Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁ་བཤད་སྐམ་པོ་ཙམ་གྱིས་ས་ལམ་ནི་མི་བགྲོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁ་བཤད་སྐམ་པོ་ཙམ་གྱིས་ས་ལམ་ནི་མི་བགྲོད། next

ཁ་བཤད་སྐམ་པོ་ཙམ་གྱིས་ས་ལམ་ནི་མི་བགྲོད།

༄༅། །ཁ་བཤད་སྐམ་པོ་ཙམ་གྱིས་ས་ལམ་ནི་མི་བགྲོད། ཀ་དག་དགོངས་པའི་བཙན་ས་ཟིན་པ་ཞིག་མེད་ན། །ཁ་བཤད་སྐམ་པོ་ཙམ་གྱིས་ས་ལམ་ནི་མི་བགྲོད། །ག་ལེར་བསམ་གཏན་མལ་ན་སྒོ་གསུམ་ནི་ལྷོད་ལྷོད། །ང་ཅག་མ་བཅོས་གཉུག་མའི་རང་འགྲོས་དེ་སྐྱོངས་ཨ། །ཅ་ག་དཀོར་ནོར་ལོངས་སྤྱོད་ཇི་ཙམ་ཞིག་འབྱོར་ཡང་། །ཆ་ཙམ་འཆི་བའི་ནང་པར་ཁྱེར་རྒྱུ་ནི་མི་འདུག །ཇ་དངུལ་ནོར་གྱི་བསྲུང་བསྲེལ་སྡུག་འབད་དེས་ཅི་བྱ། །ཉ་ར་བྱེད་རྒྱུ་འཕགས་པའི་ནོར་བདུན་འདི་བཟང་ཨ། །ཏ་ལའི་ནགས་སོགས་དབེན་པའི་རི་བོ་ལ་སྡོད་རུང་། །ཐ་མལ་སྐྱེ་བོའི་གྲོང་སོགས་གང་ཞིག་ཏུ་རྒྱུ་ཡང་། །ད་ཙམ་འཆི་བ་འོང་སྙམ་བློ་སྣ་དེ་བསྟུང་འཚལ། །ན་སོ་རྒས་བཞིན་ཆོས་དྲེད་མ་སོང་བར་གཅེས་ཨ། །པ་སངས་ལྟར་དཀར་གཞན་ཕན་ལྷག་བསམ་འདི་མེད་ན། །ཕ་རོལ་ཕྱིན་པའི་གཞུང་ལམ་གང་ཞིག་གིས་བགྲོད་ནུས། །བ་གླང་ལྟ་བུར་རྨོངས་པའི་མ་རྒན་གྱི་འགྲོ་བ། །མ་ལུས་བྱམས་དང་སྙིང་རྗེས་འབྲལ་མེད་དུ་སྐྱོངས་ཨ། །ཙ་ར་ཀ་སོགས་གཞུང་མང་འཚོལ་བ་ལ་མ་བྲེལ། །ཚ་ཞང་གཉེན་གྲོགས་སྲིད་སྡེའི་ངོ་སྲུང་དེ་བོར་ལ། །ཛ་ལང་གདུག་པ་རང་སེམས་གྱོང་པོ་འདི་འདུལ་སླད། །ཝ་ཆུའི་རྒྱུན་ལྟར་དྲན་ཤེས་འབྲལ་མེད་དུ་བསྟེན་ཨ། །ཞྭ་གོས་མཆོད་ཆས་ངོམ་པའི་ཨོ་ཟོབ་དེས་ཅི་བྱེད། །ཟ་ཆོག་རྙེད་ཚོལ་དཔེ་གྲལ་འགྲིམ་འགྲིམ་ནི་འགྲིམ་སོང་། །འ་འུར་ཆོས་བརྒྱད་ཞེན་པའི་འཆིང་ཐག་དེ་ཆོད་ལ། །ཡ་མཚན་སྒྲུབ་བརྒྱུད་གོང་མའི་རྣམ་ཐར་དེ་སྙོགས་ཨ། །ར་མ་ཎ་སོགས་འདོད་པའི་ཁོལ་པོ་ལ་འཕྱན་རྣམས། །ལ་ལུང་འགྲོད་པའི་དཀའ་སྤྱད་ངལ་དུབ་ལ་ལྟོས་ལ། །ཤ་ཁྲག་འོད་སྐུར་གྲོལ་བའི་ཟབ་ཁྱད་ཀྱི་ཉེ་ལམ། །ས་ལམ་ཆིག་ཆོད་རྫོགས་ཆེན་ཨ་ཏི་དེ་སྒོམས་ཨ། །ཧ་ཅང་བྱ་བྱེད་མ་མང་རང་མདོ་ནི་འཆོར་ཉེན། །ཨ་ཏི་ཁྲེགས་ཆོད་ཡེ་བབས་སོར་བཞག་གི་ངང་དུ། །བྱས་ཆོས་གྲུབ་མཐའི་ཞེན་རྟོག་རྗེས་མེད་དུ་སངས་པའི། །བྱ་བྲལ་བློ་བདེའི་རྒྱལ་ས་ཟིན་པ་ཞིག་མཛོད་ཨ། །
༄༅། །རྗེ་འཁོར་འདས་ཆོས་ཀུན་རོ་མཉམ་དུ་གཟིགས་པའི། །ཕ་དྲིན་ཆེན་བླ་མའི་ཞབས་པད་ལ་འདུད་དོ། །བུ་དྲེད་པོའི་བློ་སྣ་བཙན་ཐབས་སུ་བསྟུངས་ནས། །ཚེ་བློ་ཡིས་ཐོངས་པར་བྱིན་གྱིས་རང་རློབས་ཤོག །སྤྱིར་རྙེད་དཀའ་དོན་ཆེན་དལ་འབྱོར་གྱི་རྟེན་མཆོག །སྔོན་བསོད་ནམས་མཐུ་ཡིས་ལན་གཅིག་ཏུ་ཐོབ་ཀྱང་། །ད་མ་ཚོར་ངང་དུ་མི་ཚེ་ནི་ཟད་ཟིན། །དུས་དེ་རིང་འཆི་ན་ཅི་ཙུག་རང་བྱེད་ཨང་། །ཆུང་བྱིས་པའི་གནས་སྐབས་གཞན་དབང་ལ་བསྙད་བསྙད། །ལུས་དར་ལ་བབ་ཚེ་འདོད་ཡོན་གྱི་ཁོལ་པོ། །ལས་ཟིན་མེད་རྣམ་གཡེང་ཆུ་རིས་ལ་ཞེན་བཞིན། །འཕྲལ་ངོ་མེད་ཚེ་གང་སྤྲང་འཁྱམས་ལ་གཡེང་སོང་། །རྗེ་གོང་མའི་གདན་ས་ཆགས་སྡང་གི་རུ་མ། །ཚུལ་ཇི་ལྟར་བྱས་རུང་ཟིན་ཟིན་ནི་མི་འདྲ། །རྗེ་དྲིན་ཆེན་བླ་མས་བཀའ་གནང་ནི་ཐོབ་ཟིན། །ད་རང་སྡུག་རང་གིས་ཉོ་དོན་རང་མི་འདུག །གཞན་སུ་མ་མགུ་ཡང་ལྷག་བསམ་ནི་བསྐྱེད་ཡོད། །དུས་དེང་སང་སྙིགས་ལྔའི་རང་མཚན་དེ་བདོ་བས། །ཆོས་མི་རྟག་སྟོན་པའི་སློབ་དཔོན་ནི་བརྒྱ་ཕྲག །དུས་ན་མར་འབྱོར་འདི་ཨེ་གོ་དང་ཨེ་རིག །བློ་ལང་ཤོར་པོ་ཁྱོད་མནོ་བསམ་རེ་བཏང་རན། །དགྲ་འཆི་བདག་ཟེར་བའི་འཇིགས་རྔམ་གྱི་དཔུང་འདིས། །དུས་སྔོན་ཆད་དགྲ་གཉེན་ཕྱེས་པ་ནི་མི་འདུག །མི་ཐམས་ཅད་དབང་མེད་གསོད་ཚུལ་འདི་མཐོང་བཞིན། །ཁྱོད་སོས་དལ་སྡོད་པ་ཕྱུགས་ལས་ཀྱང་བླུན་ཨང་། །དུས་ད་ནང་དགྲ་འདུལ་གཉེན་སྐྱོང་གི་ཕོ་རྒོད། །དགུང་དོ་ནུབ་ཕུང་པོ་བྱ་ཁྱི་ཡི་ཚོགས་འཁོར། །ཚེ་ངེས་མེད་སྟོན་པའི་སློབ་དཔོན་དུ་ཕེབས་བྱུང་། །ད་འཆི་བྲོད་གདམས་པའི་ལམ་རྒྱགས་ཞིག་སྒྲུབ་རན། །སྔོན་ལྷན་ཅིག་འཚོགས་པའི་གྲ་འཁོར་དང་གཉེན་གྲོགས། །དུས་ད་ལྟ་ཕལ་ཆེར་གར་ཡོད་ཀྱང་མི་ཤེས། །འདི་འདུས་མཐའ་འབྲལ་བའི་བརྡ་ཆོས་སུ་གདའ་བས། །རང་གཅིག་པུ་དབེན་གནས་རི་ཁྲོད་དེ་འགྲིམ་རན། །དུས་ཡུན་རིང་སྒྲུབ་པའི་ཟས་ནོར་དང་ལོངས་སྤྱོད། །རང་ཕུང་ལ་སྦྱོར་བའི་གཤེད་མ་ཡི་དགའ་སྟོན། །འདི་བསགས་མཐའ་འཛད་པའི་བརྡ་སྟོན་དུ་འདུག་པས། །ད་སྒྱུ་མའི་ནོར་ལ་ཞེན་པ་དེ་གཏོང་རན། །སྔོན་དཔལ་འབྱོར་རྒྱས་པའི་གྲོང་ཡུལ་དང་དགོན་སྡེ། །དུས་དེང་སང་གྱང་རལ་ཕུག་རོན་གྱི་གནས་ཚང་། །འདི་བརྩིགས་མཐའ་འགྱེལ་བའི་བྱ་གཏོང་དུ་འདུག་པས། །ད་ཞེན་མེད་བྲག་ཕུག་འགྲིམ་རན་དུ་གདའོ། །ཁོང་ཆེན་པོས་བཀུར་ཞིང་མངའ་ཐང་གིས་དྲེགས་རྣམས། །དུས་དེང་སང་ས་མཐར་འཁྱམས་ཚུལ་དེ་མཐོང་བས། །འདི་མཐོ་མཐའ་ལྟུང་བའི་བརྡ་སྟོན་དུ་ཕེབས་བྱུང་། །སྤྲང་ཉམ་ཆུང་གད་ཕུག་སྙོག་རན་དུ་གདའོ། །ལར་འཆི་བ་བཟློག་མེད་བཙན་ཐབས་སུ་བྱུང་ཚེ། །མཁར་བཙན་ཡང་ཡུད་ཙམ་སྡོད་དབང་ནི་མི་འདུག །ནོར་འབྱོར་པ་ཡོད་ཀྱང་ཁྱེར་ས་ནི་མི་འདུག །གྲོགས་བློ་མཐུན་མང་ཡང་འགྲོགས་དབང་ནི་མི་འདུག །འཁོར་གྲྭ་སློབ་ཡོད་ཀྱང་ཁྲིད་རྒྱུ་ནི་མི་འདུག །སྟོབས་ཁ་དྲག་འཛོམས་ཀྱང་ཡུད་ཙམ་ནི་མི་བཟློག །བློ་ཤེས་རྒྱ་ཆེ་ཡང་མགོ་བསྐོར་ནི་མི་བཏུབ། །གཏམ་སྨྲ་ལྕེ་བདེ་ཡང་ཤགས་ཁ་ནི་མི་ཐེབས། །རང་གཅེས་པའི་ལུས་ཀྱང་བསྐྱུར་དགོས་སུ་འདུག་ན། །ཚེ་འདིར་སྣང་འཆིང་བའི་ཞགས་པ་དེས་ཅི་བྱ། །བློ་རང་ཚོད་རང་གིས་ཟིན་པ་ཞིག་མེད་ཕྱིན། །གཞན་ཚོད་འཛིན་མཁན་པོ་སུ་ཡང་ནི་མི་འདུག །སྐྱབས་དཀོན་མཆོག་མ་གཏོགས་འཇིག་རྟེན་གྱི་ཁ་དྲག །སུ་གང་ལའང་ཡིད་རྟོན་མེད་པ་དེ་གོ་བྱུང་། །དུས་ད་ནི་ཚེ་མཇུག་སྟོན་ཉི་ཙམ་འདི་ལ། །ནམ་གཏན་དུ་ཕན་པའི་ལྷ་ཆོས་ཤིག་སྒྲུབ་གཏོང་། །གཏམ་ངོ་དགའི་བསླུ་བྲིད་བྲག་ཆ་ཡི་རོལ་མོ། །འདིས་སྔོན་ཆད་དོན་མེད་བསླུས་བསླུས་དེ་ཨེ་དྲན། །ད་གཞན་ཟེར་ཁ་ལ་ཉན་ཚོད་རང་མི་འདུག །རང་སྣ་ཐག་རང་གི་མགོ་ལ་རང་དཀྲི་རན། །ཕ་གྲུབ་བརྒྱའི་གཤེགས་ཤུལ་ངོ་མཚར་གྱི་དབེན་རི། །རྩོད་འདུ་འཛིའི་ཡོངས་བཏང་བྲག་རི་ཡི་བ་གམ། །རང་ཅི་བདེར་སྤྱོད་པའི་དགའ་བ་དེས་ཆོག་པ། །མིའི་ངོ་བསྲུང་མཐུན་འཇུག་རེ་དོགས་དེས་ཅི་བྱ། །རང་རྒྱུད་ལ་མ་སྦྱར་གཞན་དོན་གྱི་འདྲ་ཅོག །འཕྲལ་ལྟོ་འགྲང་ཙམ་ལས་གཏན་འདུན་ནི་གཡེལ་འདུག །དོན་གཉིས་མགོ་བསྐོར་བའི་བཟང་བརྫུན་འདི་བོར་ལ། །ད་རང་རྒྱུད་གྱོང་པོ་ཅི་ཐུལ་ལ་འབད་རན། །དུས་ནམ་ཞིག་རང་རྒྱུད་ཐ་རེངས་{རིང}འདི་ཐུལ་ནས། །ལམ་རིམ་གཉིས་སྙེ་མ་འབྲས་བཟང་དུ་སྨིན་ན། །མ་འགྲོ་དྲུག་ཡོངས་ལ་ཕངས་མེད་དུ་ལོས་འགྱེད། །འདི་རྒྱལ་སྲས་སྤྱོད་པའི་གཞུང་ལམ་ཞིག་ལགས་སྙམ། །ཕ་ཐུགས་རྗེས་གཟིགས་ཤིག་དྲིན་ཆེན་གྱི་བླ་མ། །རྒྱུད་སྨིན་གྲོལ་མཛོད་ཅིག་རྒྱལ་ཀུན་གྱི་སྤྱི་གཟུགས། །བློ་ཆོས་བརྒྱད་འཆིང་བ་ལ་འུར་དུ་ཁྲོལ་ལ། །དོན་ཡིད་བཞིན་འགྲུབ་པའི་བྱིན་རླབས་ཤིག་སྩོལ་ཅིག །ཅེས་པའང་བི་ཛ་ཡས་ངེས་པར་འབྱུང་བའི་བློས་བརྗོད་པ་དོན་དང་ལྡན་པར་གྱུར་ཅིག། །།


previousཁ་བཤད་སྐམ་པོ་ཙམ་གྱིས་ས་ལམ་ནི་མི་བགྲོད། next