Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགེ་རྩེ་བླ་མ་ཐུབ་བསྟན་ཉི་མ་དང་བསྟན་འཛིན་ནོར་བུ་ཟུང་གི་བཞེད་སྐོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགེ་རྩེ་བླ་མ་ཐུབ་བསྟན་ཉི་མ་དང་བསྟན་འཛིན་ནོར་བུ་ཟུང་གི་བཞེད་སྐོང་། next

དགེ་རྩེ་བླ་མ་ཐུབ་བསྟན་ཉི་མ་དང་བསྟན་འཛིན་ནོར་བུ་ཟུང་གི་བཞེད་སྐོང་།

༄༅། །དགེ་རྩེ་བླ་མ་ཐུབ་བསྟན་ཉི་མ་དང་བསྟན་འཛིན་ནོར་བུ་ཟུང་གི་བཞེད་སྐོང་། མཚུངས་མེད་བླ་མའི་ཞབས་ལ་འདུད། །གསོན་དང་སྐལ་བཟང་རྡོ་རྗེའི་མཆེད། །ཐོག་མར་ཆོས་ལ་འཇུག་པའི་རྒྱུ། །ངེས་པར་འབྱུང་བ་ཁོ་ན་ཡིན། །བློ་ལྡོག་རྣམ་བཞིའི་གདམས་ཟབ་ཀྱིས། །རང་རྒྱུད་འདུལ་བ་གནད་དུ་ཆེ། །ཡོན་ཏན་ཀུན་གྱི་གཞི་རྟེན་ནི། །དྲི་མ་མེད་པའི་ཚུལ་ཁྲིམས་ཡིན། །སོ་བྱང་སྔགས་ཀྱི་བཅས་ཁྲིམས་རྣམས། །མིག་འབྲས་བཞིན་དུ་བཙའ་བར་མཛོད། །ཐེག་ཆེན་ཆོས་ཀྱི་རྩ་བ་ནི། །གཞན་ཕན་བྱང་སེམས་ཁོ་ན་ཡིན། །བདག་བས་གཞན་གཅེས་བློ་སྦྱོང་ཚུལ། །ཉམས་ལེན་དངོས་གཞིར་གནང་བར་ཞུ། །དབང་རྣོན་ཚེ་འདིར་གྲོལ་བའི་ཐབས། །གསང་སྔགས་བསྐྱེད་རྫོགས་འབྲས་བུའི་ལམ། །གཡེང་བ་སྤངས་ནས་རྩེ་གཅིག་ཏུ། །ཉམས་ལེན་འཆི་དང་མཉམ་པ་གལ། །ཟབ་མོའི་ཡེ་ཤེས་རྟོགས་པའི་ཐབས། །བརྒྱུད་པའི་བྱིན་རླབས་འཕོ་བ་གལ། །དེ་ཡི་རྩ་བ་མོས་གུས་ཡིན། །བླ་མར་གསོལ་འདེབས་ཐུན་བཞིར་གཅེས། །སེམས་ཉིད་སྨྲ་བསམ་བརྗོད་བྲལ་ལ། །བལྟས་པས་མཐོང་རྒྱུ་ཅང་བདོག་གམ། །རང་བབ་བཞག་ན་ངང་གིས་གསལ། །མ་བཅོས་གཉུག་མར་ཀློད་པ་གནད། །ཨ་ཧོ། ཕྱི་སྣང་བ་སྣ་ཚོགས་མཐོང་ཙ་ན། །གཟུགས་སྣང་རྗེས་མ་འབྲངས་མཐོང་མཁན་ལྟོས། །ནང་ཞེན་པའི་ཕྲེང་ཐག་ཆོད་པའི་ཚེ། །གཟུགས་སྣང་སྟོང་ལྷ་སྐུའི་ཕྱག་རྒྱར་གསལ། །ཕྱིའི་སྒྲ་གྲགས་དངོས་པོ་ཅི་ཐོས་ཀྱང་། །སྒྲ་གྲགས་རྗེས་མ་འབྲངས་ཐོས་མཁན་ལྟོས། །སྙན་མི་སྙན་འཛིན་པ་དག་ཙ་ན། །སྒྲ་