Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འདི་འདྲ་ཞིག་ཀྱང་ཚིག་གི་ལམ་ནས་འགོག་མེད་དུ་ཤོར་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའདི་འདྲ་ཞིག་ཀྱང་ཚིག་གི་ལམ་ནས་འགོག་མེད་དུ་ཤོར་བ། next

འདི་འདྲ་ཞིག་ཀྱང་ཚིག་གི་ལམ་ནས་འགོག་མེད་དུ་ཤོར་བ།

༄༅། །འདི་འདྲ་ཞིག་ཀྱང་ཚིག་གི་ལམ་ནས་འགོག་མེད་དུ་ཤོར་བ། དུ་མ་རོ་གཅིག་རྟོགས་པས་གཟུང་འཛིན་གྱི་འཕྲང་ཞིག །རོ་གཅིག་དུ་མར་ཤར་བས་རྟེན་འབྲེལ་གྱི་ཐབས་མཁས། །འབྲེལ་ཚད་དོན་དང་ལྡན་པ་དྲིན་ཆེན་གྱི་བླ་མ། །རྣམ་ཀུན་འགྱུར་བ་མེད་པར་སྙིང་དབུས་སུ་བཞུགས་ཤིག །རྒྱལ་བས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དུ་གསུངས་གང་། །གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་དེ་སྙེད་ཀྱི་གཉེན་པོ། །རྩ་བ་བདག་འཛིན་འདུལ་ཐབས་ཁོ་ན་རུ་འདུག་པས། །རང་རྒྱུད་ཉོན་མོངས་འདུལ་སྦྱོང་ཉམས་ལེན་རེ་གནང་འཚལ། །ངེས་འབྱུང་རྒྱུད་ལ་མ་སྐྱེས་ཆོས་གྲལ་དུ་མི་ཚུད། །གཞན་ཕན་བྱང་སེམས་མ་འབྱོངས་ཐེག་ཆེན་གྱི་ལམ་བོར། །སྒོ་གསུམ་རྡོ་རྗེ་གསུམ་བྲལ་སྔགས་འཆང་གི་འདྲ་ཅོག །བསྟན་སེལ་འཇུག་པའི་རྐང་འདྲེན་ཟོག་པོ་ལ་མ་རེ། །བླ་ཡི་མཆོད་གནས་སྡེ་གཉིས་རབ་བྱུང་དང་སྔགས་པ། །སྔ་མ་བསླབ་གསུམ་རྒྱན་མཛེས་ངུར་སྨྲིག་གི་རྒྱལ་མཚན། །འཆལ་སྤྱོད་ངན་འགྲོའི་གཡུལ་བཟློག་སྐྱེ་དགུ་ཡི་མཆོད་གནས། །ཕྱི་མ་ལྕང་ལོ་གོས་དཀར་སྔགས་སྤྱོད་ཀྱི་དཔའ་བོ། །དམ་གཙང་སྒྲུབ་ལ་གཞོལ་བས་དོན་གཉིས་ཀྱི་གཏེར་བཞེད། །དེ་ལས་གསུམ་པའི་རྟགས་ཤིག་སྔོན་རབས་ལ་མ་གྲགས། །སྣང་སྲིད་བདེན་ཞེན་ཞིག་པའི་རྣལ་འབྱོར་གྱི་དཔའ་བོར། །ཕྱོགས་ལས་རྣམ་རྒྱལ་གྲུབ་པའི་བརྟུལ་ཞུགས་ཤིག་ཡོད་དེ། །གྲོང་ནག་སྐྱ་མིན་སེར་མིན་ཁྲམ་རྐུན་འདི་མ་ཡིན། །སྣང་བ་དབང་དུ་སྒྱུར་བའི་ཁྱད་ཆོས་ཤིག་ཡོད་གྲགས། །སྔོན་རབས་བསད་པ་གསོ་བ་གྲུབ་རྟགས་སུ་འཇོག་ཀྱང་། །དེང་སང་གང་མཐོང་གསོད་པ་གྲུབ་རྟགས་སུ་རློམ་འདུག །འཁོར་འདས་བདེན་རྫུན་མཉམ་པའི་རྟོགས་པ་ཞིག་མེད་ན། །བ་བཅོལ་སྨྱོན་པའི་སྤྱོད་པ་ངན་འགྲོ་ཡི་ས་བོན། །སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་ཞིག་ཡིན་ན། །སྙིང་རྗེའི་མངའ་བདག་དེ་ཡིས་གྲངས་མེད་ཀྱི་བསྐལ་པར། །བྱམས་པའི་ཕྱག་གིས་བསྲུང་བའི་གཉེན་ཚན་གྱི་འགྲོ་ལ། །འཚེ་འདི་ཕ་བསད་རྒྱལ་རྔ་བརྡུང་བ་ལས་འོས་ཅི། །སྔོན་བསགས་རྣམ་དཀར་མཐུ་ཡིས་དལ་འབྱོར་གྱི་རྟེན་ལ། །ངུར་སྨྲིག་ཐར་པའི་རྒྱལ་མཚན་སྐལ་བཟང་དུ་ཐོབ་ཚེ། །སྤྱོད་ངན་ནག་ཆང་གཉེར་བའི་མ་རབས་ཀྱི་ལད་མོ། །བྱེད་གང་མིག་ཡོད་གཡང་ལ་མཆོང་{འཕྱོང}བ་ལས་འོས་ཅི། །འོན་ཀྱང་དམ་པའི་མཛད་སྤྱོད་བྱིས་བློ་ཡིས་མི་དཔོག །བསྟོད་སྨད་སྒྲོ་སྐུར་མི་བྱ་བཏང་སྙོམས་སུ་བཞག་ནས། །རང་བློ་ལྐོག་གྱུར་མིན་ཕྱིར་རང་ཚོད་ཀྱི་བྱ་བ། །ཚུལ་ཁྲིམས་མིག་བཞིན་སྲུང་བ་འཕྲལ་ཡུན་གྱི་འདུན་མ། །སྟོང་ཉིད་ཤེས་པས་མི་ཆོག་སྟོང་འཛིན་དང་བྲལ་དགོས། །ལས་འབྲས་གོ་བས་མི་ཕན་ལག་ལེན་དུ་ཐེབས་དགོས། །བྱང་སེམས་བསྐྱེད་པས་མི་ཆོག་གཞན་ཕན་ལ་བརྩོན་དགོས། །སྔགས་སྒོར་ཞུགས་པས་མི་ཕན་བསྐྱེད་རྫོགས་ཀྱི་གདེང་དགོས། །བླ་མར་གཞན་གྱིས་བཀུར་ཡང་རང་རྒྱུད་ནི་ཐ་མལ། །ཚུལ་ཁྲིམས་མིག་སྔར་མཛེས་ཀྱང་ངོས་ལྐོག་གི་ཚུལ་འཆོས། །བདེ་དུས་ཡིན་ཡིན་འདྲ་ཡང་དོགས་ས་རུ་བསླུ་བའི། །མ་བརྟགས་ཉམས་དགའ་བརྟགས་ན་ཡི་མུག་གི་རང་བཞིན། །སྙིགས་མའི་སྤྱོད་ཚུལ་མཐོང་བས་སྐྱོ་མོ་རང་སྐྱོ་དྲག །ཐར་པ་དོན་དུ་གཉེར་བའི་སྐལ་བཟང་འདྲ་ཡོད་ན། །སྔོན་བྱོན་མཁས་བཙུན་གྲུབ་པའི་རྣམ་ཐར་ལ་ཞུགས་ནས། །རང་གཞན་དོན་ཀུན་འགྲུབ་པའི་མཛད་པ་རེ་གནང་དང་། །སྲས་བཅས་རྒྱལ་བ་དགྱེས་པའི་ཤིས་བརྗོད་ཅིག་མཛད་འདུག །ཅེས་པ་ཡུལ་རྐྱེན་འགའ་ཞིག་གི་སེམས་སུན་སྐྱེས་ཚེ། འདི་འདྲ་ཞིག་ཀྱང་ཚིག་གི་ལམ་ནས་འགོག་མེད་དུ་ཤོར་བ་བཟོད་པར་གསོལ།


previousའདི་འདྲ་ཞིག་ཀྱང་ཚིག་གི་ལམ་ནས་འགོག་མེད་དུ་ཤོར་བ། next