བྱུང་རྒྱལ་ཀུན་གྱི་གསང་མཛོད། །རྡོ་རྗེ་གསུམ་གྱི་རྣལ་འབྱོར་འབྲལ་མེད་ལ་ཕེབས་ཤོག །བདེན་གཉིས་གནས་ལུགས་ཤེས་པའི་མིག་ཟུང་དེ་བགྲད་བཞིན། །ཚོགས་གཉིས་ཟུང་དུ་འབྲེལ་བའི་གཤོག་རླབས་ནི་གཅིག་གིས། །སྐུ་གཉིས་ཚང་མལ་མཆོག་ལ་མིག་འཕྲུལ་བཞིན་བསྐྱོད་པའི། །རྒྱལ་སྲས་མཁའ་ལྡིང་དབང་པོའི་བརྟུལ་ཞུགས་ལ་ཕེབས་ཤོག །སྦྱོར་བ་སེམས་བསྐྱེད་བཟང་པོའི་ཁ་ལོ་ཡིས་དྲངས་ནས། །དངོས་གཞི་འཁོར་གསུམ་རྟོག་བྲལ་ཤིང་རྟ་ཡི་སྒྱུ་ཐབས། །བྱང་ཆུབ་ཡོངས་བསྔོས་གཏན་བདེའི་གྲོང་ཁྱེར་ལ་སྦྱོར་བའི། །སྲས་བཅས་རྒྱལ་བ་གཤེགས་པའི་བཤུལ་ལམ་ལ་ཕེབས་ཤོག །དེ་སྐད་གུ་ཡངས་ཡན་པའི་མཉམ་བཞག་གི་མཁའ་ལ། །རྗེས་ཐོབ་ཚིག་དོན་རྣམ་བཀྲའི་ལུས་དཀར་ཞིག་རྒྱུ་འདི། །ཁྱེད་བློ་ཟབ་ཡངས་འོ་མཚོར་བརྟན་ཆགས་སུ་གནས་ནས། །དོན་འགྱུར་མགྲིན་པའི་རྫ་རྔ་དར་དིར་དུ་སྒྲོགས་ཤོག །ཨ་ཧོ་དྲན་པས་བདེ་སྟེར་ཡེ་ཤེས་ཀྱི་སྐུ་ཅན། །སྙིང་དབུས་འབྲལ་བ་མེད་བཞུགས་དྲིན་ཆེན་གྱི་ཆོས་རྗེའི། །ཐུགས་རྗེའི་ཉི་འོད་ཁྱེད་བློའི་པད་མཚོ་རུ་སོན་ནས། །སྨིན་གྲོལ་འདབ་སྟོང་བཞད་པའི་བདེན་སྨོན་ཞིག་ཞུའོ། །ཞེས་པའང་རྫོགས་པའི་སངས་རྒྱས་བློ་གྲོས་མཐའ་ཡས་སོགས་དམ་པ་དུ་མའི་ཞབས་ཀྱི་པདྨོ་ལ་སྤྱི་བོས་རེག་པའི་འདུ་གསུམ་སྤྱོད་པ་འགྱུར་མེད་པདྨ་བསྟན་འཛིན་གྱིས་ལྷག་པའི་བསམ་པ་ཟླ་བ་ལྟར་དཀར་བས་ཀུན་ནས་བསླངས་ཏེ། རང་གི་ཚ་བོ་སྒྲུབ་སྤྲུལ་དམ་པ་པདྨ་མཁས་གྲུས་རྒྱ་མཚོ་ལ་ཐོག་མར་གདམས་པ་སྙིང་གཏམ་སྙིང་གི་ཟུངས་དུ་གྱུར་ནས་གོང་མའི་རྣམ་ཐར་གྱི་རྗེས་སུ་སྙེག་ནུས་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།
༄༅། །ཨ་ཧོ། དོན་གྱི་དགོངས་པ་དུས་གསུམ་རྒྱལ་རྣམས་དང་མཉམ་ཡང་། །གདུལ་དཀའི་འགྲོ་བ་འདུལ་སླད་བཤེས་གཉེན་གྱི་ཚུལ་སྟོན། །བཀའ་དྲིན་འགྲན་ཟླ་བྲལ་བའི་ཞབས་སེན་གྱི་པདྨོ། །སྙིང་དབུས་འབྲལ་མེད་ངང་ནས་གླུ་ཆུང་ཞིག་ལེན་ནོ། །བྱིས་པ་སྐྱེས་ཙམ་ཉིད་ཀྱི་ཐ་མལ་གྱི་ཤེས་པ། །ད་ལྟ་རྟོགས་ལྡན་རྒན་པོའི་མཉམ་བཞག་གི་ངོ་ཏི། །བཅོས་བསྒྱུར་སྤངས་ལེན་མང་པོས་མགོ་བོ་རང་འཁོར་འདུག །མ་བཅོས་གཉུག་མའི་གཤིས་ལུགས་རང་བབས་སུ་ཞོག་ཨང་། །གང་ཤར་རིག་སྟོང་ཟང་ཐལ་ཆོས་ཟད་ནི་རྗེན་པ། །ཡེ་ནས་ཀུན་བཟང་ཆོས་སྐུའི་དགོངས་པ་རུ་བཞུགས་པས། བརྟག་དཔྱད་ཚོལ་འཕྲོ་མང་པོའི་དགོས་པ་རང་མི་འདུག །ནམ་དྲན་ཡང་འཇོག་མ་བྱེད་རང་འགྲོས་ལ་བོར་ཐོངས། །འཇུར་དྲན་ཐག་པས་བཅིང་བའི་ཆོས་སྐུ་ནི་བྱིན་ལེགས། །གསལ་གསལ་སྟོང་སྟོང་རྗེན་རྗེན་འདྲ་ཞལ་ཡང་མི་བདོག །གསལ་སྟོང་གུད་དུ་གཅོད་པའི་ཉམས་སྒུག་ལ་མ་རེ། །གཏད་མེད་རྒྱ་ཡན་ཀློང་དུ་རྩིས་མེད་ལ་བོར་ཐོངས། །དྲན་བསམ་སྤྲོ་བསྡུ་བྲལ་བའི་ཆོས་ཉིད་ཀྱི་གཤིས་ལུགས། །འདི་ཞེས་མཚན་མའི་ཡུལ་དུ་རྡུལ་ཆ་ཙམ་མེད་ཀྱང་། །དྲན་མེད་ལུང་མ་བསྟན་གྱི་མགོ་བསྐོར་ཡང་མི་འདུག །ཁོ་ཐག་ནང་ནས་ཆོད་པའི་ཉམས་མྱོང་ཞིག་ཤར་འོང་། །ཤར་ཡང་ཤར་མཁན་རང་ཡིན་རློམ་སེམས་རང་ཅི་དགོས། །ཡིད་ཆེས་བཟང་པོའི་ཞབས་ཏོག་ཤེས་སྒྲིབ་ཀྱི་སྣོན་མ། །དགའ་བྲོད་རློམ་པས་མ་བཅིངས་རང་བབས་སུ་ཀློད་དང་། །ཉམས་སྣང་རྫུན་གྱི་རི་མོ་རང་ཡལ་དུ་དེངས་འགྲོ། །ཀ་དག་ཆོས་ཟད་རྗེན་པའི་གཤིས་ལུགས་ལ་ལྟོས་དང་། །བྱས་ཆོས་གྲུབ་མཐའི་འཆིང་བ་དབུ་མ་རུ་དེངས་ངེས། །བྱར་མེད་སྐྱིད་ཉལ་ཆོག་པ་བྱ་བཏང་གི་ཡང་རྩེ། །བྱ་བྱེད་སྤྲོས་པ་མང་པོ་གང་དགའ་རུ་བོར་ཐོངས། །དེ་སྐད་ཉམས་ལ་གང་ཤར་ཐོལ་བྱང་གི་གླུ་ཕྲེང་། །དམ་པའི་སྙན་དབང་མཛེས་པའི་རོལ་མོ་རུ་འབུལ་ན། །གྲགས་སྟོང་སྐྱེ་མེད་ངང་དུ་བརྩེ་བ་ཡིས་བཞེས་ཏེ། །གདོད་མའི་རྒྱལ་ས་སྙོག་པའི་སྨོན་ལམ་འདྲ་ཞུའོ། །ཞེས་པའང་མཆོག་སྤྲུལ་དམ་པའི་ཐུགས་བཞེད་བཞིན་པདྨ་བི་ཛས་གང་ཤར་བརྗོད་པ་དགེ།
༄༅། །བླ་མ་ལ་ཕྱག་འཚལ་ལོ། །བཤད་བཤད་ཚིག་གི་མཐའ་ལ་འཛད་དུས་ཞིག་མེད་ཀྱང་། །དོན་གནད་སྙིང་པོ་རང་སེམས་འདུལ་བ་ལ་འདུའོ། །རང་རྒྱུད་མ་དུལ་སྙན་སྙན་བརྒྱ་སྟོང་ཞིག་བཤད་ཀྱང་། །གནད་ཀྱི་ཕན་མེད་ནེ་ཙོའི་ཁ་ཏོན་དང་འདྲའོ། །སྔོན་དུས་འཕགས་བོད་བྱོན་པའི་གྲུབ་མཆོག་ནི་ཕལ་ཆེར། །གདམས་པ་སྣ་རེས་རང་གཞན་སྨིན་གྲོལ་ལ་བཀོད་འདུག །དེང་དུས་གཞུང་བརྒྱ་བཤད་དང་ཁྲིད་བརྒྱ་ནི་ཉན་ཡང་། །བདག་འཛིན་གཉེན་པོར་མ་སོང་ཁ་དོན་ནི་འཛོལ་སྐྱོན། །དེས་ན་ཟབ་ཟབ་འགྲམ་ཆུ་ལྡང་རྒྱུ་ཞིག་མ་རེད། །མང་མང་ཡིག་སྣ་ཚོལ་ལ་བྲེལ་རྒྱུ་ཞིག་མི་སྣང་། །བླ་མའི་མོས་གུས་ལམ་གྱི་སྲོག་ཤིང་དུ་བཟུང་ནས། །གང་ཤེས་རྒྱུད་ལ་དྲིལ་འདི་སྙིང་གཏམ་གྱི་སྙིང་པོ། །ཀྱེ་མ་དེང་སང་དུས་ཀྱི་སྙིགས་སྤྱོད་ཀྱི་འགྱུར་བ། །བརྒྱ་ཕྲག་ན་མ་རེ་བཞིན་ངེས་འབྱུང་གི་ཕོ་ཉར། །ཡང་ཡང་མདུན་ན་རྒྱུ་བའི་སྣང་ཚུལ་འདི་གཟིགས་ལ། །ཅིས་ཀྱང་དགོས་མེད་བློ་སྣ་བཙན་ཐབས་སུ་བསྟུང་འཚལ། །དགྲ་གཉེན་བར་མའི་འགྲོ་ཚོགས་ཚེ་རབས་ཀྱི་ཕ་མ། །ཀུན་ཀྱང་བདེ་འདོད་སྡུག་བསྔལ་འདོར་འདོད་ཀྱི་བློ་མཚུངས། །དེ་སླད་ཕྱོགས་རིས་སྤངས་ལ་འགྲོ་སྒྲོལ་གྱི་གོ་ཆས། །རང་ཉིད་ཇི་ལྟར་འདོད་དེ་གཞན་ལའང་སྦྱོར་ཅིག །སྣང་བཏགས་ཆོས་ཀུན་ཡེ་ནས་སངས་རྒྱས་ཀྱི་དཀྱིལ་འཁོར། །སྣང་གྲགས་རྟོག་ཚོགས་དཀྱིལ་འཁོར་རྣམ་གསུམ་གྱི་རང་བཞིན། །མ་བཙལ་ལྷུན་རྫོགས་དགོངས་པའི་གདེང་ཚད་དང་ལྡན་ན། །རྡོ་རྗེ་གསུམ་གྱི་རྣལ་འབྱོར་འབྲལ་བ་རང་མི་བདོག །འཁོར་འདས་ཆོས་ཀུན་གཤིས་ལུགས་སྟོང་ཉིད་དུ་སངས་སངས། །སྟོང་པའི་རང་མདངས་མ་འགགས་འོད་གསལ་དུ་ལམ་ལམ། །རྒྱས་གདབ་མི་དགོས་ཟུང་འཇུག་མཉམ་ཉིད་དུ་ཁྲེས་ཁྲེས། །ཟབ་གསལ་དབྱེར་མེད་གཞི་ཡི་གནས་ལུགས་འདི་མཚར་རོ། །གཤིས་ལུགས་མ་བཅོས་གཉུག་མ་ལྷན་སྐྱེས་ཀྱི་ཆོས་སྐུ། །བསལ་དང་བཞག་མེད་རང་བྱུང་ཡེ་ཤེས་ཀྱི་འཁོར་ཡུག །ཡིན་ཚུལ་ཤེས་ན་ལྟ་སྒོམ་ལོགས་ཤིག་ན་མི་འདུག །ཡེ་བབས་སོར་བཞག་དགོངས་པའི་གཏན་སྲིད་དེ་ཟུང་མཛོད། །རིག་སྟོང་རིག་པའི་ཀློང་དུ་འཁོར་འདས་ཀྱི་ཆོས་རྫོགས། །སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་གནས་ན། །འབྲས་བུ་གཞན་དུ་རེ་བའི་ཚི་ཆད་དེ་མ་དགོས། །བློ་བྲལ་གདོད་མའི་རྒྱལ་སར་ངལ་གསོ་ལ་ཕེབས་ཤོག །དེ་སྐད་དགེ་སློང་ཀརྨ་སེང་གེ་ཡིས་བསྐུལ་ངོར། །ཁྲེལ་མེད་ལང་ཤོར་རོ་ཉལ་པདྨ་ནི་བི་ཛས། །གང་ཤར་སོར་མོའི་རྟ་ལ་ཡུད་ཙམ་གྱིས་དྲངས་ནས། །དབེན་སྤྱིལ་བསམ་གཏན་མལ་ནས་ཐོལ་བྱུང་དུ་ཐལ་ལོ། །


previousཉུང་གསལ་གཏམ་འདི་ཐུགས་དབུས་སུ་བཅང་འོས། next