གྲགས་སྟོང་སྙིང་པོའི་སྔགས་སུ་འདུ། །སེམས་འགྱུ་འཕྲོའི་རྟོག་པ་ཅི་ཤར་ཡང་། །ཕྱི་རྟོག་རྗེས་མ་འབྲངས་འཆར་མཁན་ལྟོས། །ནང་དུག་ལྔའི་རྟོག་པ་རང་གྲོལ་ཚེ། །སེམས་རིག་སྟོང་ཡེ་ཤེས་རྒྱལ་བའི་ཐུགས། །དབྱིངས་ཀ་དག་སྤྲོས་བྲལ་ཆོས་ཀྱི་སྐུ། །མདངས་རང་གསལ་ལྷུན་གྲུབ་ལོངས་སྤྱོད་རྫོགས། །རྩལ་ཐུགས་རྗེ་མ་འགགས་སྤྲུལ་པའི་སྐུ། །དོན་སྐུ་གསུམ་འབྲལ་མེད་ལྷུན་གྱིས་གྲུབ། །བློ་སྤྲོས་པ་བྲལ་བའི་དབུ་མ་དང་། །སེམས་མ་བཅོས་ལྷན་སྐྱེས་ཕྱག་རྒྱ་ཆེ། །གདེང་ཡེ་གྲོལ་རྫོགས་ཆེན་བྱར་མེད་གསུམ། །དོན་རང་རིག་ཀློང་དུ་གཅིག་པ་ལགས། །བློས་བཅོས་ཤིང་བཅོས་ཤིང་གོལ་བའི་རྒྱུ། །དོན་མ་བཅོས་རྣལ་མ་གཉུག་མའི་གཤིས། །དུས་ད་ལྟའི་རང་བབས་ཤེས་པ་འདི། །ལྷུག་པ་རུ་སྐྱོང་བ་ཁོ་ནས་ཆོག །ཉམས་ཟ་ཟི་མང་པོས་བསླུ་ཉེན་ཆེ། །གང་ཤར་ཡང་མ་འཛིན་ཅི་བདེར་ཐོང་། །གེགས་སེལ་དུ་རེ་དོགས་སྤོང་བ་གཅེས། །བོགས་འདོན་དུ་བླ་མར་མོས་གུས་ཟབ། །དུས་རྒྱུན་དུ་ངེས་འབྱུང་བསྐུལ་ལྕག་དང་། །རིས་མེད་ཀྱི་འགྲོ་ལ་ཕན་སེམས་བསྐྱེད། །ཚོགས་གསོག་དང་སྒྲིབ་སྦྱོང་ཅི་ནུས་འབད། །ཅི་བྱེད་ཀུན་གཞན་དོན་བསྔོ་བས་གདབ། །དེས་རང་གཞན་གྱི་དོན་གཉིས་འགྲུབ་པར་ངེས། །མི་མདོ་མེད་པདྨ་རྣམ་རྒྱལ་གྱིས། །ཚིག་འབྲེལ་མེད་བབ་ཅོལ་གང་དྲན་བྲིས། །གྲོགས་མཚུངས་མེད་ཟུང་གི་སྙན་དུ་གསོལ། །སེམས་སྐྱེ་མེད་ཆོས་སྐུའི་དོན་རྟོགས་ཤོག །ཅེས་པའང་དགེ་རྩེ་བླ་མ་ཐུབ་བསྟན་ཉི་མ་དང་བསྟན་འཛིན་ནོར་བུ་ཟུང་གི་བཞེད་སྐོང་དུ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་སྤེལ་བ་དགེ།
༈ ཡང་དག་ལམ་གྱི་དེད་དཔོན་བླ་མར་འདུད། །རྒྱལ་བའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་པོ། །གདུལ་བྱའི་བློ་ཡི་འཇུག་སྒོ་ཐ་དད་ཀྱང་། །མཐར་ཐུག་ངེས་དོན་སྙིང་པོའི་ཀློང་དུ་གཅིག །ཐོག་མའི་བཀའ་འཁོར་འཕགས་པའི་བདེན་པ་བཞི། །རྣམ་ཤེས་ཅན་ལ་མི་བསླུ་ཚད་མའི་ལུང་། །ཤེས་ནས་འཇུག་ལྡོག་ཚུལ་བཞིན་བྱེད་པ་འདི། །དང་པོའི་ལས་ཅན་རྣམས་ལ་མེད་ཐབས་མེད། །རྣམ་ཐར་གསུམ་ལྡན་མཚན་ཉིད་མེད་པའི་གཞུང་། །དངོས་འཛིན་ལྟ་བའི་རབ་རིབ་སེལ་བའི་སྨན། །སྤྲོས་བྲལ་དབུ་མ་ཐལ་འགྱུར་དགོངས་པ་ཡིས། །ཀ་དག་དངོས་པོའི་གནས་ལུགས་གཏན་ལ་འབེབས། །ངེས་དོན་མཐར་ཐུག་བདེ་གཤེགས་སྙིང་པོའི་གཏམ། །ཚུར་མཐོང་བྱིས་པའི་བློ་ལ་མི་འབབས་ཀྱང་། །ཡེ་ཤེས་ཅན་ལ་མ་སྦས་མངོན་དུ་གསལ། །འོད་གསལ་ལྷུན་གྲུབ་སྒོམ་པའི་དྲོད་ཚད་ལགས། །ཀ་དག་ལྷུན་གྲུབ་གདོད་མའི་གནས་ལུགས་མཆོག །ཁྲེགས་ཆོད་ཐོད་རྒལ་གདམས་པས་ལམ་སློང་ན། །སྣང་བཞི་ཟད་སར་འཁྱོལ་བའི་ཉེ་ལམ་མཆོག །ཐེག་རྩེ་ཨ་ཏི་ཡོ་གའི་ཁྱད་ཆོས་ཡིན། །དེ་ཕྱིར་ཡིད་བཞིན་ནོར་མཆོག་ཐོབ་དུས་འདིར། །འཆིང་བུའི་ནོར་གཞན་རེ་བས་མི་འཚོལ་བར། །ཀུན་མཁྱེན་ཡབ་སྲས་བརྒྱུད་པའི་མན་ངག་མཆོག །ཐོས་བསམ་སྒོམ་པས་སྙིང་ལ་འཆང་བར་མཛོད། །སྟོང་ཉིད་ལྟ་བ་ཀུན་གྱི་མཆོག་ཡིན་ཀྱང་། །སྙིང་རྗེའི་རྩི་དང་བྲལ་ན་གོལ་བའི་རྒྱུ། །དེ་ཕྱིར་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །འཕྱུགས་མེད་རྒྱལ་བ་དགྱེས་པའི་ལམ་ལ་སློབ། །གོ་བའི་ཚིག་དང་ཟ་ཟིའི་ཉམས་ཙམ་གྱིས། །དགོས་པའི་དུས་སུ་གར་ཡང་མི་ཕྱིན་པས། །ཚེ་དང་སྒྲུབ་པ་མཉམ་པའི་ཉམས་བཞེས་ཀྱིས། །གདོད་མའི་ས་ལ་གཏན་སྲིད་ཟིན་པར་མཛོད། །ཅེས་པ་འདིའང་དགེ་རྩེ་བླ་མ་ཐུབ་བསྟན་ཉི་མའི་ཐུགས་བཞེད་བཞིན་པདྨ་བི་ཛས་བྲིས་པ་དགེ།
༄༅། །ཀ་ཡེ་ཆོས་གྲོགས་སྙིང་གི་ཐིག་ལེ་ཁྱོད། །ཁ་ཙམ་མིན་པར་སྙིང་ནས་ཆོས་བཞེད་ན། །ག་རུ་སྡོད་ཀྱང་དྲན་པའི་མཚོན་ཐོགས་ལ། །ང་བདག་ཉོན་མོངས་གཟུང་འཛིན་དགྲ་བོ་ཐུལ། །ཅ་ག་ནོར་རྫས་བསགས་སྲུང་སྤེལ་བ་སོགས། །ཆ་ལུགས་མ་རབས་སྐྱེ་བོའི་ཀུན་སྤྱོད་དང་། །ཇ་དངུལ་ཚོང་ཁེ་སྡིག་པའི་སོ་ནམ་སྤོངས། །ཉ་རྒྱས་ཟླ་འདྲའི