Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེགས་འདོམས་པདྨ་དཀར་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེགས་འདོམས་པདྨ་དཀར་པོ། next

ལེགས་འདོམས་པདྨ་དཀར་པོ།

༄༅། །ལེགས་འདོམས་པདྨ་དཀར་པོ། ༀ་སྭསྟི། དཔག་མེད་བསོད་ནམས་མཚོ་ཆེན་ལས་འཁྲུངས་པའི། །ཕུལ་བྱུང་ཡོན་ཏན་རང་བཞིན་ལྷུན་པོ་མཆོག །ཕན་བདེའི་ཉི་ཟླའི་བགྲོད་པས་རྣམ་མཛེས་པའི། །བླ་མ་ལྷག་པའི་ལྷ་ཡིས་ཁྱོད་ལ་སྲུངས། །རིང་མོའི་ལམ་ནས་སྒོ་མེའི་འཚམ་པ་ཡི། །ཚིག་དོན་བཀོད་ལེགས་ཕྲེང་ཡིག་ངང་མོ་གཞོན། །ལྷ་རྫས་འདབ་གཤོག་གཡོ་བའི་འཕུར་ལྡིང་གིས། །ཁོ་བོའི་སུག་པའི་པད་མཚོར་སོན་པ་སྤྲོ། །འདིར་གནས་མཆོག་གསུམ་ཐུགས་རྗེའི་གྲིབ་བསིལ་ལ། །ཉེར་བརྟེན་དགེ་སྦྱོང་གཟུགས་བརྙན་འཛིན་བདག་ཀྱང་། །ཉེར་འཚེའི་ཚ་དབལ་དྲག་པོས་ནོན་མིན་པར། །ཆོས་ལྡན་ཡིན་རློམ་རྣམ་གཡེང་ཁོལ་བོར་མཆིས། །ཁོ་བོ་འཕགས་མིན་མངོན་ཤེས་དྲིས་དབེན་ཞིང་། །མི་ཆོས་བླ་མ་སྒྲོགས་པའི་སྙིང་ཁམས་མེད། །དེ་ཕྱིར་སྐྱེ་བརྟག་ཚེ་ཚད་ལ་སོགས་པ། །ཁྱེད་བཞེད་སྐོང་བའི་ནུས་པ་བདག་ལ་ཅི། །དེ་བས་ཕན་པར་འདོམས་པའི་ཚིག་འདི་གསོན། །ཀྱེ་ལགས་ལྷ་བས་ལྷག་པའི་རྟེན་བཟང་གྲུ། །རྣམ་རིག་བ་དན་གསར་པས་མཛེས་གྱུར་ཅིང་། །བཤེས་གཉེན་མཐུན་པའི་རླུང་གིས་བསྐུལ་བའི་ཚེ། །གཏན་བདེ་རིན་ཆེན་གླིང་དུ་གཤེགས་པར་འཚལ། །མི་རྟག་སྲིན་མོ་ཁྲོས་པའི་མཆེ་བ་ཡིས། །སྟོང་ཁམས་ཟས་སུ་ཟོས་པའི་ཆེམ་སྒྲ་ཆེ། །ཡང་ཡང་ཐོས་འཛིན་བུག་པར་སོན་བཞིན་དུ། །མི་འཇིགས་གང་དེ་ཕྱུགས་པས་ངེས་པར་བླུན། །ལང་ཚོའི་མེ་ཏོག་རྒ་བའི་བ་མོས་རྙིང་། །མགོ་ལ་སྐྲ་དཀར་ལྷ་ཡི་ཕོ་ཉ་སླེབས། །སྔོན་མེད་དཔྲལ་རིས་གཤིན་རྗེའི་གྲིབ་སོ་ངོམ། །ད་ནི་རྟག་འཛིན་བློ་སྣ་བསྟུངས་ན་ལེགས། །སྐྱེས་བུ་བཞི་ཡི་ཁྱོགས་ལ་བཏེགས་པའི་ལུས། །ངུད་མོའི་སྒྲར་བཅས་ལྷོ་སྒོར་དབྱུང་བའི་དུས། །སང་ཙམ་མི་འབྱུང་ངེས་པའི་བློ་གདེང་ཅི། །དེ་རིང་ཉིད་ནས་བརྩོན་པའི་དཔུང་བསྐྱེད་འཚལ། །འདོད་ཡོན་བསླུ་བྲིད་སྲིན་མོའི་འཇོ་སྒེག་གིས། །ཐར་བའི་སྲོག་ལ་རྔམས་པའི་ངང་ཚུལ་འདི། །མཐོང་བཞིན་ཞེན་ལོག་རྟ་རྒྱལ་བྷ་ལ་ཧའི། །མཇིང་བར་མི་ཞོན་འགྲོ་འདི་སྨྱོས་སམ་ཅི། །གྲགས་སྐམ་ཆུ་ཡི་ལྦུ་བ་མཐོ་དང་གཅིག །རྙེད་བཀུར་འཇའ་ཚོན་རི་མོ་གསལ་དང་གཉིས། །ཆོས་བརྒྱད་ཀིམྦའི་འབྲས་བུ་སྨིན་དང་གསུམ། །ཆོས་པའི་བདུད་དུ་འདི་ལས་ཆེ་བ་སུ། །གཟུང་འཛིན་ལག་འགྲོ་གདུག་པས་དབང་བྱས་པའི། །སྡུག་བསྔལ་རྦ་རླབས་འཁྲུགས་པ་སྲིད་པའི་མཚོར། །བྱིང་གྱུར་ཉམ་ཐག་མ་རྣམས་དྲངས་པའི་ཕྱིར། །དམ་བཅའི་གོ་ཆ་མཆོག་ཏུ་བརླིང་བར་མཛོད། །གང་ལ་བརྟེན་ན་ཉེས་པའི་དགྲ་བོ་ཡིས། །བརྫི་བར་ནུས་མིན་བླ་མ་མཆོག་གསུམ་ལྷ། །གཏན་གྱི་སྐྱབས་སུ་འདི་དང་མཉམ་པ་སུ། །དེ་སླད་ཡིད་ཆེས་བློ་གཏད་ལིང་བསྐྱུར་མཛོད། །ངེས་དོན་སྙིང་པོར་ཆོས་ཀུན་གཅིག་ཏུ་འབབས། །བརྒྱུད་པའི་ཕྱག་བཞེས་ངོ་མཚར་ཀུན་ལ་ཡོད། །དེ་ཕྱིར་ཕྱོགས་འཛིན་ཆོས་སྤང་མི་གསོག་པར། །ཀུན་ལ་དག་སྣང་སྦྱང་བ་གནད་དུ་ཆེ། །ཁ་བཤད་སྟོང་པའི་འབྲུག་སྒྲ་ལྡིར་ཆེ་ཡང་། །བྱམས་དང་སྙིང་རྗེའི་ཆར་རྒྱུན་མི་འབེབས་ན། །བདག་འཛིན་མི་བཟད་ཐལ་བ་སྐམ་པོ་རུ། །རྣམ་གྲོལ་མྱུ་གུ་ཇི་ལྟར་སྐྱེ་བར་འགྱུར། །དེ་ཕྱིར་བསྒོམས་བསྒོམས་བཟླས་བཟླས་མང་པོ་ཡིས། །ང་རྒྱལ་སྦྲུལ་གདུག་མགོ་འཕང་བསྟོད་མིན་པར། །སྟོང་ཉིད་སྙིང་རྗེའི་སྨན་མཆོག་བཟང་པོ་ཡིས། །བདག་འཛིན་ཉོན་མོངས་གཅོང་ནད་གཞིལ་བ་གལ། །འཁོར་འདས་ཆོས་ཀུན་སེམས་ཀྱི་རོལ་པ་ཙམ། །སེམས་ནི་དུས་གསུམ་སྐྱེ་འགག་འཕོ་འགྱུར་བྲལ། །བརྟག་པས་མི་མཚོན་དཔྱད་པའི་བློས་མི་རེག །མ་བཅོས་གཉུག་མར་གློད་དང་ལྟད་མོ་ཆེ། །གཟུང་འཛིན་དབང་གིས་ཕན་གནོད་ལྷ་འདྲེའི་ཚོགས། །ཤར་ཡང་ཆོས་ཉིད་གཤིས་ལ་གྲུབ་པ་མེད། །དེ་ཕྱིར་རང་གྲོལ་དབྱིངས་ཀྱི་རྒྱན་ཆེན་པོར། །ཁྱེར་ལ་བར་ཆད་མཐའ་དག་གཡང་དུ་ཁུག །དེ་ལྟར་མ་རྟོགས་རེ་དོགས་གཉིས་འཛིན་གྱིས། །སྒྲིབ་པའི་སྤྲིན་ཚོགས་ཤིན་ཏུ་འཐུག་དྲགས་ན། །དངོས་གྲུབ་རྟགས་ཀྱང་བར་ཆད་གཡབ་མོས་ཁྱེར། །སེར་བུས་རེག་པའི་ཆུ་ཡང་རྡོ་བ་བཞིན། །དེ་བས་སྐྱིད་སྡུག་ལེགས་ཉེས་ཤི་གསོན་སོགས། །ཇི་ལྟར་བྱུང་ཡང་ལམ་ཁྱེར་གནད་དུ་ཟབ། །སྐབས་སུ་བདག་གཞན་མཉམ་བརྗེ་བྱང་ཆུབ་སེམས། །རླུང་ལ་བསྐྱོན་ནས་བློ་སྦྱོང་གནད་དུ་དྲིལ། །རྗེས་ཐོབ་ཆོས་ཀུན་སྒྱུ་མར་ལྟ་བའི་ངོས། །ཀུན་རྫོབ་རྒྱུ་འབྲས་ཁྱད་དུ་གསོད་མིན་པར། །སྤྱོད་ཡུལ་ཡོངས་དག་དགེ་རྒྱུན་རྨད་པོ་ཆེ། །རྒྱལ་བ་དགྱེས་པའི་ལམ་ལ་བསླབ་པར་འཚལ། །དེ་སྐད་ལེགས་འདོམས་པདྨ་དཀར་པོའི་ཕྲེང་། །ལྷག་བསམ་འོ་མའི་མཚོ་ལས་ཉེར་ཕྱུང་སྟེ། །ལྷ་རྫས་མྱོང་གྲོལ་བཟང་པོའི་སྐྱེས་དང་བཅས། །བསྟན་གཉིས་དར་རྒྱས་གླིང་ནས་སྤེལ་བ་དགེ། །


previousལེགས་འདོམས་པདྨ་དཀར་པོ། next