་ཚུལ་ཁྲིམས་དྲི་མེད་སྲུངས། །ཏ་ཐ་ག་ཏའི་བསྟན་ལ་ཞུགས་ནས་བཟུང་། །ཐ་མལ་སྐྱེ་བོའི་སྤྱོད་པས་མ་གོས་པར། །ད་ནས་འཆི་བ་སྙིང་ལ་གཟེར་གདབ་བཞིན། །ན་མ་རེ་བཞིན་ཆོས་སྤྱོད་སྒྲིབ་སྦྱོང་འབད། །པ་སངས་ལྟར་དཀར་ལྷག་བསམ་སྟོབས་བསྐྱེད་ལ། །ཕ་རོལ་ཕྱིན་དྲུག་འཕགས་པའི་སྤྱོད་པ་ཡིས། །བ་ལང་ལྟ་བུར་རྨོངས་པའི་འགྲོ་བ་ཀུན། །མ་ལུས་ཕན་བདེའི་དཔལ་ལ་སྦྱོར་བར་མཛོད། །ཙཱ་གངས་གནས་བསྐོར་བླ་མ་ལྷ་རྟེན་མཇལ། །ཚ་གྲངས་དཀའ་སྤྱད་སྒྲུབ་པའི་རྒྱལ་མཚན་འཛུགས། །ཛ་ཡའི་བསྟན་ལ་སྲིད་ཞུ་གང་ཕན་སྒྲུབས། །ཝ་ལྟར་དམན་ས་བཟུང་ཞིང་རང་རྒྱུད་ཐུལ། །ཞྭ་གོས་འཕྱོར་ཆས་ངོམ་པའི་ཨོ་ཟོབ་དང་། །ཟ་ཆོག་དཔེ་གྲལ་འགྲིམས་པའི་མཁས་རློམ་པོ། །འ་ཅག་འཆི་ལ་ཕན་པའི་ཆོས་སྒྲུབ་རྣམས། །ཡ་མཚན་ལྟད་མོ་རང་གི་སེམས་ལ་ལྟོས། །ར་མ་ཎ་བཞིན་བརྩོན་པས་ཉམས་ལོངས་དང་། །ལ་འུར་རང་སེམས་སངས་རྒྱས་ངོ་བོ་མཇལ། །ཤ་ས་དྷ་ར་གོང་མའི་རྗེས་སུ་སྙོགས། །ས་ལམ་ཡོངས་རྫོགས་བསྟན་འགྲོའི་དཔལ་མགོན་འགྱུར། །ཧ་ཅང་རང་གིས་མི་བསྒྲུབ་གཞན་བསྐུལ་གཏམ། །ཨ་མཚར་རྩེད་མོའི་ཚུལ་ལས་གཞན་མེད་ཀྱང་། །གསུང་ནན་མི་ལྡོག་ཙམ་དུ་རླུང་ལྟར་བྲིས། །དགེ་འབྲས་མཆིས་ན་འགྲོ་ལ་སྨན་གྱུར་ཅིག །ཅེས་པའང་དགེ་སྦྱོང་ཤེར་ཆོས་ངོར་པདྨ་བི་ཛས་སོ། །
༈ དྲན་པས་སྙིང་གི་གདུང་སེལ་ཞིང་། །ཡིད་ལ་ཡེ་ཤེས་མཆོག་སྟེར་བའི། །སྐྱབས་ཀུན་འདུས་ཞལ་དྲིན་ཆེན་རྗེ། །འབྲལ་མེད་སྙིང་གི་པདྨོ་རོལ། །ཀྱེ་ལགས་རྒྱལ་བ་ཐབས་མཁས་པས། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བསྟན། །ཀུན་ཀྱང་བདག་འཛིན་འདུལ་ཐབས་ཏེ། །རང་རྒྱུད་འདུལ་ལས་གཞན་ཡོད་མིན། །བདག་འཛིན་གཉེན་པོས་ཐུལ་མིན་ན། །བསླབས་ཤེས་མང་ཡང་དོན་གོ་ཆུང་། །བྱས་བྱས་མང་ཡང་གྲུབ་འབྲས་སྟོང་། །རང་མགོ་རང་གཡོགས་གྱ་མ་དོ། །ནང་དུ་ཉོན་མོངས་ཆོམ་གྱུར་ན། །ཇི་ལྟར་བྱས་རུང་ཡང་དག་ལམ། །གང་ལྟར་གནས་ཀྱང་འཕགས་པའི་རིགས། །སུ་མ་མགུ་ཡང་དོན་ཆེན་འགྲུབ། །དེ་ཕྱིར་སྙིང་གི་གཅེས་གྲོགས་ཁྱོད། །ཁ་ཆོས་ལེགས་ལ་མི་སྨོན་པར། །དོན་ཆོས་སྙིང་ལ་དྲིལ་བ་ཡིས། །བདག་འཛིན་འདུལ་བའི་ཉམས་ལེན་འཚལ། །ཤིན་ཏུ་རྙེད་དཀའ་དོན་ཆེ་བའི། །དལ་འབྱོར་རིན་ཆེན་རྙེད་དུས་འདིར། །སྙིང་པོ་དགེ་ལ་མི་བརྩོན་ན། །དེ་ལས་བྱུར་ཆེན་ཅི་ཞིག་ཡོད། །དེང་སང་ལྔ་བདོའི་འགྱུར་བ་ནི། །མི་རྟག་འདོམས་པའི་སློབ་དཔོན་བརྒྱ། །ཡང་ཡང་མདུན་ན་ཉེར་རྒྱུ་ཡང་། །མི་སྐྱོ་གང་དེ་ཕྱུགས་ལས་བླུན། །སྲིད་པ་ལས་ཀྱི་སྤྲུལ་པ་སྟེ། །ལས་འབྲས་མི་བསླུ་རྒྱལ་བས་གསུངས། །གོ་བཞིན་ཆོས་འགལ་སྤྱོད་པ་ཡི། །ཀྱི་ཧུད་འགྲོ་འདི་ཅི་ཞིག་འགྱུར། །སྐྱེ་བཞི་རྒྱུད་ལྔའི་འཁོར་བ་པ། །བདེ་མེད་སྡུག་བསྔལ་འོབས་སུ་ལྷུང་། །དུས་རིང་ཐོག་མཐའ་མི་མངོན་པའི། །ཚུལ་ལ་ཡིད་དབྱུང་བསྐྱེད་པར་རིགས། །དལ་འབྱོར་ཐོབ་པས་མི་ཕན་གྱི། །དོན་ཆེན་དགེ་ལ་གཞོལ་བ་གལ། །མི་རྟག་གོ་བས་མི་ཕན་གྱི། །བློ་སྣ་བཙན་ཐབས་བསྟུང་བ་གལ། །ལས་འབྲས་ཤེས་ལོས་མི་ཕན་གྱི། །བླང་དོར་ལག་ལེན་ཐེབས་པ་གལ། །སྡུག་བསྔལ་འདོར་བློས་མི་ཕན་གྱི། །དེ་རྒྱུ་སྡིག་ལས་ལྡོག་པ་གལ། །རང་ཕྱོགས་འཛིན་པས་མི་ཆོག་གིས། །དག་སྣང་ཕྱོགས་མེད་སྦྱངས་པ་གནད། །བཤེས་གཉེན་བསྟེན་ལོས་མི་ཕན་གྱི། །ཅི་གསུང་ཚད་མར་འཛིན་པ་གནད། །གདམས་ངག་ཐོབ་ལོས་མི་ཆོག་གི། །ཉམས་མྱོང་རྒྱུད་ལ་འདྲེས་ངེས་གནད། །སྐྱབས་འགྲོ་བཏོན་ལོས་མི་ཆོག་གི། །ཡིད་ཆེས་བློ་གཏད་སྐྱེས་པ་གནད། །ཚུལ་ཁྲིམས་གཙང་ལོས་མི་ཆོག་གི། །མཆོག་འཛིན་རློམ་སེམས་མེད་པ་གཅེས། །བྱང་སེམས་བསྐྱེད་ལོས་མི་ཕན་གྱིས། །གཞན་ཕན་བསམ་སྦྱོར་འབྲལ་མེད་གཅེས། །དབང་བཞི་ཐོབ་ལོས་མི་ཆོག་གི། །དམ་ཚིག་སྲོག་བཞིན་སྲུང་བ་གཅེས། །བསྐྱེད་རིམ་བསྒོམ་ལོས་མི་ཆོག་གི། །ངེས་རྫོགས་མཚན་ཉིད་ཚང་བ་གཅེས། །བསྙེན་སྒྲུབ་བྱས་ལོས་མི་ཕན་གྱི། །སྲོག་སྡོམ་གཟེར་བཞིས་ཐེབས་པ་གལ། །ཐབས་ལམ་བརྟེན་ལོས་མི་ཕན་གྱི། །འཕོ་མེད་ཚུལ་ཁྲིམས་སྲུང་བ་གཙོ། །སེམས་ངོ་སྐྱོང་ལོས་མི་ཕན་གྱི། །རིག་སྟོང་རྗེན་པར་འཇོག་པ་གཙོ། །སྟོང་ཉིད་ཡིན་ལོས་མི་ཕན་གྱི། །སྟོང་འཛིན་བློ་དང་བྲལ་བ་གཙོ། །གྲོལ་ལོ་ཞིག་ལོས་མི་ཕན་གྱི། །ནང་དུ་བདག་འཛིན་ཆོམ་པ་གལ། །གཞན་དོན་བྱས་ལོས་མི་ཕན་གྱི། །རང་འདོད་འཁྲི་བ་ཟད་པ་གཙོ། །ཐོས་བསམ་བྱས་ལོས་མི་ཕན་གྱི། །སྒྲོ་འདོགས་ནང་ནས་ཆོད་པ་གལ། །ཡིན་ལོ་ཤེས་ལོས་མི་ཕན་གྱིས། །ཀུན་ཀྱང་ཡེ་ཤེས་དབང་སྒྱུར་ཟབ། །ལར་ནི་དེང་དུས་སྒོམ་ཆེན་ཕལ། །སྙིང་རྗེ་མེད་པའི་སྟོང་རྐྱང་གཅིག །ལྷག་མཐོང་མེད་པའི་ཞི་གནས་གཉིས། །རྒྱུ་འབྲས་ཁྱད་གསོད་སྟོང་ལྟ་གསུམ། །ཅི་ཡང་མ་ཤེས་འཁྲུལ་འབྱམས་བཞི། །འདི་བཞི་གཅིག་ལ་བློ་གཏད་འཆའ། །འགའ་ཞིག་སེམས་འཛིན་དཀོར་རྩེ་ལ། །རྫོགས་ཆེན་རློམ་པའི་ཞེན་པས་བཅིང་། །བདེ་གསལ་མི་རྟོག་ཉམས་ལ་རེ། །བཅོས་ཤིང་རྣལ་མའི་དོན་ལ་སྒྲིབ། །ཕལ་ཆེར་སྲོག་རླུང་འགྲུབ་པའི་རྒྱུ། །མང་དག་གནད་མེད་ལུང་མ་བསྟན། །ལོ་ཟླ་བགྲང་བའི་སྡུག་ཡུས་འདྲེན། །ཁོ་ཐག་ཆོད་པའི་ཉམས་མྱོང་མེད། །ཐ་མ་ཡི་མུག་སྐྱེ་བའི་རྒྱུ། །ཀུན་ཀྱང་ཡིད་བྱེད་སྒོམ་གྱིས་བསླུས། །རྫོགས་ཆེན་རང་གནས་བསམ་གཏན་དང་། །ཕྱག་ཆེན་ལྷན་སྐྱེས་ཡེ་ཤེས་ཆེ། །དབུ་མའི་ཤེས་རབ་ལྷག་མཐོང་སོགས། །མིང་མ་མཐུན་ཡང་དོན་ལ་གཅིག །བློ་ལས་འདས་པའི་ཡེ་ཤེས་ཡིན། །ད་ལྟའི་ཐ་མལ་ཤེས་པ་འདི། །ལྟ་སྒོམ་འཛིན་པས་མ་བཅིངས་ཤིང་། །བཟང་འདོད་ཞེན་པས་མ་བསླད་ལ། །ངན་རྟོག་འཇུར་བུས་བཅིང་མིན་པའི། །དུས་གསུམ་རྟོག་བྲལ་བཞི་པའི་ཆ། །རང་བྱུང་ཡེ་ཤེས་འདུས་མ་བྱས། །སྨྲ་བསམ་བརྗོད་བྲལ་ལྷན་ཅིག་སྐྱེས། །འདི་ཀ་གདོད་མའི་གཤིས་ལུགས་ཏེ། །ངོ་བོ་སྟོང་པས་རྟག་མཐའ་བྲལ། །རང་བཞིན་གསལ་བས་ཆད་མཐའ་བྲལ། །ཐུགས་རྗེའི་རིག་རྩལ་ཅིར་ཡང་འཆར། །སྐུ་གསུམ་དགོངས་པར་ཡེ་ནས་གནས། །དེ་ཕྱིར་བློས་བྱས་འཛིན་པ་ཡིས། །མ་བཅིངས་མ་བཀྲོལ་རང་སར་ཞོག །ཡོད་པར་འཛིན་ལ་ཐར་པ་མེད། །མེད་པར་འཛིན་ལ་མཐོ་རིས་མེད། །དངོས་པོར་འཛིན་པ་ཕྱུགས་དང་འདྲ། །དངོས་མེད་འཛིན་པ་དེ་བས་བླུན། །གཉིས་ཀར་འཛིན་པའང་རིགས་མིན་པས། །གཉིས་མེད་ངང་དུ་ཅི་བདེར་ཞོག །སྣང་བཏགས་ཆོས་ཀུན་སྒྱུ་མ་འདྲ། །མ་བརྟགས་ཉམས་དགའ་བརྟགས་ན་དབེན། །ཀུན་ཀྱང་རིག་རྩལ་རོལ་པ་ཙམ། །སྣང་སྟོང་འཛིན་བྲལ་ཆེན་པོར་ཞོག །རྩལ་རྟོག་བཟང་ངན་ཅི་ཤར་ཡང་། །དགག་སྒྲུབ་ཆེད་འཛིན་མ་བྱེད་པར། །སྦྲུལ་མདུད་མཁའ་ལ་བོར་བ་བཞིན། །རང་གྲོལ་གཉུག་མའི་ཀློང་དུ་ཀློད། །ལར་ནི་ཉོན་མོངས་སྤོང་སྒྱུར་ཁྱེར། །གང་ཟག་བློ་རིགས་དག་དང་སྦྱར། །ཀུན་ཀྱང་མཐར་ཐུག་ཉོན་མོངས་ཀྱིས། །རང་རྒྱུད་མི་འཆིང་དགོས་པ་གཅིག །རྗེས་ཐོབ་སྒྱུ་མའི་རྣལ་འབྱོར་གྱིས། །ཀུན་རྫོབ་ཁྱད་དུ་མི་གསོད་པར། །ལས་འབྲས་ཕྲ་ཞིབ་འདོར་ལེན་ངོས། །ཚོགས་གཉིས་ཟུང་འབྲེལ་ལམ་ལ་སློབས། །ཐབས་དང་བྲལ་བའི་ཤེས་རབ་དང་། །ཤེས་རབ་བྲལ་བའི་ཐབས་རྐྱང་གིས། །འཆིང་བར་མདོ་ལས་ཐུབ་པས་གསུངས། །ཐབས་ཀྱི་མཆོག་ནི་མོས་གུས་དང་། །སྙིང་རྗེ་བྱང་སེམས་བསྐྱེད་སོགས་ཡིན། །ཤེས་རབ་བདག་མེད་གཉིས་རྟོགས་ཡུམ། །སོ་སོ་རང་གིས་རིག་བྱ་བའི། །དོན་དམ་ཡེ་ཤེས་སྤྱོད་ཡུལ་མཆོག །བློ་ལས་འདས་པའི་ཡེ་ཤེས་ཏེ། །འདི་གཉིས་ཟུང་འབྲེལ་འཕགས་པའི་ལམ། །རྒྱལ་རྣམས་གཤེགས་ཤུལ་ཟླ་མེད་ཡིན། །དེ་ཕྱིར་སྟོང་ཉིད་སྙིང་རྗེ་ཡིས། །རང་རྒྱུད་ལེགས་པར་ཐུལ་མཛོད་དང་། །མདོ་དོན་སྙིང་པོ་དེ་ནང་ཚང་། །རྐྱེན་དང་བསྲེས་ལ་ཉམས་སུ་ལོངས། །དེ་སྐད་པདྨ་རྣམ་རྒྱལ་གྱིས། །བློ་གསལ་དགྱེས་པའི་གསོས་སུ་བྲིས། །དགེ་བས་བསྐུལ་བ་པོ་ཉིད་ཀྱི། །དགེ་བློ་ཡོན་ཏན་གོང་འཕེལ་ཤོག །


previousདགེ་རྩེ་བླ་མ་ཐུབ་བསྟན་ཉི་མ་དང་བསྟན་འཛིན་ནོར་བུ་ཟུང་གི་བཞེད་སྐོང་། next